༼ཁ༽༄༅། །ཤིང་རྟ་ཆེན་པོའི་སྲོལ་གཉིས་ཀྱི་རྣམ་པར་དབྱེ་བ་བཤད་ནས་ངེས་དོན་གཅིག་ཏུ་བསྒྲུབ་པའི་བསྟན་བཅོས་ཀྱི་རྒྱས་འགྲེལ་བཞུགས་སོ།།
ན་མོ་བུདྡྷཱ་ཡ། རིམ་གསུམ་ཆོས་འཁོར་བསྐོར་བའི་ཁོར་ཡུག་ཅན། །བཞི་སྟོང་གིས་ལྷག་བརྒྱད་ཁྲིའི་སྒོ་ཕྱེ་ནས། །འགྲོ་མང་དབུ་མའི་ཁང་བཟང་ཉམས་དགའ་བར། །འཁྲི་མཛད་ཤཱཀྱའི་སྲས་ལ་ཕྱག་འཚལ་ལོ། །མིའུ་ཐུང་སྤྲུལ་པའི་སྒྱུ་འཕྲུལ་བགྲང་ཡས་ཀྱིས། །སྟོབས་ལྡན་དྲེགས་པའི་འདུལ་སྦྱོང་མཁན་དེས་ཀྱང༌། །ཁྱོད་ཞབས་སེན་མོའི་དམར་འོད་འདེགས་མཁས་པ། །བསོད་ནམས་བརྒྱ་ཡིས་བྱིན་ཁྱོད་བསྔགས་པར་འོས། །ཐུབ་བསྟན་ཆུ་གཏེར་བསྲུང་བའི་ཀླུ་དབང་པོ། །ཡེ་ཤེས་མེ་དཔུང་འབར་བའི་ཚིག་མདའ་ཅན། །ལུང་རིགས་འཕོང་གི་སྦྱོར་བ་མང་མཁྱེན་པས། །ངེས་དོན་སྒྲུབ་མཛད་སྟོན་པ་གཉིས་པར་གྲགས། །ཇི་ལྟའི་དོན་ལ་འཕགས་པའི་ཐུགས་མངའ་ཞིང༌། །ཇི་སྙེད་འཆད་ལ་ཐོགས་པ་མེད་པའི་གསུང༌། །དྲང་ངེས་འབྱིན་ལ་ལུང་བསྟན་བརྙེས་པའི་སྐུ། །མ་ཕམ་བྱམས་པའི་སྲས་ཁྱོད་མཆོད་པར་འོས། །རིག་བྱེད་དྲན་པོའི་ལྕེ་རྩེར་མ་བླངས་ཤིང༌། །བརྒྱ་བྱིན་དགྲ་བོའི་རྣ་བར་མ་སིམ་པ། །ལྷ་ཡི་བླ་མའི་ཐུགས་མཚོའི་དཔག་བསམ་ལས། །ཉེར་ཐོབ་འཆི་མེད་རོ་བརྒྱའི་དགའ་སྟོན་བྱ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བའི་ཆོས་ནི། མཐའ་བྲལ་དབུ་མ་ཆེན་པོའི་ཚུལ་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྒྲུབ་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་ཞེས་བྱ་བའི་བསྟན་བཅོས་དེའི། འདི་འཆད་པ་ལ་གསུམ་སྟེ། སྤྱི་དོན་གྱི་སྒོ་ནས་དོན་གྱི་ཁོག་ཕུབ། གཞུང་སོ་སོའི་ཚིག་དོན་རྒྱས་པར་བཤད། འཁོར་ལོ་གསུམ་པའི་ངེས་དོན་ལ་གུས་པ་བསྐྱེད་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རང་གི་འདོད་པ་ངོས་བཟུང༌། དེ་སྒྲུབ་བྱེད་ཀྱི་ལུང་རིགས་རྒྱས་པར་བཤད། གྲུབ་དོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དགོས་པའི་དོན་དང༌། བསྡུས་པའི་དོན་ནི། དང་པོ་ནི། གངས་ཅན་གྱི་ལྗོངས་སུ་སྔོན་བྱོན་པའི་ཆེན་པོ་ལ་ལ་དག་དང༌། ཕྱིས་བྱོན་པ་ཕལ་མོ་ཆེ་དག་ནི། འདི་སྐད་དུ། བཀའ་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང༌། དོན་དམ་རྣམ་པར་ངེས་པ་ཞེས་པའི་མཚན་དུ་གསོལ་བ་དེ་དག་གི་ནང་ནས་སྙིང་པོའི་མདོ་སོགས་ཁ་ཅིག་མ་གཏོགས་ཕལ་ཆེ་བ་དག་དང༌། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་ཡང༌། རྗེ་བཙུན་བྱམས་པའི་གཞུང་རྣམ་པ་གསུམ་དང༌། ཐོགས་མེད་ཞབས་ཀྱི་གཞུང་དག་ལས་རྒྱུད་བླའི་འགྲེལ་པ་ཙམ་མ་གཏོགས་ཕལ་ཆེ་བ་དག་དང༌། དབྱིག་གཉེན་ཞབས་ཀྱིས་ཐེག་པ་ཆེན་པོའི་དགོངས་འགྲེལ་དུ་སྦྱར་བ། དེ་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་པ་ནི་གྲུབ་མཐའ་སྨྲ་བ་བཞིའི་ནང་གི་སེམས་ཙམ་པ་ཞེས་བྱ་བ་དེར་གནས་ཤིང༌། དེ་ཡང་དངོས་པོར་སྨྲ་བ་ཉིད་ཀྱི་ཕྱིར་དེ་ནས་བཤད་པའི་ལྟ་བའི་རིམ་པ་ཇི་ཙམ་ཞིག་གོམས་པར་བྱས་ཀྱང༌། ཐམས་ཅད་མཁྱེན་པར་བགྲོད་པའི་ས་ལམ་གྱི་རིམ་པ་ལྟ་ཅི་སྨོས། ཐེག་པ་ཆུང་ངུའི་བྱང་ཆུབ་ཏུ་འགྲོ་བའི་ལམ་གྱི་ཡེ་ཤེས་ཆ་ཚང་བ་ཙམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སྨྲ་བ་དེ་དག་ནི་ཧ་ཅང་ཡང་ཐལ་ཆེས་ཤིང༌། རྣམ་པར་མི་འཚམ་པ་ཉིད་དུ་མཐོང་བ་དང༌། སྨྲ་བ་དེ་ལ་ནི། ཇི་སྐད་དུ། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་པ་ནས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་པའི་བར་གྱིས་བསྟན་པའི་ཉེས་པ་ཆེན་པོ་དེར་འགྱུར་གྱིས་དོགས་ནས། ཉེས་པ་དེའི་ལམ་དུ་རང་ཉིད་མི་འཇུག་པ་དང༌། རང་དང་སྐལ་བ་མཉམ་པའི་སྐྱེ་བོ་འགའ་ཞིག་ཀྱང་ཤིན་ཏུ་ཉམ་ང་བའི་གཡང་ས་ཆེན་པོ་དེ་ལས་བསྲུང་བའི་དོན་དུ་ཚིག་ལེའུར་བྱས་པ་འདི་སྦྱར་བ་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ནི། ཐོགས་མེད་ཞབས་ཀྱི་ཤིང་རྟའི་སྲོལ་ལས་བྱུང་བའི་ངེས་དོན་གྱི་སྙིང་པོ་མཐར་ཐུག་པ་ནི། ཐེག་པ་ཀུན་གྱི་རྩེ་མོ་ནས་བཤད་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལས་ཆ་གཞན་དུ་འཆད་པར་མི་ནུས་པའི་ཤེས་བྱེད་ཀྱིས། སེམས་ཙམ་ལས་གོང་དུ་འཕགས་པའི་དབུ་མའི་ལམ་ཉིད་དུ་བསྒྲུབ་པར་བྱ་བ་དང༌། ཡང་གཞན་དག་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་གནས་ལུགས་སུ་བཤད་པའི་སྟོང་པ་ཉིད་ནི། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བ་ཆུ་ཤིང་ལྟར་སྙིང་པོ་མེད་པ་དེ་ཁོ་ན་ཡིན་གྱི། དེ་ལས་གཞན་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བར་བྱ་བའི་སྟོང་ཉིད་དེ་ནི་དེ་དག་ཏུ་མ་བསྟན་པས་ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྱུར་རོ། །ཞེས་སྨྲ་བ་དེ་ཡང་འགོག་པའི་སླད་དུ་བསྟོད་པའི་ཚོགས་ཀྱི་ལུང་ཚད་མར་བྱས་ནས། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་དུ་ཡང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་རྣལ་འབྱོར་པའི་མངོན་སུམ་གྱི་མྱོང་བྱར་གྱུར་པའི་ངེས་པའི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་འདིའི་བསྡུས་པའི་དོན་ནོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་ལུང་རིགས་བཤད་པ་ལ། གསུམ་སྟེ། གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མ་ངོས་བཟུང༌། དེའི་དབྱེ་བ་མདོར་བསྟན། སོ་སོའི་གྲུབ་མཐའ་ངོས་བཟུང་བའོ། །དང་པོ་ལ། གཉིས་ཏེ། གྲུབ་མཐའ་བཞི་པོ་སོ་སོའི་ལྟ་བ་ངོས་བཟུང༌། སེམས་ཙམ་གྱི་ལྟ་བ་དེ་གྲུབ་མཐའ་བཞིའི་རྩེ་མོ་མ་ཡིན་པའི་ཤེས་བྱེད་དོ། །དང་པོ་ལ། བྱེ་བྲག་ཏུ་སྨྲ་བ་ནི། ཉེར་ལེན་གྱི་ཕུང་པོ་གང་ཟག་གིས་སྟོང་པ་དང༌། ཕྱི་ནང་གི་ཆོས་རགས་པ་དང་རྒྱུན་གྱི་ངོ་བོར་མ་གྲུབ་པ་ཉིད་དུ་རིགས་པས་གཏན་ལ་ཕབ། དེའི་རིགས་རྒྱུན་གོམས་པར་བྱས་པའི་བློས་སྤྲོས་པའི་མཚན་མ་གང་དུའང་མི་འཛིན་པའི་ཤེས་རབ་ནི་ཆོས་འདི་པ་དག་གི་ལྟ་བར་ཁས་ལེན་ནོ། །མཉམ་གཞག་དང་མཐུན་པར་རྗེས་ཐོབ་ཀྱི་གྲུབ་མཐའ་ནི། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རྗེན་ཆར་དུ་དངོས་སུ་རིག་པ་དང༌། དུས་གསུམ་རྫས་སུ་གྲུབ་པ་དང༌། འདུས་མ་བྱས་གསུམ་པོ་རྟག་པའི་དངོས་པོར་ཁས་ལེན་པ་སོགས་སོ། །མདོ་སྡེ་པ་ནི། མཉམ་གཞག་གི་ལྟ་བ་སྔ་མ་དེ་གཞིར་བཞག་པའི་སྟེངས་སུ། ཆོས་ལ་རང་སྤྱི་གཉིས་སུ་ཕྱེ་ནས། སྤྱི་མཚན་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་སྟེ། དེའི་རྒྱུན་གནས་པར་བྱེད་པའི་བློས་སྤྲོས་པའི་མཚན་མ་གང་དུའང་མི་འཛིན་པའི་ཤེས་རབ་ནི་ལྟ་བ་དང༌། དེས་དྲངས་པའི་རྗེས་ཐོབ་ཀྱི་གྲུབ་མཐའ་ནི། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་མི་རིག་ཅིང༌། དེའི་རྣམ་པ་ཉིད་རིག་པ་ལ་དེ་རིག་པར་བཏགས་པ་དང༌། ངེས་དོན་དོན་དམ་པའི་བདེན་པ་ལ་རང་མཚན་གྱིས་ཁྱབ་པ་སོགས་སོ། །ལུགས་དེ་གཉིས་ཀ་ལ་ཡང་སྤང་བྱའི་གཙོ་བོ་མ་རིག་པ་ནི། ཉོན་མོངས་པ་ཅན་གྱི་དང༌། དེ་མ་ཡིན་པའི་མི་ཤེས་པའོ། །དང་པོ་ནི་གང་ཟག་གི་བདག་ཏུ་རྨོངས་པ་དང༌། གཉིས་པ་ནི། རགས་རྒྱུན་དང་ལྡོག་པ་གཞན་སེལ་དུ་བཤད་པ་རྣམས་རང་གི་ངོ་བོས་གྲུབ་པར་རྨོངས་པའོ། །གསུམ་པ་སེམས་ཙམ་པའི་མཉམ་གཞག་གི་ལྟ་བ་ནི། རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པ་ལ་དེར་སྣང་ཙམ་ལས་མ་གཏོགས་པའི་དོན་གང་ཡང་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དེ་ལྟར་རྟོགས་པའི་རྒྱུན་གོམས་པར་བྱེད་པའི་བློས་སྤྲོས་པའི་མཚན་མ་གང་དུ་ཡང་མི་འཛིན་པའི་ཤེས་རབ་ཞིག་གོ །དེས་དྲངས་པའི་རྗེས་ཐོབ་ཀྱི་གྲུབ་མཐའ་ནི། ཕྱི་རོལ་གྱི་དོན་དང་སྤྱི་མཚན་དུ་བཤད་པ་རྣམས་ནི་ཀུན་བཏགས་དང༌། རང་གི་ངོ་བོས་སྟོང་པའོ། །བག་ཆགས་ཀྱིས་དེར་སྣང་བ་ནི་གཞན་དབང་དང་བདེན་པར་གྲུབ་པའོ། །དགག་གཞི་གཞན་དབང་དེ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་སྟོང་པ་ཉིད་ནི་ཡོངས་གྲུབ་དང༌། དེས་ན་དོན་དམ་པའི་བདེན་པའོ། །དེ་ལྟར་བྱེ་མདོ་གཉིས་ཀྱི་ལྟ་བ་ནི་ཐེག་པ་གསུམ་གྱི་ནང་ནས་ཉན་ཐོས་ཀྱི་ཐེག་པ་པ་དག་གི་ལྟ་བ་གོ་ཆོད་པོ་དང༌། སེམས་ཙམ་གྱི་ལྟ་བ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་དག་གི་ལྟ་བ་གོ་ཆོད་པོ་ཉིད་དུ་བཤད་པ་ལྟར་ཁས་ལེན་ནུས་པ་ཡིན་ཏེ། ལྟ་བ་དེ་དང་དེ་དག་གི་དོན་ལ་མཉམ་པར་གཞག་པའི་བར་ཆད་མེད་ལམ་གྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཟུང་རྟོག་ཅེས་པ་ཐེག་པ་གཉིས་པོའི་ལམ་གྱི་སྤང་བྱར་བཤད་པ་དེ་དག་གི་ས་བོན་དྲུངས་འབྱིན་ནུས་པར་བཤད་པའི་ཕྱིར་རོ། །བཞི་པ་དབུ་མའི་ལྟ་བ་ནི། འཛིན་པ་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ནས་གོམས་པར་བྱས་པའི་བློས་སྤྲོས་པའི་མཚན་མ་གང་དུ་ཡང་མི་འཛིན་པའི་ཤེས་རབ་བོ། །གཉིས་པ་ལྟ་བ་དེ་སེམས་ཙམ་པ་སོགས་ལ་མེད་པར་བསྟན་པ་ནི། ལྟ་བ་དེ་ནི་ཉན་ཐོས་པ་ལྟ་ཞོག སེམས་ཙམ་དུ་སྨྲ་བའི་ཐེག་པ་ཆེན་པོ་པ་དག་ལ་ཡང་ཡོད་པ་མ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཡང་དག་དམིགས་པ་ལ་བརྟེན་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་དང༌། དབུས་མཐའ་ལས། མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང༌། དོན་གསལ་ལས་ཀྱང༌། འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། ཞེས་སེམས་ཙམ་དང་འཛིན་པ་བདེན་མེད་ཀྱི་ལྟ་བ་ལ་གོང་འོག་གི་ཁྱད་པར་གསལ་བར་གསུངས་ཤིང༌། སེམས་ཙམ་གྱི་ལྟ་བའི་གོང་ན་ནི་དབུ་མའི་ལྟ་བ་ལས་གཞན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དག་ཏུ་མ་བཤད་པའི་ཕྱིར་རོ། །གལ་ཏེ་བྱམས་ཆོས་ཕྱི་མ་རྗེས་འབྲང་དང་བཅས་པ་ནས་འབྱུང་བའི་འཛིན་པ་བདེན་མེད་དུ་བཤད་པ་དེས་ཆོས་ཀྱི་བདག་མེད་ཀྱི་གོ་ཆོད་པ་མ་ཡིན་ནོ་སྙམ་ན་གོ་མི་ཆོད་པ་མ་ཡིན་ཏེ། འཛིན་པ་ཞེས་བྱ་བའི་སྒྲ་ནི་གཟུང་བར་སྣང་ཞིང་དེ་འཛིན་པའི་བློ་ཉིད་ལ་བཤད་པ་ཡིན་གྱི་གཉིས་མེད་ཀྱི་ཡེ་ཤེས་ལ་འཛིན་པའི་ཐ་སྙད་གསུང་རབ་ནས་མི་འབྱུང་བའི་ཕྱིར་རོ། །གཉིས་པ་དབྱེ་བ་མདོར་བསྟན་པ་ལ། དབུ་མ་པ་ནི་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པའོ། །དང་པོ་ལ་རང་སྟོང་དུ་སྨྲ་བ་དང༌། གཞན་སྟོང་དུ་སྨྲ་བའོ། །ངོ་བོ་ཉིད་མེད་པ་བ་དེ་ལའང༌། གཉིས་ཏེ། ཐལ་འགྱུར་བ་དང༌། རང་རྒྱུད་པའོ། །དེ་ལའང་གཉིས་ཏེ། གནས་སྐབས་མདོ་སྡེ་པ་ལྟར་ཁས་ལེན་པ་དང༌། སེམས་ཙམ་པ་ལྟར་ཁས་ལེན་པའོ། །གཉིས་པ་སོ་སོའི་ཁྱད་པར་ལ། ལྟ་བ་ཐོས་བསམ་གྱི་རིགས་པས་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་དང༌། སྒོམ་པས་ཉམས་སུ་མྱོང་བའི་ལྟ་བ་ལ་དཔྱད་པའོ། །དང་པོ་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པའི་སློབ་དཔོན་རྣམས་ཀྱིས་བཞེད་པའི་བསྟན་བཅོས་ལ། མདོ་དང་སྔགས་ཀྱི་ལུགས་གཉིས་ལས། དང་པོ་ལ་བཀའ་བར་པའི་ངེས་དོན་གཏན་ལ་འབེབས་ལུགས་དང༌། ཐ་མའི་ངེས་དོན་གཏན་ལ་འབེབས་ལུགས་གཉིས་ལས། དང་པོ་ལ་རྣལ་འབྱོར་སྤྱོད་པ་པའི་དང༌། ཅིག་ཤོས་ཀྱི་ལུགས་སོ། །དང་པོ་ནི། བཀའ་བར་པའི་དངོས་བསྟན་གྱི་སྟོང་ཉིད་ནི། ཀུན་བཏགས་རང་གི་ངོ་བོས་སྟོང་པའི་མེད་པར་དགག་པ་དེ་ཉིད་ཡིན་ལ། འདི་ནི་ངེས་དོན་མཐར་ཐུག་པ་མ་ཡིན་ཏེ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་མ་ཡིན་པའི་ཕྱིར། དེའི་བསྟན་བྱའི་གཙོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་ཡིན་ཏེ། དེ་ཉིད་དེ་ཡིན་པར་ཤེར་ཕྱིན་གྱི་མདོའི་དགོངས་པ་ངེས་པར་འགྲེལ་བའི་མདོ་ཉིད་ལས་གསལ་བར་གསུངས་པའོ། །ཞེས་འཆད་པ་ཡིན་ནོ། །གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་འཆད་ལུགས་ལ་གཉིས་ཏེ། རིགས་ཚོགས་ཀྱི་དང༌། བསྟོད་ཚོགས་ནས་འབྱུང་བའི་འཆད་ལུགས་སོ། །དང་པོ་ནི། ཤེར་ཕྱིན་གྱི་མདོའི་བསྟན་བྱའི་གཙོ་བོ་ནི་དངོས་བསྟན་སྒྲ་ཇི་བཞིན་པ་དེ་ཉིད་ཡིན་གྱི། དེ་ལས་གཞན་སྟོང་པ་ཉིད་དམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་འཕགས་པ་ཆེན་པོའི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ཞིག་བསྟན་པར་མི་འདོད་དོ། །དངོས་སུ་བསྟན་པ་དེ་ཉིད་གང་ཞེ་ན། ཀུན་བཏགས་དང་ཡོངས་གྲུབ་སོགས་ཀྱི་ཕྱེ་བསལ་མེད་པར། ཤེས་བྱའི་ཆོས་ཇི་སྙེད་པ་རང་གི་ངོ་བོས་སྟོང་པའི་མེད་པར་དགག་པ་ཉིད་དོ། །དེ་འདྲ་དེ་ཡང་མཉམ་གཞག་ཏུ་རྟོགས་ལུགས་དང༌། རྗེས་ཐོབ་ཏུ་ཁས་ལེན་ཚུལ་གཉིས་ལས། དང་པོ་ནི་རྣལ་འབྱོར་སྤྱོད་པ་པ་ལྟར་སྟོང་པ་ཉིད་ཅེས་བྱ་བའི་ཆོས་རྣལ་འབྱོར་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བྱ་ཞིག་ཐ་སྙད་དུའང་ཁས་ལེན་པ་མ་ཡིན་ཏེ། མེད་པར་དགག་པ་ནི་ལྡོག་པ་གཞན་སེལ་ལས་མ་འདས་པས་མངོན་སུམ་ལྟ་ཞོག རྟོག་མེད་ཀྱི་ཤེས་པ་ཙམ་གྱིའང་ཡུལ་དུ་མི་རུང་བའི་ཕྱིར། དེས་ན་སྟོང་པ་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ལ་མཉམ་པར་བཞག་པའི་ཤེས་རབ་ཀྱིས་ནི་སྟོང་མི་སྟོང་ལ་སོགས་པའི་མཚན་མ་གང་དུ་ཡང་མི་འཛིན་ནོ། །གཉིས་པ་རྗེས་ཐོབ་ཏུ་ཐ་སྙད་འདོགས་ཚུལ་ནི། མཉམ་གཞག་ཏུ་ཡུལ་གྱི་མཚན་མ་ཅི་ཡང་མ་མཐོང་བ་ལ་དོན་དམ་པ་མཐོང་ངོ་ཞེས་ཐ་སྙད་བཏགས་པ་ཡིན་གྱི། རང་གི་ལུགས་མཐར་ཐུག་པ་ན་དོན་དམ་པའི་བདེན་པ་ཞེས་བྱ་བའི་མཚན་གཞི་ཡང་ཁས་མི་ལེན་ན། དེ་མངོན་སུམ་དུ་རྟོགས་པ་ལྟ་ག་ལ་ཡོད། དེའི་ཤེས་བྱེད་ཀྱང༌། སྟོང་པ་ཉིད་དང༌། རང་བཞིན་གྱི་མྱང་འདས་དང༌། ཆོས་ཀྱི་དབྱིངས་སོགས་སྒྲ་དང་རྟོག་པའི་ཡུལ་དུ་བྱར་རུང་བ་དེ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་སྟེ། རྣམ་པར་དཔྱད་པའི་དཔུང་མི་བཟོད་པའི་ཕྱིར་དང༌། སྒྲ་རྟོག་གི་ཡུལ་ལས་མ་འདས་པའི་ཕྱིར། དེ་སྐད་དུ་ཡང་ཟླ་བས་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ། ཞེས་དང༌། ཡེ་ཤེས་སྙིང་པོས། དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་དང༌། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཅེས་གནས་སྐབས་སུ་བདེན་པ་གཉིས་ཀྱི་རྣམ་གཞག་འཇོག་པའི་ཚེ་དོན་དམ་པའི་བདེན་པར་བཤད་པ་དེ་དག་ཀྱང་རྣམ་གྲངས་པ་དང་མཐུན་པ་དོན་དམ་ཙམ་དུ་འཆད་ཀྱི། རྣམ་གྲངས་པ་མ་ཡིན་པའི་དོན་དམ་ཞེས་བྱ་བ་ནི་རིགས་པའི་ཚོགས་འགྲེལ་པ་དང་བཅས་པ་ནས་མི་འཆད་དོ། །མཐར་དེ་རྟོགས་པའི་ཡེ་ཤེས་ཀྱང་ཁས་མི་ལེན་ཏེ། ཇི་སྐད་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་དེ་ཡང་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་ཆོས་ཉིད་རྟོགས་པ་བཏགས་པ་བཤད་པས་སོ། །གཞན་དག་ན་རེ། དེས་དེ་ལྟར་བསྟན་པ་མ་ཡིན་ནོ། །ཞེས་ཟེར་མོད། དེ་ལྟར་འཆད་པ་ཁྱེད་ཀྱིས། ཇོ་བོ་ཨ་ཏི་ཤའི་ལུང་ཚད་མར་ཁས་ལེན་པས། ཇི་སྐད་དུ། མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་པ་ཡིས་འདི་གཉིས་བཟུང༌། །གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། །ཚུལ་རོལ་མཐོང་བའི་རྨོངས་པ་སྨྲ། །ཞེས་དང༌། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་མི་རྟོགས་ཤེས། །སློབ་དཔོན་མཁས་པ་བྷ་བ་གསུང༌། །ཞེས་དང༌། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་བཤད་པ་དེ་ལ་ཇི་སྐད་སྨྲ་བར་བྱ། གཉིས་པ་བསྟོད་ཚོགས་ཀྱི་ལུགས་ལ། དོན་དམ་པའི་བདེན་པ་དང༌། སེམས་ཀྱི་རྡོ་རྗེ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་ཁས་བླངས་ནས། དེ་ཉིད་མ་དག་པ་སེམས་ཅན་གྱི་སྐབས་སུ་དྲི་མའི་སྦྱང་གཞི་དང༌། ལམ་འཕགས་པའི་གནས་སྐབས་སུ་སྦྱོང་བྱེད་ཡེ་ཤེས་ཀྱི་ཉེ་བར་ལེན་པའི་རྒྱུ་དང༌། དག་པ་མྱང་འདས་ཀྱི་སྐབས་སུ་གནས་གྱུར་གྱི་ཡེ་ཤེས་ཞེས་བྱ་བ་ཉིད་དུ་ཁས་ལེན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང༌། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་དང༌། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །སེམས་ཅན་ཀུན་གྱི་དངོས་མེད་པའི། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཅེས་དང་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། དགེ་ལེགས་སེམས་ལས་སངས་རྒྱས་འབྱུང༌། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་སུ་ཆོས་ཅན་ཀུན་རྫོབ་པའི་ཆོས་རྣམས་ལོགས་སུ་བོར་ནས། ཆོས་ཉིད་དོན་དམ་པའི་ཡེ་ཤེས་ཁོ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་དང༌། གནས་ཡོངས་སུ་གྱུར་པའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དུ་འགྱུར་བ་དང༌། དེ་ཡང་སོ་སོར་རང་གིས་རིགས་པའི་ཡེ་ཤེས་ཀྱི་མྱོང་བྱ་ཉིད་དུ་བཤད་ལ། དེ་ཉིད་ཐ་སྙད་དུ་དོན་དམ་པའི་བདེན་པ་མཚན་ཉིད་པར་ཁས་ལེན་དགོས་པ་ཡིན་ཏེ། འཕགས་མཆོག་རྣམས་ཀྱི་རྣལ་འབྱོར་མངོན་སུམ་གྱི་མྱོང་བྱ་ཡིན་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་དང་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། སེམས་ཀྱི་རྡོ་རྗེ་ཉིད་དུ་འཆད་དགོས་པའི་ཕྱིར། དབུ་མ་ཐལ་འགྱུར་བའི་གཞུང་དུ་ནི་དེ་ལྟར་འཆད་པའི་སྐབས་ཡོད་པ་མ་ཡིན་ཏེ། དེར་ནི་ཆོས་ཅན་དང་ཆོས་དབྱིངས། ཡེ་ཤེས་དང་རྣམ་ཤེས། སངས་རྒྱས་དང་སེམས་ཅན་སོགས་ལྟོས་གྲུབ་ཏུ་གང་འགྱུར་བ་དེ་ཐམས་ཅད་ནི། ཐ་སྙད་དུ་ཡོད་མཉམ་དང༌། དོན་དམ་པར་མེད་མཉམ་དུ་འཆད་ཀྱི། འདོར་ལེན་གྱི་སྐབས་མེད་པའི་ཕྱིར་དང༌། ལྟོས་གྲུབ་མ་ཡིན་པའི་ཆོས་ནི་ཐ་སྙད་དུ་ཁས་མི་ལེན་པའི་ཕྱིར་དང༌། སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཡོད་པར་ནི་མི་འཆད་པའི་ཕྱིར་དང༌། སོ་སོར་རང་རིག་པའི་ཡེ་ཤེས་སྤྱོད་ཡུལ་དང་བཅས་པ་ནི་ལེགས་ལྡན་འབྱེད་དང༌། ཟླ་བ་གཉིས་ཀས་འབད་ནས་བཀག་པའི་ཕྱིར་རོ། །འོ་ན་རིགས་ཚོགས་དང་བསྟོད་ཚོགས་སུ་མི་མཐུན་པའི་ཁྱད་པར་དེ་ལྟ་བུ་འབྱུང་བ་ཅི་ཞེ་ན། རིགས་ཚོགས་སུ་ནི་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་ལ། བསྟོད་པའི་ཚོགས་སུ་ནི་སྒོམ་པས་ཉམས་སུ་བླང་བའི་དབང་དུ་བྱས་པའོ། །འོ་ན་གཞུང་ལུགས་གཉིས་པོ་དོན་འགལ་བ་ཅན་དུ་འགྱུར་ཏེ། རིགས་ཚོགས་སུ་གཏན་ལ་ཕབ་པ་དེ་བསྟོད་ཚོགས་སུ་སྒོམ་པས་ཉམས་སུ་བླང་བར་མི་འཆད། དེར་ཉམས་སུ་བླང་བྱར་བཤད་པ་དེ་རིགས་ཚོགས་སུ་དོན་དམ་པའི་བདེན་པར་འཆད་པ་ལྟ་ཅི་སྨོས། ཡོད་པ་ཙམ་ཡང་བཀག་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། རིགས་ཚོགས་སུ་ཐོས་བསམ་གྱི་ཤེས་པས་སྒྲོ་འདོགས་བཅད་པ་དེ་ནི། ཉམས་སུ་མྱོང་བྱ་ལ་མཚན་འཛིན་གྱི་རྟོག་པ་འགོག་པའི་ཆད་ཡིན་ལ། དེ་ལྟར་བཀག་ནས་ཆོས་ཀྱི་དབྱིངས་ཉམས་སུ་མྱོང་བྱར་བསྟན་པ་ལ་ཉེས་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །ཞེས་སོ། །འོ་ན་ལྟ་བས་གཞན་ཞིག་གཏན་ལ་ཕབ་ནས་སྒོམ་པས་གཞན་ཞིག་ཉམས་སུ་བླངས་པར་འགྱུར་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལྟ་བས་སྤྲོས་པའི་ཚོགས་མཐའ་དག་བཀག་ནས་བསྒོམས་པ་ན། གོམས་བྱེད་ཀྱི་བློས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་ལས་གཞན་ཉམས་སུ་མྱོང་བྱར་རིགས་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེ་ཡང་གཟུང་འཛིན་གཉིས་ནི་འཇིག་རྟེན་པའི་ཀུན་རྫོབ། དེ་བཀག་པའི་མེད་པར་དགག་པ་ནི་རྟོག་པས་བཏགས་པའི་ཀུན་རྫོབ་ཏུ་ངེས་པས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མི་རུང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མིང་ཅན་དེ་ནི་ཇི་སྲིད་དེའི་ཐ་སྙད་ཁས་ལེན་པ་དེ་སྲིད་དུ། རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་རབ་གསལ་འདོད། །ཅེས་སོ། །དེ་ལྟར་ན་འཕགས་པས་རིགས་ཚོགས་སྔར་མཛད་ཅིང༌། དེའི་རྗེས་སུ་བསྟོད་པའི་ཚོགས་མཛད་པར་གྲུབ་པ་ཡིན་ཏེ། ལྟ་བ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་སྔོན་དུ་སོང་ནས། དེས་གཏན་ལ་ཕབ་པའི་དོན་ཉམས་སུ་ལེན་རིགས་པའི་ཕྱིར་དང༌། རིགས་ཚོགས་ནི་བཀའ་བར་པའི་དངོས་བསྟན་སྒྲ་ཇི་བཞིན་པ་ཉིད་དུ་རིགས་པས་གཏན་ལ་འབེབས་བྱེད་ཡིན་ལ། བསྟོད་ཚོགས་ནི་བཀའ་འཁོར་ལོ་ཐ་མ་ནས་འབྱུང་བའི་ངེས་དོན་དེ་ཉིད་ཆོས་ཀྱི་སྐུ་སྒྲུབ་པའི་གཞིར་བཤད་ནས། རྣལ་འབྱོར་པས་ཉམས་སུ་བླངས་བྱའི་ཡུལ་དུ་འཆད་པའི་ཕྱིར། གཞན་དག་ན་རེ་བསྟོད་ཚོགས་སྔར་མཛད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པར། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་ཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །ཟློག་པར་འགྱུར་བ་ཉན་པར་བྱོས། །ཞེས་བཤད་པས་སོ། །ཞེས་གསུང་བ་དེ་ནི་འཐད་པ་མ་ཡིན་ཏེ། བསྟོད་ཚོགས་ཀྱིས་ཆོས་དབྱིངས་ཡོད་པར་བསྒྲུབས་ནས། རིགས་ཚོགས་ཀྱིས་དེ་མེད་པར་འཆད་ན་འགལ་བ་ལ་མི་འཁྲུལ་བ་དང༌། ཆོས་དབྱིངས་འཕགས་པའི་ཤེས་མཐོང་གིས་བྱས་པ་དང༌། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་ཀྱི་ཉེས་པ་འཇུག་པས་སོ། །དེས་ན་ལུང་དེའི་དོན་ནི། ཐ་སྙད་དུ་མེད་པ་ནི་བསོད་ནམས་མ་ཡིན་པ་དང་པོར་ཟློག་པའི་སྐབས་སུ་བསལ་ཟིན་ལ། དོན་དམ་པར་ཡོད་པ་ནི་རིགས་པའི་ཚོགས་སུ་སེལ་བར་འགྱུར་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ། བསོད་ནམས་མ་ཡིན་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང༌། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། དབུ་མ་སྨྲ་བ་གཉིས་པོའི་གཞུང་ལས་འབྱུང་བའི་ལྟ་བས་སྒྲོ་འདོགས་གཅོད་པའི་ཚུལ་ལ་ནི། གཞི་ཆོས་ཅན་རྒྱ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། ངོ་བོ་ཉིད་མེད་པ་པས་ནི། ཀུན་བཏགས་ཞན་དབང་ཡོངས་གྲུབ་གསུམ་ཀ་ངོ་བོ་ཉིད་ཀྱིས་སྟོང་པར་གཏན་ལ་ཕབ་ནས། དེའི་ཤུལ་དུ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱང་ཁས་མི་ལེན་ཏེ། དེ་ཡང་རང་གི་ངོ་བོས་སྟོང་པར་འཆད་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པ་པས་ནི། ཀུན་བཏགས་རང་གི་ངོ་བོས་སྟོང་པ་དང༌། གཞན་དབང་གཞན་གྱི་ངོ་བོས་སྟོང་པ་དང༌། དེའི་ཤུལ་དུ་རང་གི་ངོ་བོས་མི་སྟོང་པར་ལུས་པ་ནི། གཞན་དབང་གི་ངོ་བོའམ་ཡོངས་གྲུབ་ཅེས་བྱ་བ་དེ་ཉིད་དོ། །ཞེས་འཆད་པའམ་ཡང་ན་སྟོང་གཞིའི་ཆོས་ཅན་ནི་གཞན་དབང༌། དེ་གང་གིས་སྟོང་པའི་དགག་བྱ་ནི་ཀུན་བཏགས། ཆོས་ཅན་དེ་དགག་བྱ་དེས་སྟོང་པའི་དངོས་པོ་ནི་ཡོངས་གྲུབ། ཅེས་འཆད་དོ། །དབུ་མ་པ་དེ་གཉིས་ཀ་ཡང་འཕགས་པའི་མཉམ་གཞག་གིས་བསྒོམ་བྱའམ་ཉམས་སུ་མྱོང་བྱ་ཞིག་ཁས་ལེན་པའི་ཚེ་ན་ངོས་འཛིན་ཚུལ་ནི་མཐུན་པ་ཡིན་ཏེ། གཉིས་ཀས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་འཆད་པས་སོ། །མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཐ་སྙད་འདོགས་ཚུལ་ནི་མི་མཐུན་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་པས་ནི་འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་བྱ་བའི་མིང་ཅན། ཆོས་དབྱིངས་ཡེ་ཤེས་སམ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པ་དངོས་དང༌། བདག་དམ་པ་དང༌། རྟག་བརྟན་ཞི་བ་གཡུང་དྲུང་དང༌། བདེན་པར་གྲུབ་པ་ཉིད་དུ་ཐ་སྙད་འདོགས་པར་བྱེད་ལ། ཅིག་ཤོས་ཀྱིས་ནི། ལྟ་བ་མཐར་ཐུག་གི་རྗེས་ཐོབ་ཏུ་དགག་བྱ་བདེན་གྲུབ་མེད་པའི་ཕྱིར་བདེན་མེད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་འཆད་པས། དབུ་མ་པ་གཉིས་ཀ་ཡང་མཉམ་གཞག་ཏུ་ལྟ་ཚུལ་ནི་མཐུན་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་ལ་ཡང༌། ལྟ་བའི་ངོར་ནི་དེས་གང་ལ་དམིགས་པའི་ཆོས་དབྱིངས་དེ་ཡོད་མེད་དང་བདེན་བརྫུན་ལ་སོགས་པ་གང་དུ་ཡང་མི་འཛིན་ཞིང༌། མི་འཛིན་པ་ལྟར་དེ་དང་དེར་མ་གྲུབ་པའི་ཕྱིར་རོ། །འོ་ན་ལྟ་བ་དང་ཐ་སྙད་གཉིས་ལས་གང་དབང་བཙན་པར་བྱེད་ཅེ་ན། ངོ་བོ་ཉིད་མེད་པ་བ་ནི། མཐར་ཐུག་གི་ལྟ་བའི་མཉམ་རྗེས་ཀྱི་འཇོག་ཚུལ་མཐུན་ལ། ཅིག་ཤོས་ནི་མཉམ་གཞག་དང་རྗེས་ཐོབ་ཀྱི་ཐ་སྙད་མི་མཐུན་པར་སྨྲ་ཡང༌། མཉམ་གཞག་དབང་བཙན་པ་ཡིན་ཏེ། དེ་མ་རིག་པའི་སླད་པ་དང་བྲལ་བའི་ཡེ་ཤེས་ཡིན་པས་ཡུལ་གྱི་གནས་ཚུལ་དང་མཐུན་པར་འཇུག་ལ། རྗེས་ཀྱི་ཐ་སྙད་ནི་སྒྲ་རྟོག་གང་རུང་ལས་མ་འདས་པས་གནས་ལུགས་ཀྱི་དོན་ཡུལ་དུ་བྱེད་པར་མི་ནུས་པའི་ཕྱིར། མདོར་ན་དབུ་མ་གཉིས་ཀའི་ལུགས་ལ་ཡང༌། དོན་དམ་པ་ལ་སྨྲ་བསམ་བརྗོད་མེད་ཀྱིས་ཁྱབ་པར་ནི་རང་རང་གི་གཞུང་ན་གསལ་ཞིང༌། དེ་ལྟར་གསལ་བ་དེའི་ཕྱིར་དོན་དམ་པའི་བདེན་པ་ཡིན་ངོ་ཤེས་པ་ཞིག་འཕགས་པ་རྣམས་ཀྱི་རང་རིག་པའི་ཡེ་ཤེས་ཀྱིས་མྱོང་ཡང༌། རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་ནི་འདི་ཞེས་ངོས་བཟུང་བར་མི་ནུས་ཏེ། ཇི་སྐད་དུ། བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །ཞེས་དང༌། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་བཤད་ནས། དེའི་ཤུགས་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ཉིད་དུ་བཤད་པས་སོ། །དེ་ལྟ་ནའང་ཐ་སྙད་ལ་མ་བརྟེན་པར་རྟོགས་མི་ནུས་པས། ཐ་སྙད་ཀྱི་དུས་སུ་བདེན་པ་དེའི་མཚན་གཞི་ལུང་རིགས་དང་མི་འགལ་བ་ཞིག་ངོས་འཛིན་ན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལ་ངོས་འཛིན་དགོས་པ་ཡིན་ཏེ། དབུ་མ་ཐལ་རང་གི་གཞུང་དུ་ནི། དོན་དམ་བདེན་པ་མཚན་ཉིད་པ་དེའི་མཚན་གཞི་ངོས་བཟུང་བ་མེད་ཅིང༌། བྱམས་ཆོས་རྗེས་འབྲང་དང་བཅས་པར་ནི། དེ་ཡིན་ངོ་ཤེས་པའི་མཚན་གཞི་ཡེ་ཤེས་དེ་ཉིད་ལ་གསལ་བར་བཤད་པའི་ལུང་ལས་དང༌། རིགས་པ་ཡང༌། ཚད་མས་མ་གཞལ་བ་ནི་དོན་དམ་པའི་བདེན་པར་མི་རུང་ལ། ཚད་མ་ལ་ཡང༌། རྗེས་དཔག་གིས་གཞལ་བ་ནི་སྤྱི་མཚན་དུ་འཆད་པའི་ཕྱིར་དོན་དམ་པའི་བདེན་པར་མི་རུང་ཞིང༌། མངོན་སུམ་གྱི་གཞལ་བྱ་ལ་ནི་རང་མཚན་གྱིས་ཁྱབ་པའི་ཕྱིར་ན་སྔ་མ་ཁོ་ནའོ། །གཉིས་པ་བཀའ་ཐ་མའི་ངེས་དོན་གཏན་ལ་འབེབས་ཚུལ་ལ་གཉིས་ལས། དང་པོ་རྣལ་འབྱོར་སྤྱོད་པ་པས་ནི། བཀའ་ཐ་མའི་དངོས་བསྟན་གྱི་ངེས་དོན་ནི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ཉིད་བཀའ་བར་པའི་བསྟན་བྱའི་གཙོ་བོ་ཉིད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས་སོ། །ཞེས་འཆད་པ་ཡིན་ཏེ། མེད་ཅེས་བྱ་བའི་ཚིག་གིས་ནི། །བཏགས་པ་ཐམས་ཅད་འགོག་པ་ཡིན། །ཞེས་འཆད་པས་སོ། །ལུགས་འདིར་ཆོས་དབྱིངས་ཁོ་ན་ཡོད་པ་དང༌། ཆོས་ཅན་གཟུང་འཛིན་གཉིས་མེད་པ་དེ་འཁོར་ལོ་ཕྱི་མ་གཉིས་ཀྱི་རྗེས་ཐོབ་ཀྱི་ཐ་སྙད་དུ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་ཀྱིས་དེ་ག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་ཆགས་སོགས་ལས་ངེས་པར་འབྱུང་བྱེད་ནི་ཆགས་སོགས་ཀྱི་ཆོས་ཉིད་ཡིན་པར་བཤད་པས་སོ། །འདི་ནི་ཇི་སྐད་དུ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་དང་མཐུན་ནོ། །གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བས་འཆད་ཚུལ་ནི། བཀའ་ཐ་མའི་དངོས་བསྟན་ལ་དེ་ལྟར་བཤད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཉིད་དུ་འགྲེལ་པ་ཡིན་ཏེ། དབུ་མ་ལ་འཇུག་པར། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང༌། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་ཇི་ལྟར་ནད་པ་ནད་པ་ལ། །ཞེས་སོགས་ལང་ཀར་གཤེགས་པའི་ལུང་དང༌། ཡང་གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་སོགས་རང་གི་རིགས་པ་ལ་བརྟེན་ནས་བཀའ་ཐ་མའི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་པར་བསྒྲུབས་སོ། །འོ་ན་ལུགས་འདིས་གཉིས་མེད་ཀྱི་ཡེ་ཤེས་རང་གིས་རང་རིག་པ་བཀག་ཅིང༌། ཆོས་ཅན་དང་ཆོས་ཉིད། ཤེས་ཕྱིན་ལས་མེད་མཉམ་དང༌། མངོན་པ་ལས་ཡོད་མཉམ་དུ་གསུངས་པར་འཆད་པ་དེ་དང༌། སྒོམས་པས་ཉམས་མྱོང་གི་ལྟ་བ་རྣལ་འབྱོར་སྤྱོད་པ་པ་དང་མཚུངས་པར་འཆད་ཅེས་ཟེར་བ་འགལ་ལོ། །ཞེ་ན་མ་ཡིན་ཏེ། ཟླ་བའི་ཞབས་ཀྱིས་དེ་ལྟར་འཆད་པ་དེ་ཡང༌། རིགས་པའི་ཚོགས་ཀྱི་འཆད་ཚུལ་གཞིར་གཞག་པ་ཡིན་པས་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་ནས་འཆད་པའི་ཕྱིར། དེ་ལྟ་ན་ཡང་བཀའ་ཐ་མར་ཡོངས་གྲུབ་ཡོད་ཅེས་བཤད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འགྲེལ་ཞེས་ཟེར་བ་མི་འཐད་དེ། དེ་ནས་བཤད་པའི་ངེས་དོན་དེ། ཟླ་བས་ཀྱང༌། སྒོམ་བྱུང་གི་ཉམས་སུ་མྱོང་བྱར་འཆད་པའི་ཕྱིར། ཞེ་ན། འགལ་བ་མ་ཡིན་ཏེ། དེ་དེ་ལྟར་འགྲེལ་པ་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་ལ། སྒོམ་བྱུང་གི་མྱོང་བྱར་འཆད་པ་དེ་ནི་སྤྱོད་པ་ཉམས་ལེན་གྱི་དབང་དུ་བྱས་པ་ཡིན་པས་ལྟ་སྤྱོད་ཀྱི་གྲུབ་མཐའ་འཇོག་ལུགས་མི་མཚུངས་པའི་ཕྱིར་རོ། །གཉིས་པ་སྔགས་ཀྱི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་གང་ཡིན་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་དེ་དག་གིས་མཛད་པའི་སྔགས་ཀྱི་བསྟན་འཆོས་སུ་ཡུལ་ཅན་ལྟ་བ་དང༌། ལྟ་བ་དེའི་ཡུལ་ཆོས་དབྱིངས་དང་དོན་དམ་བདེན་པའི་ངོས་འཛིན་ནི། འཕགས་པ་ཐོགས་མེད་སྐུ་མཆེད་སོགས་རྣལ་འབྱོར་སྤྱོད་པ་པའི་སློབ་དཔོན་རྣམས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དེ་དང་མཐུན་པ་ཁོ་ན་ཡིན་ཏེ། སེམས་ཀྱི་རྡོ་རྗེ་དང༌། སེམས་ཀྱི་རང་བཞིན་གྱིས་འོད་གསལ་བ་ཉིད་ལ་དོན་དམ་པའི་བདེན་པར་བཤད་ཅིང༌། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནམ་སྐྱེས་པ་དེའི་ཚེ་ལྟ་བ་རྟོགས་པར་འཇོག་པའི་ཕྱིར། དེ་ལྟར་ཡང་འཕགས་པས་རིམ་ལྔར། འོད་གསལ་བའི་ངོས་འཛིན། རང་སེམས་གདོད་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་དེ་ལ་འཆད་ཅིང༌། དེ་ཉིད་དོན་དམ་པའི་བདེན་པར་བཤད་པ་དང༌། ཡང༌། གཟུང་བ་དང་ནི་འཛིན་མཉམ་དུ། །བློ་ནི་རྣམ་གཉིས་ཡོད་མིན་ཞིང༌། །གང་དུ་དབྱེར་མེད་ཉིད་ཡོད་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །གང་ཞིག་རྟག་དང་ཆད་པའི་བློ། །སྤངས་ནས་རབ་ཏུ་འཇུག་འགྱུར་ཞིང༌། །ཟུང་འཇུག་རིམ་པ་ཞེས་བྱ་བའི། །དེ་ཉིད་རིག་དེ་མཁས་པ་ཡིན། །ཞེས་དང༌། སྐྱེ་བ་མེད་ལ་སོགས་པའི་སྒྲ། །གཉིས་མེད་ཡེ་ཤེས་སྟོན་བྱེད་རྣམས། །ཐམས་ཅད་འདི་ཡི་རྗོད་བྱེད་དེ། །དེར་ནི་གཞན་བརྗོད་མ་ཡིན་ནོ། །ཞེས་སྟོང་པ་ཉིད་སྟོན་པའི་མདོ་རྒྱུད་མཐའ་དག་གི་བརྗོད་བྱ་གཉིས་མེད་ཀྱི་ཡེ་ཤེས་ཉིད་དུ་འཆད་པ་དང༌། སྤྱོད་པ་བསྡུས་པའི་སྒྲོན་མ་ལས། དོན་དམ་པའི་བདེན་པ་ནི། ལུས་མེད་པ། དཔེ་མེད་པ། རྩོམ་པ་ཐམས་ཅད་དང་བྲལ་བ། སོ་སོར་རང་རིག་པ་སྟེ། ཞེས་རང་རིག་གིས་མྱོང་བྱར་བཤད་པ་དང༌། དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ༌། །ཞེས་དང༌། དོན་དམ་པའི་མིང་གི་རྣམ་གྲངས་འགའ་ཞིག་ལ་འཇུག་པར་བྱ་སྟེ། དང་པོ་ནི་འོད་གསལ་བ་དང༌། ཐམས་ཅད་སྟོང་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དང༌། རྡོ་རྗེའི་ཡེ་ཤེས་དང༌། བླ་ན་མེད་པའི་ཡེ་ཤེས་དང༌། བདག་མེད་པ་དང༌། མྱ་ངན་ལས་འདས་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། བརྗོད་དུ་མེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཞེས་ཆོས་དབྱིངས་ཀྱི་མཚན་གཞི་ཡེ་ཤེས་དང༌། དེ་རང་རིག་གི་མྱོང་བྱར་བཤད་པ་ཤིན་ཏུ་མང་ཞིང༌། དོན་དེ་ཉིད་ནི་མདོ་སྡེའི་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། རང་བཞིན་མ་ཡིན་འོད་གསལ་ལ་བརྗོད་དོ། །ཞེས་དང༌། སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ཉིད་རྣམ་པར་རིག་པ་ཙམ། །འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །ཞེས་དང༌། རྒྱུད་བླ་མར། སོ་སོར་རང་གིས་རིག་བྱའི་ཕྱིར། །ཞེས་དོན་དམ་པ་ཆོས་ཀྱི་སྐུ་རང་རིག་གི་མྱོང་བྱར་བཤད་ཅིང༌། དབུ་མ་ལ་འཇུག་པར་ནི། དེ་ལྟར་འཆད་པ་དེ་དག་སེམས་ཙམ་པའི་འདོད་པར་བཤད་ནས་བཀག་མོད། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་དང༌། མཚན་འཛིན་གྱི་རྟོག་པ་འགོག་པའི་དབང་དུ་བྱས་ཀྱི། སྒོམ་པས་ཉམས་སུ་ལེན་པའི་དབང་དུ་མ་མཛད་པས་འགལ་བ་མ་ཡིན་ནོ། །འགྲེལ་ཆེན་སྒྲོན་མ་གསལ་བ་ལས་ཀྱང༌། རྩ་བའི་རྒྱུད་དུ། དངོས་པོ་མེད་པ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པ། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པའི་དོན། ཡོད་མེད་ཀྱི་མཐའ་གཉིས་བསལ་ནས་འོད་གསལ་དང་ཟུང་འཇུག་གི་རིམ་པ་སྒོམ་པ་ལ་བཤད་ཅིང༌། དེ་ཉིད་ཀྱཻའི་རྡོ་རྗེར་ཡང་བཤད་པ་ཡིན་ཏེ། སྒོམ་པ་པོ་མེད་སྒོམ་པ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་ཀུན་རྫོབ་ཀྱི་སྒོམ་པ་པོ་སོགས་བསལ་ནས། དོན་དམ་པའི་ཟུང་འཇུག་གི་ལྷ་དང་སྔགས་སོགས་བསྒོམ་པར་བཤད་པའི་ཕྱིར། གལ་ཏེ་འོ་ན། འཕགས་པ་ཡབ་སྲས་ཀྱི་གཞུང་དུ་ལྟ་བ་ཐོས་བསམ་གྱི་རིགས་པས་གཏན་ལ་འབེབས་པའི་ཚེ། སྒོམ་པས་ཉམས་སུ་མྱོང་བྱ་ཡང་ཡོད་པ་མ་ཡིན་པའི་ཚུལ་གྱིས་འཆད་པ་རིགས་ཚོགས་དང༌། ཉམས་སུ་མྱོང་བྱ་ངོས་འཛིན་པའི་ཚེ་ཐོས་བསམ་གྱི་རིགས་པ་བཏང་སྙོམས་སུ་བཞག་པའི་ཚུལ་བསྟོད་ཚོགས་ལས་འབྱུང་བ་དེ་ལྟ་ན། གཞུང་གཅིག་ཏུ་དེ་ལྟ་བུའི་ཚུལ་གཉིས་ཀ་འཕགས་པ་ཡབ་སྲས་ཀྱིས་གསལ་བར་བཤད་པ་དག་ཡོད་དམ་ཞེ་ན། དེ་ནི་གསལ་བར་བཤད་པ་ཡང་ཡོད་དེ། བྱང་ཆུབ་སེམས་འགྲེལ་ལས། ཇི་སྐད་དུ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པའི་སྟོབས་ཀྱིས་སྐྱེད་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཡི་རང་བཞིན་བཤད་པར་བྱའོ། །བྱང་ཆུབ་སེམས་ཀྱི་བདག་ཉིད་དངོས། །དཔལ་ལྡན་རྡོ་རྗེ་བསྣམས་བཏུད་ནས། །བྱང་ཆུབ་སེམས་ཀྱི་སྒོམ་པ་ནི། །སྲིད་པ་འཇིག་བྱེད་བདག་གིས་བཤད། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་སྒྲིབས་ཤིག །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་རླན་པའི་སེམས་ཀྱི་ནི། །འབད་པས་བསྒོམ་པར་བྱ་བ་ཡིན། །ཞེས་དོན་དམ་བྱང་སེམས་ཀྱི་ངོས་འཛིན་དང༌། དེ་ཉིད་སྙིང་རྗེ་དང་ཟུང་འབྲེལ་དུ་བསྒོམ་བྱར་ཡང་བཤད་ལ། དེའི་རྗེས་ཐོགས་སུ་འདི་སྐད་ཅེས། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། །རང་གི་སེམས་ཀྱི་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོར་རང་རིག་སྤྱོད་ཡུལ་བརྗོད། །ཅེས་སྒོམ་པས་ཉམས་སུ་བླང་བྱ་དང༌། འདས་པ་གང་ཡིན་དེ་ནི་མེད། །མ་འོངས་པ་ནི་ཐོབ་པ་མིན། །གནས་ཕྱིར་གནས་ནི་ཡོངས་གྱུར་པ། །ད་ལྟ་བ་ལ་ག་ལ་ཡོད། །ཅེས་གནས་གྱུར་རིགས་པས་དཔྱད་པ་དང༌། དེ་ཡིས་སོ་སོར་རང་བདག་ཉིད། །ཅི་འདྲ་བ་ཞེས་བརྗོད་པར་གྱིས། །སོ་སོར་རང་རིག་ཉིད་བརྗོད་པས། །དེ་ནི་དངོས་པོ་ཉིད་དུ་འདོད། །འདི་དེ་ཡིན་ཞེས་བརྗོད་པར་ནི། །ནུས་མིན་ཞེས་ཀྱང་བརྗོད་པ་ཡིན། །ཞེས་སོ་སོར་རང་རིག་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱོད་པར་མཛད་པའི་ཕྱིར་རོ། །རང་ལུགས་ལ་གནས་གྱུར་དང་རང་རིག་གི་རྣམ་གཞག་གཏན་མི་བཞེད་པ་ནི་མ་ཡིན་ཏེ། གཞན་དུ་ན་ཆོས་དབྱིངས་བསྟོད་པ་དང་འགལ་ཞིང༌། དེ་ཉིད་དུ་ཡང་ཐ་སྙད་དུ་ཀུན་གཞི་ཞལ་གྱིས་བཞེས་ལ། གནས་འགྱུར་མི་འདོད་ན་དེ་བཞེད་པའི་གོ་སྐབས་མེད་པའི་ཕྱིར་དང༌། རིགས་པས་དཔྱད་ནས་ཁས་མི་ལེན་པ་དང༌། ཐ་སྙད་དུ་ཁས་ལེན་པ་ལ་འགལ་བ་ཡང་ཡོད་པ་མ་ཡིན་ནོ། །གཞུང་འདིར། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་པས་སེམས་ཙམ་གྱི་འདོད་པ་འགོག་མོད། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས། །ཞེས་པ་མན་ཆོད་དུ་རྣམ་རྫུན་གྱི་ལྟ་བ་བཤད་མ་བཤད་གང་ཡིན་ཀྱང་རུང་སྟེ། དེ་ནས་བཤད་པའི་མཉམ་གཞག་ཏུ་སྒོམ་ཚུལ་དང་རྗེས་ཐོབ་ཏུ་རིགས་པས་དཔྱོད་ཚུལ་གཉིས་ཀ་རང་གི་ལུགས་སོ། །སེམས་འདི་མིང་ཙམ་ཡིན་པ་སྟེ། །ཞེས་སོགས་ཀྱིས་རྣམ་རྫུན་པ་འགོག་བྱེད་ཀྱི་རིགས་པ་བསྟན་པ་ཡིན་ཞེས་འཆད་པ་མང་ཡང༌། སེམས་དང་སེམས་བྱུང་བདེན་པར་མེད་པ་ནི་རྣམ་རྫུན་པ་དེའི་གྲུབ་པའི་མཐར་གནས་ཟིན་པ་ཡིན་ཏེ་གཟུང་འཛིན་གཉིས་ཀ་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ཟིན་པའི་ཕྱིར་དང༌། མདོ་སྡེའི་རྒྱན་ལས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སོགས་རྣལ་འབྱོར་སྤྱོད་པའི་གཞུང་ཀུན་མཐུན་པའི་ཕྱིར་དང༌། ཐེག་བསྡུས་སུ། རྣམ་པར་རྟོག་པ་མེད་པའི་གནས། །སེམས་མིན་སེམས་ནི་ཁོ་ན་སྟེ། །དོན་ལ་མི་སེམས་རྒྱུས་བྱུང་ཕྱིར། །ཞེས་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་རྒྱུ་བ་འགགས་པར་བཤད་པ་སོགས་ཤིན་ཏུ་མང་ངོ༌། །གཞུང་འདིར་དོན་དམ་གྱི་འཇོག་ཚུལ་ནི། རྣལ་འབྱོར་སྤྱོད་པ་པའི་མཐར་ཐུག་གི་བཞེད་པ་དང་མཐུན་པ་ཡིན་ཏེ། འདི་ཉིད་ལས། དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོར་སེམས་ནི་གནས་པ་མིན། །ཞེས་པ་ནས། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་པའི་བར་ཐམས་ཅད་རྣལ་འབྱོར་སྤྱོད་པ་པ་དང་མཐུན་ཞིང༌། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུའང་བཤད་པ་ཡིན། །ཞེས་དོན་དམ་བྱང་ཆུབ་ཀྱི་སེམས་ཉིད་ལྡོག་པའི་སྒོ་ནས་དེ་བཞིན་ཉིད་སོགས་ཀྱི་མིང་འདོགས་པར་བཤད་ཅིང༌། རྣལ་འབྱོར་སྤྱོད་པའི་གཞུང་དུའང་དོན་དེ་ཉིད་གསལ་བའི་ཕྱིར། ཡང་འགལ་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་ནི་ལྟ་བའི་ཚེ་གཟུང་འཛིན་གཉིས་མེད་དུ་གཏན་ལ་འབེབས་པ་དང༌། སྒོམ་པའི་ཚེ་གཉིས་མེད་ཀྱི་ཡེ་ཤེས་ཉིད་ཉམས་སུ་མྱོང་བྱར་འཆད་ན། གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་གཞུང་གཞན་ན་ཡང་དེ་ལྟར་འཆད་པ་ཡོད་དམ་ཞེ་ན། དེ་ལྟར་འཆད་པ་དེ་ཉིད་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་དང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ན་གསལ་བར་བཞུགས་པ་ཡིན་ཏེ། བརྟག་པ་གཉིས་པར། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་དང༌། ངེས་པར་དངོས་པོ་ཐམས་ཅད་ཀྱིས། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་མདོར་བསྟན་ནས། མ་དག་པ་གང་ཡིན་དྲིས་པའི་ལན་ལ། ཇི་སྐད་དུ། གཟུགས་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །གཟུང་བ་དང་འཛིན་པ་གང་ལགས། བཀའ་སྩལ་པ། མིག་གིས་གཟུགས་ནི་བཟུང་བར་བྱ། །སྒྲ་ནི་རྣ་བས་མཉན་པར་བྱ། །ཞེས་པ་ནས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོར་བརྗོད། །ཅེས་པ་ནས། རྟག་ཏུ་འདི་དག་རྣམ་དག་པས། །འདི་ཉིད་རྣལ་འབྱོར་པས་འགྲུབ་འགྱུར། །ཞེས་གཟུང་འཛིན་གཉིས་དག་པའི་ཤུལ་དུ་དེ་དག་བྱེད་ཀྱི་ལྷ་མོ་རྣམས་འགྲུབ་པར་གསུངས་པ་དང༌། ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་བཤད་པ་འདི་དང༌། རྣལ་འབྱོར་སྤྱོད་པ་པས་སྟོང་པ་ཉིད་ལ་འཇུག་ཚུལ་འཆད་པ་ན། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་འབྱུང་བ་དེ་དང༌། རྣལ་འབྱོར་སྤྱོད་པ་པས་ཀུན་གཞི་དང་སྙིང་པོའི་སྒྲུབ་བྱེད་དུ་མདོ་དྲངས་པ་ན། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་འཆད་པ་འདི་དག་དོན་གཅིག་ལ་འདུ་བའི་ཕྱིར་དང༌། ཡང་དེ་ཉིད་ལས། རང་རིག་བདེ་བ་ཆེན་པོ་ཉིད། །རང་རིག་ནས་ནི་བྱང་ཆུབ་འགྱུར། །རང་རིག་ཕྱིར་ན་སྒོམ་པ་ཉིད། །རང་གི་རིག་པའི་འགྱུར་བ་ལས། །མནན་པ་ལས་ནི་ལས་སྐྱེས་ཏེ། །རང་གི་འཕྲོག་ཅིང་རང་གི་བྱེད། །རང་རིག་རྒྱལ་པོ་རང་གཙོ་བོ། །ཞེས་དང་རང་གིས་རིག་པའི་ཡེ་ཤེས་ནི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་བརླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་གནས་ལུགས་མཐར་ཐུག་དང༌། རང་རིག་གི་མྱོང་བྱར་བཤད་དོ། །གཞན་དག་གི་འཆད་ཚུལ་ལྟར་ན། རྒྱུད་ཀྱི་དོན་འདི་དག་བཀག་པར་འགྱུར་ཏེ། སོ་སོར་རང་རིག་པ་ནི་རྣལ་འབྱོར་སྤྱོད་པ་པའི་འདོད་པར་བཤད་ནས་ལེགས་ལྡན་དང་ཟླ་བ་གཉིས་ཀས་བཀག་ཅིང༌། རང་བཞིན་ཆོས་སྐུ་འཁོར་འདས་ཐམས་ཅད་ཀྱི་སྐྱེད་བྱེད་ཡིན་པའང༌། ཟླ་བའི་ཞབས་ཀྱིས། ཇི་སྐད་དུ། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང༌། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པ་པའི་འདོད་པར་བྱས་ནས་བཀག་པའི་ཕྱིར། རང་གི་འཆད་ཚུལ་ལ་ནི་དེ་ལྟ་མ་ཡིན་ཏེ། རྒྱུད་ཀྱི་དེ་ནི་རྗེས་ཀྱི་ཐ་སྙད་དང༌། སྒོམ་པས་ཉམས་ལེན་གྱི་དབང་དུ་བྱས་ལ། ཅིག་ཤོས་ཀྱི་དེ་ནི་མཉམ་གཞག་གི་ངོ་བོ་དང་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་ཞེས་འཆད་པའི་ཕྱིར་རོ། །དཔལ་ཁ་སྦྱོར་ལས་ཀྱང་རྣལ་འབྱོར་སྤྱོད་པ་པའི་ལུགས་ཀྱི་སྟོང་པ་ཉིད་འདི་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དང་པོར་སྟོང་ཉིད་རྣམ་བསམས་པས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་པ་ནས། གཟུགས་མ་མཆིས་པས་ལྟ་བ་མ་མཆིས་སོ། །སྒྲ་མ་མཆིས་པས་མཉན་པ་མ་མཆིས་སོ། །དྲི་མ་མཆིས་པས་སྣོམ་པ་མ་མཆིས་སོ། །རོ་མ་མཆིས་པས་མྱོང་བ་མ་མཆིས་སོ། །རེག་བྱ་མ་མཆིས་པས་རེག་པ་མ་མཆིས་སོ། །བསམ་བྱ་མ་མཆིས་པས་སེམས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔྱད་དུ་མེད་ཅིང་ཤེས་བྱ་མིན། །དེ་བཞིན་རྟོག་གེས་བརྟགས་དཀའ་བ། །གཉིས་སྤངས་གཉིས་སུ་མེད་པ་སྟེ། །ཇི་བཞིན་ལམ་གྱི་དེ་ཉིད་ཉོན། །ཞེས་གསུངས་ཤིང༌། དེའི་རྒྱུད་ཕྱི་མར་སྟོང་པ་ཉིད་ཀྱི་རྣམ་གཞག་དབུས་མཐའ་ལས་འབྱུང་བ་བཞིན་དུ་བཤད་དོ། །དུས་ཀྱི་འཁོར་ལོ་ལས་ཀྱང་འདི་ལྟར་གསུངས་ཏེ། སྔགས་ཀྱི་ཚུལ་འདི་ལ་བཅོམ་ལྡན་འདས་ཀྱི་རྒྱུད་དེ་དང་དེ་དག་ཏུ་དོན་རྣམ་པ་གཉིས་བསྟན་ཏེ། གཅིག་ནི་ཀུན་རྫོབ་ཀྱི་ཡིན་ལ། གཉིས་པ་ནི་དོན་དམ་པས་སོ། །ཞེས་པ་ནས། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་ནམ་མཁའ་ལ་མངོན་སུམ་དུ་སྣང་བ། འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །ཞེས་གསུངས་ཤིང༌། དེ་འདྲ་དེ་རྣལ་འབྱོར་སྤྱོད་པ་པའི་རང་ལུགས་ཀྱི་ཐ་སྙད་ལ་དོན་དམ་པའི་བདེན་པ་དང༌། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་ཁས་ལེན་ཀྱང༌། ཡོད་མེད་གང་དུ་གྲུབ་དཔྱོད་པའི་རིགས་ངོར་གཅིག་དུ་མ་སོགས་གང་དུའང་ཁས་ལེན་པར་མི་བྱེད་དེ། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར། ཞེས་བཞེད་པ་དང༌། ཡང་དྲི་མེད་འོད་ལས། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང༌། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པའོ། །ཞེས་དང༌། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་དེ་ནི་རྒྱལ་བ་རྣམས་དེ་ཁོ་ན་ཉིད་དོ། །ཞེས་གསུངས། འདི་ཡང་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་དང་འགལ་བ་མ་ཡིན་ཏེ། འདིར་བཤད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ་སྤྲོས་པའི་མཐའ་གང་རུང་དུ་གྲུབ་པ་འགོག་པ་ལ་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པ་དེ་དག་ཇི་ལྟ་བ་བཞིན་ཁས་བླངས་པས་ཆོག་པའི་ཕྱིར། འོ་ན་དོན་དམ་པའི་བདེན་པ་དང་རང་རིག་གི་མྱོང་བྱར་འགལ་བ་མ་ཡིན་ནམ། ཞེ་ན་མ་ཡིན་ཏེ། སྤྲོས་པའི་མཐའ་གང་དུའང་མ་གྲུབ་པ་དེ་ནི་སྒྲ་དང་རྟོག་པའི་ཡུལ་དུ་མ་གྲུབ་པ་ཡིན་ལ། མྱོང་བྱ་དང་བདེན་པ་ནི་མྱོང་བྱེད་ཡེ་ཤེས་ཀྱི་དབང་དུ་བྱས་པས་མི་འགལ་ལོ། །གཉིས་པ་ཉམས་མྱོང་གི་ལྟ་བ་ལ་དཔྱད་པ་ནི། གལ་ཏེ་འོ་ན་སྒྲོ་འདོགས་གཅོད་པའི་དུས་ཀྱི་ལྟ་བ་དང༌། ཉམས་མྱོང་གི་ལྟ་བ་གཉིས་ལས། གཅིག་ནི་མེད་པར་དགག་པའི་ཡུལ་ཅན། གཅིག་ནི་ཡེ་ཤེས་ཀྱི་ཡུལ་ཅན་དུ་བྱས་ན་རྣམ་པར་དག་པའི་ལྟ་བ་གང་ལ་བྱེད་ཅེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། ལྟ་བ་མཚན་ཉིད་པ་དེ་མེད་པར་དགག་པའི་ཡུལ་ཅན་དངོས་མ་ཡིན་ཏེ། ཡིན་ན་རྟོག་པར་ཐལ་བས་སོ། །དེ་ལྟ་ན་ཡང་ངོ་བོ་ཉིད་མེད་པ་བ་ལྟར་ན། རིགས་པའི་དཔྱད་པ་སྔོན་དུ་སོང་བའི་ཤེས་རབ་ཀྱིས་རྟོགས་རྒྱུ་ཅི་ཡང་མ་བྱུང་བ་ལ། དེ་ཁོ་ན་ཉིད་རྟོགས་པར་མིང་བཏགས་པའི་ཤེས་རབ་དེ་ཉིད་ལྟ་བ་རྣམ་དག་ཏུ་ཁས་ལེན་པ་ཡིན་ཏེ། དེ་ཉིད་ཐེག་ཆེན་སེམས་བསྐྱེད་ཀྱི་སྤྱོད་པ་དང་ཟུང་དུ་འབྲེལ་ནས་ཉམས་སུ་བླངས་པ་ཙམ་གྱིས་ལྟ་བ་གཞན་ལ་མ་རག་པར་སངས་རྒྱས་ཀྱི་སར་འགྲོ་ནུས་པའི་ཕྱིར། རྣལ་འབྱོར་སྤྱོད་པ་པ་ལྟར་ན། གཟུང་འཛིན་གཉིས་ཀྱིས་སྟོང་པའི་མེད་དགག་གམ། གཉིས་མེད་ཀྱི་ཡེ་ཤེས་ལ་འགྱུར་མེད་ཡོངས་གྲུབ་ཀྱི་ངོས་འཛིན་དུ་བྱེད་པ་གང་ལྟར་ཡང༌། དེ་ལྟར་རྟོགས་པའི་འཕགས་རྒྱུད་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཉིད་ལྟ་བ་རྣམ་དག་ཏུ་ཁས་ལེན་པ་ཡིན་ཏེ། ཤེས་བྱེད་སྔ་མ་དང་མཚུངས་སོ། །སྔགས་ཀྱི་ཐེག་པར་ནི་མཚན་འཛིན་གྱི་སྤྲོས་པ་གཅོད་པ་ཙམ་གྱི་དབང་དུ་བྱས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་རིགས་ཚོགས་ནས་བཤད་པ་དེས་ཀྱང་གོ་ཆོད་མོད། ཟུང་འཇུག་གི་སྐུ་བསྒྲུབ་པ་ལ་དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ་སྔ་མ་དེ་ཁོ་ན་ལྟར་བཞག་ན་སྐྱེད་རིམ་གྱི་དབང་དུ་བྱས་པའི་ལྷ་དང་སྔགས་ཉེ་བར་ལེན་པའི་རྒྱུ་མ་ཚང་བ་དང༌། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡང་དོན་དམ་པའི་སྐུ་ཁོ་ནར་ངེས་པས་ཉེར་ལེན་གྱི་རྒྱུ་ཀུན་རྫོབ་པས་མི་གྲུབ་པའི་ཕྱིར། དེའི་འབྲེལ་ཡང༌། ཡེ་ཤེས་ཀྱི་ཚོགས་གསོག་པ་སྔོན་དུ་མ་བཏང་བར་ནི་ལམ་རིམ་པ་གཉིས་ཀྱི་སྒྲུབ་པ་མི་འབྱུང་ལ། དེ་ལ་དེ་སྔོན་དུ་འགྲོ་བའི་གོ་བ་ཡང༌། སྟོང་པ་ཉིད་ཀྱི་ལྟ་བ་ལ་མཉམ་པར་བཞག་པ་ལས་མ་གཡོས་པའི་ངང་ཉིད་ནས་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་དགོས་པའི་དོན་ནོ། །གང་ལ་མཉམ་པར་འཇོག་པའི་ཡུལ་སྟོང་པ་ཉིད་དེ་ལ་ཡང་གཉིས་སུ་ཕྱེ་བ་ཡིན་ཏེ། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་ཅེས་བྱ་བའི་མིང་ཅན། རིགས་ཚོགས་སུ་བཤད་པའི་མེད་དགག་གི་ཆ་དེ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བའི་མིང་ཅན་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པའི་ཤུལ་དུ་ལུས་པའི་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་བ་གཉིས་ལས། ཕྱི་མ་འདི་གཙོ་བོར་གྱུར་པ་ཡིན་ཏེ་ལམ་རིམ་པ་གཉིས་དང་འབྲས་བུ་ཟུང་འཇུག་གི་སྐུ་ཐམས་ཅད་ཀྱང་འདི་ལས་བསྒྲུབ་དགོས་པའི་ཕྱིར། དཔེར་ན། ཇི་སྐད་དུ། སྭ་བྷཱ་ཝ་སོགས་ཀྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཤེས་ཀུན་གྱིས་འདོན་དགོས་པ་བཞིན་ནོ། །དོན་དེ་ལ་དགོངས་ནས། འཇམ་དཔལ་གྱིས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་སོ། །སྙིང་པོ་མེད་ཅེས་པ་ཡང༌། སྔགས་ཀྱི་ཐེག་པ་འདིར་སྒོམ་པས་ཉམས་སུ་བླང་བྱའི་སྟོང་པ་ཉིད་ཀྱི་ལྟ་བ་དེར་མི་རུང་ཞེས་པའི་དོན་ཡིན་གྱི། སྤྱིར་དགོས་ནུས་གང་ཡང་མེད་པར་འཆད་པ་ནི་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་རྐྱང་པས་མཚན་འཛིན་གྱི་སྤྲོས་པ་གཅོད་པ་ལ་སྟོང་ཉིད་དང་པོ་དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དེ་ལས་བཟང་བ་སངས་རྒྱས་ཀྱིས་གསུངས་པ་མེད་པའི་ཕྱིར་དང༌། སྟོང་ཉིད་དེ་ལ་སྐུར་པ་བཏབ་ན། ཀླུ་སྒྲུབ་ཞབས་ཀྱི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མཐའ་དག་ལ་ཡིད་གཏན་དུ་མི་རུང་བར་འགྱུར་བ་དང༌། བཀའ་འཁོར་ལོ་བར་པ་དགོངས་འགྲེལ་དང་བཅས་པ་ལ་སྐུར་པ་བཏབ་པའི་ཉེས་པ་ཆེན་པོས་རེག་པར་འགྱུར་རོ། །དོན་འདི་ལ་ཁ་ཅིག་ན་རེ། ཆོས་ཀྱི་དབྱིངས་སྦྱངས་གཞིར་འཇོག་པ། དུས་ཀྱི་འཁོར་ལོ་པ་ཁོ་ནའི་ལུགས་ཀྱི་ཆོས་སྐད་དོ། །ཞེས་ཟེར་མོད། དོན་དེ་ཉིད་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་ཅན་སྣ་ཚོགས་རང་བཞིན་ཅན། །སེམས་ནི་བདག་གི་རྣམ་རྟོག་གིས། །སྐྱེ་བོ་དྲི་མས་ནག་པོར་བྱས། །དེ་བས་ཀུན་ཏུ་རབ་འབད་པས། །སེམས་ཀྱི་རྡོ་རྗེར་རྣམ་པར་སྦྱང༌། །སེམས་དག་པ་ནི་བདེ་བ་ཡིན། །ཉོན་མོངས་དུག་ནི་ཐམས་ཅད་འཕྲོག །ཅེས་སེམས་ཀྱི་རྡོ་རྗེ་སྦྱང་གཞི་དང༌། བདེ་བ་དམ་པ་སྦྱངས་འབྲས་དང༌། ཉོན་མོངས་པ་སྦྱང་བྱར་གསུངས་སོ། །དེ་ནས་སྦྱོང་བྱེད་ཀྱི་གཉེན་པོ་ངོས་འཛིན་པ་ནི། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་པ་སྟེ། དོན་ནི་བཤད་མ་ཐག་པ་དེ་ཉིད་དོ། །འོ་ན་སྟོང་ཉིད་དང་པོ་དེ་བསྟན་པའི་དགོས་པ་ཅི་སྙམ་པ་ལ། ལྟ་བ་རྣམས་ལས་ལོག་རྣམས་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱིས། །བདག་ཞེན་བསམ་པ་ཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སོགས་འདིར་དྲི་མ་སྦྱོང་བྱེད་ཀྱི་གཉེན་པོ་ཡེ་ཤེས་དེ་གང་ཞེ་ན། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སོ། །ཞེས་འཆད་པ་ནི། དེའི་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་མྱུར་བར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཞེས་སོ། །མདོར་ན་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐབས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་བསྒྲུབ་བྱ་དང༌། གྲུབ་འབྲས་ཟུང་འཇུག་གི་སྐུ་དེའང་རྒྱུ་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ཅན་ནོ། །ཞེས་འཆད་པ་ནི། དེ་ཕྱིར་ཐབས་ཀྱི་བསྒྲུབ་བྱ་དང༌། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས། དོན་དེ་ལྟར་ཐུགས་ལ་བཞག་ནས། སྔོན་གྱི་མན་ངག་པ་དག་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པའི་ལྟ་བ་ལ་དུག་ཅན་དང༌། སྒོམ་པས་ཉམས་སུ་བླངས་པའི་ལྟ་བ་ལ་དུག་མེད་ཅེས་འཆད་དོ། །དེ་ལྟར་འཆད་ཤེས་པ་ན། བཀའ་འཁོར་ལོ་ཐ་མའི་མདོ་ནི་བཀའ་བར་པ་ལ་ལྟོས་ནས་ཀྱང་ངེས་པའི་དོན་ཅན་ཉིད་དུ་གྲུབ་སྟེ། བཀའ་བར་པས་སྒྲོ་སྐུར་གྱི་རྟོག་པ་མཐའ་དག་བསལ་ཟིན་པ་གཞིར་བྱས་ཀྱི་སྟེང་དུ་སྒོམ་པས་ཉམས་སུ་བླངས་བྱའི་ངེས་དོན་མཐར་ཐུག་པ་དེ་ཉིད་ནི་འདི་ཡིན་ནོ་ཞེས་གསལ་བར་གཏན་ལ་ཕབ་པའི་ཕྱིར། མདོ་གང་དུ་ཞེ་ན། མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུ་ཕར་ཕྱིན་ཐེག་པའི་དབང་དུ་བྱས་པའི་བཀའ་ཐ་མ་རྣམས་སུ། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་རང་བཞིན་ཆོས་སྐུ་དང༌། བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་དེ་ཉིད་གསལ་བའི་ཕྱིར་དང༌། བཀའ་ཐ་མ་ཉིད་ཀྱི་དབང་དུ་བྱས་པའི་སྔགས་ཀྱི་ཐེག་པར་ཡང༌། ངེས་དོན་མཐར་ཐུག་པ་ནི་དགག་བྱ་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བཀག་པའི་ཆོས་དབྱིངས་ཡེ་ཤེས་ཉིད་གསལ་བར་བསྟན་པ་ཡིན་ལ། དེ་ནི་བཀའ་བར་པར་སྒྲ་ཇི་བཞིན་པ་ཉིད་ཀྱིས་མ་བསྟན་ཞིང་ཇི་སྲིད་ཆོས་ཀྱི་དབྱིངས་འདི་ཐ་ནའང་མོས་པ་ཡིད་བྱེད་ཙམ་གྱིས་མ་རྟོགས་པ་དེ་སྲིད་དུ་ལམ་རིམ་པ་གཉིས་ཀྱི་ཉམས་ལེན་བྱེད་ཤེས་པ་མི་འབྱུང་བའི་ཕྱིར། འདིར་ལ་ལ་དག་ན་རེ། ལྷ་དང་སྔགས་ཆོས་ཀྱི་དབྱིངས་ཁོ་ན་ལ་བསྒྲུབ་པར་འཆད་པ་དེ་དུས་ཀྱི་འཁོར་ལོའི་ཆོས་སྐད་དང་བསྲེས་པ་ཡིན་གྱི། འཕགས་པ་ཡབ་སྲས་སོགས་ཀྱི་ལུགས་ལ་མེད་དོ་ཞེས་ཟེར་རོ། །དེ་ནི་ཆ་མེད་པར་སྨྲ་བ་ལ་རིངས་པ་ཡིན་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མ་ལས། ལུས་རྣམ་པར་དབེན་པ་ལ་ཡང་ལྷའི་གཟུགས་མེད་དེ། ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་རོ། །ངག་རྣམ་པར་དབེན་པ་ལ་ཡང་ལྷའི་རྣམ་པ་མེད་དེ། སྒྲ་རྣམས་ནི་བྲག་ཆ་ལྟ་བུ་ཡིན་པའི་ཕྱིར་རོ། །སེམས་རྣམ་པར་དབེན་པ་མཐར་ཐུག་པ་དེར་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུའི་ངོ་བོར་རྙེད་པར་མི་འགྱུར་ཏེ། སེམས་ནི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ན་ཀུན་རྫོབ་ལ་བརྟེན་ནས་གནས་པ་རྙེད་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཙམ་གྱིས་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་སློབ་དཔོན་གྱི་ཞལ་སྔ་ནས་ལས་རྟོགས་པར་བགྱི་བར་འཚལ་ལོ། །ཞེས་པ་ནས། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་མེད་པ། ཡེ་ཤེས་ཙམ་དུ་ཡོངས་སུ་སྣང་བ་ཙམ་གྱིས་ཐམས་ཅད་དང་ལྡན་པའི་ལྷའི་སྐུར་བཟུང་བ་དེ་ཡང༌། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ནོ། །རྡོ་རྗེ་སློབ་མས་གསོལ་པ། བརྟེན་པའི་ལུས་མེད་པར་སེམས་ཀྱི་རང་བཞིན་ཀྱང་མེད་ལ། སེམས་མེད་པར་ཡང་ལུས་དམིགས་སུ་མེད། ཅེས་ལུང་གི་ཚིག་ལས་གསུངས་ན། ཇི་ལྟར་ན་སེམས་འབའ་ཞིག་ཙམ་གྱིས་ཕྱག་དང་ཞབས་ལ་སོགས་པ་མཚན་ཐམས་ཅད་དང་ལྡན་པའི་ལྷའི་སྐུ་རྫོགས་པར་འགྱུར། དམིགས་པའི་ལྟ་བ་ཅན་རྣམས་ནི་ལུང་དང་རྟོགས་པ་མེད་པར་ཡིད་ཆེས་པར་མི་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱི་དམིགས་སུ་མེད་པའི་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་མངོན་སུམ་དུ་བྱ་བའི་ཐབས་རྡོ་རྗེ་སློབ་དཔོན་སྟོན་པས་བཤད་དུ་གསོལ། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ། །གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང༌། སྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་ཞེས་དཔེར་འཇོག་ཅིང་ལྷག་པར་མོས་ཀྱང༌། དེ་རྣམས་ཀྱིས་ནི་དཔེ་དེས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་གྱུར་པ་ཤེས་པར་མི་འགྱུར་རོ། །དེ་བས་ན་ངས་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་དཔའ་རྫོགས་པར་འགྱུར་བའི་རྒྱུ་དང་རྐྱེན་ཁྱེད་ལ་ཁོང་དུ་ཆུད་པར་བྱའོ། །ཡང་དག་པར་ན་སེམས་ནི་དབྱིབས་དང་ཁ་དོག་དང་བྲལ་བ། སྣང་བ་ཙམ་ནམ་མཁའ་དང་མཉམ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་དང་འདྲ་བར་རིག་པར་དཀའ་འོ། །ཞེས་པ་ནས་ཤེས་རབ་དང་ཐབས་ཀྱི་སྣང་བ་གཉིས་འོད་ཟེར་ལྔ་དང་བཅས་ཤིང་སྣ་ཚོགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་སྒྱུ་མ་ལྟ་བུའི་ལྷའི་སྐུར་འགྱུར་རོ། །འདི་ཡི་བཞོན་པ་གང་ཞེ་ན། རླུང་ཞེས་བྱ་སྟེ། སེམས་ཀྱི་རྡོ་རྗེ་གང་ཡིན་པ་རྟ་ལྟ་བུ་ལ་ཞོན་ནས་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ། །ཞེས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་རང་གི་ཉེར་ལེན་སེམས་ཀྱི་རྡོ་རྗེ་ལས་འབྱུང་བར་བཤད་དོ། །རྡོ་རྗེ་དེ་ཡང༌། སེམས་རང་བཞིན་གྱིས་འོད་གསལ་བ་དང༌། དོན་དམ་པའི་བདེན་པར་བཤད་ཅིང༌། འཆི་བ་འོད་གསལ་ཞེས་པ་ཡང་དེ་ཉིད་ཀྱི་ནང་ཚན་དུ་བཤད་པ་ཡིན་ཞིང༌། དེ་ཡང་བླ་མ་བརྒྱུད་པའི་མན་ངག་གིས་མ་ཟིན་ན་འཁོར་བའི་རྒྱུ་དང༌། དེས་ཟིན་ན་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ཉེར་ལེན་གྱི་རྒྱུ་ཉིད་དུ་བཤད་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། ཆུའི་ནང་དུ་བྱུང་བའི་སྐྱེས་བུའི་གཟུགས་བརྙན་ནི་བདེ་བའི་སྒྲ་དང་སྡུག་བསྔལ་གྱི་སྒྲ་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་འདི་ཡང་ཐོག་མར་འཆི་བའི་ལུས་ཀྱི་རང་བཞིན་ཡོངས་སུ་སྤངས་ནས། བྱིས་པ་སོ་སོའི་སྐྱེ་བོའི་སྲིད་པ་བར་མ་ཞེས་བྱ་བའི་འཁོར་བའི་རྒྱུར་འགྱུར་རོ། །དེ་ཉིད་བླ་མ་བརྒྱུད་པའི་རིམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཐོབ་པ་རྣམས་ནི། བདག་ལ་བྱིན་གྱིས་བརླབས་པ་ཞེས་བྱ་བ་འདི་ལྟར་རྩིག་པའི་རས་བྲིས་མེ་ལོང་ནང་གི་གཟུགས་སུ་སྣང་བ་དེ་བཞིན་དུ། རྡོ་རྗེའི་སྐུ་ངོ་བོ་ཉིད་ཀྱི་བདག་ཉིད་སྤྲུལ་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་བལྟ་བས་མཆོག་མི་ཤེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་ལུས་ལ་བརྒྱན་པ་སྟེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས་སོ། །སྐབས་འདིར་གཞན་དག་ན་རེ། སྔགས་ཀྱི་ཐེག་པ་འདིར་ཡེ་ཤེས་ཀྱི་ཚོགས་བསོག་པ་དང་སྟོང་པ་ཉིད་སྒོམ་པ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་ལྟ་བས་ཕུ་ཐག་བཅད་ཟིན་པའི་སྟོང་པ་ཉིད་དེ་སྒོམ་པ་ཡིན་གྱི། དེར་མ་བཤད་པའི་སྟོང་པ་ཉིད་བསྒོམ་པར་བྱ་བ་དང་རྟོགས་པར་བྱ་བ་ཅི་ཡང་ཡོད་པ་མ་ཡིན་ཞིང༌། ཁྱད་པར་སྔགས་ཀྱི་དོན་ཙམ་བསམས་ནས་ཕུང་སོགས་མི་དམིགས་པར་ཡིད་ལ་བྱེད་པ་ནི་ཆད་སྟོང་སྒོམ་པ་ཡིན་པས་ཅིར་ཡང་རུང་བ་མ་ཡིན་ནོ་ཞེས་ཟེར། དེ་མི་འཐད་པ་ལ་གཉིས་ཏེ། དེར་མ་བཤད་པའི་སྟོང་ཉིད་བསྒོམ་བྱ་མ་ཡིན་པ་མི་འཐད། དེར་མ་བཤད་པའི་སྟོང་ཉིད་རྟོགས་བྱེད་ཀྱི་ཐབས་མེད་པ་མི་འཐད་པའོ། །དང་པོ་ནི། ཁྱེད་ཀྱི་བསམ་ངོ་ན་དབུ་མ་རིགས་ཚོགས་ནས་མ་བཤད་པའི་སྟོང་པ་ཉིད་ཀྱི་མིང་ཅན་གོ་ཆོད་པོ་ཞིག་སྔགས་ཀྱི་ལུགས་ལས་མ་བཤད་དོ་སྙམ་དུ་བསམས་པ་ཡིན་མོད། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་དང༌། འོད་གསལ་བའི་རིམ་པ་ཞེས་དང༌། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་རྣམས་སྔགས་སུ་ནི་སྟོང་པ་ཉིད་དང༌། དོན་དམ་པའི་བདེན་པ་གོ་ཆོད་པོར་གསུངས་ལ། རིགས་པའི་ཚོགས་སུ་བཤད་པའི་སྟོང་པ་ཉིད་ནི་མེད་པར་དགག་པ་ཁོ་ནའི་ཆ་ནས་བཤད་པས་རྣམ་ཀུན་མཆོག་ལྡན་སོགས་དེ་དང་དེ་དག་གི་མཚན་གཞིར་མི་རུང་ཞིང་རིགས་ཚོགས་སུ་ནི་རྣམ་གྲངས་པ་མ་ཡིན་པའི་དོན་དམ་པའི་བདེན་པ་ཞིག་ངོས་བཟུང་དུ་མེད་པར་བཤད་པའི་ཕྱིར་དང༌། བདེན་གཉིས་སུ། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང༌། ཚིག་གསལ་དུ། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ནོ། །ཞེས་པ་ལས་དོན་དེ་གསལ་བའི་ཕྱིར་རོ། །འདི་དང་སྔགས་ལུགས་སུ་སྟོང་ཉིད་བརྗོད་བྲལ་དུ་བཤད་པ་གཉིས་དོན་འདྲ་བ་མ་ཡིན་ཏེ། འདིར་ནི་སྟོང་པ་ཉིད་ཅེས་བྱ་བའི་ཆོས་རྟོག་པ་ལྟ་ཅི་སྨོས་རྟོག་མེད་ཀྱི་ཡུལ་ལས་ཀྱང་འདས་པར་བཤད་ལ། སྔགས་སུ་ནི། འཕགས་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཞིག་ལ་དེར་ངོས་བཟུང་ནས། དེ་འདྲ་དེ་སྒྲས་བརྗོད་དུ་དང་རྟོག་པས་བཟུང་དུ་མེད་པར་ནི། གཞོན་ནུ་མའི་བདེ་བ་དང་པྲ་ཕབ་པ་ལ་སོགས་པའི་དཔེ་དང་སྦྱར་ནས་བཤད་པའི་ཕྱིར། དཔེར་ན། བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །ཞེས་དང༌། འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཅེས་རྒྱུད་བླ་མར་བཤད་པ་དང་འདྲའོ། །ཕུང་སོགས་མི་དམིགས་པ་ཆད་སྟོང་དུ་འགྲོ་ན་བདེན་མེད་ཀྱང་དེར་སོང་ཏེ། བདེན་པའི་བདེན་གྲུབ་དང་ཕུང་སོགས་ནི་ཐ་སྙད་དུ་ཡོད་པར་མཚུངས་པའི་ཕྱིར། ཆད་སྟོང་གི་ཉེས་པ་དེ་ཁྱེད་ཉིད་ལ་འཇུག་སྟེ། ཕུང་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་ཚད་མས་གྲུབ་པ་ཉིད་དུ་ཁས་བླངས་ནས། རིགས་པས་དཔྱད་པའི་ཚེ་ཅི་ཡང་མ་རྙེད་པ་ཉིད་དུ་ནི་ཁྱེད་ཀྱིས་ཁས་ལེན་ལ་དོན་དེ་ལ་ནི་ཟླ་བའི་ཞབས་ཀྱིས་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་ཞེས་བྱ་བའི་མི་རིགས་པ་ཆེན་པོ་དེར་ཁས་ལེན་པས་སོ། །དེས་ན་ཡེ་ཤེས་ཚོགས་སོག་གི་ཚེ་ལྟ་བས་ཕུ་ཐག་བཅད་པའི་མེད་དགག་ཉིད་བསྒོམ་བྱར་འདོད་པ་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན་ནོ། །ཞེས་སྒོམ་པར་འཆད་པ་ཡང་ཁས་བླངས་འགལ་བ་ཡིན་ཏེ། ཁྱེད་ཀྱིས་ནི་སྟོང་ཉིད་ཡེ་ཤེས་ཀྱི་ངོ་བོར་མི་འདོད་པའི་ཕྱིར། དེ་ལ་འདི་སྐད་ཅེས། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་དབྱེར་མེད་དུ་སོང་བ་དེ་ལ་ང་རྒྱལ་འཇོག་པ་ནི་ཆོས་སྐུ་ལམ་བྱེད་ཀྱི་དོན་ཡིན་ནོ། །ཞེས་ཟེར། འོ་ན་དེ་དུས་ཀྱི་ང་རྒྱལ་འཛིན་ལུགས་དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཉམ་པར་བཞག་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཡུལ་སྟོང་པ་ཉིད་དང་དབྱེར་མེད་དུ་སོང་བའི་ཡེ་ཤེས་དེ་ཁྱེད་ཅག་གིས་ཀུན་རྫོབ་བདེན་པར་ཁས་ལེན་པའི་ཕྱིར། ཡང་བསྟོད་ཚོགས་དང༌། ཕར་ཕྱིན་ཐེག་པའི་བཀའ་ཐ་མ་ནས་མ་བཤད་པའི་སྟོང་པ་ཉིད་སྔགས་ནས་བཤད་པ་མེད་དོ་ཞེས་ཀྱང་མི་རུང་སྟེ། ཕར་ཕྱིན་ཐེག་པའི་བཀའ་ཐ་མར་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཙམ་ཞིག་རྒྱས་པར་བཤད་མོད། དུ་བ་དང་སྨིག་རྒྱུ་ལྟ་བུའི་སྟོང་ཉིད་སོགས་དང༌། སྣང་མཆེད་ཐོབ་གསུམ་དང་མིང་གི་རྣམ་གྲངས་སུ་བཤད་པའི་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པ་ཞེས་བྱ་བ་དེ་དག་ཀྱང་མ་བཤད་པས་སོ། །མདོར་ན་སྔགས་ཀྱི་ཐེག་པར་སྟོང་ཉིད་སྒོམ་པའི་དོན་ནི་ཟུང་འཇུག་སྒོམ་པ་ཡིན་ལ། ཟུང་འཇུག་གི་དོན་ཡང་གཉིས་སུ་བྱར་མེད་པ་ཡིན་ལ། དེ་ལྟར་སྒོམ་པ་ནི་མཚན་ཉིད་ཐེག་པར་ཡོད་པ་མ་ཡིན་ཏེ། དེར་ནི་ཚོགས་གཉིས་སོག་པའི་ཚེ་ཀུན་རྫོབ་དང་དོན་དམ་སོ་སོ་བ་ཉིད་བསྒོམ་བྱར་བཤད་ཀྱི། གཉིས་མེད་དུ་སྒོམ་པར་མ་བཤད་པའི་ཕྱིར་དང༌། གསང་བ་འདུས་པར། དངོས་པོ་མེད་པ་སྒོམ་པ་མེད། །ཅེས་སོགས་ཀྱི་དོན། འཕགས་པ་ཡབ་སྲས་ཀྱིས་བདེན་གཉིས་སོ་སོ་བར་སྒོམ་པ་བཀག་ནས། ཟུང་འཇུག་སྒོམ་པ་མཐར་ཐུག་གི་དོན་དུ་འཆད་པ་དང༌། ཁ་སྦྱོར་དུ། སྟོང་པ་སྒོམ་པར་མི་བྱ་སྟེ། །ཞེས་སོགས་ཀྱི་དོན་ཡང་སྟོང་པ་དང་སྟོང་མིན་སོ་སོར་སྒོམ་པ་བསལ་ནས་ཟུང་འཇུག་སྒོམ་པ་ལ་འཆད་དགོས་པའི་ཕྱིར་དང༌། བཀའ་བར་པའི་དངོས་བསྟན་གྱི་སྟོང་པ་ཉིད་སྒོམ་ཚུལ་ནི། སྤྱོད་འཇུག་ཏུ། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་པ་དང༌། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལས་ལྷག་པ་མ་བཤད་ལ། སྔགས་སུ་ནི་ཟུང་འཇུག་དང་འོད་གསལ་བའི་རིམ་པ་ལྟ་བུ་ལ་ང་རྒྱལ་འཇོག་པར་བཤད་ཀྱི། དམིགས་མེད་དུ་འཇོག་པར་མ་བཤད་པའི་ཕྱིར། ཀྱཻའི་རྡོ་རྗེ་ལས་ཀྱང༌། དངོས་པོ་མེད་པ་ཡོངས་ཤེས་པས། །དངོས་པོ་སྒོམ་འགྱུར་ཤེས་རབ་ཅན། །ཞེས་ཀྱང་བཤད་དོ། །གཉིས་པ་ནི། སྟོང་པ་ཉིད་རྟོགས་པའི་ཐབས་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་མ་བཤད་པ་ཞིག་སྔགས་ཀྱི་ཐེག་པར་བཤད་པ་མེད་དོ། །ཅེས་ཟེར་བ་དེ་ནི་ཆེས་ཤིན་ཏུ་རིགས་པ་མ་ཡིན་ཏེ། ཨརྻ་དེ་བས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་བརླབས་ལས་ཕྱིར་ཕྱོགས་པ། །དེ་ཡིས་དེ་ཉིད་རིག་མི་འགྱུར། །ཞེས་དང༌། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབ་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་རྟོགས་པ་མེད། །ཅེས་དང༌། ཀྱཻའི་རྡོ་རྗེ་ལས་ཀྱང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། འདི་ནི་བྱིན་བརླབ་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དང༌། རིམ་ལྔ་དང་སྤྱོད་བསྡུས་སུ་ཡང་འོད་གསལ་གྱི་རིམ་པ་རྟོགས་པ་བླ་མའི་བྱིན་རླབས་དང་དབང་གསུམ་པ་ལ་ལྟོས་པར་བཤད་པ་དང༌། མན་ངག་གི་གཞུང་རྣམས་སུ་དབང་བཞི་པོ་སོ་སོ་ལ་ལྟོས་པའི་ལྟ་བའི་རིམ་པ་མི་འདྲ་བ་རེ་རེ་རྟོགས་རྒྱུ་ཡོད་པར་བཤད་པ་དང༌། རྫོགས་རིམ་སོ་སོའི་སྔོན་དུ་བྱིན་རླབས་རེ་རེ་བཤད་པ་དེ་ཡང༌། བྱིན་རླབས་ཀྱི་མཐུས་ལྟ་བ་དེ་དང་དེ་དག་རྟོགས་པ་དང༌། དེའི་རྒྱུན་གོམས་པ་ལ་དགོངས་ནས་དེ་ལྟར་བཤད་པའི་ཕྱིར་རོ། །ཡང་ལ་ལ་དག་ན་རེ། སྔགས་ཀྱི་ཐབས་མཁས་ལ་མ་རྟེན་པར་ཕར་ཕྱིན་ཐེག་པ་རྐྱང་པའི་ལམ་གྱིས་སྟོང་ཉིད་རྟོགས་པ་མེད་དོ། །ཞེས་འཆད་པ་ནི་རྗེ་བཙུན་ས་སྐྱ་པའི་ལུགས་སོ། །ཞེས་ཟེར་བ་དེ་དག་ནི། བོད་ཕྱི་མ་གཞན་དག དབུ་མ་ཐལ་འགྱུར་བ་ལས་གཞན་ལ་ཐམས་ཅད་མཁྱེན་པ་ལྟ་ཅི། ཐར་པའི་ལམ་ཡང་མེད་དོ། །ཞེས་སྨྲ་བ་དང་མཚུངས་པས། ཐེག་པ་ཆེན་པོའི་ཆོས་སྤངས་པའི་ཉེས་པར་འགྱུར་ཞིང༌། རྗེ་བཙུན་དེ་དག ཕར་ཕྱིན་ཐེག་པ་རྐྱང་པའི་ལམ་གྱིས་ས་བཅུ་ཡོངས་སུ་རྫོགས་པར་བཞེད་པ་དང་ཡང་འགལ་བས་མི་རིགས་སོ། །ཡང་ལ་ལ་དག་ན་རེ། བཀའ་བར་པའི་དངོས་བསྟན་ལ་མེད་པའི་སྟོང་པ་ཉིད་སྔགས་ཀྱི་ཐེག་པར་སྒོམ་དུ་ཡོད་པར་འཆད་ན། ཇི་སྐད་དུ། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་པ་དང་འགལ་ལོ་ཞེས་ཟེར་མོད། དེ་སྐད་དུ་ཟེར་བ་ཁྱོད་ཀྱང༌། ཡུལ་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས། ཡུལ་སྤྲོས་བྲལ་རྟོགས་པའི་ལྟ་བ་དེ་འདྲ་དེ་ཕ་རོལ་ཏུ་ཕྱིན་པ་བ་དག་ལ་ཡོད་དམ་མེད་ཅེས་བརྟགས་ན་ཇི་སྐད་དུ་སྨྲ། ཁོ་བོ་ཅག་ནི། སྤྲོས་བྲལ་ཐོས་བསམ་གྱིས་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཕར་ཕྱིན་ཐེག་པར་བཤད་པ་ལས་ལྷག་པ་གཅིག་དེ་ལ་ཡོད་པ་མ་ཡིན་ནོ། །ཞེས་དང༌། མཉམ་གཞག་ཏུ་ཉམས་སུ་མྱོང་བའི་ཟུང་འཇུག་གི་ལྟ་བ་སྔགས་ལུགས་ཀྱི་ཐུན་མོང་མ་ཡིན་པ་དེ་ལ་རྗེས་ཐོབ་ཏུ་སྤྲོས་པ་འགོག་པའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལྟར་ཁས་ལེན་དགོས་ཏེ། ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་འགོག་དགོས་སོ། །ཞེས་པའི་དོན་ཏོ། །གསུམ་པ་གྲུབ་དོན་ལ་གཉིས་ཏེ། སྟོང་པ་ཉིད་ཀྱི་དབྱེ་བ་དང༌། དབུ་སེམས་ཀྱི་ཁྱད་པར་གཞུང་དང་སྦྱར་བའོ། །དང་པོ་ལ། སྟོང་པ་ཉིད་ཀྱི་མིང་ཅན་ནི་གཉིས་ཏེ། སྒྲ་དང་རྟོག་པས་བཏགས་པའི་སྟོང་ཉིད་གྲུབ་མཐའ་ལ་གྲགས་པ་དང༌། གནས་ལུགས་སུ་གྲུབ་པའི་རང་བཞིན་སྟོང་ཉིད་རྣལ་འབྱོར་པས་ཉམས་སུ་མྱོང་བའོ། །དང་པོ་ནི། མེད་པར་དགག་པ་དང་བློ་ཆོས་དང་ལྡོག་པ་གཞན་སེལ་དང་སྤྱི་མཚན་དུ་བཞག་དགོས་པ་ཉིད་ཀྱི་ཕྱིར། དོན་དམ་པའི་བདེན་པར་མི་རུང་སྟེ། རྣལ་འབྱོར་མངོན་སུམ་གྱི་མྱོང་བྱར་མི་རིགས་པའི་ཕྱིར་ཡང་ངོ༌། །གཉིས་པ་དེ་ནི་དོན་དམ་པའི་བདེན་པར་འཇོག་དགོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་དོན་དེ་ཉིད་གཟིགས་པས་དོན་ཆོས་དང་རྟོག་པས་གཞོམ་པར་མི་ནུས་པས་རྡོ་རྗེ་དང་དོན་དམ་པར་དོན་བྱེད་ནུས་པས་རང་མཚན་དང་མི་སླུ་བས་བདེན་པ་ཉིད་ཀྱི་ཕྱིར། གནས་ཚུལ་དེ་རྟོགས་པའི་ཐབས་ནི་གཉིས་ཏེ། ཕར་ཕྱིན་པས་ཐོས་བསམ་གྱི་སྒོ་ནས་དང༌། གསང་སྔགས་པས་རང་བྱིན་རླབས་དང་ལུས་ཀྱི་བྱེད་བཅིངས་དང་དབང་གི་རིམ་པ་སོགས་ལས་སོ། །དང་པོ་ལ་ཡང་གཉིས་ཏེ། རྣལ་འབྱོར་སྤྱོད་པ་པས་བཟུང་འཛིན་གཉིས་པོ་རང་གི་ངོ་བོས་སྟོང་ཞིང་གཉིས་མེད་ཀྱི་ཡེ་ཤེས་གཞན་གྱིས་སྟོང་པར་གཏན་ལ་ཕབ་ནས་དང༌། ངོ་བོ་ཉིད་མེད་པ་པས་ཤེས་བྱ་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ནས་སོ། །ཚུལ་དེ་གཉིས་ཀ་ཡང་འཇུག་ཡུལ་དོན་དམ་པའི་བདེན་པ་ལ་མི་བསླུ་བ་ཡིན་ཏེ། དེ་ལྟར་གཏན་ལ་ཕབ་ནས་ཞུགས་པས་དོན་དམ་པ་དེ་ཉིད་ཉམས་སུ་མྱོང་བའི་རྣལ་འབྱོར་མངོན་སུམ་མངོན་དུ་འགྱུར་བའི་ཕྱིར། སྟོང་པ་ཉིད་ལ་དགག་སྒྲུབ་གཉིས་སུ་དབྱེ་བ་འདི་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ན་མེད་དོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་ལ་གྲགས་ཆེ་བ་སློབ་དཔོན་སེང་གེ་བཟང་པོའི་གཞུང་བཞིན་ནོ། །དེར་དེ་ཇི་ལྟར་བཤད་ཅེ་ན། མིག་སོགས་ཉི་ཤུ་པོ་རང་སྟོང་དུ་བཤད་པས་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྟོང་ཉིད་དེ་བསྟན་པ་ཡིན་ལ། དགོས་པ་ནི་སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་ཡིན་ནོ། །ཉམས་མྱོང་གི་སྟོང་ཉིད་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་དང༌། དྲི་མ་ཟད་དང་མི་སྐྱེ་བ། །སོགས་དང༌། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །ཅེས་དང༌། ངོ་བོ་ཉིད་སྐུའི་འགྲེལ་པར་གསལ་ལོ། །ཇི་ལྟར་ཞེ་ན། དེར་ཐེག་ཆེན་གྱི་སྒོམ་ལམ་སྟོང་པ་ཉིད་དུ་བཤད་པ་དང༌། དེ་བཞིན་ཉིད་ཀྱི་མཚན་གཞི་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་དང༌། གནས་ཚུལ་གྱི་སྐུ་ལྷག་མ་གསུམ་པོ་དོན་དམ་པར་ངོ་བོ་ཉིད་ཀྱི་སྐུར་བཤད་པས་སོ། །ཐེག་ཆེན་གྱི་སྒོམ་ལམ་བདེན་སྟོང་དུ་བཤད་པ་ཉིད་ཀྱིས་ཆོས་ཉིད་དངོས་སུ་བཤད་པ་མེད་དོ་སྙམ་ན། ཁྱེད་འདོད་པའི་བདེ་སྟོང་དེར་ཁས་བླངས་པ་ལ་ནི་གནས་སྐབས་དང་མཐར་ཐུག་གི་བྱེད་པ་ལ་རྩོད་པ་འབྱུང་བའི་གོ་སྐབས་མེད་པས་མི་རིགས་ཤིང༌། ཇི་སྐད་དུ། ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་ལམ་གྱི་དངོས་པོ། ཞེས་པའི་ལུང་ལས་ཤེས་སོ། །གནས་ཚུལ་གྱི་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུར་བཤད་པ་ཡང་ཡིན་ཏེ། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཞེས་པའི་ལུང་ཤེས་བྱེད་དུ་དྲངས་པ་དང༌། སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཞེས་ཀྱང་བཤད་པའི་ཕྱིར། ལུང་དེ་གང་ནས་དྲངས་པའི་གཞུང་ནས་འདི་ལྟར་བཤད་དེ། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །དེ་ལྟ་མིན་ན་གཉིས་སྟོང་པ། །རྣམ་ཤེས་མིན་པར་ཐལ་བར་འགྱུར། །གཉིས་མེད་པ་ལས་ལོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །དེ་གྱུར་དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །ཅེས་འབྱུང་བ་དེ་ཉིད་ལ་ཀླགས་པ་ཙམ་གྱིས་ཤེས་སོ། །འོ་ན་སློབ་དཔོན་འདིས། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། ཞེས་གཉིས་མེད་ཀྱི་ཡེ་ཤེས་རང་སྟོང་དུ་བསྒྲུབས་པ་མ་ཡིན་ནམ་ཞེ་ན། བསམ་བྱུང་གི་རིགས་པས་སྒྲོ་འདོགས་གཅོད་པའི་ཚེ་དེ་ལྟར་བཤད་མོད་སྒོམ་བྱུང་གིས་ཉམས་སུ་ལེན་པའི་ཚེ་ཡེ་ཤེས་དེ་ཉིད་མྱོང་བྱར་བཤད་པ་ཡིན་ཏེ། ཇི་སྐད་དུ། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོར་རང་གིས་རིག་པ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན། ཞེས་བཤད་ལ། ཡེ་ཤེས་དེ་ཉིད་ཉམས་སུ་མ་མྱོང་ན་སྐབས་དེའི་རང་རིག་དེ་འབྱུང་ས་མེད་པའི་ཕྱིར། ཉམས་སུ་མྱོང་བྱའི་དེ་ཁོ་ན་ཉིད་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་དང༌། ཇོ་བོ་ཨ་ཏི་ཤ་གཉིས་ཀས་བཞེད་པ་ཡིན་ཏེ། དབུ་མ་རྒྱན་དང་ཇོ་བོས་མཛད་པའི་ཆོས་ཀྱི་དབྱིངས་སུ་ལྟ་བའི་ཀླུ་གཉིས་ཀ་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་འཐོབ། །ཅེས་འབྱུང་ལ། ཚུལ་གཉིས་ནི། རྣལ་འབྱོར་སྤྱོད་པ་པ་དང་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་ལོ། །གཉིས་པ་དབུ་སེམས་ཀྱི་ཁྱད་པར་གཞུང་དང་སྦྱར་བ་ནི། འགྲེལ་ཆེན་དྲི་མ་མེད་པའི་འོད་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང༌། བདེ་གཤེགས་གཞུང་གི་རབ་དབྱེ་རྣམས་སུ་བྱེ་མདོ་གཉིས་ཀྱི་གཞུང་སོ་སོར་བཤད་ཟིན་པའི་དེ་མ་ཐག་ཏུ། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །ཞེས་གསུངས། དེའི་རྐང་པ་དང་པོ་གཉིས་ཀྱིས་ཕྱི་རོལ་གྱི་དོན་མེད་པ་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་དོན་དུ་སྣང་བ་སེམས་ཡིན་པ་དང༌། སེམས་དེ་འཛིན་པ་ཉིད་དུ་བདེན་པར་བཤད་པ་དེ་ནི་སེམས་ཙམ་པའི་གཞུང་སྟེ། མདོ་སྡེའི་རྒྱན་ལས། ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་བྱུང་བ་དང་དོན་གཅིག་ལ། དེ་ལྟ་བུའི་ལྟ་བ་དེས་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་བཟོད་པའི་བར་དུ་བགྲོད་ནུས་པར་འཆད་པ་ཡིན་ནོ། །ཡང་ཇི་སྐད་དུ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་པ་རྐང་པ་དང་པོ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཚུལ་དང༌། རྐང་པ་གཉིས་པས་ནི་དེའི་ཤུལ་ན་ཡོད་པའི་ཡེ་ཤེས་དེ་དོན་དམ་པའི་བདེན་པར་དང༌། དེ་ནས་རྐང་པ་གཉིས་ཀྱིས་ནི་དེ་ལྟར་འཆད་པ་དེ་རྣལ་འབྱོར་སྤྱོད་པ་པ་ལ་གནས་སྐབས་སེམས་ཙམ་པ་དང༌། མཐར་ཐུག་དབུ་མ་པ་གཉིས་ལས། ཕྱི་མའི་ལུགས་སོ་ཞེས་འཆད་པའོ། །འདིར་རྣམ་པར་ཤེས་པ་ཞེས་བྱ་བ་ཡེ་ཤེས་ཀྱི་ཟླས་ཕྱེ་བ་དེ་ལ་ཟེར་བ་མ་ཡིན་ཏེ། དེ་ཡིན་ན་གཟུང་འཛིན་ལས་གྲོལ་བར་འགལ་བས་སོ། །དབུ་མ་པ་འདི་ཡི་ལུགས་ཀྱི་གཟུང་འཛིན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་ནི། རྣམ་འགྲེལ་དུ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་དང༌། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་ཀྱི་རིམ་པར་འཆད་ལ། བྱམས་པའི་ཆོས་སུ་སྣང་བ་སེམས་ཡིན་པའི་རྟགས་ཀྱིས་བཟུང་བ་མེད་པར་སྒྲུབ། གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་མེད་པར་སྒྲུབ། རྣམ་ངེས་སུ་གསལ་ཞིང་རིག་པའི་རྟགས་ཀྱིས་སྣང་བ་སེམས་སུ་བསྒྲུབས་སོ། །གཞུང་འདིས་སེམས་ཙམ་པའི་གྲུབ་མཐའ་སྟོན་པར་འཆད་པ་ནི་ནོར་བ་ཡིན་ཏེ། སེམས་ཙམ་པས་ནི་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པའི་མདོ་སྒྲ་ཇི་བཞིན་དུ་ཁས་ལེན་ལ། སྐབས་འདིར་ནི་རྣམ་པར་ཤེས་པ་གཟུང་འཛིན་ལས་གྲོལ་བར་བཤད་པས་སེམས་ཙམ་བཀག་པའི་ཕྱིར། དེ་སྐད་དུ་ཡང༌། དབྱིག་གཉེན་ཞབས་ཀྱིས་རྒྱན་གྱི་འགྲེལ་པར། གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་སེམས་ཙམ་པོ་དེ་ཡང་མེད་པ་ཉིད་དུ་ཁོང་དུ་ཆུད་དོ། །ཞེས་གསུངས་སོ། །སྐབས་འདི་ནས་བསྟན་པའི་རྣམ་པར་ཤེས་པའི་མིང་ཅན་དེ་ཆོས་དབྱིངས་ཡེ་ཤེས་ལ་བྱེད་དགོས་པའི་ཤེས་བྱེད་དང་དོན་དམ་དུ་ཡོད་རྒྱུ་དེ་ཡང་ཆོས་དབྱིངས་ཡེ་ཤེས་ལ་བྱེད་དགོས་པའི་ཤེས་བྱེད་ནི། མདོ་སྡེ་རྒྱན་ལས། དེ་ནས་ཆོས་དབྱིངས་གཉིས་ཀྱིས་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་སོ། །དེས་ན་སེམས་ཙམ་དང་སེམས་མེད་པ་ཉིད་དུ་རྟོགས་པ་ནི་འགལ་བའོ། །ཞར་ལ་སྣང་བ་སེམས་ཡིན་ཞེས་པ་ཡང་སེམས་ཙམ་གྱི་ལྟ་བའི་སྒྲུབ་བྱེད་ཡིན་གྱི་ལྟ་བ་དངོས་མ་ཡིན་ཏེ། ཡིན་ན་གྲུབ་མཐའ་འོག་མའི་ལྟ་བ་གོང་མས་བཀག་པར་འགྱུར་ལ། དེ་ལྟ་ན་ནི་གྲུབ་མཐའ་སྨྲ་བ་བཞིའི་ལྟ་བའི་ཐེམ་སྐས་ཀྱི་རིམ་པས་ཐེག་པ་ཀུན་གྱི་རྩེ་མོའི་ཁང་བཟང་དུ་འཇུག་པར་བཤད་པ་དེ་མི་རིགས་པར་ཐལ་བའི་ཕྱིར་རོ། །མདོར་ན་གཉིས་མེད་ཀྱི་ལྟ་བ་འདིས་ཆོས་དབྱིངས་མངོན་སུམ་དུ་རྟོགས་པར་བཤད་ལ། དེས་ས་བཅུ་རིམ་གྱིས་བགྲོད་པར་འཆད་པ་ནི་བྱམས་ཆོས་བར་པ་གསུམ་གྱི་དངོས་བསྟན་ནོ། །དེ་ནས་ཡང་ཇི་སྐད་དུ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཅིག་དང་དུ་མའི་རང་བཞིན་དང༌། བྲལ་བས་ནམ་མཁའི་པདྨ་བཞིན། །ཞེས་གསུངས། རྐང་པ་བཞི་པོ་འདིས་ནི། རྣལ་འབྱོར་སྤྱོད་པ་པས་གནས་ལུགས་སུ་ཁས་བླངས་པའི་ཡེ་ཤེས་དེ་དོན་དམ་དུ་ཡོད་པ་མིན་པར་བཤད་ལ། འདི་ནི་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པ་སྟེ། སློབ་དཔོན་སེང་གེ་བཟང་པོས། དེ་ཡང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། །སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ། །ཞེས་བཤད་པ་དེ་ཉིད་དོ། །གཞུང་འདིས་བསྟན་པའི་སྟོང་པ་ཉིད་ནི་རང་སྟོང་མེད་དགག་གི་ཆ་ལ་འཆད་དགོས་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་པས་དོན་དམ་དུ་ཁས་བླངས་པ་དེ་ངོ་བོས་སྟོང་པར་བསྒྲུབས་པའི་ཕྱིར་དང༌། ནམ་མཁའི་པདྨ་དཔེར་བྱས་པས་སོ། །འདི་ཡི་སྐབས་ཀྱི་ཆོས་ཅན་དུ་བཟུང་བའི་རྣམ་ཤེས་དེ་ནི། ཡེ་ཤེས་ཀྱི་ཟླས་ཕྱེ་བ་དེ་ནི་མ་ཡིན་ཏེ། དེ་ནི་ཇི་སྐད་དུ། གཟུང་བ་མེད་ན་འཛིན་པ་མེད་དོ་ཅེས་པའི་རིགས་པས་ཀྱང་རང་སྟོང་དུ་གཏན་ལ་ཕབ་ཟིན་པའི་ཕྱིར། དེས་ན་འདིའི་ཤེས་འདོད་ཆོས་ཅན་ནི། དབུ་མ་པ་རྣམ་གཉིས་རང་གི་ངོ་བོས་སྟོང་པ་ཡིན་མིན་རྩོད་པའི་གཞིར་གྱུར་པའི་ཆོས་དབྱིངས་ཡེ་ཤེས་དེ་ཉིད་དོ། །འོ་ན་གཞུང་འདིས་བསྟན་པའི་ལྟ་བ་དེས། གཞུང་སྔ་མས་བསྟན་པའི་ལྟ་བ་དེ་བཀག་པར་འགྱུར་ཏེ། ཡེ་ཤེས་དོན་དམ་དུ་ཡོད་པ་དེ་གཞུང་སྔ་མས་བསྟན་པའི་དབུ་མ་པ་དེའི་གྲུབ་མཐའ་མཐར་ཐུག་ཡིན་པའི་ཕྱིར། འདོད་པ་དེ་ལྟ་ན། སྔ་མས་བསྟན་པ་དབུ་མའི་ལྟ་བར་འགལ་ཏེ། དབུ་མའི་ལྟ་བ་ཡིན་ངོ་ཤེས་པ་ཞིག་གིས་དེ་ཁེགས་པའི་ཕྱིར་སྙམ་ན། དེ་དོན་དམ་དུ་ཡོད་པའི་ཡུལ་ཅན་གྱི་ཤེས་རབ་དེ་འདྲ་དེ་དབུ་མ་པ་སྔ་མའི་ལུགས་ཀྱི་ལྟ་བ་རྟོགས་པའི་ཐབས་དང་རྗེས་ཐོབ་ཀྱི་ཐ་སྙད་ཡིན་གྱི། ལྟ་བ་དངོས་མ་ཡིན་ཏེ། སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་པའི་ཕྱིར། དེ་ན་དེའི་ལྟ་བ་དངོས་ནི་གཟུང་འཛིན་གཉིས་པོ་མེད་པར་རྟོགས་པའི་ཤེས་རབ་བོ། །ཤེས་རབ་དེའི་ཉམས་སུ་མྱོང་བྱ་གང་ཡིན་པ་དེ་རྣལ་འབྱོར་སྤྱོད་པ་པས་རང་སྟོང་དུ་སྒྲུབ་པར་མི་བྱེད་ཀྱང༌། ངོ་བོ་ཉིད་མེད་པ་པས་དེ་དེར་སྒྲུབ་པའི་སྒྲུབ་བྱེད་དུ་བཀོད་པའི་ཅིག་དུ་བྲལ་སོགས་གང་ཡིན་པ་དེ་དང་དེ་ཐམས་ཅད་ནི་རྣལ་འབྱོར་སྤྱོད་པ་པས་ཁས་བླངས་པ་ཡིན་ཏེ། གཅིག་དང་དུ་མ་སོགས་གང་དུ་ཡང་བརྗོད་དུ་མེད་པར་ཁས་བླངས་པའི་ཕྱིར་རོ། །གཅིག་སོགས་གང་དུ་གྲུབ་དཔྱོད་པའི་རིགས་ངོར་མ་གྲུབ་པ་དང༌། རིགས་པ་དེས་བརྟག་པ་དང་བསམ་པར་མ་ནུས་ཀྱང༌། སྤྱིར་བཏང་ནས་མ་གྲུབ་པར་སྒྲུབ་མི་ནུས་ཏེ། འཕགས་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པའི་ཕྱིར། ཞེས་འཆད་པ་ནི་དབུ་མ་པ་དང་པོའི་གྲུབ་མཐའ་སྟེ། རྒྱུད་བླ་མའི་བསྟན་འཆོས་དང༌། སྔགས་གཞུང་རྣམས་སུ་གསལ་ལོ། །དེ་ལྟ་མོད་ཀྱི། གཉིས་མེད་ཀྱི་ཡེ་ཤེས་ལ་མཚན་འཛིན་གྱི་ཉེས་པ་འགོག་བྱེད་ཀྱི་རིགས་པ་ནི། ངོ་བོ་ཉིད་མེད་པར་སྨྲ་བས་ཇི་སྐད་འཆད་པ་དེ་ཉིད་ཟབ་ཅིང་བཟང་བས་གཞུང་ཐ་མར་སྨོས་སོ། །དེ་ནས་ཡང་ཇི་སྐད་དུ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཅེས་གསུངས། ལུང་འདིས་ནི་དབུ་མ་པ་གཉིས་ཀའི་ལུགས་ཀྱིས་སྒོམ་པས་ཉམས་སུ་མྱོང་བའི་ལྟ་བ་དེ་ཉིད་བསྟན་པ་ཡིན་ལ། མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་ཁོ་ན་ཉིད་ཀྱི་མིང་ཅན་དེ་ལ་ཡང་གཉིས་ཏེ། མེད་པར་དགག་པ་དང༌། མ་ཡིན་པར་དགག་པའོ། །དང་པོ་ནི། བཀའ་འཁོར་ལོ་བར་པ་དང་རིགས་ཚོགས་ཀྱི་དངོས་བསྟན་དེ། མཐའ་བྲལ་མཚན་ཉིད་པ་དང༌། སྒོམ་པས་མྱོང་བྱ་བཏགས་པའོ། །གཉིས་པ་ནི། ལྟ་བས་མྱོང་བྱ་དང༌། མཐའ་བྲལ་གཉིས་ཀ་མཚན་ཉིད་པར་བཞག་དགོས་ཏེ། རྒྱུད་བླ་མར། ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། །ཞེས་གསུངས་སོ། །སྐབས་འདིར་ཀུན་མཁྱེན་ཇོ་ནང་པའི་གསུང་གིས། གཟུང་དང་འཛིན་པ་ལས་གྲོལ་བའི། །ཞེས་སོགས། རྐང་པ་བཞིས་སེམས་ཙམ་པའི་འདོད་པ་དང༌། ཤླཽ་ཀ་ཕྱི་མ་གཉིས་ཀྱིས་དབུ་མ་པའི་གྲུབ་མཐའ་ངོས་འཛིན་པ་ཡིན་མོད། ངོ་བོ་ཉིད་མེད་པར་སྨྲ་བའི་འདོད་པ་ནི་རྩོད་ལྡན་གྱི་པཎྜི་ཏས་བྱས་པ་ཡིན་པས་གཞུང་དེ་དག་ན་མེད་དོ། །ཅེས་གསུངས་པ་ནི་ལེགས་པ་མ་ཡིན་ཏེ། སེམས་ཙམ་པ་ནི་རྣལ་འབྱོར་སྤྱོད་པ་བ་ཡིན་མོད། དེའི་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མ་ཡིན་པའི་ཕྱིར་དང༌། སེམས་ཙམ་པས་གཟུང་འཛིན་ལས་གྲོལ་བའི་ཤེས་པ་དོན་དམ་དུ་ཁས་ལེན་ན། དེ་བས་ལྷག་པའི་ལྟ་བ་ནི་ཁྱེད་རང་གིས་དབུ་མ་པར་བཞེད་པའི་དབྱིག་གཉེན་ཞབས་སོགས་ཀྱི་གཞུང་ལས་མི་འབྱུང་བའི་ཕྱིར། རྣམ་ཤེས་ཞེས་པ་ཡེ་ཤེས་ཀྱི་ཟླས་ཕྱེ་བ་དེ་ལ་འཆད་ན། གཟུང་འཛིན་ལས་གྲོལ་བར་འགལ་བའི་ཕྱིར་དང༌། གཟུང་འཛིན་ལས་གྲོལ་བའི་ཤེས་པ་ཡིན་ན་ཡེ་ཤེས་ཡིན་དགོས་ལ། དེ་བདེན་པར་ཡོད་མེད་དབུ་སེམས་ཀྱི་རྩོད་གཞི་ཡིན་ན། བྱམས་ཆོས་ཕྱི་མའི་མཐར་ཐུག་དབུ་མར་གནས་པ་ཉམས་སོ། །དེས་ན་རྣལ་འབྱོར་སྤྱོད་པ་པ་ལ་སེམས་ཙམ་པས་ཁྱབ་པར་འདོད་པ་ནི་ལེགས་པ་མ་ཡིན་ནོ། །འོ་ན་དྲི་མེད་འོད་སོགས་ལས། གྲུབ་མཐའ་བཞིའི་དབྱེ་བ་འཆད་པ་ན། རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པ་ཞེས་འཆད་པ་དང༌། ཀྱཻའི་རྡོ་རྗེ་ལས། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཞེས་བཤད་པ་དེ་ཇི་ལྟར་གྲངས་སྙམ་ན། དེ་ལ་མགོ་མཚུངས་དང་རྣལ་མ་གཉིས་ལས། དང་པོ་ནི། འོ་ན་ཁྱེད་ལ་ཡང་ཀྱཻ་རྡོ་རྗེའི་ལྟ་བ་དེ་དབུ་མའི་ལྟ་བ་མ་ཡིན་པ་དང༌། སྔགས་ཀྱི་རིམ་པ་ཀུན་གྱི་ལྟ་བ་དང༌། ཀྱཻ་རྡོ་རྗེའི་ལྟ་བ་ལ་དབུ་མ་ཡིན་མིན་གྱི་ཁྱད་ཡོད་པར་འགྱུར་བ་དང༌། དབུ་མའི་ལྟ་བ་དང༌། སྔགས་ཀྱི་རིམ་པ་ཀུན་གྱི་ལྟ་བ་ལ་ཁྱད་ཡོད་པར་ཐལ་བར་འགྱུར་བ་ལས། ཁྱེད་ཀྱི་ནི་དེ་ལྟར་ཡང་མི་འདོད་དོ། །གཉིས་པ་ནི། སྤྱིར་གྲུབ་མཐའ་སྨྲ་བ་བཞི་ཀའི་ལྟ་བ་སྤྱི་ཙམ་ནས་དབུ་མའི་ལྟ་བ་ཡིན་ཏེ། མཐའ་གཉིས་སེལ་བའི་ལྟ་བ་ཡིན་པའི་ཕྱིར་དང༌། གྲུབ་མཐའ་སྨྲ་བ་གོང་མ་རྣམས་ཀྱིས་ཀྱང་འོག་མ་འོག་མའི་མཉམ་གཞག་གི་ལྟ་བ་ཡིན་ངོ་ཤེས་པ་དེ་གཞིར་འཇོག་པའི་ཕྱིར། དེས་ན་བོད་ཕྱི་མ་དག་གྲུབ་མཐའ་སྨྲ་བ་འོག་མ་གསུམ་ཀའི་ལྟ་བ་ནི་དངོས་སྨྲ་བའི་ལྟ་བ་ཡིན་པས་དབུ་མ་པས་བཀག་ཅིང་སྤངས་སོ་སྙམ་དུ་སེམས་པ་ནི་ཤིན་ཏུ་འཁྲུལ་ཏེ། གྲུབ་མཐའ་སྨྲ་བ་སོ་སོའི་ངེས་དོན་གྱི་སྙིང་པོ་སྤངས་པས་ཆོས་སྤོང་གི་ཉེས་པ་ལྕི་བའི་ཕྱིར། དབུ་མར་ཁས་ལེན་པ་དེ་ལྟ་ནའང༌། གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོ་ཡིན་མིན་གྱི་ཁྱད་པར་ནི་ཤིན་ཏུ་ཆེ་བ་ཡིན་ཏེ། ཆོས་ཀྱི་བདག་མེད་འཆད་ཚུལ་ལ་རྒྱ་ཆེ་ཆུང་གི་རིམ་པ་ཤིན་ཏུ་ཆེ་བའི་ཕྱིར་དང༌། ཉན་ཐོས་སྡེ་པས་ནི་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མ་པ་ཞེས་བྱ་བ་ཡོད་པར་ཡང་མི་འདོད་པའི་ཕྱིར། རྣལ་འབྱོར་སྤྱོད་པ་པས་ནི་གྲུབ་མཐའ་སྨྲ་བ་བཞི་ཁས་ལེན་ཞིང༌། བཞི་པ་དེ་ཡང་དབུ་མ་པ་ཡིན་པ་དང༌། དེ་ཡང་སེམས་ཙམ་གྱི་གྲུབ་མཐའ་ལས་ཁྱད་པར་དུ་འཕགས་པ་དང༌། རྣལ་འབྱོར་སྤྱོད་པ་རང་ལུགས་ཀྱི་ལྟ་བ་དེ་ལས་ལྷག་པའི་དབུ་མའི་ལྟ་བ་ཡོད་པར་ཁས་མི་ལེན་ཏེ། ཀླུ་གྲུབ་དང༌། ཆོས་སྐྱོང་དང༌། འཕགས་པ་ལྷ་རྣམས་ཀྱི་གྲུབ་པའི་མཐའ་ནི་རྣལ་འབྱོར་སྤྱོད་པ་པས་འཆད་པ་དེ་ཉིད་དུ་ངེས་ལ། ལེགས་ལྡན་འབྱེད་དང་ཟླ་བ་སོགས་ཀྱིས། འཁོར་ལོ་བར་པའི་བཀའ་བསྟན་འཆོས་རིགས་ཚོགས་དང་བཅས་པའི་དགོངས་པ་བཀྲལ་བའི་བསྟན་བཅོས་དེ་དག་ཏུ་ནི་ངེས་དོན་དོན་དམ་པའི་བདེན་པ་ཞིག་ངོས་འཛིན་རྒྱུ་མ་བྱུང་བ་དང༌། སོ་སོར་རང་རིག་པའི་ཡེ་ཤེས་བཀག་པ་དང༌། ཁྱད་པར་ཐལ་འགྱུར་བས་སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་བཀག་པས་ཆད་པའི་མཐར་ལྷུང་བའི་ཕྱིར་ཞེས་འཆད་པ་ཡིན་ལ། ངོ་བོ་ཉིད་མེད་པར་སྨྲ་བ་དག ཕར་ཕྱིན་ཐེག་པ་རྐྱང་པའི་དབང་དུ་བྱས་ནས་འཆད་པའི་ཚེ་ནི། རྣལ་འབྱོར་སྤྱོད་པ་པས་འདོད་པའི་གནས་སྐབས་སུ་སྒྲོ་འདོགས་གཅོད་བྱེད་ཀྱི་ལྟ་བ་དང༌། མཐར་ཐུག་གི་གྲུབ་མཐའ་འཇོག་ལུགས་དེ་དག་ནི་གྲུབ་མཐའ་སྨྲ་བ་བཞི་ཡི་སེམས་ཙམ་ལས་མ་འདས་སོ། །ཞེས་འཆད་པ་ཡིན་ཏེ། དབུ་མ་ལ་འཇུག་པ་ན་གསལ་ལོ། །འོ་ན་ལུགས་དེ་གཉིས་ལས། འཐད་པའི་ཕྱོགས་སུ་བཟུང་བར་བྱ་བ་གང་ཞེ་ན། དབུ་མ་ཞེས་པ་ནི་དགག་བྱ་སྤྲོས་པའི་མཚན་མ་མཐའ་དག་བཀག་ནས་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་པ་ཞིག་ཡིན་ལ། དེ་ལྟར་འཇོག་པའི་ལུང་དང་རིགས་པ་ལ་ཐོས་བསམ་གྱིས་གཏན་ལ་འབེབས་ནུས་པ་དེ་ལ་དབུ་མ་པ་ཞེས་བྱ་ཞིང༌། ཟབ་པའི་དོན་ལ་མཉམ་པར་འཇོག་པའི་གང་ཟག་དེ་ལ་དབུ་མའི་རྣལ་འབྱོར་པ་ཞེས་བྱའོ། །དེའི་ཚེ་ན་མཚན་འཛིན་གྱི་སྤྲོས་པ་གཅོད་ཚུལ་ལ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཁྱད་པར་འཕགས་པ་ཡིན་ཏེ། ཐོས་བསམ་གྱི་ཤེས་རབ་ཀྱིས་རྣམ་པར་དཔྱོད་པའི་ཚེ་ཡོད་པ་ཞེས་བྱ་བའི་ཆོས་ཅི་ཡང་ཁས་མི་ལེན་ལ། དེའི་ཚེ་ན་མཚན་འཛིན་གྱི་རྟོག་པ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར། བུད་ཤིང་མེད་པར་མེ་མི་འབྱུང་བ་བཞིན་ནོ། །སྒོམ་པས་ཉམས་སུ་མྱོང་བྱའི་ལྟ་བ་ནི་རྣལ་འབྱོར་སྤྱོད་པ་པས་བཤད་པ་དེ་ཉིད་བཟང་བ་ཡིན་ཏེ། དེས་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་སྒོམ་པས་ཉམས་སུ་མྱོང་བྱར་བཤད་ལ། དེ་ཉིད་རྡོ་རྗེའི་ཐེག་པ་པས་ཀྱང་གཞིར་འཇོག་པའི་ཕྱིར། དེས་ངོ་བོ་ཉིད་མེད་པ་པའི་ལུགས། དེ་ཁོ་ན་གཞིར་འཇོག་པ་ནི་མ་ཡིན་ཏེ། སྔ་མའི་ལུགས་ཀྱི་སྒོམ་ལ་ནི། ཇི་སྐད་དུ། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དེ་ཁོ་ན་ལས་གཞན་མེད་ལ། རྡོ་རྗེའི་ཐེག་པ་ལས་ནི་དེ་ལྟར་མི་རུང་བའི་ཕྱིར། དེ་ན་རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་ལྟ་བ་དབུ་མར་ཆེས་ཤིན་ཏུ་རིགས་སོ། །ཐལ་རང་གི་གཞུང་དུ་ཉམས་མྱོང་གི་ལྟ་བ་མ་བཤད་ཀྱང་སློབ་དཔོན་དེ་དག་གིས་ལྟ་བ་དེ་མ་རྟོགས་སོ་ཞེས་ནི་སྨྲ་བར་མི་བྱ་ཞིང༌། ཐལ་རང་གི་ལྟ་བ་དེ་ཡང་བསྟོད་ཚོགས་སམ། རྡོ་རྗེ་ཐེག་པའི་ཉམས་ལེན་དང་སྦྲེལ་བའི་ཚེ་ནི་ཆེས་ཤིན་ཏུ་བཟང་བ་ཡིན་ཏེ། ལྟ་བས་ཉམས་སུ་མྱོང་བྱ་རྣལ་འབྱོར་སྤྱོད་པ་པའི་ལུགས་དང་མཚུངས་ཀྱང༌། མཚན་འཛིན་གྱི་རྟོག་པ་འགོག་བྱེད་ཀྱི་རིགས་པ་རྣལ་འབྱོར་སྤྱོད་པ་པ་ལས་ལྷག་པའི་ཕྱིར། འོ་ན་སྔགས་ཀྱི་ཐེག་པའི་ལྟ་བའི་འཇོག་ཚུལ་ཀྱང་བཤད་མ་ཐག་པ་དེ་དང་མཐུན་པ་ཁོ་ནར་ངེས་སམ་ཞེ་ན། མ་ངེས་ཏེ་ལུགས་དེར་ལྟ་བས་སྤྲོས་པ་གཅོད་པའི་ཚེ། གཟུང་འཛིན་གྱི་སྤྲོས་པ་བཀག་ནས་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བྱར་འཆད་པ་ཉིད་ཤེས་ཆེ་བའི་ཕྱིར། དཔེར་ན་ཡེ་ཤེས་ཚོགས་བསག་གི་ཚེ་སྔགས་དོན་བསམ་ནས་ཡེ་ཤེས་ལ་ང་རྒྱལ་འཇོག་པ་དང༌། ཉལ་བའི་རྣལ་འབྱོར་གྱི་ཚེ་རང་བཞིན་ལྷན་སྐྱེས་ཀྱི་ངང་ལ་མཉམ་པར་འཇོག་པ་བཞིན་ནོ། །ཡང་འཕགས་པ་ཡབ་སྲས་ཀྱི་སྔགས་ལུགས་སུ་ངོ་བོ་ཉིད་མེད་པ་པ་ལྟར་སྤྲོས་པ་མཐའ་དག་བཅད་ནས་ཡེ་ཤེས་ལ་མཉམ་པར་འཇོག་པ་ཡང་བཤད་དེ། མདོར་བྱས་ལས། དངོས་པོ་མེད་པ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཚིགས་བཅད་འདི་ཡི་རྒྱུ་མི་རྒྱུའི། །བདག་ཉིད་ཅན་རྣམས་སྟོང་པར་སྒོམ། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །ཡེ་ཤེས་ས་གཞི་བྱིན་གྱིས་རློབ། །ཅེས་གསུངས་པས་སོ། །མདོར་ན་ཐེག་པ་ཆེན་པོ་པ་དག་ལས། རྣལ་འབྱོར་སྤྱོད་པ་པ་དག་དང༌། ངོ་བོ་ཉིད་མེད་པ་པ་དང༌། རྡོ་རྗེའི་ཐེག་པ་པ་རྣམས་སུའི་ལུགས་ཡིན་ཀྱང་རུང་སྟེ། ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་དེའི་དངོས་ཀྱི་རིག་བྱར་གྱུར་པའི་ངེས་དོན་ཞིག་ཁས་ལེན་ཕྱིན་ཆད་སྟོང་པ་ཉིད་ཀྱི་ངོ་བོ་ཡེ་ཤེས་ལ་ངོས་འཛིན་པས་ཁྱབ་པ་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། གང་འདིར་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་པོ་ཡོངས་སུ་ཤེས་པའི་སླད་དུ། དུས་གསུམ་དུ་འཇུག་པའོ། །ཞེས་པ་ནི། སངས་རྒྱས་པའི་གྲུབ་མཐའི་ངེས་པའོ། །ཞེས་དང༌། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཅེས་སོ། །བྲལ་ཞེས་པ་དེ་ཡང་རིགས་ངོར་ཡིན་གྱི། མཉམ་གཞག་གི་ངོར་ནི་མ་ཡིན་ཏེ། གཞན་དུ་ན་དེའི་མྱོང་བྱར་མི་འཐད་པས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མར་ནི། ལྟ་བ་གཏན་ལ་འབེབས་བྱེད་གཞན་སྟོང་གི་རིགས་པ་དང༌། སྒོམ་པས་ཉམས་སུ་མྱོང་བྱ་གཉིས་སྟོང་གི་ཡེ་ཤེས་ལ་གསལ་བར་བཤད་ཅིང༌། དེ་ཡང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀའི་ལུགས་ཀྱི་ཡེ་ཤེས་ཀྱི་ཚོགས་བསག་ཡང་དག་པ་མ་ཡིན་པར་ཁས་ལེན་པ་ནི་སུ་ཡང་མེད་པ་དེའི་ཕྱིར་ཡང་རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་དགོངས་པ་དབུ་མར་གྲུབ་བོ། །གལ་ཏེ་རྣལ་འབྱོར་སྤྱོད་པ་པའི་གཞུང་ན། ཡོངས་གྲུབ་ཀྱི་མིང་ཅན་ཆོས་དབྱིངས་ཡེ་ཤེས་དེ་རང་གི་ངོ་བོས་སྟོང་པར་སྒྲུབ་བྱེད་ཀྱི་རིགས་པ་མ་བཤད་པའི་ཕྱིར་སྟོང་པ་ཉིད་ཀྱི་ལམ་ཡོངས་སུ་རྫོགས་པ་མེད་དོ། །ཅེ་ན། དུས་ཀྱི་འཁོར་ལོ་དང༌། གསང་བ་འདུས་པ་དང༌། དགྱེས་པ་རྡོ་རྗེ་ལ་སོགས་པའི་རྒྱུད་སྡེ་དག་དང༌། སྒྲུབ་ཐབས་ཀྱི་གཞུང་དག་ལ་ཡང་ཧ་ཅང་ཐལ་བར་འགྱུར་ཏེ། སྔགས་དོན་བསམས་ནས་སྒོམ་པའི་སྐབས་དེར་ནི་རིགས་པ་དེ་མི་འཆད། སྟོང་པ་ཉིད་ཀྱི་ལམ་ཡོངས་སུ་རྫོགས་པ་ནི་དབང་བཞི་པའི་སྐབས་དེར་ཡོད་དགོས་ན། དེར་ཡང༌། ཇི་སྐད་དུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ། ཞེས་སོགས་སྟོང་ཉིད་རྡོ་རྗེར་བཤད་ཀྱི། གཞན་དུ་ཡོད་པར་མ་བཤད་པའི་ཕྱིར། འོ་ན་རིགས་པས་དཔྱད་བཟོད་དུ་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོ་བོར་ནི་ཅིག་དང་དུ་མ་སོགས་མཐའ་གང་དུ་ཡང་གྲུབ་པར་ཁས་མི་ལེན་པའི་ཕྱིར། འོ་ན་གཞོམ་དུ་མེད་པར་འགལ་ལོ། །ཞེ་ན། མ་ཡིན་ཏེ། རྟོག་པས་གཞོམ་དུ་ཡོད་པ་དང༌། ཡེ་ཤེས་ཀྱི་ངོར་གཞོམ་དུ་མེད་པ་མི་འགལ་བའི་ཕྱིར། བརྗོད་བྲལ་ཉམས་སུ་མྱོང་བ་ལ་དེར་གཏན་ལ་འབེབས་བྱེད་ཀྱི་རིགས་པ་སྔོན་དུ་འགྲོ་མི་དགོས་ཏེ། གསང་སྔགས་ཐབས་ལ་མཁས་པའི་ཁྱད་པར་གྱིས་བརྗོད་བྲལ་གྱི་ཡེ་ཤེས་མངོན་དུ་གྱུར་པ་དེ་ཉིད་ཀྱིས་བསམ་མེད་དང་བརྗོད་མེད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན། དབང་གསུམ་པའི་ཡེ་ཤེས་བཞིན་ནོ། །ཡང་རྣལ་འབྱོར་སྤྱོད་པ་པ་དང༌། དབུ་མ་ལ་འཇུག་པའི་རིམ་པ་སོ་སོར་གསུངས་པ་ཙམ་གྱིས་དོན་འདི་ལ་གནོད་པ་མ་ཡིན་ཏེ། མཚན་ཉིད་ཐེག་པ་རྐྱང་པའི་དབང་དུ་བྱས་ན་རྣལ་འབྱོར་སྤྱོད་པ་ལས་ལྷག་པའི་དབུ་མ་ཡོད་པ་དང༌། སྔགས་ཀྱི་ཐེག་པའི་དབུ་མ་ནི་རྣལ་འབྱོར་སྤྱོད་པ་ལྟ་ཞོག ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་ལས་ཀྱང་ལྷག་ན་ཡོད་པའི་ཕྱིར། ལྟ་བའི་ཆ་ནས་སྔ་མ་ལས་ལྷག་པ་སྔགས་ལ་མེད་དོ། །ཅེ་ན། ལྟ་བའི་མིང༌། ཡུལ་སྤྲོས་བྲལ་ལ་བཤད་པ་དང༌། ཡུལ་ཅན་ཡེ་ཤེས་ལ་བཤད་པ་གཉིས་ལས། སྔ་མའི་དབང་དུ་བྱས་ན་དེ་ལས་ལྷག་པ་སྔགས་སུ་མ་བཤད་མོད། ཕྱི་མའི་དབང་དུ་བྱས་ན་སྔ་མ་ལས་ལྷག་པར་གྲུབ་སྟེ། ཡུལ་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བས་ཡུལ་སྤྲོས་བྲལ་གྱི་ཡེ་ཤེས་དེ་ཉིད་ཉམས་སུ་མྱོང་བའི་ཕྱིར། དེ་ལྟར་མཐའ་ཆོད་ལུང་རིགས་འདི་ཙམ་གྱིས། །རྗེ་བཙུན་བྱམས་པའི་གཞུང་ལུགས་སྨོས་ཅི་འཚལ། །ཐོགས་མེད་མཆེད་ཀྱི་ཐེག་ཆེན་གཞུང་ལུགས་ཀུན། །མ་ལུས་དབུ་མར་གྲུབ་པ་འདི་ཡ་མཚན། །ཞེས་སྨྲས་པ་ཡིན་ནོ།། །།གཉིས་པ་གཞུང་གི་དོན་བཤད་པ་ལ། གསུམ་སྟེ། བསྟན་བཅོས་ཀྱི་མིང་དོན། དེ་དང་ལྡན་པའི་བསྟན་བཅོས་དངོས། གཞུང་གཞན་དུ་འཁྲུལ་པ་སྤང་བའི་དོན་དུ་རྩོམ་པ་པོའི་མིང་བསྟན་པའོ། །དང་པོ་ནི། འདིར་ཤིང་རྟའི་སྲོལ་ཆེན་གཉིས་ལས་འབྱུང་བ་ཞེས་པ་ཐོག་མར་བྱམས་པ་དང་འཇམ་པའི་དབྱངས་ཀྱིས་ཕྱེ་བའི་སྲོལ་འཛིན་པའི་ཐེག་པ་ཆེན་པོའི་སློབ་དཔོན་ནི། གཉིས་ཏེ། མགོན་པོ་ཀླུ་སྒྲུབ་ཞབས་དང༌། འཕགས་པ་ཐོགས་མེད་དོ། །འདི་གཉིས་ཀ་ཡང༌། ངེས་དོན་དོན་དམ་པའི་བདེན་པ་འཆད་པ་ལ་འཁྲུལ་པ་མེད་པ་ཉིད་རྒྱལ་བས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བསྒྲུབས་ནས། །ཞེས་དང༌། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་གསུངས་སོ། །སློབ་དཔོན་འདིས་བཞག་པའི་ངེས་དོན་གྱི་གནས་ནི་རྗེ་བཙུན་བྱམས་པའི་ཆོས་ལྔ་ལས་གཞན་དུ་ཅུང་ཟད་ཀྱང་བཤད་པ་མེད་པར་སྔོན་གྱི་ཆེན་པོ་རྣམས་མཐའ་དག་མཐུན་ལ། དབྱིག་གཉེན་ཞབས་ཀྱིས་མཛད་པའི་གཞུང་མཐའ་དག་དུ་ནི་ཐོགས་མེད་ཞབས་ལས་གཞན་དུ་མ་གཡོས་པ་ཉིད་ཀྱི་ཕྱིར་འདི་ཡང་རྗེ་བཙུན་བྱམས་པའི་ཞལ་སྔ་ནས་ཀྱི་ཤིང་རྟའི་སྲོལ་འཛིན་ནོ། །རྗེ་བཙུན་དེའི་གཞུང་དང་པོ་མངོན་པར་རྟོགས་པའི་རྒྱན་ལ་དབུ་མའི་སྲོལ་གཉིས་ཀྱི་རྗེས་སུ་འབྲང་བ་དག་བྱུང་བ་ནི། འཕགས་པ་རྣམ་པར་གྲོལ་བའི་སྡེ་དང༌། མཁས་པ་ཆེན་པོ་ཤནྟི་པ་སོགས་ཡིན་ལ། ཀླུ་སྒྲུབ་ཞབས་ཀྱི་གཞུང་སྲོལ་གཉིས་པོ་སོ་སོའི་རྗེས་སུ་འབྲངས་ནས་འཆད་པ་ནི། འཇིགས་མེད་ཆོས་སྐྱོང་ཞབས་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་དག་གོ །དེ་ལའང་གཉིས་ཏེ། གནས་སྐབས་སུ་རང་ཕྱོགས་རང་རྒྱུད་ཀྱིས་སྒྲུབ་པ་རང་རྒྱུད་པར་གྲགས་པ་དང༌། ལྟ་བའི་ཚེ་གནས་སྐབས་སུའང་རང་ཕྱོགས་མི་སྒྲུབ་ཅིང༌། གཞན་ཕྱོགས་ཐལ་འགྱུར་ཁོ་ནའི་སྒོ་ནས་འགོག་པར་མཛད་པ་ཐལ་འགྱུར་བར་གྲགས་པ་རྣམས་སོ། །དེ་ལྟ་བུའི་ཤིང་རྟའི་སྲོལ་ལ་རྩ་བའི་དབྱེ་བ་གཉིས་དང༌། ཡན་ལག་གི་དབྱེ་བ་ཡང་གཉིས་གཉིས་ཏེ། དེ་དག་ལས་ཇི་སྐད་འབྱུང་བ་དེ་ཉིད་འདིར་འཆད་ཅེས་པའི་དོན་ཏེ། དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་དབྱེ་ཞེས་པ་ནི། སྤྱིར་དབུ་མ་ཆུང་ངུ་ནི་ཉན་ཐོས་སྡེ་པའི་ངེས་དོན་གྱི་ལྟ་བ་ལ་འཆད་པར་ཀུན་ལ་གྲགས་ཤིང༌། དབུ་མ་ཆེན་པོ་ནི་གྲུབ་མཐའ་སྨྲ་བ་བཞིའི་ཡ་མཐར་གྱུར་པའི་དབུ་མ་དེ་ཉིད་ཡིན་ལ། དེའི་ངོས་འཛིན་ལ་མི་འདྲ་བ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་འབྱུང་བའོ། །གཉིས་ཀ་ཆེན་པོ་ཁོ་ནར་འཇོག་གམ་ཞེ་ན། དེ་ལ་གནས་སྐབས་གཉིས་ཏེ། ཕར་ཕྱིན་ཐེག་པ་རྐྱང་པའི་སྐབས་དང༌། སྔགས་ཀྱི་ཐེག་པ་དང་ཟུང་དུ་སྦྲེལ་བའི་ཚེའོ། །དང་པོའི་དབང་དུ་བྱས་ན་ངོ་བོ་ཉིད་མེད་པ་པའི་དབུ་མ་ཉིད་ཆེན་པོ་སྟེ་མཚན་འཛིན་གྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་སྔ་མ་ལས་ཆེས་ཟབ་པའི་ཕྱིར། དེའི་ཚེ་གཅིག་ཤོས་དབུ་མ་འབྲིང་པོར་བཞག་གོ །གཉིས་པའི་དབང་དུ་བྱས་པ་ལའང་གཉིས་ཏེ། བཀའ་ཐ་མའི་དངོས་བསྟན་དང་འབྲེལ་བ་དང༌། བར་པའི་དངོས་བསྟན་དང་འབྲེལ་བའོ། །དང་པོ་ནི། དབུ་མ་ཆེན་པོ་ཁོ་ནར་ངེས་ཏེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྒོམ་པས་ཉམས་སུ་མྱོང་བྱ་ཉིད་དུ་ངེས་པའི་དབུ་མ་ཡིན་པའི་ཕྱིར། དེའི་འབྲེལ་པ་ཡང༌། ཐེག་པ་འདིར་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་སོང་བ་གཙོ་མི་ཆེ་ལ། སྒོམ་པས་ཉམས་སུ་མྱོང་བ་གཙོ་ཆེ་བའི་ཕྱིར། དེའི་ཤུགས་ལ་རིགས་ཚོགས་ཀྱི་དངོས་བསྟན་དབུ་མ་འབྲིང་པོར་གྲུབ་བོ། །རིགས་ཚོགས་ཀྱི་དངོས་བསྟན་གྱི་དབུ་མ་དེ་ཡང་བསྟོད་ཚོགས་ཀྱི་ཉམས་སུ་མྱོང་བྱ་དང་འབྲེལ་ན་ནི། སྔགས་ཀྱི་ཐེག་པ་འདིར་དབུ་མ་ཆེན་པོ་ཉིད་དུ་ངེས་པས་སྲོལ་གཉིས་ཀ་ཡང་དབུ་མ་ཆེན་པོར་གཞག་དགོས་ཏེ། འདིར་མཚན་འཛིན་གྱི་སྤྲོས་པ་འགོག་བྱེད་ཐོས་བསམ་གྱི་རིགས་པ་ཁོ་ན་ལ་རག་མ་ལས་པའི་ཕྱིར། དེ་ལྟར་ན་དབུ་མ་ཆེན་པོའི་ལུགས་གཉིས་སོ། །གཉིས་པོའི་རྣམ་པར་དབྱེ་བ་ནི། སྤྲོས་པ་གཅོད་ཚུལ་གྱི་དང༌། ཉམས་མྱོང་གི་དབྱེ་བའོ། །དང་པོ་ནི། ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་འབེབས་པ་དང༌། གཞན་སྟོང་དུ་འབེབས་པའི་ཚུལ་ལས་སོ། །གཞན་སྟོང་གི་གཞི་ཆོས་ཅན་ངོས་འཛིན་ཚུལ་ལ་མི་འདྲ་བ་གཉིས་བྱུང་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་དུ། སྟོང་གཞི་གཞན་དབང་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་ཆོས་ཉིད་ཡོངས་གྲུབ་ཏུ་བཤད་པ་དང༌། རྒྱུད་བླ་མ་དང་ཡུམ་གྱི་གནོད་འཇོམས་སུ་ཆོས་ཉིད་ཡོངས་གྲུབ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པར་བཤད་པའོ། །གཉིས་པོ་ཡང་ཤེས་བྱ་ཐམས་ཅད་ཀུན་བཏགས་དང་ཡོངས་གྲུབ་གཉིས་སུ་བསྡུས་པ་དང༌། གཞན་དབང་དང་གསུམ་དུ་ཕྱེ་བའི་ཁྱད་པར་ལས་ཡིན་གྱི། འགལ་བ་ནི་མ་ཡིན་ནོ། །རང་སྟོང་གི་འཆད་ཚུལ་ལ། ཆོས་ཅན་གང་དང་གང་ཡིན་པ་དེ་རང་རང་གིས་སྟོང་པར་འཆད་པའི་ལུགས་དང༌། དེ་ལྟར་བཤད་ན་ཆད་སྟོང་དུ་སོང་བས། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་གཞི་མ་གྲུབ་ཀྱིས་སྟོང་པ་ལ་རང་སྟོང་དུ་འཆད་པའི་ལུགས་གཉིས་བོད་དུ་བྱུང་ཡང༌། ཕྱི་མ་དེ་ངོ་བོ་ཉིད་མེད་པ་པའི་ལུགས་སུ་ནི་ལུང་དང་རིགས་པས་མི་འཐད་དོ། །ལུང་ནི་མདོའི་དངོས་བསྟན་དུ་མ་ཟད། བསྟན་བཅོས་སུ་ཡང༌། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་སོགས་ཤེས་བྱ་ཐམས་ཅད་ལ་སྦྱར་བ་དང༌། རིགས་པ་ནི། འཆད་ཚུལ་དེ་འདྲ་དེ་ཡང༌། སྟོང་གཞིའི་ཆོས་ཅན་གཞན་དབང་དང༌། ཡོངས་གྲུབ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པར་འཆད་པ་ལས་གཞན་དུ་མ་འདས་པས་གཞན་སྟོང་གི་འཆད་ཚུལ་ཉིད་དོ། །གཉིས་པ་ཉམས་ལེན་གྱི་ཁྱད་པར་ནི། རིགས་ཚོགས་ཀྱི་དངོས་བསྟན་ལ་ངེས་དོན་མེད་དགག་གི་ཆ་ལས་གཞན་དུ་མ་བཤད་པས། ཅི་ཡང་མི་སྒོམ་པ་ལ་སྟོང་ཉིད་སྒོམ་པ་དང༌། ཅི་ཡང་མ་མཐོང་བ་ལ་དེ་ཁོ་ན་ཉིད་མཐོང་བར་འཆད་པ་ཡིན་གྱི། དེ་ལས་གཞན་དུ་མི་འཆད་ལ། དེ་ཉིད་ལེགས་ལྡན་འབྱེད་དང་ཟླ་བའི་གཞུང་དང་སྤྱོད་འཇུག་ན་གསལ་ལོ། །ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་ཁ་ཅིག ལྟ་བ་རང་སྟོང་དུ་བཤད་ནས། སྒོམ་པ་སོ་སོར་རང་རིག་གི་ཡེ་ཤེས་ཁས་ལེན་པ་ཇི་སྙེད་ཡོད་པ་དེ་དག་གིས་ནི་བཀའ་ཐ་མ་ངེས་དོན་མཐར་ཐུག་ཏུ་ཁས་བླངས་པ་ཡིན་ཏེ། བཀའ་བར་པའི་དངོས་བསྟན་གྱི་ངེས་དོན་ནི་རྣལ་འབྱོར་མངོན་སུམ་གྱི་ཉམས་སུ་མྱོང་བྱར་མི་འཐད་པའི་ཕྱིར། དེ་བཞིན་དུ་སངས་རྒྱས་ཀྱི་སར་ཡེ་ཤེས་ཡོད་པ་དང༌། གནས་སྐབས་ཐམས་ཅད་དུ་སྟོང་པ་ཉིད་སོགས་དོན་དམ་པའི་བདེན་པར་ཁས་ལེན་པའི། སློབ་དཔོན་དེ་དག་གིས་ཀྱང་བཀའ་ཐ་མ་ངེས་དོན་ཉིད་དུ་བཞེད་པ་ཡིན་ཏེ། སྟོང་ཉིད་མེད་དགག་གི་ཆ་མཐར་ཐུག་གི་དོན་དམ་དུ་མི་རུང་བའི་ཕྱིར་དང༌། རིགས་ཚོགས་དང༌། འཇུག་པ་དང༌། ཤེས་རབ་ལེའུ་སོགས་ཀྱི་དངོས་བསྟན་སངས་རྒྱས་ཀྱི་སར་ཡེ་ཤེས་མི་འདོད་པ་ཉིད་གསལ་ཞིང༌། ཇོ་བོ་མར་མེ་མཛད་ཀྱིས་ཀྱང༌། སངས་རྒྱས་ཀྱི་སར་ཡེ་ཤེས་ཁས་མི་ལེན་པ་རིགས་ཚོགས་ཀྱི་དགོངས་པར་བཀྲལ་བ་དང༌། ས་སྐྱ་པཎྜི་ཏའི་གསུང་གིས། སངས་རྒྱས་ཀྱི་སར་ཡེ་ཤེས་ཡོད་མེད་འདྲི་ན། ཡོད་མེད་གཉིས་ཀ་ལས་འདས་སོ། །ཞེས་བཤད་པ་དང༌། རྨ་བྱ་བྱང་བརྩོན་སོགས་བོད་ཀྱི་དབུ་མ་པ་ཆེན་པོ་རྣམས་ཀྱང་དེ་ལྟར་དུ་འཆད་དོ། །འོ་ན། བཀའ་བར་པའི་དངོས་བསྟན་ཁོ་ན་ལས་ངེས་དོན་གཞན་དུ་མི་འཆད་པ་དག་གི་ལུགས་ལ། ལྟ་བ་རྟོགས་ནས་སྒོམ་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཇོ་བོ་མར་མེ་མཛད་ཀྱིས། ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་བཤད་ནས། མན་ངག་དེ་ངོས་འཛིན་པ་ན། ཇི་སྐད་དུ། དཔེར་ན་ཤིང་གཉིས་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་གྲུབ་ཙམ་ན་ཤེས་རབ་ཉིད་ཀྱང་སྣང་བ་མེད་ཅིང༌། འོད་གསལ་བ་སྤྱིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་རྣམ་པར་རྟོག་པའི་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་དབུ་མའི་མན་ངག་ལས་གསུངས་པ་དང༌། ཇོ་བོས། རྣམ་པ་གཅིག་པའི་མན་ངག་ལས། གང་གི་ཚེ་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་ཕན་ཆད་ཤེས་རབ་མངའ་སྟེ་ཡེ་ཤེས་ཉིད་དུ་གནས་གྱུར་ནས་སོ། །ཤེས་རབ་ཀྱི་བྱ་བ་ནི་མི་མངའ་སྟེ་གོམས་ནས་མཐར་ཕྱིན་པའི་ཕྱིར་རོ། །ཐབས་ཀྱི་བྱ་བ་ནི་དམིགས་པ་མེད་པར་རང་གི་ངང་གིས་ལྷུན་གྱིས་གྲུབ་པ་དང་འབད་རྩོལ་མེད་པར་འགྱུར་རོ། །འོ་ན་དུས་དེ་ན་ཡེ་ཤེས་ཡོད་དམ་མེད་ཅེ་ན། འཕགས་པ་ཀླུ་སྒྲུབ་ནི་མི་བཞེད་དེ། ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །ཞེས་གསུངས་པ་དང༌། བརྒྱུད་པའི་མན་ངག་ནི་འདི་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་ཉམས་ལེན་གྱི་ཚུལ་འདི་ནི་སྔགས་ལུགས་སུ་སྤྲོས་པ་གཅོད་པའི་ཕྱོགས་གཅིག་ཏུ་རུང་ཡང༌། ངེས་དོན་གྱི་ཉམས་ལེན་མཐར་ཐུག་ཏུ་མི་རུང་སྟེ། ཉམས་སུ་མྱོང་བྱ་ཅི་ཡང་མ་དམིགས་པའི་ཕྱིར་རོ། །དེའི་འབྲེལ་ཡང༌། སྐྱེད་རྫོགས་ཀྱི་ལྟ་བ་གང་ཡིན་ཀྱང་མཉམ་གཞག་འཛིན་མེད་དུ་གནས་དགོས་པར་བཤད་མོད། རྗེས་ཀྱི་ཤེས་པས་ཐ་སྙད་བྱེད་པའི་ཚེ་རྟོག་མེད་ཀྱི་མཉམ་གཞག་ཏུ་མྱོང་བྱ་དམིགས་པ་དང༌། དམིགས་ཀྱང་རྟོག་པས་བསམ་དུ་མེད་ཅིང༌། སྒྲས་བརྗོད་དུ་མེད་པ་ཤ་སྟག་ཏུ་སྣང་ལ། ཐལ་འགྱུར་བས་ནི་དེ་ལྟར་མི་འཆད་དེ། མཉམ་གཞག་ཏུ་མཐོང་རྒྱུ་དང་མྱོང་བྱ་ཅི་ཡང་མ་དམིགས་པ་ལ་དེ་ཁོ་ཉིད་མཐོང་བར་ཐ་སྙད་འདོགས་སོ། །ཞེས་འཆད་པ་དག་ཁོ་ནར་ངེས་པའི་ཕྱིར་རོ། །དེ་ནས་ངེས་དོན་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་ཞེས་པ་ནི། འབྱུང་བ་འཁྲུགས་པ་ལས་བྱུང་བའི་འབྲུག་སྒྲ་རྩུབ་མོ་རྣ་བར་མི་སྙན་ཞིང༌། གནམ་ལྕགས་དང་སེར་བ་སོགས་སྟོར་བར་བྱེད་པ་པོ་དག་དང་འདྲ་བ་མ་ཡིན་གྱི། སྐྱེ་འགྲོ་རྣམས་ཡིད་བདེ་བར་བྱེད་ཅིང༌། རྩི་བཅུད་རྣམས་དུས་སུ་སྨིན་པར་བྱེད་པའི་འབྲུག་སྒྲ་ཟབ་མོ་དང་འདྲ་བས་ན་དེ་ཞེས་བྱའོ། །དེ་གང་ལས་བྱུང་ན། ངེས་དོན་གྱི་ཕྱོགས་རེ་ལས་བརྩམས་པ་མ་ཡིན་པས་ན་དེའི་རྒྱ་མཚོའོ། །གངས་ཅན་འདི་ནི་ངེས་དོན་ཕྱོགས་རེ་བར་ཐག་གཅོད་པ་ནི། འདི་ལྟར་ཐལ་འགྱུར་བའི་ལྟ་བ་ཁོ་ནས་རྙེད་པ་དེ་ཁོ་ན་ངེས་དོན་ཡིན་གྱི། གྲུབ་མཐའ་སྨྲ་བ་གཞན་ལ་ཐམས་ཅད་མཁྱེན་པ་ལྟ་ཅི་སྨོས། ཐར་པ་ལ་གེགས་བྱེད་ཀྱི་སྤང་བྱ་ཙམ་སྤོང་བྱེད་ཀྱི་གཉེན་པོ་ཡང་མེད་དོ། །ཅེས་ཟེར་བ་དང༌། ཡང་གཞན་དག རྣལ་འབྱོར་སྤྱོད་པ་པས་འཆད་པའི་དབུ་མ་ལས་གཞན་ངོ་བོ་ཉིད་མེད་པ་པའི་ལྟ་བ་ནི་ཆད་པའི་ལྟ་བ་ཁོ་ནར་སོང་བས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གང་གི་ཡང་ལྟ་བའི་ཡན་ལག་ཚང་བ་མ་ཡིན་ནོ། །ཞེས་ཟེར་བ་དང༌། ཡང་ལ་ལ་དག སྔགས་ལས་གཞན་ལ་རྣམ་དག་གི་ལྟ་བ་མེད་དོ། །ཅེས་ཟེར་བ་དང༌། གྲུབ་མཐའ་འོག་མ་གསུམ་པོ་གང་རུང་གི་ལྟ་བ་ཡང་རྟག་ཆད་ཀྱི་ལྟ་བ་ལས་མ་འདས་སོ། །ཞེས་གསུང་བ་དེ་དག་གིས་ནི་ངེས་དོན་གྱི་ཆུ་བོ་གཅིག་ཏུ་འདུས་པའི་རྒྱ་མཚོ་ཆེན་པོར་མཚོན་པ་མ་ཡིན་གྱི། འདིར་འཆད་པ་ནི། གྲུབ་མཐའ་སྨྲ་བ་བཞི་དང༌། སྔགས་དང་ཕ་རོལ་ཏུ་ཕྱིན་པ་མཐའ་དག་གི་ངེས་དོན་གྱི་ཆུ་བོ་གཅིག་ཏུ་བསྡུས་པའི་རྒྱ་མཚོ་ཆེན་པོའི་དཔལ་ཡོན། གང་ལ་ལ་ཞིག་གི་རྣམ་དཔྱོད་ཀྱི་ནམ་མཁར་བཟུང་བའི་ལེགས་པར་བཤད་པའི་སྤྲིན་ཚོགས་འཐུག་པོའི་དབུས་སུ་གནས་ཤིང་དེ་ལས་བྱུང་བའོ། །གཉིས་པ་མཚན་དེ་དང་ལྡན་པའི་བསྟན་བཅོས་ལ། གསུམ་སྟེ། བཤད་པ་ལ་འཇུག་པ། བཤད་པ་ཉིད་དགོད་པ། བཤད་པ་མཐར་ཕྱིན་པའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་པ་དང༌། བསྟན་བཅོས་རྩོམ་པའི་རྒྱུ་དང༌། དེས་ན་རྩོམ་པར་དམ་བཅའ་བའོ། །དང་པོ་ལ་གསུམ་སྟེ། སྟོན་པ་ལ་དབུ་མ་གསུང་བ་པོར་བསྟོད་ནས་ཕྱག་བྱ་བ་དང༌། ཀླུ་སྒྲུབ་ལ་འཁོར་ལོ་བར་པའི་བསྟན་བྱ་དང་མཐུན་པར་བསྟོད་ནས་ཕྱག་བྱ་བ་དང༌། ཐོགས་མེད་ལ་འཁོར་ལོ་གསུམ་པའི་བསྟན་བྱ་དང་མཐུན་པར་བསྟོད་ནས་ཕྱག་བྱ་བའོ། །དང་པོ་ལ། བསྟོད་པ་དང་ཕྱག་འཚལ་བའོ། །དང་པོ་ནི། ཐུབ་ཆེན་སྟོན་པ་ཁྱོད་ཀྱི་བསྟན་པའི་སྟབས། །ཞེས་པ། ཐེག་པ་ཆེན་པོར་མ་ཟད་ཐེག་པ་ཆེ་ཆུང་མཐའ་དག་གི་བསྟན་པའི་འགྲོས་སོ། །འགྲོ་ཚུལ་ནི། རྟག་དང་ཆད་པའི་ལམ་དུ་མི་གཤེགས་པར། །ངེས་པར་དབུ་མའི་ལམ་ནས་འགྲོ་མཁས་པ། །ཞེས་ཏེ། བྱེ་སྨྲའི་གྲུབ་མཐའ་ལས་འབྱུང་བའི་རྟག་ཆད་སྤོང་ཚུལ་ལྟ་བུ་ལ་མཚོན་ན། འཇིག་ལྟས་བཟུང་བའི་བདག་དེ་སྔར་ཡོད་པ་དང༌། དེ་འདྲ་དེ་ཕྱིས་མེད་པར་ཁས་བླངས་ན་རྟག་ཆད་གཉིས་ལས་མ་འདས་པས། དང་པོ་རྟག་པ་དང༌། ཕྱི་མ་དེ་ཆད་པའི་མཐར་སོང་བས་དེ་ལྟར་མི་འཆད་ཀྱི། དེས་གཟུང་བའི་བདག་དེ་གདོད་མ་ནས་ཡོད་མ་མྱོང་བ་ཡིན་ནོ། །ཞེས་ལྟ་བ་ནི་བྱེ་བྲག་ཏུ་སྨྲ་བས་ཀྱང་འདོད་པའི་དབུ་མའི་ལྟ་བ་སྟེ། གོང་མ་རྣམས་ལ་ཡང་ཆོས་ཅན་རྒྱ་ཆེ་ཆུང་གི་དབྱེ་བས་མཚོན་ནོ། །གཉིས་པ་ནི། རྨོངས་པའི་མུན་ཆེན་སེལ་ལ་ཕྱག་བགྱིའོ། །ཞེས་པ། གྲུབ་པའི་མཐའ་བཞི་དང༌། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་དང༌། ཁུངས་ཐུབ་པའི་མན་ངག་གི་ལུང་གང་ཡིན་ཀྱང་འདྲ་སྟེ། དེ་དང་དེ་ནས་བཤད་པའི་ལྟ་བ་གང་ཡིན་པ་དེས། ལུགས་དེ་དང་དེར་གྲགས་པའི་མ་རིག་པའི་རྩ་བ་དྲུངས་འབྱིན་པར་ནུས་ཞེས་པའོ། །དེ་ལ་འདི་སྐད་ཅེས། རང་རང་གཞུང་ནས་བཤད་པའི་སྒྲིབ་པ་ཀུན། །དེ་ནས་བཤད་པའི་གཉེན་པོས་མི་སེལ་ན། །རྒྱལ་བས་དབང་པོར་འཚམས་པའི་ཆོས་བསྟན་པ། །ཚད་ལྡན་མཁས་པའི་གཞུང་གིས་བཀྲལ་བ་འགལ། །ཞེས་སོ། །ཕྱག་ནི་གཉིས་ཏེ། ཀུན་རྫོབ་ཀྱི་དང༌། དོན་དམ་པའོ། །དང་པོ་ནི། འཇིག་རྟེན་ན་གྲགས་པ་ལྟར་ཡིན་ལ། ཕྱི་མ་ནི་གང་ལ་དང༌། གང་གིས་འཚལ་བ་རོ་གཅིག་པར་ཤེས་པ་སྟེ། མཆོད་པ་དང་བསྟོད་པ་སོགས་ཀྱང་དེ་བཞིན་ནོ། །གཉིས་པ་ལ། གཉིས་ཏེ། བསྟོད་པ་དང༌། ཕྱག་འཚལ་བའོ། །དང་པོ་ནི། ཆོས་ཀུན་གདོད་ནས་ཡོད་མ་མྱོང་བ་དང༌། །ཞེས་པ་གནས་ཚུལ་གྱི་དབང་དུ་བྱས་པ་དང༌། སྣང་ཚུལ་གྱི་དབང་དུ་བྱས་ན། ཕན་ཚུན་ལྟོས་པར་འཇོག་པའི་ཤེས་བྱེད་ཀྱིས། །ཞེས་པ། སྣང་ཚུལ་ལ་ལྟོས་གྲུབ་ཡིན་པ་དེ། གཞི་གང་ཞིག་གནས་ཚུལ་ལ་ཡོད་པ་མ་ཡིན་པའི་ཤེས་བྱེད་དུ་འགྲེལ་པ་མ་ཡིན་ཏེ། ཇི་སྐད་དུ། ཕན་ཚུན་དོན་ལ་བརྟེན་པའི་འགྲུབ་པ་ནི། །འགྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །ཞེས་སོ། །དེ་ལྟར་རྟོགས་པའི་ལྟ་བ་དེའི་བྱེད་ལས་ནི། རྟག་དང་ཆད་པའི་མཐའ་གཉིས་སེལ་མཁས་པ། །ཞེས་ཏེ། རིགས་ཚོགས་ཀྱི་སྐབས་འདིར་ལྟ་བས་སྒྲོ་འདོགས་གཅོད་པའི་ཚེ། སྤྱིར་ཡོད་པ་ཞེས་བྱ་བའི་ཆོས་ཤིག་ཁས་བླངས་ན་རྟག་པ་དང༌། དེ་ནམ་ཞིག་མེད་པར་སོང་བ་ཉིད་དུ་ཁས་བླངས་ན་ཆད་པའི་མཐའ་ལས་མ་འདས་ལ། མཐའ་དེའི་སེལ་བྱེད་ནི། ཤེས་བྱ་གང་ཡང་གདོད་མ་ནས་ཡོད་མ་མྱོང་བ་ཞེས་བྱ་བ་དེ་ཉིད་དོ། །དེ་སྐད་དུ་ཡང༌། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །དེ་ལྟར་མེད་ཚུལ་ལ། གཉིས་ཏེ། སྔ་དྲོའི་བུམ་པ་རང་དུས་སུ་ཡོད་ཅིང༌། དེ་མི་རྟག་པའི་རྒྱུ་མཚན་གྱིས་ཕྱི་དྲོའི་དུས་སུ་མེད་པར་སོང༌། ཞེས་དང༌། ཡང་བུམ་པ་སོགས་སྤྱིར་ཡོད་པ་དང༌། རིགས་པས་བཤིག་པའི་ཚེ་མ་རྙེད་པ་ཡིན་ཞེས་ཟེར་བ་འདི་དག་ནི། ཕྱི་རབས་ཀྱི་གངས་ཅན་པ་ཀུན་ལ་སྣང་བས། དབུ་མ་ལས་རྣམ་པར་འཁྱམས་སོ། །ཞེས་འདིར་སྨྲའོ། །གཉིས་པ་ནི། ཀླུ་སྒྲུབ་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞེས་པ། ཚིག་གསུམ་པོ་བྱ་བྱེད་ལས་གསུམ་དང་སྦྱར་ཞིང༌། ཀླུ་དབང་དང་སྲིད་སྒྲུབ་ཀྱི་བྱེད་པ་ཡོད་པས་ན་སྒྲ་བཤད་འཇུག་གཉིས་ཀ་ཡོད་པའི་མཚན་ནོ། །གསུམ་པ་ལ། སྔ་མ་ལྟར་གཉིས་ལས། དང་པོ་ལ། གང་སྟོང་པའི་གཞི་གཞན་དབང་དང༌། གང་གིས་སྟོང་པའི་དགག་བྱ་ཀུན་བཏགས་དང༌། དེ་དེས་སྟོང་པའི་སྟོང་ཉིད་ཀྱི་ངོ་བོ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་ལ། དེ་མ་རྟོགས་ན་འཁོར་བའི་རྒྱུ་དང༌། རྟོགས་ན་མྱ་ངན་ལས་འདས་པའི་ལམ་དུ་བསྟན་པའི་སྒོ་ནས་བསྟོད་པ་ནི། ཀུན་བཏགས་ངོ་བོ་ནམ་ཡང་ཡོད་མིན་ཞིང༌། །ཡོངས་གྲུབ་གདོད་ནས་གྲུབ་དང་གཞན་གྱི་དབང༌། །བདེན་གཉིས་ཟུང་འཇུག་ཚུལ་གྱིས་མཐའ་གཉིས་པོ། །སེལ་མཛད་ཅེས་པའོ། །ཟུང་འཇུག་ནི་གཉིས་མེད་ལ་ཟེར་བ་ཡིན་གྱི། ཟུང་འབྲེལ་ལ་བྱ་བ་མ་ཡིན་ནོ། །དེ་གང་ཞེ་ན། བདེན་པ་གཉིས་པོའོ། །དེའི་ཤེས་བྱེད་ཀྱང༌། གཉིས་པོ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པའི་རྒྱུ་མཚན་གྱིས་སོ། །དེའི་ཡང་གཏན་ཚིགས་ནི། ཀུན་རྫོབ་ཀྱི་བདེན་པའི་མཚན་གཞིར་འཛིན་རྒྱུ་ཀུན་བཏགས་ལས་གཞན་མེད་ལ། དེ་ཡང་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་མཐར་ཐུག་གི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པས་སོ། །དེ་ཡང༌། ཀུན་བཏགས་ཀྱི་མཚན་གཞི་ནི་གཟུང་འཛིན་གཉིས་སུ་ངེས་ལ། དེ་ལའང༌། གང་ཟག་དང་ཆོས་ཀྱི་དབྱེ་བས་གཉིས་གཉིས་ལས། བདག་དང་དེ་འཛིན་པའི་རྟོག་པ་ནི་དང་པོའི་དབང་དུ་བྱས་པ་དང༌། ཕྱི་རོལ་གྱི་དོན་དང་དེར་སྣང་བ་ནི་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ནོ། །དེ་ལྟར་གཟུང་འཛིན་གཉིས་མེད་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་ཡོད་པ་གཉིས་པོ་དབྱེར་མེད་དུ་འདུ་བའི་གཞི་ནི་གཞན་དབང་གི་མིང་ཅན་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་དེའོ། །དོན་དེ་ལ་བསམས་ནས་གཞན་དབང་ལ་བདེན་གཉིས་ཟུང་འཇུག་ཅེས་སྨྲས་སོ། །གཞན་དབང་བདེན་གྲུབ་ནི་ཐོགས་མེད་ཞབས་ཀྱི་གྲུབ་པའི་མཐའ་མ་ཡིན་ཏེ། དེའི་གཞུང་དུ་དེ་སྒྱུ་མ་ལྟ་བུར་བཤད་པའི་ཕྱིར། དེའི་ངོ་བོ་བདེན་པར་བཤད་པས་དེ་བདེན་པར་མི་འགྱུར་ཏེ། བུམ་སོགས་ཀྱི་ངོ་བོ་ཆོས་ཉིད་དུ་འཆད་པའི་སྐབས་བཞིན་ནོ། །ཡོངས་གྲུབ་བདེན་པར་ཁས་བླངས་ན་རྟག་པའི་མཐར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་ལྟ་བ་འདིས་མཐའ་གཉིས་སེལ་ཞེ་ན། ཉེས་པ་མེད་དེ། མཐའ་གཉིས་སེལ་བྱེད་ཀྱི་ལྟ་བ་ལ་བདེན་གྲུབ་ཏུ་ལྟ་བའི་འཛིན་སྟངས་མེད་པའི་ཕྱིར་དང༌། དེ་བདེན་ནོ་ཞེས་པ་ནི། ལྟ་སྒོམ་གཉིས་ཀའི་རྗེས་ཀྱི་ཐ་སྙད་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི་དེ་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་སྔོན་དུ་མ་སོང་བའི་ཕྱིར་དེ་ལ་བདེན་འཛིན་ལྡོག་མི་ནུས་སོ། །སྙམ་ན། རིགས་པ་དེས་དེར་གཏན་ལ་འབེབས་མི་ནུས་ཏེ། དེའི་ཡུལ་ལས་འདས་པའི་ཕྱིར། བདེན་འཛིན་གྱིས་ཀྱང་དེར་འཛིན་མི་ནུས་ཏེ། དེའི་ཡུལ་ལས་འདས་པའི་ཕྱིར། ཡོངས་གྲུབ་ལ་བདེན་པར་འཛིན་པའི་རྟོག་པ་དེའི་ཡུལ་ནི་དེའི་དོན་སྤྱིའི་གཞན་སེལ་ལས་མ་འདས་ལ། དེ་ནི་ཀུན་བཏགས་པ་ཉིད་ཡིན་པས་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ཟིན་ནོ། །གཉིས་པ་ནི། ཐོགས་མེད་ཞབས་ལ་མགོས་ཕྱག་འཚལ། །ཞེས་པ་ཡང་བྱ་བྱེད་ལས་གསུམ་དང་སྦྱོར་ལ། འདིས་མི་ཕམ་མགོན་པོ་ལ་དངོས་སུ་གསན་པ་ནི་བློ་བརྟན་དང་སེང་གེ་བཟང་པོ་གཉིས་བཤད་དོ། །གཉིས་པ་བསྟན་འཆོས་རྩོམ་པའི་རྒྱུ་ནི། མི་ཤེས་པ་དང༌། འགྲན་སེམས་དང་ཕྲག་དོག་པས་མ་ཡིན་གྱི། བྱམས་པ་དང་ཐོགས་མེད་ཀྱི་གཞུང་དང༌། བཀའ་འཁོར་ལོ་གསུམ་པ་ལ་ལུང་རིགས་ཀྱིས་ཡིད་ཆེས་སྐྱེད་ནས་ཆོས་སྤོང་གི་ཉེས་པ་སེལ་བའི་དོན་དུའོ། །ཞེས་འཆད་པ་ནི། ཐུབ་བསྟན་རྒྱ་མཚོའི་འཇུག་ངོགས་གྲུབ་པའི་མཐའ། །ཀུན་གྱི་རྩེ་མོར་གང་གྱུར་དབུ་མའི་སྲོལ། །ཀླུ་སྒྲུབ་ཐོགས་མེད་ཞབས་ཀྱིས་རབ་ཕྱེ་བའི། །ངོ་མཚར་ཤིང་རྟའི་སྲོལ་གཉིས་འདི་ན་མཐོང༌། །ཞེས་པ། སྤྱིར་གྲུབ་མཐའ་སྨྲ་བ་བཞི་ཀ་ཡང་རང་རང་གི་ལྟ་བ་དབུ་མར་ཁས་ལེན་མོད། དེ་ཙམ་ཞིག་ཤེས་བྱེད་དུ་འགོད་པ་མ་ཡིན་གྱི། རྗེ་བཙུན་བྱམས་པས་དེར་བཤད་པའི་ལུང་དང༌། རྡོ་རྗེ་ཐེག་པར་མཉམ་གཞག་ཏུ་ཉམས་སུ་བླང་བྱ་གང་ཡིན་བཙལ་བའི་རིགས་པ་ལས། བཀའ་འཁོར་ལོ་ཐ་མ་བྱམས་པའི་ཆོས་ཕྱི་མ་བཞི་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་པོའི་མཐར་ཐུག་གི་ལྟ་བ་དབུ་མ་ཆེན་པོ་ཉིད་དུ་སྒྲུབ་པར་ནུས་པའི་ཚད་མ་རྙེད་པ་ནི་འདི་རྩོམ་པའི་རྒྱུའོ། །གསུམ་པ་རྩོམ་པར་དམ་བཅའ་བ་ལ། སྲོལ་གཉིས་པོ་གནས་སྐབས་སུ་རིགས་པས་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་ཡོད་པ་དང༌། སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་ཞིག་ངོས་འཛིན་པའི་ཚེ་འཛིན་ཚུལ་ལ་ཁྱད་པར་མེད་པའི་ཚུལ་བཤད་པར་འདོད་པས་འདི་རྩམ་མོ། །ཞེས་སྟོན་པ་ནི། འཕགས་མཆོག་རྣམ་གཉིས་ཤེར་ཕྱིན་མདོ་ཡི་ལུགས། །རང་གཞན་སྟོང་པའི་འཆད་ཚུལ་མི་མཐུན་ཀྱང༌། །འཁོར་ལོ་ཐ་མའི་ངེས་དོན་འདི་ཡིན་ཞེས། །སྟོན་ལ་ཁྱད་པར་མེད་དེ་འདིར་འཆད་དོ། །ཞེས་པ། སྲོལ་འབྱེད་སྔ་ཕྱི་གཉིས་ཀས་བཀའ་ཐ་མའི་ངེས་དོན་དོན་དམ་པའི་བདེན་པ་དེ་ངོས་འཛིན་པ་ན། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་མྱོང་བྱར་གྱུར་པའི་གཞོམ་དུ་མེད་པ་སེམས་ཀྱི་རྡོ་རྗེ་དེ་ཉིད་ལ་འཆད་པར་མཐུན་ལ། འཁོར་ལོ་བར་པའི་དངོས་བསྟན་གྱི་སྟོང་པ་ཉིད་ནི། སྲོལ་དང་པོས་མཐར་ཀུན་རྫོབ་ཁོ་ནར་བཤད་པས་དོན་དམ་པའི་བདེན་པ་དང་མཉམ་གཞག་གི་མྱོང་བྱར་འཆད་པ་ལྟ་ཅི་སྨོས། ལུགས་དེར་འཁོར་ལོ་བར་པའི་དངོས་བསྟན་གྱི་སྒོམ་འཆད་པ་ན། སེམས་ཀྱི་རྡོ་རྗེ་ལ་བསྒོམ་བྱ་ཉིད་དུ་མི་འཆད་པར། སྒོམ་རྒྱུ་ཅི་ཡང་མེད་པ་ལ་སྒོམ་དུ་བཏགས་པའོ། །སྲོལ་འབྱེད་གཉིས་པས་ཀྱང༌། འཁོར་ལོ་བར་པའི་བསྟན་བྱའི་གཙོ་བོར་གྱུར་པའི་སྟོང་ཉིད་ནི་འཁོར་ལོ་ཕྱི་མས་གཏན་ལ་ཕབ་པའི་ཡེ་ཤེས་དེ་ཉིད་ཡིན་ལ། བར་པའི་དངོས་བསྟན་ལ་ཡོད་པའི་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་མེད་དགག་གི་ཆ་དེ་ནི་མྱོང་བྱ་ལྟ་ཅི་སྨོས། དོན་དམ་པའི་བདེན་པ་ཙམ་དུ་མི་བཞེད་དེ། སྤྱི་མཚན་ཡིན་པ་དང༌། ཐོས་བསམ་གྱི་རྟོག་པས་སྒྲོ་བཏགས་པའི་ཕྱིར། དེས་ན་དོན་དམ་པའི་བདེན་པ་ཞིག་ངོས་འཛིན་པའི་ཚེ་ན་སྲོལ་གཉིས་ཀ་མཐུན་ནོ། །གཉིས་པ་བཤད་པ་ཉིད་དགོད་པ་ལ་གསུམ་སྟེ། ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པ། དེས་ན་འཁོར་ལོ་གསུམ་པ་ངེས་པའི་དོན་ཅན་དུ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། དབུ་མ་རིགས་ཚོགས་ཀྱི་ལྟ་སྤྱོད་འབྲས་གསུམ་ཇི་ལྟར་ཡིན་པའི་ཚུལ། བྱམས་ཆོས་ཕྱི་མའི་ལྟ་སྤྱོད་འབྲས་གསུམ་ཇི་ལྟར་འཆད་པའི་ལུགས། དབུ་མ་སྟོད་ཚོགས་ཀྱི་ལྟ་སྤྱོད་འབྲས་གསུམ་ངོས་བཟུང་བའོ། །དང་པོ་ནི། ལྟ་བ་རང་སྟོང་གི་རིགས་པས་སྒྲོ་འདོགས་བཅད་ཅིང༌། སྒོམ་པ་ཡུལ་དམིགས་མེད་དང༌། ཡུལ་ཅན་འཛིན་མེད་ཀྱི་ངང་ལ་མཉམ་པར་བཞག་ནས། རྗེས་ཐོབ་ས་བཅུའི་རིམ་པས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལ་འགྲུས་པར་བྱས་པ་ལས། འབྲས་བུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་དང༌། གཞན་སྣང་དུ་གཟུགས་ཀྱི་སྐུ་ལྷུན་གྱིས་གྲུབ་བོ་ཞེས་འཆད་པ་ནི། རྒྱ་ཆེན་བསོད་ནམས་ཚོགས་ལ་མི་ལྷོད་པར། །ཆོས་ཀུན་ངོ་བོས་སྟོང་པའི་རིགས་པ་ཡིས། །འཛིན་མེད་ངང་ལ་མཉམ་པར་བཞག་བྱས་པས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཀླུ་སྒྲུབ་གཞུང༌། །ཞེས་པའོ། །གཉིས་པ་ནི། ལྟ་བ་གཞན་སྟོང་གི་རིགས་པས་སྒྲོ་འདོགས་བཅད་ཅིང༌། སྒོམ་པ་སོ་སོར་རང་གི་རིག་པའི་ཡེ་ཤེས་ལ་མཉམ་པར་བཞག་ནས། སྤྱོད་པ་བསོད་ནམས་ཀྱི་ཚོགས་དང་ཟུང་དུ་སྦྲེལ་བས་འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཡོན་ཏན་ཀུན་ཚང་དང༌། གཞན་སྣང་དུ་གཟུགས་ཀྱི་སྐུ་གཉིས་ལྷུན་གྱིས་གྲུབ་བོ། །ཞེས་འཆད་པ་ནི། གསལ་སྟོང་གཟུང་འཛིན་བྲལ་བའི་རིག་པ་ཙམ། །ཆོས་རྣམས་ཀུན་གྱི་གནས་ལུགས་ཡིན་ཤེས་ནས། །མཐའ་ཡས་བསོད་ནམས་ཚོགས་དང་ཟུང་འབྲེལ་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཐོགས་མེད་གཞུང༌། །ཅེས་པའོ། །སྲོལ་དང་པོའི་སྒོམ་ལུགས་བཤད་མ་ཐག་པ་དེ་སྔགས་ཀྱི་རིམ་གཉིས་སྒོམ་ཚུལ་དང་མི་འགྲིག་ཅིང༌། སྲོལ་ཕྱི་མའི་སྒོམ་ལུགས་དེ་སྔགས་ཀྱི་རིམ་པ་གཉིས་དང་ཤིན་ཏུ་འབྲེལ་ཆགས་སོ། །གསུམ་པ་ལ། ལྟ་བ་རང་སྟོང་གི་རིགས་པས་སྒྲོ་འདོགས་བཅད་པ་མཐར་ཐུག་པའི་འོག་ཏུ། སྒོམ་པ་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ཀྱིས་དོན་དམ་བྱང་ཆུབ་ཀྱི་སེམས་དྲི་མ་སྦྱང་བའི་གཞིར་བཞག་ནས་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་པས་སྦྱངས་འབྲས་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་གཉིས་པ་ཡིན་ནོ། །ཞེས་འཆད་པ་ནི། ཆོས་ཀུན་སྤྲོས་དང་བྲལ་བའི་རིགས་པ་ལ། །མ་རྨོངས་མཁས་པ་རྣམས་ལ་སེམས་ཀྱི་དབྱིངས། །དོན་དམ་སེམས་ཀྱི་རྡོ་རྗེར་འཆད་པ་ཡང༌། །ཀླུ་སྒྲུབ་ཞབས་ཀྱི་འཆད་ཚུལ་གཉིས་པ་ཡིན། །ཞེས་པ། ལྟ་སྒོམ་གྱི་རིམ་པ་འདི་ནི་མདོ་སྔགས་གཉིས་ཀའི་ལུགས་སུ་ཤིན་ཏུ་འབྲེལ་ཆགས་པ་ཡིན་ཏེ། མདོ་ལུགས་ཀྱི་ལམ་རྐྱང་པས་བགྲོད་པའི་ཚེ་ན། མཚན་འཛིན་གྱི་རྟོག་པ་འགོག་པའི་ཤེས་རབ་ཀྱི་སྐྱེ་ཚུལ་རྣལ་འབྱོར་སྤྱོད་པ་པའི་མཐར་ཐུག་གི་ལུགས་ལས་ཀྱང་ཆེས་ཤིན་ཏུ་ཟབ་ཅིང༌། སྔགས་ལུགས་སུ་འབྲེལ་བའི་ཚེ། མཚན་འཛིན་གྱི་རྟོག་པ་འགོག་བྱེད་ཀྱི་རིགས་པ་ཟབ་ཤོས་དེ་སྔོན་དུ་སོང་བ་གཞིར་བཞག་གི་སྟེང་དུ། དོན་དམ་བྱང་ཆུབ་ཀྱི་སེམས་དེ་ལྷག་པའི་ལྷ་དང༌། དེའི་རིག་པ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་སོགས་ཀྱི་སྒྲུབ་གཞིར་བཞག་པའི་ཕྱིར། གལ་ཏེ་ལྟ་བ་རང་སྟོང་གཞིར་བཞག་ལ་བསྒོམ་པ་མི་འདྲ་བའི་ཚུལ་གཉིས་འབྱུང་བ་དེ་རྒྱུ་གང་ལས་ཤེ་ན། འཁོར་ལོ་གསུམ་པའི་ངེས་དོན་དང་སྦྲེལ་མ་སྦྲེལ་གྱི་ཁྱད་པར་ལས་སོ། །ཚུལ་ནི། རིགས་པས་མ་རྙེད་པའི་ངང་ཉིད་ལ་མཉམ་པར་འཇོག་པ་དང༌། མ་རྙེད་པར་ཤེས་པ་སྔོན་དུ་བཏང་ནས་དེ་ལྟར་ཤེས་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བྱ་དེ་ཉིད་ལ་མཉམ་པར་འཇོག་པའོ། །མྱོང་བྱ་དེ་བདེན་པ་གཉིས་ལས་གང་དུ་འཇོག་ཅེ་ན། འདིར་ནི་དོན་དམ་པའི་བདེན་པ་སྟེ། འཁོར་ལོ་ཐ་མའི་ངེས་དོན་ངོས་འཛིན་པའི་སྐབས་ཡིན་པའི་ཕྱིར་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས་དེའི་ངེས་དོན་མི་འཆད་པ་མ་ཡིན་པའི་ཕྱིར་དང༌། དེ་ཉིད་རིགས་ཤེས་ཀྱིས་གཞོམ་དུ་མེད་པའི་ཡེ་ཤེས་སུ་གནས་པའི་ཕྱིར། འཁོར་ལོ་བར་པའི་དངོས་བསྟན་དང༌། རིགས་ཚོགས་དང༌། འཇུག་པ་དང༌། ཤེར་ལེའི་སྐབས་སུ་ནི། སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མིང་ཅན་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་སྟེ། རིགས་པས་རྣམ་པར་དཔྱད་པའི་དཔུང་མི་བཟོད་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ལས་མ་གཏོགས་པའི་ཆོས་ཁས་མི་ལེན་པའི་ཕྱིར་དང༌། མཐར་ནི་ཡོད་པ་ཞེས་བྱ་བའི་ཆོས་གཅིག་ཀྱང་ཁས་མི་ལེན་ན། སེམས་ཀྱི་རྡོ་རྗེ་ལྟ་ཅི་སྨོས་པའི་ཕྱིར། འོ་ན་ཀླུ་སྒྲུབ་ཞབས་ཀྱི་ལུགས་ཉིད་ལ་དོན་དམ་བདེན་པའི་མཚན་གཞི་ཁས་ལེན་མི་ལེན་བྱུང་བ་ལ། དབང་བཙན་པར་བྱ་བ་གང་ཞེ་ན། རིགས་ཚོགས་དང་བསྟོད་ཚོགས་ཀྱི་སྐབས་ཞེས་སམ། འཁོར་ལོ་བར་པའི་དངོས་བསྟན་འཆད་པའི་སྐབས་དང༌། འཁོར་ལོ་ཕྱི་མའི་ངེས་དོན་ངོས་འཛིན་པའི་སྐབས་གཉིས་པོ་རང་རང་སོ་སོའི་ཐད་དུ་ནི་རང་རང་ནས་གང་བཤད་པ་དེ་ཉིད་དབང་བཙན་པ་ཡིན་ཏེ། གཞུང་ལུགས་འཆད་པ་པོ་རྣམས་ཀྱི་སྤྱིའི་ཆོས་ལུགས་དེ་ལྟར་ཡིན་པའི་ཕྱིར། ལུགས་གཉིས་པོ་དེ་ལ་ཉེ་རིང་མེད་པར་སྤྱི་ཙམ་ནས་དཔྱོད་ན་ཕྱི་མ་དབང་བཙན་པ་ཡིན་ཏེ། ལུང་དང༌། རིགས་པ་ལས་སོ། །ལུང་ནི། སྔགས་བླ་མེད་ཀྱི་ཐེག་པ་ཀུན་དང་མཐུན་པ་ཡིན་ཏེ། ལུགས་དེར་དོན་དམ་བྱང་ཆུབ་ཀྱི་སེམས་གཞོམ་དུ་མེད་པའི་རྡོ་རྗེར་འཆད་པ་ཤ་སྟག་ཏུ་ཡོད་པ་ཡིན་གྱི། ཀུན་རྫོབ་ཏུ་འཆད་པའི་གོ་སྐབས་མེད་པའི་ཕྱིར། རིགས་པ་ནི། སྤྲོས་བྲལ་མེད་དགག་གི་ཆ་དང༌། སྤྲོས་པ་དང་བྲལ་བའི་སེམས་རང་བཞིན་གྱིས་འོད་གསལ་བ་གཉིས་ལས། དང་པོ་འཁོར་ལོ་བར་པའི་དངོས་བསྟན་དང༌། གཉིས་པ་དེ་འཁོར་ལོ་ཕྱི་མའི་བསྟན་བྱའི་གཙོ་བོ་ཡིན་པས། དོན་དམ་པའི་མཚན་གཞི་མི་འཛིན་པའི་སྐབས་ཕར་ཞོག འཛིན་ཕྱིན་ཆད་ཕྱི་མ་ཁོ་ནར་ངེས་ཏེ། དང་པོ་དེ་ནི་ལྡོག་པ་གཞན་སེལ་དང༌། སྤྱི་མཚན་དང༌། བློས་རྣམ་བཅད་དུ་རྟོགས་བྱ་ཁོ་ནར་ངེས་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་མ་གཟིགས་པའི་ཕྱིར། འོ་ན་འགལ་བ་ལ་མི་འཁྲུལ་བར་འགྱུར་ཏེ། ཡེ་ཤེས་གཅིག་ཉིད་རེས་འགའ་ཀུན་རྫོབ་དང་རེས་འགའ་དོན་དམ་ཡིན། དེ་འཐད་ལྡན་དུ་འཆད་པའི་ཕྱིར། ཡང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སོགས་ལྟ་བུ། རིགས་ཚོགས་སུ་དོན་དམ་བདེན་པའི་རྣམ་གཞག་བསྟན་པ་རྣམས་མི་འཐད་པར་འགྱུར་ཏེ། མཐར་ཀུན་རྫོབ་ལས་མ་གཏོགས་པའི་ཆོས་ཁས་མི་ལེན་པའི་ཕྱིར། ཞེ་ན། འདིའི་ལན་གྱི་གཞུང་ནི་འོག་དོན་བསྡུ་བའི་སྐབས་སུ་འབྱུང་ལ། སྔ་མའི་ལན་ནི། རིགས་ཚོགས་སུ་རང་བཞིན་གྱི་མྱང་འདས་ལྟ་བུ་ཀུན་རྫོབ་ཏུ་བཤད་པ་དེ། རློམ་ཚོད་ལ་རང་བཞིན་མྱང་འདས་དངོས་སུ་རློམ་ཡང༌། སོང་ཚོད་དེའི་གཞན་སེལ་ཉིད་ཡིན་ཏེ། སྒྲ་རྟོག་གིས་ཐ་སྙད་དུ་བྱས་པའི་ཕྱིར། དེས་ན། སྒྲ་རྟོག་གི་དངོས་ཡུལ་ཞིག་ཀུན་རྫོབ་ཏུ་འཆད་པ་དང༌། མངོན་སུམ་གྱི་མྱོང་བྱ་གཅིག་དོན་དམ་པར་བཤད་པ་གཉིས་ལ་ནི། འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། རང་བཞིན་མྱང་འདས་ཞེས་པ་ལྟ་བུ་མིང་གཅིག་ཀྱང་དོན་སོ་སོར་ངེས་པའི་ཕྱིར། དེས་ཀྱང་འཁོར་ལོ་གསུམ་པ་ངེས་པའི་དོན་ཅན་དུ་གྲུབ་བོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། སྲོལ་དང་པོ་ལ་བཤད་ཚུལ་གཉིས་འབྱུང་བའི་ཤེས་བྱེད་དགོད་པ། སྲོལ་གཉིས་པ་ལའང་བཤད་ཚུལ་མི་འདྲ་བ་གཉིས་ཡོད་པའི་ཚུལ། གཉིས་ཀའི་ལྟ་བ་དབུ་མར་གྲུབ་པའོ། །དང་པོ་ནི། འཕགས་མཆོག་དེ་ཡི་འཆད་ཚུལ་རྣམ་གཉིས་པོ། །རིགས་པའི་ཚོགས་ཀྱིས་འཁོར་ལོ་གཉིས་པའི་མདོ། །ཇི་བཞིན་སྒྲ་ཡིས་བཤད་དང་བསྟོད་ཚོགས་སུ། །འཁོར་ལོ་ཐ་མའི་ངེས་དོན་འཆད་ཚུལ་གྱིས། །རྣམ་པར་ཕྱེའོ། །ཞེས་པ། ཀླུ་སྒྲུབ་ཞབས་ཀྱི་གཞུང་ནས་འབྱུང་བའི་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཆོས་ཉིད་ཅེས་བྱ་བའི་མིང་ཅན་ནི་གཉིས་ཏེ། སྤྲོས་པའི་ཚོགས་མཐའ་དག་རིགས་པས་བཀག་པའི་མེད་པར་དགག་པ་དང༌། སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་པའི་ཡེ་ཤེས་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་ཆགས་པའོ། །དང་པོ་ནི། འཁོར་ལོ་བར་པའི་དངོས་བསྟན་ཡིན་ལ། དེ་སྒྲུབ་བྱེད་ཀྱི་རིམ་པ་མཐའ་ཡས་པ་ནི་རིགས་ཚོགས་ཀྱི་དངོས་བསྟན་ཡིན་ནོ། །ཕྱི་མ་དེ་ལའང་གཉིས་ཏེ། སྤྲོས་པའི་མཚན་མ་འགོག་བྱེད་ཀྱི་རིགས་པ་སྔོན་དུ་བཏང་ནས་དེ་མི་འཛིན་པ་དང༌། དབང་དང་བྱིན་རླབས་སོགས་ཀྱི་ནུས་པས་སྤྲོས་མེད་དུ་སོང་བའོ། །དེ་གཉིས་ནི་གོ་རིམ་བཞིན་དུ། འཁོར་ལོ་ཐ་མ་ལའང༌། ཕར་ཕྱིན་ཐེག་པའི་དབང་དུ་བྱས་པ་དང༌། སྔགས་ལུགས་ཀྱི་དབང་དུ་བྱས་པའི་ཆ་དེ་སོ་སོའི་ངེས་དོན་དུ་བཤད་དོ། །ཡང་འདི་སྙམ་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་པར་གྲགས་པ་ལས། རིགས་ཚོགས་དང་བསྟོད་ཚོགས་ཀྱིས་འཁོར་ལོ་ཕྱི་མ་གཉིས་ཀྱི་ངེས་དོན་འཆད་པའི་ཚུལ་དེ་ལྟ་ན། འཁོར་ལོ་དང་པོའི་ངེས་དོན་འཆད་ཚུལ་ནི་ཇི་ལྟ་བུ། དེར་མ་ཟད་འཁོར་ལོ་གསུམ་ཀའི་ཐབས་ཀྱི་ཆ་སྟོན་བྱེད་ཀྱི་གསུང་རབ་དག་སློབ་དཔོན་དེས་ཇི་ལྟར་མཛད་ཅེ་ན། གཏམ་གྱི་ཚོགས་སུ་ནི། འཁོར་ལོ་དང་པོའི་ཐབས་ཚུལ་ཇི་བཞིན་བཤད། །ཅེས་པ། རིན་པོ་ཆེའི་ཕྲེང་བ་དང༌། བཤེས་པའི་སྤྲིང་ཡིག་དང་མདོ་སྡེ་ཀུན་ལས་བཏུས་པ་རྣམས་སུ་འཁོར་ལོ་གཉིས་ཀའི་ཕྱོགས་དང་འབྲེལ་བའི་རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་བསྟན་པ་ཁོ་ནར་མ་ཟད། བདེན་པ་བཞིའི་ཆོས་འཁོར་ནས་འབྱུང་བའི་མངོན་པར་མཐོ་བའི་ཐབས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་དང༌། ངེས་པར་ལེགས་པའི་ཐབས་ཤེས་པ། གང་ཟག་གི་བདག་མེད་པའི་ལྟ་བ་རྣམས་ཀྱང་དེར་བཤད་དོ། །དེ་ལྟར་ན་བཀའ་འཁོར་ལོ་གསུམ་དང་བསྟན་བཅོས་ཀྱི་ཚོགས་གསུམ་ནི་གོ་རིམ་བཞིན་དུ་སྦྱར་ཞིང༌། སྟོན་པ་སངས་རྒྱས་དང་བསྟན་འཆོས་མཛད་པའི་སློབ་དཔོན་གྱིས་བསྟན་པ་འདི་ལ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་པའོ། །འོ་ན་སྲོལ་འབྱེད་གཉིས་ནས་འབྱུང་བའི་བདག་མེད་དང་པོའི་འཆད་ཚུལ་ལ་ཁྱད་པར་ཇི་ལྟ་བུ་ཞེ་ན། གངས་ཅན་པ་ཕྱི་མ་དག རྣལ་འབྱོར་སྤྱོད་པ་བ་དང་དབུ་མ་རང་རྒྱུད་པ་དག་གི་གཞུང་དུ་གང་ཟག་གི་བདག་མེད་དེའི་སྡོམ་ཡོངས་སུ་རྫོགས་པར་བཤད་པ་མེད་དོ། །ཞེས་ཟེར་བ་དེ་སྤང་བའི་དོན་དུ། ཤིང་རྟའི་སྲོལ་གཉིས་ཆོས་འཁོར་ཐོག་མ་ཡི། །ཟབ་དང་རྒྱ་ཆེའི་ཚུལ་ལ་ཁྱད་པར་མེད། །ཅེས་པ། རྒྱ་ཆེ་བ་ནི་མངོན་པར་མཐོ་བའི་ཆོས་དགེ་བ་བཅུ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཉམས་སུ་ལེན་པའི་ཚུལ་རྣམས་ཇི་ལྟར་ཡིན་པའི་ཚུལ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ནི་སྲོལ་གཉིས་ལ་མེད་པར་ཀུན་མཐུན་མོད། ཆོས་འཁོར་དང་པོའི་ལྟ་བ་གང་ཟག་གི་བདག་མེད་སྟོན་པའི་ཚུལ་ལ་ཡང་ཟབ་ཁྱད་ཡོད་པ་མ་ཡིན་ཏེ། ཕུང་པོའི་སྟེང་དུ་གང་ཟག་གིས་སྟོང་པ་ཉིད་བདག་མེད་དང་པོའི་དོན་དུ་འཆད་པར་བྱེད་བྲག་ཏུ་སྨྲ་བ་ནས། ཐལ་འགྱུར་བའི་བར་ཐམས་ཅད་མཐུན་པའི་ཕྱིར། དེ་ལྟ་ན་ཡང༌། ནང་སྟོང་པ་ཉིད་ཀྱི་འཆད་ཚུལ་ནི་མཐུན་པ་མ་ཡིན་ཏེ། དེར་འཇོག་པ་ལ་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པ་དགོས་ལ། དེ་ནི་སེམས་ཙམ་པ་ཕན་ཆད་ལ་མེད་པའི་ཕྱིར། བདག་མེད་དང་པོ་དང༌། ནང་སྟོང་པ་ཉིད་ཀྱི་འཇོག་ཚུལ་ནི་ངོ་བོ་ཉིད་མེད་པར་སྨྲ་བས་ཀྱང་གཞན་སྟོང་ཁོ་ནར་འཆད་དོ། །འདི་ན་གང་དག བདག་དང་གང་ཟག་རང་ལུགས་ལ་ཁས་བླངས་ནས། དེ་བདེན་གྲུབ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་བྱ་བའི་དགག་བྱ་གཞི་མ་གྲུབ་པ་ཞིག་གི་སྟོང་པ་དེ་བདག་མེད་དང་པོའི་དོན་དུ་འཆད་པ་ནི་གཞུང་འགྲེལ་ཁུངས་ཐུབ་གང་ན་ཡང་མི་བཞུགས་སོ། །གཉིས་པ་ལ་གསུམ་སྟེ། དབྱེ་གཞི། དབྱེ་ངོ༌། དེར་འབྱེད་པའི་རྒྱུ་མཚན་ནོ། །ཐོགས་མེད་ཞབས་ཀྱིས་སྤྲོས་པ་ཀུན་བྲལ་བའི། །གཉིས་མེད་ཡེ་ཤེས་རང་རིག་རང་གསལ་བ། །དོན་དམ་མཐར་ཐུག་སངས་རྒྱས་སྙིང་པོ་ཞེས། །འཁོར་ལོ་གཉིས་ཀྱི་ངེས་དོན་ཡིན་པར་བཀྲལ། །ཞེས་པ། སྤྱིར་བྱམས་པའི་ཆོས་དང་ཐོགས་མེད་ཞབས་ཀྱིས་ཕྱེ་བའི་སྲོལ་འདིའི་ལུགས་ལ། ངེས་དོན་དང་དོན་དམ་པའི་བདེན་པ་མཐར་ཐུག་པ་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་ཆགས་ཤིང༌། སྒྲ་རྟོག་གི་ཡུལ་ལས་འདས་པས་ན། སྤྲོས་པ་ཐམས་ཅད་དང་བྲལ་བ། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་བ་དེ་ཡིན་ལ། དེའི་ལས་དེ་འདྲ་དེ་འཁོར་ལོ་བར་པའི་བསྟན་བྱའི་གཙོ་བོ་ཡིན་མོད། བསྟན་ཚུལ་ནི། འཁོར་ལོ་བར་པར་སྒྲ་ཇི་བཞིན་པ་མ་ཡིན་པའི་སྒོ་ནས་བསྟན། འཁོར་ལོ་ཕྱི་མར་ནི་སྒྲ་ཇི་བཞིན་པ་ཉིད་དུ་བསྟན་ཞིང༌། བསྟན་བྱའི་གཙོ་བོར་ཡང་གྱུར་པའོ། །སངས་རྒྱས་ཀྱི་སྙིང་པོའི་ངོས་འཛིན་ཀྱང༌། འདི་ལས་གཞན་ན་ཡོད་པ་མ་ཡིན་མོད། འདི་སེམས་ཅན་གྱི་དུས་སུ་སྟོབས་སོགས་ཡོན་ཏན་མཐའ་དག་དང་དབྱེར་མེད་དུ་འཆད་པའི་མདོ་དང༌། དེ་ལྟར་འཆད་པའི་དྲང་དོན་དུ་སྟོན་པའི་མདོ་གཉིས་ཀ་ཡང་བཀའ་ཐ་མ་ན་ཡོད་ལ། དེ་བཞིན་དུ་རྒྱ་བོད་ཀྱི་བསྟན་འཆོས་ཀྱང་གཉིས་སུ་བྱུང་མོད། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌། རྒྱུད་བླ་མའི་བསྟན་འཆོས་ཀྱིས་ནི། གཞི་དུས་ཀྱི་ཡོན་ཏན་དབྱེར་མེད་སྒྲ་ཇི་བཞིན་པ་མ་ཡིན་པ་ཉིད་དུ་བཤད་པར་མངོན་ནོ། །ངེས་དོན་གྱི་མཐར་ཐུག་ཡེ་ཤེས་ལ་འཆད་པ་འདི་ནི་འཕགས་པ་ཐོགས་མེད་བཞེད་པའི་དབུ་མ་འདིར་མ་ཟད། ངོ་བོ་ཉིད་མེད་པར་སྨྲ་བའི་ནང་གི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་ཀྱང་བཞེད་པ་ཡིན་ཏེ། དཔེར་ན་སློབ་དཔོན་འཕགས་སེང་བཞིན་ནོ། །ལེགས་ལྡན་འབྱེད་ཟླ་བ་སོགས་ནི། འཁོར་ལོ་བར་པའི་དངོས་བསྟན་གྱི་དོན་དམ་པའི་བདེན་པ། གནས་སྐབས་སུ་མེད་དགག་གི་ཆ་དང་མཐར་ཀུན་རྫོབ་ལས་མ་གཏོགས་པའི་ཆོས་གཞན་མེད་པར་བཞེད་པ་དེ་བཞིན་དུ། སྙིང་པོའི་ངོས་འཛིན་གནས་སྐབས་སུ་མེད་དགག་གི་ཆ་དང༌། མཐར་སངས་རྒྱས་ཀྱི་སྙིང་པོ་ངོས་བཟུང་དུ་མེད་པར་འཆད་པ་ཡིན་ཏེ། རྩ་ཤེར། དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགྲོ་བ་འདི་ཡི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །ཅེས་པ་དང་མཐུན་ནོ། །དེའི་ཤེས་བྱེད་ཀྱང་ཐལ་རང་གི་གཞུང་དུ། བདེན་པ་གཉིས་ཀ་ཡང་ཐ་སྙད་དུ་ཡོད་མཉམ་དང་དོན་དམ་དུ་མེད་མཉམ་དུ་འདོད་པས་སོ། །འཕགས་སེང་གཉིས་ཀ་ཡང༌། ལྟ་བ་གཏན་ལ་འབེབས་ཚུལ་ཐལ་རང་ལྟར་བཞེད་ཀྱང༌། བཀའ་བར་པའི་ཤུགས་བསྟན་གྱི་ངེས་དོན་དང་སྒོམ་པས་ཉམས་ལེན་གྱི་ངེས་དོན་ཡེ་ཤེས་ལ་འཆད་པ་ཡིན་ཏེ། ཤེས་ཕྱིན་གྱི་མདོར་རྣམ་པ་གཞི་མེད་རྗོད་བྱར་བྱས་ཞེས་ཟེར་བ་ལ་སྐྱོན་བརྗོད་པ་དང༌། སྟོང་ཉིད་ཉི་ཤུ་བཤད་པའི་མདོར་བརྗོད་བྱའི་གཙོ་བོ་ཡེ་ཤེས་ཀྱི་ཚོགས་ལ་མ་བཤད་ཆེད་དུ་བྱ་བ་ཉམས་པའི་སྐྱོན་དང༌། བསྒོམ་བྱ་ཤེས་རྣམ་མདོའི་བརྗོད་བྱ་མ་ཡིན་ན་མངོན་པར་རྟོགས་པའི་རྒྱན་དང་འགལ་བའི་ཉེས་པ་སོགས་བརྗོད་པར་མཛད་པའི་ཕྱིར་རོ། །དེ་ཉིད་རྗེ་བཙུན་གྱི་དགོངས་པར་གནས་པ་ཡིན་ཏེ། རྒྱན་གྱིས་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་གཙོ་བོ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦྱར་ནས་བཤད་པའི་ཕྱིར། གཉིས་པ་དབྱེ་བ་ནི། བྱམས་པ་དང་ཐོགས་མེད་ཞབས་ཀྱིས་ཕྱེ་བའི་དབུ་མ་དེ་ནི། གཙོ་བོར་བཀའ་འཁོར་ལོ་ཐ་མའི་དབང་དུ་བྱས་པ་ཡིན་ལ། དེ་ལའང་རྣལ་འབྱོར་སྤྱོད་པའི་ཆོས་མངོན་པ་རྒྱ་མཚོ་ལྟ་བུའི་དབང་དུ་བྱས་པ་དང༌། ངེས་དོན་མཐར་ཐུག་རྒྱུད་བླ་མའི་དབང་དུ་བྱས་པ་གཉིས་སོ། །ཞེས་སྟོན་པ་ནི། དེ་ལའང་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་དོན། །ཐད་སོར་བཞག་ནས་དབུ་མར་བཀྲལ་བ་དང༌། །རྒྱུད་བླའི་མདོ་དང་བསྟན་འཆོས་ཇི་བཞིན་དུ། །དབུ་མར་བཀྲལ་བའི་ལུགས་མཆོག་རྣམ་གཉིས་མཐོང༌། །ཞེས་པའོ། །གསུམ་པ་དེར་འབྱེད་པའི་རྒྱུ་མཚན་ལ་གསུམ་སྟེ། དབྱེ་བ་དེར་འཇོག་བྱེད་ཀྱི་ཁྱད་པར་དངོས། གཉིས་པོ་མདོ་གང་ལས་འབྱུང་བའི་ཁུངས་དང་སྦྱར། གཉིས་པོ་འདི་ལས་ལྷག་པའི་དབུ་མ་ཆེན་པོ་ཐོགས་མེད་ཞབས་ཀྱིས་མི་བཞེད་པར་བསྟན་པའོ། །དང་པོ་ནི། ལུགས་གཉིས་པོ་ལྟ་བ་གཞན་སྟོང་གི་ངེས་དོན་མཐར་ཐུག་དེ་ཉིད་ལ་འཆད་པར་མཚུངས་ཀྱང༌། ཁྱད་པར་གྱི་གཙོ་བོ་ནི་མཐར་ཐུག་ཐེག་པ་གསུམ་དུ་འཇོག་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཁྱད་པར་ཅན་ནོ། །ཞེས་འཆད་པ་ནི། དེ་དག་མཐར་ཐུག་ཐེག་གསུམ་འཇོག་པ་དང༌། །ཐེག་གཅིག་འཆད་པའི་ཚུལ་གྱི་ཁྱད་པར་ཅན། །ཡིན་གྱི་ཆོས་རྣམས་ཇི་ལྟར་སྟོང་པའི་ཚུལ། །ཁྱད་པར་མེད་དེ་རང་རང་གཞུང་ན་གསལ། །ཞེས་པའོ། །དེ་ཡང༌། སྡོམ་རྣམ་གཉིས་དང་རྒྱུད་བླ་མའི་འགྲེལ་པར་ལྟ་བ་གཏན་ལ་འབེབས་པའི་ཚུལ་ཇི་ལྟར་ཡིན་པ་ལ་བརྟགས་པས་ཤེས་སོ། །གཉིས་པ་ནི། དང་པོ་དོན་ཟབ་དགོངས་པ་ངེས་འགྲེལ་དང༌། །གཉིས་པ་དཔལ་ཕྲེང་གིས་ཞུས་མདོའི་ལུགས། །ཞེས། འཕགས་པ་ཐོགས་མེད་ཀྱིས་གཏན་ལ་དབབ་པ་བསྡུ་བར་ནི་དགོངས་པ་ངེས་འགྲེལ་གྱི་མདོ་རྒྱས་པར་དྲངས་ནས། འཁོར་ལོ་ཕྱི་མ་གཉིས་ཀྱི་ངེས་དོན་མཐར་ཐུག་ངོས་བཟུང་སྟེ། དེ་ལྟར་ཉམས་སུ་མྱོང་བའི་ཤེས་རབ་དེ་དབུ་མའི་ལྟ་བ་མཐར་ཐུག་ཡིན་པ་དང༌། ཉན་རང་ལྷག་མེད་དུ་མྱ་ངན་ལས་འདས་ནས་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་བཤད་དོ། །དེ་ཉིད་མདོ་སྡེའི་རྒྱན་ནས་ཇི་ལྟར་འབྱུང་བ་བཞིན་ཡིན་ཏེ། ཐེག་ཆེན་བཀའ་སྒྲུབ་ཀྱི་ལེའུར་ཤེར་ཕྱིན་གྱི་མདོ་ངེས་པའི་དོན་ཅན་དུ་བསྒྲུབས་ནས་ངེས་དོན་དེ་ཉིད་དེ་ཁོ་ན་ཉིད་ཀྱི་ལེའུ་ངོས་འཛིན་ཞིང༌། དེ་ཉིད་རྟོགས་པའི་ལྟ་བ་དེ་ས་བཅུའི་རྩེ་མོར་ཕྱིན་པ་ཉིད་དུ་འཆད་པ་དང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །ཞེས་སོགས་ཀྱི་མཐར་ཐུག་ཐེག་པ་གསུམ་དུ་ཡང་བཤད་པའོ། །ཀུན་མཁྱེན་ཇོ་ནང་པའི་གསུང་གིས། གཞུང་དེས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་བཤད་མོད། དངོས་ལ་གནོད་བྱེད་གཞུང་དེས་བསྟན་པ་མེད་དོ། །ཞེས་གསུང་ཡང༌། དེའི་དེ་མ་ཐག་ཏུ། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཞེས་པ་ནས། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་དང༌། བསྡུ་བར། ལྷག་བཅས་ཀྱི་མྱང་འདས་ཚུན་ཆད་དུ་དབང་པོའི་ལུས་བསྒྲུབས་ནས་འཚང་རྒྱ་བར་བཤད་ཅིང༌། ལྷག་མེད་ནས་དེ་སྒྲུབ་དུ་མེད་པར་བཤད་པ་ཉིད་ཀྱི་དངོས་ལ་གནོད་བྱེད་བསྟན་པར་སེམས་སོ། །དེ་ཡང་ཇི་སྐད་དུ། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་ཅན་ཞི་བ་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ནུས་པ་མ་ཡིན་ནོ། །ཞེས་འབྱུང་བ་དེ་ཉིད་དོ། །ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོའི་དོན་རྒྱུད་བླའི་བསྟན་འཆོས་སུ་འབྱུང་བ་ནི། ཀུན་ལྡང་དྲག་དང་བག་ཆགས་དང༌། །ཞེས་མ་རིག་བག་ཆགས་ཀྱི་ས་ཞེས་བྱ་བ་དེ་དང༌། དེས་ཀུན་ནས་བསླང་བའི་ཟག་མེད་ཀྱི་ལས་བསགས་ནས། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་རྒྱུ་བྱེད་ལ། དེ་ཡང་དམན་པའི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པར་བཤད་དེ། ཇི་སྐད་དུ། དྲི་འདི་དག་གིས་བྱིས་རྣམས་དང༌། །དགྲ་བཅོམ་ཞེས་དང༌། འགྲེལ་པར། དགྲ་བཅོམ་པའི་རྒྱུ་ལ་ཡོད་པ་ཟག་པ་མེད་པའི་ལས་འཇུག་པའི་རྒྱུ་དྲི་མ་མེད་པའི་ཡིད་ཀྱི་ལུས་སྒྲུབ་པར་བྱེད་པ། ཞེས་གསུངས་ལ། དེ་འདྲ་དེ་ལྷག་བཅས་པ་ཁོ་ན་ལ་དགོངས་པར་འཆད་ན་ནི། དམན་པའི་ལྷག་མེད་ཏུ་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་རོ། །གསུམ་པ་ལ་གསུམ་སྟེ། སེམས་ཙམ་ཡིན་པས་དབུ་མ་ཆེན་པོར་མི་འཐད་པ་དགག མཐར་ཐུག་ཐེག་པ་གསུམ་བཞེད་པའི་རྒྱུ་མཚན་གྱིས་དེར་མི་འཐད་པ་དགག དགྲ་བཅོམ་ཐེག་པ་ཆེན་པོར་འཇུག་ན་མཐར་ཐུག་ཐེག་གསུམ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ལ། ཕྱོགས་སྔ་མ་ནི། བྱམས་པའི་གཞུང་གསུམ་གྱིས་བསྟན་དབུ་མ་ལ། །སེམས་ཙམ་རྣམ་རྫུན་ཞེས་བྱར་བོད་རྣམས་འཆད། །ཅེས་པ། དོན་སྣང་གི་ཤེས་པ་ལ་དོན་ད་སྣང་བའི་རྣམ་པ་བདེན་པ་དང་རྫུན་པར་གྲུབ་པའི་སྐབས་གཉིས་ནི་གཞུང་ཉིད་ན་གསལ་བར་བཞུགས་ཀྱང༌། གཉིས་ཀ་སེམས་ཙམ་པའི་ལུགས་སུ་འཆད་པ་ནི་ལུགས་དེའི་དབང་དུ་བྱས་པའི་གཞུང་གང་ན་ཡང་མི་བཞུགས་མོད། དེ་ལ་སེམས་ཙམ་པ་གཞིར་བྱས་ཀྱི་རྣམ་བདེན་རྫུན་ཞེས་པ་ནི་བོད་རྣམས་ཀྱིས་རང་དགར་བཏགས་པའོ། །གཉིས་པ་དེ་དགག་པ་ནི། འདི་ལས་ལྷག་པའི་དབུ་མ་ཆེན་པོ་ནི། །མེད་ཅེས་འཆད་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །ཐོགས་མེད་ཞབས་ཀྱིས་བསྡུ་བ་རྣམ་བཞི་དང༌། །སྡོམ་རྣམ་གཉིས་སུ་དོན་འདི་གསལ་པོར་བཤད། །ཅེས་པ། བྱམས་ཆོས་ཕྱི་མ་ནས་བསྟན་པའི་ལྟ་བ་འདི་གྲུབ་མཐའ་སྨྲ་བ་བཞིར་ཕྱེ་བའི་སེམས་ཙམ་གྱི་ལྟ་བ་ཡིན་པར་འདོད་ན། དེ་དེར་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་ནི་ཡོད་པ་མ་ཡིན་ཏེ། ལུགས་འདི་ལ་ཚད་མར་གྱུར་པའི་ལུང་དང་རིགས་པ་ནི་མི་འབྱུང༌། སྲོལ་གཞན་ནས་དྲངས་པའི་ལུང་དང་རིགས་པས་སྒྲུབ་པ་དང་སུན་འབྱིན་པར་བྱེད་ན་ནི། དབུ་མའི་ལྟ་བ་མ་ནོར་བར་ཁས་ལེན་པའི་དབུ་མ་པ་མི་རྙེད་པའི་ཕྱིར་དང༌། རྗེ་བཙུན་བྱམས་པ་དང་ཐོགས་མེད་ཀྱིས་དབུ་མར་བཤད་པས་དེར་མི་འགྲུབ་ན་ནི། བསྟན་པ་འདི་ལ་ཚད་མར་གྱུར་པའི་དཔང་པོ་གཞན་མི་རྙེད་པའི་ཕྱིར། ལེགས་ལྡན་འབྱེད་དང་ཀ་མ་ལ་ཤཱི་ལས་ནི། འཕགས་པ་ཡིན་པ་དང༌། བདེ་བར་གཤེགས་པས་ལུང་བསྟན་པའི་གཏན་ཚིགས་ཀྱིས་ཀླུ་སྒྲུབ་ཀྱི་གཞུང་ལུགས་དབུ་མར་བསྒྲུབས་ལ། དེ་ནི་འདི་ལའང་ཡོད་པའི་ཕྱིར་རོ། །ཡོངས་གྲུབ་དོན་དམ་པའི་བདེན་པར་བཤད་པས་དབུ་མར་མི་འགྱུར་ན་ནི། སྟོང་ཉིད་མེད་དགག་གི་ཆ་དོན་དམ་པའི་བདེན་པར་འདོད་པའི་བོད་སྔ་ཕྱི་མང་པོ་དག་དབུ་མ་པ་ཉིད་དུ་ཇི་ལྟར་འགྱུར། དེ་བས་ན་བྱམས་པ་དང་ཐོགས་མེད་ཀྱི་རང་ལུགས་ལ་ནི། བྱམས་པའི་ཆོས་ཕྱི་མ་ནས་བསྟན་པའི་དབུ་མ་འདི་ཉིད་ལས་ལོགས་སུ་གྱུར་པའི་དབུ་མའི་ལྟ་བ་སྟོན་བྱེད་ཀྱི་བཀའ་དང་བསྟན་འཆོས་གཞན་ཡོད་པར་མི་འཆད་པ་ནི། བྱམས་པའི་གཞུང་རྩ་བ་ཁོ་ནར་མ་ཟད། བསྡུ་བ་བཞི་དང༌། སྡོམ་རྣམ་གཉིས་ཀྱི་གཞུང་བཀླགས་པ་ཙམ་གྱིས་ཤེས་པར་འགྱུར་བ་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པ་ཉིད་དུ་གསལ་བར་བཤད་པ་དང༌། དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་ཆད་པར་སྨྲ་བ་ཉིད་དུ་འགྱུར་རོ། །ཞེས་ལུགས་འདི་ཉིད་ལས་གསལ་བར་འབྱུང་བའི་ཕྱིར་དང༌། ལུང་གཞན་ལ་བརྟེན་ནས་འདི་དབུ་མ་ཆེན་པོར་སྒྲུབ་པའི་མཐུ་མེད་པ་དེ་དག་གིས་ཀྱང༌། ལུགས་འདི་ཉིད་ཀྱི་རང་ལུགས་ལ་འདི་ཉིད་སེམས་ཙམ་གྱི་གྲུབ་པའི་མཐའ་འོ། །ཞེས་ཟེར་བ་ནི་ཤིན་ཏུ་མི་རིགས་པའོ། །གཉིས་པ་ནི། གལ་ཏེ་མཐར་ཐུག་ཐེག་པ་གསུམ་དུ་འཆད་ན་དབུ་མའི་གཞུང་དུ་མི་འགྱུར་རོ། །ཞེས་ཟེར་བ་མང་པོ་པ་དེ་དག་གི་ལན་ནི། གང་འདིར་མཐར་ཐུག་ཐེག་གསུམ་ཡོད་གྱུར་ཀྱང༌། །རིགས་དང་སྙིང་པོ་ཆད་པ་དེར་མི་བཞེད། །ཅེས་པ། ལྷག་མེད་དུ་མྱ་ངན་ལས་འདས་ནས་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་བཤད་པ་ཙམ་གྱིས་དབུ་མ་པ་མ་ཡིན་པར་འཆད་མི་ནུས་ཏེ། དབུ་མར་འཇོག་པ་ནི་ལྟ་བའི་ཆ་ནས་ཡིན་ལ། གྲུབ་མཐའ་སྨྲ་བ་འོག་མ་གསུམ་ལས་ལྷག་པའི་ལྟ་བ་ནི་འདི་ལའང་ཡོད་པའི་ཕྱིར་ཏེ། སེམས་ཙམ་པའི་འདོད་པ་ལས་ནི་གཞན་དབང་བདེན་པར་གྲུབ་པ་ཡིན་ལ། འདིར་ནི་གཞན་དབང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་པའི་ཕྱིར། དེ་ལྟ་ན་ཡང༌། སེམས་ཅན་ཐམས་ཅད་འཚང་རྒྱ་རུང་དུ་ནི་འདིར་ཡང་ཁས་ལེན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅན་དང༌། རང་བཞིན་དུ་གནས་པའི་རིགས་ཅན་དུ་ཁས་ལེན་པའི་ཕྱིར། དཔེར་ན་མདོ་སྡེའི་རྒྱན་དུ་མཐར་ཐུག་ཐེག་པ་གསུམ་དུ་བཤད་མོད་ཀྱང༌། འགྲོ་ཀུན་དེའི་སྙིང་པོ་ཅན། །ཞེས་བཤད་པ་བཞིན་ནོ། །འོ་ན། མདོ་སྡེའི་རྒྱན་དུ། རྒྱུ་དང་བྲལ། ཞེས་པས་རིགས་ཆད་བསྟན་པ་མ་ཡིན་ནམ། ཞེ་ན་དེ་ནི་འགྲེལ་པས་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ལ་སྦྱར་བ་ཡིན་ལ། དེ་ཙམ་གྱིས་དེར་འགྱུར་ན། རྒྱུད་བླ་མའི་འགྲེལ་པ་ལ་ཡང་ཧ་ཅང་ཐལ་བར་འགྱུར་ཏེ། དེར་ལོག་སྲེད་ཅན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནི། འདོད་ཆེན་མུ་སྟེགས་ཉན་ཐོས་དང༌། །ཞེས་པའི་འགྲེལ་པ་ཉིད་དུ་གསལ་བར་བཤད་པའི་ཕྱིར་དང༌། མདོ་སྡེའི་རྒྱན་དུ་རང་བཞིན་གནས་རིགས་ཀྱི་ངོ་བོ་ཆོས་དབྱིངས་སུ་བཤད་པར་འདོད་པ་དང་རིགས་ཆད་ཀྱི་སེམས་ཅན་འདོད་པ་འགལ་བ་ཡིན་ནོ། །དེ་ལྟ་ན་ཡང༌། སེམས་ཙམ་པས་རིགས་ཆད་ཁས་ལེན་པ་ནི་འདིར་གནོད་བྱེད་མ་ཡིན་ནོ། །དེས་ན་ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པ་དང༌། སེམས་ཅན་ཐམས་ཅད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པ་དང༌། ཐམས་ཅད་སངས་རྒྱ་བར་རུང་བ་ཞེས་བྱ་བ། དབུ་མ་པ་དག་གི་ཁྱད་ཆོས་སུ་མཁས་པའི་དབང་པོ་པད་མའི་ངང་ཚུལ་སོགས་ཀྱིས་བཤད་པ་དེ་ནི་འདི་ལ་ཡང་ཡོད་དོ། །གསུམ་པ་ནི། དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་འདོད་ན། མཐར་ཐུག་ཐེག་པ་གསུམ་དུ་མི་རུང་ཞེ་ན། ཉན་ཐོས་ཀྱི་དགྲ་བཅོམ་པ་ལ་གཉིས་ཏེ། དམན་པར་ངེས་པ་དང༌། མ་ངེས་པའོ། །དང་པོ་ནི། ལྷག་མེད་དུ་ངེས་པར་འཇུག་ཅིང༌། དེ་ནས་ཐེག་པ་ཆེན་པོར་མི་འཇུག་ལ། གཉིས་པ་དེ་ནི། ཉོན་མོངས་ཆད་པས་སྲིད་པར་སྐྱེ་བ་ལེན་པ་མ་ཡིན་ཀྱང༌། ལུས་དེ་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས། ཚེ་གཅིག་པུ་དེ་ཉིད་ཀྱིས་འཚང་རྒྱ་བར་གཏན་ལ་དབབ་པ་བསྡུ་བ་ནས་འཆད་དོ། །ཞེས་སྟོན་པ་ནི། ལྷག་བཅས་དགྲ་བཅོམ་ཉོན་མོངས་ཟད་གྱུར་ཀྱང༌། །དབང་པོའི་ལུས་ཀྱི་རྫོགས་སངས་རྒྱ་བ་སྲིད། །ལྷག་མེད་དབྱིངས་སུ་ཡོན་ཏན་ཀུན་ཟད་ནས། །དབྱིངས་རིག་ཙམ་གྱི་འགོག་པར་རྟག་ཏུ་གནས། །ཞེས་པ། ལྷག་མེད་ནས་ཐེག་པ་ཆེན་པོར་མི་འཇུག་པའི་ཤེས་བྱེད་ནི། མངོན་པ་ཀུན་ལས་བཏུས་སུ་གསུངས་པ་ལྟར། དེར་བྱང་ཕྱོགས་སོགས་ཡོན་ཏན་ཐམས་ཅད་ཟད་ཅིང་ལམ་ཐམས་ཅད་རྒྱུན་ཆད་པ་ལ་དགོངས་པའོ། །བསྡུ་བར་མ་ངེས་པའི་དགྲ་བཅོམ་དབང་པོའི་ལུས་མངོན་དུ་བྱེད་པར་བཤད་པ་དང༌། མདོ་སྡེའི་རྒྱན་དུ་མ་ངེས་པའི་ཕྱིར་མི་འོང་སྤྲུལ་པའི་ལས་མངོན་དུ་བྱེད་པ་དང༌། སྤྲུལ་པ་དེས་འཚང་རྒྱ་ཞིང༌། བར་སྐབས་སུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་སྲིད་པ་དང༌། སྐྱེ་བ་དེ་ལ་བསམ་གྱིས་མི་ཁྱབ་པར་སྒྱུར་བའི་སྐྱེ་བ་ཞེས་པའི་མིང་འདོགས་པར་བཤད་པ་དེ་དག་གི་ཁྱད་པར་གང་ཡིན་བརྟག་དགོས་ཤིང༌། བརྟགས་པ་ན་སྔ་མ་དགོངས་འགྲེལ་དང༌། ཕྱི་མ་དཔལ་འཕྲེང་གི་མདོའི་ལུགས་སོ། །ཞེས་བཤད་ན་འཐད་པར་མངོན་ནོ། །གསུམ་པ་རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་གྲུབ་མཐའ་དབུ་མར་སྒྲུབ་པ་ལ། གསུམ་སྟེ། རྒྱུད་བླའི་ལྟ་བ་དང་ཁྱད་པར་མེད་པའི་རྟགས་ཀྱིས་སྒྲུབ། རྡོ་རྗེ་ཐེག་པའི་ངེས་དོན་དང་ཁྱད་པར་མེད་པའི་རྟགས་ཀྱིས་སྒྲུབ་པ་འདི་སེམས་ཙམ་དུ་གནས་ན་རྡོ་རྗེའི་ཐེག་པ་ལ་ཧ་ཅང་ཐལ་བའོ། །དང་པོ་ལ་གསུམ་སྟེ། རྒྱུད་བླའི་དབུ་མ་རྣལ་འབྱོར་སྤྱོད་པའི་དབུ་མ་ཙམ་ལས་ལྷག་པར་བསྟན། དེ་ལྟ་ན་ཡང་ལྟ་བ་ལ་ཁྱད་པར་མེད་པར་བསྟན། འཁོར་ལོ་གསུམ་གྱི་ངེས་དོན་ཇི་སྙེད་པ་རྒྱུད་བླའི་བསྟན་འཆོས་ཀྱིས་བསྡུས་པར་བསྟན་པའོ། །དང་པོ་ནི། རྒྱུད་བླའི་བསྟན་བཅོས་ཀྱིས་བསྟན་དབུ་མ་ནི། ཐོགས་མེད་ཞབས་ཀྱིས་བཤད་བྱའི་མདོ་བཞིན་བཀྲལ། །རྣམ་རིག་ལས་ལྷག་དབུ་མ་ཆེན་པོ་སྟེ། །ཐལ་རང་དབུ་མའི་གཞུང་དང་འདི་མི་འདྲ། །ཞེས་པ། མི་འདྲ་བའི་ཤེས་བྱེད་ནི། འདིས་འཁོར་ལོ་བར་པའི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་བའི་ཚུལ། སྤྲིན་དང་རྨི་ལམ་སྒྱུ་མ་བཞིན། །ཞེས་སོགས་སུ་གསལ་བར་གསུངས་པ་དང༌། རྣམ་རིག་ལས་ལྷག་པའི་ཤེས་བྱེད་ནི་གཞུང་འོག་མས་སྟོན་ལ། རྣམ་རིག་ཅེས་པ་གང་བྱུང་གི་ཐད་དུ་སེམས་ཙམ་པར་འཆད་པ་ནི། བོད་ཕྱི་མ་དག་གི་ཅལ་སྒྲོགས་དབྱངས་སུ་བླངས་པར་སོང་བས། དེ་ལྟར་མི་འཆད་ཀྱི་ཀུན་རྫོབ་བདེན་པའི་སྣང་ཚུལ་སེམས་སུ་ཁས་ལེན་པ་དང༌། དོན་དམ་བདེན་པ་རིག་པར་འཆད་པའི་གྲུབ་མཐའ་གཉིས་ཀ་ལ་རྣམ་རིག་པ་ཞེས་བྱ་ལ། དེ་གཉིས་ཀ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་ལ་བཞུགས་པའོ། །ཐོགས་མེད་ཞབས་ཀྱི་རྒྱུད་བླའི་བསྟན་འཆོས་འདི་ནི་གཞན་སྟོང་གི་ཚུལ་དུ་བཀྲལ་ཡང༌། རྣལ་འབྱོར་སྤྱོད་པའི་མངོན་པ་བཞིན་དུ་བཀྲལ་བ་ནི་མ་ཡིན་ཏེ། ཤེས་བྱའི་གནས་དང༌། མཚན་ཉིད་གསུམ་དང༌། དེ་ལ་འཇུག་པའི་ཚུལ་སོགས་མངོན་པའི་མདོ་དང་མཐུན་པ་ཉིད་དུ་མ་བཤད་པར། སྙིང་པོའི་མདོ་སོགས་ན་ཇི་ལྟར་བཞུགས་པའི་ངེས་དོན་དེ་ཉིད་བསྟན་བཅོས་ཀྱི་བཞུགས་ཚུལ་དང་སྦྱར་ནས་བཤད་པའི་ཕྱིར། མི་མཐུན་པའི་ཚུལ་ནི། རྣལ་འབྱོར་སྤྱོད་པའི་གཞུང་དུ། གཞི་ཀུན་གཞིའི་ས་བོན་དང་རྣམ་སྨིན་ལ་བཤད་ཅིང༌། འདིར་ནི། གཞིའམ་ཤེས་བྱའི་གནས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་བཤད། དེར་ནི་སྟོང་གཞིའི་ཆོས་ཅན་གཞན་དབང་ལ་བཤད་ཅིང༌། འདིར་ནི་ཡང་དག་པའི་མཐའ་ལ་བཤད། དེར་ནི་ཐོག་མར་སེམས་ཙམ་དུ་ཞུགས་ནས་གཉིས་མེད་ཀྱི་ཡེ་ཤེས་ལ་འཇུག་པར་བཤད། འདིར་ནི་ཁམས་ཀྱི་སྤྱོད་ཚུལ་རིམ་པ་གསུམ་གྱི་སྒོ་ནས་སྙིང་པོའི་དོན་མཐོང་དགོས་པར་བཤད་ལ། དེ་ལྟར་བཤད་པ་ན། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བས་སྒྲོ་འདོགས་གཅོད་ཚུལ་དེ་ཡང༌། འདིའི་ལུགས་ཀྱི་ཁམས་ཀྱི་དྲི་མ་སྦྱོང་ཚུལ་བར་པ་དེའི་ནང་ན་ཡོད་པ་ཡིན་ཏེ། རབ་ཏུ་སྨིན་དང་ཞེས་པ་དེའི་ནང་དུ་འདུས་པའི་ཕྱིར་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ཆ་ནས་ཁྱད་པར་དུ་འཕགས་པ་ཡིན་གྱི། ཉམས་ལེན་གྱི་ལྟ་བའི་ཆ་ནས་མ་ཡིན། འདིར་བཤད་པའི་དྲི་མ་སྦྱོང་ཚུལ་གསུམ་པ་ནི་སྒོམ་པས་ཉམས་མྱོང་གི་ཆ་ནས་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞུགས་པར་གྱུར་ཅིང༌། དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་པ་ནི་བླ་ན་མེད་པའི་ཡོན་གནས། ཞེས་བརྗོད་དོ། །ཞེས་སྦྱོང་ཚུལ་དང་པོ་གཉིས་ཐོས་བསམ་དང༌། གསུམ་པ་སྒོམ་བྱུང་ལ་སྦྱར་བའི་ཕྱིར། འོ་ན་རྒྱུད་བླའི་དབུ་མ་རྣལ་འབྱོར་སྤྱོད་པའི་དབུ་མ་ལས་ལྷག་པའི་ཚུལ་ཇི་ལྟ་བུ་ཞེ་ན། གང་འདིར་མཐར་ཐུག་ཐེག་གཅིག་འཆད་པའི་ཚུལ། །མངོན་པའི་གཞུང་དུ་མ་གྲགས་མ་རིག་པའི། །བག་ཆགས་ས་དང་ཟག་མེད་ལས་ཀྱིས་ནི། །ལུས་ལེན་བྱེད་པ་དཔལ་ཕྲེང་མདོ་ཡི་ལུགས། །དེ་ཕྱིར་དམན་པའི་ལྷག་མེད་དབྱིངས་ཀྱི་ནི། །མྱ་ངན་འདས་དང་དགྲ་བཅོམ་ཐར་པ་ཡི། །གོ་འཕང་ཇི་བཞིན་མིན་དང་ཡིན་ཞེས་པ། །མདོ་དང་མངོན་པའི་གཞུང་ལུགས་ཡིན་པར་ངེས། །ཞེས་པ། བྱམས་པའི་གཞུང་ལུགས་གཞིར་བྱས་པའི་དབུ་མ་གཉིས་མི་འདྲ་བའི་ཚུལ་ནི། སྤང་བྱ་མ་རིག་པའི་ཁྱད་པར། བྱེད་ལས་ཡིད་ལུས་ལེན་དུས་ཀྱི་ཁྱད་པར། དེ་སྤོང་བྱེད་གཉེན་པོའི་ཁྱད་པར། དེའི་རྒྱུ་མཚན་གྱིས་ལྷག་མེད་ནས་ཐེག་པ་ཆེན་པོར་འཇུག་པའི་ཁྱད་པར། དེས་ན་གནས་སྐབས་ཀྱི་ཐར་པ་དང་མྱང་འདས་ཀྱིས་དེ་དང་དེའི་གོ་མི་ཆོད་པའི་ཁྱད་པར་རྣམས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། རྒྱུད་བླར་ལྟ་བ་གཞན་སྟོང་གི་རིགས་པས་བསྟན་པའི་ཚུལ། ལྟ་བ་དེས་ཤེས་སྒྲིབ་ཀྱི་ས་བོན་མཐའ་དག་སྤོང་བའི་ཤེས་བྱེད་རྒྱས་པར་བཤད། དེས་ན་ཐོགས་མེད་ཞབས་ཀྱི་ལྟ་བ་དབུ་མར་གྲུབ་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་བཞག སྒྲུབ་བྱེད་བཤད། རྩོད་པ་སྤང་བའོ། །དང་པོ་ནི། གང་འདིར་ཆོས་ཀུན་སྤྲོས་བྲལ་ཡིན་ནོ་ཞེས། །གསལ་བར་གསུངས་ཀྱང་ཆོས་རྣམས་རང་རང་གི །ངོ་བོས་སྟོང་པའི་ཚུལ་དེ་མ་བཤད་པར། །གཞན་སྟོང་རྣམ་གཞག་གསལ་པོར་སྒྲགས་པ་ཡིན། །ཞེས་པ། བོད་ཀྱི་སློབ་དཔོན་སྔ་ཕྱི་མང་པོའི་བསམ་པ་ལ། ཇི་སྐད་དུ། ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། །ཞེས་སོགས་ཀྱི་ཆོས་དབྱིངས་སྤྲོས་བྲལ་དུ་བཤད་པ་ཉིད་ཀྱི་ཕྱིར་ན། དེ་རང་གི་ངོ་བོས་མ་གྲུབ་པ་ཉིད་དུ་བསྟན་པར་ངེས་པས། ཆོས་འདིའི་ལྟ་བ་ངོ་བོ་ཉིད་མེད་པར་སྨྲ་བ་དང་མཐུན་པར་བཤད་དོ། །ཞེས་འཆད་པ་དེ་དག་ནི་མ་དགོངས་པ་ཡིན་ཏེ། བསྟན་འཆོས་འདི་ན་དེ་རང་གི་ངོ་བོས་སྟོང་པར་སྒྲུབ་བྱེད་ཀྱི་རིགས་པ་མ་བཤད་པའི་ཕྱིར་དང༌། ཆོས་ཉིད་ཀྱི་ངོ་བོ་ཤེས་པར་བཤད་ནས། དེ་འཕགས་མཆོག་རྣམས་ཀྱི་རང་རིག་གི་མྱོང་བྱར་བཤད་ལ། དེ་ལྟར་འཆད་པ་དེ་ནི་ལེགས་ལྡན་དང་ཟླ་བ་སོགས་རང་སྟོང་འཆད་པའི་རྩ་བར་གྱུར་པ་རྣམས་ལ་མེད་པའི་ཕྱིར་དང༌། ཞི་འཚོ་བརྒྱུད་པ་དང་བཅས་པ་ནི། ཤིང་རྟའི་སྲོལ་གཉིས་ཀ་ནས་འཆད་པར་སྣང་བས། དེ་དང་མཐུན་པའི་ལུང་རིགས་ཀྱིས་ནི་རང་སྟོང་གི་འཆད་ལུགས་གཙང་མར་མི་འགྲུབ་པའི་ཕྱིར། ཆོས་ཉིད་ཡོད་པར་ཁས་མི་ལེན་པ་དང༌། རང་སྟོང་མ་ཡིན་པར་འཆད་པ་ནང་འགལ་ལོ། །ཞེ་ན། མ་ཡིན་ཏེ། སྒྲ་རྟོག་གི་ངོ་བོར་ཡོད་པ་མ་ཡིན་པ་དང༌། ཡེ་ཤེས་ཀྱི་མྱོང་བྱ་ཡིན་པ་གཉིས་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་དང༌། སྤྱིར་ཡང་སྤྲོས་པའི་མཐའ་བྲལ་ཞེས་པ། སྒྲ་རྟོག་གི་ཡུལ་དུ་མི་རུང་བ་ལ་ཟེར་བ་ཉིད་གཞིར་བཞག་ནས། འདིར་ཡང༌། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར། ཞེས་གསུངས་ལ། རང་སྟོང་གི་གཞུང་རྩོད་བྲལ་ན་ཆོས་དབྱིངས་འཕགས་པས་མཁྱེན་ཚུལ་མཚན་ཉིད་པ་ཞིག་ཡོད་པར་མ་བཤད་དོ། །འོ་ན་རྟོག་ངོས་ཆོས་དབྱིངས་རང་སྟོང་དུ་ཁས་བླངས་པས་མི་ཆོག་པ་ཅི་ཞེ་ན། དེ་ནི་ཤིན་ཏུ་ཆོག་པ་ཡིན་ཏེ། རྟོག་ངོའི་ཆོས་དབྱིངས་དེ་ཀུན་བཏགས་ཡིན་པས་དེ་ཁོ་རང་གི་སྟོང་པ་དང༌། དེ་ཆོས་དབྱིངས་དངོས་ཀྱི་སྟོང་པ་ནི་གཞན་སྟོང་གི་འཆད་ཚུལ་དངོས་ཡིན་པའི་ཕྱིར། གཉིས་པ་ནི། རྒྱུད་བླར་ཆོས་དབྱིངས་རང་སྟོང་དུ་མ་བཤད་པ་ཅི་ཞེ་ན། དེ་བཞིན་གཤེགས་སྙིང་རང་སྟོང་མིན་ཚུལ་དང༌། །ཞེས་པ་ནི། ཇི་སྐད་དུ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དེའོ། །བློ་བུར་སྐྱོན་དང་འདུས་བྱས་ཆོས་རྣམས་ཀྱིས། །ཇི་ལྟར་སྟོང་ཚུལ་གསལ་པོར་གསུངས་པ་དང༌། །ཞེས་པ་ནི། ཇི་སྐད་དུ། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཅེས་པ་དེའོ། །གཉིས་སྟོང་ལྷག་མ་ཡོད་ཅེས་བཤད་ལས་ཤེས། །ཞེས་པ། འགྲེལ་པར་ཐོགས་མེད་ཞབས་ཀྱིས། ཇི་སྐད་དུ། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པའོ། །ཞེས་བཤད་པ་དེ་ཉིད་དོ། །བོད་ཕྱི་མ་གང་དག རང་སྟོང་དང་གཞན་སྟོང་གི་ཐ་སྙད་དང་རྣམ་གཞག་ཁས་མི་ལེན་ཞིང༌། ཤེས་བྱ་ཐམས་ཅད་སྤྱིར་ཚད་མས་གྲུབ་ཅིང༌། དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་དེ། ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་གཏན་ལ་འབེབས་ལུགས་དང༌། ཆོས་ཅན་ཀུན་བཏགས་ཚད་མས་གྲུབ་པ་དེའི་སྟེང་དུ། དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་དེ། རྣལ་འབྱོར་སྤྱོད་པ་པའི་ལྟ་བ་གཏན་ལ་འབེབས་ལུགས་སུ་ཁས་ལེན་པ་དེ་འདྲ་དེ་ནི། སྲོལ་གཉིས་ཀའི་གཞུང་ལུགས་ལ་ལྟ་བའི་ཤེས་རབ་ཀྱི་མིག་ལྡོངས་པར་བྱས་པ་ཡིན་པས། ཡིད་གཏན་དུ་མི་རུང་བ་ཁོ་ནར་མ་ཟད། སྔོན་གངས་ཅན་དུ་བྱོན་པའི་ཆེན་པོ་ཀུན་དང་མི་མཐུན་ནོ། །གསུམ་པ་ནི། བོད་ཕྱི་མ་དག ལུགས་འདིར་ཆོས་དབྱིངས་བདེན་པར་གྲུབ་ན་དེ་ལ་བདེན་པར་ཞེན་པའི་བློ་སྤང་བྱ་མ་ཡིན་པར་ཐལ། ཞེས་ཟེར་མོད། དོགས་པ་དེ་ནི་རྗེ་བཙུན་ཉིད་ཀྱིས་བསལ་ཟིན་ནོ། །ཞེས་སྟོན་པ་ནི། རང་བཞིན་འོད་གསལ་ངོ་བོས་མི་སྟོང་ན། །དེར་འཛིན་སྤང་བྱ་མིན་པར་ཐལ་བའི་ལན། །ཆུ་དང་རིན་ཆེན་ནམ་མཁའི་དཔེ་གསུམ་གྱིས། །གནས་ལུགས་ཉིད་ལ་ཞེན་པའང་སྤང་བྱར་བཤད། །ཅེས་པ། ཡུལ་གྱི་གནས་ཚུལ་ལ་ཞུགས་ན་སྤང་བྱ་མ་ཡིན་དགོངས་ཀྱང༌། ཆོས་དབྱིངས་ལ་བདེན་པར་ཞེན་པའི་བློ་ནི་ཆོས་དབྱིངས་དེའི་གནས་ཚུལ་ལ་ཞུགས་པ་མ་ཡིན་ཏེ། ཇི་སྲིད་ཞེན་པ་དེ་དང་བཅས་པ་དེ་སྲིད་དུ་ཆོས་དབྱིངས་དེ་གསལ་བར་མི་མཐོང་ལ། དེ་དང་བྲལ་བ་ན་དེའི་རང་བཞིན་གསལ་བར་མཐོང་བའི་ཕྱིར། དཔེར་ན། སྤྲིན་དང་རྙོག་པ་དང་གཡའ་ལ་སོགས་པ། ནམ་མཁའ་དང་ཆུ་དང་གསེར་གྱི་རང་བཞིན་དུ་མ་ཞུགས་པའི་རྒྱུ་མཚན་གྱིས་དེ་དག་དང་བཅས་པ་དེ་སྲིད་དུ། དེ་དང་དེའི་རང་བཞིན་གསལ་བར་མི་མཐོང་བ་བཞིན་ནོ། །དེ་བཞིན་དུ། ལུགས་འདི་ལ་འཕགས་སེང་གིས་དག་པ་ཕྱོགས་གཅིག་པ་ཉིད་དུ་ཐལ་བའི་ཉེས་པ་ཡང་བརྗོད་པར་མཛད་མོད་ཀྱི། ཇི་ལྟ་བ་བཞིན་དུ་འཇུག་པ་མ་ཡིན་ཏེ། རིགས་པ་དེའི་རྩ་བ་ནི། ཆོས་གང་ཞིག་བདེན་མེད་དུ་རིགས་པས་གཏན་ལ་མ་ཕབ་ན། དེ་ལ་བདེན་འཛིན་གྱི་བློ་ལྡོག་མི་ནུས་ཞེས་པ་དེ་ཉིད་ཡིན་ཞིང༌། དེ་ཉིད་ཇི་སྐད་དུ། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་པ་སྟེ། །ཞེས་པའི་སྒྲས་ཟིན་ལྟ་བུར་སྣང་མོད། ཡུལ་མེད་པར་གཏན་ལ་མ་ཕབ་ཀྱང༌། ཡུལ་ཅན་གྱི་འཛིན་པ་ལོག་ནུས་པ་ནི་རྣལ་འབྱོར་སྤྱོད་པ་པའི་ལུགས་ཁོ་ནར་མ་ཟད། རྡོ་རྗེ་ཐེག་པ་པ་དག་གི་ལུགས་ལ་ཤིན་ཏུ་གསལ་བ་ཡིན་ནོ། །གཉིས་པ་ལྟ་བ་དེས་ཤེས་སྒྲིབ་ཀྱི་ས་བོན་སྤོང་ནུས་པའི་ཤེས་བྱེད་ལ་གསུམ་སྟེ། གཉིས་མེད་ཀྱི་ཡེ་ཤེས་གཉིས་སྣང་འཁྲུལ་པའི་བག་ཆགས་སྤོང་བྱེད་ཡིན་པའི་རྒྱུ་མཚན་གྱིས་ཤེས་སྒྲིབ་ཀུན་གྱི་གཉེན་པོར་བསྟན། བདེན་གྲུབ་ཁས་བླངས་ཀྱང་བདེན་འཛིན་སྤང་བྱར་མི་འགལ་བའི་ཤེས་བྱེད་དགོད། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply