རྣམ་ཤེས་འབྲས་བུའི་ཆ་ནས་མ་བཟུང་བར་མིང་གཟུགས་སོགས་དེ་ནས་འཛིན་པའི་ཤིང་རྟའི་སྲོལ་མེད་པའི་ཕྱིར། དེ་ལ་འདོད་ནུས་པ་མིན་ཏེ། རྣམ་ཤེས་འབྲས་བུའི་ཆ་འཛིན་པ་ནི་འཕགས་པ་ཐོགས་མེད་ཀྱི་གཞུང་འཆད་ལུགས་འདི་ལ་མེད་པའི་ཕྱིར། གཞན་ཡང་ལུགས་འདི་ལ། རྟེན་འབྲེལ་བཅུ་གཉིས་པོ་འདིའི་ནང་ན་སྐྱེ་སྲིད་དུ་སྐྱེ་བ་ལེན་པའི་ས་མཚམས་གཅིག་ལས་མ་བཤད་ལ། གཅིག་པུ་དེ་ནི་སྲིད་པ་དང་སྐྱེ་བའི་མཚམས་ན་ཡོད་པ་ཡིན་གྱི། མིང་གཟུགས་ཀྱི་སྐབས་ན་མེད་དོ། །དེ་མེད་པ་དེའི་ཕྱིར་བཅུ་གཉིས་པོ་བསྡུ་བ་བྱས་ན་ཡང་གོང་གི་རྒྱུ་འབྲས་འོག་དུ་ལེན་པར་རིགས་ཀྱི་འོག་མ་གོང་དུ་ལེན་པ་མི་རིགས་སོ། །མདོར་ན་རྣམ་ཤེས་འབྲས་དུས་ཀྱི་ཆ་འཛིན་པའི་ལུགས་ལ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ན་སྐྱེ་བ་ལེན་པའི་ས་མཚམས་གཉིས་ཡོད་པས། རྒྱུ་འབྲས་ཆ་གཉིས་ཡིན་ལ། རྣམ་པར་ཤེས་པ་རྒྱུའི་ཆ་འཛིན་པའི་ལུགས་ལ་ནི་སྐྱེ་བ་ལེན་པའི་ས་མཚམས་གཅིག་ལས་མེད་པས། རྒྱུ་འབྲས་ཆ་གཅིག་ཁོ་ནར་ངེས་པ་དང༌། ཆ་གཅིག་པུ་དེ་ཡང་འབྲས་བུ་མངོན་དུ་གྱུར་པའི་གནས་སྐབས་ནི་གཉིས་ཁོ་ནར་འཆད་དགོས་པ་ཡིན་ཏེ། སྐྱེ་བ་ནས་རྣམ་སྨིན་མངོན་དུ་གྱུར་པའི་མགོ་འཛིན་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། འཕེན་བྱེད་རྒྱུ་འབྲས་ལ་རིང་བའི་རྒྱུ་འབྲས་ཤེས་པའི་གོ་དོན་ཡང་གྲུབ་པ་ཡིན་ཏེ། རྣམ་ཤེས་ལས་མིང་གཟུགས་སོགས་དེ་མ་ཐག་དུ་མི་འབྱུང་བར་མ་འོངས་པ་ན་འབྱུང་རུང་ཙམ་དུ་གནས་པ་དེ་འགྲུབ་བྱེད་ཀྱིས་བསོས་འདེབས་དགོས་པའི་ཕྱིར། ཅིག་ཤོས་གཉིས་པོ་ལ་ཉེ་བའི་རྒྱུ་འབྲས་ཤེས་བྱ་སྟེ། སྲིད་པ་ལས་སྐྱེ་བ་དེ་མ་ཐག་དུ་འབྱུང་བའི་ཕྱིར། དེ་ལྟར་ན་མིང་གཟུགས་སོགས་བཞི་པོ་མ་འོངས་པ་ན་འབྱུང་འགྱུར་གྱི་ཆ་ལ་དེ་དང་དེའི་རྟེན་འབྲེལ་དུ་འཇོག་ཅིང༌། དེ་དང་དེ་གྲུབ་ཟིན་པའི་གནས་སྐབས་ལ་སྐྱེ་བ་དང་རྒ་ཤིའི་རྟེན་འབྲེལ་དུ་བཞག་པ་ཡིན་ཏེ། འཕངས་པ་ཞེས་པ་ནི་འབྱུང་རུང་དུ་འཕངས་པ་ཡིན་ལ། གྲུབ་པ་ཞེས་པ་ནི་ད་ལྟ་གྲུབ་ཟིན་པ་ལ་འཆད་དགོས་པའི་ཕྱིར། ཞེས་བྱ་བ་འདིས་ནི་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ཐོགས་མེད་ཞབས་ཀྱིས་བཞེད་པ་གང་ཡིན་པ་དེ་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ནི། ཁྱད་པར་གསུམ་དང་ལྡན་པའི་རྐྱེན་ལས་སྐྱེས་པ་གང་ཞིག འགོག་ལམ་རྒྱུ་འབྲས་གང་རུང་གིས་བསྡུས་པའོ། །དབྱེ་ན་མ་རིག་པ་འགགས་པ་ནས། རྒ་ཤི་འགགས་པའི་བར་བཅུ་གཉིས་སོ། །དེ་དང་དེ་འགགས་པའི་ས་མཚམས་ལ། རྒྱུད་བླ་མ་དང༌། འཕགས་པ་གྲོལ་སྡེའི་བཞེད་པས། ས་དང་པོ་ནས་སྡུག་ཀུན་མ་ལུས་པར་འགགས་པར་བཞེད་ཀྱང༌། ཐེག་པ་དམན་པ་ལ་དགྲ་བཅོམ་པ་ཐོབ་པ་དང་དུས་མཉམ་ལ། ཐེག་པ་ཆེན་པོའི་འཕགས་པ་རྣམས་ལ་ནི། ཇི་སྲིད་ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ་ཐོག་མའི་མ་རིག་པ་སྤངས་པ་མི་འབྱུང་སྟེ། དེ་སྲིད་དུ་ཉོན་མོངས་པ་ཅན་གྱི་ཡིད་མ་སྤངས་པར་ཡོད་པས་སོ། །དེ་མ་གཏོགས་པའི་ཉོན་མོངས་པ་གཞན་དང༌། ཁྱད་པར་དུ་སྲེད་ལེན་སྲིད་པ་གསུམ་འགགས་པའི་ས་མཚམས་ལ་ནི་འདི་ལྟར་བཤད་དགོས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང་མ་སོང་བའོ། །དང་པོ་ནི། ས་དང་པོ་ནས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་དང་ཉོན་མོངས་པ་མ་ལུས་པར་སྤངས་སོ་ཞེས་ཁས་བླངས་པས་ཆོག་ལ། སྒོམས་སྤངས་སུ་གྱུར་པའི་མ་རིག་པ་དང༌། ང་རྒྱལ་དང༌། འཇིག་མཐར་ལྷན་སྐྱེས་སོགས་ནི་དེར་མ་སྤངས་པ་ཡིན་མོད་ཀྱང༌། འདིར་དེ་སྤངས་མ་སྤངས་སོགས་ཀྱི་རྣམ་བཞག་མི་མཁོ་བས་བཏང་སྙོམས་སུ་བཞག་ནས་ས་དེར་ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྒྱུ་ལས་དང་ཉོན་མོངས་པ་འགགས་པ་ཡིན་ནོ་ཞེས་རགས་པའི་རྣམ་བཞག་ལ་ཁས་བླངས་བར་བྱ་བ་ཡིན་ཏེ། ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་བས། དེ་མན་ཆད་དུ་སྐྱེ་བ་འགྲུབ་བྱེད་ཀྱི་ལས་དང་ཉོན་མོངས་པ་ནི་སྤངས་ལ། སྲིད་རྩེར་ནི་བྱང་སེམས་འཕགས་པ་རྣམས་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་དེར་སྐྱེ་བའི་རྒྱུ་ཤེས་རབ་ཀྱིས་སྤངས་པ་མ་ཡིན་མོད། སེམས་བསྐྱེད་ཀྱི་དབང་གིས་དེར་མི་སྐྱེ་བའི་བརྟགས་མིན་གྱི་འགོག་པ་ཐོབ་པའོ། །གཉིས་པ་ཆགས་བྲལ་སྔོན་དུ་མ་སོང་བ་ལ་ནི། སྒོམ་སྤངས་སུ་གྱུར་པའི་སྲེད་ལེན་རྣམས་ས་དེར་སྤངས་པ་མིན་ཏེ། དེའི་གཉེན་པོ་བསྒོམ་ལམ་མ་སྐྱེས་པའི་ཕྱིར་དང༌། མཐོང་ལམ་གྱིས་སྒོམ་སྤངས་སྤོང་བ་ཡང་ཆོས་མངོན་པའི་ལུགས་འདི་ལ་མེད་པས་སོ། །འོ་ན་ཅི་ཞེ་ན། ས་དང་པོ་ཐོབ་ནས་ཡང་སྲིད་འཕེན་བྱེད་ཀྱི་ལས་བསོག་པ་མེད་ཀྱང༌། རྒྱུའི་ཀུན་སློང་སྙིང་རྗེ་དང་སྨོན་ལམ་གྱིས་འཁོར་བར་སྐྱེ་བ་ལེན་པ་དོན་དུ་གཉེར་བ་ནི། ཡང་སྲིད་འཕེན་བྱེད་ཀྱི་ལས་མཚན་ཉིད་པ་མ་ཡིན་ཀྱང༌། དེ་དང་ཆ་མཐུན་པ་ཡིན་ལ། སྒོམ་སྤངས་སུ་གྱུར་པའི་ཕྱི་རོལ་ཡུལ་ལ་སྲེད་པའི་འདོད་ཆགས་ཀྱིས་འགྲུབ་བྱེད་ཀྱི་ལས་བསགས་ནས། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པར་བྱེད་དོ། །ས་བརྒྱད་པ་ནས་ནི་ཉོན་མོངས་མཚན་ཉིད་པ་མེད་ཀྱང༌། དེའི་བག་ལ་ཉལ་གྱི་དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པར་བྱེད་དོ། །དེའི་སྐྱེ་བ་དེ་སྡུག་བདེན་མཚན་ཉིད་པ་མ་ཡིན་ཏེ། རྒྱུ་ཉོན་མོངས་པའི་དབང་གིས་བྱུང་བ་མ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་བཞེད་པ་ཡིན་ནོ། །དེ་དག་ཇི་ལྟར་བསྒོམ་པའི་ཚུལ་ནི། ལུགས་འབྱུང་དང་ལུགས་བཟློག་གཉིས་སུ་ཕྱེ་ནས་བསྒོམ་པར་བྱ་བ་ཡིན་ཏེ། དེ་ལྟར་བསྒོམ་པས་འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་བདེན་པ་དང༌། མྱ་ངན་ལས་འདས་པ་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་ལ་མཁས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སྒོམ་ལམ་རྩེ་སྦྱོར་ལ་གསུམ་སྟེ། སྒོམ་ལམ་རྩེ་སྦྱོར་གྱི་དབྱེ་བ་རྒྱས་པར་བཤད་པ་དང༌། དབྱེ་བ་དེ་ཉིད་འདིར་བསྟན་པའི་ཏིང་ངེ་འཛིན་གཉིས་དང་ཇི་ལྟར་སྦྱོར་བའི་ཚུལ། ཐོད་རྒལ་གྱི་རྣམ་བཞག་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་གཞུང་ལུགས་ལས། མཐོང་ལམ་ལ་ཆུང་འབྲིང་སོགས་དགུར་མི་འབྱེད་ཅིང༌། སྒོམ་ལམ་ལ་དེར་འབྱེད་པ་ནི་ཐེག་པ་ཆེ་ཆུང་ཀུན་གྱི་ཐུན་མོང་གི་ལུགས་ཡིན་ནོ། །དེའི་ཕྱིར་འདིར་ཡང་མཐོང་ལམ་གྱི་སྦྱོར་འཇུག་ལ་རེ་རེ་ལས་མི་འཆད་ཅིང༌། སྒོམ་ལམ་གྱི་སྦྱོར་འཇུག་ལ་རྩ་བའི་དབྱེ་བ་རེ་རེ་ལས་མ་འདས་ཀྱང༌། སྤང་བྱའི་དབྱེ་བ་ལས་དགུ་དགུར་འབྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་སྒོམ་པའི་ལམ་ནི་གཉིས་ཏེ། མཉམ་གཞག་དང༌། རྗེས་ཐོབ་བོ། །དང་པོ་ལ་ཡང་གཉིས་ཏེ། མི་མཐུན་ཕྱོགས་སྤོང་བའི་ལམ་དང༌། དེ་ལས་གྲོལ་བའི་ལམ་མོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་མོ། །འདིར་སྒོམ་ལམ་གྱི་རྩེ་སྦྱོར་དུ་འཆད་རྒྱུ་ནི་གཉིས་པོ་དེ་ཡིན་ལ། དེ་རེ་རེ་ལ་ཡང་དགུ་དགུར་འབྱེད་དགོས་པ་ཡིན་ཏེ། སྤང་བྱ་རྟོག་པ་ལ་དགུར་ཡོད་པའི་དབྱེ་བས་གཉེན་པོ་སྒོམ་ལམ་ལ་ཡང་དགུར་འབྱེད་པ་ཡིན་ལ། སྤང་བྱ་དེ་རེ་རེ་ལ་ཡང་སྤོང་བྱེད་ཀྱི་གཉེན་པོ་སྦྱོར་འཇུག་གཉིས་སུ་དབྱེ་དགོས་པའི་ཕྱིར། དེ་དགོས་པ་ཡིན་ཏེ། དེའི་ས་བོན་མགོ་གནོན་པའི་གཉེན་པོ་དང༌། དྲུང་འབྱིན་པའི་གཉེན་པོ་གཉིས་གཉིས་སུ་དབྱེ་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་སྒོམ་སྤངས་རྟོག་པ་ཆེན་པོའི་ཆེན་པོ་ལྟ་བུ་གཅིག་ཁོ་ན་ལ་གཉེན་པོ་སྦྱོར་འཇུག་གཉིས་སུ་འབྱེད་ལ། དེ་ལས་གཞན་ལ་འཆད་པར་མི་བྱེད་པའི་རྒྱུ་མཚན་བཤད་དགོས་ན། དེ་ཡང་འཆད་རྒྱུ་ཡོད་པ་མ་ཡིན་ནོ། །འོ་ན་སྤང་བྱ་དགུ་པོ་གང༌། དེའི་གཉེན་པོ་དགུ་ཚན་གཉིས་པོ་ཅི་ཞེ་ན། སྤང་བྱ་རྟོག་པའི་དབྱེ་བ་འཆད་ལུགས་ལ་རྒྱན་རྩ་འགྲེལ་དུ་མི་འདྲ་བ་གཉིས་གསུངས་ཏེ། དང་པོ་ནི། སྒོམ་སྤངས་སུ་གྱུར་པའི་ཤེས་སྒྲིབ་རྟོག་པ་ཐམས་ཅད་ཆུང་འབྲིང་གསུམ་དུ་བསྡུས། དེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་དགུ་དང༌། དེ་སྤོང་བྱེད་ཀྱི་གཉེན་པོ་ཡང་ས་གཉིས་པ་ནས་བཅུ་པའི་བར་ལ་རིམ་པ་བཞིན་དུ་ཆུང་འབྲིང་དགུར་ཕྱེ་ནས་འཆད་པའི་ལུགས་གཅིག་དང༌། སྤང་བྱ་རྟོག་པ་ལ་གཟུང་རྟོག་གཉིས་འཛིན་རྟོག་གཉིས་ཏེ་བཞི། དེ་རེ་རེ་ལ་ཡུལ་གྱི་དབྱེ་བས་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག དེ་རེ་རེ་ལ་ཡང་ཁམས་གསུམ་གྱི་དབྱེ་བས་གསུམ་དུ་ཕྱེ་ནས་བརྒྱ་དང་བརྒྱད་ཡིན་ལ། དེ་དག་ཀྱང་སྤོང་ཚུལ་མདོར་བསྡུས་ནས་ཁམས་གསུམ་གྱི་རྟོག་པ་དགུ་ཚན་གསུམ་པོ་རྣམས་སྤང་བྱ་གཅིག་ཆར་བའི་ཚུལ་དང་མཐུན་པར་གཅིག་ཆར་དུ་སྤོང་བ་ཡིན་གྱི། རིམ་གྱིས་སྤོང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཤེས་སྒྲིབ་སྤོང་ཚུལ་ལ་དེ་ལྟར་མ་བཤད་པའི་ཕྱིར། དེ་ལྟར་ན་ཁམས་གསུམ་གྱི་འཇུག་པ་གཟུང་རྟོག་དགུ་གཅིག་ཆར་དུ་སྤོང་བ་ནས། བཏགས་འཛིན་རྟོག་པ་དགུ་གཅིག་ཆར་དུ་སྤོང་བའི་བར་དག་གོ །དེ་ཡང་གཟུང་རྟོག་དང་པོའི་ཡུལ་གྱིས་དབྱེ་བས་དགུ་པོ་དེ་དང༌། འཛིན་རྟོག་དང་པོའི་ཡུལ་གྱིས་དབྱེ་བས་དགུ་པོ་དེ་སྦྱོར་བའི་ལམ་དགུས་རིམ་གྱིས་སྤོང་བ་དང༌། གཟུང་རྟོག་གཉིས་པའི་དབྱེ་བ་དགུ་དང༌། འཛིན་རྟོག་གཉིས་པའི་དབྱེ་བ་དགུ་པོ་དེ་འཇུག་པ་བར་ཆད་མེད་ལམ་གྱིས་རིམ་གྱིས་སྤོང་བར་བཤད་པའོ། །དེ་ཡང་བཤད་ཚུལ་དང་པོ་ནི་སྐབས་གཉིས་པ་དང་བཞི་པ་ན་གསལ་ལ། བཤད་ཚུལ་གཉིས་པ་ནི་སྐབས་ལྔ་པའི་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་འདིར་གསལ་བ་ཡིན་ནོ། །དེས་ན་འདི་ལྟར་བཤད་དགོས་ཏེ། ས་གཉིས་པ་ནས་བཅུ་པའི་བར་ལ་སྦྱོར་བའི་ལམ་དགུར་ཕྱེ་བ་དེས་ནི་གཟུང་རྟོག་དང་པོ་དགུ་དང༌། འཛིན་རྟོག་དང་པོ་དགུའི་སྤོང་གཉེན་བྱེད་དོ། །དེ་ནས་དེའི་བར་ལ་བར་ཆད་མེད་པའི་ལམ་དགུར་ཕྱེ་བ་དེས་ནི་གཟུང་རྟོག་ཐ་མ་དགུ་དང༌། འཛིན་རྟོག་ཐ་མ་དགུ་སྤོང་བའི་གཉེན་པོ་བྱེད་དོ། །འོ་ན་རྟོག་པ་ཐམས་ཅད་ཀྱི་ས་བོན་བར་ཆད་མེད་ལམ་གྱིས་འཇོམས་པར་འདྲ་བ་ལ། གཉེན་པོ་སྦྱོར་འཇུག་གཉིས་སུ་འབྱེད་པ་ཅི་ཞེ་ན། རྟོག་པ་གཅིག་ཉིད་ལ་གཉེན་པོ་སྦྱོར་འཇུག་གཉིས་སུ་ཕྱེ་བ་ལྟར་ན། ས་བོན་མགོ་གནོན་པ་དང༌། དྲུངས་འབྱིན་པའི་དབྱེ་བས་འཆད་དགོས་པ་ཡིན་ཏེ། དེ་ཉིད་ཆོས་མངོན་པ་ན་ཤིན་ཏུ་གསལ་བས་སོ། །དེ་ལྟ་ན་ཡང༌། སློབ་དཔོན་སེང་གེ་བཟང་པོས་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྦྱོར་བས་དང༌། གཉིས་པ་གཉིས་འཇུག་པས་སྤོང་བའི་ཁྱད་པར་བཤད་པ་ནི་ཅུང་ཟད་བཤད་དཀའ་བ་ཡིན་ལ། དེའི་ཚེ་འདི་ལྟར་འཆད་དགོས་ཏེ། རྟོག་པ་བཞི་ཀའི་ས་བོན་ནི་འཇུག་པའི་ལམ་གྱིས་སྤོང་བར་འདྲ་བ་དང༌། གཉེན་པོ་སྦྱོར་འཇུག་གཉིས་ཀྱི་རང་དུས་ན་རྟོག་པ་མངོན་འགྱུར་བ་འགགས་མ་འགགས་ཀྱི་དབྱེ་བ་ལས་ཕྱེ་བ་ཡིན་ཏེ། དཔེར་ན་ས་གཉིས་པའི་སྤོང་གཉེན་སྦྱོར་བ་ཉེར་སྡོགས་ཀྱིས་བསྡུ་ན། དེའི་ངོ་སྐལ་གྱི་སྤོང་བྱ་གཟུང་རྟོག་དང་པོ་དང༌། འཛིན་རྟོག་དང་པོའི་དང་པོ་ལྟ་བུ་འགགས་སུ་ཟིན་ཀྱང༌། དེའི་དུས་ན་གཟུང་རྟོག་གཉིས་པ་དང༌། འཛིན་རྟོག་གཉིས་པའི་དང་པོ་མ་འགགས་པ་ཡོད་པ་བཞིན་ནོ། །འོ་ན་རྟོག་པ་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་དང༌། ཆུང་འབྲིང་གི་སྒོ་ནས་དགུར་ཕྱེ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྒོམ་སྤངས་ཀྱི་སྐབས་འདིར་ནི་འཇུག་པ་གཟུང་རྟོག་ལྟ་བུ་གཅིག་ལ་ཡུལ་གྱི་སྒོ་ནས་དགུར་ཕྱེ་བ་དེ་ཉིད་ཆུང་འབྲིང་གི་སྒོ་ནས་དགུར་ཕྱེ་བ་དང་དོན་གཅིག་པ་ཡིན་ཏེ། དགུ་པོ་དེ་ས་དགུར་དང་རིམ་བཞིན་སྤང་གཉེན་དུ་སྦྱར་དགོས་པས་སོ། །དེ་ལས་གཞན་དུ་ན། འཇུག་པ་གཟུང་རྟོག་དགུ་པོ་དེ་ས་གཉིས་པའི་བར་ཆད་མེད་ལམ་ལྟ་བུ་གཅིག་དང་སྤང་གཉེན་དུ་སྦྱར་དགོས་ལ། ལྷག་མ་དགུ་ཚན་གསུམ་པོ་ཡང་དེ་དང་འདྲ་བས་སྒོམ་སྤངས་བརྒྱ་རྩ་བརྒྱད་པོ་ཐམས་ཅད་ས་གཉིས་པའི་གནས་སྐབས་དེ་ཉིད་དུ་སྤངས་པར་འགྱུར་རོ། །ཡང་ན་ནི་འཇུག་པ་གཟུང་རྟོག་དགུ་པོ་ལ་རེ་རེ་ཞིང་ཆུང་འབྲིང་དགུར་ཕྱེ་ནས་གཟུང་རྟོག་དང་པོ་ལ་དགུ་དགུ་བརྒྱད་བཅུ་རྩ་གཅིག་དང༌། དེ་ལའང་ཁམས་གསུམ་གྱི་དབྱེ་བས་དེ་ཚན་པ་གསུམ་དུ་ཕྱེ་ན་འགྲིག་པ་ལྟ་བུ་སྣང་ཡང༌། གཞུང་དུ་ཐམས་ཅད་བསྡོམ་པའི་རྒྱས་པའི་དབྱེ་བ་ལ་བརྒྱ་རྩ་བརྒྱད་ལས་མ་བཤད་པས་རྣམ་པར་བརྟག་དགོས་སོ། །མཐོང་སྤངས་ཀྱི་སྐབས་སུ་ནི། བརྒྱ་རྩ་བརྒྱད་དུ་ཕྱེ་བ་ལས་ལྔ་བཅུ་རྩ་བཞི་སྦྱོར་བའི་ལམ་གྱི་སྤང་བྱ་དང༌། བར་ཆད་མེད་ལམ་གྱི་སྤང་བྱ་ཡང་ལྔ་བཅུ་རྩ་བཞི་ཡིན་པར་བཤད་པས། འཇུག་པ་གཟུང་རྟོག་དགུ་པོ་ནི་ངོ་བོ་གཅིག་ལ་ཡུལ་ཐ་དད་ཀྱི་དབྱེ་བས་དགུར་ཕྱེ་བ་ཡིན་གྱི། ཆེ་འབྲིང་སོགས་ཀྱི་དབྱེ་བ་མ་ཡིན་ཏེ། མཐོང་སྤངས་ལ་དེ་ལྟར་མི་འབྱེད་པའི་ཕྱིར་ཏེ། མཐོང་སྤངས་རྣམས་ནི་བདེན་པ་མངོན་སུམ་དུ་མཐོང་བ་ཙམ་གྱིས་སེལ་ནུས་ལ། སྒོམ་སྤངས་རྣམས་ནི་བདེན་པ་མངོན་སུམ་དུ་མཐོང་ཟིན་ཡུན་རིང་དུ་གོམས་པས་སེལ་བར་བྱེད་དགོས་པས་མི་མཚུངས་པའི་ཕྱིར་རོ། །གཉིས་པ་ཏིང་ངེ་འཛིན་གཉིས་དང་སྦྱར་བ་ལ་གཉིས་ཏེ། སྦྱོར་བ་རྣམས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དང་སྦྱར། འཇུག་པ་རྣམས་དངོས་གཞི་ཐོད་རྒལ་དང་སྦྱར་བའོ། །དང་པོ་ལ་དེའི་མཚན་ཉིད་ནི། རང་གི་ངོ་སྐལ་གྱི་སྤང་བྱ་སྒོམ་སྤངས་རྟོག་པའི་སྤོང་བའི་གཉེན་པོ་གང་ཞིག དེའི་ས་བོན་དྲུངས་འབྱིན་མི་ནུས་པའོ། །མཚན་གཞི་ནི། དགོས་པ་སྒོམ་སྤངས་སྤོང་བའི་ཆེད་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དང༌། ལུགས་མི་མཐུན་གཉིས་ཀྱི་སྒོ་ནས་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །འདི་ལ་དགུར་ཕྱེ་བ་སྐབས་འདི་ན་མི་གསལ་ཞིང༌། འཆད་པ་པོ་རྣམས་ཀྱིས་གསལ་བར་མ་བཤད་ཀྱང་དགུར་འབྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་ཀྱི་ལུང་དང༌། དེའི་ངོ་སྐལ་གྱི་སྤང་བྱ་ལ་ཆུང་འབྲིང་སོགས་དགུ་གསུང་ཞིང༌། དགུ་པོ་དེ་ཡང་རིམ་གྱིས་སྤོང་དགོས་པའི་ཕྱིར། ཞེས་པའི་རིགས་པ་ལས་སོ། །དེས་དེ་གཅིག་ཅར་སྤོང་ནུས་ན་ནི་འཇུག་པས་ཀྱང་དེ་ལྟར་སྤོང་ནུས་པས་སྒོམ་སྤངས་རྣམས་ཀྱང་མཐོང་སྤངས་བཞིན་དུ་གཅིག་ཆར་དུ་སྤངས་པར་འགྱུར་རོ། །འོ་ན་དགུ་པོ་དེ་གང་ཞེ་ན། ས་གཉིས་པ་སོགས་གསུམ་གྱི་སེང་གེ་རྣམ་བསྒྱིངས་ནི་ཆུང་ངུའོ། །ལྔ་པ་སོགས་གསུམ་གྱི་སེང་གེ་རྣམ་བསྒྱིངས་ནི་འབྲིང་པོའོ། །བརྒྱད་པ་སོགས་གསུམ་གྱི་སེང་གེ་རྣམ་བསྒྱིངས་ནི་ཆེན་པོའོ། །དེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དེ་ལྟར་དགུར་དབྱེ་དགོས་པ་ཡིན་ཏེ། འཇུག་པ་བར་ཆད་མེད་ལམ་ལ་དགུར་དབྱེ་བའི་ཚུལ་དེ་ལྟར་འཆད་དགོས་པ་ལས་གཞན་མེད་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། བར་ཆད་མེད་ལམ་དགུ་པོ་རེ་རེ་ལ་སྦྱོར་བ་རེ་རེ་མི་དགོས་ན་ཐོག་མའི་བར་ཆད་མེད་ལམ་དེ་ཁོ་ན་ལ་སྦྱོར་བ་སེང་གེ་རྣམ་བསྒྱིངས་ཞེས་བྱ་བ་ངོ་སྐལ་གྱི་སྤང་བྱ་དེའི་ས་བོན་མགོ་གནོན་པའི་གཉེན་པོ་ཞིག་ངེས་པར་སྔོན་དུ་འགྲོ་དགོས་པའི་ཤེས་བྱེད་མེད་པའི་ཕྱིར། དེ་ལྟར་ན་མཚན་ཉིད་ནི། སྦྱོར་བ་སེང་གེ་རྣམ་བསྒྱིངས་གང་ཞིག སྒོམ་སྤངས་རྟོག་པ་ཆེན་པོ་སྐོར་གསུམ་གྱི་སྤོང་གཉེན་དུ་གྱུར་པ་དང༌། འབྲིང་སྐོར་གསུམ་གྱི་དང༌། ཆུང་ངུ་སྐོར་གསུམ་གྱི་དེའོ། །ས་མཚམས་ནི། ས་གཉིས་པ་ནས་བཅུ་པའི་བར་དུའོ། །གལ་ཏེ་སྒོམ་སྤངས་རྟོག་པའི་སྤོང་གཉེན་ལ་སྟོང་ཉིད་ལ་རྩེ་གཅིག་དུ་མཉམ་པར་གཞག་པའི་མཉམ་གཞག་ཡེ་ཤེས་ཤིག་ངེས་པར་དགོས་རྒྱུ་ཡིན་ཅིང༌། དེ་ཙམ་གྱིས་ངེས་པར་ཆོག་པ་ལ། འདི་སྦྱོར་དངོས་གཉིས་ཀ་མཐར་གནས་ཀྱི་སྙོམས་འཇུག་དགུའི་ངོ་བོར་འཆད་པ་ཅི་ཞེ་ན། དེ་ལྟར་དགོས་པ་དེ་ནི་སྙོམས་འཇུག་དགུའི་ངོ་བོ་སྤྱིར་འདས་ལམ་དང༌། བྱེ་བྲག་དུ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོར་འཆད་མ་ཤེས་པ་ལས་བྱུང་བ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་སྙོམས་འཇུག་དག་པ་དག་ལ་ནི་སྤྱིར་རང་གི་མི་མཐུན་ཕྱོགས་སུ་གྱུར་པའི་ཤེས་སྒྲིབ་ཀྱི་རྟོག་པ་སྤོང་བའི་མཐུ་མེད་ཅིང༌། སྟོང་ཉིད་ལ་མཉམ་པར་གཞག་པའི་མཉམ་གཞག་གི་སྐབས་སུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་རོ། །ཟག་མེད་སྤོང་ལམ་གྱི་ངོ་བོར་གྱུར་པའི་སྙོམས་འཇུག་དགུ་ནི་ཆོས་ཉིད་ལ་མཉམ་པར་གཞག་པའི་གནས་སྐབས་དེ་ཉིད་དུ་ངེས་པར་འབྱུང་བ་ཡིན་ཏེ། ཡེ་ཤེས་དེ་ཉིད་དགུ་པོ་གང་རུང་གི་ངོ་བོར་ངེས་པར་སྐྱེ་དགོས་པའི་ཕྱིར་དང༌། དེའི་ཚེ་ཡང་སྙོམས་འཇུག་གཅིག་གི་ངོ་བོར་གནས་པ་ནས། སྙོམས་འཇུག་གཞན་དང་གཞན་དུ་འཕོས་པ་ན་སྤང་བྱ་སྤོང་བའི་ནུས་པ་ལྷག་པ་ཡིན་ཏེ། དེ་དང་དེ་ལ་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་རྣམས་འཕྲལ་དང་འཕྲལ་དུ་སེལ་བའི་ཕྱིར་དང༌། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་ཡོད་པའི་ཕྱིར། འོ་ན་སྙོམས་འཇུག་དགུ་ལ་སྒྲིབ་པ་གཉིས་ཀྱི་སྤོང་གཉེན་བར་ཆད་མེད་ལམ་དུ་གྱུར་པ་དེ་འདྲ་ཞིག་ཡོད་པར་གང་ལས་ཤེས་ཤེ་ན། མངོན་པ་ཀུན་ལས་བཏུས་ལས། ཡོན་ཏན་འདི་དག་ནི་རྣམ་པ་གཉིས་སུ་འགྱུར་ཏེ། རང་གི་བྱ་བས་ཉེ་བར་གནས་པ་དང༌། གནས་པ་ལས་གྱུར་པའི་འོ། །རང་གི་བྱ་བ་ལ་ཉེ་བར་གནས་པ་གང་ཡིན་པ་དེ་དག་ནི། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་ཀུན་རྫོབ་ཀྱི་ཤེས་པའི་རང་བཞིན་དུ་བལྟའོ། །གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ་ཞེས་དང༌། སློབ་དཔོན་གྱིས་ཀྱང༌། མི་མཐུན་ཕྱོགས་སྤོང་བ་ལ་སོགས་པ་ནི་རྟེན་གྲུབ་པ་སྔོན་དུ་འགྲོ་བ་ཡིན་ན་གོ་སླ་བས་རྟེན་སྒོམ་པའི་ལམ། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ཞེས་དགུ་པོ་སྤོང་གཉེན་གྱི་ཆ་ནས་བཤད་པའི་ཕྱིར། གཉིས་པ་དངོས་གཞི་ལ། ཆེད་དུ་བྱ་བ་ངོ་སྐལ་གྱི་སྒོམ་སྤངས་ཀྱི་ས་བོན་གཞོམས་པའི་ཕྱིར་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པའི་རྣལ་འབྱོར་རོ། །དབྱེ་ན། རྩ་བའི་དབྱེ་བ་ཆུང་ངུ་སོགས་གསུམ་དང༌། ཡན་ལག་གི་དབྱེ་བ་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བས་དགུའོ། །གསུམ་དུ་འབྱེད་པ་མདོ་དང་གཞུང་ན་ཕལ་ཆེར་གསལ་ཞིང༌། འཆད་པ་པོ་རྣམས་ཀྱི་བཤད་ཀྱང༌། དགུར་འབྱེད་པ་ལ་ཁུངས་མེད་དོ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་པའི་ལུང་ལས་དང༌། སྒོམ་སྤངས་རྟོག་པའི་ས་བོན་གྱི་སྤོང་གཉེན་བར་ཆད་མེད་ལམ་ལ་འདི་ལ་གཞན་མ་བཤད་ཅིང༌། རྟོག་པ་དགུ་ནི་རིམ་གྱིས་སྤོང་དགོས་པའི་ཕྱིར། ཞེས་པའི་རིགས་པ་ལས་སོ། །གཞན་དག་གི་བསམ་པ་ལ་དེ་དང་དེའི་སྤོང་གཉེན་བར་ཆད་མེད་ལམ་ནི་ཆོས་ཉིད་ལ་རྩེ་གཅིག་དུ་མཉམ་པར་གཞག་པའི་ཡེ་ཤེས་ཞིག་ལ་འཆད་དགོས་པའི་ཕྱིར། འདི་དེ་མ་ཡིན་ནོ་སྙམ་པ་དང༌། འདི་ལས་གཞན་ཞིག་བར་ཆད་མེད་ལམ་དུ་ཁས་ལེན་དགོས་སོ་ཞེས་རྟོག་པར་བྱེད་དོ། །དེ་ནི་མ་ཤེས་པ་ཡིན་ཏེ། སྒོམ་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་གཞུང་འདི་ལས་གཞན་མེད་པའི་ཕྱིར་དང༌། མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་རུང་ཡིན་ན་སྟོང་ཉིད་ལ་མཉམ་པར་གཞག་པའི་མཉམ་གཞག་ཡེ་ཤེས་མིན་དགོས་པར་འགྱུར་ལ། དེ་ལྟ་ན་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཟག་མེད་ས་དགུ་ལ་བརྟེན་ཞེས་པ་དང༌། བྱང་སེམས་ཐབས་ལ་མཁས་པས་སྒོམ་ལམ་སྲིད་རྩེ་ལ་བརྟེན་པ་ཡོད་དོ་ཞེས་ཟེར་བ་དག་ཚིག་ཙམ་དུ་སོང་ངོ༌། །དབྱེ་བ་དགུ་པོ་སོ་སོའི་ངོ་བོ་ཇི་ལྟ་བུ་ཞེ་ན། རྩ་བའི་དབྱེ་བ་གསུམ་ནི་ཀུན་གྱིས་འཆད་པ་དེ་ཉིད་ཡིན་ལ། ཡན་ལག་གི་དབྱེ་བ་དགུ་ནི། ཐོད་རྒལ་ཆུང་ངུའི་སྙོམས་འཇུག་དེ་ཉིད་གུས་སྦྱོར་རྟག་སྦྱོར་གཉིས་ཀ་མེད་པ་དང༌། གང་རུང་དང་བཅས་པ་དང༌། གཉིས་ཀ་དང་བཅས་པ་ནི་ཆུང་ངུ་སྐོར་གསུམ་སྟེ། ས་གཉིས་པ་ནས་བཞི་པའི་བར་དུའོ། །ཐོད་རྒལ་གྱི་སྙོམས་འཇུག་འབྲིང་པོར་བཤད་པ་དེ་ཉིད་སྔ་མ་ལྟར་སྦྱར་བས་གསུམ་ནི་འབྲིང་པོ་སྐོར་གསུམ་སྟེ། ས་ལྔ་པ་ནས་བདུན་པའི་བར་དུའོ། །དངོས་གཞིའི་སྙོམས་འཇུག་ཆེན་པོ་ལ་སྔ་མ་ལྟར་སྦྱར་བས་གསུམ་ནི། ས་བརྒྱད་པ་སོགས་གསུམ་མོ། །དེ་ལྟར་བཤད་ན་མདོ་སྡེ་དཀོན་མཆོག་སྤྲིན་ལས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། ཞེས་གསུངས་པ་དང་ཡང་མཐུན་ནོ། །དེ་ཡང་དངོས་གཞི་ཐོད་རྒལ་ལ་ཆུང་འབྲིང་སོགས་གསུམ་དུ་འབྱེད་ན་དེ་ཉིད་སྒོམ་སྤངས་རྟོག་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན་དུ་གཞག་དགོས་པ་ཡིན་ཏེ། གཞན་དུ་ན་སྤོང་གཉེན་ལ་ཆུང་ངུ་སོགས་གསུམ་དུ་འབྱེད་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་ལྟར་ཡིན་མོད་དེ་ལས་དགོས་པ་ཅི་ཞིག་འགྲུབ་ཅེ་ན། དེ་ལྟར་གྲུབ་པ་ན་དངོས་གཞི་ལ་དགུར་དབྱེ་བ་འགྲུབ། སྤང་བྱའི་དབྱེ་བ་ལས་དངོས་གཞི་ཐོད་རྒལ་ལ་གསུམ་དུ་དབྱེ་བར་གྲུབ་ཅིང༌། སྤང་བྱ་རྟོག་པ་ལ་རྩ་བའི་དབྱེ་བ་གསུམ་ལ། ཡན་ལག་གི་དབྱེ་བ་དགུར་འབྱེད་པའི་ཕྱིར་རོ། །གསུམ་པ་ཐོད་རྒལ་གྱི་རྣམ་གཞག་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རྣམ་པར་བཞག་པའོ། །དང་པོ་ལ། འདིར་བསྟན་པའི་དངོས་གཞི་ཐོད་རྒལ་གྱི་མཚན་ཉིད་ནི། རང་རྒྱུ་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས། མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་ཞུགས་སྟོབས་ཀྱིས་ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའི་སེམས་དཔའི་རྣལ་འབྱོར་རོ། །དངོས་གཞི་ཐོད་རྒལ་ཆུང་ངུའི་མཚན་ཉིད་ནི། དེ་བཏང་ནས་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་དུ་སྙོམས་པར་ཞུགས་སྟོབས་ཀྱིས། ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའི་སེམས་དཔའི་རྣལ་འབྱོར་རོ། །དབྱེ་ན་དེ་ལའང་གསུམ་ལས། སོ་སོའི་མཚན་ཉིད་ནི། ཐོད་རྒལ་ཆུང་ངུའི་སྙོམས་འཇུག་གང་ཞིག གུས་སྦྱོར་དང་རྟག་སྦྱོར་གང་རུང་དང་བྲལ་བ་དང༌། གང་རུང་དང་ལྡན་ལ་ཅིག་ཤོས་མེད་པ་དང༌། གཉིས་ཀ་དང་བཅས་པ་ཞེས་སྦྱར་ཏེ། འོག་མ་དག་ལ་དེ་བཞིན་ནོ། །འདིར་བསྟན་གྱི་དངོས་གཞི་ཐོད་རྒལ་འབྲིང་པོའི་མཚན་ཉིད་ནི། རང་རྒྱུ་དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་བཏང་ནས། དེ་དགུ་ལ་འགོག་པ་རེ་རེ་སྤེལ་ཏེ་སྒོམ་སྟོབས་ཀྱིས་སྤང་བྱ་སྒོམ་སྤངས་རྟོག་པ་འབྲིང་པོ་སྐོར་གསུམ་གང་རུང་འཇོམས་པར་ནུས་པའི་རྣལ་འབྱོར་རོ། །དེ་ལའང་གསུམ་མོ། །ཆེན་པོའི་མཚན་ཉིད་ནི། རང་རྒྱུ་འབྲིང་པོ་སྔོན་དུ་བཏང་ནས་དེ་དགུ་ལ་འདོད་སེམས་རེ་སྤེལ་ཏེ་ལུགས་མི་མཐུན་དུ་ཞུགས་སྟོབས་ཀྱིས་སྒོམ་སྤངས་རྟོག་པ་ཆུང་ངུ་སྐོར་གསུམ་གང་རུང་གི་ས་བོན་དྲུངས་འབྱིན་པར་ནུས་པའི་རྣལ་འབྱོར་རོ། །དེ་ལའང་གསུམ་མོ། །གཉིས་པ་སྒྲ་བཤད་པ་ནི། སྙོམས་འཇུག་དགུ་ལ་ཆོས་གཞན་སྤེལ་བའམ། བོར་བ་གང་རུང་གི་སྒོ་ནས་སྙོམས་པར་འཇུག་པའི་ཕྱིར་ཐོད་རྒལ་ཞེས་བྱའོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་རྗེས་ཐོགས་སུ་སྙོམས་འཇུག་ལ་ཆོས་གཞན་མ་སྤེལ་བའི་ཡར་སོང་དེ་ལ་ཐོད་རྒལ་ཆུང་ངུ་ཟེར་བ་མི་འཐད་དེ། དེ་ལ་ཐོད་རྒལ་གྱི་སྒྲ་དོན་མ་ཚང་བའི་ཕྱིར། དེ་ནས་འདི་ནི་དངོས་གཞི་ཐོད་རྒལ་གྱི་བསྐྱུས་ས་བསྟན་པ་ཙམ་ཡིན་ནོ། །དེས་ན་ཐོད་རྒལ་མཚན་ཉིད་པ་ནི་དགུ་ལ་འགོག་པ་དང་འདོད་སེམས་སྤེལ་བ་གཉིས་སོ། །ཞེས་གསུངས་སོ། །དེ་མི་འཐད་དེ། ལུང་དང་འགལ་བ་དང་རིགས་པས་མི་འཐད་པའོ། །དང་པོ་ནི། དེ་འདྲ་དེ་ཐོད་རྒལ་གྱི་སྙོམས་འཇུག་མ་ཡིན་ན། ཡུམ་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། ཞེས་མཚམས་སྦྱར་ནས། དེའི་ལན་དུ་གང་ཡང་མ་སྤེལ་བའི་ཡར་སོང་དེ་ཐོག་མར་བཤད་པའི་ཕྱིར། གཉིས་པ་ནི། དེའི་སྒྲ་བཤད་མ་ཚང་བས་དེ་མ་ཡིན་ན། སྲིད་རྩེ་ནས་འགོག་པ་ལ་སྙོམས་པར་འཇུག་པའི་སྙོམས་འཇུག་ཞིག་ཐོད་རྒལ་གྱི་ནང་དུ་བཤད་པ་དེ་ཡང་མི་རིགས་པར་འགྱུར་རོ། །བསྐྱུས་ས་བསྟན་པར་འདོད་པ་ཡང་མི་འཐད་དེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱིས་དེའི་བསྐྱུས་ས་བསྟན་པའི་གོ་མི་ཆོད་ན། དེ་བསྟན་པ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཐོད་རྒལ་ཆེན་པོ་དང༌། འབྲིང་པོ་གཉིས་ལ་མཚམས་འཛིན་གསལ་བར་བཤད་པ་བཞིན་དུ། ཆུང་འབྲིང་གཉིས་ལ་མཚམས་འཛིན་མདོ་དང་བསྟན་བཅོས་གཉིས་ཀ་ལ་གསལ་བར་མ་བཤད་པ་ནི་ཅུང་ཟད་དཀའ་བའི་གནས་སོ། །ཡང་དར་ཊཱིཀ་མཛད་པ། དམན་ལམ་སྔོན་དུ་མ་སོང་བའི་ས་དྲུག་པ་མན་ཆད་དུ་ཐོད་རྒལ་གྱི་སྙོམས་འཇུག་མེད་པར་འཆད་པ་ལྟར་ན། དེ་མན་ཆད་ཀྱི་སྒོམ་ལམ་རྩེ་སྦྱོར་གཞུང་གང་གིས་འཆད་ཅེས་རྣམ་པར་བརྟག་དགོས་སོ། །གསུམ་པ་རྣམ་གཞག་ལ། སྤེལ་གཞི་དང༌། སྤེལ་ཆོས་དང༌། གནས་དུ་ཡིན་པའོ། །དང་པོ་ནི། ཆོས་གཞན་མི་སྤེལ་བ་རྣམས་ལ་ནི་སྤེལ་གཞི་དང་སྤེལ་ཆོས་དཔྱད་མི་དགོས་ལ། འགོག་པ་སྤེལ་བའི་ཡར་སོང་ལ་ནི་སྤེལ་གཞི་བརྒྱད་ཡིན་ཏེ། སྙོམས་འཇུག་དང་པོ་བརྒྱད་དོ། །འདིར་འགོག་པ་ནི་སྤེལ་གཞི་མ་ཡིན་ཏེ། དེ་སྤེལ་ཆོས་སུ་བྱེད་པའི་སྐབས་ཡིན་པའི་ཕྱིར། འདི་ལ་གཞན་དག་ན་རེ། འདིར་ཡང་འགོག་པ་དང་འགོག་པ་སྤེལ་དགོས་ཏེ། མ་སྤེལ་ན་ཐོད་རྒལ་འབྲིང་པོའི་གནས་མ་ཚང་བར་འགྱུར་བའི་ཕྱིར་ཞེས་ཟེར་རོ། འོ་ན་དེ་ལྟར་སྤེལ་བ་དེ་མདོ་དང་སྦྱར་རྒྱུ་ཡོད་དམ། དེ་སྐད་སྨྲ་བ་པོ་ཁྱོད་རང་གི་བློ་གྲོས་ཀྱིས་བཟོས་པས་ཆོག་པ་ཡིན། གཉིས་པ་ལྟར་ན་གནས་ཀྱི་གྲངས་ངེས་མི་འཐད་པར་འགྱུར་རོ། །དང་པོ་ལྟར་ན་མདོ་གང་དང་སྦྱོར། སྤེལ་གཞིའི་འགོག་པ་རྫོགས་པའི་རྗེས་སུ་འདོད་སེམས་མངོན་དུ་བྱས། དེའི་རྗེས་སུ་འགོག་པ་མངོན་དུ་བྱེད་པར་འཆད་པའི་མདོ་དེས་སོ་སྙམ་ན། དེ་ལྟ་ན་ཐོད་རྒལ་ཆེན་པོ་ལ་འགོག་པ་དང་འདོད་སེམས་སྤེལ་བ་མེད་པར་འགྱུར་ཏེ། འདོད་སེམས་ཀྱི་རྗེས་ཀྱི་འགོག་པ་ཐོད་རྒལ་འབྲིང་པོ་ལ་སྦྱར་བ་ན། ཐོད་རྒལ་ཆེན་པོའི་གནས་སུ་གྱུར་པའི་འགོག་པ་སྟོན་བྱེད་ཀྱི་མདོ་མི་འབྱུང་བའི་ཕྱིར། མདོ་ཡོད་དོ་སྙམ་ན། མངོན་སུམ་ལ་བསྙོན་པར་ཟད་དེ། མདོ་ལ་བལྟ་བའི་ལོང་མེད་ནའང༌། འགྲེལ་པ་དོན་གསལ་གྱི་གཞུང་གང་དང་ཐོད་རྒལ་ཆེ་འབྲིང་གང་སྦྱོར་བའི་ཚུལ་ལ་ཅུང་ཟད་བརྟགས་པས་ངེས་པ་རྙེད་པར་འགྱུར་རོ། །དེ་ལྟ་ན་ཡང་ཤནྟི་པའི་བཞེད་པ་ནི། ཐོད་རྒལ་འབྲིང་པོའི་སྐབས་སུ་མདོ་ན་མེད་པའི་འགོག་པ་གཅིག་ཀྱང་ཁ་བསྐང་ནས་འགོག་པ་དང་འགོག་པ་སྤེལ་བར་བཞེད་ཅིང༌། འགོག་པ་གཉིས་ཀྱི་བར་དུ་སྲིད་རྩེ་ལ་ནུད་ཆུང་བྱེད་ཅིང༌། འགོག་པ་གཉིས་པའི་མཐར་མཚམས་འཛིན་པའི་འདོད་སེམས་མངོན་དུ་བྱེད་ཅིང༌། འདོད་སེམས་དེ་ཡང་ཐོད་རྒལ་འབྲིང་པོ་ལ་གཏོགས་པར་བཞེད་ལ། སློབ་དཔོན་འདིའི་ལུགས་ཀྱི་ཐོད་རྒལ་འབྲིང་པོ་ལ་འགོག་པ་ཐོག་མར་བྱས་ནས། འགོག་པ་རེ་རེའི་རྗེས་ལ་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་སྤེལ་བ་དང༌། ཐོད་རྒལ་ཆེན་པོའི་གནས་སྐབས་སུ་འདོད་སེམས་ཐོག་མར་བྱས་ནས། འདོད་སེམས་དགུའི་རྗེས་ལ་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་སྤེལ་བར་བཞེད་ཅིང༌། མཉམ་གཞག་མིན་པས་མཚམས་བཟུང༌། ཞེས་ལན་གཉིས་སྟོན་ནས་གཅིག་ཐོད་རྒལ་འབྲིང་པོ་དང༌། གཅིག་ཤོས་ཐོད་རྒལ་ཆེན་པོ་ལ་སྦྱོར་བར་མཛད་དོ། །དེ་ལྟར་ན་སློབ་དཔོན་འདིའི་བཞེད་པ་ལ། འགོག་དང་བཅས་པའི་སྙོམས་འཇུག་དགུར། རྣམ་པ་གཉིས་སུ་སོང༌། ཞེས་པས་ཐོད་རྒལ་ཆུང་འབྲིང་གཉིས་བསྟན་པ་དང༌། འོངས་ནས་ཞེས་པ་མར་འོངས་ལ་སྦྱར་ནས་ཐོད་རྒལ་ཆེན་པོའི་མདོར་བསྟན་དང༌། འདོད་པར་གཏོགས་པའི་རྣམ་པར་ཤེས། །ཞེས་པ་ནས་མི་འདྲར་འགྲོ་ཞེས་པའི་བར་ཐོད་རྒལ་འབྲིང་པོ་དང་ཆེན་པོ་གཉིས་ཀ་ལ་སྦྱོར་བར་མཛད་དོ། །འོངས་ནས་ཤེས་པ་ཁྲི་བརྒྱད་སྟོང་པ་ནས་ནུད་ཆུང་བསྟན་པར་ནི་ཉི་སྣང་དང༌། ཤནྟི་པའི་འགྲེལ་པ་གཉིས་ཀ་ན་མི་གསལ་ལ། ཨ་བྷ་ཡ་ཀ་རའི་གནད་ཀྱི་ཟླ་འོད་ལས་དེ་ལྟར་བཤད་དུ་རུང་ཙམ་ཞིག་བཤད་དོ། །དེ་སྐད་དུ་ཡང་དག་ལྡན་ལས། འདིར་སྙོམས་པར་འཇུག་པ་བརྒྱད་པོ་རེ་རེ་ཞིང་འགོག་པའི་རྗེས་ལ་སྙོམས་པར་ཞུགས་པ་ཡིན་ལ། དགུ་པ་ལ་ནི་སྙོམས་པར་འཇུག་མི་ནུས་ཏེ། འགོག་པ་ལས་འགོག་པར་ལྡང་བ་ནི་མི་རིགས་པའི་ཕྱིར་རོ། །དེ་བས་ན་ཉེ་བའི་ཕྱིར་དང་ཤུགས་ཀྱི་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་ཞུགས་ནས། དེ་ལས་ལངས་ཏེ། འགོག་པ་ལ་སྙོམས་པར་ཞུགས་ཤིང༌། དེ་ལས་ལངས་ནས་མཉམ་པར་མ་གཞག་པའི་སེམས་ལ་གནས་སོ། །ཞེས་བྱ་བ་ནི་སོང་བ་གཉིས་པ་སྟེ་རྫོགས་སོ། །ཞེས་དང༌། འོངས་ནས་ཤེས་བྱ་བ་འདི་ལ་ཡང༌། འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཞེས་བྱ་བ་དེ་དག་རྗེས་སུ་སྦྱར་རོ། །ཞེས་གསུངས་སོ། །ཆེན་པོའི་སྐབས་སུ་སྤེལ་གཞི་ནི་སྙོམས་པར་འཇུག་པ་དགུའོ། །འོ་ན་འབྲིང་པོའི་སྐབས་སུ་བརྒྱད་ལས་མི་འབྱུང་བ་ཅི་ཞེ་ན། དེར་ནི་འགོག་པ་ནས་སྲིད་རྩེ་ལ་མ་ཞུགས་པར་འདོད་སེམས་མངོན་དུ་བྱེད་མི་ནུས་ལ། འདིར་ནི་འགོག་པ་ནས་འདོད་སེམས་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་སྤེལ་ཆོས་ནི་འགོག་པ་དང་འདོད་སེམས་གཉིས་ཏེ། གཅིག་ནི་ཞི་བ་མཐར་ཐུག་པ་ཡིན་ལ། གཅིག་ཤོས་ནི་མ་ཞི་བ་མཐར་ཐུག་པ་ཡིན་པས། འདི་གཉིས་སྤེལ་ཆོས་སུ་བྱས་ཏེ་སྙོམས་པར་ཞུགས་པས། སྙོམས་འཇུག་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་ཐོབ་པའི་ཕྱིར། འདིར་འཆད་པ་པོ་རྣམས་ཐོད་རྒལ་ཆེན་པོ་ལ་གཅིག་བོར་བ་ལ་སོགས་པའི་རྣམ་གཞག་བཤད་ནས། ཐོད་རྒལ་འབྲིང་པོ་ལ་གཅིག་རྒལ་བ་སོགས་ཀྱི་རྣམ་གཞག་མི་འཆད་པ་ནི། འགྲེལ་པར་མ་བཤད་པ་ལ་བསམས་པ་ཡིན་མོད་ཀྱང༌། ངེས་པར་ཁས་ལེན་དགོས་པ་སྟེ། བསམ་གཏན་དང་པོ་ནས་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་བདུན་རྒལ་བ་ཡིན་ལ། འགོག་པ་ནས་བསམ་གཏན་གཉིས་པ་ལ་ཞུགས་པའི་ཚེ་དང༌། ཡང་བསམ་གཏན་གཉིས་པ་ནས་འགོག་པ་ལ་ཞུགས་པའི་ཚེ་དྲུག་དྲུག་བོར་བ་ལ་སོགས་པ་གསལ་བའི་ཕྱིར་རོ། །དེའི་ཕྱིར། གཅིག་དང་གཉིས་གསུམ་བཞི་དང་ལྔ། །ཞེས་པས་ཐོད་རྒལ་ཆེན་པོ་ཁོ་ན་བསྟན་པར་འདོད་པ་ཡང་ཁྱབ་ཆུང་བ་དང༌། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པའི་ཚིག་དེ་ཡང་ཐོད་རྒལ་འབྲིང་པོ་ལ་འབྲེལ་བ་ཡིན་གྱི། ཆེན་པོ་དང་འབྲེལ་མེད་དོ། །ཡང་ཕལ་ཆེ་བ་དག་ཐོད་རྒལ་འབྲིང་པོའི་སྐབས་ན་ཡར་སོང་ཁོ་ན་བཤད་པ་ཡིན་གྱི། མར་འོང་གི་བཤད་པ་དང༌། ལུགས་མི་མཐུན་དུ་འཇུག་པ་གཏན་མེད་པར་འདོད་པ་ཡང་རྣམ་པར་མ་བརྟག་པ་ཡིན་ཏེ། སྐབས་དེར་འགོག་པ་ནས་བསམ་གཏན་གཉིས་པ་ལ་འཇུག་པ་དང༌། འགོག་པ་ནས་གསུམ་པ་ལ་འཇུག་པ་དང༌། འགོག་པ་ནས་བཞི་པ་ལ་འཇུག་པ་སོགས་འགོག་པ་ནས་ཕར་འཇུག་པ་ཐམས་ཅད་མར་འོང་ཁོ་ན་ཡིན་པའི་ཕྱིར། དེ་མ་ཡིན་ན་བསམ་གཏན་གཉིས་པ་ནས་འགོག་པ་ལ་འཇུག་པ་དེ་ཡར་འགྲོ་ཡིན་པའི་རྒྱུ་མཚན་ཅི་ཡིན། འགོག་པའི་སྙོམས་འཇུག་བསམ་གཏན་གཉིས་པ་ལས་གོང་ན་ཡོད་པའི་སྙོམས་འཇུག་ཡིན་པས་སོ་སྙམ་ན། འོ་ན་ཅིག་ཤོས་འོག་ན་ཡོད་པའི་ཕྱི་མར་འོངས་སུ་ཐལ་བ་བཟློག་མི་ནུས་སོ། །འོ་ན་འདོད་པའི་སེམས་དེ་ཅི་ཞེ་ན། རྩ་བར་ནི། འདོད་པར་གཏོགས་པའི་རྣམ་པར་ཤེས། །ཞེས་འདོད་པའི་སས་བསྡུས་སུ་བཤད་པ་ལྟ་བུར་སྣང་ཡང༌། འགྲེལ་པར་མཉམ་པར་མ་གཞག་པའི་སེམས་སུ་བཤད་པས། རྗེས་ཐོབ་ཏུ་གསལ་ཞིང༌། དེ་ཡང་ཚིག་གསལ་ལས་འབྱུང་བ་ལྟར། འདོད་པའི་སེམས་ཅན་དམྱལ་བ་པ་ལ་སོགས་པས་མཚོན་ནས། ཁམས་གསུམ་ཀའི་འཇིག་རྟེན་སྒྱུ་མ་ལྟ་བུར་བལྟ་བའོ། །ཡང་གཞན་དག་ཐོད་རྒལ་ཆེན་པོའི་སྐབས་སུ་མར་འོང་གི་བཤད་པ་ཁོ་ན་ཡོད་ཀྱི། ཡར་འགྲོའི་བཤད་པ་མེད་པ་དང༌། སྙོམས་པར་འཇུག་པའི་ཚེ་ཡང་ལུགས་འབྱུང་དུ་འཇུག་པ་མེད་པར་འདོད་པ་དག་གིས་ནི་རྣམ་པར་མ་བརྟག་པ་ཡིན་ཏེ། དེའི་སྐབས་སུ་འདོད་པ་ནས་བསམ་གཏན་དང་པོ་ལ་འཇུག་པ་དང༌། འདོད་པ་ནས་བསམ་གཏན་གཉིས་པ་ལ་འཇུག་པ་སོགས་འདོད་སེམས་ནས་སུ་ལ་འཇུག་ཀྱང༌། ཕར་འཇུག་པ་ཐམས་ཅད་ལུགས་འབྱུང་དུ་འཇུག་པ་ཁོ་ནར་ངེས་པའི་ཕྱིར། ཅི་སྟེ་དེ་འདྲ་མེད་དོ་སྙམ་ན། ཐོད་རྒལ་ཆེན་པོའི་ངོས་འཛིན་དུ་སྙོམས་འཇུག་དགུའི་བར་དུ་འདོད་སེམས་རེ་རེ་སྤེལ་བར་འདོད་པ་ཉམས་སོ། །ཡང་གཞན་དག་མཚམས་འཛིན་གྱི་འདོད་སེམས་ནས་འགོག་པ་ལ་འཇུག་པ་ལ་བོར་བའི་རྣམ་གཞག་གང་ཡང་ཁས་མི་ལེན་པར། འདོད་སེམས་ནས་སྲིད་རྩེ་ལ་འཇུག་པ་ལ་གཅིག་བོར་བ་དང༌། འདོད་སེམས་ནས་ཅི་ཡང་མེད་ལ་འཇུག་པ་ལ་གཉིས་བོར་བ་དང༌། འདོད་སེམས་ནས་བསམ་གཏན་དང་པོ་ལ་འཇུག་པ་ལ་བརྒྱད་བོར་བའི་རྣམ་གཞག་བྱེད་པ་དེ་ནི། སློབ་དཔོན་གྱི་འགྲེལ་པའི་འགྱུར་ལ་འཁྲུལ་བ་ཡིན་མོད། དེ་ལྟ་མ་ཡིན་ཏེ། དང་པོ་མཚམས་འཛིན་གྱི་འདོད་སེམས་ནས་འགོག་པ་ལ་ཞུགས་པ་དེ་བརྒྱད་བོར་བའི་མཚན་གཞི་ཡིན་པ་ལ། དེར་བོར་བའི་རྣམ་གཞག་ཁས་མ་བླངས་པས་འཁྲུལ་བའི་ཕྱིར། དེར་དེ་བོར་བ་ཡིན་ཏེ། དེ་ནས་དེའི་བར་དེ་ན་མཐར་གནས་སྙོམས་འཇུག་དང་པོ་བརྒྱད་ཡོད་པ་དེ་བོར་བའི་ཕྱིར། ཡང་འདོད་སེམས་ནས་སྲིད་རྩེ་ལ་ཞུགས་པ་དེ་གཅིག་བོར་བའི་མཚན་གཞིར་ཁས་བླངས་པ་དེ་ཡང་ནོར་བ་ཡིན་ཏེ། དེ་ནི་བདུན་བོར་བའི་མཚན་གཞི་ཡིན་པའི་ཕྱིར། དེ་བཞིན་དུ་ཐམས་ཅད་ལ་སྦྱར་ནས་མཐར་འདོད་པ་ནས་བསམ་གཏན་དང་པོ་ལ་ཞུགས་པ་དེ་བརྒྱད་བོར་བའི་མཚན་གཞིར་ཁས་ལེན་པ་ཡང་ནོར་བ་ཡིན་ཏེ། དེ་ནི་བོར་རྒྱུ་ཅི་ཡང་མེད་པའི་མཚན་གཞི་ཡིན་པའི་ཕྱིར། དེ་ལྟར་ན་གཞུང་རྩ་བའི་གཅིག་དང་གཉིས་གསུམ་ཞེས་སོགས་ཀྱི་གོ་རིམ་དེ་ནི། ཚིག་སྦྱར་བདེ་བའི་དབང་དུ་བྱས་པ་ཡིན་གྱི། ཐོད་རྒལ་ཆེ་འབྲིང་གཉིས་ཀྱི་འཇུག་པའི་གོ་རིམ་དེ་དང་བསྟུན་ན། བརྒྱད་དང་བདུན་དང་དྲུག་དང་ལྔ། །བཞི་གསུམ་གཉིས་དང་གཅིག་རྒལ་ནས། །དང་པོའི་བར་དུ་མི་འདྲར་འོངས། །ཞེས་པ་ཐོད་རྒལ་ཆེན་པོ་དང༌། །བདུན་དང་དྲུག་དང་ལྔ་དང་བཞི། །གསུམ་དང་གཉིས་དང་གཅིག་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པ་ཐོད་རྒལ་འབྲིང་པོ་ལ་སྦྱོར་བ་ཡིན་ནོ། །གསུམ་པ་གནས་ཀྱི་གྲངས་ལ། སེང་གེ་རྣམ་བསྒྱིངས་ལ་ནི་གནས་བཅུ་བདུན་ཡིན་པ་ཀུན་ཞལ་འཆམ་ལ། དེ་ཡང་རྫས་ཀྱི་སྒོ་ནས་དེ་ལྟར་ཡིན་ཀྱང༌། ལྡོག་པའི་སྒོ་ནས་ནི་བཅོ་བརྒྱད་དུ་ཡང་འགྱུར་ཏེ། སྲིད་རྩེ་ནས་འགོག་པ་ལ་ཞུགས་པའི་དུས་ཀྱི་འགོག་པ་དེ་དང༌། འགོག་པ་ནས་སྲིད་རྩེ་ལ་ཞུགས་པའི་དུས་ཀྱི་འགོག་པ་གཉིས་པོ་དེ་ལྡོག་པ་སོ་སོར་འབྱེད་དགོས་པའི་ཕྱིར། ཐོད་རྒལ་ཆུང་ངུའི་གནས་ལ་ནི་དགུ་པོ་དེ་ཉིད་ཡིན་པས་མཐའ་གཞན་དུ་དོགས་པ་མེད་ལ། འབྲིང་པོའི་གནས་ལ་བོད་སྔ་མ་རྣམས་མཐར་གནས་ཀྱི་སྙོམས་འཇུག་དགུ་དང༌། འགོག་པ་དགུ་སྤེལ་བས་བཅོ་བརྒྱད། འགོག་པ་གཉིས་ཀྱི་མཚམས་འཛིན་དུ་གྱུར་པའི་འདོད་སེམས་དེ་དང་ཉི་ཤུའོ། །ཞེས་ཟེར་བ་དང༌། བོད་ཕྱི་མ་ཕལ་ཆེ་བ་བརྒྱད་ལ་འགོག་པ་སྤེལ་བས་བཅུ་དྲུག སྲིད་རྩེའི་ནུད་ཆུང་དང་བཅུ་བདུན་ནོ་ཞེས་གསུངས་སོ། །ནུད་ཆུང་གི་དགོས་པ་ལ་སྔ་མ་ཁ་ཅིག་འགོག་པ་དང་འགོག་པ་སྤེལ་བའི་ཕྱིར་ཡིན་ཏེ། དེ་སྤེལ་བ་ལ་དེ་གཉིས་ཀྱི་བར་དུ་འདོད་སེམས་ཀྱིས་མཚམས་འཛིན་དགོས་ལ། འདོད་པའི་སེམས་དེ་མངོན་དུ་བྱེད་པ་ལ་སྲིད་རྩེར་ནུད་ཆུང་དགོས་པ་ཡིན་ཏེ། འགོག་པ་ནི་ཞི་བ་མཐར་ཐུག་ཡིན། འདོད་སེམས་ནི་མ་ཞི་བ་མཐར་ཐུག་ཡིན་པས། དེ་ནས་དེ་མངོན་དུ་བྱེད་མི་ནུས་པའི་ཕྱིར། འོ་ན་མར་འོང་གི་དུས་སུ་ཅི་ཞེ་ན། དེ་དུས་ཀྱི་འགོག་པ་དེ་ནི་འདོད་སེམས་ཀྱིས་ཐོབ་པ་ཡིན་པས། དེ་ཙམ་གྱིས་ཞི་བ་མ་ཡིན་ལ། ཅིག་ཤོས་ཀྱིས་ནི་སྔོན་སྲིད་རྩེའི་སེམས་ཀྱིས་ཐོབ་པའི་ཕྱིར། ཞེས་པ་དང༌། ཡང་ཁ་ཅིག་མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་པའི་ཕྱིར་ཡིན་ཞེས་གསུང་བ་དང༌། ཁ་ཅིག་མདོ་སོ་སོའི་དགོངས་པས་སྲིད་རྩེ་ལ་ནུད་ཆུང་བྱེད་མི་བྱེད་གཉིས་བྱུང་བ་ཡིན་གྱི། ནུད་ཆུང་ངེས་པར་དགོས་པ་ནི་མ་ཡིན་ཏེ། དགོས་ན་འབུམ་དང༌། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ལས་ཀྱང་བཤད་དགོས་པ་ལས། དེ་ལྟར་མ་བཤད་པའི་ཕྱིར་དང༌། ཞེས་སོགས་མི་མཐུན་པར་འཆད་པ་དུ་མ་སྣང་ངོ༌། །རིགས་པའི་དོན་ནི་འདི་ཡིན་ཏེ། ཐོད་རྒལ་འབྲིང་པོའི་གནས་ནི་བཅུ་དྲུག་སྟེ། སྤེལ་གཞི་བརྒྱད་དང་སྤེལ་ཆོས་བརྒྱད་ཀྱི་དབྱེ་བས་སོ། །སྲིད་རྩེ་ལ་ནུད་ཆུང་ཞེས་བྱ་བ་ནི་མི་འཐད་དེ། མདོ་ལས་མ་བཤད་ཅིང་རིགས་པས་མི་འཐད་པའི་ཕྱིར་རོ། །རིགས་པས་མི་འཐད་དེ། ཐོད་རྒལ་འབྲིང་པོའི་འགོག་པ་དང༌། ཆེན་པོའི་འགོག་པ་གཉིས་ཀྱི་བར་དུ་འདོད་སེམས་ཀྱིས་མཚམས་འཛིན་པར་མདོ་དང་བསྟན་བཅོས་གཉིས་ཀ་ལས་བཤད་ཀྱི། སྲིད་རྩེ་དང་འདོད་སེམས་གཉིས་ཀྱི་མཚམས་འཛིན་པར་མ་བཤད་པའི་ཕྱིར། འདིར་འགོག་པ་ནས་འདོད་སེམས་སུ་འོངས་མི་ནུས་ན། ཤིན་ཏུ་ཞི་བའི་འགོག་པ་ནས་བསམ་གཏན་གཉིས་པར་ཡང་འོང་མི་ནུས་པར་འགྱུར་ལ། དེ་ལྟ་ན་བསམ་གཏན་དང་པོ་གཉིས་ཀྱི་བར་དུ་འགོག་པ་སྤེལ་ནས་འཇུག་ནུས་པ་ཉམས་སོ། །འོ་ན་ཁྲི་བརྒྱད་སྟོང་པ་ལས་ནུད་ཆུང་བཤད་ཅིང༌། འཕགས་སེང་གཉིས་ཆར་གྱིས་དེ་ལས་ལངས་ནས། དེ་མ་ཐག་པའི་སྙོམས་པར་འཇུག་པ་ལ་དམིགས་ཏེ། ཞེས་བཤད་པ་དང་འགལ་ལོ་ཞེ་ན། གཞུང་དེ་ནི་ཐོད་རྒལ་འབྲིང་པོའི་གནས་ལོག་པ་བསྟན་པ་མ་ཡིན་ཏེ། དེས་ནི་འགོག་པ་ལས་ལྡང་བའི་ལྡང་སེམས་བསྟན་པའི་ཕྱིར། དེ་སྐད་དུ་ཡང་མཛོད་ལས། རང་གི་དག་དང་འོག་མ་ཡི། །འཕགས་པའི་སེམས་ཀྱིས་དེ་ལས་ལྡང༌། །ཞེས་ལྡང་སེམས་ལ་གཉིས་བཤད་པ་ཡིན་ཏེ། སྲིད་རྩེའི་དག་པ་བ་དང༌། ཅི་ཡང་མེད་ཀྱི་ཟག་མེད་དོ། །དོན་དེ་ལ་དགོངས་ནས་ཉི་སྣང་དུ་ནི། དེ་ལས་ལངས་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །ཞེས་སྲིད་རྩེའི་སེམས་ཀྱིས་ལྡང་སེམས་བྱེད་པ་དང༌། སློབ་དཔོན་གྱིས་ནི། དེ་ལས་ལངས་ནས་དེ་མ་ཐག་པའི་སྙོམས་པར་འཇུག་པ་ལ་དམིགས་ཏེ། ཞེས་སྲིད་རྩེ་དང་ཅི་ཡང་མེད་ཀྱི་ཟག་མེད་གང་ཡང་རུང་བ་ལ་བསམས་ནས་བཤད་ཀྱི། སྲིད་རྩེ་ཁོ་ན་ལ་བཤད་པ་མེད་དོ། །དེ་བས་ན་སྲིད་རྩེའི་ནུད་ཆུང་ནི་ཁྲི་བརྒྱད་སྟོང་པའི་དགོངས་པ་བླངས་པ་མ་ཡིན་ཏེ། འགོག་སྙོམས་ཀྱི་ལྡང་སེམས་བསྟན་པའི་གཞུང་ཡིན་པའི་ཕྱིར། ལྡང་སེམས་གནས་སུ་བགྲང་དགོས་ན་ཧ་ཅང་ཐལ་ཏེ། ཟག་མེད་ཀྱི་ལྡང་བའི་ཚེ་དེ་ཡང་གནས་སུ་ཐལ་བས་སོ། །འདི་ཡང་ལྡང་སེམས་ཡིན་པར་ནི་བདག་ཉིད་ཆེན་པོ་ལོ་ཙཱ་བ་ཡང་བཞེད་པས་བྱུང་རྒྱལ་དུ་སྨྲས་པ་མ་ཡིན་ནོ། །ལྡོག་པའི་སྒོ་ནས་གནས་སུམ་ཅུར་ཡང་འགྱུར་ཏེ། མཐར་གནས་ཀྱི་སྙོམས་འཇུག་བརྒྱད་ནས་འགོག་པ་བརྒྱད་ལ་འཇུག་པའི་ཚེ་བཅུ་དྲུག་ཡོད་པ་དེ་བཞིན་དུ། འགོག་པ་བདུན་ནས་མཐར་གནས་ཕྱི་མ་བདུན་ལ་འཇུག་པའི་ཚེ་ན་གནས་བཅུ་བཞིར་འགྱུར་བས་སོ། །ཐོད་རྒལ་ཆེན་པོའི་གནས་ལ་བཅོ་བརྒྱད་དུ་འཆད་པར་ཐམས་ཅད་ཞལ་འཆམ་ལ། རྫས་ཀྱི་སྒོ་ནས་དེ་ལྟར་ཡིན་ཡང་ལྡོག་པའི་སྒོ་ནས་ནི་སུམ་ཅུ་རྩ་དྲུག་དུ་ཡང་འགྱུར་ཏེ། སྙོམས་འཇུག་དགུ་ནས་འདོད་སེམས་དགུ་ལ་ལངས་པ་དེའི་ཚེ་གནས་བཅོ་བརྒྱད་ཡོད་པ་དེ་བཞིན་དུ། འདོད་སེམས་དགུ་ནས་སྙོམས་འཇུག་དགུ་ལ་ཞུགས་པ་དེའི་ཚེ་ན་ཡང་བཅོ་བརྒྱད་དུ་འགྱུར་བས་སོ། །དེ་ལྟར་བཤད་པ་ན་མཚམས་འཛིན་གྱི་འདོད་སེམས་འདི་ཡང་ཐོད་རྒལ་ཆེན་པོའི་གནས་སུ་བགྲང་དགོས་པ་ཡིན་ཏེ། འདོད་པ་ནས་འགོག་པ་ལ་ཞུགས་པ་འདི་མ་བགྲངས་ན་ལུགས་མཐུན་དུ་བརྒྱད་རྒལ་བའི་མཚན་གཞི་འཛིན་རྒྱུ་མེད་པའི་ཕྱིར་དང༌། འདོད་པ་ནས་བསམ་གཏན་དང་པོ་ལ་འཇུག་པ་ནི་ལུགས་མཐུན་དུ་ཆོས་གཞན་མ་སྤེལ་བའི་ཡར་སོང་ཡིན་གྱི། ལུགས་མི་མཐུན་དུ་བརྒྱད་རྒལ་བའི་མཚན་གཞིར་བཞག་ན་ཧ་ཅང་ཐལ་བའི་ཕྱིར། བསམ་གཏན་དང་པོའི་མཐའི་འདོད་སེམས་ནི་ཐོད་རྒལ་གྱི་གནས་སུ་བགྲང་བར་མི་རིགས་ཏེ། ཐོད་རྒལ་ལས་ལངས་ཟིན་པའི་རྗེས་ཀྱི་ཤེས་པ་ཡིན་པས་སོ། །དེ་ལྟར་ཐོད་རྒལ་ཆེ་འབྲིང་གཉིས་ཀ་ལ་རྒལ་བ་ཐམས་ཅད་ལ་ལུགས་མཐུན་དུ་རྒལ་བ་དང༌། ལུགས་མི་མཐུན་དུ་རྒལ་བ་གཉིས་གཉིས་ཁས་བླངས་པར་རིགས་སོ། །ཐོད་རྒལ་འདི་ལ་སྙོམས་པར་ཞུགས་པའི་དགོས་པ་ལ། བོད་སྔ་མ་རྣམས་སྙོམས་འཇུག་ལ་རྩལ་བྱང་བའི་ཕྱིར་ཡིན་ཞེས་གསུང་ཡང༌། སྒོམ་སྤངས་ཀྱི་ས་བོན་སྤོང་བའི་ཕྱིར་ཡིན་ནོ་ཞེས་བཤད་ན་ལེགས་པ་ཡིན་ཏེ། སྒོམ་ལམ་རྩེ་སྦྱོར་གྱི་མཚན་གཞི་སྦྱོར་འཇུག་གཉིས་པོ་ངོས་འཛིན་པའི་སྐབས་ཡིན་པའི་ཕྱིར་དང༌། སྙོམས་འཇུག་ལ་རྩལ་བྱང་བའི་ཕྱིར་ཡིན་པ་ནི། རྗེས་ཐོབ་ཀྱི་སྙོམས་འཇུག་དག་པ་པའི་དབང་དུ་བྱས་པ་ལ་འབྱོར་བའི་ཕྱིར་རོ། །སྐབས་འདིའི་འགོག་སྙོམས་དབུ་མ་དང་མཐུན་པར་འཇོག་ན། དབུ་མ་ལུགས་ཀྱི་འགོག་སྙོམས་ས་དང་པོ་ནས་ཐོབ་པར་ཁས་ལེན་དགོས་ལ། འདིའི་སྐབས་ཀྱི་འགོག་སྙོམས་ས་དྲུག་པ་མ་ཐོབ་ཀྱི་བར་དུ་མི་ཐོབ་པར་འདོད་པ་དག་གིས་ནི། འདིའི་སྙོམས་འཇུག་དབུ་མ་ལ་འཇུག་པ་ནས་གསུངས་པ་དང་བསྟུན་པ་ཡིན་མོད། དེ་ལྟ་ན་སྒོམ་ལམ་རྩེ་སྦྱོར་གྱིས་མཚམས་ཡང་དེ་ནས་འཛིན་དགོས་པར་འགྱུར་རོ། །འོན་ཀྱང་སྔར་བཤད་པ་ལྟར་སྙོམས་འཇུག་དགུའི་ཟླས་ཕྱེ་བའི་འགོག་སྙོམས་ནི། འཕགས་པ་ཐོགས་མེད་ཀྱིས་བཤད་པ་ལ་འཆད་པ་ནི་ཉི་སྣང་གི་དགོངས་པར་གསལ་བས། དེའི་ཚེ་ན་སྙོམས་འཇུག་རང་གི་ངོ་བོ་ཡེ་ཤེས་མ་ཡིན་ཀྱང༌། དེ་ལ་སྙོམས་པར་ཞུགས་པས་སྒོམ་སྤངས་ཀྱི་ས་བོན་སྤོང་ནུས་པའི་ཤེས་བྱེད་ནི། དེའི་སྐབས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྙོམས་འཇུག་སྔ་མ་བརྒྱད་ལས་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཞིག་རྒྱུན་མ་ཆད་པར་ཡོད་པའི་རྒྱུ་མཚན་གྱིས་སོ། །འདིར་སྨྲས་པ། སླ་སླའི་དོན་རྣམས་གསལ་གསལ་ངག་གིས་ནི། །རྒྱས་རྒྱས་བཤད་ནས་ངར་ངར་མང་པོ་ཡི། །མཁས་མཁས་ཕ་མཐའ་ཆོད་ཆོད་འདྲ་ན་ཡང༌། །དཀའ་དཀའི་དོན་རྣམས་ལུས་ལུས་འདྲ་མཐོང་ནས། །རྣམ་དཔྱོད་བརྩོན་པས་ལན་མང་དཔྱད་བྱས་ནས། །ལུང་དང་རིགས་པའི་གཏམ་གྱི་སྦྱོར་བ་ཡིས། །རང་དང་གཞན་གྱི་བློ་གྲོས་སྤེལ་བྱའི་ཕྱིར། །གཞན་ལ་མེད་པའི་རྣམ་བཤད་འདི་བྱས་སོ། །དེ་ལྟར་སྒོམ་ལམ་རྩེ་སྦྱོར་དགུ་ཚན་གཉིས་ཀྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་ས་མཚམས་ནི། ས་བཅུ་པའི་གནས་སྐབས་ཡིན་ཀྱང༌། རྒྱུན་གྱི་ཐ་མར་མ་སླེབ་ཅིང༌། གནས་ངན་ལེན་གྱི་དྲི་མ་སྤོང་བ་ལ་མ་ཞུགས་པའི་གནས་སྐབས་དེ་ན་ཡོད་པ་ཡིན་ཏེ། སྒོམ་ལམ་བར་ཆད་མེད་ལམ་ལ་དགུར་ཕྱེ་བ་དེའི་ནང་ན་བར་ཆད་མེད་པའི་རྩེ་སྦྱོར་མེད་པའི་ཕྱིར་དང༌། དེའི་ནང་དུ་དེ་གཏོགས་ན་བསྒོམ་ལམ་རྩེ་སྦྱོར་ལས་ལོགས་སུ་བར་ཆད་མེད་རྩེ་བཤད་པ་ལ་དགོངས་པ་མེད་པའི་ཕྱིར་དང༌། ཇི་སྐད་དུ། བསྒོམ་པའི་ལམ་གྱི་རྗེས་ལ་བར་ཆད་མེད་པའི་ལམ་ཡིན་པས་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བསྒོམ་རྩེ་རྫོགས་པའི་རྗེས་ལ་བར་ཆད་མེད་རྩེ་འབྱུང་བར་བཤད་པའི་ཕྱིར། དེ་ལྟར་བཤད་པ་ན། གང་དག་སྒོམ་སྤངས་རྟོག་པའི་ས་བོན་ཟད་པར་སྤངས་པ་དང༌། ཤེས་སྒྲིབ་ཟད་པར་སྤངས་པ་དུས་མཉམ་དུ་འདོད་པ་ཡང་མི་འཐད་པར་གྲུབ་སྟེ། ཇི་སྐད་དུ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་དང༌། འགྲེལ་པར། རྣམ་པར་རྟོག་པའི་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་འདི་རྣམས་ཡང་དག་པར་ཟད་ནས། ཞེས་བར་ཆད་མེད་རྩེའི་སྔ་ལོགས་སུ་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང༌། བརྟེན་པ་ཡོན་ཏན་མངོན་དུ་བྱེད་ནུས་པ་དང༌། དེ་ནས་བར་ཆད་མེད་རྩེ་ལ་འཇུག་པའི་ཚུལ་རྣམས་གཞུང་འགྲེལ་ལས་གསལ་བའི་ཕྱིར། ཞར་ལ་བརྟེན་པ་ཡོན་ཏན་གྱི་ངོ་བོ་ནི་སངས་རྒྱས་ཀྱི་སས་བསྡུས་ལ། དེ་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཆེན་པོ་བཞི་གེགས་མེད་པར་འབབ་པ་བཞིན་དུ། རྟོག་པ་བརྒྱ་རྩ་བརྒྱད་སྤངས་ཟིན་པའི་བྱང་ཆུབ་སེམས་དཔའ་ལ་མངོན་དུ་འོང་བའི་རྣམ་པས་བརྟེན་པ་ལ་བརྟེན་པ་ཡོན་ཏན་ཞེས་བྱའོ། །གསུམ་པ་བར་ཆད་མེད་པའི་རྩེ་སྦྱོར་ལ། དངོས་དང༌། བསལ་བྱ་ལོག་བསྒྲུབ་ངོས་བཟུང་བའོ། །དང་པོ་ནི། སྒྲིབ་པ་གཉིས་པོའི་བག་ཆགས་དྲུངས་འབྱིན་པར་ནུས་པའི་སེམས་དཔའི་རྣལ་འབྱོར་རོ། །ས་མཚམས་ནི་རྒྱུན་གྱི་ཐ་མ་ཁོ་ན་ཡོད་ཅིང༌། འདི་དང་སྐད་ཅིག་མའི་སྦྱོར་བ་གཉིས་ས་མཚམས་གཅིག་ཀྱང་བསྟན་ཚུལ་དང་ལྡོག་ཆ་མི་འདྲ་སྟེ། འདི་བར་ཆད་མེད་ལམ་དང་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་ཆ་ནས་བསྟན་ལ། ཅིག་ཤོས་ནི་ཁྱད་པར་གྱི་ལམ་དང་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་ཆ་ནས་བསྟན་པའི་ཕྱིར། གནས་སྐབས་དེ་ན་ཁྱད་པར་གྱི་ལམ་ཇི་ལྟར་ཡོད་ཅེ་ན། འདི་གནས་ངན་ལེན་གྱི་དྲི་མ་སྤོང་བ་ལ་ལྟོས་པའི་བར་ཆད་མེད་པའི་ལམ་ཡིན་ཀྱང༌། རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་ལ་ལྟོས་པའི་ཁྱད་པར་གྱི་ལམ་དུ་མི་འགལ་ལོ། །བར་ཆད་མེད་རྩེ་འཆད་པ་ན། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་དེ་དེའི་དེ་མ་ཐག་རྐྱེན་དུ་བཤད་པ་ལས་འཕྲོས་ནས། དེའི་དམིགས་པའི་རྐྱེན་དང༌། བདག་པོའི་རྐྱེན་གང་ཡིན་ཞེ་ན། འདིའི་དམིགས་པ་དངོས་མེད་དེ། །དྲན་པ་བདག་པོའི་རྐྱེན་དང་ནི། །རྣམ་པ་ཞི་ཉིད། ཅེས་སོ། །འདིར་དམིགས་རྐྱེན་དངོས་མེད་དུ་བཤད་པ་ནི། དངོས་པོ་བཀག་ཙམ་གྱི་མེད་དགག་ལ་ཟེར་བ་མ་ཡིན་གྱི། བདེན་པའི་དངོས་པོ་བཀག་པའི་ཁྱད་པར་དུ་བྱས་པའི་སྣང་བ་སྒྱུ་མ་ལྟ་བུ་ལ་འཆད་པ་ནི་འཕགས་སེང་གི་དགོངས་པའོ། །དམིགས་པ་དེ་ལ་དམིགས་ནས་སྤྲོས་བྲལ་གྱི་རྣམ་པ་ཅན་ནོ། །ཞེས་པ་ནི། རྣམ་པ་ཞི་ཉིད་ཅེས་པའོ། །གཞུང་འདིས་རྣམ་མཁྱེན་གྱི་རྐྱེན་གསུམ་འཆད་པ་ནི། ཉི་སྣང་གི་དངོས་བསྟན་ལ་གསལ་ལ། སློབ་དཔོན་གྱིས་བར་ཆད་མེད་རྩེའི་རྐྱེན་གསུམ་ལ་སྦྱར་ཡང་མི་འགལ་ཏེ། དེ་གཉིས་དམིགས་རྣམ་རྗེས་སུ་མཐུན་པས་སོ། །འདི་དེ་དག་གི་དམིགས་རྣམ་འཆད་པའི་རྒྱུ་མཚན་ལ། ཨར་གྱིས་སེམས་སེམས་བྱུང་རྣམས་ནི་རྐྱེན་བཞི་ལས་སྐྱེ་དགོས་པའི་ཕྱིར་ཞེས་གསུངས་ཡང༌། ལེགས་པ་མ་ཡིན་ཏེ། དེ་དག་སེམས་སེམས་བྱུང་དུ་འཇོག་པར་དཀའ་བའི་ཕྱིར་དང༌། དེ་དེ་ཡིན་དུ་ཆུག་ཀྱང༌། རིགས་པ་ཐམས་ཅད་རྐྱེན་བཞི་ལས་སྐྱེ་དགོས་པ་མ་ཡིན་པའི་ཕྱིར་རོ། །མདོར་ན་བར་ཆད་མེད་པའི་རྩེ་སྦྱོར་གྱིས་མཐུན་རྐྱེན་དམིགས་པ་དང༌། བདག་པོའི་རྐྱེན་གཉིས་དང་མ་བྲལ་བར་བྱས་ཤིང༌། འགལ་རྐྱེན་ལོག་རྟོག་བཅུ་དྲུག་གསལ་ན། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ༌། །ཞེས་སྟོན་པ་ཡིན་ནོ། །གཉིས་པ་ལོག་བསྒྲུབ་ལ་གཉིས་ཏེ། བསལ་བྱ་རྣམ་རྟོག་དང༌། སེལ་བྱེད་ཀྱི་ལན་ནོ། །དང་པོ་ནི། འབྲས་བུ་རྣམ་མཁྱེན་དེའི་རྒྱུ་བར་ཆད་མེད་རྩེ་གང་རུང་ཡུལ་དུ་བྱས་ནས་དེ་གཉིས་འགལ་བར་འཛིན་པའི་བློའོ། །འདིར་གཞུང་ལས་ཐེ་ཚོམ་དུ་བཤད་ཀྱང་ལྐོག་གྱུར་གྱི་དོན་ལ་འཇུག་པའི་ལོག་རྟོག་ཀྱང་ཐེ་ཚོམ་དུ་འདུས་ལ། ལོག་རྟོག་དེས་ཀུན་ནས་བླངས་པའི་བརྩོད་ངག་ཀྱང་བརྗོད་བྱེད་ཀྱི་སྒྲ་ལ་འཇོག་པ་ནི་མི་འཐད་པས། དེ་ཡང་རྟོག་པར་ཁས་ལེན་དགོས་པ་ཡིན་ཏེ། བཀའ་དང་བསྟན་བཅོས་ཀྱི་ངོས་འཛིན་རྣམ་རིག་ལ་འཆད་པར་གོང་དུ་བཤད་ཟིན་པ་དང་མཚུངས་སོ། །དབྱེ་ན་བཅུ་དྲུག་གོ །འབྱེད་པའི་རྒྱུ་མཚན་མདོ་ལས་དམིགས་པ་འཐད་པ་སོགས་ཡུལ་བཅུ་དྲུག་གསུངས་པའི་རྒྱུ་མཚན་གྱིས་སོ། །ཚུལ་ཇི་ལྟར་དུ་ལོག་པར་རྟོག་ཅེ་ན། ཆོས་ཐམས་ཅད་དངོས་པོ་མེད་པར་བཤད་པ་དང༌། རྣམ་མཁྱེན་གྱི་དམིགས་པ་འཐད་པར་བཤད་པ་གཉིས་འགལ་སྙོམ་དུ་འཛིན་པའོ། །གཉིས་པ་སེལ་བྱེད་ཀྱི་ལན་ནི། དངོས་པོ་མེད་པ་དོན་དམ་གྱི་དབང་དུ་བྱས་ལ། དམིགས་པ་འཐད་པ་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་པར་ཤེས་པ་ནི་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ཡིན་ལ། དེས་ཀླན་ཀ་དེ་སེལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམ་བཞིན་དུ་དོན་དམ་པ་དང༌། ཀུན་རྫོབ་ཀྱི་སྒོ་ནས་ལན་བཏབ་དགོས་པས། ཞེས་སོགས་གསུངས་སོ། །དེ་ཡང་རྒྱས་པར་བཤད་ན། ཀླན་ཀ་ལ་རིགས་བཞི་ཡོད་དེ། ཀུན་རྫོབ་རྟགས་སུ་བཀོད་ནས་ཀུན་རྫོབ་དང་དོན་དམ་སུན་འབྱིན་པ་དང༌། དོན་དམ་རྟགས་སུ་བཀོད་ནས་གཉིས་པོ་སུན་འབྱིན་པའོ། །དེ་ཡང་ཀུན་རྫོབ་རྟགས་སུ་བཀོད་པ་ཐམས་ཅད་ལ་ཀུན་རྫོབ་སྒོ་ཅན་དང༌། དོན་དམ་རྟགས་སུ་བཀོད་པ་ལ་དོན་དམ་སྒོ་ཅན་ཞེས་བྱའོ། །ཀླན་ཀ་བཞི་ཀ་ཡང་གཞུང་ཉིད་དུ་འབྱུང་བ་མ་ཡིན་ཏེ། དཔེར་ན་ཀུན་རྫོབ་དུ་ལམ་གསུམ་བསྒོམ་པ་དགོས་པ་མེད་པར་ཐལ། ཀུན་རྫོབ་དུ་ལམ་གཉིས་ཀྱི་འབྲས་བུ་དམན་པའི་མྱང་འདས་མངོན་དུ་མི་བྱས་པའི་ཕྱིར། ཞེས་པ་ལྟ་བུ་དང༌། དོན་དམ་དུ་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་མི་འཐད་པར་ཐལ། དོན་དམ་དུ་ཡུལ་གཉིས་མེད་པའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་པ་ནི། འགྲེལ་པར། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་སྒོ་ནས་ལན་བཏབ་དགོས་ཞེས་པ་ནི། དེ་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པའི་ཀླན་ཀ་ལ་དགོངས་པ་ཡིན་གྱི། ཀུན་རྫོབ་ཀྱི་དེ་ཉིད་སུན་འབྱིན་པ་ལ་ནི་དེ་ཉིད་ཀྱི་སྒོ་ནས་ལན་གདབ་དགོས་སོ། །ཞེས་བྱ་བ་འདིས་ནི་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ། ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས། རྩེ་མོའི་མངོན་པར་རྟོགས་པ་བཤད་པ་སྟེ་སྐབས་ལྔ་པའི་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ།། །།སྤོང་གཉེན་དཔག་བསམ་ནམ་མཁའི་རྩེར་སོན་ཀྱང༌། །ཕ་རོལ་ཕྱིན་དྲུག་འདབ་སྟོང་མ་རྒྱས་ན། །སྲིད་དང་ཞི་བའི་གདུང་བ་སུ་ཡིས་སེལ། །དེ་ཕྱིར་དེ་སྟོན་མཛད་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། དྲུག་པ་མཐར་གྱིས་པའི་ལེའུ་འཆད་པ་ལ་གཉིས་ཏེ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། གཞུང་གི་དཀའ་བའི་གནས་མདོ་ཙམ་བཤད་པའོ། །དང་པོ་ནི། བསལ་བྱ་ལོག་བསྒྲུབ་བཅུ་དྲུག་པའི་མདོར། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་ནས་འཚང་རྒྱ་བར་གསུངས་པ་ལས་འཕྲོས་ཏེ། རབ་འབྱོར་གྱིས་གསོལ་པ། དེ་ལྟར་བྱང་སེམས་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བསམ་གཏན་བཞི་དང༌། མངོན་པར་ཤེས་པ་ལྔས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན། བཅོམ་ལྡན་འདས་ཇི་ལྟར་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་མཐར་གྱིས་པའི་སྤྱོད་པ་དང༌། མཐར་གྱིས་པའི་སློབ་པ་དང༌། མཐར་གྱིས་པའི་ནན་ཏན་དུ་བགྱི་བ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་དེ་དག་མཆིས་སམ། ཞེས་པའི་ལན་དུ། མཐར་གྱིས་པའི་སྦྱོར་བ་བཅུ་གསུམ་གསུངས་སོ། །ཇི་ལྟར་ཞེ་ན། འདི་ལ་གསུམ་སྟེ། ལམ་གྱི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། ལམ་གྱི་ཁྱད་པར་བྱེད་ཆོས་རྗེས་དྲན་དྲུག་དང༌། ལམ་རྣམ་པར་དག་བྱེད་དངོས་མེད་ངོ་བོ་ཉིད་ཀྱི་སྦྱོར་བའོ། །དང་པོ་ནི། བཀའ་སྩལ་པ། བྱང་སེམས་ཆེན་པོ་སྦྱིན་པས་མཐར་གྱིས་པའི་བྱ་བ་རབ་ཏུ་འདོགས། མཐར་གྱིས་པའི་བསླབ་པ་དང༌། མཐར་གྱིས་པའི་བསྒྲུབ་པ་རབ་ཏུ་འདོགས་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ། །ཞེས་པ་ནས། ཕར་ཕྱིན་གཞན་ལྔ་ལ་ཡང་དེ་ལྟར་དུ་སྦྱར་ནས་གསུངས་སོ། །འདིས་ལམ་གྱི་ངོ་བོ་བསྟན་པ་ཡིན་ཏེ། ཕྱིན་དྲུག་རྫོགས་པས་ས་བཅུ་རྫོགས་པར་བྱེད་ནུས་པ་ཡིན་པའི་ཕྱིར་ཏེ། ཕར་ཕྱིན་ཕྱི་མ་བཞི་ཤེར་ཕྱིན་གྱི་ནང་དུ་འདུས་པའི་ཕྱིར། ཞེས་པ་ནི་སློབ་དཔོན་གྱི་དགོངས་པའོ། །གཉིས་པ་ནི། རབ་འབྱོར་འདི་ལ་བྱང་སེམས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཡིད་ལ་མི་བྱེད་ཞེས་པ་ནས། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་དང༌། རབ་འབྱོར་གཞན་ཡང་སངས་རྒྱས་རྗེས་སུ་དྲན་པ་ནི། དེ་བཞིན་གཤེགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡིད་ལ་མི་བྱེད། དཔེ་བྱད་བཟང་པོ་བརྒྱད་བཅུ་ཡིད་ལ་མི་བྱེད། ཞེས་སོགས་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་ཡིད་ལ་མི་བྱེད། ཞེས་སོགས་དང༌། སྟོབས་སོགས་སུ་ཡིད་ལ་མི་བྱེད། ཞེས་སོགས་དང༌། རྟེན་འབྲེལ་དུ་ཡིད་ལ་མི་བྱེད། ཞེས་སོགས་ལྔས་སངས་རྒྱས་རྗེས་དྲན་གསུངས་ལ། དང་པོ་ཚོགས་ལམ་དང༌། ལྷག་མ་བཞི་སྦྱོར་ལམ་བཞི་ལ་སྦྱོར་བ་ཉི་སྣང་ལས་གསུངས་ཤིང༌། དེར་མ་ཟད་བྱང་སེམས་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པ་ནི། དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་བྱང་ཕྱོགས་སོ་བདུན་གྱིས་མཐོང་ལམ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར། ཡེ་ཤེས་ཀྱི་བར་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་པས་ནི་སྒོམ་པའི་ལམ་བསྟན་ནོ། །མདོར་ན་སློབ་པའི་ལམ་བཞི་པོ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་དུ་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བའི་དོན་ཏོ། །ཡང་བཀའ་སྩལ་པ། རབ་འབྱོར། བྱང་སེམས་ཆེན་པོ་ཆོས་རྗེས་སུ་དྲན་པ་བསྒོམ་པ་ན། དགེ་བའི་ཆོས་ཡིད་ལ་མི་བྱེད། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་ལས་འདས་མ་འདས་དང༌། ཟང་ཟིང་དང་བཅས་མ་བཅས་དང༌། འཕགས་པ་ཡིན་མིན་དང༌། ཟག་པ་དང་བཅས་མ་བཅས་དང༌། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡིད་ལ་མི་བྱེད། ཞེས་པས་ནི་ཆོས་རྗེས་སུ་དྲན་པ་བསྟན་ལ། ཡང་རབ་འབྱོར། བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་འདུན་རྗེས་སུ་དྲན་པ་བསྒོམ་པ་ན། སྐྱེས་བུ་ཟུང་བཞི་དང༌། གང་ཟག་ཡ་བརྒྱད་པོ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །ཞེས་སོགས་ཀྱིས་དགེ་འདུན་རྗེས་སུ་དྲན་པ་གསུངས་སོ། །ཡང་བཀའ་སྩལ་པ། བྱང་སེམས་ཆེན་པོ་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པ་ན། ཚུལ་ཁྲིམས་མ་ཉམས་པ། མ་འདྲེས་པ། སྐྱོན་མེད་པ། ནག་ནོག་མེད་པ། མཆོག་ཏུ་འཛིན་པ་མེད་པ། ཤིན་ཏུ་རྫོགས་པ་ཞེས་སོགས་ཀྱིས་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། རབ་འབྱོར། བྱང་སེམས་ཆེན་པོ་གཏོང་བ་རྗེས་སུ་དྲན་པ་བསྒོམ་པ་ན། ཟང་ཟིང་གཏོང་བ་དང༌། ཆོས་གཏོང་བ་ཡིད་ལ་མི་བྱེད་དོ། །ཞེས་སོགས་ཀྱིས་ནི་གཏོང་བ་རྗེས་སུ་དྲན་པ་དང༌། བྱང་སེམས་ཆེན་པོ་ལྷ་རྗེས་སུ་དྲན་པ་བསྒོམ་པ་ན། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷར་སྐྱེས་པའི་རྒྱུན་ཞུགས་དང༌། ཁམས་གོང་མ་གོང་མ་གཉིས་སུ་སྐྱེས་པའི་ཕྱིར་མི་འོང་དེ་དག དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། །ཞེས་སོགས་ཀྱིས་ནི་ལྷ་རྗེས་སུ་དྲན་པ་བསྟན་ནོ། །གསུམ་པ་ནི། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པ་ན། མཐར་གྱིས་པའི་བྱ་བ་དང༌། བསླབ་པ་དང༌། སྒྲུབ་པ་ཡོངས་སུ་རྫོགས་པར་འདོད་པས། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཞེས་པ་ནས། སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །ཞེས་པའི་བར་གྱིས་ནི་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པ་གསུངས་སོ། །གཉིས་པ་ནི། མདོ་བཅུ་གསུམ་པོ་དེ་ཐམས་ཅད་ཀྱི་སྐབས་སུ་མཐར་གྱིས་བྱ་བ་དང༌། བསླབ་པ་དང༌། སྒྲུབ་པ་ཞེས་བྱ་བ་གསུམ་གསུངས་ལ། གསུམ་པོའི་ངོས་འཛིན་ཉི་སྣང་ལས། དང་པོ་ཚོགས་ལམ་དང༌། གཉིས་པ་སྦྱོར་ལམ་དང༌། གསུམ་པ་མཐོང་ལམ་དང༌། སྒོམ་ལམ་ལ་བཞག་ཅིང༌། སློབ་དཔོན་གྱིས་ནི་མཐར་གྱིས་པའི་སྦྱོར་བ་ནི། རྩེ་མོའི་སྦྱོར་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཚོགས་ལམ་དུ་མི་འཇོག་པས། མཐར་གྱིས་བྱ་བ་སོགས་གསུམ་པོ་སྦྱོར་མཐོང་བསྒོམ་གསུམ་ལ་སྦྱོར་བར་བཞེད་དོ། །ཕྱི་མ་བཞི་ཤེར་ཕྱིན་དུ་འདུས་པའི་ཚུལ་ལ། དབུས་མཐའ་ལས་ནི། མི་ཟད་པ་དང་རྟག་འཇུག་དང༌། །ངེས་དང་ལོངས་སྤྱོད་སྨིན་པར་བྱེད། །ཞེས་གསུངས་ལ། འགྲེལ་ཆེན་ལས་ནི། རྫས་སུ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཞི་ནི་ཤེར་གྱི་དབྱེ་བས་མིང་བཅུར་འགྱུར་རོ། །འདི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རིམ་གྱིས་སྒྲིབ་པ་མཐའ་དག་སྤོང་བར་བྱེད་པ་ནི་ཤེར་ཕྱིན་ཡིན་ལ། འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་པ་ནི། ཐབས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ཞེས་བཤད། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི་རྗེས་སུ་ཡི་རང་བ་ལ་སོགས་པས། སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་ཡིན་ནོ། །དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་ནི་སྨོན་ལམ་ཡིན་ནོ། །མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་གནོན་པ་ནི་སྟོབས་ཡིན་ནོ། །ཐམས་ཅད་དུ་རྣམ་པ་ལ་མཁས་པ་ནི་ཡེ་ཤེས་ཡིན་ནོ། །ཞེས་བཤད། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་སྐབས་སུ་ལམ་གསུམ་མམ་བཞི་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་དུ་དྲན་པ་ལ་སངས་རྒྱས་རྗེས་དྲན་ཡིན་པར་འགྲེལ་པ་གཉིས་ཀྱི་དངོས་བསྟན་ལ་མཐུན་པར་བཤད་ལ། དེའི་དགོངས་པ་ལ། ཆོས་ཀྱི་བཤེས་གཉེན་ནི། རྒྱུ་ལམ་གསུམ་དྲན་པས་འབྲས་བུ་སངས་རྒྱས་དཀོན་མཆོག་དྲན་པ་ཡིན་ཞེས་བཞེད་ལ། ལོ་ཙཱ་བ་ཆེན་པོ་ནི། ཚོགས་ལམ་དུ་སངས་རྒྱས་དྲན་ཚུལ་དང༌། སྦྱོར་ལམ་བཞི་དང༌། མཐོང་ལམ་དུ་དང༌། སྒོམ་ལམ་དུ་སངས་རྒྱས་དྲན་པའི་ཚུལ་དུ་དེའི་མདོ་བདུན་པོ་སྦྱོར་བར་མཛད་དོ། །འོ་ན་དོན་དམ་པར་དྲན་པ་མེད་ཚུལ་མདོ་དང་འགྲེལ་པར་གསལ་བ་དེ་ལྟ་མོད་ཀྱི། ཀུན་རྫོབ་དུ་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་ཚུལ་ཇི་ལྟ་བུ་ཞེ་ན། ཆོས་ཤེས་ཀྱི་བཞེད་པ་ནི། བཤད་མ་ཐག་པ་དེ་ཡིན་ལ། བོད་ཀྱི་སློབ་དཔོན་རྣམས་ནི་རིགས་པ་དང་ཞབས་སུ་ལྡན་པ་ཞེས་སོགས་ཀྱི་སྒོ་ནས་དྲན་པར་བཞེད་དོ། །དེ་ཡང་བརྟགས་ན་གཟུགས་སྐུའི་དྲན་ཚུལ་ཡིན་ལ། ཆོས་སྐུའི་དྲན་ཚུལ་ནི་རྒྱུད་བླ་མ་ལས་བཤད་པ་བཞིན་ནོ། །དགེ་སོགས་གསུམ་དོན་དམ་པར་དྲན་པ་མེད་པ་ཆོས་རྗེས་དྲན་གྱི་དོན་དུ་ཇི་ལྟར་འགྱུར་ཞེ་ན། བོད་ཀྱི་སློབ་དཔོན་དག་འདི་དག་ཆོས་དཀོན་མཆོག་མ་ཡིན་ཀྱང༌། རང་གི་མཚན་ཉིད་འཛིན་པས་ཆོས་ཙམ་ཡིན་ལ། དེ་དྲན་པ་ན་དེའི་ནང་དུ་འདུས་པའོ་ཞེས་གསུངས། ཆོས་ཤེས་ནི་དགེ་བ་བླང་བྱར་དྲན་པ་ན་དེར་འགྱུར་བ་ཡིན་ཞེས་བཞེད་མོད། རང་གི་བློས་བརྟགས་པ་ནི། དེ་གསུམ་དོན་དམ་དུ་དྲན་པ་མེད་པ་ནི་ཐ་སྙད་དུ་ཆོས་ཉིད་རྗེས་སུ་དྲན་པ་ཡིན་ལ། དེ་ཆོས་དཀོན་མཆོག་དུ་འཇོག་པས་སོ། །གཏོང་བ་གསུམ་རྗེས་སུ་དྲན་པའི་སྐབས་སུ། གཉིས་ལ་དཀའ་བའི་གནས་མེད་ལ། ལྷ་རྗེས་སུ་དྲན་པའི་སྐབས་སུ། འདི་དང་དགེ་འདུན་རྗེས་སུ་དྲན་པ་ཟློས་སོ་སྙམ་ན། ལྷར་སྐྱེ་བ་བཟུང་བའི་འཕགས་པ་འདི་རྣམས་དགེ་འདུན་དཀོན་མཆོག་དངོས་ཡིན་ཀྱང༌། སྔ་མ་དང་ཡིད་ལ་དྲན་ཚུལ་མི་འདྲ་སྟེ། སྔ་མ་སྐྱབས་གནས་སུ་དང༌། འདི་ལམ་ཉམས་སུ་ལེན་པའི་དཔང་པོར་དྲན་པ་ཡིན་པས་མི་ཟློས་སོ་ཞེས་སློབ་དཔོན་རྣམས་འཆད་དོ། །མཐར་གྱིས་སྦྱོར་བའི་གནས་སྐབས་སུ་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་བསྒོམ་བྱ་ཡིན་པར་འཆད་པ་ལ་འཕགས་སེང་གཉིས་ཀ་མཐུན་ཀྱང༌། ངོས་འཛིན་ཚུལ་དང་དེ་བསྒོམ་པའི་དགོས་པ་འཆད་ཚུལ་མི་འདྲ་སྟེ། སློབ་དཔོན་ནི་སྐྱེ་མེད་གསུམ་གྱི་རྟོགས་པ་བརྟན་པོར་བྱ་བའི་ཕྱིར་དུ་ཡིན་པར་བཞེད་ལ། འཕགས་པ་ནི། ཕར་ཕྱིན་དྲུག་དང༌། རྗེས་དྲན་དྲུག་དང༌། དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པས་ཏེ། ཆོས་བཅུ་གསུམ་པོ་མངོན་དུ་བྱེད་པའི་ཕྱིར་དུ་བསྒོམ་པར་བཞེད་དོ། །དེའི་ངོས་འཛིན་ཡང༌། སློབ་དཔོན་ནི་སྐྱེ་མེད་གསུམ་ལ་གོམས་པར་བྱེད་པར་ལྡོག་ཆ་ནས་འཛིན་ལ། འཕགས་པས་ནི་བཅུ་གསུམ་པོ་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་ཆ་ནས་འཛིན་པར་བཞེད་དོ། །ཞེས་བྱ་བ་འདིས་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ།། །།མཐར་གྱིས་སྦྱོར་བའི་བློ་གྲོས་རབ་གོམས་པས། །སྐད་ཅིག་ཅིག་བློས་ཟག་མེད་ཆོས་རྣམས་ཀུན། །དེ་མ་ཐག་ཏུ་རྫོགས་པར་བྱང་ཆུབ་པ། །དེ་ལ་ཕྱག་འཚལ་དེའི་རྣམ་གཞག་བཤད། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། ལེའུ་བདུན་པ་བསླབ་པ་ཡོངས་སུ་རྫོགས་པའི་ལེའུར་འཆད་པ་ལ། མདོ་ལས་གསུངས་པའི་ཚུལ་དང༌། གཞུང་སོ་སོའི་དཀའ་བའི་གནས་བཤད་པའོ། །དང་པོ་ནི། མཐར་གྱིས་སྦྱོར་བ་བཅུ་གསུམ་པར་ཕྱིན་དྲུག་མི་དམིགས་པར་བསྒོམ་པའི་ཚུལ་གསུངས་པ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་བྱང་ཆེན་སྦྱིན་པ་ཡོངས་སུ་གཏོང་བ་དེ་ཡུམ་གྱིས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཞེས་པ་ནས་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ་ནི། ཡུམ་གྱིས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རབ་འབྱོར་བྱང་ཆེན་ཡུམ་ལ་དེ་ལྟར་སྤྱོད་པ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་ཀྱིས་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་དང༌། བཀའ་སྩལ་པ། འདི་ལྟ་སྟེ་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིགས་ཀྱི་ལོངས་སྤྱོད་དང༌། སྐྱིད་པ་དང༌། སངས་རྒྱས་ཀྱི་ཞིང་གཞན་རྩོལ་བ་དང་བྲལ་བ་དག་ན། ལོངས་སྤྱོད་སྐྱིད་པ་གང་ཇི་སྙེད་ཅིག་ཡོད་པ་དག་དེར་བྱུང་སྟེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་སྟེ། ཞེས་སོགས་ཀྱིས་ནི་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་དེ་གསུངས། རབ་འབྱོར་འདི་ལ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་སོགས་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང༌། སྦྱིན་པ་ཡོངས་སུ་གཏོང་ངོ༌། །ཞེས་སོགས་ཀྱིས་ནི་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་དང༌། རབ་འབྱོར་གཞན་ཡང་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །སྒྲ་བརྙན་དང༌། མིག་ཡོར་ལ་སོགས་པ་ལྟ་བུར་ཡོངས་སུ་ཤེས་སོ། །ཞེས་པ་ནས་ཡུམ་འདི་ལ་གནས་པ་ནས། ཡུམ་འདི་ལ་གནས་ཤིང་ས་གཉིས་པ་ནས་བཅུ་པའི་བར་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་འདོད་ཆགས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར། དེས་ས་དེ་ཡང་མི་དམིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེ་བར་ལྟ་ག་ལ་འགྱུར། ཞེས་སོགས་ཀྱིས་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་གསུངས་པ་ཡིན་ནོ། །གཉིས་པ་ལ། སྦྱོར་བའི་ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། འཕགས་པ་ལྟར་ན་རྟོགས་བྱ་སངས་རྒྱས་སའི་རྣམ་པར་སྨིན་པ་དང༌། དེ་མ་ཡིན་པའི་ཟག་མེད་ཀྱི་ཡོན་ཏན་རྣམས་རྟོགས་བྱེད་མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཉིས་པར་མངོན་དུ་བྱེད་ནུས་པའི་རྣལ་འབྱོར་རོ། །དེ་ལྟར་ནུས་པའི་རྒྱུ་མཚན་ཡང༌། དེ་ལ་གེགས་བྱེད་ཀྱི་བསྒོམ་སྤངས་སུ་གྱུར་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་རྒྱུ་མཚན་གྱིས་ཡིན་ལ། མངོན་དུ་བྱས་མ་ཟིན་པ་ནི་གནས་ངན་ལེན་གྱི་དྲི་མ་དང་ལྷན་ཅིག་དུ་འགྲོགས་པའི་རྒྱུ་མཚན་གྱིས་སོ། །སློབ་དཔོན་གྱིས་ཀྱང་དེ་ལྟར་དུ་བཞེད་མོད། དགོས་པ་དང་ངོས་འཛིན་མི་འདྲ་སྟེ། དགོས་པ་ནི་མཐར་གྱིས་པའི་སྦྱོར་བས་བསྒོམ་པ་དེ་ཉིད་ཤིན་ཏུ་གོམས་པར་བྱ་བའི་ཕྱིར་ཡིན་ལ། ངོས་འཛིན་ནི་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་དེ་ཉིད་དུས་སྐད་ཅིག་མ་གཅིག་གིས་བསྒོམ་པའི་རྣལ་འབྱོར་རོ། །གཉིས་པ་དབྱེ་བ་ནི། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་སོགས་བཞིའོ། །དང་པོ་ནི། རྟོགས་བྱེད་ཀྱི་བློ་རྒྱུན་མཐའི་ཡེ་ཤེས་གཅིག་གིས་རྟོགས་བྱ་སངས་རྒྱས་ཀྱི་རྣམ་པར་སྨིན་པའམ། དེ་མ་ཡིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དེ་དང་རིགས་མཐུན་པ་ཐམས་ཅད་དེའི་ནང་དུ་བསྡུས་པའི་ཚུལ་གྱིས་མངོན་དུ་བྱེད་ནུས་པ་ཞིག་ཡིན་པ་ནི། སྦྱོར་བ་དང་པོ་གཉིས་ཀྱི་ངོས་འཛིན་ཡིན་ལ། འདིར་རྟོགས་བྱ་ཞེས་པ་ཐོབ་བྱ་ལ་ཟེར་བ་ཡིན་གྱི། དངོས་ཀྱི་ཡུལ་ལ་ཟེར་བ་ནི་མིན་ཏེ། འདིའི་རྟོགས་བྱ་ལ་མདོ་ལས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། མཚན་དང་དཔེ་བྱད་རྣམས་བཤད་ལ། དེ་དག་དེའི་དངོས་ཡུལ་དུ་མི་འཐད་པའི་ཕྱིར་རོ། །ཡང་སྦྱོར་བ་ཕྱི་མ་གཉིས་ཀྱི་ངོས་འཛིན་ནི། བློ་སྐད་ཅིག་མ་གཅིག་གིས་རང་གི་དངོས་ཀྱི་དམིགས་པ་ཆོས་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་བདེན་པའི་མཚན་ཉིད་མེད་པ་དང༌། གཟུང་འཛིན་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་ཞིག་ཡིན་ནོ། །འོ་ན་སངས་རྒྱས་སའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། གཞན་ཐམས་ཅད་མངོན་དུ་བྱེད་ནུས་པའི་རྒྱུ་མཚན་ཅི་ཞེ་ན། འདི་བསྒྲུབ་པ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། སངས་རྒྱས་སའི་ཡོན་ཏན་ཐམས་ཅད་དོན་དམ་པའི་བདེན་པར་རོ་གཅིག་པས། གཅིག་མངོན་དུ་བྱས་ན་གཞན་མངོན་དུ་མ་བྱས་པའི་དབྱེ་བ་མེད་པའི་ཕྱིར། ཞེས་འཆད་པ་ནི་ལུང་ལས། ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཞེས་སོགས་སོ། །རིགས་པའི་སྒྲུབ་བྱེད་ནི། རྣམ་མཁྱེན་སྐད་ཅིག་དང་པོ་མངོན་དུ་བྱས་པ་དེའི་ཚེ། སངས་རྒྱས་ཀྱི་སའི་ཆོས་རྣམས་ལ་གཉིས་སུ་འཛིན་པའི་རྟོག་པ་དང་བྲལ་བའི་ཕྱིར། ཞེས་འཆད་པ་ནི། འོན་ཀྱང་སྦྱིན་པ་ལ་སོགས་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་མ་གཅིག་པུ་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་དང་བྱ་བའི་ངོ་བོས་ཞེས་སོགས་སོ། །དེ་ཉིད་ཤེས་བྱེད་ཀྱི་དཔེའི་སྒོ་ནས་འཆད་པ་ནི། ཇི་ལྟར་སྐྱེས་བུ་ཞེས་སོགས་སོ། །འདིར་བོད་སྔ་མ་དག གཅིག་ཡུལ་དུ་བྱས་ན་ཐམས་ཅད་ཡུལ་དུ་བྱས་པའི་ཤེས་བྱེད་དུ་འཆད་པ་ནི། རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །ཞེས་པའི་ཚིག་དང་མ་འབྲེལ་བ་དང༌། མངོན་དུ་བྱ་རྒྱུ་དེ་ཡང་སྐབས་བརྒྱད་པ་ནས་འཆད་པའི་ཆོས་ཀྱི་སྐུ་ཡིན་པར་འཆད་པ་མ་དགོངས་པར་ཟད་དོ། །འོ་ན་འདིར་རྣམ་པར་སྨིན་མ་སྨིན་གྱི་ཁྱད་པར་ཅི་ཞེ་ན། བོད་སྔ་རབས་པ་རྣམས་ནི། ས་དང་པོ་ནས་བདུན་པའི་བར་ལ་ཐོབ་པའི་ཟག་མེད་ཀྱི་ཆོས་རྣམས་ལ་ནི། རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཤུན་པ་དང་མ་བྲལ་བའི་ཕྱིར། ས་བརྒྱད་པ་ཡན་ཆད་དུ་ཐོབ་པའི་ཟག་མེད་ཀྱི་ཆོས་རྣམས་ལ་རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། དེ་གཉིས་ཀྱི་རིགས་རྒྱུན་སངས་རྒྱས་ཀྱི་ས་ན་ཡོད་པ་རྣམས་ལ་ཡང་དེའི་མིང་གིས་བཏགས་སོ། །ཞེས་གསུངས་པ་འདི་ཉིད་འཐད་པའི་ཕྱོགས་ཡིན་ལ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། ས་དང་པོ་ཡན་ཆད་རྣམ་པར་སྨིན་པ་ཡིན་ཏེ། ས་དང་པོར་འཇིག་རྟེན་ལས་འདས་པ་དང༌། བརྒྱད་པར་མཚན་མ་མེད་པ་དང༌། སངས་རྒྱས་ཀྱི་སར་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་སྨིན། རྣམ་པར་སྨིན་པ་མ་ཡིན་པ་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་གཟུང་འཛིན་གྱི་ཆོས་རྣམས་སོ། །དེ་དག་ཟག་མེད་ཇི་ལྟར་ཡིན་ཞེ་ན། དེ་དེ་མ་ཡིན་ཀྱང་དེའི་རང་བཞིན་ཟག་མེད་ཡིན་ཏེ། ཇི་སྐད་དུ། མདོ་ལས། བྱིས་པས་བྱང་ཆུབ་མི་ཤེས་ཀྱང༌། །དེ་ཉིད་དེ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་ན་རེ། འདིར་རྣམ་པར་སྨིན་མ་སྨིན་ཡུལ་ཅན་ལ་མི་རུང་བས་ཡུལ་ལ་བྱ་ཞིང༌། དེ་ཡང་གཅིག་གི་ཡུལ་གཉིས་ཀའི་ཡུལ་ཡིན་པས། རྫས་ཀྱི་སྒོ་ནས་སོ་སོར་མ་ངེས་ཀྱང༌། མདོ་དང་བསྟན་བཅོས་ལས་བསྟན་ཚུལ་གྱི་ལྡོག་པ་ཐ་དད་པ་ཡིན་ཏེ། དང་པོའི་ཡུལ་ནི་རང་རྒྱུད་ལ་ནུས་པ་མཐར་ཐུག་པ་མ་སྨིན་པ་དང༌། ཕྱི་མའི་ཡུལ་ནི་རང་གི་རྒྱུད་ལ་ནུས་པ་མཐར་ཐུག་པ་སྨིན་པར་སྐྱེས་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། སྐད་ཅིག་མའི་སྦྱོར་བ་བསྒོམ་པ་པོའི་རྒྱུད་ལ་ཆོས་དེ་གཉིས་སྐྱེས་ཟིན་ན། སངས་རྒྱས་ཀྱི་སའི་སྦྱིན་སོགས་རྒྱུད་ལ་སྐྱེས་པར་ཐལ་བས་སོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔས་གཉེན་པོ་བསྒོམ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བས་ན། ཞེས་པའི་གཞུང་དེས་རྣམ་པར་སྨིན་པའི་དོན་བསྟན་པ་ཡིན་ནམ་སྙམ་དུ་འཁྲུལ་པ་ཡིན་མོད། གཞུང་དེས་ནི་རྣམ་སྨིན་གྱི་གོ་བ་བསྟན་པ་མ་ཡིན་གྱི། སྐད་ཅིག་གཉིས་པར་དེ་ཐམས་ཅད་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་དྲི་མ་དང་བྲལ་བ་རྟགས་སུ་བཀོད་པ་ཡིན་ནོ། །གཞན་དག་ན་རེ། གང་ཚེ་རྣམ་སྨིན་ཆོས་ཉིད་ཀྱི། །གནས་སྐབས་ཆོས་དཀར་སྐྱེས་གྱུར་པ། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །ཞེས་འདོན་དགོས་སོ། །ཞེས་ཟེར་བ་དེ་ཡང་མ་གོ་བ་ཡིན་ཏེ། གང་ཚེ་ཆོས་དཀར་སོགས་ཀྱི་གཞུང་དོན་ནི། སངས་རྒྱས་ཀྱི་སར་ཆོས་དཀར་པོ་དེ་སྐྱེས་པའི་དོན་ཡིན་གྱི། སྦྱོར་བ་བསྒོམ་པ་པོའི་རྒྱུད་ལ་ཆོས་དེ་སྐྱེས་པའི་དོན་མ་ཡིན་པའི་ཕྱིར་རོ། །དེ་ཡང་འདིའི་ཐད་ཀྱི་མདོ་དང་མཐུན་ནོ། །སྦྱོར་བ་བཞི་པོའི་ས་མཚམས་ལ། བོད་ཕྱི་མ་རྣམས་ནི། རྒྱུན་མཐའི་ཡེ་ཤེས་ནི་ངོ་བོ་གཅིག་ལ་ལྡོག་པ་བཞིར་ཕྱེ་བ་ཡིན་པས་རྒྱུན་མཐའ་ཁོ་ན་ན་ཡོད་པ་ཡིན་ནོ། །ཞེས་ཞལ་འཆམ་པར་གསུངས་ལ། ལོ་ཙཱ་བ་ཆེན་པོའི་གསུང་གིས་ནི། མདོ་སྡེ་རྒྱན་ལས། འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་གསུངས་པས་སྦྱོར་བ་འདི་བཞི་ནི་ས་བདུན་པ་ནས་བཅུ་པའི་བར་ལ་རིམ་པ་བཞིན་དུ་བཞག་པ་ཡིན་ལ། དེ་ཡང་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ནི་ས་བདུན་པར་ཐོབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་རྣམ་དག་ཤིན་ཏུ་མཉམ་པར་གཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་བས་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང༌། །ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ཞེས་བྱ་བ་དང༌། དེའི་འགྲེལ་པར། ལྟ་བ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། མཉམ་པར་གཞག་པ་དང༌། ཆོས་ལ་ཐ་དད་པའི་དང༌། རྒྱུད་ཐ་དད་པའི་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཐ་དད་པའི་ང་རྒྱལ་མེད་པ་ནི་རིམ་པ་བཞིན་དུ་ས་དང་པོ་ནས་དྲུག་པའི་བར་ཡིན་ལ། བདུན་པ་ལ་ནི་མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་རེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པའི་ཕྱིར། སྐད་ཅིག་མ་གཅིག་པའི་བློ་ཐོབ་པར་གསུངས་པ་བཞིན་ནོ། །འགྲེལ་ཆེན་དུ་འདི་བཞི་རྒྱུ་འབྲས་ཀྱི་རིམ་ཅན་དུ་སྐྱེ་བ་དང༌། ཡེ་ཤེས་གཅིག་ཉིད་ལ་ལྡོག་པའི་ཆེས་ཕྱེ་བའི་ཚུལ་གཉིས་བཤད་མོད་ཀྱི། ཕྱི་མ་ནི་རང་དཀར་ཟད་པས། སྔ་མ་གཉིས་དོན་ཇི་ལྟར་བཟུང་ངོ༌། །ཞེས་གསུངས་སོ། །རང་གི་བློས་རྣམ་པར་བརྟགས་པ་ནི། ཐོབ་བྱ་སངས་རྒྱས་སའི་ཆོས་རྣམས་ལ་སྒྲིབ་བྱེད་ཀྱི་དྲི་མས་ཅུང་ཟད་ཀྱང་མ་སྒྲིབ་པ་དེའི་ཚེ་ན། རྣམ་པར་སྨིན་པ་ཞེས་བྱ་ལ། ཅུང་ཟད་ཀྱིས་སྒྲིབ་པ་དེའི་ཚེ་ན་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་སྟེ། འབྲས་སྨིན་པ་ན་སྒྲིབས་བྱེད་ཀྱི་སྦུབས་ཤུན་དང་བྲལ་བ་བཞིན་ནོ། །རྟོགས་བྱ་དེ་གཉིས་རྟོགས་བྱེད་ཀྱི་བློ་སྐད་ཅིག་རེ་རེ་མངོན་དུ་བྱ་བའི་དུས་ནི། རྟོགས་པ་པོའི་རྒྱུད་ཀྱི་ཡེ་ཤེས་དྲི་མ་དང་ཅུང་ཟད་དང་མ་བྲལ་བ་དང་ཤིན་ཏུ་བྲལ་བ་དེའི་ཚེའོ། །དེའི་ཕྱིར་རྒྱུན་མཐའི་སྔ་ལོགས་དང༌། རྒྱུན་གྱི་ཐ་མ་གཉིས་ལ་བཞག་སྟེ། དེ་ཡང་མཚན་ཉིད་མེད་པའི་དང༌། རྣམ་པར་སྨིན་པ་མ་ཡིན་པའི་སྦྱོར་བ་གཉིས་ནི་རྒྱུན་མཐའི་སྔ་ལོགས་དང༌། གཉིས་སུ་མེད་པ་དང་རྣམ་པར་སྨིན་པ་གཉིས་ནི་རྒྱུན་གྱི་ཐ་མར་བཞག་དགོས་ཏེ། དེའི་ཚེ་ཡུལ་ཅན་ལ་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་ཞིང༌། ཐོབ་བྱ་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པའི་ཕྱིར། ཞེས་བྱ་བ་འདིས་ནི་ལེའུ་བདུན་པ་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པ་བྱང་ཆུབ་པའི་སྐབས་ཀྱི་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། མངོན་རྟོགས་རྣམ་བདུན་རོལ་མཚོའི་སྐྱེ་མཆེད་ལ། །རྣམ་བཤད་རྣམ་བདུན་གསེར་རིའི་འཕྲེང་བ་ཡིས། །ལེགས་བཤད་མིག་གི་དགའ་སྟོན་འདི་བྱས་པ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་དོན་དུ་བསྔོ། །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།། །།སྐུ་གསུམ་འཕྲིན་ལས་གསལ་བའི་ཉི་མ་ནི། །མངོན་རྟོགས་ཅང་ཤེས་བདུན་གྱི་ཁ་ལོ་པས། །ནམ་ཡང་ཤར་ནས་ཤར་དུ་དྲངས་གྱུར་པས། །ཁྱབ་འཇུག་འཁྱོག་པོའི་ལམ་ལས་དེ་གྲོལ་ལོ། །ཞེས་མཆོད་པར་བརྗོད་ནས། བརྒྱད་པ་ཆོས་ཀྱི་སྐུའི་ལེའུ་འཆད་པ་ལ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། གཞུང་སོ་སོའི་དཀའ་བའི་གནས་བཤད་པའོ། །དང་པོ་ནི། སྐད་ཅིག་མའི་སྦྱོར་བ་བཞི་པའི་མདོ་ལས་འཕྲོས་ནས། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ། དངོས་པོ་དང་མི་ལྡན་པ། དངོས་པོ་མེད་པའི་རང་བཞིན་ཅན། རང་གི་མཚན་ཉིད་ཀྱིས་སྟོང་པ། རྣམ་པ་ཐམས་ཅད་ཡོངས་སུ་དག་པར་གྱུར་པ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱའོ། །ཞེས་པས་ངོ་བོ་ཉིད་ཀྱི་སྐུ་དང༌། གསོལ་པ། བཅོམ་ལྡན་འདས་ཟག་པ་མེད་པའི་ཆོས་དེ་གང་ལགས། བཀའ་སྩལ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དེ། འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཞེས་བྱའོ། །ཞེས་པས་ནི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་སམ། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་བསྟན་པ་ཡིན་ནོ། །རབ་འབྱོར། གཞན་ཡང་ཡུམ་འདི་ལ་བསླབས་ཤིང་ཆོས་འདི་དག་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་འཚང་རྒྱ་སྟེ། ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། བྱང་སེམས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང༌། བདེ་བ་དང༌། ཚིམས་པ་དང༌། རབ་ཏུ་དགའ་བ་སྟོན་པར་འགྱུར་རོ་ཞེས་པ་ནས། དེ་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱིས་ནི་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པ་ཡིན་ལ། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་ཤླཽ་ཀ་གསུམ་ལ་ནི་ཡུམ་གྱི་མདོ་མེད་དོ། །རབ་འབྱོར་གཞན་ཡང་ཆོས་དེ་དག་རྟོགས་པར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་དུ་སངས་རྒྱས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཐའ་མེད་པར། དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྲུལ་པ་སྣ་ཚོགས་པའི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དེ་ལྟར། བྱང་སེམས་ཆེན་པོ་ཡུམ་ལ་བསླབ་པར་བྱའོ། །ཞེས་པས་ནི་སྤྲུལ་པའི་སྐུ་དང༌། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་སེམས་ཆེན་པོ་དག་ཆེད་དུ་བསམ་སྟེ། སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་པ་ནས། ཆོས་གང་ལ་ཡང་སྐྱེ་བ་མེད་ཅིང་འགགས་པ་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལ་པ། དེ་གང་ལགས། བཀའ་སྩལ་པ། མི་ཉམས་པ་རྨོངས་པ་མེད་པའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་བའོ། །ཞེས་པའི་བར་གྱིས་ནི་འཕྲིན་ལས་ཉི་ཤུ་རྩ་བདུན་གསུངས་པ་ཡིན་ནོ། །གཉིས་པ་ལ། རྟེན་སྐུ་བཤད་པ་དང༌། མཛད་པ་འཕྲིན་ལས་བཤད་པའོ། །དང་པོ་ལ། སངས་རྒྱ་བའི་རྒྱུ། སངས་རྒྱ་བའི་ཚུལ། འབྲས་བུ་སངས་རྒྱས་སའི་རྣམ་པར་གཞག་པའོ། །དང་པོ་ནི། ཚོགས་གཉིས་ཏེ། གཏམ་དུ་བྱ་བ་རིན་པོ་ཆེའི་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་སོ། །ཚོགས་གཉིས་ཀྱི་ངོས་འཛིན་ནི། ཇི་སྐད་དུ། མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །ཞེས་དང༌། དབུ་མ་ལ་འཇུག་པར། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུའི་རྒྱུ། །ཞེས་དང༌། དེའི་ཤུགས་ལས། བརྩོན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་རབ་བྱུང་རྣམས་ལ་བསྔགས། །ཡེ་ཤེས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་སྐུའི་རྒྱུ། །ཞེས་གསུངས་སོ། །གཉིས་པ་ལ། ཉན་ཐོས་སྡེ་པའི་ལུགས་དང༌། ཐེག་པ་ཐུན་མོང་བའི་ལུགས་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་གྲུབ་ཀྱི་དུས་སུ་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་ཤིང༌། བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ཞིག་ཡིན་ལ། དེས་དཀའ་བ་ལོ་དྲུག་སྤྱད་པའི་དུས་སུ་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་ཏེ། སླར་ཡང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། དྲོད་ནས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱས་ཏེ་སངས་རྒྱས་པ་ཡིན་པར་འཆད་དོ། །དེ་སྐད་དུ་ཡང༌། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་འཕགས་པ་མ་ཡིན་པར་བཤད་པ་དང༌། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་གསུངས་སོ། །ལུགས་གཉིས་པ་ནི། དམ་པ་ཏོག་དཀར་པོའི་དུས་སུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ལ། དེ་ནས་རྡོ་རྗེའི་གདན་དུ་སངས་རྒྱས་པ་ཚུན་ཆད་བྱང་ཆུབ་སེམས་དཔའ་མཚན་ཉིད་པ་དང༌། དེ་ཕན་ཆད་རྫོགས་པའི་སངས་རྒྱས་སུ་འདོད་པ་ཡིན་ཏེ། རྒྱ་ཆེ་རོལ་པ་ལས་གསུངས་སོ། །ལུགས་གསུམ་པ་ནི། སྟོན་པ་འདིས་རྡུལ་ཕྲ་རབ་ཀྱི་གྲངས་ལས་འདས་པའི་སྐལ་པ་མང་པོའི་སྔ་རོལ་ནས་འོག་མིན་དུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པ་ལས་མ་གཡོས་བཞིན་དུ། གླིང་བཞི་ཐེར་འབུམ་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་ཅིག་ཆར་དུ་བསྟན་པར་བཞེད་པ་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། དབུ་མ་ལ་འཇུག་པ་སོགས་སུ་གསལ་ལོ། །སངས་རྒྱས་རྣམས་ངེས་དོན་ལ་ཐོག་མར་གང་དུ་སངས་རྒྱས་པའི་གནས་འོག་མིན་དེ་གང་ལ་བྱ་ཞེ་ན། མདོ་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་གསུངས་པས་གནས་གཙང་མའི་ནང་གི་འོག་མིན་དེ་ནི་མ་ཡིན་ནོ། །འོ་ན་གང་ཞེ་ན། འདི་ལ་ལུགས་གཉིས་ལས། དང་པོ་ནི། སྔོན་གྱི་ཁ་ཅིག་ན་རེ། སའི་དངོས་གཞི་ལས། གནས་གཙང་མ་རྣམས་ལས་འདས་པ་ན། དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ། །ཞེས་གསུངས་པས། གནས་གཙང་མའི་སྟེང་ན་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་ཡོད་པ་དེ་དེ་ཡིན་ནོ་ཞེས་གསུངས། རྗེ་བཙུན་ས་སྐྱ་པའི་གསུང་གིས་ནི། དེ་འདྲ་དེ་དེ་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་བ་རྣམ་སྨིན་གྱི་ལུས་ལེན་པའི་སར་བཤད་ཀྱི། ལོངས་སྐུ་བཞུགས་པའི་གནས་སུ་མ་བཤད་པ་དང༌། དེ་འདྲ་དེ་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡིན་པ་དང༌། རྒྱུན་གྱིས་མི་རྟག་པ་ཡིན་པའི་ཕྱིར་རོ། །དེས་ན་འདིའི་ངོས་འཛིན་ནི། སྟུག་པོ་བཀོད་པའི་འཇིག་རྟེན་གྱི་ཁམས་ཞེས་པ་དེ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་འདི། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང༌། །ཞེས་སོ། །དེའི་མཚན་གཞི་ནི། ཕལ་པོ་ཆེའི་མདོ་ལས། འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བའོ། །དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་གངས་ཅན་མཚོའི་ཕྱག་གི་མཐིལ་ན་གནས་པའོ། །བཅོམ་ལྡན་འདས་དེ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་ཏེ་གང་ན་བཞུགས་པའི་གནས་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་དེ་ཡིན་ནོ། །ཞེས་གསུངས་སོ། །འདི་དག་ལ་མདོ་སྡེ་དང་བསྟུན་པའི་བརྟག་དཔྱད་འགའ་ཞིག་དགོས་པ་ནི་གཞན་དུ་བཤད་ཟིན་པས་འདིར་མི་སྤྲོ་ལ། མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ། སངས་རྒྱས་ཇི་སྙེད་བྱོན་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ལ་ནི་རྫས་ཀྱི་སྟེང་ན་དབྱེ་བ་མེད་ཅིང༌། ལྡོག་པ་ཐ་དད་པའི་དབྱེ་བ་ཡང་རྟོག་པས་བྱས་པ་ཡིན་གྱི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཆོས་ཀྱི་སྐུ་ཇི་སྙེད་པ་དེ་ཐམས་ཅད་ལ་ཐ་དད་པའི་ཁྱད་པར་ཅུང་ཟད་ཀྱང་མ་གཟིགས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་དེ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གང་ལ་བརྟན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་ཡང་གཅིག་ཁོ་ན་ཡིན་གྱི་ཐ་དད་པ་མེད་དོ། །དེ་མེད་པ་དེའི་ཕྱིར་དེ་གང་ན་བཞུགས་པའི་གནས་འོག་མིན་ཆེན་པོ་ཡང་གཅིག་ཁོ་ན་ཡིན་གྱི། ཐ་དད་པ་མང་པོ་མེད་དོ། །དེའི་ཕྱིར་འོག་མིན་ནི་ཚད་ལས་འདས་ཤིང༌། ཞིང་ཁམས་དེའི་རྣམ་པར་བཞག་པ་ནི་སྒྲ་དང་རྟོག་པའི་ཡུལ་ལས་འདས་པ་ཞིག་སྟེ། སངས་རྒྱས་ཀྱི་ཞིང་རབ་འབྱམས་ཇི་སྙེད་པ་ཐམས་ཅད་དེའི་ནང་དུ་མ་ཆུད་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་པར་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ན་ཞིང་ཁམས་འདི་ནི་ནམ་མཁའ་དང་མཉམ་པའོ། །དེ་ལྟ་ན་ཡང་སངས་རྒྱས་སོ་སོའི་སྨོན་ལམ་གྱི་དབང་གིས་ལོངས་སྐུ་ཆུང་བ་དང༌། དེ་གང་ན་བཞུགས་པའི་འོག་མིན་གྱི་གནས་ཆུང་བ་སོ་སོ་ཐ་དད་ཀྱི་རྣམ་པར་བཞག་པ་ནི། བསྟན་བཅོས་མཛད་པ་མང་པོས་གཞུང་སོ་སོར་གསུངས་པ་ཡིན་ཏེ། དཔེར་ན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་པ་དང༌། རྒྱལ་བ་འོད་དཔག་མེད་ཀྱི་ལོངས་སྐུའི་ཞིང་ཁམས་སྟེང་གི་ཕྱོགས་ན་ཡོད་པར་བཤད་པ་ལྟ་བུའོ། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་ལ། རྟེན་སྐུ་བཤད་པ་དང༌། བརྟེན་པ་ཡེ་ཤེས་བཤད་པ་དང༌། མཛད་པ་འཕྲིན་ལས་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བ་དང༌། དབྱེ་བ་སོ་སོའི་འདོད་ལུགས་མི་མཐུན་པའི་བརྒལ་ལན་དང༌། སྐུ་དངོས་བཏགས་ཀྱི་རྣམ་གཞག་དང༌། ཤེས་བྱ་མཁྱེན་པའི་ཚུལ་དང༌། ཆོས་སྐུ་ལས་འཕྲོས་པའི་གཞུང་སོ་སོའི་རྣམ་པར་བཞག་པའོ། །དང་པོ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་ཤིང༌། ཡོན་ཏན་ཐམས་ཅད་ལ་དབང་འབྱོར་བའི་ཡེ་ཤེས་ཀྱི་སྐུའོ། །གཉིས་པ་ལ་དབྱེ་བའི་སྒོ་བཞི་ལས། དང་པོ་གཉིས་སུ་དབྱེ་བ་ནི། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་གསུངས་པ་དེའི་ཚེ་ན་རང་དོན་གྱི་སྐུ་ནི་དོན་དམ་པ་ཆོས་ཀྱི་སྐུ་དེ་ཉིད་ཡིན་ལ། དེ་ལ་ཡང་སྐུ་གསུམ་ཀ་ཚང་བ་ཡིན་ཏེ། གནས་ཚུལ་གྱི་སྐུ་གསུམ་ནི་དབྱེར་མེད་དུ་གནས་པའི་ཕྱིར། དེ་དུས་སྐུ་གཉིས་པོ་དེ་ཡང་གཞན་དོན་གྱི་སྐུ་ནི་ཡིན་མོད། དེ་ལྟ་ན་ཡང་གཞན་དོན་ཀུན་རྫོབ་པའི་སྐུ་ཞེས་མི་བྱ་སྟེ། གནས་ཚུལ་གྱི་སྐུ་ཡིན་པའི་ཕྱིར། དེའི་ཕྱིར་གཞན་དོན་ཀུན་རྫོབ་པའི་སྐུ་ཞེས་བྱ་བ་ནི། སེམས་ཅན་གཞན་ལ་སྣང་ཚུལ་ཁོ་ནའི་དབང་དུ་བྱས་པའི་ལོངས་སྤྲུལ་གཉིས་ལ་བྱ་བ་ཡིན་ཏེ། ཀུན་རྫོབ་མ་རིག་པའི་དབང་གིས་སེམས་ཅན་ལ་ཇི་ལྟར་སྣང་བའི་ཚུལ་ལས་རབ་ཏུ་ཕྱེ་བའི་སྐུ་ཡིན་པའི་ཕྱིར་རོ། །གཉིས་པ་གསུམ་དུ་དབྱེ་བ་ནི། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པ་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་བརྟེན་དང་བཅས་པར་བསྟན། །ཞེས་ལོངས་སྐུ་ལ་རང་དོན་གྱི་སྐུ་དང༌། སྤྲུལ་སྐུ་ལ་གཞན་དོན་གྱི་སྐུ་དང༌། ཆོས་སྐུ་ལ་དེ་གཉིས་ཀྱི་རྟེན་དུ་གསུངས་སོ། །རྒྱུད་བླ་མར་ཡང༌། དེ་དབྱེ་ཟབ་དང་རྒྱ་ཆེ་དང༌། །བདག་ཉིད་ཆེན་པོའི་ཡོན་ཏན་གྱིས། །ཆོས་ཀྱིས་རབ་ཕྱེ་རང་བཞིན་ལས། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཞེས་སངས་རྒྱས་ཀྱི་སའི་གནས་ཚུལ་སྟོང་པ་ཉིད་ཀྱི་ཆ་ལ་ཟབ་པ་དང༌། མཁྱེན་པའི་ཆ་ལ་རྒྱ་ཆེ་བ་དང༌། ཐུགས་རྗེའི་ཆ་ལ་བདག་ཉིད་ཆེན་པོ་ཞེས་གསུངས་ཤིང༌། འདི་གསུམ་ཀ་ཡང་དག་པར་ན་རང་དོན་དོན་དམ་པའི་སྐུ་ཁོ་ནའི་དབང་དུ་བྱས་པའོ། །བཞིར་དབྱེ་བ་ནི། རྗེ་བཙུན་གྱི་གཞུང་རྩ་བ་རྣམས་སུ་རྩོད་མེད་དུ་གསལ་བར་མ་གསུངས་ཀྱང༌། ལུས་རྣམ་གཞག་དུ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པས་སྐུ་བཞིར་བསྟན་པ་ཡིན་ནོ། །ཞེས་པ་ནི་སློབ་དཔོན་བཟང་པོའི་ཞབས་ཀྱི་བཞེད་པའོ། །འདིར་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་གཉིས་ཐ་དད་དུ་ཇི་ལྟར་བཞག་པའི་ཚུལ་ལ། བོད་སྔ་མ་རྣམས་སངས་རྒྱས་ཀྱི་རང་དོན་གྱི་སྐུ་ལ་སྤངས་པ་དང༌། རྟོགས་པ་གཉིས་སུ་ཕྱེ་ནས། སྤངས་པའི་ཆ་ལ་ངོ་བོ་ཉིད་ཀྱི་སྐུ་དང༌། རྟོགས་པའི་ཆ་ལ་ཡེ་ཤེས་ཀྱི་སྐུར་འཇོག་གོ་ཞེས་ཟེར་བ་དང༌། ཡང་གཞན་དག་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཆ་ལ་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཅན་གྱི་ཆ་ལ་ཡེ་ཤེས་དང༌། དེ་གང་ལ་བརྟེན་པའི་འཕགས་པ་ལ་ལོངས་སྤྲུལ་གཉིས་སུ་ཕྱེ་ནས་བཞིར་འཇོག་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། སློབ་དཔོན་གྱིས་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་བཞེད་པ་ཡིན་གྱི། སྤངས་པ་དང༌། འགོག་བདེན་མེད་དགག་གི་ཆ་དང༌། རང་བཞིན་རྣམ་དག་གི་སྟོང་ཉིད་མེད་དགག་གི་ཆ་དེ་ལ་བཞེད་པ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། དོན་གསལ་ལས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད། ཞེས་བཤད་པའི་ཕྱིར་དང༌། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཞེས་པའི་ལུང་ཤེས་བྱེད་དུ་དྲངས་ནས་སྐུ་ལྷག་མ་གསུམ་དང༌། ངོ་བོ་ཉིད་ཀྱི་སྐུ་ཐ་མི་དད་པར་བཤད་པའི་ཕྱིར། དེ་ལྟར་བཤད་པ་དེ་ཡང་གནས་ཚུལ་གྱི་སྐུ་གསུམ་པོ་དེ་དང༌། ངོ་བོ་ཉིད་ཀྱི་སྐུ་ཐ་མི་དད་པའི་དབང་དུ་མཛད་པ་ཡིན་གྱི། སྣང་ཚུལ་གྱི་སྐུ་གསུམ་པོ་ནི་ཡང་དག་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་པས། དེ་དང་ཐ་དད་པ་ཁོ་ནར་བཤད་དོ། །གང་དག་ཇི་སྐད་དུ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཞེས་ཆོས་ཀྱི་དབྱིངས་སུ་བཤད་པས། ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་མེད་དགག་གི་ཆ་ཁོ་ན་ལ་འཆད་དོ་སྙམ་པ་དེ་ཡང་འཁྲུལ་བ་ཡིན་ཏེ། སློབ་དཔོན་འདིས་ནི་ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་དང༌། ངོ་བོ་ཉིད་སོགས་གཉིས་མེད་ཀྱི་ཡེ་ཤེས་ལ་ངོས་འཛིན་པའི་ཕྱིར་ཏེ། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། ཞེས་པའི་འགྲེལ་པར། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད། ཞེས་བཤད་པའི་ཕྱིར་དང༌། འདིར་ཡང༌། དབེན་པ་དབེན་གྱུར་ལས། ཐ་མི་དད་པ་ཞེས་པའི་དོན་ཡང་ཆོས་ཉིད་ཀྱི་ངོ་བོ་ཡེ་ཤེས་ལ་འཆད་པའི་ལུང་ཡིན་ཏེ། ལུང་དེའི་འཕྲོས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་བཤད་པའི་ཕྱིར་དང༌། སློབ་དཔོན་འདིས་ནི་མི་གནས་པའི་མྱང་འདས་ཀྱི་ངོ་བོ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་བཞེད་པ་ཡིན་ལ། མྱང་འདས་དེ་ཡང་ཡེ་ཤེས་སུ་བཤད་པ་ཡིན་ཏེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་པའི་འགྲེལ་ཆེན་དུ། གང་དུ་མྱ་ངན་ལས་འདས་པ་ཡང་ཞེས་བྱ་བ་ཁྱད་པར་དུ་འཕགས་པའི་ཆོས་ཀྱི་སྐུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡང༌། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་ཡིན་ནོ། །ཞེས་བཤད་པས་སོ། །འོ་ན་སློབ་དཔོན་གྱི་བཞེད་པ་ཅི་ཞེ་ན། ཆོས་ཀྱི་སྐུ་ལ་གཉིས་ཏེ། གནས་ཚུལ་དོན་དམ་པའི་བདེན་པ་དང༌། སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པའོ། །དང་པོ་ནི། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ངོ་བོ་དབྱེར་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་བ་བློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ཞིག་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། སངས་རྒྱས་ཀྱི་རང་སྣང་ལ་འཆར་བ་ཡེ་ཤེས་ཀྱི་སྐུ་དང༌། གཞན་སྣང་ལ་འཆར་བ་གཟུགས་ཀྱི་སྐུ་གཉིས་སོ། །འོ་ན་འདི་དང་གོང་གི་ངོ་བོ་ཉིད་ཀྱི་སྐུ་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་ནི་དོན་དམ་པའི་བདེན་པ་ཁོ་ན་ཡིན་ལ། གཉིས་པ་ནི་ཁྱད་པར་གསུམ་དང་ལྡན་ཏེ། གཞན་ངོར་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པ་དང༌། ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པ་དང༌། བྱང་ཆུབ་ཕྱོགས་མཐུན་དང༌། རྣམ་ཐར་སོགས་ཡུལ་སོ་སོའི་རྣམ་པ་ཤར་བའི་སྒོ་ནས་སེམས་སེམས་བྱུང་གི་མཚན་ཉིད་དང་ལྡན་པའོ། །ངོ་བོ་ཉིད་ཀྱི་སྐུ་ནི་དེ་ལྟ་མ་ཡིན་ཏེ། རང་དོན་གྱི་ཆ་ཁོ་ན་ལ་བཞག་པས་གཟུགས་སྐུ་གཉིས་ཀྱི་རྣམ་པར་མི་བསྐྱེད་པ་དང༌། དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་གྱི་རྣམ་པ་མི་འཆར་བས། སེམས་སེམས་བྱུང་གི་མཚན་ཉིད་དང་བྲལ་བའོ། །མདོར་ན་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་གཉིས་ཀ་ཡང་ཡེ་ཤེས་ཀྱི་ཆ་ལ་ངོས་འཛིན་པར་འདྲ་ཡང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཆ་ནས་སོ་སོར་བཞག་པ་ཡིན་ནོ། །ཞེས་བྱ་བ་འདི་སློབ་དཔོན་གྱི་བཞེད་པའོ། །གསུམ་པ་སྐུ་གསུམ་དང་བཞིར་འདོད་པའི་རྒལ་ལན་ལ། འཕགས་པའི་བཞེད་པ་ཇི་ལྟར་ཡིན་པ། དེ་ལ་སློབ་དཔོན་གྱིས་ཉེས་པ་བརྗོད་པའི་ཚུལ། དེའི་སྐྱོན་སྤོང་གི་རྒལ་ལན་ནོ། །དང་པོ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སྦྲེལ་ནས་ཚིག་བཅད་དང་པོས་ངོ་བོ་ཉིད་སྐུའི་རང་བཞིན་མདོར་བསྟན། ལྷག་མ་རྣམས་ཀྱིས་དེའི་ཡོན་ཏན་རྒྱས་པར་བཤད་པ་ཡིན་ཏེ། དཔེར་ན་འོག་ནས་ལོངས་སྤྲུལ་གཉིས་མདོར་བསྟན་དང་རྒྱས་བཤད་གཉིས་གཉིས་ཀྱི་སྒོ་ནས་བཤད་པ་བཞིན་ནོ། །དེ་ཡང་བྱང་ཆུབ་ཕྱོགས་མཐུན་སོགས་སྡེ་ཚན་ཉེར་གཅིག་པོའི་རང་ལྡོག་ནས་ངོ་བོ་ཉིད་སྐུའི་ཡོན་ཏན་ཡིན་ལ། དེ་སྒྲིབ་གཉིས་ཀྱི་དྲི་མ་དང་བྲལ་བའི་གསལ་ཆ་མ་ཡིན་དགག་གི་ཆ་དེ་ཉིད་ངོ་བོ་ཉིད་སྐུར་བཞེད་པ་ཡིན་ཏེ། ཉི་སྣང་ལས། ད་ནི་ཆོས་ཀྱི་སྐུ་དེ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའོ་ཞེས་བཤད་པས་སོ། །འོ་ན་ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན་ཞེས་འཆད་པར་རིགས་སོ་ཞེ་ན། འདི་ལ་ཉི་སྣང་དུ། རྐྱེན་ཕྱིས་པས་ཆོས་ཉིད་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱ་བ་སྟེ། གཞན་དུ་ན། ཆོས་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་པའི་ཕྱིར། ངོ་བོ་ཉིད་བཀག་པར་འགྱུར་བ་དང༌། སྤྱོད་པའི་དོན་ཡིན་པའི་ཕྱིར་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །དེ་ལ་སྐུ་ཞེས་བརྗོད་པ་ནི་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་ནས་ཉེ་བར་བཏགས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུང༌། འདིའི་དོན་ནི་གཞན་གྱིས་ལེགས་པར་མ་བཤད་པས། འདི་ལྟར་འཆད་དེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་འཆད་དགོས་ཏེ། དེ་ལྟར་མ་བཤད་པར་ཆོས་ཅན་གྱི་ཆ་ནས་བཤད་ན་ངོ་བོ་ཉིད་སྐུའི་དོན་མ་ཚང་བར་འགྱུར་བ་དང༌། ངོ་བོ་ཉིད་སྐུ་འདུས་བྱས་སུ་འགྱུར་བའི་སྐྱོན་ཡོད་དོ། །འོ་ན་སྐུ་ཞེས་བརྗོད་པ་ཡང་མི་འཐད་དེ། སྐུའི་དོན་ནི་ལུས་ལ་བྱ་ལ། དེ་ངོ་བོ་ཉིད་ཀྱི་སྐུ་ལ་མེད་པས་སོ་ཞེ་ན། སྐྱོན་མེད་དེ། སྔོན་སེམས་ཅན་གྱི་གནས་སྐབས་ཀྱི་ལུས་ཀྱི་རྗེས་སུ་འབྲངས་ནས་ལུས་ཞེས་ཉེ་བར་བཏགས་པ་ཙམ་ཡིན་པའི་ཕྱིར། འོ་ན་གཞུང་ལས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་འབྱུང་བ་ཅི་ཞེ་ན། ཉིད་ཅེས་བྱ་བའི་སྒྲ་ནི་རྐྱེན་གྱི་དབང་གིས་བྱུང་བ་ཡིན་ལ། འདིར་རྐྱེན་ཕྱིས་ནས་ཉིད་ཅེས་བྱ་བའི་སྒྲ་མ་སྦྱར་བ་ཡིན་ནོ། །ཞེས་འཆད་དོ། །གཉིས་པ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཀྱིས་ངོ་བོ་ཉིད་ཀྱི་སྐུ་ལས་ལོགས་སུ་གྱུར་པའི་སྐུ་ཞིག་མ་བསྟན་ན། ཡེ་ཤེས་ཉེར་གཅིག་པོ་འདི་ལ་ཀུན་རྫོབ་ཀྱི་ཆ་ཁྱད་པར་གསུམ་དང་ལྡན་པ་ཞིག་ཡོད་པ་དེ། སངས་རྒྱས་ཀྱི་སས་མ་བསྡུས་པར་ཐལ། གཞུང་དེས་ངོ་བོ་ཉིད་སྐུ་ལས་ལོགས་སུ་གྱུར་པའི་སྐུ་མ་བསྟན་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་དེ་ངོ་བོ་ཉིད་ཀྱི་སྐུར་ནི་ཁས་བླངས་དུ་མི་རུང་ལ། ཁྱེད་ལྟར་ན་ཀུན་རྫོབ་པའི་སྐུ་ལ་གཉིས་སུ་གྲངས་ངེས་པས་གཉིས་པོ་དེ་གང་དུ་ཡང་ཁས་བླངས་དུ་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཁྱད་པར་གསུམ་དང་ལྡན་པའི་ཕྱིར། ངོ་བོ་ཉིད་སྐུ་ལ་ཁྱད་པར་གསུམ་པོ་དེ་མེད་དེ། ངོ་བོ་ཉིད་ཀྱི་སྐུ་ནི་གཟུགས་སྐུ་གཉིས་ཀྱི་ངོ་བོ་ཉིད་དུ་ཁས་ལེན་གྱི། བདག་རྐྱེན་དུ་ཁས་མི་ལེན་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་སྐུ་ལ་ནི་གཞན་སྣང་ལ་གཟུང་འཛིན་གཉིས་ཀྱི་སྣང་བ་མེད་པས། སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་དང་བྲལ་བའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་སྐུ་ནི་གདོད་མ་ནས་དེར་གནས་པ་ཡིན་གྱི། གནས་གྱུར་པས་གྱུར་པ་མ་ཡིན་པའི་ཕྱིར། ཞེས་པའོ། །ཁྱད་པར་གསུམ་པོ་འདི་ངོ་བོ་ཉིད་སྐུ་ལ་མེད་ཅིང་ཡེ་ཤེས་ཉེར་གཅིག་པོ་ལ་ཡོད་པའི་ཚུལ་འཆད་མ་ཤེས་ན་གཞུང་ལ་ནུས་པ་ཅི་ཡང་མ་ཐོན་ནོ། །དེ་ལྟར་སློབ་དཔོན་གྱི་ལུགས་ལ། དོན་དམ་པའི་སྐུ་གཅིག་དང༌། ཀུན་རྫོབ་པའི་སྐུ་ནི་གསུམ་སྟེ། ལོངས་སྤྲུལ་གཉིས་ཀྱི་བདག་རྐྱེན་དུ་གྱུར་པའི་ཡེ་ཤེས་དང༌། གཟུགས་ཀྱི་སྐུ་གཉིས་སོ། །དེ་སྐད་དུ་ཡང༌། ཀུན་རྫོབ་དུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་ཞེས་གསུངས་སོ། །གཉིས་པ་སྐྱོན་སྤོང་གི་རྒལ་ལན་ནི། སྐུ་གསུམ་དུ་འདོད་པ་ན་རེ། ངོ་བོ་ཉིད་ཀྱི་སྐུ་དང་ལོངས་སྐུ་གཉིས་ཀྱི་ཡན་ལག་རྒྱས་བཤད་ཀྱི་བར་འདིར་ཆོས་ཀྱི་སྐུ་ཞེས་བྱ་བའི་ཡན་ལག་རྒྱས་བཤད་འབྱུང་བར་མི་རིགས་ཏེ། དེ་རིགས་ན་ལུས་རྣམ་བཞག་དུ་ཡང་དེ་ལྟར་འབྱུང་རིགས་པ་ལས་མི་འབྱུང་བའི་ཕྱིར། ཞེས་ཟེར་རོ། །སྐུ་བཞིར་འདོད་པ་ན་རེ། ལུས་རྣམ་བཞག་དུ་དེ་ལྟར་བསྟན་པ་དེ་ཚིགས་ལེའུར་བྱས་པ་སྦྱར་སླ་བའི་དོན་དང༌། དགོས་པའི་ཕྱིར་ཡིན་ནོ། །དགོས་པ་གང་ཞེ་ན། ཡེ་ཤེས་ཁོ་ན་དང་མཛད་པ་འཕྲིན་ལས་སྦྱར་བའི་ཕྱིར་ཡིན་ནོ། །ཞེས་གསུང་ངོ༌། །འོ་ན་ལུགས་དེ་གཉིས་ལས་འཐད་པའི་ཕྱོགས་གང་བཟུང་ཞེ་ན། སྐུ་གསུམ་གྱི་ཕྱོགས་ཉིད་ལེགས་པ་ཡིན་ཏེ། སྤྱིར་གཞུང་ལུགས་མཐའ་དག་ལས་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་དོན་གཅིག་དུ་བཤད་ནས། སྐུ་གསུམ་དུ་འཆད་པ་ཤ་སྟག་དུ་སྣང་བའི་ཕྱིར་དང༌། ཁྱད་པར་རྗེ་བཙུན་གྱིས་མདོ་སྡེའི་རྒྱན་དང༌། རྒྱུད་བླ་མ་གཉིས་སུ་ཆོས་སྐུ་དང་ངོ་བོ་ཉིད་སྐུ་དོན་གཅིག་དུ་བཤད་པ་ལ་བསྙོན་མི་ནུས་སོ། །གཞུང་འདིར་དེ་གཉིས་སོ་སོར་ཕྱེ་བ་ལ་ཤེས་བྱེད་མེད་པའི་ཕྱིར་དང༌། ལུས་རྣམ་བཞག་དུ་སྐུ་གསུམ་འཕྲིན་ལས་དང་བཅས་པ་ཆོས་སྐུའི་མཚོན་བྱེད་དུ་གསུངས་པ་ཙམ་གྱིས་ཆོས་སྐུར་ཁས་ལེན་དགོས་པ་ནི། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་བཤད་པས་སེམས་བསྐྱེད་སོགས་ཀྱང་རྣམ་མཁྱེན་དུ་ཁས་ལེན་དགོས་པར་ཐལ་བ་དང༌། སྐུ་གསུམ་ཁོ་ན་གཞུང་གིས་བསྟན་པར་འདོད་པ་ལ་གནོད་བྱེད་བརྗོད་པ་དེ་དག་མི་འཇུག་པའི་ཕྱིར། ཇི་ལྟར་ཞེ་ན། སངས་རྒྱས་ཀྱི་སའི་ཇི་སྙེད་པ་མཁྱེན་པའི་ཆར་གྱུར་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ། ངོ་བོ་ཉིད་ཀྱི་སྐུ་དང་གཞན་སྣང་གཟུགས་སྐུ་གཉིས་པོ་གང་རུང་མ་ཡིན་ཡང༌། སངས་རྒྱས་ཀྱི་སྐུས་མ་བསྡུས་པའི་སྐྱོན་མེད་དེ། གཞན་དོན་གྱི་སྐུ་དང་ཆོས་ཅན་གྱི་སྐུ་ཡིན་ལ། དེའི་ཚེ་སྣང་ཚུལ་གྱི་སྐུ་གཉིས་པོ་གང་རུང་མ་ཡིན་ཡང༌། གནས་ཚུལ་གྱི་སྐུ་གཉིས་པོ་གང་རུང་དུ་ཁས་ལེན་དགོས་པའི་ཕྱིར་ཏེ། གཞན་དོན་གྱི་སྐུ་ལ་ལོངས་སྤྲུལ་གཉིས་སུ་ངེས་པས་སོ། །ཞེས་བྱ་བ་འདི་ཙམ་ཞིག་གིས་སློབ་དཔོན་གྱི་དགོངས་པ་གཞན་དག་གིས་འཆད་པ་ལྟར་བྱེད་པ་ལ་ནི། ལན་འདོན་པར་ནུས་མོད་ཀྱང༌། རང་གི་འཆད་ལུགས་ལྟར་ན་དེ་ཙམ་ཞིག་གིས་ལན་ལྡོན་པར་མི་ནུས་པས། འདི་ལྟར། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་སོགས་ཀྱི་གཞུང་འདིས་ཆོས་ཅན་གྱི་སྐུ་ཞིག་ལ་སྐུ་ལོག་པའི་རྣམ་གཞག་མ་བསྟན་ཀྱང༌། གཞུང་དེས་ཆོས་ཅན་ཀུན་རྫོབ་པའི་ཆར་གྱུར་པའི་ཡེ་ཤེས་དེ་རྣམས་མ་བསྡུས་པའི་སྐྱོན་མེད་དེ། དཔེར་ན་བུམ་པའི་ཆོས་ཉིད་ནི་དོན་དམ་པའི་བདེན་པའོ། །ཞེས་པའི་ཚིག་དེས་བུམ་པ་དོན་དམ་པའི་བདེན་པར་མ་བསྟན་ཀྱང༌། དེས་བུམ་པ་བརྗོད་བྱར་མ་བསྡུས་པའི་སྐྱོན་མེད་པ་བཞིན་ནོ། །དེ་བསྡུས་ཀྱང་དེ་སྐུ་གསུམ་པོ་གང་ཡིན་ཞེས་བརྗོད་ན་ནི། གཞན་སྣང་གི་ལོངས་སྐུའི་བདག་རྐྱེན་བྱེད་པའི་ཆ་ནས་ལོངས་སྐུ་དང༌། གཞན་སྣང་གི་སྤྲུལ་སྐུའི་བདག་རྐྱེན་བྱེད་པའི་ཆ་ནས་དེར་བཞག་གོ །ཞེས་བཤད་པས་ཆོག་པ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱི་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དེ། སྐུ་གསུམ་མམ་བཞིའི་སྡེ་ཚན་ལས་ལོགས་སུ་བཤད་ཀྱང༌། དེ་སྐུ་གསུམ་པོ་གང་རུང་གི་ནང་དུ་བསྡུ་དགོས་པ་བཞིན་ནོ། །བཞི་པ་སྐུ་དངོས་བཏགས་ཀྱི་རྣམ་གཞག་ལ་གཉིས་ཏེ། སོ་སོའི་ངོ་བོ་ངོས་བཟུང༌། དངོས་བཏགས་ཇི་ལྟར་ཡིན་དཔྱད་པའོ། །དང་པོ་ལ་ངོ་བོ་ཉིད་ཀྱི་སྐུ་ནི་རྒྱུད་བླ་མར། དེ་ལ་སངས་རྒྱས་རྣམས་ཀྱིས་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་མདོར་བསྟན་ནས་དེ་ཉིད་འཆད་པ་ན། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང༌། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། །ཞེས་གསུངས་པ་དེའི་དོན་ནི། སྔར་མེད་གསར་བྱུང་སྐྱེ་བ་དང༌། རིགས་འདྲ་རྒྱུན་ཆད་པའི་འཇིག་པ་དང༌། དེ་གཉིས་ཀྱི་བར་དུ་གནས་པ་སྟེ། དེ་གསུམ་དང་བྲལ་བས་འདུས་མ་བྱས་པ་དང༌། སྟོབས་སོགས་ཡོན་ཏན་གྱི་ཆོས་དང་དབྱེར་མེད་པ་དང༌། གཟུང་འཛིན་གཉིས་རྣམ་པར་སྤངས་པ་དང༌། སྒྲིབ་པ་གསུམ་ལས་གྲོལ་བ་སྟེ་ཁྱད་པར་བཞི་དང༌། རང་བཞིན་གྱིས་དག་པ་སོགས་གསུམ་ནི་འོད་གསལ་བའི་ཤེས་བྱེད་དོ། །འདིར་འོད་གསལ་བ་ཞེས་པ་ཡང་སྟོང་ཉིད་མེད་དགག་གི་ཆ་ལ་འཆད་པ་མ་ཡིན་པར་ནི་ཤེས་བྱེད་གསུམ་པོ་དེ་ཉིད་ལས་གསལ་ལོ། །དེས་མཚན་ཉིད་ལྔ་བཤད་ནས། ཡོན་ཏན་ལྔ་ནི་ཇི་སྐད་དུ། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །ཞེས་གསུངས་པས་སོ། །དེར་འབའ་ཞིག་ཅེས་པས་ནི་སངས་རྒྱས་ཁོ་ན་ལ་ཡོད་པར་བཤད་པ་ཡིན་ནོ། །བོད་ཕྱི་མ་དག་གིས་ངོ་བོ་ཉིད་སྐུ་མེད་དགག་ཁོ་ནར་ཁས་ལེན་པ་དང༌། སངས་རྒྱས་ཀྱི་ཆོས་ཉིད་ལ་ངོ་བོ་ཉིད་སྐུས་ཁྱབ་པ་དང༌། སངས་རྒྱས་བདེན་པས་སྟོང་པ་སངས་རྒྱས་ཀྱི་ཆོས་ཉིད་དུ་འདོད་པ་རྣམས་ཀྱིས་ནི་ངོ་བོ་ཉིད་སྐུའི་མཚན་གཞི་ངོས་འཛིན་པར་མ་ནུས་པ་ཡིན་ནོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ནི། སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་ཟེར་བ་ཡིན་ནོ་ཞེས་པ་ཙམ་ཞིག་ཀུན་གྱིས་འཆད་མོད་ཀྱང༌། ཞིབ་དུ་ཕྱེ་ན། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཤིག་ལ་མིང་གི་རྣམ་གྲངས་ཆོས་ཅན་ཀུན་རྫོབ་པའི་སྐུ་དང༌། གཞན་སྣང་ལ་ལྟོས་ཏེ་གཟུང་འཛིན་གཉིས་ཀྱི་སྣང་བ་ཤར་བས། སེམས་སེམས་བྱུང་གི་མཚན་ཉིད་ཚང་བ། གཙོ་བོར་གཟུགས་སྐུ་གཉིས་ཀྱི་བདག་པོའི་རྐྱེན་དུ་གྱུར་པའོ། །འདི་དང་ངོ་བོ་ཉིད་སྐུ་གཉིས་ཀ་ཡེ་ཤེས་ཀྱི་ཆ་ནས་འཛིན་པར་འདྲ་ཡང༌། དང་པོ་དེ་རྒྱུ་དུས་ཀྱི་རང་བཞིན་འོད་གསལ་དེ་ཉིད་བློ་བུར་གྱི་དྲི་མ་དང་བྲལ་བ་ཙམ་གྱི་ཆ་ལ་བཞག་པ་ཡིན་གྱི། རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་མ་ཡིན་ལ། འདི་ནི་གནས་གྱུར་པའི་ཡོན་ཏན་སྔོན་སེམས་ཅན་གྱི་དུས་ན་མེད་པ་ཞིག་གསར་དུ་བྱུང་བ་ལ་འཆད་དགོས་པས། ཀུན་རྫོབ་དང་དོན་དམ་དུ་འཇོག་ཚུལ་ཡང་དེ་ཉིད་ཡིན་ཅིང༌། གཟུགས་སྐུ་གཉིས་ཀྱི་བདག་རྐྱེན་དུ་འགྱུར་མི་འགྱུར་དང༌། ཆོས་ཅན་ཇི་སྙེད་པའི་སྣང་བ་ཤར་མ་ཤར་ལས་སེམས་སེམས་བྱུང་དུ་འཇོག་མི་འཇོག་གི་ཁྱད་པར་ཡང་དེ་ཉིད་དོ། །གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། ཁྱད་པར་ལྔ་དང་ལྡན་པའི་གཞན་དོན་གྱི་སྐུའོ། །ལྔ་ནི་རྒྱུད་བླ་མར། བརྗོད་སྟོན་མཛད་རྒྱུན་མི་ཆད་དང༌། །མངོན་པར་འདུ་བྱེད་མེད་པ་དང༌། །དེའི་ངོ་བོ་མི་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་པའོ། །གཞུང་དེས་ནི་བོད་ཕྱི་མ་རྣམས་ལོངས་སྐུའི་ངོས་འཛིན་གཟུགས་སྐུ་ཁོ་ན་དང༌། དེ་གནས་ཚུལ་ལ་ཡང་ཇི་ལྟར་སྣང་བ་དེ་ཁོ་ན་ལྟར་གནས་པར་འདོད་པ་ཡང་ཁེགས་སོ། །འདི་ལ་དབྱེ་ན་གཉིས་ཏེ། གནས་ཚུལ་ལ་ཡེ་ཤེས་ཀྱི་ངོ་བོར་གནས་པ་དང༌། སྣང་ཚུལ་ལ་གཟུགས་ཀྱི་སྐུར་སྣང་བའོ། །འདི་ལ་བོད་སྔ་མ་རྣམས་ངེས་པ་ལྔ་ལྡན་ཞེས་གསུངས་མོད་ཀྱང༌། ཁུངས་ཡོད་མེད་དཔྱད་པར་བྱའོ། །གསུམ་པ་སྤྲུལ་པའི་སྐུ་ནི། ཁྱད་པར་བཞི་དང་ལྡན་པའི་གཞན་དོན་གྱི་སྐུའོ། །བཞི་ནི་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུའི་གཟུགས། །ཞེས་གསུངས་སོ། །འདི་ལ་དབྱེ་ན་གནས་ཚུལ་གྱི་དང༌། སྣང་ཚུལ་གྱིའོ། །དེ་ལྟར་ན་གནས་ཚུལ་གྱི་སྐུ་གསུམ་པོ་ནི་ཆོས་ཀྱི་སྐུ་དང༌། དོན་དམ་པའི་སྐུ་ཡིན་པ་ལ་ནི་ཁྱད་པར་མེད་ལ། དེ་རང་དོན་གྱི་སྐུ་ཡིན་མིན་སོ་སོར་འབྱེད་དགོས་ཤིང༌། སློབ་དཔོན་བཟང་པོའི་ཞབས་ལྟར་ན། ངོ་བོ་ཉིད་སྐུ་ཡིན་མིན་དང༌། དོན་དམ་པའི་བདེན་པ་ཡིན་མིན་ཡང་སོ་སོར་ཕྱེ་བའོ། །གཞུང་ལུགས་ཀྱི་ལྟར་ན། དེ་ཉིད་དོན་དམ་པའི་བདེན་པ་དང༌། ངོ་བོ་ཉིད་ཀྱི་སྐུར་ཡང་བཤད་ན་ལེགས་ཏེ། སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་མི་སྲིད་པའི་ཕྱིར་རོ། །སྣང་ཚུལ་གྱི་སྐུ་ཕྱི་མ་གཉིས་ནི་གཞན་དོན་གྱི་སྐུ་དང༌། ཀུན་རྫོབ་ཀྱི་སྐུ་དང༌། གཟུགས་ཀྱི་སྐུའོ། །འདི་ལ་ཆོས་ཀྱི་སྐུ་ཟེར་མི་ཟེར་གྱི་དཔྱད་པ་ནི་དེ་མ་ཐག་ཏུ་འབྱུང་ངོ༌། །གཉིས་པ་སྐུ་དངོས་བཏགས་ལ་དཔྱད་པ་ལ། བོད་ཕྱི་མ་གང་དག་གཟུགས་སྐུ་གཉིས་སངས་རྒྱས་ཀྱི་སྐུར་ཁས་མ་བླངས་ན། སངས་རྒྱས་ལ་སྐུར་པ་འདེབས་པའི་ལྟ་བ་ངན་པར་འགྱུར་རོ་སྙམ་དུ་བསམ་ནས། དེ་གཉིས་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ཡིན་ནོ་ཞེས་ཁས་ལེན་པར་བྱེད་དོ། །འདི་དག་ནི་སངས་རྒྱས་ཀྱི་སྐུ་གསུམ་གྱི་རྣམ་པར་བཞག་པ་དང༌། དེ་གནས་ཚུལ་ལ་ཇི་ལྟར་གནས་ནས། སྣང་ཚུལ་ལ་ཇི་ལྟར་སྣང་བའི་ཚུལ་སོགས་ཇི་ལྟར་ཡིན་མ་ཤེས་བཞིན་དུ་སྨྲ་བ་ལ་ཆེས་ཤིན་ཏུ་རིངས་པ་ཡིན་པས། ཡིད་བརྟན་པར་མི་བྱའོ། །འོ་ན་ཇི་ལྟར་ཞེ་ན། གནས་སྐབས་གསུམ་གྱིས་བཤད་དགོས་ཏེ། དྲང་དོན་དང༌། གནས་སྐབས་ཀྱི་ངེས་དོན་དང༌། ངེས་དོན་མཐར་ཐུག་པའི་དབང་དུ་བྱས་པའོ། །དང་པོ་ནི། གཟུགས་སྐུ་གཉིས་པོ་སངས་རྒྱས་དངོས་སུ་ཁས་ལེན་དགོས་ཏེ། ཀུན་རྫོབ་ཀྱི་ངོར་ན་དེ་དག་སངས་རྒྱས་མཚན་ཉིད་པ་ཡིན་པར་སྣང་བའི་ཕྱིར་དང༌། དེ་མཐོང་བ་ལ་སངས་རྒྱས་མཐོང་བ་དང༌། དེའི་གསུང་ཐོས་པ་ལ་སངས་རྒྱས་ཀྱི་གསུང་ཐོས་པ་ལ་སོགས་པའི་རྣམ་གཞག་བྱེད་དགོས་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ཀྱི་སྐུ་གཉིས་ནི་དེ་དང་དེར་སྣང་བའི་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། དེར་སྣང་བ་ཙམ་ནི་སྣང་མཁན་གྱི་ཤེས་པ་ལས་གཞན་དུ་མེད་པར་མདོ་སྡེ་པ་ཡན་ཆད་ཀྱི་གྲུབ་པའི་མཐའ་ལས་ཀྱང་ལེགས་པར་གྲུབ་ཅིང༌། སྣང་བ་དེ་གཏོད་བྱེད་ཀྱི་རྒྱུར་གྱུར་བའི་གཟུགས་ཤིག་ཡོད་པར་འདོད་པ་དེ་ནི། ལྷན་ཅིག་དམིགས་ངེས་ལ་སོགས་པའི་རྟགས་ཀྱིས་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་ལ་གྲགས་པའི་རིགས་པས་ཀྱང་ཁེགས་ལ། སྣང་བ་དེ་ལས་རྫས་གཞན་དུ་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཞིག་ཐ་སྙད་དུ་ཁས་ལེན་དགོས་ཀྱང༌། དེ་ནི་གཟུགས་ཀྱི་སྐུ་མ་ཡིན་པའི་ཕྱིར་དང༌། སློབ་དཔོན་བཟང་པོའི་ཞབས་ཀྱིས་ཀྱང༌། ཀུན་རྫོབ་དུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་ཞེས་གསུངས་ཀྱི། ལོངས་སྐུའི་རྣམ་པ་གཏོད་བྱེད་ཀྱི་གཟུགས་སྐུ་རྫས་གཞན་པ་ཅིག་ཡོད་པར་མ་གསུངས་པའི་ཕྱིར་དང༌། རྒྱུད་བླ་མར་ཡང༌། ཇི་ལྟར་བཻ་ཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདིར་གྱུར་ཏེ། །ཞེས་པ་ནས། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་བརྟེན་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསལ་བར་གསུངས་པ་དང༌། །རྒྱན་འདིར་ཡང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ༌། །ཞེས་པ་རྩ་འགྲེལ་གྱིས་གཞན་དོན་གྱི་སྐུ་གཉིས་པོ་གནས་ཚུལ་ལ་ཡེ་ཤེས་སུ་གནས་ཀྱང༌། སྣང་ཚུལ་ལ་གཟུགས་སྐུར་སྣང་བ་བཤད་པའི་ཕྱིར། ཤེར་ཕྱིན་གསུམ་བརྒྱ་པ་ལས་ཀྱང༌། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲ་ཤེས་པ། །ལོག་པའི་ལམ་དུ་ཞུགས་པས་ཏེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །ཞེས་དང༌། གསེར་འོད་དམ་པའི་མདོ་སྡེ་ལས་ཀྱང༌། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་སྐུ་གསུམ་མངའ་སྟེ། གསུམ་གང་ཞེ་ན། སྤྲུལ་པའི་སྐུ་དང༌། ལོང་སྤྱོད་རྫོགས་པའི་སྐུ་དང༌། ཆོས་ཀྱི་སྐུའོ། །སྐུ་སྔ་མ་དེ་གཉིས་ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སྐུ་དེ་གཉིས་ཀྱི་གཞི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་གཟུགས་སྐུ་གཉིས་གནས་ཚུལ་ལ་ཡེ་ཤེས་མཚན་ཉིད་པ་ཡིན་ན། སངས་རྒྱས་སུ་ཧ་ཅང་ཐལ་ལོ་ཞེ་ན། དེའི་གནས་ཚུལ་སངས་རྒྱས་ཡིན་པ་ན་དེ་ཡིན་དགོས་སམ་མི་དགོས་ཀྱང་རུང་སྟེ། གཟུགས་སྐུ་གཉིས་པོ་གནས་ཚུལ་ལ་ཡེ་ཤེས་སུ་གནས་པར་ཁས་བླངས་པ་མེད་དོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་མཁྱེན་བརྩེ་གཉིས་གནས་ཚུལ་ལ་ཡེ་ཤེས་སུ་གནས་ནས། སྣང་ཚུལ་ལ་གཟུགས་ཀྱི་སྐུར་སྣང་བ་དེའི་ཚེ། སྣང་ཙམ་དེ་ལ་གཟུགས་ཀྱི་སྐུར་འཇོག་ཀྱང༌། དེ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང༌། མཁྱེན་བརྩེ་གཉིས་པོ་དེར་ཡང་སངས་རྒྱས་ཀྱི་སས་བསྡུས་ཀྱི། སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པར་མི་འཆད་དོ། །དེ་ལྟར་ན་གནས་སྐབས་ཀྱི་ངེས་དོན་དང༌། དོན་དམ་བདེན་པའི་རྣམ་གཞག་བྱེད་པ་དེའི་ཚེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གཅིག་པུ་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་དང༌། དེ་ལའང་ལྡོག་པས་ཕྱེ་ན་རང་གཞན་གྱི་དོན་གྱི་སྐུ་གཉིས་དང༌། སྐུ་གསུམ་ཚང་བར་ཁས་ལེན་ནོ། །གསུམ་པ་ངེས་དོན་མཐར་ཐུག་པའི་ཚེ་ན་ནི། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་དོན་དམ་པའི་སྐྱབས་མ་ཡིན་པ་དང༌། དོན་དམ་པར་ན་སངས་རྒྱས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །ལྔ་པ་ཤེས་བྱ་མཁྱེན་པའི་ཚུལ་ལ། གྲུབ་མཐའ་སྨྲ་བ་བཞིའི་འདོད་པ་ལས། དང་པོ་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཕྱི་རོལ་གྱི་དོན་ནི་རྣམ་མེད་ཐུག་ཕྲད་དུ་མཁྱེན་ལ། ཤེས་པ་དང༌། འདུས་མ་བྱས་གསུམ་ནི་ཅིར་ཡང་མི་སྣང་བའི་ཚུལ་གྱིས་མཁྱེན་པའོ། །མདོ་སྡེ་པས་ནི། དོན་གྱི་རྣམ་པ་ཤར་ནས་མཁྱེན་པ་ཡིན་གྱི། དོན་དངོས་སུ་མི་སྣང་བར་འདོད་དོ། །ཤེས་པ་ལ་རང་གཞན་གཉིས་ལས་གཉིས་ཀ་ཡང་རང་རིག་གི་ཚུལ་གྱིས་རིག་པ་ཡིན་ཏེ། ཤེས་པ་གཞན་གྱི་གཟུང་རྣམ་ཤེས་པ་དེ་ཉིད་ལ་ཤར་བ་ལ་གཞན་སེམས་ཤེས་པ་ལ་སོགས་པའི་ཐ་སྙད་འཇོག་པའི་ཕྱིར། ཞེས་རྒྱུད་གཞན་གྲུབ་པར་གསུངས་པས། དེས་གཞན་གྱི་ཤེས་པ་ཡང་དངོས་སུ་རིག་པར་འདོད་དོ། །དེའི་ཡེ་ཤེས་ལ་སྤྱི་མཚན་རྣམས་ཀྱང་དངོས་སུ་སྣང་བ་མ་ཡིན་ཏེ། དེ་སྣང་བ་རྟོགས་པར་ཐལ་བའི་ཕྱིར་རོ། །ཞེས་འདོད་དོ། །སེམས་ཙམ་རྣམ་བདེན་པས་ནི། དེ་དང་འདྲ་བ་ལ་ཁྱད་པར་ནི་ཕྱི་རོལ་གྱི་དོན་མེད་དོ། །རྣམ་བརྫུན་པས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་རྣམ་པ་ཤར་བ་ཡང་མི་འདོད་དེ། དེའི་རྣམ་པ་ནི་མ་རིག་པའི་བག་ཆགས་ལས་འཆར་དགོས་པའི་ཕྱིར། དེས་ན་དོན་དམ་པའི་བདེན་པ་འབའ་ཞིག་མཁྱེན་ནོ། །དབུ་མ་པའི་ལུགས་ལ་གསུམ་ལས། མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། ཀུན་རྫོབ་མཁྱེན་ཚུལ་དང༌། དོན་དམ་མཁྱེན་ཚུལ་གཉིས་ལས། དང་པོ་ནི། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་འདོད་ལ། དེ་ཡང་ཡེ་ཤེས་དེ་ལ་ཕྱི་རོལ་དོན་གྱི་སྣང་བ་འཆར་བ་དང༌། དེ་ཡང་སེམས་ཅན་ལ་སྣང་ཚུལ་དང་མི་འདྲ་བར་ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པའི་དབེན་པ་སྒྱུ་མ་ལྟ་བུའི་དོན་ཙམ་ཞིག་སྣང་བར་འདོད་ལ། མདོ་སྡེ་པ་དང་མི་འདྲ་བའི་ཁྱད་པར་ནི། ཕྱི་རོལ་གྱི་དོན་རིགས་པས་དཔྱད་ནས་ཁས་མི་ལེན་པ་དང༌། དེའི་གནས་ཚུལ་རྡུལ་ཕྲན་དུ་ཁས་མི་ལེན་པ་སོགས་སོ། །བཏགས་པས་དབེན་ཞེས་པའི་དོན་ཡང༌། སེམས་ཅན་ལ་སྣང་ཚུལ་ནི་གཟུགས་གཅིག་ཉིད་འགའ་ཞིག་ལ་ཡིད་འོང་དང༌། འགའ་ཞིག་ལ་ཡིད་མི་འོང་དུ་སྣང་ལ། སངས་རྒྱས་ཀྱི་ཡེ་ཤེས་ལ་དེ་དང་བྲལ་བའོ། །གཉིས་པ་དོན་དམ་མཁྱེན་པའི་ཚུལ་ནི། དབུ་མ་པ་གསུམ་ཀ་ལ་མི་འདྲ་བའི་ཁྱད་པར་མེད་པས་འོག་ནས་འཆད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་པས་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་སྣང་བ་འཆར་བར་མི་འདོད་དེ། དེར་སྣང་བའི་རྒྱུ་གཉིས་སྣང་གི་འཁྲུལ་པ་སྤངས་པའི་ཕྱིར་རོ། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པས་ནི། སངས་རྒྱས་ལ་ཀུན་རྫོབ་ཀྱི་སྣང་བ་རང་སྣང་ལ་འཆར་བ་མ་ཡིན་ཏེ། སྣང་བ་དེ་ཐམས་ཅད་མ་རིག་པའི་དབང་གིས་ཤར་བ་ཡིན་ལ། སངས་རྒྱས་ཀྱིས་ནི་དེ་སྤངས་པའི་ཕྱིར་རོ། །འོ་ན་དེ་མི་སྣང་ན་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང༌། བག་ལ་ཉལ་དང་མཚམས་པར་དམ་པའི་ཆོས་སྟོན་པར་མི་ནུས་སོ་ཞེ་ན། སྐྱོན་མེད་དེ། གདུལ་བྱ་གཞན་ལ་ཇི་ལྟར་སྣང་བའི་ཚུལ་ཐོགས་མེད་དུ་མཁྱེན་པའི་ཕྱིར་རོ། །དཔེར་ན་ཐ་མལ་པའི་གཉིད་སད་པའི་གནས་སྐབས་ན་རྨི་ལམ་གྱི་སྣང་བ་རང་སྣང་གི་ཚུལ་གྱིས་མི་འཆར་ཡང༌། དེ་ལ་ཇི་ལྟར་སྣང་བའི་ཚུལ་ཤེས་པ་བཞིན་ནོ། །དེ་སྐད་དུ་ཡང་མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །མདོར་ན་དབུ་མ་པ་གསུམ་ཀའི་ལུགས་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རང་སྣང་གི་ཚུལ་གྱིས་མཁྱེན་པ་ནི་དོན་དམ་པའི་བདེན་པ་འབའ་ཞིག་ཡིན་ཏེ། དེ་ལ་དུས་རྟག་ཏུ་མཉམ་པར་གཞག་པ་ལས་མི་གཡོ་བའི་ཕྱིར། དེའི་སྟོབས་ཀྱིས་སེམས་ཅན་གཞན་སྣང་ལ་འབྱུང་བའི་ཀུན་རྫོབ་ཀྱི་བདེན་པ་རྣམས་ཀྱི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱང་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་མཁྱེན་པ་ཡིན་ཏེ། དེ་མཁྱེན་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར། ཆོས་ཉིད་མཁྱེན་པ་དེ་ཡང་ཅིར་ཡང་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་པ་ཡིན་གྱི། ཡེ་ཤེས་དེ་ལ་ཆོས་ཉིད་སྤྲོས་བྲལ་དེ་མངོན་སུམ་དུ་སྣང་བ་ནི་མ་ཡིན་ཏེ། སྤྱི་མཚན་དངོས་སུ་སྣང་ན་རྟོག་པར་ཐལ་བ་དང༌། གཉིས་སྣང་ཅན་གྱི་ཤེས་པར་ཐལ་བའི་ཕྱིར་རོ། །འོ་ན་ཇི་སྙེད་པ་མངོན་སུམ་དུ་མཁྱེན་ན། དེ་དངོས་སུ་སྣང་དགོས་སོ་སྙམ་ན། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་ལྐོག་གྱུར་དང༌། དོན་སྤྱི་དང༌། ཡིད་དུ་འོང་མི་འོང་དང༌། ཚོར་བ་བདེ་སྡུག་དང༌། རོ་ཞིམ་མི་ཞིམ་དང༌། ཚ་གྲང་གི་རེག་བྱ་ལ་སོགས་པ་ཐ་མལ་པའི་སེམས་ཅན་ལ་ཇི་ལྟར་སྣང་བ་དེ་ཐམས་ཅད་སྣང་བར་འགྱུར་ཏེ། དེ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཕྱིར་རོ། །ཞེས་པའི་ཐལ་བ་བཟློག་པར་མི་ནུས་སོ། །འོ་ན་བློ་གཅིག་གིས་བདེན་གཉིས་ཅིག་ཆར་དུ་མཁྱེན་པའམ། རིམ་གྱིས་མཁྱེན་པ་ཡིན་ཞེ་ན། བདེན་གཉིས་ལས་ནི། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་བློ་གཅིག་གིས་ཅིག་ཆར་དུ་མཁྱེན་པར་བཞེད་ལ། འདི་ཉིད་སློབ་དཔོན་ཟླ་བ་གྲགས་པས་ཀྱང་བཞེད་པ་ཡིན་ཏེ། འཇུག་པ་ལས། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ནི། བློ་སོ་སོས་རིམ་གྱིས་མཁྱེན་པར་བཞེད་པ་ཡིན་ཏེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འབྱུང་ཞིང༌། དེས་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པར་བཞེད་དོ། །དོན་འདི་ལ་ལོ་ཙཱ་བ་ཆེན་པོ་ནི། སངས་རྒྱས་ཀྱི་མཉམ་གཞག་མ་འཁྲུལ་བ་དང༌། རྗེས་ཐོབ་འཁྲུལ་སྣང་ཅན་དུ་བཞེད་པ་ཡིན་ཏེ། སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས། སྔ་མ་ཇི་ལྟ་མཁྱེན་པ་ནི། །འཁྲུལ་མེད་མཉམ་གཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་གསུངས་སོ། །མདོར་ན་ཤེས་བྱ་མ་ལུས་པའི་གནས་ཚུལ་མངོན་སུམ་དུ་མཁྱེན་ནས། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པ་ན། ཆོས་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་སྣང་ཚུལ་ཐོགས་མེད་དུ་འཆད་པར་ནུས་པའི་མཁྱེན་པ་མངའ་བ་དེ་ལ་ཤེས་བྱ་མ་ལུས་པ་མཁྱེན་པ་ཞེས་བརྗོད་པ་ཡིན་གྱི། འཁྲུལ་སྣང་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བར་འདོད་དགོས་པ་མ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། ཀླུ་སྒྲུབ་ཞབས་ཀྱིས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཉི་ཟླ་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་ཅན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་ཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཞིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །ཞེས་དང༌། དབུ་མ་ལ་འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དོན་མེད་པ་དང་ཡོད་པ་དག །མི་སྣང་སྣང་བ་དེ་ཉིད་ནི། །གནས་གཞན་གྱུར་པ་ཡིན་ཞེས་བྱ། །ཞེས་སོགས་རྒྱས་པར་གསུངས་པ་ཡིན་ནོ། །མདོར་ན་བོད་ཕྱི་མ་དག ཀུན་རྫོབ་ཀྱི་སྣང་བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མི་སྣང་ན། མེད་པར་འགྱུར་རོ་ཞེས་འཕེན་པ་ནི། རིགས་པ་མཁྱེན་པའི་གཞུང་གི་དོན་དུ་འདོད་མོད་ཀྱང༌། དེས་དེའི་མཚན་ཉིད་གཟིགས་པ་ཙམ་གྱིས་དེ་ལ་དེ་སྣང་མི་དགོས་པ་ནི་རྒྱས་པར་བཤད་ཟིན་ལ། དེར་མ་ཟད་ཇི་སྐད་དུ། མིག་ནི་རབ་རིབ་ཅན་གྱི་ཤེས་པ་ཡི། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་ཤེས་པའི་བློ་ལ་གནོད་མ་ཡིན། །ཞེས་པའི་གཞུང་གི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ནོ། །དྲུག་པ་གཞུང་སོ་སོ་ལས་འཕྲོས་པའི་དོན་བཤད་པ་ལ་གསུམ་སྟེ། ཟད་པར་དང༌། ཟིལ་གནོད་དང༌། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་ཇི་ལྟར་འཇོག་པའི་ཚུལ་ལོ། །དང་པོ་ལ་ངོ་བོ། དབྱེ་བ། རྟེན། སྦྱོང་ཚུལ། མཚན་མ། དེ་ཡིད་ལ་བྱེད་པའི་ཚུལ། བྱེད་ལས། སྐྱེ་མཆེད་གཞན་ལ་ཟད་པར་མི་འཇོག་པའི་རྒྱུ་མཚན། ངེས་ཚིག་དང་དགུའི་སྒོ་ནས་བཤད་པར་བྱའོ། །དང་པོ་ནི་མཛོད་ལས། ཟད་པར་བཅུ་པོ་བརྒྱད་མ་ཆགས། །བསམ་གཏན་མཐའ་ན་ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པར་བཤད་པས། རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། རང་གི་དམིགས་པ་དེ་དང་དེའི་གཟུང་རྣམ་གྱིས་མཐའ་ཡས་པར་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞིག་གོ །ཟད་པར་ཕྱི་མ་གཉིས་གཟུགས་མེད་ཀྱི་སེམས་ལ་བརྟེན་པར་བོད་སྔ་མ་རྣམས་བཞེད་ཀྱང༌། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བསྒྲུབ་པར་མངོན་པ་གོང་མ་ལས་གསུངས་པ་ཡིན་ནོ། །གཉིས་པ་དབྱེ་བ་ནི། ཟད་པར་ས་ནས་རྣམ་པར་ཤེས་པའི་བར་བཅུའོ། །ཟད་པར་བདུན་གྱི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། རླུང་གི་དམིགས་པ་ནི་གཟུགས་དང་རེག་བྱ་གཉིས་ཀ་དང༌། ཐ་མ་གཉིས་ཀྱི་དམིགས་པ་གཟུགས་མེད་ཀྱི་སས་བསྡུས་པའི་མིང་གཞིའི་ཕུང་པོ་ཡིན་པར་མཛོད་འགྲེལ་ལས་གསུངས་ཀྱང༌། དམིགས་པ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཐམས་ཅད་ལ་རྣམ་པ་ནམ་མཁའ་དང་རྣམ་ཤེས་ཀྱིས་ཁྱབ་པར་སྤྲོ་ནུས་པའོ། །གསུམ་པ་ནི། ཉི་སྣང་ལྟར་ན། བསམ་གཏན་བཞི་ཀ་དང༌། མངོན་པ་གོང་མ་ལྟར་ན་བསམ་གཏན་བཞི་པའི་རབ་མཐའ་དང༌། འོག་མ་ལྟར་ན་དང་པོ་བརྒྱད་རབ་མཐའ་དང༌། ཐ་མ་གཉིས་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་པར་བཤད་དོ། །བཞི་པ་ལ་གཉིས་ཏེ། སྔར་སྦྱང་བ་བྱས་པའི་དང༌། མ་བྱས་པའི་བསྒྲུབ་ཚུལ་ལོ། །དང་པོ་ནི། སོ་སོའི་དམིགས་པ་ཅུང་ཟད་ཙམ་མཐོང་བ་ལས། དེ་དང་དེའི་ཏིང་ངེ་འཛིན་གསལ་བར་འགྱུར་བའོ། །གཉིས་པ་ལ། དམིགས་པ་གང་ལ་དམིགས་པ་དང༌། དེ་ལ་ཡིད་གཏོད་པའི་ཚུལ་ལོ། །དང་པོ་ནི། ཁ་དོག་གི་དབྱེ་བ་སྣ་ཚོགས་དང༌། ཆུ་གཙང་མ་དྲི་མ་མེད་པས་སྣོད་བཀང་བ་དང༌། སྡོང་བུ་མར་མེ་འབར་བ་དང༌། ལུས་ཀྱི་ཕྱོགས་གང་དུ་རླུང་གི་རེག་བྱ་འབྱུང་བའི་བུ་ག་བརྩིགས་པ་ལ་སོགས་ལ་གཏོད་པ་དང༌། སྔོ་སེར་དཀར་དམར་བཞིའི་ཐིག་ལེ་བྱས་པ་ལ། ཁ་དོག་མི་མཐུན་པའི་ཚོན་གྱིས་བཅད་བྱས་པ་དང༌། བུམ་ནང་དུ་མར་མེ་སྦར་ཏེ་ཁ་བཅད་ཅིང་བུ་ག་ཧ་ཅང་མི་ཆེ་བ་གཏོད་ནས། དེའི་འོད་ཀྱིས་བརྩིགས་ངོས་ལ་སྣང་བའི་དཀྱིལ་འཁོར་ཡུན་རིང་དུ་གནས་པ་དང༌། བརྩིགས་པ་ལ་སྣམ་བུ་སོགས་ཀྱིས་གཡོགས་པའི་གནས་སུ་མཐོ་གང་སོར་བཞི་ཙམ་གྱི་བུ་ག་གཏོད་པ་རྣམས་སོ། །དམིགས་པ་འདི་དག་དེ་དང་དེའི་དམིགས་ཡུལ་དུ་ཉི་སྣང་ལས་གསུངས་པས། ཁུངས་ཐུབ་པ་དེའི་ཕྱིར་ཟད་པར་ཕྱི་མ་གཉིས་ཀྱང་གཟུགས་ཅན་ལ་དམིགས་པར་གསལ་ལོ། །གཉིས་པ་ནི། སྟན་བདེ་བ་ལ་འདུག་ནས་ཡིད་དང་མཐུན་པའི་གནས་སུ་དམིགས་པ་དེ་དག་ལ་དམིགས་ནས། ས་ས། ཆུ་ཆུ། ཞེས་སོགས་བཅུ་པོའི་མིང་ཙམ་ལ་དམིགས་ནས་ཡང་དང་ཡང་དུ་གོམས་པར་བྱེད་དོ། །ལྔ་པ་མཚན་མ་ལ། མ་གྲུབ་པའི་རྟགས་འཛིན་པའི་མཚན་མ་དང༌། གྲུབ་པའི་རྟགས་སྣང་བའི་མཚན་མ་འཆར་ཚུལ་ལོ། །དང་པོ་ནི། སྔར་གྱི་དམིགས་པ་དེ་དག་སོ་སོ་ལ་རིམ་པ་བཞིན་དུ། སྦུ་བ་དང་འདྲེས་པའི་ཆུ་གཡོ་བའི་རྣམ་པ་དང༌། མེ་ཆད་ཅིང་ལྷུང་བ་དང༌། རླངས་པ་འཐུལ་བ་ལྟ་བུ་དང༌། སྡོང་བུ་དང་གེ་སར་མེད་པའི་ཨུཏྤ་ལ་སྔོན་པོ་དང༌། སེར་པོ་དང༌། དམར་པོ་ལྟ་བུ་དང༌། འོད་ཀྱི་དཀྱིལ་འཁོར་དེ་ཇེ་གསལ་དུ་སོང་བ་དང༌། བརྩིགས་པའི་བུ་ག་བློས་བསྐྱེད་ཀྱང་མི་འཕེལ་བར་སྣང་བ་རྣམས་སོ། །གཉིས་པ་གྲུབ་པའི་མཚན་མ་ནི། ནམ་མཁའ་ལ་གནས་པའི་ནོར་བུའི་རླུང་གཡབ་དང༌། ནོར་བུའི་དཀྱིལ་འཁོར་ལྟར་མི་གཡོ་བའི་རྣམ་པ་ཅན་དང༌། ནམ་མཁའ་ལ་གནས་པའི་ཟླ་བ་དམར་པོ་ཟླུམ་པོའི་རྣམ་པ་ཅན་དང༌། གསེར་གྱི་རླུང་གཡབ་དང༌། སྔོ་སེར་དཀར་དམར་བཞིའི་དམིགས་རྟེན་ལས། ནམ་མཁའ་ལ་འཕགས་ནས་ནོར་བུའི་རླུང་གཡབ་ལྟར་སྣང་བ་དང༌། སྣང་བའི་ཚོགས་རབ་ཏུ་དྭང་བ་དང་འདྲ་བར་ཐམས་ཅད་ལ་སྣང་བ་དང༌། ནམ་མཁའི་དཀྱིལ་འཁོར་ལྟ་བུར་གྱུར་ནས་གནས་ཤིང་བློས་བསྐྱེད་པ་ན་འཕེལ་བར་སྣང་བ་རྣམས་སོ། །ས་ལ་ནི་དམིགས་རྟེན་དང༌། མཚན་མ་གསུངས་པ་མི་སྣང་ངོ༌། །དྲུག་པ་ཡིད་ལ་བྱེད་པའི་ཚུལ་ནི། མཚན་མ་དེ་དག་བྱུང་བའི་ཚེ་རྟོག་པ་དང༌། ཡིད་ལ་བྱེད་པ་སྤངས་ནས་གོམས་པར་བྱའོ། །བདུན་པ་བྱེད་ལས་ནི། གཅིག་དུ་གྱུར་ནས་མང་པོར་འགྱུར་བ་དང༌། ནམ་མཁའ་དང་ཆུ་ལ་སར་སྤྲུལ་ནས་རྐང་པས་འགྲོ་བ་སོགས་བྱེད་པ་དང༌། ས་ལ་བྱི་བ་འཛུལ་བྱེད་ཅིང་སྟེང་དུ་འབྱུང་བ་དང༌། ཆུའི་ཆར་འབེབས་པ་དང༌། ས་དང་རི་བོ་སོགས་རྒྱ་མཚོར་སྤྲུལ་པ་དང༌། གང་འདོད་པ་དེ་བསྲེག་ཅིང་འབར་བར་བྱེད་པ་དང༌། མྱ་ངན་ལས་འདའ་བ་ན་ལུས་མེས་བསྲེག་པ་དང༌། རླུང་ལྟར་འགྲོ་བ་དང༌། གཟུགས་མངོན་པར་སྤྲུལ་ཞིང་མུན་པར་བྱེད་པ་དང༌། སེར་པོར་སྤྲུལ་ཞིང་གསེར་དུ་འགྱུར་བར་བྱེད་པ་སོགས་དང༌། དམར་པོ་དང་དཀར་པོ་ལ་ཡང་དེ་བཞིན་དང༌། ལྷའི་མིག་གི་ཡུལ་སྣང་བར་བྱེད་པ་དང༌། བརྩིགས་པ་སོགས་ལ་ཐོགས་མེད་དུ་འགྲོ་བའོ། །བརྒྱད་པ་ནི། གཟུགས་དང་རེག་བྱ་ལ་ཟད་པར་བཞག་ནས། སྐྱེ་མཆེད་གཞན་ལ་མི་འཇོག་པ་ཅི་ཞེ་ན། དེ་གཉིས་ནི་བདག་དང་གཞན་གཉིས་ཀ་དང༌། གཟུགས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་པའི་རྒྱུ་མཚན་གྱིས་བཞག་ལ། དབང་པོ་ལྔ་ཕྱི་རོལ་དུ་སྤྲོ་མི་ནུས་པ་དང༌། དྲི་རོ་གཉིས་གཟུགས་ཁམས་ན་མེད་པས་མ་བཞག་གོ །ཞེས་སའི་དངོས་གཞིར་གསུངས་ལ། སྒྲ་ལ་རྒྱུན་མེད་པས་དེ་མ་བཞག་གོ་ཞེས་བོད་ཀྱི་སློབ་དཔོན་རྣམས་གསུང་ངོ༌། །ནམ་མཁའ་དང་རྣམ་ཤེས་གཉིས་ཀྱིས་ནི་ཁམས་གསུམ་ཀ་ལ་ཁྱབ་པར་སྤྲོ་ནུས་པས་ཟད་པར་བཞག་ལ། གཟུགས་མེད་ཕྱི་མ་གཉིས་ནི་དམིགས་པ་གཅོད་པ་དང༌། སེམས་ཀྱི་རྒྱུ་བ་མི་གསལ་བས་ཟད་པར་མ་བཞག་གོ །དགུ་པ་ནི། ཟད་པར་དང༌། མཐའ་ཡས་དང༌། མཐའ་དག་དང༌། མ་ལུས་པ་ཞེས་བྱ་བ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། ཉི་སྣང་ལས། རྒྱུན་མི་ཆད་པར་ཁྱབ་པར་སྤྲོ་བས་ན་ཟད་པར་གྱི་སྐྱེ་མཆེད་དོ་ཞེས་གསུངས་སོ། །གཉིས་པ་ཟིལ་གནོན་ལ། ངོ་བོ་ནི་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། དམིགས་པ་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག རང་རྒྱུ་ཟད་པ་སྔོན་དུ་སོང་བའོ། །དབྱེ་ན་དབྱིབས་ཟིལ་གྱིས་གནོན་པ་བཞི་དང༌། ཁ་དོག་ཟིལ་གྱིས་གནོན་པ་བཞི་སྟེ་བརྒྱད་དོ། །དང་པོ་ནི། དེ་ལ་བརྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་པ་དང་མ་བཤིག་པ་གཉིས་ཀྱི་སྒོ་ནས། སོ་སོར་ཕྱི་རོལ་གྱི་གཟུགས་ཆུང་ངུ་དང་ཆེན་པོ་རྣམས་ལ་བལྟ་ཞིང༌། དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང༌། དེ་ལྟར་འདུ་ཤེས་པ་དང་བཅས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །བཞི་པོ་འདི་དག་ནི་རྣམ་ཐར་དང་པོ་གཉིས་ཀྱི་རྒྱུ་ལས་བྱུང་ཞིང༌། དེ་ངེས་པར་སྔོན་དུ་འགྲོ་དགོས་ལ། དགོས་པ་ནི། ཟད་པར་གྱི་དམིགས་པ་ཧ་ཅང་རྒྱ་ཆེས་ནས་བསྡུ་བར་མ་ནུས་ན། འདིས་ཟིལ་གྱིས་གནོན་པ་ཡིན་ནོ། །འདིར་གཟུགས་ཆུང་ངུ་ནི་སེམས་ཅན་གྱི་གཟུགས་དང༌། ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ལ་བྱ་ལ། ཤེས་པ་ནི་ཞི་གནས་དང༌། མཐོང་བ་ནི་ལྷག་མཐོང་དང༌། དེ་ལྟར་འདུ་ཤེས་པ་ཞེས་པ་ནི་དམིགས་པ་ཟིལ་གྱིས་ནོན་ནམ་མ་ནོན་ཀྱང་རུང༌། མངོན་པའི་ང་རྒྱལ་མེད་པར་སྟོན་པའོ། །ཕྱི་མ་བཞིན་ནི། དེ་ལ་བརྟེན་ནས་རང་རྒྱུ་ཁྱད་པར་སྡུག་པའི་རྣམ་ཐར་སྔོན་དུ་བཏང་ནས། ཕྱི་རོལ་གྱི་གཟུགས་སྔོན་པོ་ལ་སོགས་པར་བལྟ་ཞིང༌། དེ་དག་ཟིལ་གྱིས་མནན་ནས་ཤེས། མནན་ནས་མཐོང༌། དེ་ལྟར་འདུ་ཤེས་པས་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །འདི་ཡང་མདོ་ལས། སྔོན་པོ་ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་ཝ་ར་ན་སིའི་རས་སྔོན་པོ་ཞེས་དང༌། སེར་པོ་ལ་དོང་ཁའི་མེ་ཏོག་དང༌། དམར་པོ་ལ་བནྡྷུ་ཛི་ཧ་ཀའི་མེ་ཏོག་དང༌། དཀར་པོ་ལ་སྐར་མ་པ་བ་སངས་དང་སྦྱར་ཞིང༌། ཡུལ་ཝ་ར་ན་སིའི་རས་སེར་པོ་སོགས་ཀྱང་སྦྱར་ནས་གསུངས་སོ། །དེ་ལ་སྔོན་པོ་ཞེས་པས་ནི་མདོར་བསྟན་ནོ། །ཁ་དོག་སྔོན་པོ་ཞེས་པས་ནི་ལྷན་སྐྱེས་ཀྱི་སྔོན་པོའོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་པས་ནི་སྦྱོར་བྱུང་གིའོ། །འོད་སྔོན་པོ་འབྱུང་བ་ཞེས་པས་ནི་དེ་གཉིས་ཀ་ལ་སྔོན་པོའི་མདངས་གསལ་བའོ། །དཔེ་ལ་གཉིས་གཉིས་སུ་གསུངས་པ་ཡང་ལྷན་སྐྱེས་དང་སྦྱོར་བྱུང་གི་དཔེའོ། །དེ་ལྟར་ན་ཟད་པར་ཟིལ་གནོན་གཉིས་ཀའི་སྐབས་སུ་གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་ཞིག་བཤད་ཀྱང༌། དེའི་ཚེ་གཟུགས་ལ་ནི་ཆགས་བྲལ་མ་བྱས་པ་ཞིག་ངེས་པར་དགོས་པ་ཡིན་ཏེ། ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བར་བཤད་པའི་ཕྱིར་དང༌། ཟད་པར་གྱི་ཚེ་གཟུགས་ལ་མངོན་ཞེན་མ་ལོག་ན། ཟིལ་གནོན་གྱིས་ཟིལ་གྱིས་གནོན་དགོས་པར་བཤད་པའི་ཕྱིར་དང༌། གཟུགས་མེད་ཀྱི་འདུ་ཤེས་ཉེ་བར་བཞག་པའི་ཟིལ་གནོན་རྣམས་ནི། ཕྱི་རོལ་གཟུགས་ལ་ཆགས་པ་དང་མ་བྲལ་བ་ཞིག་གིས་ངེས་པར་བསྒོམ་དགོས་པར་བཤད་པའི་ཕྱིར། དེས་ན་འདི་གཉིས་ནི་འདོད་གཟུགས་ཀྱི་རྟེན་ཅན་དུ་ངེས་ལ། མངོན་པ་མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། རྟེན་ཅན། ཞེས་གསུངས་པ་ནི། འདི་དང་གྲུབ་པའི་མཐའ་མི་ཅིག་པ་ཁོ་ནའོ། །གསུམ་པ་ནི། ཇི་སྐད་དུ། གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ངེས་པར་ཁས་བླངས་དགོས་པ་རྣམས་ཇི་ལྟར་བསྡུས་ཞེས་ཟེར་རོ། །ཞེས་བཤད་པ་དེར་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གདོན་མི་ཟ་བར་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན། འདི་ལ་གསུམ་སྟེ། སྤྱིར་དེ་གཉིས་གང་ན་ཡོད་པའི་ས་མཚམས། སངས་རྒྱས་ཀྱི་སར་དེ་ཁས་མི་ལེན་པའི་ཤེས་བྱེད་དང༌། བཟང་པོའི་ཞབས་ཀྱི་དགོངས་པ་གང་ཡིན་པའོ། །དང་པོ་ནི། དེ་གཉིས་ཀ་ཡང་སྤྱིར་བག་ཆགས་ཀྱི་དབང་གིས་ཁམས་གསུམ་གང་རུང་གི་རྣམ་པ་སྣང་བ་ཅན་གྱི་གཉིས་སྣང་གི་ཤེས་པ་ཞིག་ཡིན་ལ། མིང་གི་རྣམ་གྲངས་ཀྱང༌། སེམས་སེམས་བྱུང་དང༌། ཁམས་གསུམ་པའི་རྣམ་པ་ཅན་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །དེ་ཡང་ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པ་རྩ་འགྲེལ་དང༌། འགྲེལ་བཤད་བློ་བརྟན་གྱིས་མཛད་པ་ལས་ཤིན་ཏུ་གསལ་ལོ། །ལོ་ཆེན་གྱིས་ནི་སངས་རྒྱས་ཀྱི་ས་ན་སེམས་སེམས་བྱུང་ཡོད་པས། བློ་བརྟན་གྱི་འདོད་པ་མི་འཐད་དོ། །ཞེས་དགག་པ་ཡང་མཛད་མོད་ཀྱང༌། མཛད་པ་ཙམ་དུ་ཟད་དོ། །དེ་བཞིན་དུ་ཤེས་པ་ཐམས་ཅད་སེམས་སེམས་བྱུང་གཉིས་སུ་འདུ་བ་མ་ཡིན་ཏེ། ཤེས་པ་ཐམས་ཅད་ནི་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱིས་བསྡུ་བར་ནུས་ལ། སེམས་སེམས་བྱུང་ནི་རྣམ་ཤེས་རྐྱང་པའི་དབྱེ་བ་ལས་ཕྱེ་བ་ཡིན་གྱི། ཡེ་ཤེས་ལ་སྤྱིར་དེ་གཉིས་སུ་ཕྱེ་བ་གཞུང་གང་ནས་ཀྱང་མ་བཤད། ཁྱད་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཙོ་བོ་རྣམ་རིག་ཅིག་གི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་འབྱུང་བར་མི་འཐད་ཅིང༌། གཙོ་བོ་སེམས་གཅིག་གི་འཁོར་དུ་ནི་སེམས་བྱུང་ཀུན་འགྲོ་ལྔ་འབྱུང་བར་ཁས་ལེན་དགོས་པའི་ཕྱིར། དེ་མི་འཐད་པའི་ཤེས་བྱེད་ནི། སངས་རྒྱས་ཀྱི་ཡེ་ཤེས་ལྟ་ཞོག སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གྱི་མཉམ་གཞག་ན་ཡང་ལྔ་པོ་དེ་ཡོད་པ་མ་ཡིན་ཏེ། ཚོར་བ་ནི་རེག་པའི་རྐྱེན་གྱིས་འབྱུང་དགོས་ལ། དེ་ཡང་ཡུལ་དབང་ཡིད་བྱེད་གསུམ་འདུས་ནས་ཡུལ་ཡོངས་སུ་སྤྱོད་པ་ལས་བྱུང་བ་ཡིན་ལ། དེ་ཡང་སྐབས་དེ་ན་མེད་པའི་ཕྱིར་དང༌། ཟག་མེད་ཀྱི་ཚོར་བ་དང་རེག་པ་བཤད་ཀྱང༌། དེས་ཀུན་འགྲོ་ལྔའི་ཡ་གྱལ་གྱི་རེག་ཚོར་གྱི་གོ་མི་ཆོད་པའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང༌། དེ་དུས་ཀྱི་ཚོར་བ་དེ་རྣམ་སྨིན་གྱི་ངོ་བོར་བཤད་པའི་ཕྱིར། འདུ་ཤེས་ཀྱང་དེ་ན་ཡོད་པ་མ་ཡིན་ཏེ། འདུ་ཤེས་ནི་མཚན་མར་འཛིན་པའི་བློ་ཡིན་ལ། སྐབས་དེ་ན་སྤྲོས་པའི་མཚན་མ་གང་ཡང་མི་འཛིན་པའི་ཕྱིར། ཡིད་བྱེད་དང་སེམས་ཡང་ཡོད་པ་མ་ཡིན་ཏེ། སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར་དང༌། སེམས་ཡུལ་ལ་འཇུག་པ་མེད་པའི་ཕྱིར་རོ། །མདོར་ན་གནས་སྐབས་དེ་ན་ཡིད་ཀྱི་རྣམ་པར་ཤེས་པ་མེད་ན། ཀུན་འགྲོ་ལྔ་ལྟ་ཅི་སྨོས། དེ་མེད་པའི་ཤེས་བྱེད་ཀྱང༌། བདག་རྐྱེན་ཡིད་ཀྱི་དབང་པོ་ལ་བཤད་ཚུལ་གཉིས་ལས་མེད་ཅིང༌། གཉིས་པོ་དེ་གང་ཡང་གནས་སྐབས་དེ་ན་མེད་པའི་ཕྱིར་དང༌། ཡིད་ཀྱི་རྣམ་ཤེས་ཞེས་བྱ་བ་ནི་བག་ཆགས་ཀྱི་དབང་གིས་ཆོས་སུ་སྣང་བའི་རྣམ་རིག་ཞིག་ལ་བྱ་བ་ཡིན་ལ། འདིར་ནི་ཡུལ་གྱི་སྣང་བ་ཅི་ཡང་མི་འཆར་བའི་ཕྱིར་དང༌། སྤྲོས་བྲལ་རྟོགས་པ་དེ་ཡང་ཡེ་ཤེས་ཀྱི་དབང་གིས་ཡིན་གྱི། བག་ཆགས་ཀྱི་དབང་གིས་མ་ཡིན་པའི་ཕྱིར། དེའི་ཕྱིར་སོ་སོ་རང་གི་རིག་པའི་ཡེ་ཤེས་རྣམས་ལྟ་ཞོག བྱིས་པའི་རྒྱུད་ཀྱི་རང་རིག་པའི་མངོན་སུམ་ཞེས་བྱ་བ་འཛིན་རྣམ་གྱི་མཚན་ཉིད་ཅན་དུ་འདོད་པ་དེ་ལ་གཙོ་འཁོར་གྱི་དབྱེ་བ་མེད་ཅིང༌། ཡོད་དུ་ཆུག་ཀྱང་དེའི་འཁོར་ན་ཀུན་འགྲོ་ལྔ་རེ་རེ་ནས་འབྱུང་བའི་གོ་སྐབས་མེད་དོ། །དེའི་ཤེས་བྱེད་ཀྱང་གཙོ་འཁོར་དུ་འཇོག་པ་ནི་གཉིས་སྣང་གི་ཁྱད་པར་དུ་བྱས་པའི་ཡུལ་ལ་ལྟོས་ནས་འཇོག་པ་ཡིན་ལ། འདིར་ནི་དེ་མེད་པའི་ཕྱིར། དེ་འཇོག་པ་ཡིན་ཏེ། དོན་གྱི་ངོ་བོ་དང༌། ཁྱད་པར་གྱི་མཐོང་ཚུལ་དང༌། དེ་ལ་ངེས་པ་འདྲེན་ཚུལ་ལས་སེམས་སེམས་བྱུང་དུ་འཇོག་པར་བཤད་པའི་ཕྱིར། དེར་མ་ཟད་ཀུན་གཞིའི་རྣམ་པར་ཤེས་པ་ལའང་གཙོ་འཁོར་འཇོག་པ་དཀའ་བ་ཡིན་ཏེ། དེས་དོན་གྱི་ངོ་བོ་དང་ཁྱད་པར་གང་ཡང་རིག་པ་མེད་པའི་ཕྱིར། དེའི་ཕྱིར་ཤེས་པ་ཐམས་ཅད་དེ་གཉིས་སུ་འདུས་པ་ལྟ་ཞོག རྣམ་ཤེས་ཀྱི་དབྱེ་བ་ཐམས་ཅད་ཀྱང་དེར་འདུས་པ་མེད་དོ། །འོ་ན་ཅི་ཟག་མེད་ཀྱི་སེམས་སེམས་བྱུང་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། སེམས་སེམས་བྱུང་གི་དབྱེ་བར་བཤད་པའི་དད་སོགས་དང༌། རེག་ཚོར་སོགས་འགའ་ཞིག་ལ་ཟག་མེད་བཤད་ཀྱང༌། དེ་ཙམ་གྱིས་དེ་ལ་དེ་བཤད་པར་མི་འགྲུབ་སྟེ། དེ་དག་དེར་མི་འདོད་པའི་ཕྱིར་དང༌། སྤྱིར་ཡང་གཞུང་ལུགས་ལས་སེམས་སེམས་བྱུང་རང་ལྡོག་ནས་ཟག་བཅས་དང་ཟག་མེད་དུ་ཕྱེ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །གཉིས་པ་ལ། ལུང་རིགས་གཉིས་ལས། ལུང་གི་ཤེས་བྱེད་ནི། ཡུམ་གྱི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་སེམས་ཀྱི་རྒྱུ་མ་མཆིས་པ་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་པའི་ལན་དུ། བསྒོམ་ལམ་མཉམ་གཞག་འཆད་པའི་མདོ་རྣམས་གསུངས་པ་དང༌། འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་ལས། དོན་དམ་པའི་བདེན་པ་ལ་ནི་སེམས་ཀྱི་རྒྱུ་མ་མཆིས་ན་རྣམ་པར་རྟོག་པ་ལྟ་ཅི་སྨོས། ཞེས་གསུངས་པ་དང༌། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་རྒྱུ་བ་འགགས་པར་ལན་ཅིག་མ་ཡིན་པར་གསུངས་པ་དང༌། ཇི་སྐད་དུ། གཟུགས་ལ་སོགས་པ་མི་ཤེས་ཕྱིར། །ཞེས་པའི་འགྲེལ་པར་སློབ་དཔོན་ཉིད་ཀྱིས། རྣམ་པར་ཤེས་པ་ཐམས་ཅད་ཀྱི་དམིགས་པའི་དོན་གསལ་བ་ཉིད་ཀྱིས་ཞེས་ཟབ་མོ་སྟོང་པ་ཉིད་དེ་རྣམ་ཤེས་ཀྱི་ཡུལ་ལས་འདས་པར་བཤད་པའི་ཕྱིར་དང༌། མདོ་དང་རྒྱུད་སྡེ་དུ་མ་ལས་རྣམ་ཤེས་ལ་མི་བརྟོན་ཅིང་ཡེ་ཤེས་ལ་བརྟོན་པར་བཤད་པ་དང༌། དོན་དམ་པའི་མཚན་བརྗོད་པ་ལས། རྣམ་ཤེས་དོན་ནི་འགགས་པར་བྱེད། །ཞེས་གསུངས་སོ། །གཉིས་པ་རིགས་པ་ནི། སྤྱིར་སེམས་ཞེས་བྱ་བའི་སྒྲ་བཤད་འཇུག་གཉིས་ཀ་ཡོད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་པར་ཐེག་བསྡུས་རྩ་འགྲེལ་ལས་གསལ་བར་གསུང་ཞིང༌། སེམས་དེ་གང་ན་ཡོད་པའི་གནས་སྐབས་དེར་གཙོ་སེམས་ཡོད་ཅིང༌། དེའི་རྒྱུ་མཚན་གྱིས་འཇུག་པའི་རྣམ་པར་ཤེས་པ་ལ་ཡང་གཙོ་བོ་སེམས་ཀྱི་སྒྲ་འཇུག་པ་ཡིན་པ་ལས། སངས་རྒྱས་ཀྱི་སར་ནི་གཙོ་བོ་སེམས་མེད་དེ། དེའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་མེད་པའི་ཕྱིར་དང༌། དེ་མེད་པའི་རྒྱུ་མཚན་གྱིས། དེ་གང་ལ་བཏགས་མིང་དུ་འཇུག་པའི་གཞི་དང་འདོགས་པའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་དང༌། སངས་རྒྱས་ཀྱི་སར་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀ་གནས་གྱུར་པའི་ཕྱིར་དང༌། རྣམ་ཤེས་ཚོགས་བརྒྱད་གནས་གྱུར་ནས་ཀྱང་ཡོད་པར་ཁས་ལེན་ན་ནི། ས་དེར་ཀུན་གཞི་དང་ཉོན་ཡིད་ཀྱང་ཡོད་པར་འགྱུར་རོ། །ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་མཚན་ཉིད་པར་མི་འདོད་ན་ནི། ཀུན་གཞི་ཉོན་ཡིད་ཀྱང་གནས་གྱུར་པ་མ་ཡིན་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། བརྒྱད་ཀ་ལ་གནས་གྱུར་བཤད་པར་ནི་ཁྱད་པར་མེད་ལ། ཅིག་ཤོས་ཀྱི་གནས་གྱུར་དེ་མཚན་ཉིད་པར་མི་འདོད་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་ས་ན་རྣམ་པར་ཤེས་པ་ཁས་མི་ལེན་ཏེ། ས་དེར་བདག་དང་ཆོས་སུ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་ཁས་ལེན་པ་མེད་པའི་ཕྱིར། དེས་ཁྱབ་པའི་ཤེས་བྱེད་ཀྱང༌། སུམ་ཅུ་པ་ལས། བདག་དང་ཆོས་སུ་ཉེར་འདོགས་པ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །ཞེས་ཀུན་གཞི་དང་ཉོན་ཡིད་དང་འཇུག་ཤེས་ཏེ་གསུམ་དུ་བཤད་དོ། །གཞན་ཡང་སངས་རྒྱས་ཀྱི་ས་ན་སེམས་དང་སེམས་ལས་བྱུང་བ་གཉིས་ཀ་མེད་དེ། གཟུང་འཛིན་གཉིས་སྣང་གི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར་དང༌། ཡང་དག་པའི་མཐའ་མངོན་དུ་མཛད་པའི་ཕྱིར་རོ། །གསུམ་པ་སློབ་དཔོན་གྱི་བཞེད་པ་ནི། སངས་རྒྱས་ཀྱི་སར་དེ་གཉིས་ཡོད་པར་བཞེད་པ་མ་ཡིན་ཏེ། སློབ་དཔོན་འདིས་ཐ་སྙད་ཀྱི་རྣམ་བཞག་རྣལ་འབྱོར་སྤྱོད་པའི་ཚུལ་དང་མཐུན་པར་འཇོག་ཅིང༌། ལུགས་དེ་ལ་དེ་མེད་པར་སྣང་བ་ཤ་སྟག་དུ་བཞེད་པའི་ཕྱིར་དང༌། དབུ་མའི་གཞུང་ལུགས་ཕལ་ཆེ་བ་ལས། དེ་ན་དེ་མེད་པར་བཤད་པ་ཤ་སྟག་དུ་གསལ་བ་ཡིན་པའི་ཕྱིར་རོ། །འོ་ན་མངོན་པ་ཀུན་ལས་བཏུས་ལས། ཚད་མེད་པ་དང༌། རྣམ་ཐར་དང༌། ཟད་པར་དང༌། ཟིལ་གནོན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར། སེམས་དང་སེམས་ལས་བྱུང་བར་བཤད་པ་མིན་ནམ་ཞེ་ན། དེ་དག་ནི་སངས་རྒྱས་ཀྱི་སའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་མཚུངས་ལྡན་དུ་བྱུང་བའི་དད་སོགས་དགེ་བ་བཅུ་གཅིག་པོ་རྣམས་ལ་དགོངས་ནས་གསུངས་པ་ཡིན་ཏེ། དཔེར་ན་ཀུན་གཞི་འཁོར་དང་བཅས་པ་ལ་སེམས་སེམས་བྱུང་གི་མཚན་ཉིད་མ་ཚང་ཡང་དེར་བཏགས་ནས་བཤད་པ་བཞིན་ནོ། །སློབ་དཔོན་གྱིས་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གདོན་མི་ཟ་བར་ཁས་ལེན་དགོས་ཞེས་ཟེར་བ་འདི་ཡང༌། དེ་མཚན་ཉིད་པ་ལ་འཆད་པ་མ་ཡིན་ཏེ། དེ་ཡིན་ན་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡིན་དགོས་པ་ལས། འདིར་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བཤད་པའི་ཕྱིར་དང༌། འོ་ན་དགོངས་པ་ཅི་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ལྡོག་པས་ཕྱེ་ན་གཉིས་ཏེ། གཞི་དུས་ཀྱི་གསལ་རིག་དེ་ཉིད་དྲི་མ་མ་ལུས་པ་དང་བྲལ་བའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུར་བཞག་པ་དེ་དང༌། དེ་དང་བྲལ་བས་དེའི་ཚེ་སྟོབས་སོགས་ཡོན་ཏན་རྣམས་གསར་དུ་སྐྱེས་པ་ཡིན་པས། དེ་དང་དེ་ལ་ཆོས་ཅན་ཡེ་ཤེས་ཀྱི་སྐུ་དང་ཀུན་རྫོབ་ཀྱི་བདེན་པར་འཇོག་པ་ཡིན་ལ། དེ་ནི་ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། བྱེད་ལས་ཀྱི་ཁྱད་པར་གཟུགས་སྐུ་གཉིས་ཀྱི་བདག་པོའི་རྐྱེན་བྱེད་པ། ངོ་བོའི་ཁྱད་པར་གཟུང་འཛིན་གཉིས་སུ་སྣང་བ་མེད་ཀྱང་ཆོས་ཅན་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་མཁྱེན་པ། སྤངས་པའི་ཁྱད་པར་གནས་གྱུར་མཐར་ཐུག་པའོ། །དེ་འདྲ་དེ་ངོ་བོ་ཉིད་ཀྱི་སྐུ་ནི་མ་ཡིན་ཏེ། རྒྱུ་རྐྱེན་ལས་སྔར་མེད་གསར་དུ་བྱུང་བའི་ཕྱིར། གཟུགས་སྐུ་གཉིས་ཀྱང་མ་ཡིན་ཏེ། གཞན་གྱི་རྣམ་རིག་ལ་མི་སྣང་བའི་ཕྱིར། དེས་ན་ཡེ་ཤེས་ཀྱི་སྐུ་ཡིན་ཏེ། དེ་འདྲ་ཅིག་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཕྱིར་རོ། །ཞེས་བཞེད་པ་ཡིན་ནོ། །གཉིས་པ་ཡེ་ཤེས་བཤད་པ་ལ། ཡེ་ཤེས་ཀྱི་ངོ་བོ། དེའི་རྒྱུ། དེ་སངས་རྒྱས་ཀྱི་སྐུ་ཇི་ལྟར་ཡིན་པའི་ཚུལ་ལོ། །དང་པོ་ནི། འཕགས་པ་སངས་རྒྱས་ཀྱི་ས་ལས། སངས་རྒྱས་ཀྱི་ས་ནི་རྣམ་པ་ལྔས་བསྡུས་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །བོད་ཕྱི་མ་གང་དག་མཚན་ཉིད་ཐེག་པར་ཆོས་དབྱིངས་ཡེ་ཤེས་མ་བཤད་དོ་སྙམ་པ་ནི་ཡང་དག་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་ཆོས་དབྱིངས་ཡེ་ཤེས་ཡིན་པ་ནི་འཕགས་སེང་གཉིས་ཀའི་བཞེད་པ་ལ་གསལ་བའི་ཕྱིར་ཏེ། དོན་གསལ་ལས། ངོ་བོ་ཉིད་ཀྱི་སྐུ་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཞེས་དང༌། ཉི་སྣང་ལས། ཆོས་ཀྱི་དབྱིངས་དང་ལྡན་པར་གྱུར་བ་ནི་བཅོས་མ་མ་ཡིན་པའི་དོན་གྱིས་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་ཤེས་པར་བྱ་སྟེ། ཞེས་བཤད་པས་སོ། །ཡེ་ཤེས་ཕྱི་མ་བཞིའི་ངོས་འཛིན་ནི། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་བསྒྲུབ་པ་ཁོ་ནའོ། །ཞེས་དང་པོ་རྟེན་དང༌། གསུམ་པོ་དེ་ལ་བརྟེན་པར་བཤད་དོ། །དོན་དེ་ཡང་ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་སོ། །ཅིའི་ཕྱིར་མེ་ལོང་ལྟ་བུ་ཞེས་བྱ་ན། དེ་ཉིད་ལས། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་ཕྱིར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་གསུངས་པས། རྒྱུ་དུས་སུ་བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་ལས་བྱུང་ཞིང༌། འབྲས་བུའི་ཁྱད་པར་མི་གནས་པའི་མྱང་འདས་སུ་ཞུགས་པ་དང༌། གྲོགས་ཀྱི་ཁྱད་པར་བྱམས་པ་དང༌། ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །གསུམ་པ་སོར་རྟོག་ནི། ཇི་སྐད་དུ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་གསུངས་སོ། །བཞི་པ་བྱ་བ་བསྒྲུབ་པའི་ཡེ་ཤེས་ནི། ཇི་སྐད་དུ། ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡི། །སེམས་ཅན་དོན་ཀུན་བསྒྲུབ་པའོ། །ཞེས་གསུངས་སོ། །གཉིས་པ་རྒྱུ་ནི། དེ་ཉིད་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་གསུངས་སོ། །འཛིན་པ་ཞེས་པ་ནི་ཐོས་པ་བྱ་རྒྱུའི་གསུང་རབ་རྣམས་འཛིན་པ་དང༌། དེ་གཞན་ལ་སྟོན་པ་དང༌། དེས་གཞན་གྱི་བྱ་བ་བསྒྲུབ་པ་དང༌། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པའོ། །གསུམ་པ་ཡེ་ཤེས་དེ་དག་སྐུ་གསུམ་དང་ཇི་ལྟར་སྦྱོར་བའི་ཚུལ་ནི། ཐུབ་པ་དགོངས་གསལ་དུ་སློབ་དཔོན་ཙནྡྲ་གོ་མིའི་ལུང་དྲངས་པ་ལས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེའོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཁ་ཅིག་མེ་ལོང་ཡེ་ཤེས་ཀྱང༌། །ལོངས་སྤྱོད་རྫོགས་པའི་སྐུ་རུ་རྟོག །དེ་ཡང་དེ་ལ་རྒྱུ་ཉིད་ཕྱིར། །ཉེ་བར་བཏགས་པས་དེ་བཞིན་གཞན། །དབང་པོ་ལྔའི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་ནི། །བྱ་བ་བསྒྲུབ་པ་ཙམ་ཉིད་ཐོབ། །དེ་ཡང་རྟག་པར་ཐམས་ཅད་དུ། །དུས་ཇི་བཞིན་དང་བསམ་ཇི་བཞིན། །སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་སྟེ། །སྤྲུལ་པ་ཀུན་གྱི་རྒྱུ་ཡིན་ཕྱིར། །ཁ་ཅིག་ཡིད་ཀྱི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོགས། །དབང་པོ་ལྔའི་རྣམ་ཤེས་གང༌། །དེའི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་གསུངས་སོ། །ལུང་དེ་དག་གིས་ནི་ཡེ་ཤེས་དེ་དང་དེ་དག་གཞན་སྣང་གི་སྐུ་གཉིས་པོ་དེ་དང་དེའི་བདག་པོའི་རྐྱེན་དུ་སྟོན་པ་ཡིན་ལ། ཡེ་ཤེས་དེ་དག་གི་རང་ལྡོག་ནས་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལའང་གནས་ཚུལ་གྱི་སྐུ་གསུམ་ཀ་ཚང་བར་བཞུགས་པ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བྱ་བ་བསྒྲུབ་པའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་དང༌། ཡེ་ཤེས་དེ་དག་གི་གནས་ཚུལ་ལམ་གསལ་ཆ་གཞི་ལམ་འབྲས་གསུམ་གྱི་གནས་སྐབས་སུ་དབྱེར་མེད་པ་དེ་ལ་ནི། ཆོས་དབྱིངས་ཡེ་ཤེས་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །གསུམ་པ་མཛད་པ་འཕྲིན་ལས་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་འདིར་འོད་ཟེར་ཆེན་པོའི་དབང་བསྐུར་བཤད་པའོ། །དང་པོ་ལ། ངོ་བོ་ངོས་བཟུང༌། སོ་སོའི་དབྱེ་བ་རྒྱས་པར་བཤད། འཕྲིན་ལས་དེ་སེམས་ཅན་གྱི་རྒྱུད་ལ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། བདག་པོའི་རྐྱེན་ཆོས་ཀྱི་སྐུ་ལས་བྱུང་ཞིང༌། དམིགས་པའི་རྐྱེན་སེམས་ཅན་ལ་དམིགས་པས་རབ་ཏུ་ཕྱེ་བའི་སངས་རྒྱས་ཀྱི་མཛད་པའོ། །གཉིས་པ་ལ་གཉིས་ཏེ། བྱེད་པ་པོ་ལ་ཡོད་པ་དང༌། བྱ་བ་ཡུལ་ལ་ཡོད་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་ལ་གཉིས་སུ་ཕྱེ་བའི་གཞན་དོན་གྱི་སྐུ་གང་ཡིན་པ་དེ་ཡིན་ལ། དེ་ཡང་སྣང་ཚུལ་གྱི་གཟུགས་སྐུ་གཉིས་པོ་ནི་མ་ཡིན་ཏེ། དེ་ནི་བྱ་བ་ཡུལ་ལ་ཡོད་པ་དང༌། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པས་སོ། །འོ་ན་ཅི་ཞེ་ན། གནས་ཚུལ་གྱི་གཞན་དོན་གྱི་སྐུ་གང་ཡིན་པ་དེ་ཉིད་དོ། །དེ་ཡང་གང་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ལྡོག་པའི་སྒོ་ནས་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པའི་ཆ་གཉིས་ལས། དང་པོ་ནི། གནས་ཚུལ་ལ་རང་དོན་དོན་དམ་པ་ཆོས་ཀྱི་སྐུ་ཞེས་བྱ་བ་དེ་ཡིན་ལ། ཇི་སྙེད་པ་མཁྱེན་པའི་ཆ་དང༌། དེ་ཉིད་གཞན་ལ་སྟོན་པའི་ཐུགས་རྗེའི་ཆ་དང༌། དེ་ལྟ་བུའི་མཁྱེན་བརྩེ་གཉིས་ཀྱིས་གཞན་རྒྱུད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་གཞོམས་པར་ནུས་པའི་ནུས་ཆ་གསུམ་མོ། །དེ་ལ་ཡང་རྒྱས་པར་ཕྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་ལུང་གི་ཆོས་དང་དེའི་དོན་ཇི་ལྟ་བ་བཞིན་དུ་མཁྱེན་པའི་རྟོགས་པའི་ཆ་དང༌། སྔོན་སློབ་པ་ལམ་གྱི་གནས་སྐབས་ཀྱི་གང་ཟག་གི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་སྟེ། མདོར་ན་གཞན་དོན་གྱི་ཆར་གྱུར་པའི་སྐྱབས་གསུམ་ཀ་སངས་རྒྱས་ཀྱི་སར་ཚང་བ་དེ་ལ་ནི་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་ཞེས་བྱའོ། །གཉིས་པ་བྱ་བ་ལ་ཡུལ་ལ་ཡོད་པ་ནི། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དེ་ཉིད་སྐལ་བ་དང་མཚམས་པར་སེམས་ཅན་སོ་སོའི་ཤེས་རྒྱུད་ལ་སོ་སོར་ཞུགས་པ་རྣམས་སོ། །དེ་ཡང་སྐུའི་འཕྲིན་ལས་དང༌། གསུང་གི་འཕྲིན་ལས་དང༌། ཐུགས་ཀྱི་འཕྲིན་ལས་རྣམས་སོ། །དང་པོ་ནི། སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་སོ་སོའི་བློའི་མེ་ལོང་ཡོངས་སུ་དག་པའི་ཁྱད་པར་ལས། འགའ་ཞིག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལ་ལར་མཆོག་གི་སྤྲུལ་པའི་སྐུ་དང༌། ལ་ལར་བཟོ་དང་སྐྱེ་བའི་སྤྲུལ་པ་དང༌། ལ་ལར་གཟིངས་དང་ཟམ་པ་དང༌། ཆུ་བོ་བསྒྲོལ་བའི་མཉན་པ་ལ་སོགས་པ་གང་ལ་གང་འདུལ་གྱི་གཟུགས་སུ་སྣང་ངོ༌། །མཆོག་གི་སྤྲུལ་པ་ལ་ཡང༌། ཆགས་ཅན་ལོངས་སྐུའི་ཆ་ལུགས་ཅན་དང༌། ཆགས་བྲལ་ཚངས་སྤྱོད་ཀྱི་ཆ་ལུགས་ཅན་གཉིས་ལས། སྔ་མ་ལ་ལོངས་སྐུ་ཆུང་ངུ་ཞེས་ཀྱང་བྱའོ། །སྐུའི་བཀོད་པ་དེ་དག་ཀྱང་གདུལ་བྱ་གཞན་ལ་ཇི་ལྟར་སྣང་བ་དེ་ཉིད་ནི། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཡིན་ཏེ། དེའི་སེམས་རྒྱུད་ཀྱིས་བསྡུས་པའི་ཕྱིར། འོ་ན་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་སྐུ་ཡོད་པར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆ་དེ་སངས་རྒྱས་ཀྱི་སྐུར་ཁས་མ་བླངས་པའི་ཕྱིར། དེ་ཡང་འདི་ལྟར། ས་བཅུའི་བྱང་སེམས་ལ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་གསུང་གི་ཆ་དང༌། སྐུའི་བཀོད་པ་གང་སྣང་བ་དེ་ཙམ་ཞིག་ནི་བྱང་སེམས་དེའི་སེམས་རྒྱུད་ཀྱིས་བསྡུས་ལ། དེའི་སྐུ་གསུང་ཐུགས་ཀྱི་གསང་བ་ཇི་སྙེད་ཡོད་པ་དེ་ཐམས་ཅད་ནི་དེ་ལ་སྣང་བ་མ་ཡིན་ཏེ། དེ་ནི་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་ལོངས་སྐུ་གཅིག་ཉིད་ས་དང་པོ་ནས་བཅུ་པའི་བར་གྱི་བྱང་སེམས་ལ་ཐུན་མོང་དུ་མཐུན་པར་སྣང་བ་མ་ཡིན་གྱི། རང་རང་གི་བློའི་ཚོད་དང་མཐུན་པར་ཐ་དད་དུ་སྣང་བ་དེའི་ཚེ་ན། སྣང་མཁན་གྱི་བློ་ལ་མཐོ་དམན་གྱི་ཁྱད་པར་ཡོད་པ་དེ་བཞིན་དུ། དེ་ལ་སྣང་བའི་ལོངས་སྐུ་ལ་ཡང་བཟང་ངན་གྱི་ཁྱད་པར་འབྱུང་བ་ཡིན་ཏེ། སྣང་བ་དེ་དག་སོ་སོ་ནས་སྣང་མཁན་རང་གི་ཤེས་རྒྱུད་ཀྱིས་བསྡུས་པས་སོ། །དེ་བཞིན་དུ་རྡོ་རྗེ་གདན་དུ་བྱོན་པའི་མཆོག་གི་སྤྲུལ་པའི་སྐུ་གཅིག་ཉིད། ཉན་ཐོས་དང་སོ་སོ་སྐྱེ་བོ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་མཐུན་པར་སྣང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རང་རང་སོ་སོའི་བློ་ཚོད་དང་མཐུན་པར་ཐ་དད་དུ་སྣང་བ་ཡིན་ཏེ། དེ་ལས་གཞན་དུ་ན་གདུལ་བྱ་དེ་དག་ལ་བློ་མཐོ་དམན་གྱི་ཁྱད་པར་མེད་པར་འགྱུར་ཏེ། སངས་རྒྱས་གཅིག་ཉིད་གདུལ་བྱ་སོ་སོའི་བློའི་རིགས་ཐ་དད་ཀྱིས་བསྡུས་པར་མཚུངས་པའི་ཕྱིར། དེ་བཞིན་དུ་གཟུགས་སྐུ་གཉིས་ཀྱིས་ཆོས་གསུང་བའི་ཚངས་པའི་དབྱངས་གདུལ་བྱ་སོ་སོའི་ཉན་ཤེས་ལ་སྣང་བ་དེ་ཡང༌། དེའི་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། དེ་དག་དེའི་ཉན་ཤེས་ཀྱི་གཟུང་རྣམ་ཡིན་པའི་ཕྱིར། དཔེར་ན་དེའི་དོན་ཉམས་སུ་བླངས་པ་ལས་བྱུང་བའི་རྟོགས་པའི་ཁྱད་པར་དེ་དག་གདུལ་བྱ་རང་རང་སོ་སོའི་རྒྱུད་ཀྱིས་བསྡུས་པ་བཞིན་ནོ། །མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་གདུལ་བྱ་གཞན་ལ་སྣང་ཚུལ་ནི་གཉིས་ཏེ། གཟུགས་སུ་སྣང་བ་དང༌། སྒྲར་སྣང་བའོ། །དང་པོ་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང༌། གཉིས་པ་ནི་ལུང་གི་ཆོས་འཁོར་རོ། །དེ་ཡང་ཡེ་ཤེས་ཀྱི་སྐུ་དེ་གཟུགས་དང་སྒྲའི་སྐྱེ་མཆེད་དུ་མི་སྣང་བ་ནི་གཉིས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་དང༌། སེམས་ཅན་གཞན་རྒྱུད་མ་དག་པ་བློའི་མེ་ལོང་མ་ཐོབ་པ་དག་གོ །དེའི་ཤེས་བྱེད་ཀྱང༌། དང་པོ་ནི། སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བའི་ཕྱིར་དང༌། ཇི་སྐད་དུ། ཇི་ལྟར་ཆུའི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་པ་ལྟར་གདུལ་བྱ་གཞན་རྒྱུད་མ་དག་པ་ལ་སངས་རྒྱས་ཀྱི་སྐུ་དང༌། གསུང་གི་སྣང་བ་མི་འཆར་བའི་ཕྱིར། འོ་ན་དེ་དག་ལ་འཕྲིན་ལས་ཇི་ལྟར་འཇུག་ཅེ་ན། དགེ་བའི་བཤེས་གཉེན་གཅིག་ནས་ཅིག་དུ་བརྒྱུད་པའི་ངག་དང༌། གསུང་རབ་ཀྱི་གླེགས་བམ་ལ་སོགས་པ་མཐོང་བའི་དབང་གིས་འཇུག་པའོ། །བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དེ་ཉིད་ལ། རྟེན་གྱི་སྒོ་ནས་ཉི་ཤུ་རྩ་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་སྐུའི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བསྡུ་ན་གསུམ་དུ་འདུས་ཏེ། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་དང༌། ལམ་ལ་འགོད་པ་དང༌། ལམ་གྱི་འབྲས་བུ་ལ་འགོད་པའོ། །འདི་ནི་སྤྲུལ་པའི་སྐུའི་འཕྲིན་ལས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། ལམ་གྱི་རྟེན་ལ་འགོད་པ་དང༌། གདུལ་བྱ་ཐེག་པ་གསུམ་ལ་འགོད་པ་ལྟ་བུ་ནི་ལོངས་སྐུ་དངོས་ཀྱི་འཕྲིན་ལས་ལ་མི་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་པ་ནི་ལོངས་སྤྲུལ་གཉིས་ཀའི་ཐུན་མོང་གི་འཕྲིན་ལས་འཇུག་ཚུལ་གྱི་དབང་དུ་བྱས་པའོ། །གསུམ་པ་འཕྲིན་ལས་དེ་ཇི་ལྟར་འཇུག་པའི་ཚུལ་ནི། རྒྱུད་བླ་མར་དཔེ་དགུའི་སྒོ་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞི། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་སོ། །དེའི་དོན་རྒྱས་པར་འཆད་པ་ལ། སྐུ་སྟོན་པ་བརྒྱ་བྱིན་དང་འདྲ་བའི་ཚུལ་ནི། དཔེར་ན་སུམ་ཅུ་རྩ་གསུམ་ན་ཡོད་པའི་བརྒྱ་བྱིན་གྱི་གཟུགས་ས་གཞི་ལ་འཆར་བ་དེ་བཞིན་དུ། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་གཟུགས་བརྙན་ཉན་རང་དང༌། སོ་སོ་སྐྱེ་བོ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལ་རང་རང་གི་བློའི་མེ་ལོང་དག་མ་དག་གི་རིམ་པ་དང་མཚམས་པར་ལོངས་སྤྲུལ་གཉིས་ཀྱི་གཟུགས་སུ་སོ་སོར་སྣང་ངོ༌། །ཞེས་འཆད་པ་ནི། ཇི་སྐད་དུ། ཇི་ལྟར་བཻ་ཌཱུར་དག་པ་ཡི། །རང་བཞིན་ས་སྟེང་འདིར་གྱུར་ཏེ། །གང་ཕྱིར་ལྷའི་དབང་པོ་དེར། །ལྷ་ཡི་བུ་མོའི་ཚོགས་དང་བཅས། །ཞེས་པ་ནས་བཟུང་སྟེ། འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་པ་མེད། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་བལྟ། །ཞེས་གསུངས་སོ། །གཉིས་པ་གསུང་སྟོན་པ་ལྷའི་རྔ་བོ་ཆེ་དང་འདྲ་བའི་ཚུལ་ནི། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྔོན་གྱི་དགེ་བའི་མཐུས་ཆོས་ཀྱི་སྡོམ་བཞི་སྟོན་པའི་སྒྲ་ནམ་མཁའ་ལས་འབད་མེད་དུ་འབྱུང་བ་བཞིན་དུ། གདུལ་བྱ་རྣམས་ལ་ཡང་སྔོན་གྱི་དགེ་བའི་མཐུ་དང༌། སྨོན་ལམ་གྱི་མཐུས་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྒྲ་འབད་མེད་དུ་འབྱུང་བ་ཡིན་གྱི། སེམས་ཅན་རང་ལས་ཤེས་རྒྱུད་ཐ་དད་དུ་གྱུར་པའི་གང་ཟག་རང་མཚན་པ་ཞིག་གིས་ཆོས་བཤད་པའི་སྒྲ་ཐོས་པ་ནི་མ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང༌། །རྣམ་པར་རྟོག་པ་མེད་བཞིན་དུ། །ཞེས་པ་ནས། དེ་བཞིན་ཆོས་ཕྲ་མཆོག་དུ་ནི། །ཞིབ་མོའི་ཡེ་ཤེས་སྤྱོད་ཡུལ་ཡང༌། །ཉོན་མོངས་མེད་ཡིད་འགའ་ཞིག་གི །རྣ་བའི་ལམ་དུ་འགྱུར་བ་ཡིན། །ཞེས་གསུངས་སོ། །གསུམ་པ་ཐུགས་རྗེས་ཁྱབ་པ་སྤྲིན་དང་འདྲ་བར་བསྟན་པ་ནི། དཔེར་ན་སྤྲིན་ལས་ཆར་འབབ་པ་དེ་དབབ་པར་བྱའོ་སྙམ་པའི་ཀུན་སློང་གི་བསམ་པ་མེད་ཀྱང༌། སེམས་ཅན་གྱི་དགེ་བའི་མཐུས་འབབ་པ་དེ་བཞིན་དུ། གདུལ་བྱ་ལ་སངས་རྒྱས་ཀྱི་ཆོས་ཀྱི་ཆར་འབབ་པ་དེ་ཡང༌། ཀུན་སློང་གི་བསམ་པ་སྔོན་དུ་སོང་བ་མེད་པར། གདུལ་བྱ་རང་གི་བསོད་ནམས་ཀྱི་དབང་གིས་འབབ་པ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུའི་ཕུང་པོ་འབད་མེད་པར། །ས་ལ་མངོན་པར་འབེབས་པ་ལྟར། །ཞེས་པ་ནས། འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ལས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་གསུངས་སོ། །བཞི་པ་སྤྲུལ་པ་སྟོན་ཚུལ་ཚངས་པ་དང་འདྲ་བ་ནི། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཞེས་གསུངས་སོ། །ལྔ་པ་ཡེ་ཤེས་སྤྲོ་བ་ཉི་མ་དང་མཚུངས་པ་ནི། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཆར་སྤྲོས་པ་ཡིས། །པད་མ་རྒྱས་པར་བྱེད་པ་དང༌། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །ཞེས་པ་ནས། སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཉི་མ་ཇི་བཞིན་འབབ། །ཞེས་གསུངས་སོ། །དྲུག་པ་ཐུགས་ཀྱི་གསང་བ་གདུལ་བྱའི་རེ་བསྐོང་བ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཚུལ་ནི། ཇི་སྐད་དུ། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཆར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་འགྱུར་ཡང༌། །དེ་ནི་དེ་ལ་རྣམ་མི་རྟོག །ཞེས་གསུངས་སོ། །བདུན་པ་གསུང་གི་གསང་བ་ཆོས་འཆད་པ་པོའི་ཤེས་རྒྱུད་ཀྱིས་མ་བསྡུས་པ་སྒྲ་བརྙན་དང་འདྲ་བར་སྟོན་པ་ནི། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་མེད། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང༌། །ཞེས་གསུངས་སོ། །བརྒྱད་པ་སྐུའི་གསང་བ་ཐམས་ཅད་ལ་ཁྱབ་པ་ནམ་མཁའ་དང་འདྲ་བ་ནི། ཅུང་ཟད་མེད་ཅིང་སྣང་བ་མེད། །དམིགས་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལས་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡིས། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །ཞེས་པའོ། །དགུ་པ་ཐུགས་རྗེས་ཕན་བདེ་བསྐྱེད་པ་ས་གཞི་དང་འདྲ་བར་བསྟན་པ་ནི། ཇི་སྐད་དུ། ཇི་ལྟར་ས་ལ་སྐྱེས་པ་ཀུན། །རྟོག་མེད་ས་ལས་སྐྱེ་བ་ནི། །འཕེལ་དང་བརྟན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་པ་ལ་བརྟེན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པར་ནི་འཕེལ་བར་འགྱུར། །ཞེས་གསུངས་སོ། །དཔེ་དགུ་པོ་དེ་དོན་དང་སྦྱར་བ་ནི། སྟོན་དང་གསུང་དང་ཁྱབ་པ་དང༌། །སྤྲུལ་དང་ཡེ་ཤེས་སྤྲོ་བ་དང༌། །ཐུགས་གསུམ་སྐུའི་གསང་བ་དང༌། །ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད། །ཞེས་གསུངས་སོ། །གཉིས་པ་ཞར་བྱུང་འོད་ཟེར་ཆེན་པོའི་དབང་བསྐུར་བརྗོད་པའི་སྒོ་ནས་ཤིས་པ་བརྗོད་པ་ནི། ཇི་སྐད་དུ་དེའི་འོག་དུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་བཀོད་ནས། ཞེས་པའི་སྐབས་སུ། ས་བཅུ་ཐོབ་མ་ཐག་པ་ལ་དབང་བསྐུར་བས་ཞིང་དག་པར་འགྱུར་བའི་ཚུལ་བཤད་པ་ལ་གཉིས་ཏེ། སྣང་བས་འཕྲིན་ལས་བསྒྲུབ་པ་དང༌། མཆོད་པས་དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། སྣོད་དག་པ་དང༌། བཅུད་དག་པ་དང༌། འཕྲིན་ལས་བསྒྲུབས་པའོ། །དང་པོ་ནི། ས་བཅུ་ཐོབ་མ་ཐག་པའི་ཚེ། ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུའི་རྗེས་ལ་ཏིང་ངེ་འཛིན་ཐམས་ཅད་པའི་ཡེ་ཤེས་དང༌། ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པད་མ། རིན་པོ་ཆེ་དུ་མས་སྤྲས་པའི་གདན་དང༌། དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པད་མས་གང་བར་སྣང་བའོ། །གཉིས་པ་ནི། རང་ཉིད་གདན་དེ་ལ་མཚམས་ཤིང་རྐྱེན་དུ་འབབ་པར་འདུག་ལ། འཁོར་གྱི་པད་མ་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་བར་སྣང་ངོ༌། །གསུམ་པ་ནི། བྱང་སེམས་དེའི་ཞབས་ཀྱི་མཐིལ་གཉིས་དང༌། པུས་མོའི་ལྷ་ང་གཉིས་དང༌། ལྟེ་བ་དང་རྩིབ་ལོགས་གཉིས་དང༌། ཕྱག་གི་མཐིལ་གཉིས་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས། རིམ་པ་བཞིན་དུ་ཕྱོགས་བཅུའི་ཡི་དྭགས་དང༌། དམྱལ་བ་དང༌། དུད་འགྲོ་དང༌། མི་དང༌། ལྷ་དང༌། ལྷ་མ་ཡིན་གྱི་གནས་ཐམས་ཅད་སྣང་བར་བྱས་ནས་སྡུག་བསྔལ་རྣམས་ཞི་བར་བྱེད་དོ། །ཕྲག་པ་གཉིས་དང༌། རྒྱབ་དང༌། མགུལ་གཉིས་དང༌། ཞལ་ནས་འོད་ཟེར་གྲངས་མེད་པ་བཅུ་བཅུ་སྤྲོས་པས། རིམ་པ་བཞིན་ཕྱོགས་བཅུའི་ཉན་ཐོས་དང༌། རང་རྒྱལ་དང༌། སེམས་དང་པོ་བསྐྱེད་པ་ནས་ས་དགུ་པའི་བར་དུ་གནས་པ་རྣམས་སྣང་བར་བྱས་ཤིང༌། ཆོས་སྣང་བའི་སྒོ་ནས་དང༌། ཞི་བའི་ཏིང་ངེ་འཛིན་གྱི་ཚུལ་གྱི་སྒོ་དང༌། ཤེས་རབ་དང་ཐབས་ལ་མཁས་པའི་ཚུལ་ཡང་རིམ་པ་བཞིན་དུ་ཉེ་བར་བསྒྲུབ་པའོ། །གཉིས་པ་ལ་གཉིས་ཏེ། མཆོད་པ་དང༌། དབང་བསྐུར་བའོ། །དང་པོ་ནི། བྱང་སེམས་དེའི་མཛོད་སྤུ་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་སྤྲོས་པས། ཕྱོགས་བཅུའི་བདུད་ཐམས་ཅད་ཟིལ་གྱིས་མནན་ནས། དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྣང་བར་བྱས་ཏེ། དེ་དག་གི་ལུས་སུ་ནུབ་པར་བྱེད་དོ། །སྤྱི་གཙུག་ནས་འོད་ཟེར་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ་འཕྲོས་ནས། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ནས། འཇིག་རྟེན་ལན་བཅུར་བསྐོར་ཞིང་སྟེང་གི་ནམ་མཁའ་ལ་འོད་ཟེར་གྱི་དྲྭ་བའི་དཀྱིལ་འཁོར་དུ་བྱས་ཏེ། དེ་བཞིན་གཤེགས་པ་མཆོད། སེམས་ཅན་གྱི་དོན་བྱས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞབས་ཀྱི་མཐིལ་དུ་ནུབ་པར་བྱེད་དོ། །གཉིས་པ་ནི། རྒྱལ་བ་སྲས་བཅས་དེ་དག་གིས་བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབས་པར་གཟིགས་ནས། ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་བལྟ་ཞིང་མཆོད་ནས་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་གོ །བྱང་སེམས་དབང་བསྐུར་ཐོབ་པ་རྣམས་ཀྱིས་དཔལ་གྱི་བེའུ་དང༌། རྡོ་རྗེ་དང་བཀྲ་ཤིས་རྣམས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་སྣང་བར་བྱས་ནས་ཆོ་འཕྲུལ་མུ་མེད་པར་བསྟན་ཏེ། བྱང་སེམས་དེའི་དཔལ་གྱི་བེའུ་དང༌། རྡོ་རྗེ་དང་བཀྲ་ཤིས་སུ་ནུབ་པས་མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས། ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་འཁོར་འོད་ཟེར་འབུམ་ཕྲག་གྲངས་མེད་པ་བཅུ་དང་བཅས་པ་ཕྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། ངན་སོང་ཐམས་ཅད་སྦྱངས་ཤིང༌། བདུད་ཐམས་ཅད་ཟིལ་གྱིས་མནན་ནས་བྱང་སེམས་དེའི་སྤྱི་བོར་ནུབ་ལ། འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་བོ། །འོད་ཟེར་དེ་དག་གིས་ཕོག་མ་ཐག་དུ་བྱང་སེམས་དེ་དག་གིས་སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ཐོབ་ཅིང༌། འོད་ཟེར་དེ་དག་ཀྱང་བྱང་སེམས་དེའི་ཡན་ལག་གི་མཆོག་མགོ་བོ་ལ་བབས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡུལ་ལ་དབང་བསྐུར་བ་ཞེས་བྱའོ། །སྟོབས་བཅུ་མངོན་པར་རྫོགས་པར་བྱང་ཆུབ་ནས། སངས་རྒྱས་ཀྱི་གྲངས་སུ་འགྲོའོ། །དཔེར་ན་འཁོར་ལོས་བསྒྱུར་བའི་བུ་མཐུ་བོ་འཁོར་ལོས་བསྒྱུར་བའི་རྒྱལ་པོས་གསེར་གྱི་ཁྲི་བཟང་པོའི་སྟེང་དུ་བཞག་སྟེ། སྟེང་ནས་བླ་རེ་བྲེས་ཤིང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་བཀོད་པ་རྒྱ་ཆེན་པོ་བྱས་ཏེ། རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བླངས་པའི་གསེར་གྱི་བུམ་པས་བཅུས་ཏེ། ཆུ་དེ་གཞོན་ནུའི་སྤྱི་བོ་ནས་དབང་བསྐུར་ན། རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འཁོར་ལོས་བསྒྱུར་བ་ཞེས་བྱ་བའི་མིང་ཐོབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དབང་བསྐུར་བ་ཐོབ་མ་ཐག་ཏུ་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་བ་ཞེས་བྱ་སྟེ། ཡང་དག་པར་རྫོགས་པར་སངས་རྒྱས་ཀྱི་གྲངས་སུ་འགྲོའོ། །ཞེས་མདོ་སྡེ་ས་བཅུ་པ་ལས་གསུངས་སོ། །ཞེས་བྱ་བ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པ། ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་ལས་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ཞེས་བྱ་བ་སྟེ། ལེའུ་བརྒྱད་པའི་དཀའ་བའི་གནས་རྣམ་པར་བཤད་པ་ལེགས་པར་གྲུབ་པ་ཡིན་ནོ།། །། ༄༅། སྭསྟི། གང་སྐུ་མཐོང་བའི་མོད་ལ་བརྒྱ་བྱིན་གྱིས། །ཞབས་ཟུང་གཙུག་རྒྱན་གནས་སུ་ལེན་བྱེད་ཅིང༌། །དེ་གསུང་སྤྲོ་བའི་ཐོག་མར་ཚངས་པ་དང༌། །ཕྱོགས་བཅུའི་རྒྱལ་བས་ངོ་མཚར་སྐྱེས་ཕུལ་བ། །ཐུབ་ཆེན་སྟོན་པ་ཉིད་ཡིན་དེའི་ཆོས། །ཐུབ་པའི་དབང་པོས་ཆོས་ཚུལ་གཞན་རྣམས་ལས། །ལྷག་པར་བསྔགས་པའི་གྲགས་དཀར་འཕྲེང་འཛིན་པ། །རྒྱལ་དང་རྒྱལ་བའི་སྲས་ཀྱི་ཡུམ་གཅིག་ཡིན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ཀུན་ཉེར་གཟིགས་ནས། །བྱམས་པའི་ཕྱག་གིས་བདེ་བའི་གནས་དག་དུ། །འདྲེན་མཛད་མ་ཕམ་རྒྱལ་བའི་ཞལ་གྱི་སྒོ། །ཐེག་མཆོག་གསུང་བ་དེ་ལ་ཕྱག་འཚལ་ལོ། །ཐོགས་མེད་ཞབས་ཟུང་འཆར་ཁའི་མདངས་གསལ་ནི། །དགའ་ལྡན་ཤར་རིའི་ཕྲག་པ་ལ་ཞོན་ཚེ། །སྟོང་ཉིད་ཀུན་གསལ་ཞི་བའི་ལམ་དག་ལས། །མངོན་རྟོགས་འཛམ་གླིང་རྒྱན་གཅིག་ཀུན་ལ་གསལ། །སྣ་ཚོགས་སྒྱུ་མའི་རྣམ་རོལ་མི་འདོར་བར། །སྟོང་ཉིད་ཟབ་མོའི་རྔ་དབྱངས་ལྷུར་མཛད་པའི། །གསུང་རབ་ཀུན་གྱི་ངེས་འདོན་སྙིང་པོ་ནི། །མངོན་རྟོགས་ཡན་ལག་དང་བཅས་འདི་ན་བཞུགས། །ཐོས་བསམ་ཡུམ་དང་ཉམས་ལེན་རྣལ་འབྱོར་དང༌། །འབྲས་བུར་བཅས་པས་དངོས་བརྒྱད་ལམ་རིམ་དང༌། །མཚོན་བྱེད་ཆོས་ཚན་བརྒྱད་པོ་རེ་རེས་ཀྱང༌། །ལམ་ལྔའི་མངོན་རྟོགས་ཚང་བར་སྟོན་ཚུལ་དང༌། །སེམས་བསྐྱེད་གདམས་ངག་ལ་སོགས་བདུན་ཅུ་པོ། །རེ་རེས་ལམ་ལྔ་བསྡུས་ཚུལ་འདི་ན་བཞུགས། །ཐོགས་མེད་མཆེད་ཀྱིས་ཡུམ་གསུམ་རྒྱན་དང་བཅས། །དབུ་མའི་ཚུལ་ལུགས་གཉིས་ལས་དང་པོར་བཀྲལ། །འཕགས་པའི་ཐུགས་མངའ་རྣམ་པར་གྲོལ་སྡེ་དང༌། །དངོས་སྨྲའི་སྤོབས་པ་འཕྲོག་བྱེད་བཟང་པོའི་ཞབས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་དབུས་བཞུགས་ནས། །ངོ་བོ་ཉིད་མེད་སྨྲ་བའི་ཚུལ་དུ་ཕྱེ། །ཆོས་ཀུན་རང་རང་ངོ་བོས་སྟོང་ཚུལ་དང༌། །དབུ་མའི་ཚུལ་ལུགས་གཉིས་ལས་རྣམ་རིག་ཙམ། །དབུ་མར་འཆད་དང་དབུ་མ་ཆེན་པོའི་ཁྱད། །གསལ་བྱེད་རྣལ་འབྱོར་ས་བཞི་གང་འདིར་བཤད། །འགྲེལ་མཛད་གཞན་གྱིས་མ་བཀྲལ་ཡུམ་གསུམ་དང༌། །རྒྱན་གཞུང་སྦྱར་ནས་མངོན་རྟོགས་ཡན་ལག་བཅས། །ཆོས་ཀུན་གདོད་ནས་སྤྲོས་དང་བྲལ་བའི་ཚུལ། །སྦྱོར་མཁས་བཤད་སྲོལ་འདི་ལས་སྔོན་མ་བྱུང༌། །གང་འདི་འགྲེལ་མཛད་གཞན་ལས་ཁྱད་པར་དུ། །འཕགས་ཞེས་པཎ་ཆེན་མང་པོས་དེ་འགྲེལ་མཛད། །འཇིགས་མེད་སྦས་པས་དེ་གཞུང་མ་བརྟགས་པར། །ཁྱད་གསོད་དེ་དག་ཕྲག་དོག་དབང་གིས་ཡིན། །བློ་གྲོས་མཚུངས་མེད་འཇིག་རྟེན་མིག་གཅིག་གིས། །དེ་གཞུང་བརྟགས་ནས་རྟོག་དཔྱོད་འགའ་མཛད་པ། །དེ་རྗེས་འཇུག་པའི་དཔྱོད་ལྡན་མང་པོ་ཡིས། །དེ་གཞུང་ཇི་བཞིན་མཁས་ཕྱིར་མཛད་པར་ཟད། །བྱམས་པའི་ཆོས་ལྔ་ཁྱད་པར་འཕགས་སེང་གཞུང༌། །གངས་ཅན་ལྗོངས་འདིར་སྔོན་མེད་བཤད་སྲོལ་གྱིས། །ཐོག་མར་གསལ་མཛད་བཀའ་དྲིན་མཚུངས་མེད་པ། །འཇིག་རྟེན་འདྲེན་མཛད་དེ་ཡིས་རྣམ་བཤད་མཛད། །དེ་ལས་བརྒྱུད་པའི་བཤད་སྲོལ་གཉིས་སྣང་ཡང༌། །རྒྱ་ཆེན་མངོན་པའི་མདངས་གསལ་བཤེས་གཉེན་འདྲེ། །ཤེར་ཕྱིན་བསྟན་པ་གསལ་མཛད་ཨར་གྱི་མཚན། །དེ་ལས་བརྒྱུད་པའི་བཤད་སྲོལ་ཅི་མཆིས་པ། །མ་ཚང་མེད་དེ་རྗེ་བཙུན་བུདྡྷ་ཤྲཱི། །སྙིགས་མའི་དུས་སུ་རྒྱས་པར་གསལ་མཛད་པ། །བརྒྱུད་པའི་རིམ་པ་ལས་འོངས་འདི་ཡིན་ནོ། །སྔོན་རབ་མཛངས་པས་གང་མཛད་བཤད་པའི་སྲོལ། །མ་ནོར་དེ་ཀུན་མུན་པའི་ཁྲི་ལ་བཞུགས། །དིང་སང་ཕ་རོལ་ཕྱིན་གཞུང་འཆད་ཟེར་བ། །དེ་ཀུན་མཁས་པའི་སྲོལ་ལས་མ་འོངས་པར། །རང་རང་རྟོག་པས་བརྟགས་པའི་ཚིག་འགའ་ཡིས། །སློབ་མའི་བློ་གྲོས་ངལ་བར་བྱེད་དེ་ཡིན། །གང་འདིར་མདོ་དང་རྒྱན་གྱི་བཞུགས་ཚུལ་དང༌། །དངོས་བརྒྱད་གོ་དོན་མཚོན་བྱེད་སོ་སོ་ཡི། །ལམ་གྱི་གོ་རིམ་དཀའ་བའི་གནས་རྣམས་ནི། །རྒྱ་ཆེན་གཞུང་བརྒྱའི་ཁྲི་ལ་བླངས་ཏེ་བཤད། །སླ་བའི་གནས་རྣམས་མང་པོའི་ཞལ་གྱི་ནི། །ལམ་ལ་རྒྱུ་ཕྱིར་དེང་འདིར་འབད་མ་བྱས། །དཀའ་བའི་གནས་དང་གཞན་གྱིས་བརྟགས་པའི་མཐའ། །སྔོན་རབས་རྒན་པོས་མ་མཁྱེན་མ་ཡིན་མོད། །ཚིག་ཟུར་ཕྱིན་པར་བཤད་པ་མེད་མཐོང་ནས། །ལུང་རིགས་རྣམ་གྲངས་དུ་མས་བཤད་འདི་ཡིན། །གང་འདིར་སྣ་ཚོགས་སྤྲོས་པའི་དྲྭ་བ་འབྲལ་བྱེད་ལུང་དང་རིགས་པའི་འབར་འཕྲེང་འཁྲུགས་པའི་རྩེ་མོ་རྣོ་ཞིང་འཁྲུགས་ལ་དྲག་ཏུ་རྔམས་པའི་མཚན་འཛིན་དབུ་མར་སྨྲ་བའི་སྤོབས་པའི་བུད་ཤིང་མ་ལུས་ཟ་ཞིང་མིད། །ཆོས་མངོན་རྒྱ་མཚོའི་ལོངས་སྤྱོད་ཇི་ཙམ་སྤྱད་ཀྱང་བྲེལ་འཕོངས་མེད་ཅིང་ལེགས་པར་བཤད་པའི་རྣམ་དཔྱོད་རྒྱ་ཆེར་སྤེལ་བའི་ཟབ་མོའི་ཆོས་ཀྱི་ཆར་ཆེན་ངང་གིས་འབབ་པའི་ཕྱི་ཡི་མཚོ་ཆེན་རབ་ཏུ་གང༌། །མ་ཕམ་གཞུང་གི་རྗེས་འཇུག་གཞུང་ལུགས་ཉི་ཤུའི་ས་ཆེན་བཅུ་གཉིས་སྲ་ཞིང་འཁྲང་ལ་བར་མཚམས་མེད་པར་བསྟར་ལ་བརྒྱུས་པའི་ཡུལ་གྱི་གྲུ་ཆེན་རེ་རེས་ཀྱང་ནི་སྐལ་བཟང་མང་པོའི་རེ་འདོད་ངང་གིས་བསྐོང༌། །འཕྲིན་ལས་རིན་ཆེན་རྣམ་བཞིའི་མདངས་རབ་གསལ་བའི་དངོས་བརྒྱད་བདུན་ཅུའི་བཀོད་ལེགས་སྤེལ་བའི་མདོ་དང་རྒྱན་གྱི་ལྷུན་པོ་གྱེན་དུ་འདེགས་པའི་རྣམ་བཤད་རྣམ་བདུན་གསེར་རིའི་ཁྲི་འཕངས་མཚར་བའི་ངེས་དོན་རོལ་མཚོ་འདི་ཡིན་ནོ། །རྣམ་དཔྱོད་ནགས་ཀྱི་དཔག་བསམ་དགའ་མ་ཡི། །མང་ཐོས་ལང་ཚོ་བཞད་པའི་ལྗོན་འཕྲེང་ནི། །མ་ཕམ་ཞལ་གྱི་འཛུམ་དཀར་དོ་ཤལ་གང༌། །འདྲེན་བྱེད་ཡིད་ཀྱི་ཤིང་རྟ་མ་ལགས་སམ། །ཚད་ལྡན་མཁས་པས་ནམ་ཡང་མ་བཤད་ཅིང༌། །དཔྱོད་ལྡན་གཞན་གྱི་མགྲིན་པར་མ་བཟུང་བའི། །ཚིག་གི་བགྲང་འཕྲེང་འཛིན་པའི་ལེགས་སྤྱད་ཀྱིས། །མངོན་པར་བཀུར་དེ་དིང་སང་མཁས་པར་གྲགས། །རྟག་པར་ཕྲག་དོག་ཆང་གིས་རབ་མྱོས་ནས། །རྙེད་བཀུར་འབའ་ཞིག་བསམ་པའི་གྱ་གྱུ་ཡིས། །ལུང་ངག་ཡིད་ཀྱིས་མི་བྱ་ཡོད་མིན་པ། །དེ་འདྲ་དེ་ཡིས་བཙུན་པོའི་གོ་འཕངས་བཟུང༌། །ཐུབ་བསྟན་རྒྱ་མཚོར་འཁྲུལ་པའི་ཆུ་ཆེན་བཞི། །རྟག་པར་འབབ་ཀྱང་ལུང་རིགས་མཐུ་མེད་པས། །གང་གི་བློ་ལ་དོག་པ་མེད་པ་ཡི། །ངང་ཚུལ་ཅན་དེ་བཟང་པོའི་ཁུར་གྱིས་ངལ། །ཀྱེ་མ་དེ་འདྲའི་མཁས་བཙུན་བཟང་གསུམ་གྱིས། །སངས་རྒྱས་བསྟན་པ་འཛིན་ལ་ཕྱོགས་བཅུ་ཡི། །རྒྱལ་དང་དེ་སྲས་སློབ་མའི་ཚོགས་རྣམས་དང༌། །འཛམ་གླིང་མཁས་པའི་ཚོགས་ཀྱིས་མི་ཁྲེལ་ལམ། །ཐུབ་བསྟན་རྒྱ་མཚོར་གབ་པའི་ངེས་དོན་གྱི། །ཡིད་བཞིན་རིན་ཆེན་བདེ་བར་ཉེར་བླངས་ནས། །གཞན་གྱིས་མ་བཤད་ཚིག་ཟུར་ཕྱིན་པ་ཡི། །རྒྱལ་མཚན་རྩེ་མོར་འགོད་ཤེས་མཁས་པ་ཡིན། །མདོ་དང་འདུལ་བའི་ཁྲིམས་ཀྱི་ནགས་ཁྲོད་དུ། །རྒྱལ་བའི་བཀའ་དང་ཚད་ལྡན་མཁས་པའི་གཞུང༌། །ཇི་བཞིན་བསླབས་ནས་ཚུལ་བཞིན་སེམས་བྱེད་པ། །དེ་འདྲ་དེ་ལ་བཙུན་པོར་རྒྱལ་བ་བཞེད། །ཐུབ་བསྟན་ལོག་པར་འཆད་པའི་ཚིག་མདའ་ནི། །ཅུང་ཟད་མི་བཟོད་གཞན་གྱི་ཉེས་པའི་མཚང༌། །ལུང་དང་རིགས་པས་དྲང་པོར་སྒྲོག་བྱེད་པའི། །བསྟན་འཆོས་རྩོམ་ཤེས་དེ་དག་བཟང་པོ་ཡིན། །མ་ནོར་བསྒྲུབ་ཅིང་ནོར་བ་འགོག་བྱེད་པའི། །བསྟན་འཆོས་མི་རྩོམ་མཁས་པའི་དགོས་པ་ཅི། །རྒྱན་དྲུག་མཁས་པས་གཞུང་ལུགས་མང་མཛད་པ། །ཀུན་མཁྱེན་ཐུབ་པའི་བཀའ་ལ་འགོང་ཕྱིར་མིན། །དེ་ལྟར་བསོམས་ལ་ཕྱི་རབ་འབྱོན་པ་ཡི། །རྣམ་དཔྱོད་གསལ་ལྡན་དྲང་པོའི་བློ་མངའ་བ། །དེ་དག་ཀུན་ཀྱང་མཁས་བཙུན་བཟང་པོ་དང༌། །འཆད་རྩོད་རྩོམ་པར་བྱོས་ལ་བསྟན་པ་བཟུང༌། །དེ་ལྟར་དེ་བསྐྲུན་བྱེད་པའི་བསོད་ནམས་ནང་གི་རོལ་མཚོའི་སྒེག་འཆང་མ། །འཁོར་གསུམ་རྣམ་དག་གསེར་གྱི་རི་བོའི་འཕྲེང་མཛེས་མཚར་བའི་སྐྱེ་མཆེད་ཅན། །ཀུན་གྱི་ཡིད་འཛིན་འཕགས་རྣམས་དགེས་པའི་ཚུལ་ཁྲིམས་གཙང་བའི་ཕང་པ་དེར། །འཕྲིན་ལས་རྣམ་བཞིའི་མདངས་གསལ་འཕྲོ་བའི་སྐུ་གསུམ་ལྷུན་པོ་འགྲུབ་གྱུར་ཅིག །གནས་སྐབས་ཀུན་ཏུ་འཇིག་རྟེན་གྱི། །ཆོས་བརྒྱད་དང་ནི་མཚན་མ་ཡི། །རྣམ་པར་གཡེང་བ་ལས་གྲོལ་ནས། །དམ་པའི་ཆོས་ལ་གཞོལ་བར་ཤོག །ཚེ་འདིའི་ཉིན་བྱེད་ནུབ་རི་ཡི། །མུན་པའི་མལ་དུ་སོང་མ་ཐག །རྗེ་བཙུན་ཞལ་གྱི་འོད་དཀར་གྱི། །སྣང་བས་ལམ་བཟང་མཚོན་པར་ཤོག །དེ་ནས་དགའ་ལྡན་ཐེག་མཆོག་གི །ཆོས་ཀྱི་མདུན་ས་རབ་ཡངས་པར། །རྗེ་བཙུན་ཞལ་གྱི་བདུད་རྩིའི་རྒྱུན། །ངོམས་པ་མེད་པར་འཐུང་བྱེད་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །རླབས་ཆེན་སྤྱོད་པ་ཀུན་སྦྱངས་ནས། །མཁའ་དང་མཉམ་པར་འགྲོ་བ་འདི། །ཐེག་པ་མཆོག་ལ་འགོད་གྱུར་ཅིག །ཚེ་རབས་འདིར་ཡང་བདུད་བཞི་དང༌། །དམན་པའི་ས་གཉིས་རབ་འགོངས་ནས། །ཞི་བའི་ནགས་སུ་ཟབ་པ་དང༌། །རྒྱ་ཆེའི་ཆོས་ཀྱིས་འཚོ་བར་ཤོག། །།ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམས་རྒྱས་པར་བཤད་པ། ལུང་དང་རིགས་པའི་རོལ་མཚོ་ཞེས་བྱ་བ་འདི་ནི། ཕྱི་ནང་གི་རྟེན་འབྲེལ་སྒྱུ་མར་ཐུགས་སུ་ཆུད་པས། དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པ། བདེ་བར་གཤེགས་པའི་གསུང་རབས་རྒྱ་མཚོའི་ཕ་རོལ་དུ་སོན་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྡུལ་འཕྲེང་རྙོག་པ་མེད་པ་སྤྱི་བོས་བླངས་ཤིང༌། རྗེ་བཙུན་དེ་ཉིད་ཀྱི་སྲས་ཀྱི་མཐུ་བོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་དོན་ཡོད་དཔལ་བཟང་པོའི་གསུང་གི་བདུད་རྩི་འཐུང་པས། ཡུམ་གསུམ་གྱི་མདོ་དང་རྒྱན་འགྲེལ་པ་དང་བཅས་པའི་དོན་ལ་ངེས་པ་རྙེད་ནས། དགོངས་འགྲེལ་གྱི་བསྟན་བཅོས་ཉེ་བར་སྦྱོར་བ་ལ་བསྙེངས་པ་མེད་པ། ཡུལ་དབུས་ཀྱི་སློབ་དཔོན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་གསེར་འཕྱང་གི་ལོ། དབྱུག་པས་ཉ་བའི་ཡར་ཚེས་བཅོ་ལྔ་ལྷ་ལས་བབས་པའི་དུས་ཁྱད་པར་ཅན་ལ། གཙང་གཡས་རུའི་སའི་ཐིག་ལེ། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་གཙུག་ལག་ཁང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་བཤེས་གཉེན་དཔལ་འབྱོར་བཟང་པོའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་བྱས་ཏེ། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་སྒྲེང་བ་ལ་མཁས་པར་གྱུར་ཅིག། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།