མཉམ་གཞག་དུ་སྤྲོས་པ་གཅོད་པའི་ཚེ་བདེན་གྲུབ་སོགས་ཀྱི་ཁས་ལེན་ཅི་ཡང་ཡོད་པ་མ་ཡིན་པར་བསྟན་པའོ། །དང་པོ་ནི། གཞུང་འདིར་རང་སྟོང་གསལ་བར་མ་བཤད་ཀྱང༌། ཞེས་པ། རྒྱུད་བླ་འདིར་ཆོས་དབྱིངས་དང་སྙིང་པོ་བདེན་མེད་དུ་སྒྲུབ་བྱེད་མ་བཤད་པའོ། །མཚན་འཛིན་ཇི་སྙེད་སྤང་བྱར་བཤད་པའི་ཕྱིར། །ཞེས་པ། སེར་སྣ་ལ་སོགས་རྣམ་རྟོག་གང༌། །ཞེས་སོགས་དང༌། འཁོར་གསུམ་རྣམ་པར་རྟོག་པ་གང༌། །ཞེས་བཤད་པ་དེའོ། །གང་འདིར་བཤད་པའི་ལམ་གྱིས་མི་སྤོང་བའི། །ཤེས་བྱའི་སྒྲིབ་པ་གུད་དུ་ལུས་པ་མེད། །ཅེས་པ། རྒྱུད་བླ་མ་ནས་བཤད་པའི་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་ཤེས་སྒྲིབ་མ་ལུས་པའི་ས་བོན་སྤོང་ནུས་པར་གྲུབ་པ་ན། ཚད་མ་རྣམ་འགྲེལ་ལྟ་བུ་ནས་བཤད་པའི་ཤེས་རབ་ཀྱིས་ཀྱང་དེར་གྲུབ་པ་ཡིན་ཏེ། གཞུང་དེར་ཡང་མཚན་འཛིན་ཇི་སྙེད་པ་སྤང་བྱ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གཞིའི་དུས་ནས་ཀྱང་ཡོད་པ་དེ་གནས་ལུགས་དང༌། དེ་རྟོགས་པའི་ཡེ་ཤེས་ལ་ལམ་གྱི་བདེན་པར་ནི། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །ཞེས་སོགས་སུ་གསལ་བར་བཤད་ལ། དེ་བས་ལྷག་པའི་ལྟ་བ་རྟོགས་ཚུལ་དང་སྒྲིབ་པ་སྤོང་ཚུལ་ནི་རྒྱུད་བླ་མའི་བསྟན་འཆོས་སུའང་གསུངས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། བོད་ཕྱི་མ་དག བདེན་གྲུབ་ཁས་ལེན་པའི་གྲུབ་མཐའ་གང་དུ་ཡོད་པ་དེར། བདེན་འཛིན་སྤང་བྱར་ཁས་མི་ལེན་པ་ཡིན་ནོ། །ཞེས་དང༌། རྣལ་འབྱོར་སྤྱོད་པའི་ལུགས་ལ་མཚན་འཛིན་གྱི་རྟོག་པ་བདེན་པར་གྲུབ་བོ། །ཞེས་ཟེར་བ་དེ་མི་འཐད་པར་སྟོན་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་ཡིན་གྱུར་ན། །དེ་ལ་ཞེན་བློ་དྲི་མ་མིན་པ་ཅི། །ཞེས་པས་སྒྲུབ་བྱེད་ཀྱི་གཏན་ཚིགས་དང༌། ནམ་མཁའི་རང་བཞིན་རྣམ་པར་དག་གྱུར་ན། །བློ་བུར་སྤྲིན་སོགས་འབྲལ་རུང་ཡིན་པར་ངེས། །ཞེས་པ་ཤེས་བྱེད་ཀྱི་དཔེ་སྟེ། གསེར་རང་བཞིན་གྱིས་རྣམ་པར་དག་ན། དེའི་གཡའ་སྤང་བྱ་ཡིན་དགོས་པ་བཞིན་ནོ། །དེ་ལྟར་རྣལ་མའི་ལན་བཤད་ནས། མགོ་མཚུངས་ཀྱི་ལན་ནི། སེམས་ཀྱི་རང་བཞིན་བདེན་པར་གྲུབ་གྱུར་ན། །དེར་ཞེན་སྤང་མི་རུང་ཞེས་མང་པོ་སྨྲ། །ཁྱོད་ཀྱང་སྤྲོས་བྲལ་དོན་དམ་བདེན་པར་འཆད། །དེ་ལ་ཞེན་པ་སྤང་དུ་རུང་བ་ཅི། །ཞེས་པ། རྩོད་པ་འདི་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་ཀྱི་དོན་དུ་རློམ་པ་ཡིན་མོད། དེས་ནི་ཁྱོད་ལ་མི་ཕན་ཏེ། དེར་གཞི་གཅིག་བདེན་གྲུབ་དང༌། གཉེན་པོས་སྤང་རུང་དུ་ཁས་ལེན་པ་ནང་འགལ་ཞེས་པའི་དོན་ཡིན་པས་སོ། །མཚུངས་པ་འདི་ཡང་ཇི་བཞིན་དུ་འཇུག་པ་ཡིན་ཏེ། བདེན་པ་དང་བདེན་གྲུབ་ལ་ཁྱད་པར་འབྱེད་པའི་ལུང་གྲུབ་མཐའ་གོང་འོག་ཀུན་ལ་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཁོ་ཁོ་རང་ཡིན་པ་དང༌། སྤྱིར་གྲུབ་པ་ཉིད་དུ་ཁས་བླངས་ནས་ཁོ་ཁོ་རང་དུ་གྲུབ་པར་ཁས་མི་ལེན་པ་ནི་རང་ཚིག་སྔ་ཕྱི་འགལ་བའི་ཕྱིར་དང༌། ཐལ་རང་གི་གཞུང་གཙང་མ་དག་ཏུ་ནི་མཐར་ཡོད་པ་ཞེས་བྱ་བའི་ཆོས་ཀྱང་ཁས་མི་ལེན་ན། བདེན་པ་ཁས་ལེན་པ་ལྟ་ཅི་སྨོས་པའི་ཕྱིར་དང༌། ཆོས་གཅིག་བདེན་པ་དང་བདེན་མེད་གཉིས་ཀར་དུ་ཁས་ལེན་པ་ཁྱེད་ཀྱིས་ནི། རྟག་ཆད་ཀྱི་ལྟ་བ་གཉིས་ཀ་ཁས་བླངས་པ་ཡིན་ཏེ། འཕགས་པས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། དངོས་དང༌། ཤེས་བྱེད་དོ། །དང་པོ་ནི། འོན་ཀྱང་ཐ་སྙད་རྣམ་པར་འཇོག་པའི་ཚེ། རང་བཞིན་འོད་གསལ་བདེན་པར་ཁས་བླངས་ཀྱང༌། མཉམ་བཞག་སྤྲོས་བྲལ་ནམ་མཁའི་ངང་ཉིད་ནས། །ཇི་སྙེད་སྤྲོས་པའི་ཚོགས་འགའ་ལུས་པ་མེད། །ཅེས་བྱ་བ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་དག་གིས་བསམས་པ། རྣལ་འབྱོར་སྤྱོད་པ་པ་དག་གིས་ཆོས་དབྱིངས་ལ་མཚན་མར་བཟུང་བའི་ཕྱིར་མཚན་འཛིན་གྱི་གཉེན་པོ་བསྟན་པར་མ་ནུས་སོ་སྙམ་པ་ལ། རྗེས་ཀྱི་རྟོག་པ་དང་བརྗོད་པས་མཚན་མར་འཛིན་ཀྱང༌། དེ་ལམ་དུ་བྱེད་པ་མ་ཡིན་ལ། མཉམ་པར་བཞག་པའི་ཡེ་ཤེས་ཀྱིས་ནི་སྤྲོས་པའི་མཚན་མ་མཐའ་དག་བཀག་ནས་བསྒོམ་པའི་ཕྱིར། མཚན་འཛིན་གྱི་ས་བོན་སེལ་ནུས་ཞེས་པའོ། །ཡུལ་ཆོས་དབྱིངས་རང་སྟོང་དུ་གཏན་ལ་མ་ཕབ་ན། དེ་ལ་མཚན་མར་འཛིན་པའི་བློ་ལྡོག་མི་ནུས་ཞེས་པ་ནི་ཟླ་བའི་ཞབས་སོགས་ཀྱི་བཞེད་པ་ཡིན་མོད། ཐོགས་མེད་ཞབས་ཀྱིས་བྱམས་པའི་གཞུང་འགྲེལ་བ་ན་ནི། འཛིན་པ་ཀུན་བཏགས་རང་སྟོང་དུ་གཏན་ལ་ཕབ་ནས་གོམས་པར་བྱས་པ་ཉིད་ཀྱིས་མཉམ་བཞག་ཏུ་འཛིན་པ་རང་གི་ངང་གིས་ཞི་བར་ནུས་ལ། དེའི་ཚེ་མཚན་འཛིན་རང་སར་དག་པ་ཉིད་ཀྱིས་ཆོག་པ་ཡིན་གྱི། མཚན་མེད་ཀྱིས་ཡེ་ཤེས་ཉམས་པར་བྱེད་དགོས་པ་ནི་མ་ཡིན་ཏེ། སེམས་འགྲེལ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །ཇི་སྙེད་གསུངས་པ་དེ་ཐམས་ཅད། །ཉོན་མོངས་ཟློག་པའི་ཆེད་ཡིན་གྱི། །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་སོ། །ཆོས་དབྱིངས་ནི་རང་སྟོང་དུ་གཏན་ལ་འབེབས་ནུས་པ་ཡང་མ་ཡིན་ཏེ། རིག་ཤེས་ཀྱི་ཡུལ་མ་ཡིན་པའི་ཕྱིར། འཛིན་པ་ལ་ནི་མི་མཚུངས་ཏེ། སྒྲ་རྟོག་གི་ཡུལ་དུ་བྱེད་ནུས་པའི་ཕྱིར། ཞེས་བྱ་བ་ནི་རྒྱུད་བླ་མ་དང་ཐོགས་མེད་ཞབས་ཀྱི་བཞེད་པའོ། །གཉིས་པ་ཤེས་བྱེད་དགོས་པ་ནི། དབུ་མ་པར་ཁས་ཆེ་བ་གཞན་གྱི་བསམ་པ་ལ། འདུས་བྱས་ཀྱི་ཆོས་དངོས་ཡུལ་དུ་བྱེད་པའི་ཤེས་རབ་ཀྱིས་མཚན་འཛིན་གྱི་ས་བོན་དྲུངས་འབྱིན་པ་དབུ་མ་པ་དག་གི་ལུགས་མ་ཡིན་ནོ། །ཞེ་ན། ཁྱེད་རང་ལ་ཡང་དབུ་མར་གྲུབ་པའི་རྒྱུད་བླའི་ལུང་གིས་དོན་སྔ་མ་དེ་ཉིད་གྲུབ་བོ། །ཞེས་སྟོན་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་རྟོགས་པའི་བློ། །ཇི་བཞིན་གཟིགས་དང་ཐོགས་པའི་སྒྲིབ་པ་ཀུན། །སྤོང་བྱེད་གཉེན་པོར་རྒྱུད་བླའི་གཞུང་གིས་བསྟན། །ཐོགས་མེད་ཞབས་ཀྱིས་དེ་ཉིད་བཀྲལ་བ་ཡིན། །ཞེས་པ་ནི། ཇི་སྐད་དུ། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། ཞེས་སོ། །དེའི་ཕྱིར་སོ་སོར་རང་རིག་པའི་ཡེ་ཤེས་སྤང་བྱའི་ས་བོན་གྱི་གཉེན་པོར་འཆད་པ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གྲུབ་པའི་མཐའ་ཡིན་གྱི། ངོ་བོ་ཉིད་མེད་པར་སྨྲ་བ་གཙང་མ་དེའི་ལུགས་མ་ཡིན་ཏེ། ལེགས་ལྡན་དང་ཟླ་བའི་ཞབས་གཉིས་ཀས་བཀག་པའི་ཕྱིར་རོ། །གསུམ་པ་ནི། གཟུང་འཛིན་གཉིས་སྣང་ས་བོན་དྲུངས་ཕྱུང་བ། །རྫོགས་སངས་རྒྱས་བློ་མིན་པ་གཞན་ལ་མེད། །དེ་དྲུངས་འབྱིན་པའི་གཉེན་པོ་བླ་མེད་པ། །གཉིས་མེད་ཡེ་ཤེས་ཐོགས་མེད་གཞུང་གིས་བཀྲལ། །ཞེས་པ། བྱམས་ཆོས་བར་པ་གསུམ་གྱི་ལྟ་བ་ཐོགས་མེད་ཞབས་ཀྱིས་བཀྲལ་བ་འདི་ཆོས་ཅན། དབུ་མའི་ལྟ་བ་ཡིན་ཏེ། གཟུང་འཛིན་གཉིས་སྣང་གི་ས་བོན་དྲུངས་འབྱིན་པར་ནུས་པའི་ཤེས་རབ་ཡིན་པའི་ཕྱིར། ཁྱབ་འབྲེལ་ནི། དེ་དྲུངས་ཕྱུང་བ་སངས་རྒྱས་ལས་གཞན་ལ་མེད་པའི་རྟགས་ཀྱིས་འགྲུབ་ལ། ཕྱོགས་ཆོས་ནི། གཟུང་འཛིན་གཉིས་མེད་རྟོགས་པའི་ཤེས་རབ་ཀྱིས་འཛིན་པའི་ས་བོན་དྲུངས་འབྱིན་པར་མི་ནུས་ན། བདག་མེད་གཉིས་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་གཉིས་ཀྱི་ས་བོན་དྲུངས་འབྱིན་པ་ཇི་ལྟར་ནུས་ཞེས་ངོ་བོ་ཉིད་མེད་པ་པ་ལ་དྲིའོ། །ལྟ་བ་འདི་ནི་སེམས་ཙམ་ལྟ་ཅི་སྨོས། རྣམ་པར་རིག་པ་ཙམ་ལས་འདས་པར་ཡང་བཤད་པ་ཡིན་ཏེ། རྩ་བར། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་དང༌། འགྲེལ་པར་དབྱིག་གཉེན་ཞབས་ཀྱིས། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཡང་མི་དམིགས་པ་སྐྱེ་སྟེ། ཞེས་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱིར་རོ། །གསུམ་པ་འཁོར་ལོ་གསུམ་གྱི་ངེས་དོན་མཐའ་དག་རྒྱུད་བླ་མའི་བསྟན་འཆོས་ཀྱིས་བསྡུས་པའི་ཚུལ་ལ། གསུམ་སྟེ། དེ་ལྟར་བསྟན་པ་དངོས་དང༌། བོད་ཕྱི་མའི་ལུགས་དགག་པ། རང་གི་ལུགས་བཞག་པའོ། །དང་པོ་ནི། འཁོར་ལོ་གསུམ་གྱི་ངེས་དོན་ཇི་སྙེད་པ། །རྣམ་བདུན་རྡོ་རྗེའི་ཆོས་སུ་ངེས་པ་དང༌། །སེམས་ཀྱི་རང་བཞིན་འོད་གསལ་གཅིག་པུ་ཉིད། །གནས་སྐབས་དབྱེ་བས་རྡོ་རྗེ་བདུན་དུ་བཤད། །ཅེས་པ། འཁོར་ལོ་གསུམ་པོའི་ངེས་དོན་ཇི་སྙེད་པ་ནི་བདག་མེད་པ་གཉིས་སུ་འདུ་ལ། གཉིས་པོའི་ངོས་འཛིན་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་རང་རིག་རང་གསལ་བ་དེ་ཡིན་ལ། དེ་ཡང་གོ་རིམ་བཞིན་དུ། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གྱིས་སྟོང་པའོ། །སྟོང་ཚུལ་དེ་ཡང་མ་ཡིན་པར་དགག་པའི་ཆ་ནས་ཡིན་གྱི། མེད་པར་དགག་པ་ནས་མ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ཉིད་དེ་ལ་སྟོང་པ་ཉིད། །ཅེས་དང༌། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། འདིར་ཡང༌། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེ་ལྟ་བུའི་སྟོང་པ་ཉིད་དེ་ལ་ངེས་པའི་དོན་གྱི་རྡོ་རྗེ་ཞེས་བྱ་ལ། རྡོ་རྗེ་དེ་ལ་གནས་སྐབས་ཀྱི་དབྱེ་བས་གསུམ་སྟེ། མ་དག་པ་འཁོར་བའི་གནས་སྐབས་སུ་དོན་དམ་པའི་སེམས་ཅན་དང༌། དག་ལ་མ་དག་པ་ལམ་གྱི་སྐབས་སུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་དང༌། ཤིན་ཏུ་དག་པ་སངས་རྒྱས་ཀྱི་སར་དོན་དམ་པའི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་སེམས་ཅན་དང་ཁམས་བདེ་བར་གཤེགས་པའི་སྙིང་པོ་དོན་གཅིག དོན་དམ་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ལྡོག་པའི་དབྱེ་བས་གཉིས་ཏེ། དོན་དམ་པའི་ཆོས་དང་དགེ་འདུན་ནོ། །དཔེར་ན། མཐོང་ལམ་གྱི་ཡེ་ཤེས་ཙམ་ལྡོག་ནས་དགེ་འདུན་དང༌། བར་ཆད་མེད་ལམ་གྱི་ཆ་ནས་ལམ་དང༌། རྣམ་པར་གྲོལ་བའི་ལམ་ཁྱད་པར་གྱི་ལམ་དང་བཅས་པའི་ཆ་ནས་འགོག་པའི་བདེན་པའོ། །དེ་སྐབས་ཀྱི་བྲལ་ཆ་ནི་མེད་དགག་དུ་སོང་བས་བདེན་པར་མི་རུང་ངོ༌། །དོན་དམ་པའི་དེ་བཞིན་གཤེགས་པ་གཅིག་ཉིད་ལ་ཡང་ལྡོག་པས་ཕྱེ་ན། བྱང་ཆུབ་དང༌། ཡོན་ཏན་དང༌། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ཏེ་གསུམ་མོ། །འཁོར་ལོ་ཕྱི་མ་གཉིས་ཀྱི་ངེས་དོན་མཐའ་དག་དེ་དག་ཏུ་བསྡུ་བར་ནུས་མོད། འཁོར་ལོ་དང་པོའི་ངེས་དོན་གང་ཟག་གི་བདག་མེད་པ་དེ་རྡོ་རྗེ་བདུན་ལས་གང་དུ་བསྡུ་ཞེ་ན། དེ་ཡང་དོན་དམ་པའི་གཞི་ལམ་འབྲས་གསུམ་དུ་བསྡུ་བར་ནུས་མོད་ཀྱང༌། གཞུང་འདིར་མ་བཤད་པས་དམན་པའི་ལམ་གྱི་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་འབྲས་གསུམ་ཀ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དུ་བསྡུ་བར་ནུས་སོ། །མདོར་ན། བསྟན་འཆོས་འདི་ནི་ངེས་དོན་མཐར་ཐུག་པའི་བསྟན་འཆོས་ཏེ། འཁོར་ལོ་གསུམ་ཀའི་མཐར་ཐུག་གི་ངེས་དོན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཕྱིར། དེ་ཡང་མཐར་ཐུག་གི་ངེས་དོན་ཞེས་པ་ནི་སྒོམ་པས་ཉམས་སུ་བླང་བྱ་དེ་ཉིད་ཡིན་ལ། གནས་སྐབས་ཀྱི་ངེས་དོན་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ཆ་ནས་ཀྱང་བཞག་ཏུ་རུང་བ་དེའི་ཚེ། གང་ཟག་དང་ཆོས་ཀྱི་བདག་གཉིས་བརྟག་པའི་མེད་དགག་གི་ཆ་ལ་ཡང་དེར་བཏགས་སོ། །གཉིས་པ་ནི། རྒྱུད་བླའི་འགྲེལ་པ་ཐལ་འགྱུར་ལུགས་སོ་ཞེས། སྨྲ་བ་དེ་དག་གད་མོའི་རྒྱུ་མིན་ནམ། འཕགས་པ་ཐོགས་མེད་ཟླ་བ་གྲགས་པ་ཡི། །རྗེས་འབྲང་སྲོལ་འབྱེད་ཡིན་པར་ཁས་ལོང་ཞིང༌། །ཞེས་པ། བོད་ཕྱི་མ་དག འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ལ་སོགས་པའི་བསྟན་འཆོས་གཞན་དག་ནི་སེམས་ཙམ་གྱི་བསྟན་འཆོས་ཡིན་ལ། རྒྱུད་བླ་མའི་འགྲེལ་པ་ནི་སྤྱིར་དབུ་མ་དང༌། བྱེ་བྲག་ཐལ་འགྱུར་གྱི་ལུགས་སུ་བཀྲལ་བ་ཡིན་ལ། དེའི་ཚེ་ལུགས་དེ་ལ་ཀུན་གཞི་དང་རང་རིག་ཁས་མི་ལེན་པ་དང༌། བདེན་འཛིན་ཇི་སྙེད་ཉོན་མོངས་པའི་སྒྲིབ་པར་ཁས་ལེན་པ་དང༌། ཕྱི་རོལ་གྱི་དོན་ཡོད་པ་དང༌། འཕགས་པ་ལ་ཆོས་དབྱིངས་མངོན་སུམ་དུ་རྟོགས་པས་ཁྱབ་པ། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ་ཡིན་ནོ། །ཞེས་གསུངས། དེ་ལ་བཞད་གད་དུ་བྱ་བ་ཇི་ལྟར་ཡོད་ཅེ་ན། ཤིང་རྟའི་སྲོལ་ཆེན་པོ་གཉིས་ཀྱི་ཁྱད་པར་མ་ཕྱེ་བའི་སྐྱོན་དང༌། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་པར་བཤད་པ་དེ་དག་ལུགས་འདི་ན་མེད་བཞིན་དུ་ཡོད་པར་ཁས་བླངས་པའི་སྐྱོན་དང༌། བསྟན་འཆོས་འདི་ཐལ་འགྱུར་གྱི་ལུགས་སུ་འཆད་ན་ཟླ་བའི་གཞུང་དུ་བཤད་པ་རྣམས་ཐལ་འགྱུར་གྱི་གྲུབ་མཐའ་མ་ཡིན་པར་ཐལ་བའོ། །དང་པོ་ནི། དབུ་མ་པ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་ཚུལ་ནི་འཁོར་ལོ་བར་པའི་དངོས་བསྟན་སྒྲ་ཇི་བཞིན་དུ་འཆད་པ་ཡིན་མིན་གྱི་ཁྱད་པར་ལས་བྱུང་བ་ཡིན་གྱི། འཁོར་ལོ་ཐ་མ་ནས་འབྱུང་བའི་ངེས་དོན་ངོས་འཛིན་ཚུལ་ལ་ཁྱད་པར་མེད་པ་དེ་མ་ཤེས་པར་སྣང་བ་དང༌། འཁོར་ལོ་བར་པའི་དངོས་བསྟན་གྱི་ལྟ་བ་གཏན་ལ་འབེབས་ཚུལ་ལ་རང་སྟོང་དང་གཞན་སྟོང་གི་སྲོལ་གཉིས་ཡོད་པ་དེ་མ་ཤེས་པར་སྣང་བ་དང༌། རྒྱུད་བླའི་རྩ་བར་ཤེར་མདོའི་དངོས་བསྟན་གཞན་སྟོང་གི་ཚུལ་དུ་བཀྲལ་བ་དེ་མ་ཤེས་པར་སྣང་བ་དང༌། སྲོལ་གཉིས་པོ་ལ་སྟོང་ཉིད་མེད་དགག་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པ་དེ་མ་ཤེས་པར་སྣང་བ་དང༌། གཞི་དུས་སུ་དྲི་བཅས་དེ་བཞིན་ཉིད་འཁོར་འདས་ཀུན་གྱི་གནས་སུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པ་དེ་དང༌། ལམ་དུས་སུ་ཆོས་དབྱིངས་ཡེ་ཤེས་རྣམ་དག་གི་དམིགས་པར་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པ་དེ་དང༌། འབྲས་དུས་སུ་སངས་རྒྱས་ཀྱི་སྐུ་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་འབྱེད་མི་འབྱེད་ཀྱི་ཁྱད་པར་ཡོད་པ་དང༌། ཤེས་བྱ་ཐམས་ཅད་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་ནས། དོན་དམ་གྱི་ཆ་ཐམས་ཅད་རྟག་བརྟན་ཞི་བ་གཡུང་དྲུང་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་པ་དེ་དང༌། ཐལ་འགྱུར་གྱི་སྲོལ་ནི་ཟླ་བས་ཕྱེ་བ་ཡིན་གྱི། དེའི་གོང་ན་ཐལ་རང་གི་དབྱེ་བ་མེད་པ་དེ་དག་མ་མཁྱེན་པའམ། མཁྱེན་བཞིན་དུ་གཞན་དག་རྨོངས་པར་མཛད་པ་གང་རུང་ལས་མ་འདས་པའོ། །གཉིས་པ་ནི། ཐལ་འགྱུར་བའི་ལུགས་སུ་ཁྱེད་ཅག་གིས་སྒྲོ་བཏགས་པ་དེ་དག་ནི་བསྟན་འཆོས་འདིའི་རྩ་འགྲེལ་ན་ཡོད་པ་མ་ཡིན་ཏེ། ཀུན་གཞི་སྒྲུབ་བྱེད་ཀྱི་ལུང་གིས་སྙིང་པོ་བསྒྲུབས་པའི་ཕྱིར་དང༌། སོ་སོར་རང་རིག་པའི་ཡེ་ཤེས་ཁས་བླངས་པའི་ཕྱིར་དང༌། འཁོར་གསུམ་དུ་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་ཤེས་སྒྲིབ་དུ་བཤད་པའི་ཕྱིར་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཆོས་དབྱིངས་མཐོང་བ་ལ་མིག་དང་མི་ལྡན་པར་བཤད་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་ཁས་བླངས་ན་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་ཕར་ཞོག གཟུང་བ་ཆོས་ཀྱི་བདག་མེད་ཀྱང་བཞག་ཏུ་མི་རུང་བའི་ཕྱིར་དང༌། རང་རྒྱུད་ཀྱི་རྟགས་ཆོས་དོན་གསུམ་ནི་ཤིན་ཏུ་རྒྱས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི། དེའི་ཚེ་ཟླ་བས་བཀྲལ་བའི་ཐལ་འགྱུར་གྱི་ལུགས་འདི་ཐལ་འགྱུར་གོ་ཆོད་པོ་མ་ཡིན་པར་འགྱུར་ཏེ། བྱམས་མགོན་གྱིས་ཐལ་འགྱུར་དུ་བཀྲལ་བའི་ཚུལ་དང་ཆེས་ཤིན་ཏུ་འགལ་བའི་ཕྱིར་རོ། །གསུམ་པ་ནི། ཀུན་གཞིའི་ཆོས་ལ་རྣམ་སྨིན་ས་བོན་དང༌། །ཡེ་ཤེས་ཆ་སྟེ་རྣམ་གསུམ་མདོ་ལས་གསུངས། །དང་པོ་རྣམ་གཉིས་རྣལ་འབྱོར་སྤྱོད་པའི་གཞུང༌། །གསུམ་པོ་སྲོལ་གཉིས་ལས་བྱུང་དབུ་མའི་དོན། །ཞེས་པ། བོད་ཕྱི་མ་པ་དག ཀུན་གཞི་ཁས་ལེན་པ་ནི་སེམས་ཙམ་པའི་ལུགས་ཁོ་ན་ཡིན་ནོ། །ཞེས་ཟེར་ལ། ཀུན་གཞི་དང་དེའི་རྣམ་ཤེས་མ་ཕྱེད་པའི་འཆལ་གཏམ་མང་དུ་སྨྲ་ཞིང༌། ལ་ལ་དག རྣལ་འབྱོར་དབང་ཕྱུག་གི་བཞེད་པས་ཀུན་གཞིའི་རྣམ་ཤེས་རྒྱུད་དུ་འཆད་དོ། །ཞེས་ཟེར་བ་དང༌། གཞན་དག རྒྱུད་བླ་ནས་བཤད་པའི་རྒྱུད་དང་རྒྱུད་སྡེའི་རྒྱུད་ཀྱི་ངོས་འཛིན་ལ་ཁྱད་པར་མང་པོ་དག་ཡོད་དོ་སྙམ་དུ་སེམས་པ་དེ་སྤང་བའི་ཕྱིར་དུ་གཞུང་འདི་སྨོས་སོ། །རྒྱུད་བླའི་བསྟན་འཆོས་དབུ་མའི་གཞུང་མཐར་ཐུག་ཏུ་ཁས་ལེན་པ་དང༌། ཀུན་གཞི་སེམས་ཙམ་པའི་ཁྱད་ཆོས་སུ་འདོད་པ་ལ་ནི་ལུང་དེ་ཉིད་གནོད་བྱེད་དུ་འཇུག་པ་ཡིན་ཏེ། འགྲེལ་པ་ཐོགས་མེད་ཞབས་ཀྱིས་སྙིང་པོའི་སྒྲུབ་བྱེད་དུ་དྲངས་པའི་མདོ། ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་པ་དེ། ཀུན་གཞི་ཡོད་པར་སྒྲུབ་བྱེད་ཀྱི་ལུང་གི་གཙོ་བོ་ཡིན་པའི་ཕྱིར་དང༌། ཀུན་གཞི་ཞེས་པའི་སྒྲ་དངོས་སུ་འཇུག་པ་ནི་ཟག་མེད་ཀྱི་སེམས་རྒྱུད་ཉིད་ཡིན་ལ། དེ་ཉིད་སངས་རྒྱས་ཀྱི་སྙིང་པོ་དང༌། རྒྱུད་བླ་མ་དང༌། སྔགས་སུ་རྒྱུའི་རྒྱུད་ཅེས་འཆད་ཅིང༌། དེའི་སྟེང་གི་འཁོར་བའི་ས་བོན་དང་རྣམ་སྨིན་གྱི་ཆ་ལ་ནི་ཀུན་གཞིའི་རྣམ་ཤེས་ཞེས་ཟེར་ལ། དེ་ལ་ནི་རྒྱུད་ཀྱི་དོན་མེད་དེ། མྱ་ངན་ལས་འདས་པའི་ཚེ་ཁོ་ནར་མ་ཟད། འཁོར་བ་རྣམས་སུའང་རྒྱུན་ཆད་ཅིང་འཇུག་པའི་ཕྱིར། དེ་འདྲ་དེ་ནི་རྣལ་འབྱོར་སྤྱོད་པའི་གཞུང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་བཤད་ནས་བཤད་གཞིའི་གཙོ་བོར་བཞག་ལ། གསུམ་པ་ཡེ་ཤེས་ཀྱི་ཆ་དེ་ནི་རྒྱུད་བླ་མའི་བསྟན་འཆོས་ཀྱི་བརྗོད་བྱའི་གཙོ་བོར་གྱུར་པའི་ངེས་དོན་དེ་ཉིད་དོ། །འདི་རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བའི་ངེས་དོན་མཐར་ཐུག་པ་དེ་ཡིན་མོད། སྲོལ་འབྱེད་གཉིས་ཀའི་ལུགས་ཀྱི་ངེས་དོན་ཇི་ལྟར་ཡིན་ཞེ་ན། ཐལ་རང་དུ་གྲགས་པའི་གཞུང་གིས་དངོས་སུ་བསྟན་པའི་ངེས་དོན་མ་ཡིན་མོད། ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་དག་གིས་ཀྱང་སྒོམ་པས་ཉམས་སུ་བླང་བྱའི་ངེས་དོན་དུ་བཞེད་པ་ཡིན་ཏེ། སློབ་དཔོན་དེ་དག སྤྱིར་བཀའ་ཐ་མ་དང་ཁྱད་པར་སྔགས་ཀྱི་ངེས་དོན་འཆད་པ་ན་དེ་ལྟར་འཆད་པ་བསྙོན་མི་ནུས་པའི་ཕྱིར། ཡེ་ཤེས་དེ་ཀུན་གཞི་དངོས་ཡིན་ཀྱང༌། ཀུན་གཞིའི་རྣམ་ཤེས་དང་ནི་འགལ་བ་ཡིན་ཏེ། དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་པ་དང༌། རྣམ་ཤེས་དེའི་གཉེན་པོ་ཉིད་དུ་ཐེག་བསྡུས་ལས་གསལ་བར་གསུངས་པའི་ཕྱིར། དེས་ན་རྡོ་རྗེ་གུར་དུ། དེ་བཞིན་ཀུན་གཞིའི་རྣམ་ཤེས་དང༌། །ཆོས་ཀྱི་དབྱིངས་དང་མ་བྱུང་དང༌། །ནམ་མཁའི་ཁམས་དང་རང་དབྱིངས་དང༌། །བདག་མེད་པ་དང་བདག་ཅེས་དང༌། །ཞེས་སོགས་མིང་གི་རྣམ་གྲངས་དུ་མས་བསྟན་པ་ནི། མངོན་པ་ན་གྲགས་པའི་རྣམ་ཤེས་དེ་ལ་འཆད་པ་མ་ཡིན་ཏེ། དེ་ནི་ཆོས་དབྱིངས་དང་དོན་དམ་པའི་བདག་སོགས་སུ་མི་རུང་བའི་ཕྱིར། དེ་ལྟ་ན་ཡང༌། དེ་ཁས་བླངས་པ་ན་ཀུན་གཞིའི་རྣམ་ཤེས་ཁས་བླངས་པར་ནི་གྲུབ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་གི་བསལ་བྱ་ཉིད་ལ་དེར་ངོས་འཛིན་དགོས་པའི་ཕྱིར། གཉིས་པ་སྔགས་ཀྱི་ལུང་ལས་དབུ་མར་སྒྲུབ་པ་ལ། གཉིས་ཏེ། དངོས་དང༌། ཡེ་ཤེས་བདེན་མེད་དུ་མ་སྒྲུབ་ན་བདེན་འཛིན་སྤོང་མི་ནུས་པའི་རྩོད་པ་སྤང་བའོ། །དང་པོ་ནི། རང་རིག་རང་གསལ་བདེན་པར་ཁས་ལེན་པའི། །དབུ་མའི་ལུགས་འདི་གསང་བ་འདུས་པ་དང༌། །དགྱེས་རྡོར་རྒྱུད་གསུམ་བྱང་ཆུབ་སེམས་དཔའ་ཡི། །གཞུང་འགྲེལ་སྐོར་གསུམ་དག་ན་གསལ་བར་བཞུགས། །ཞེས་པ། གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་རང་གསལ་བ་འདི་ལ། ཐེག་པ་ཆེན་པོའི་མངོན་པར་འགྱུར་བ་མེད་པའི་ཡོངས་གྲུབ་ཏུ་བཤད་ཅིང༌། དེ་ཉིད་བདེན་གྲུབ་ཏུ་འཆད་པ་དང༌། ངོ་བོས་སྟོང་པར་ཁས་ལེན་པ་ནི། ཤིང་རྟའི་སྲོལ་གཉིས་ཀྱི་ཁྱད་པར་ཡིན་ལ། དེ་ཙམ་གྱིས་ཅིག་ཤོས་དངོས་སྨྲ་བར་གྲུབ་བོ། །ཞེས་བོད་ཕྱི་མ་དག་མཐུན་པར་འཆད་པ་དེ་སྤང་བའི་དོན་དུ་ཚིགས་སུ་བཅད་པ་འདི་སྨོས་སོ། །དེ་ཇི་ལྟར་སྤང་ནུས་ཤེ་ན། གཟུང་འཛིན་གཉིས་ཀུན་རྫོབ་བདེན་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པར་འཆད་པའི་དབུ་མའི་ཚུལ་ལུགས་རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་དུ་གསལ་བར་གསུངས་པ། ཐོགས་མེད་སྐུ་མཆེད་ཀྱིས་ཇི་ལྟ་བ་བཞིན་དུ་བཀྲལ་བའི་ལྟ་བ་འདི་ནི། དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་ལེའུ་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་ནས་གསལ་བར་གསུངས་ལ། དེ་ཉིད་ཀླུ་སྒྲུབ་ཞབས་ཀྱི་སེམས་འགྲེལ་དང༌། རིམ་པ་ལྔ་པ་དང༌། འགྲེལ་ཆེན་སྒྲོན་མ་གསལ་བ་དང༌། རྒྱལ་བས་བྱིན་གྱི་དཀའ་འགྲེལ་རྣམས་སུ་གསལ་བར་གསུངས་པ་དང༌། དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པའི་ངོ་བོ་ཡེ་ཤེས་སུ་བཤད་པ་དང༌། རང་གིས་རིག་པའི་ཡེ་ཤེས་འདི། །ཞེས་བྱ་བ་ལ་སོགས་པ་གནས་ལུགས་རྟོགས་པའི་བློ་རང་རིག་ཏུ་བཤད་པ་ཤིན་ཏུ་མང་བ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་དོན་དམ་པའི་བདེན་པར་བཤད་པ་དང༌། རྡོ་རྗེ་གུར་དུའང་སེམས་ཀྱི་རྡོ་རྗེ་སྦྱངས་གཞིར་བཤད་པ་དང༌། བདག་མེད་དང་རང་བཞིན་ཤེར་ཕྱིན་སོགས་ཀྱི་ངོ་བོ་ཡུམ་གྱི་སྒྲར་གཏོན་ནས་ཡེ་ཤེས་སུ་བཤད་པ་དང༌། རྡོ་རྗེའི་གུར་ཞེས་པ་ཉིད་ཀྱང་ཆོས་དབྱིངས་ལ་འཆད་པ་དང༌། གཟུགས་སྒྲ་སོགས་ལ་གསུམ་གསུམ་དུ་ཕྱེ་ནས། ཐ་མལ་པའི་གཟུགས་སྒྲ་སོགས་ཀུན་བཏགས་དང༌། ཆོས་ཉིད་ཀྱི་གཟུགས་སྒྲ་སོགས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོར་ཁས་བླངས་ནས་འཆད་དགོས་པ་དང༌། སམ་པུ་ཊ་ལས་ཀྱང༌། སྟོང་པ་ཉིད་ངོས་འཛིན་པ་ན། །དཔྱད་དུ་མེད་ཅིང་ཤེས་བྱ་མིན། །དེ་བཞིན་རྟོག་གེས་བརྟག་དཀའ་བ། །གཉིས་སྤངས་གཉིས་སུ་མེད་པ་སྟེ། །ཇི་བཞིན་ལམ་གྱི་དེ་ཉིད་ཉོན། །ཞེས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པའི་སྐབས་ཤིན་དུ་མང་བ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ན་སྟོང་པ་ཉིད་ཅེས་བྱ་བའི་མིང་ཅན་རྣམས་ཀྱི་ནང་ནས། ཆེས་མཆོག་ཏུ་བསྔགས་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བཤད་པ་དང༌། ཁྱད་པར་དྲི་མ་མེད་པའི་འོད་ལས། གང་གིས་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །དེ་མི་ཤེས་པས་དོན་དམ་པའི་སྐུ་མི་ཤེས། དེ་མི་ཤེས་པས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །ཞེས་སོགས་ཤིན་ཏུ་མང་ངོ༌། །དེ་ལ་འདིར་དོགས་པ་གཉིས་ཤིག་སྤང་དགོས་པ་ལས། དོན་དམ་བདེན་པ་ལ་བདེན་གྲུབ་ཀྱིས་མ་ཁྱབ་པ་ནི་སྤངས་ཟིན་པ་ཁོ་ནར་མ་ཟད། དབུ་མ་ཐལ་འགྱུར་བར་ཁས་ལེན་པ་ཁྱེད་ཅག ཐ་སྙད་དུ་བདེན་གྲུབ་ཁས་མི་ལེན་པ་དང་ནི་ཐ་སྙད་དུ་བདག་ཁས་ལེན་པ་དང༌། ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་གྱི་གྲགས་པ་ལྟར་ཁས་ལེན་པ་དག་འགལ་ལོ། །འགྱུར་མེད་ཡོངས་གྲུབ་ཀྱི་ངོས་འཛིན་འཁྲུལ་ལོ་སྙམ་དུ་དོགས་པ་དག་བོད་ཕྱི་མ་ལ་འབྱུང་མོད། བྱམས་ཆོས་ཀྱི་བཤད་སྲོལ་རྔོག་པ་ནས་རྒྱུད་པ་གཅིག་ལ་དེའི་ངོས་འཛིན་མེད་དགག་ལ་བྱེད་པ་བྱུང་ཡང༌། དེའི་བཤད་སྲོལ་སྒོམ་ལུགས་སུ་འཆད་པ་ཞེས་གྲགས་པ། བཙན་ཁ་བོ་ཆེའི་བཤད་སྲོལ་དུ་བྱུང་བ་ལས། འགྱུར་མེད་ཡོངས་གྲུབ་ཀྱི་ངོས་འཛིན་སྔ་མ་ལྟར་འཆད་པ་ཉིད་ལེགས་ཏེ། གཞུང་འགྲེལ་མཐའ་དག་གི་ཚིག་ཟིན་དང་མཐུན་ཞིང་སོ་སོར་རང་རིག་པའི་ཡེ་ཤེས་དང་གུང་འགྲིག་པ་དང༌། མེད་དགག་ལ་བཤད་ན་རྣམ་འགྲེལ་མཛད་པའི་གཞུང་དང་ཤིན་ཏུ་འགལ་བའི་ཕྱིར། གཉིས་པ་ནི། བྱམས་ཆོས་བར་པ་གསུམ་ཐོགས་མེད་མཆེད་ཀྱི་གཞུང་འགྲེལ་དང་བཅས་པ་ན། ཡོངས་གྲུབ་བདེན་མེད་དུ་གཏན་ལ་འབེབས་པའི་ལུང་རིགས་བཤད་པ་མེད་པའི་ཕྱིར་ན། དེའི་ལྟ་བས་བདེན་འཛིན་གྱི་ས་བོན་དྲུངས་འབྱིན་པར་མི་ནུས་སོ། །ཞེ་ན། ལན་ལ་གསུམ་སྟེ། རང་རིག་རང་གསལ་གྱི་ཤེས་པས་མཚན་འཛིན་མཐའ་དག་སེལ་ནུས་པ་དང༌། དེ་མི་ནུས་ན་ཟླ་བའི་གཞུང་ལའང་ཧ་ཅང་ཐལ་བ་དང༌། རྒྱུད་བླའི་བསྟན་འཆོས་ཀྱི་ངེས་དོན་ལའང་ཧ་ཅང་ཐལ་བའོ། །དང་པོ་ནི། དེ་ཕྱིར་ཐོགས་མེད་བཞེད་པའི་དབུ་མ་འདིར། །གཉིས་མེད་ཡེ་ཤེས་བདེན་མེད་སྒྲུབ་པ་ཡི། །ཤེས་བྱེད་དཔེ་དང་གཏན་ཚིགས་མ་གསུངས་ཀྱང༌། །ཞེས་པ། སྔགས་ལུགས་ཀྱི་སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་ནི་སེམས་ཀྱི་རྡོ་རྗེ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་བཤད་པ་དེའི་ཕྱིར་ཐོགས་མེད་ཞབས་ཀྱིས་བཀྲལ་བའི་དབུ་མའི་བསྟན་འཆོས་རྣམས་སུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་སྒྲུབ་པའི་གཏན་ཚིགས་དང་དཔེ་ནི། ཇི་སྐད་དུ། ཡེ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་པ་ལྟ་བུ་ནི་མ་གསུངས་སོ། །དེ་མི་གསུང་བའི་རྒྱུ་མཚན་ནི། རྟགས་དཔེ་དེ་ལ་བརྟེན་པའི་ཤེས་པ་གང་ཡིན་ཀྱང༌། རྗེས་དཔག་གམ་དེས་དྲངས་པའི་རྟོག་པ་ཉིད་ལས་མ་འདས་ལ། ཡེ་ཤེས་དེ་ནི་རྟོག་པ་དེའི་ཡུལ་ལས་འདས་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླར། བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །ཞེས་གསུངས་སོ། །དེས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་རིགས་པ་དེ་དང་དེའི་ངོར་ཡེ་ཤེས་དེ་ཉིད་གཅིག་དང་དུ་མ་ལ་སོགས་པ་གང་དུ་མ་གྲུབ་ཀྱང༌། རྣལ་འབྱོར་པའི་ཡེ་ཤེས་ཀྱིས་སྙོན་མི་ནུས་པར་ཉམས་སུ་མྱོང་བས་ན། དེ་ལྟར་གཏན་ལ་ཕབ་ཀྱང་དགོས་པ་དང་ནུས་པ་མེད་པར་དགོངས་པའོ། །ཀུན་བཏགས་ཀྱི་ཆོས་ལ་ནི་མི་མཚུངས་ཏེ། རྣམ་ཤེས་ཀྱི་ཡུལ་ལས་མ་འདས་པའི་ཕྱིར། དེ་ལྟར་ན་ཐ་སྙད་ཀྱི་ཚེ་ཡོད་མེད་ཀྱི་རྣམ་བཞག་དོན་དང་མཐུན་པར་འཇོག་པ་ཡང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་པ་དང་མ་གཟིགས་པ་ཉིད་ལས་རྒྱུ་མཚན་གཞན་མེད་པར་དགོངས་སོ། །དེ་ཡང་མཉམ་གཞག་གི་རིག་བྱར་གྱུར་པའི་དོན་དམ་དངོས་དེ། ཐ་སྙད་ཀྱི་ཡུལ་ལས་འདས་ཤིང༌། ཐ་སྙད་ཀྱི་ཡུལ་དུ་སོང་ཚོད་དེ་དོན་དམ་དངོས་མ་ཡིན་ཀྱང་དེ་དང་དེར་རློམ་ནས་ཡོངས་གྲུབ་བདེན་པར་གྲུབ་བོ། །ཞེས་རྗེས་ཐོབ་ཏུ་གྲུབ་པའི་མཐའ་འཇོག་པ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ལུགས་སོ། །དེ་ལྟར་མ་གསུངས་ཀྱང༌། རང་རིག་རང་གསལ་ཉིད་དུ་གྲུབ་པ་ན། །དེ་ལ་དམིགས་པའི་སྤྲོས་པའི་ཚོགས་རྣམས་དང༌། །རྟག་དང་ཆད་པའི་མཐའ་རྣམས་ཀུན་ལས་གྲོལ། །ཞེས་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་གང་ཞིག གཟུང་འཛིན་དང་རྟག་ཆད་ཀྱི་སྤྲོས་པ་ཕྱོགས་རེ་ཙམ་ཞིག་ཀྱང་ཐོས་བསམ་གྱི་རིགས་པས་དཔྱོད་པ་དང༌། དོན་དེ་ལ་མཉམ་པར་འཇོག་པ་ཉིད་དུ་མ་བྱས་ན། རང་རིག་རང་གསལ་མངོན་སུམ་དུ་མཐོང་བ་མ་ཡིན་ཏེ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དག་ནི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཤད་པའི་ཕྱིར། དེ་མངོན་སུམ་དུ་མཐོང་ནས་ནི་དེ་ལ་སྒྲིབ་བྱེད་ཀྱི་སྤྲོས་པའི་ཚོགས་མཉམ་བཞག་དེར་མི་འབྱུང་བ་ཁོ་ནར་མ་ཟད། རྗེས་ཐོབ་ཏུ་ཡང་རིམ་གྱིས་འགྲིབ་པར་འགྱུར་ཏེ། མཐོང་བ་དང་སྒོམ་པའི་ལམ་གྱི་རིམ་པས་སོ། །ཡེ་ཤེས་ལ་བདེན་འཛིན་གྱི་བློ་ཟློག་པ་ལ་ཡེ་ཤེས་དེ་ཉིད་བདེན་མེད་དུ་སྒྲུབ་དགོས་པ་མ་ཡིན་ཏེ། ཁྱབ་བྱེད་འཛིན་པ་ཉིད་རང་གི་ངོ་བོས་སྟོང་པར་གྲུབ་པ་ན་དེ་ལྡོག་པའི་ཕྱིར་རོ། །སྤྱིར་ཡུལ་བཀག་པ་ཙམ་གྱིས་ཡུལ་ཅན་གྱི་འཛིན་པ་ལ་མཚན་མར་ཞེན་པ་ཁེགས་པའི་ངེས་པ་མེད་དེ། ཉན་ཐོས་ཀྱི་ཐེག་པ་པས་གང་ཟག་གི་བདག་རང་གི་ངོ་བོས་སྟོང་པར་རྟོགས་ཀྱང༌། གང་ཟག་གི་བདག་འཛིན་ངོ་བོས་སྟོང་པར་མ་རྟོགས་པ་བཞིན་ནོ། །གལ་ཏེ་ཡེ་ཤེས་བདེན་ཡོད་དུ་ཁས་ལེན་ན་རྟག་པའི་མཐའ་ལས་མི་གྲོལ་ལོ་སྙམ་ན། ཆོས་གང་ཡིན་ཀྱང༌། རང་འཛིན་རྟོག་པ་དང་རྣམ་ཤེས་ཀྱིས་ཇི་ལྟར་བཟུང་བ་བཞིན་ཡོད་པ་ཉིད་དུ་ཁས་བླངས་ན་རྟག་པ་དང༌། དེ་འདྲ་དེ་ལ་ནམ་ཞིག་ཡེ་ཤེས་ཀྱིས་གཟིགས་པ་ལོག་པ་ཉིད་ཁས་བླངས་ན་ཆད་པའི་མཐར་འཇོག་པ་ཡིན་གྱི། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ། དུས་ནམ་ཡང་གཞན་དུ་འགྱུར་བ་མི་སྲིད་པ་དེ། ཡེ་ཤེས་ཀྱི་ངོར་ཡོད་པ་ཉིད་དུ་ཁས་བླངས་པ་ལ། རྟག་པའི་མཐར་འགྱུར་བ་ག་ལ་ཡོད། ཅེས་པ་ནི་ཐོགས་མེད་ཀྱིའོ། །གཉིས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། རྟོག་གེ་འབར་བར། རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་པར་རློམ་གཞན་འདི་སྐད་སྨྲ། །དེ་ཉིད་བདུད་རྩིར་འཇུག་པ་ཡང༌། །རྣལ་འབྱོར་སྤྱོད་པས་ལེགས་པར་བསྟན། །ཐེག་པ་ཆེན་པོ་པ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་གཞན་དག་ནི། དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། ས་རབ་ཏུ་དགའ་བ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང༌། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་བཞིན་དུ་མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། ཞེས་མཚམས་སྦྱར་ནས། དངོས་པོ་གཉིས་པོ་མེད་པའི་ཕྱིར། །གཉིས་དངོས་མེད་པའི་ཡོད་པ་ནི། །ཡོད་ལ་སོགས་པ་བློ་ཡི་ཡུལ། །དམ་པའི་དོན་དུ་འདོད་དོ་ལོ། །ཞེས་སོགས་དབུས་མཐའི་ལུགས་མང་པོ་ཕྱོགས་སྔ་མར་བཞག་ནས། དེ་སུན་འབྱིན་པ་ན། བྱང་ཆུབ་དམིགས་པ་ཅན་དུ་འགྱུར། །སྟོན་པའང་དམིགས་དང་བཅས་པར་འགྱུར། །མི་རྟོག་བློར་ནི་མི་འགྱུར་ཏེ། །དངོས་པོ་ལ་ནི་དམིགས་པའི་ཕྱིར། །ཞེས་པ་རྩ་འགྲེལ་གྱིས། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་ཞིག་ཡོད་ན་ཉེས་པ་དེ་དག་འཇུག་པར་བཤད་དོ། །དེའི་དོན་ཞིབ་མོར་ནི་གཞན་དུ་འཆད་ལ། ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་མཐའ་དག་ལེགས་ལྡན་གྱིས་བཤད་པ་དེ་ལྟར་འཆད་དམ་ཞེ་ན། ངོ་བོ་ཉིད་མེད་པ་པའི་ནང་ནས་ཀྱང༌། ཞི་འཚོ་ཡབ་སྲས་སོགས་ནི་དེ་ལྟར་མི་བཞེད་དེ། སོ་སོར་རང་རིག་པའི་ཡེ་ཤེས་ཞལ་གྱིས་བཞེས་པའི་ཕྱིར་དང༌། ཡེ་ཤེས་དམ་པའི་ངོར་བདེན་པས་ན་དོན་དམ་པའི་བདེན་པ་ཞེས་འཆད་པའི་ཕྱིར་དང༌། འགའ་ཞིག་གིས་ནི་མཉམ་གཞག་སྣང་བཅས་སུ་བཞེད་པའི་ཕྱིར་དང༌། ཐོགས་མེད་ཐེག་པ་ཆེན་པོའི་འཕགས་པར་བཞེད་པའི་ཕྱིར་རོ། །འཇིག་རྟེན་གྲགས་སྡེ་སྤྱོད་པ་རྣམས་ཀྱང་དེ་ལྟར་མི་བཞེད་དོ། །ཞེས་སྟོན་པ་ནི། ཐོགས་མེད་ཞབས་ཀྱིས་ངེས་དོན་མ་གཟིགས་ཞེས། །འཆད་པ་དེ་འདྲ་ཟླ་བའི་ལུགས་མ་ཡིན། །ཞེས་པ། ཐོགས་མེད་ཀྱིས་རྒྱུད་བླ་མའི་འགྲེལ་པར་སྟོང་པ་ཉིད་ཀྱི་ངོས་འཛིན་དུ་བཤད་པ་དེ་ངེས་དོན་གོ་ཆོད་པོ་མ་ཡིན་ན། ཟླ་བའི་ཞབས་ཀྱི་འགྲེལ་ཆེན་སྒྲོན་མ་གསལ་བར་བཤད་པའི་རིམ་པ་ལྔའི་ནང་ཚན་གྱི་དོན་དམ་བདེན་པའི་ངོས་འཛིན་དང་འགལ་བ་དང༌། ཐ་སྙད་དུའང་རང་རིག་མི་བཞེད་ན། དབུ་མ་ལ་འཇུག་པར་གནས་སྐབས་དེར་དེ་ཁས་བླངས་པ་དང་མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། ཅེས་གནས་སྐབས་ཀྱི་རང་ལུགས་འཇོག་ཚུལ་བཤད་པ་དང༌། འདི་ནི་གསན་རྒྱུ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་པར་ཐོགས་མེད་མ་བགྲངས་པར། དབྱིག་གཉེན་ལ་སོགས་པས་དེ་ཁོ་ན་ཉིད་ཐུགས་སུ་མ་ཆུད་པར་བཤད་པ་ཉིད་ཀྱིས་སོ། །ལེགས་ལྡན་གྱིས་བཤད་པ་དེ་ཡང༌། དེ་ཁོ་ན་ཉིད་གཏན་ལ་འབེབས་ཚུལ་ལས་བརྩམས་པ་ཡིན་གྱི། སྒོམ་པས་ཉམས་སུ་མྱོང་ཚུལ་ལས་བརྩམས་པ་ནི་མ་ཡིན་ཏེ། རྗེ་བཙུན་བྱམས་པའི་གཞུང་གིས་བསྟན་པ་དེ། འགོག་ན་ཧ་ཅང་ཐལ་བའི་ཕྱིར་དང༌། གཞུང་དེ་ཐོགས་མེད་ཀྱིས་བྱས་པར་ཁས་ལེན་དུ་ཆུག་ནའང་བཀའ་ཐ་མའི་མདོ་ཉིད་དང་འགལ་བས་སོ། །ཐ་སྙད་དུ་དོན་དམ་པ་བློའི་ཡུལ་དུ་ཁས་ལེན་དགོས་པ་ཡིན་ཏེ། རྟོག་གེ་འབར་བར། ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པའི་ལེའུ་ལས་ཐམས་ཅད་མཁྱེན་པས་ཤེས་བྱ་མཐའ་ཡས་པ་ལ་དམིགས་པ་ཉིད་དུ་བཤད་པར་གསལ་བའི་ཕྱིར། གསུམ་པ་ནི། གཉིས་མེད་ཡེ་ཤེས་བདེན་མེད་སྒྲུབ་པ་ཡི། །ལུང་རིགས་རྒྱུད་བླའི་རྩ་འགྲེལ་གཉིས་ན་མེད། །ཅེས་པ། དེར་ནི་དེ་འདྲ་དེ་གཙང་བདེ་རྟག་བདག་དང༌། རྟག་བརྟན་ཞི་བ་གཡུང་དྲུང་དང༌། གཞན་སྟོང་གི་ཚུལ་ཁོ་ནར་བཤད་པ་ནི་ཤིན་ཏུ་གསལ་བས་དེ་ནས་བཤད་པའི་ལྟ་བས་ཀྱང་མཚན་འཛིན་མ་ལུས་པ་སྤོང་མི་ནུས་པར་འགྱུར་རོ་ཞེས་པ་ནི་བོད་སྔ་ཕྱིར་བྱོན་པའི་ཆེན་པོ་ཕལ་ཆེ་བ་དག་གི་ངོར་ཡིན་ལ། ཁ་ཅིག་འདི་ཡང་སེམས་ཙམ་མོ་ཞེས་ཟེར་བ་ནི་འོག་དེ་མ་ཐག་ཏུ་བརྟག་པར་བྱའོ། །གསུམ་པ་ནི། འདིའི་ལྟ་བ་སེམས་ཙམ་དུ་གནས་ན་རྡོ་རྗེའི་ཐེག་པར་ཡང་ཧ་ཅང་ཐལ་བ་ལ། གསུམ་སྟེ། མཚམས་སྦྱར། ཧ་ཅང་ཐལ་བ་དངོས། དེ་ལ་དོགས་པ་སྤང་བའོ། །དང་པོ་ནི། གཟུང་འཛིན་སྤྲོས་པའི་ཚོགས་ཀུན་བཀག་བྱས་ཀྱང༌། །གཉིས་མེད་ཡེ་ཤེས་ལྷག་མར་ལུས་གྱུར་ན། །རྫོགས་སངས་རྒྱ་བའི་ལམ་དུ་མི་འགྱུར་ཞེས། །སྨྲ་པོ་དེ་ཡིས་དོན་འདི་བསམ་པར་གྱིས། །ཞེས་པ་ལ། ཇི་སྐད་དུ་སྨྲ་བ་ནི། བོད་ཕྱི་མ་མང་པོ་གཟུང་འཛིན་གཉིས་མེད་ཅེས་བྱ་བའི་དོན་དང་ཐ་སྙད་གཉིས་ཀ་ཁས་མི་ལེན་ཞིང༌། དེ་འདྲ་གཉིས་པོ་བདེན་མེད་ཅེས་པ་ཙམ་ཞིག་ཁས་ལེན་པར་བྱེད་མོད་ཀྱང༌། ཡེ་ཤེས་ཉིད་འཛིན་པའི་ཁོངས་སུ་གཏོགས་པར་འདོད་པ་དང༌། ཡང་གཟུང་བ་ཀུན་བཏགས་དང་འཛིན་པ་ཀུན་བཏགས་ཞེས་པའི་དོན་ལྟ་ཅི། ཐ་སྙད་ཙམ་ཡང་རྣ་བའི་ཡུལ་དུ་མ་གྲགས་པར། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཅེས་པའི་དོན་དང་ཐ་སྙད་ཙམ་གྱིས་བྱམས་ཆོས་བར་པ་གསུམ་གྱི་ལྟ་བའི་ཕུ་ཐག་བཅད་པར་འདོད་པ་དང་བཀའ་ཐ་མ་དང་བྱམས་པའི་གཞུང་བར་མ་ནས་འཛིན་པ་བདེན་མེད་ཀྱི་རྣམ་གཞག་བསྟན་པ་མེད་དོ། །ཞེས་ཟེར་བ་དེ་དག་གིས་ནི། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུའི་ཕ་རོལ་ལྟ་ཞོག ཕྱོགས་ཙམ་དུ་ཡང་སོང་བ་མེད་པས། དེ་དག་གིས་བསམས་པའི་དོགས་པ་ནི་རེ་ཞིག་འདིར་བཅད་པར་བྱ་བ་མ་ཡིན་ནོ། །འདིར་བཅད་པར་བྱ་བའི་དོགས་པ་དེ་གང་ཞེ་ན། བཀའ་ཐ་མ་དགོངས་འགྲེལ་དང་བཅས་པ་ཉིད་དུ། ཀུན་ཏུ་བཏགས་པའི་མིང་ཅན་གྱི་གཟུང་བ་དང་འཛིན་པ་གཉིས་པོ་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ཀྱང༌། གཉིས་པོ་དེས་རྣམ་པར་དག་པའི་གཞི་དུས་ཀྱི་དང༌། སྟོང་པ་དེ་ཡུལ་དུ་བྱེད་པའི་ལམ་དུས་ཀྱི་དང༌། བློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་འབྲས་དུས་ཀྱི་ཡེ་ཤེས་གསུམ་པོ་རང་གི་ངོ་བོས་སྟོང་པར་སྒྲུབ་བྱེད་ཀྱི་རིགས་པ་མི་འཆད་པ་ཁོ་ནར་མ་ཟད། གསུམ་པོ་དེ་གཞི་ལམ་འབྲས་བུའི་གནས་ལུགས་མཐར་ཐུག་པ་ཉིད་དུ་བཤད་ལ། དེའི་ཚེ་གསུང་རབ་དེ་དང་དེ་དག་ནས་བཤད་པའི་ལྟ་བ་དེ་གོམས་པར་བྱས་ཀྱང་ཤེས་སྒྲིབ་ཀྱི་ས་བོན་སྤོང་མི་ནུས་པར་འགྱུར་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་གཏན་ལ་མ་ཕབ་པས་ན་སྟོང་པ་ཉིད་ཀྱི་ལྟ་བ་ཡོངས་སུ་རྫོགས་པར་མ་བསྟན་པའི་ཕྱིར། ཞེས་ལོག་པར་རྟོག་པ་དེའོ། །གང་གིས་ན། དོན་འདི་བསམ་པར་བྱའོ། །ཞེས་པ། འཆད་པར་འགྱུར་མ་ཐག་པའི་ལུང་དང་རིགས་པས་སོ། །གཉིས་པ་ལ། གསུམ་སྟེ། ལུང་ལ་བརྟེན་པའི་ཧ་ཅང་ཐལ་བས་ཟློག་དོན་ལ་ཚད་མ་འཕེན་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་བཀོད་ནས་དངོས་དོན་ལ་ཚད་མ་སྐྱེད་པ་དང༌། དེས་ན་རྣལ་འབྱོར་སྤྱོད་པའི་སྒོམ་བྱུང་གི་ལྟ་བ་མ་འཁྲུལ་བར་གྲུབ་པའོ། །དང་པོ་ནི། སྟོང་ཉིད་སྟོན་པའི་སྔགས་དོན་བསམ་བྱས་པས། །ཡེ་ཤེས་ཚོགས་བསག་རྣམ་པར་དག་གྱུར་ནས། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས། །ལྷག་པའི་ལྷ་སྒྲུབ་བྱེད་པའི་ཚུལ་གང་ཡིན། །ཞེས་པ་འདི་ལ། བསྡུས་དོན་ཐལ་འགྱུར་འགོད་པ་དང༌། དེ་ཉིད་ཚིག་དོན་གྱི་སྒོ་ནས་བཤད་པའོ། །དང་པོ་ནི། ཕར་ཕྱིན་ཐེག་པ་སྔོན་དུ་མ་སོང་བའི་སྔགས་ཀྱི་སྒྲུབ་པ་པོ་ཆོས་ཅན། བདེ་དགྱེས་གསང་གསུམ་ལ་སོགས་པའི་སྒྲུབ་ཐབས་ཀྱི་གཞུང་དེ་དང་དེ་ལ་ཐོས་བསམ་དང་གོམས་བྱེད་ཀྱི་བློས་གོམས་པར་བྱས་ཀྱང་ཤེས་སྒྲིབ་ཀྱི་ས་བོན་སྤོང་མི་ནུས་པར་འགྱུར་ཏེ། གཞི་ལམ་འབྲས་བུའི་དུས་ཀྱི་ཡེ་ཤེས་གསུམ་པོ་ངོ་བོ་ཉིད་ཀྱིས་སྟོང་པར་གཞུང་དེ་དག་ཏུ་གཏན་ལ་མ་ཕབ་པས་ན་སྟོང་པ་ཉིད་ཀྱི་ལྟ་བ་མཐར་མ་ཐུག་པའི་ཕྱིར། གཉིས་པ་ནི། སྔགས་ཀྱི་སྒྲུབ་པ་པོས་ཡེ་ཤེས་ཀྱི་ཚོགས་ཉམས་ལེན་གྱི་ཚེ། ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་ཚུལ་གྱིས་ང་རྒྱལ་དེ་ལ་མཉམ་པར་བཞག་བཞིན་དུ་ལྷག་པའི་ལྷ་སྒྲུབ་པར་བྱེད་པའི་ཚུལ་གང་གིས་དེ་མི་དབང་བར་ཐལ། སྒྲུབ་པ་པོ་དེས་ཉམས་ལེན་དེའི་ཚེ་སྟོང་ཉིད་སྟོན་པའི་སྔགས་ཞེས་པ། སྭ་བྷཱ་ཝ་ཤུདྡྷཱ། ཞེས་སོགས་ཀྱི་དོན་བསམ་པར་བྱས་པས་ནི་བསྒོམ་བྱའི་སྟོང་པ་ཉིད་གཏན་ལ་ཕབ་པ་ཡིན་ཞིང༌། དེ་ལས་ལྷག་པའི་རིགས་པ་གཞན་མ་བསམས་ལ། དེ་ཙམ་གྱིས་ཡེ་ཤེས་ཚོགས་བསག་གི་ལྟ་བ་རྣམ་པར་དག་པར་གྱུར་ནས། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་ཤུདྡྷོ྅ཧཾ་ཞེས་གོམས་བྱེད་ཀྱི་བློའི་ཡུལ་ཉིད་དུ་བཞག་པའི་ཕྱིར། །ཞེས་པའོ། །དེ་ལྟར་ཐལ་བ་ལ། ཐེག་པ་ཆེན་པོའི་ལུགས་འདིར་ཆོས་ཅན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་ཤེས་རབ་དེ་དབུ་མའི་ལྟ་བ་མཐར་ཐུག་པ་ཡིན་ཏེ། བསྐྱེད་རིམ་གྱི་ཐོག་མར་ཉམས་སུ་བླང་བྱའི་ལྟ་བ་ཉིད་ཡིན་པའི་ཕྱིར། ཞེས་འཕེན་ནོ། །གཉིས་པ་ནི། སྔགས་ཀྱིས་གཟུང་འཛིན་གཉིས་མེད་བསམ་བྱས་ནས། །དེ་ཡི་ཡེ་ཤེས་ལྷག་མར་ལུས་དེ་ཉིད། །སོ་སོའི་ཆོ་གས་ལྷག་པའི་ལྷར་བསྒྲུབས་ནས། །ཚེ་འདི་ཉིད་ལ་འཚང་རྒྱ་བྱེད་མིན་ནམ། །ཞེས་པ་འདི་ལ། བསྡུས་དོན་གཏན་ཚིགས་སུ་དགོད་པ་དང༌། དེའི་ཚུལ་གསུམ་ཚིག་དོན་གྱིས་བཤད་པའོ། །དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ངེས་དོན་མཐར་ཐུག་པ་ཡིན་ཏེ་ལྷག་པའི་ལྷ་ཉིད་རྒྱུ་གང་ལས་སྒྲུབ་པའི་གཞི་ཡིན་པའི་ཕྱིར། གཉིས་པ་ལ། ཕྱོགས་ཆོས་ལུང་གིས་སྒྲུབ་པ་དང༌། ལྡོག་ཁྱབ་རིགས་པས་བསྒྲུབ་པའོ། །དང་པོ་ནི། སྭ་བྷཱ་ཝ་དང༌། ཡོ་ག་ཤུདྡྷ་དང༌། ཤཱུ་ན་ཏ་ལྟ་བུའི་སྔགས་ཀྱིས། གཟུང་འཛིན་གཉིས་པོ་ཁོ་ནའི་རང་བཞིན་མེད་པ་ཉིད་དུ་བསམ་པར་བྱས་པ་ཡིན་གྱི། དབུ་མ་ཐལ་རང་པ་ལྟར་ཤེས་བྱ་ཐམས་ཅད་དེར་བསམ་པ་ནི་མ་ཡིན་ཏེ། སྔགས་དོན་སེམས་པ་དེའི་ཚེ་ན་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྷག་མར་ལུས་ཤིང་བཞག་པ་དེ། སྐད་ཅིག་གིས་སམ། རྡོ་རྗེ་ཆོ་ག་གསུམ་གྱིས་སམ། མངོན་པར་བྱང་ཆུབ་པ་ལྔ་ལྟ་བུ་སྒྲུབ་ཐབས་སོ་སོ་ནས་འབྱུང་བའི་ཆོ་གས་ལྷག་པའི་ལྷར་བསྒྲུབས་ནས། སྒྲུབ་པ་པོ་ཚེ་འདི་ཉིད་ལ་འཚང་རྒྱ་བར་བྱེད་པ་མ་ཡིན་ནམ། ཞེས་པ་བསྟིངས་པའི་ཚིག་གིས་ཡིན་པར་འཆད་པའོ། །གཉིས་པ་ནི། རྟགས་དེ་མི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ཏེ། ལྷག་པའི་ལྷ་དང་རིགས་སྔགས་ཀྱི་སྒྲུབ་གཞི་ཀུན་རྫོབ་བདེན་པ་ལ་རུང་ན། བསྐྱེད་རིམ་གྱི་ཐོག་མར་སྟོང་པ་ཉིད་སྒོམ་མི་དགོས་པ་དང༌། སོ་སོའི་སྐྱེད་ཆོག་མི་འདྲ་བ་མང་པོའི་སྒོ་ནས་ལྷ་སོ་སོ་སྐྱེད་མི་དགོས་པར་ཐལ་བ་དང༌། བཅོས་མིན་གྱི་རྟེན་བརྟེན་པ་མངོན་དུ་བྱེད་པའི་ཚེ་ཡང༌། ཤྲཱི་ཧེ་རུ་ཀ་ཧ་ཅེས་དྲན་པ་སྔོན་དུ་གཏོང་མི་དགོས་པར་ཐལ་བ་དང༌། གནས་ཚུལ་གྱི་སངས་རྒྱས་དང་ཀུན་རྫོབ་བདེན་པའི་གཞི་མཐུན་སྲིད་པར་ཐལ་བ་སོགས་ཀྱི་སྒོ་ནས། གནོད་པ་ཅན་གྱི་ཚད་མ་སྐྱེད་བྱེད་ཀྱི་རིགས་པ་མང་པོ་དག་ལུང་ལ་རྟེན་ནས་སྟོན་པར་ནུས་སོ། །དོན་འདི་ལ་བོད་ཕྱི་མ་དག་ན་རེ། ཨཏྨ་ཀོ྅ཧཾ་ཞེས་གང་ལ་མཉམ་པར་འཇོག་པའི་ཡུལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་དེའི་ངོས་འཛིན་ནི། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་པོ་ཆུ་ལ་ཆུ་དང་མར་ལ་མར་བཞག་པ་བཞིན་དུ་དབྱེར་མེད་དུ་སོང་བ་དེ་ཡིན་ལ། དེ་ལྟ་བུའི་དོན་ཁོང་དུ་ཆུད་པ་ལ་ཡང་ཐལ་འགྱུར་གྱི་ལྟ་བས་ཕུ་ཐག་བཅད་པ་ཞིག་དགོས་སོ། །ཞེས་གསུང༌། སྤྱིར་སྔགས་ཀྱི་ལྟ་བ་རྟོགས་པའི་ཐབས་དང༌། ཐལ་འགྱུར་བའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་འགལ་ལོ་ཞེས་ནི་འདིར་ཡང་མི་སྨྲ་བ་ཡིན་མོད། ཁྱེད་ཀྱི་ལྟར་ན། རིགས་པ་དེ་ལ་མ་རྟེན་པར་སྔགས་ཀྱི་ལྟ་བ་རྟོགས་པའི་ཐབས་མེད་པ་ཉིད་ཞེ་འདོད་དུ་སྣང་བ། དེ་ལ་བརྒལ་ཞིང་བརྟག་པ་འདི་ལྟར་འཇུག་པ་ནི། གཉིས་ཏེ། ལུང་རིགས་ཀྱིས་གནོད་པ་དང༌། ཁས་བླངས་ཀྱིས་གེགས་བྱེད་པའོ། །དང་པོ་ནི། སྔགས་ཀྱི་ཡེ་ཤེས་ཚོགས་སོག་གི་ཉམས་ལེན་དེ། དབུ་མ་ཐལ་རང་དུ་སྨྲ་བ་དག་གི་ལུགས་གཙང་མ་དེ་དང་འཇོག་ཚུལ་མཐུན་པ་མ་ཡིན་ཏེ། ལུགས་དེར་ནི་ཡེ་ཤེས་ཀྱང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་པས་ན་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བ་ཁས་མི་ལེན་པའི་ཕྱིར་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་སྒོམ་བྱུང་གི་ཤེས་པ་ཁས་མི་ལེན་པའི་ཕྱིར་དང༌། ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་ཀྱི་ངོས་འཛིན་ནི་མེད་པར་དགག་པ་ལས་གཞན་དུ་མི་འཆད་ལ། ཡེ་ཤེས་ཚོགས་བསག་གི་ཉམས་སུ་བླང་བྱ་དངོས་ནི་ལྷ་དང་སྔགས་ཀྱི་སྒྲུབ་གཞི་ཁོ་ནར་ངེས་པའི་ཕྱིར། གཉིས་པ་ནི། ཆུ་ལ་ཆུ་བཞག་གི་དཔེས་བསྟན་པའི་དབྱེར་མེད་དེ་གང་ལ་བྱེད། སྟོང་ཉིད་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་པ་ཡིན་ནམ། ཡེ་ཤེས་སྟོང་ཉིད་དུ་དབྱེར་མེད་པ་ཡིན། དང་པོ་ལྟར་ན། ཁྱེད་ཀྱིས་དེ་འདྲ་དེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཁས་བླངས་པས་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་ཀུན་རྫོབ་པའི་ཡུལ་ཅན་མི་སྲིད་པའི་ཁས་བླངས་ཉམས་པ་དང༌། དབྱེར་མེད་རྒྱུའི་སྟོང་ཉིད་དེ་ཡང་གཞན་སྟོང་ལས་མ་འདས་ཏེ། ཡེ་ཤེས་དེ་རང་གི་ངོ་བོས་ནི་མི་སྟོང་པའི་ཕྱིར་རོ། །གསུམ་པ་ནི། གང་དེའི་ལྟ་བ་རྣམ་པར་དག་གྱུར་ན། །ཐོགས་མེད་ཞབས་གཞུང་ལྟ་བ་ཇི་ལྟར་འཁྲུལ། །ཞེས་པ། སྔགས་ཀྱི་ཡེ་ཤེས་ཚོགས་སོག་ཉམས་སུ་ལེན་པའི་དུས་ཀྱི་ལྟ་བ་དེ་དབུ་མའི་ལྟ་བ་ཉིད་དུ་གྲུབ་ཅེས་ཁས་ཀྱང་བླངས་པ་ན། ཐོགས་མེད་མཆེད་ཀྱི་གཞུང་ལས་བྱུང་བའི་མཐར་ཐུག་གི་ལྟ་བ་དེ་དབུ་མ་ཉིད་དུ་གྲུབ་པ་ཡིན་ཏེ། ལུགས་གཉིས་པོ་དེའི་ལྟ་བ་གཏན་ལ་འབེབས་བྱེད་བསམས་བྱུང་གི་རིགས་པ་དང༌། གོམས་བྱེད་ཀྱི་བློས་ཉམས་སུ་མྱོང་བྱའི་སྟོང་ཉིད་ཀྱི་ངོས་འཛིན་ལ་ཁྱད་པར་མ་མཐོང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ལུགས་གཉིས་ཀ་ལ། རིགས་པས་གཟུང་འཛིན་རང་བཞིན་མེད་པར་བསམས་ནས། གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ཉམས་སུ་མྱོང་བྱར་བཤད་པའོ། །དེ་ནས་གྲུབ་དོན་གྱི་གཏན་ཚིགས་འདི་ལྟར། གཟུང་འཛིན་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ནས། དོན་དེ་ཉིད་ཉམས་སུ་ལེན་པའི་ལྟ་བ་དེ་ཡིན་ན་དབུ་མའི་ལྟ་བ་ཡིན་པས་ཁྱབ། དཔེར་ན་སྔགས་ལམ་གྱི་ཡེ་ཤེས་ཚོགས་སོག་གི་ལྟ་བ་བཞིན། ཐོགས་མེད་མཆེད་ཀྱི་གཞུང་ལས་བཤད་པའི་ལྟ་བ་ཡང་དེ་ཡིན་ནོ། །ཞེས་ཕྱོགས་ཆོས་དང་རྗེ་འགྲོ་དངོས་སུ་བརྗོད་ནས། ལྡོག་པ་ནི། འཛིན་པ་རང་གི་ངོ་བོས་སྟོང་པར་གཏན་ལ་འབེབས་བྱེད་ཀྱི་ཐོས་བསམ་དང༌། དེ་ཉིད་གོམས་པར་བྱེད་པའི་སྒོམ་བྱུང་གི་ཡེ་ཤེས་ནི་སེམས་ཙམ་པ་མན་ཆད་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ལ། གཉིས་ཏེ། སྔགས་ལུགས་ལ་སྐྱེད་རིམ་གྱི་སྔོན་འགྲོའི་ལྟ་བ་ལས་ལྷག་པའི་སྟོང་ཉིད་ཀྱི་ལྟ་བ་ཡོད་པའི་རྩོད་སྤོང༌། ཡོངས་གྲུབ་ངོ་བོས་སྟོང་པ་གཏན་ལ་མ་ཕབ་ན་དེ་ལ་མཚན་འཛིན་སེལ་མི་ནུས་པའི་རྩོད་སྤོང་ངོ༌། །དང་པོ་ལ། རྩོད་པ་ནི། རྫོགས་པའི་རིམ་པའི་ཡེ་ཤེས་གཞན་ཞིག་གིས། །གྱ་ནོམ་ལྷར་ཞེན་རྟོག་པ་སེལ་བྱེད་ན། །ཞེས་པ། སྔོན་འགྲོ་ཡེ་ཤེས་ཚོགས་བསོག་གི་ལྟ་བ་དེ་སྔགས་ལུགས་སུ་སྟོང་པ་ཉིད་ཀྱི་ལྟ་བ་མཐར་ཐུག་མ་ཡིན་ཏེ། དེས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སེལ་མི་ནུས་པའི་རྒྱུ་མཚན་གྱིས་དེ་སེལ་བྱེད་དུ་རྫོགས་རིམ་གྱི་ལྟ་བ་གཞན་ཞིག་ཉམས་སུ་ལེན་དགོས་པའི་ཕྱིར་ཞེ་ན། ལན་ནི། འདིར་ཡང་གཉིས་མེད་ཡེ་ཤེས་དེ་ཉིད་ལ། །མཚན་འཛིན་ཡེ་ཤེས་གཞན་གྱིས་སེལ་བར་ངེས། །ཞེས་པ། རྣལ་འབྱོར་སྤྱོད་པའི་ལུགས་འདིར་ཡང༌། ཡོངས་གྲུབ་ཀྱི་མིང་ཅན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལ་མཚན་མར་འཛིན་པའི་རྟོག་པ་ནི། ཡེ་ཤེས་སྔ་མ་དེ་ཉིད་ཀྱི་རིགས་འདྲ་ཕྱི་མ་གཞན་གྱིས་སེལ་བར་ངེས་ཀྱི། དེ་ལས་ལྷག་པའི་ལྟ་བ་གཞན་མི་ཚོལ་བ་དེ་བཞིན་དུ། རིག་པ་འཛིན་པའི་ཉམས་ལེན་གྱི་ཚེའང༌། འོད་གསལ་བའི་མིང་ཅན་གྱི་ཡེ་ཤེས་དེ་ཁོ་ནས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སེལ་བར་བྱེད་པ་ཡིན་མོད། དེ་འདྲ་དེ་ལྟ་བའི་ཆ་ནས་ཡེ་ཤེས་ཚོགས་བསོག་ལས་ལྷག་པ་མ་ཡིན་ཏེ། ལྟ་བ་དེ་གཉིས་ཀ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བ། དོན་དམ་བྱང་སེམས་ཀྱི་མིང་ཅན་དེ་ཉིད་ལ་འཆད་པར། རིམ་ལྔ་དང་སྤྱོད་པ་བསྡུས་པའི་སྒྲོན་མ་ཉིད་ལས་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ལ། གསུམ་ལས། ཕྱོགས་སྔ་མ་ནི། རྟེན་འབྲེལ་ལ་སོགས་དབུ་མའི་གཏན་ཚིགས་ཀྱིས། །གཉིས་མེད་ཡེ་ཤེས་སྟོང་པར་མ་སྒྲུབ་ན། །མཉམ་བཞག་ངོ་ན་སྤྲོས་དང་བྲལ་ཙམ་གྱིས། །དེ་ལ་མཚན་འཛིན་ལྡོག་པར་མི་ནུས་ན། །ཞེས་པ། བོད་ཕྱི་མ་དག་ན་རེ། ཐལ་འགྱུར་བའི་རིགས་པས་ལྟ་བའི་ཕུ་ཐག་བཅད་པ་སྔོན་དུ་སོང་ན་དེ་ཉིད་ཀྱིས་ཆོག་ལ། མ་སོང་ན་སྐྱེད་རིམ་གྱི་ལྷ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་སྐྱེད་རིམ་གྱི་རྣལ་འབྱོར་པས་ཚོལ་དགོས་སོ། །ཞེས་ཟེར་བ་དང༌། ཡང་ལ་ལ་དག ལྷ་དང་ཡེ་ཤེས་རང་གི་ངོ་བོས་སྟོང་པར་ཐོས་བསམ་གྱིས་མ་ཤེས་ན། སྒོམ་བྱུང་གིས་སྤྲོས་མེད་ལ་མཉམ་པར་བཞག་པ་ཙམ་གྱིས་དེ་ལ་མཚན་འཛིན་གྱི་ས་བོན་སེལ་བར་མི་ནུས་ཏེ། བུམ་སོགས་ངོ་བོས་སྟོང་པར་རིགས་པས་མ་ཤེས་ན། བུམ་སོགས་ཀྱི་མཚན་མ་ཡིད་ལ་མི་བྱེད་པར་གོམས་པ་ཙམ་གྱིས་དེ་ལ་མཚན་འཛིན་གྱི་ས་བོན་སེལ་མི་ནུས་པ་བཞིན་ནོ། །ཞེས་ཟེར། གཉིས་པ་དེའི་ལན་ལ་ཧ་ཅང་ཐལ་བ་དགོད་པ་ནི། སྐྱེད་རྫོགས་ཀྱིས་བསྒྲུབས་ཡེ་ཤེས་ལྷ་དེ་ཡང༌། །དབུ་མའི་རིགས་པས་སྟོང་པར་མ་སྒྲུབས་ན། །འོད་གསལ་ངོ་བོར་རྟོགས་པས་དེར་འཛིན་གྱི། །མཚན་འཛིན་རྟོག་པ་ངང་གིས་ལྡོག་མི་ནུས། །ཞེས་པ། འོ་ན་རིག་པ་འཛིན་པའི་རྣལ་འབྱོར་པས། སྐྱེད་རིམ་རྟོག་ངོའི་ལྷ་དང༌། རྫོགས་རིམ་ཡེ་ཤེས་ཀྱི་ལྷ་མངོན་དུ་གྱུར་ཟིན་པའི་རྗེས་སུ། དབུ་མའི་རིགས་པས་བདེན་མེད་དུ་མ་སྒྲུབ་ན། འོད་གསལ་བའི་རིམ་པ་ཙམ་གྱིས་དེ་ལ་མཚན་འཛིན་གྱི་རྟོག་པ་ལྡོག་མི་ནུས་པར་འགྱུར་རོ། །གསུམ་པ་དེ་ལྟར་ཐལ་བ་ལ་འདོད་ན། བསལ་བ་སྟོན་ཚུལ་ནི། གཉིས་ཏེ། སྒྲུབ་ཐབས་ཀྱི་གཞུང་དག་ཏུ་དེ་འདྲའི་རིགས་པ་མ་བཤད་པའི་རྒྱུ་མཚན་གྱིས་འཆད་མི་དགོས་པ་དང༌། འོད་གསལ་དང་རང་བཞིན་སྟོང་པ་ཉིད་བསམས་པ་ཙམ་གྱིས་ཆོག་པར་བཤད་པས་བསལ་ལོ། །ཞེས་སྟོན་པ་ནི། དེ་ཡང་དེ་ལྟར་འདོད་པ་མིན་པ་ནི། སྐབས་དེར་དེ་འདྲའི་རིགས་པ་མི་འཆད་ཅིང༌། ལྷག་མོས་དཀྱིལ་འཁོར་འོད་གསལ་བསྡུས་པ་དང༌། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལོ། །རྣམ་པར་བསྡུས་ནས་རང་བཞིན་སྟོང་ཉིད་ཀྱི། །ངང་ནས་ཅི་ཡང་མི་དམིགས་བསམ་བྱས་ན། །དེ་སྟོང་སྒྲུབ་པའི་རིགས་པ་མ་བསམས་ཀྱང༌། །དེར་ཞེན་སེལ་བ་ཚད་ལྡན་མཁས་པའི་གཞུང༌། །ཞེས་པ། གོང་གི་ཧ་ཅང་ཐལ་བ་དེ་ལ་གངས་ཅན་དུ་བྱོན་པའི་མཁས་གྲུབ་གོང་མ་རྣམས་ཀྱི་འདོད་ལན་འདེབས་པར་མི་མཛད་པས་ན། སྔགས་དང་རྣལ་འབྱོར་སྤྱོད་པའི་ལྟ་བ་གཞི་མཐུན་པ་ཉིད་དུ་གྲུབ་ལ། བོད་ཕྱི་མས་འདོད་ལན་འདེབས་པ་ལ། གསང་བ་འདུས་པ་ལ་སོགས་པའི་རྒྱུད་དང༌། སྒྲུབ་ཐབས་ཀྱི་གཞུང་དང་ཆོས་དྲུག་དང་རིམ་པ་ལྔ་པ་སོགས་ཀྱི་ལམ་གྱི་གོ་རིམ་དང༌། ཉལ་བ་དང་ལྡང་བའི་རྣལ་འབྱོར་སོགས་ཀྱི་གོ་དོན་ལ་བསམས་ནས་བསལ་བ་བརྗོད་པའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང༌། རྣལ་འབྱོར་སྤྱོད་པ་པའི་ལུགས་ཀྱི་ལྟ་བ་ཉམས་སུ་ལེན་པ་དག་གིས། ཀུན་བཏགས་པའི་མིང་ཅན་གྱི་གཟུང་འཛིན་གཉིས་པོ་རང་གི་ངོ་བོ་སྟོང་པར་གཏན་ལ་ཕེབས་ན། ཡོངས་གྲུབ་ཀྱི་མིང་ཅན་མཐའ་གཉིས་དང་བྲལ་བའི་ཡེ་ཤེས་དེ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པས་སྟོང་པར་གཏན་ལ་མ་ཕབ་ཀྱང༌། འོད་གསལ་བའི་ངོ་བོར་རྟོགས་ཤིང༌། གོམས་པར་བྱས་པ་ཉིད་ཀྱིས་དེ་ལ་མཚན་མར་འཛིན་པའི་རྟོག་པ་སེལ་ནུས་པར་གྲུབ་བོ། །ཞེས་བྱ་བ་འདི་དང༌། དེ་ཁོ་ནར་མ་ཟད། ཁྱབ་བྱེད་འཛིན་པ་རང་གི་ངོ་བོས་སྟོང་པར་གཏན་ལ་ཕེབས་ཤིང་གོམས་པ་ཉིད་ཀྱིས། ཁྱབ་བྱ་ཆོས་ཉིད་ལ་མཚན་མར་འཛིན་པ་ཡང་སེལ་ནུས་པ་ཡིན་ཏེ། མཚན་འཛིན་མཐའ་དག་གི་ས་བོན་སེལ་ནུས་ཀྱི་གཉེན་པོ་ཡེ་ཤེས་གང་ལ་བརྟེན་པའི་རིགས་པ་སྔོན་དུ་སོང་བ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཙམ་གྱིས་མི་ཆོག་པར། ཡེ་ཤེས་དེ་ཉིད་རང་སྟོང་དུ་གཏན་ལ་འབེབས་དགོས་སོ། །ཞེས་ཟེར་བ་དང༌། འཕགས་པའི་མཉམ་བཞག་ན་ཡུལ་ཅན་གྱི་བློ་ཡོད་པ་དང༌། སངས་རྒྱས་ཀྱི་ས་ན་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་པ་དང༌། རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བར་འདོད་པ་རྣམས་ནི་ཤིན་ཏུ་འགལ་བ་ཡིན་ཏེ། དེ་ལྟར་འཆད་པ་དབུ་མ་ཐལ་རང་གི་ལུགས་གཙང་མ་དེ་ལ་མེད་པའི་ཕྱིར། དེ་ལས་གཞན་དུ་ན། དབུ་མ་རྩ་བའི་དེ་བཞིན་གཤེགས་པ་དང་མྱང་འདས་བརྟག་པའི་སྐབས་དང༌། དབུ་མ་ལ་འཇུག་པ་དང་སྤྱོད་འཇུག་གི་འབྲས་བུའི་སྐབས་དང༌། ཇོ་བོ་ཨ་ཏི་ཤའི་བདེན་གཉིས་དང༌། དབུ་མའི་མན་ངག་རྣམས་སུ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཤེས་རབ་ཀྱིས་རྟོག་པར་བྱོས་ཤིག གསུམ་པ། དེས་ན་འཁོར་ལོ་ཐ་མ་ངེས་དོན་དུ་གྲུབ་པ་ལ། གསུམ་སྟེ། བྱམས་ཆོས་ཐོག་མཐའི་ཉམས་ལེན་གྱི་ལྟ་བ་ངོས་འཛིན་ཚུལ་ལས་གྲུབ་པ་དང༌། ཀླུ་སྒྲུབ་ཞབས་ཀྱི་གཞུང་ཕྱི་མའི་ཉམས་ལེན་གྱི་ལྟ་བའི་ངོས་འཛིན་ཚུལ་ལས་དེར་གྲུབ་པ་དང༌། འཁོར་ལོ་ཐ་མའི་དབྱེ་བ་གསུམ་དུ་ཕྱེ་ནས་གསུམ་ཀའི་ལྟ་བ་དབུ་མར་གྲུབ་པའོ། །དང་པོ་ལ་གསུམ་སྟེ། གཞུང་གཉིས་པོའི་རང་རྐང་གྲུབ་མཐའ་གང་དུ་བཤད་པས་མདོར་བསྟན། ཐོགས་མེད་མཆེད་ཀྱིས་དབུ་མར་བཀྲལ་བའི་ཚུལ་གྱིས་རྒྱས་པར་བཤད། འཕགས་སེང་གྱི་འཆད་ཚུལ་འདིར་གཙོ་བོ་མ་ཡིན་ཀྱང་དོན་གྱི་སྒོ་ནས་འཇུག་བསྡུ་བའོ། །དང་པོ་ནི། མ་ཕམ་བྱམས་པས་མངོན་རྟོགས་རྒྱན་གཞུང་དང༌། །རྒྱུད་བླའི་བསྟན་འཆོས་དབུ་མར་བཤད་མཚུངས། །ཞེས་པ། གཞུང་དེ་གཉིས་ཀ་ནས་འབྱུང་བའི་སྒོམ་པས་ཉམས་སུ་བླང་བྱའི་ལྟ་བ་ནི་གཅིག་ཁོ་ན་ཡིན་ཏེ། འཁོར་ལོ་བར་པའི་ངེས་དོན་མཐར་ཐུག་འཁོར་ལོ་ཐ་མར་ངོས་བཟུང་བ་དེ་ཉིད་རྒྱུད་བླ་མའི་བསྟན་འཆོས་ཀྱིས་སྒྲ་ཇི་བཞིན་པ་ཉིད་དུ་བཤད་པའི་ཕྱིར་དང༌། རྒྱན་དུའང་ཡུལ་གཞི་ལམ་རྣམ་གསུམ་ངོ་བོ་ཉིད་དུ་གྲུབ་པར་ཞེན་པས། སྟོང་པའི་མྱོང་བ་གསལ་རིག་དེ་ཉིད་ལ་མྱོང་བྱ་ཤེས་རྣམ་གྱི་མིང་གི་བཏགས་ནས་སྒོམ་པས་ཉམས་ལེན་གྱི་ལྟ་བ་མཐར་ཐུག་དེའི་ཡུལ་ཉིད་དུ་བཤད་པའི་ཕྱིར་རོ། །ཀྱང་ཞེས་བྱ་བའི་སྒྲས་བསྟན་པ་ནི། གཞུང་གཉིས་པོ་ཉམས་ལེན་གྱི་ལྟ་བ་མཚུངས་ཀྱང༌། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་ནི་མི་འདྲ་སྟེ། རྒྱན་དུ་དོན་བདུན་བཅུར་གྲགས་པའི་གཞུང་གིས་ནི་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྒྲ་ཇི་བཞིན་པ་ཉིད་དུ་བཤད་པས་རང་སྟོང་གི་འཆད་ཚུལ་ལྟར་ངེས་ལ། གཞུང་ཕྱི་མར་ནི། ཇི་སྐད་དུ། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་གཞན་སྟོང་གི་ཚུལ་གསལ་བར་བཤད་པས་སོ། །གཉིས་པ་ལ་གཉིས་ཏེ། ཐོགས་མེད་ཞབས་ཀྱིས་བཤད་ཚུལ་དང༌། དེ་ཉིད་དབྱིག་གཉེན་གྱིས་ཀྱང་བཀྲལ་བའི་ཚུལ་ལོ། །དང་པོ་ནི། ཐོགས་མེད་ཞབས་ཀྱིས་ཇི་ལྟར་བཀྲལ་བ་ནི། མངོན་རྟོགས་རྒྱན་དུ་སྦྱོང་བྱེད་སྒྲུབ་པ་ཉིད། །རྣམ་པར་བཤད་ནས། ཞེས་དང༌། ཐེག་ཆེན་རྒྱུད་བླར་གཉིས་མེད་ཡེ་ཤེས་དེ། །སྦྱང་གཞིར་བཞག་ནས་དེ་སྦྱོང་བྱེད་པ་ཡི། །སྒྲུབ་པའི་འཛིན་སྟངས་སྤྲོས་དང་བྲལ་བ་ཉིད། །སྦྱང་བྱའི་དྲི་མ་ཆོས་ལ་ཁོང་ཁྲོ་སོགས། །ཆོས་མོས་ལ་སོགས་རྣམ་བཞིས་སྦྱངས་བ་ན། །གཙང་བདག་བདེ་དང་རྟག་པའི་ཕ་རོལ་དུ། །ཉེ་བར་སོན་པ་ཆོས་ཀྱི་སྐུའོ་ཞེས། །དེ་ལྟར་འཆད་པ་ཐོགས་མེད་ཞབས་ཀྱི་ལུགས། །ཞེས་པ། ཐོགས་མེད་ཞབས་ཀྱིས་ནི། རྒྱན་དང་རྒྱུད་བླའི་འཆད་ཚུལ་དབུ་མར་གནས་སོ་ཞེས་མི་འཆད་པ་ནི་གངས་ཅན་དུ་ཕྱིས་བྱོན་པ་དག་ལ་མི་སྣང་བས། དེས་ཇི་ལྟར་འཆད་པའི་ཚུལ་དཔྱིས་ཕྱིན་པ་ཤེས་བྱེད་ཀྱི་དཔེར་བཀོད་ནས། དབྱིག་གཉེན་ཞབས་ཀྱིས་ཀྱང་དེ་ཉིད་བཀྲལ་བར་འཆད་པ་ནི། གཞུང་དྲངས་མ་ཐག་པ་དེའི་བསྡུས་པའི་དོན་ནོ། །ཚིག་གི་དོན་ནི། རྒྱན་དང་རྒྱུད་བླ་གཉིས་ཀས་མཉམ་བཞག་གི་ལྟ་བས་ས་ལམ་བགྲོད་པའི་རིམ་པ་ནི། ཇི་སྐད་དུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པ་ལྟར། ཁམས་བདེ་བར་གཤེགས་པའི་སྙིང་པོ་སྦྱང་གཞིར་བཞག་ནས། སྦྱོང་བྱེད་སྒྲུབ་པ་བཞིའམ་སྦྱོར་བ་བཞི་དང་དོན་བདུན་བཅུ་དང་ཡོངས་སྦྱོངས་དྲུག་ཅུ་དང༌། ཆོས་ལ་མོས་པ་སོགས་རྣམ་པ་བཞིའི་མིང་ཅན་དེ་དག་གིས་སྦྱང་བྱའི་དྲི་མ་རྒྱུད་བླར་ཆགས་སོགས་དྲི་མ་དགུ་དང༌། སྤང་བྱ་སྒྲིབ་པ་གསུམ་དང༌། ཆོས་ལ་ཁོང་ཁྲོ་བ་སོགས་ཀྱི་མིང་གིས་བསྟན་པ་དེ་དག་དང༌། རྒྱན་དུ་སྤང་བྱ་རྟོག་པའི་དབྱེ་བ་རྒྱས་པར་བཤད་པ་དེ་དག་སྦྱངས་པ་ལས། འབྲས་བུ་ཆོས་ཀྱི་སྐུ་སྦྱངས་འབྲས་སུ་འཆད་པ་ལ་ཁྱད་པར་མེད་དོ། །དེ་ལྟར་འཆད་པ་དེའི་ཚེ་ན། གཞི་དུས་སུ་འཁོར་འདས་སོ་སོའི་བག་ཆགས་འཇོག་པའི་རྟེན་ཀུན་གཞིའི་རྣམ་གཞག་དང༌། ལམ་དུས་སུ་བློ་བུར་གྱི་དྲི་མ་སྤང་བྱར་བཤད་ནས། རང་བཞིན་རྣམ་དག་གི་ཆ་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་ཁས་ལེན་པ་དང༌། འབྲས་བུའི་དུས་སུ་གནས་གྱུར་མཐར་ཐུག་པའི་ཡེ་ཤེས་ཡོད་པར་ཁས་ལེན་དགོས་པ་ལ་ཁྱད་པར་མེད་དོ། །དེ་ལྟར་འཆད་པའི་ལུགས་དེ་དབུ་མ་ཉིད་དུ་ཁས་བླངས་པས་ཆོག་གམ། སེམས་ཙམ་གྱི་ཚུལ་ལས་མ་འདས་ཞེས་བརྟགས་པ་ན། དང་པོ་ལྟར་ན་ནི། བྱམས་ཆོས་བར་པ་གསུམ་ཚད་ལྡན་གྱི་དགོངས་འགྲེལ་མཐའ་དག་དང་བཅས་པ་དབུ་མ་ཉིད་དུ་གདོན་མི་ཟ་བར་གྲུབ་ལ། གཉིས་པ་ལྟར་ན་ནི། འཕངས་སེང་གིས་འཆད་ཚུལ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རབ་ཏུ་མང་པོ་དག་སེམས་ཙམ་དུ་ཐལ་བར་འགྱུར་རོ། །ཐོགས་མེད་ཀྱིས་འཆད་ཚུལ་དེ་ཉིད་ངོ་བོ་ཉིད་མེད་པར་སྨྲ་བའི་འཆད་ལུགས་སོ། །ཞེ་ན། དེ་ལྟར་འཆད་པ་དེ་ཀླུ་སྒྲུབ་ཀྱི་ལུགས་མ་ཡིན་ནོ། །ཞེས་ནི་མི་སྨྲ་ལ། ཐལ་རང་གི་ལུགས་གཙང་མ་དེ་ནི་མ་ཡིན་ཏེ། སྤྱོད་འཇུག་ཏུ། གལ་ཏེ་འཁོར་བར་ངོས་རྟེན་ཅན། །ཞེས་སོགས་དང༌། འཇུག་པར། ཀུན་གཞི་ཡོད་ཅིང༌། ཞེས་སོགས་ཀྱིས་གཞི་དུས་ཀྱི་གནས་དང༌། ལམ་དུས་ཀྱི་རང་བཞིན་དང་འབྲས་དུས་ཀྱི་གནས་གྱུར་ལ། ལེགས་ལྡན་དང༌། ཟླ་བ་དང༌། ཞི་བ་ལྷ་གསུམ་ཆར་གྱིས་དགག་པ་ཤིན་ཏུ་རྒྱས་པར་མཛད་པའི་ཕྱིར་རོ། །དེ་ལྟར་ན་རྗེ་བཙུན་བྱམས་པའི་གཞུང་ལུགས་སྨྲ་བ་དག་གིས་ནི། ཐོགས་མེད་ཞབས་ཀྱི་གཞུང་ལུགས་ཚད་མར་ཁས་ལེན་དགོས་ཏེ། རྩོམ་པ་པོ་འཕགས་པ་ཡིན་པ་དང༌། དྲང་ངེས་འབྱེད་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་བརྙེས་པའི་ཕྱིར། དཔེར་ན། ཐལ་རང་གི་གཞུང་མང་པོར་གཏན་ཚིགས་དེ་ལྟར་བཀོད་ནས་ཀླུ་སྒྲུབ་ཞབས་ཀྱི་གཞུང་ཚད་མར་བསྒྲུབས་པ་བཞིན་ནོ། །གཉིས་པ་ནི། བོད་སྔ་ཕྱི་མང་པོ་དག་ན་རེ། འཕགས་པ་ཐོགས་མེད་དབུ་མ་པ་ཡིན་ཀྱང༌། དབྱིག་གཉེན་དང་དེའི་གཞུང་ལུགས་རྣམས་ནི་སེམས་ཙམ་དུ་ངེས་ཏེ། ཇི་སྐད་དུ། རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་འབྱུང་བ་ལྟར་རོ། །ཞེས་ཟེར་རོ། །དེ་ལྟ་ན། བྱམས་པ་དང་ཐོགས་མེད་ཀྱང་སེམས་ཙམ་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཤེས་བྱ་མེད་པ་དང༌། ཆོས་དབྱིངས་ཀྱི་ངོ་བོ་ཡེ་ཤེས་སུ་འཆད་པའི་ཕྱིར། ཞེས་པའི་ཐལ་བ་དང༌། རང་རྒྱུད་ཀྱང༌། དབྱིག་གཉེན་ཞབས་ཀྱིས་ཐེག་པ་ཆེན་པོའི་དགོངས་འགྲེལ་དུ་མཛད་པ་དེ་དག་གི་ལྟ་བའི་མཐར་ཐུག་ནི་དབུ་མར་གནས་པ་ཡིན་ཏེ། བྱམས་པའི་གཞུང་ཇི་ལྟ་བ་ཉིད་ཀྱི་ཕྱིར། ཞེས་སྟོན་པ་ནི། ལྟ་བའི་ཡུལ་དེ་ནི། དབྱིག་གཉེན་ཞབས་ཀྱིས་ཡུམ་གསུམ་གནོད་འཇོམས་སུ། །སྤྲོས་ཚོགས་ཀུན་བྲལ་ཡེ་ཤེས་ལ་བཤད་ནས། །མཐར་ཐུག་ཐེག་གཅིག་ཚུལ་ཡང་དེར་བཤད་དོ། །ཞེས་པ་གཞི་དུས་སུ་ཤེས་བྱའི་གནས། ལམ་དུས་སུ་ལྟ་བའི་ཡུལ། འབྲས་དུས་སུ་ངོ་བོ་ཉིད་ཀྱི་སྐུ་སྟེ། གསུམ་ཀ་ཡང་ཆོས་དབྱིངས་ཡེ་ཤེས་ཀྱི་སྟེང་ནས་འཇོག་པ་ནི་རྗེ་བཙུན་བྱམས་པའི་གཞུང་མཐའ་དག་གི་བཞུགས་ཚུལ་ཡིན་ལ། དེ་ཡང་དབུ་མར་མི་འདོད་ན་ནི། རྡོ་རྗེ་ཐེག་པའི་གཞུང་དབུ་མར་འདོད་པ་དང་འགལ་ཞིང༌། དབྱིག་གཉེན་ཞབས་ཀྱི་རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ཀྱང་ལྟ་བའི་གྲུབ་མཐའ་བཤད་མ་ཐག་པ་དེ་ལས་མ་འདས་པར་ནི་རང་ཉིད་ཀྱི་གཞུང་ན་གསལ་ལོ། །འདི་ལ་གཞན་དག་ན་རེ། དབུ་མ་པ་ཡིན་ན་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འཆད་པ་ཡིན་པ་ལས། དབྱིག་གཉེན་གྱིས་ནི་དེ་ལྟར་མི་འཆད་དོ། །ཞེས་ཟེར་བ་དེ་སྤང་བའི་སླད་དུ། སློབ་དཔོན་དེས་ཀྱང༌། འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་གསུམ་གྱི་རྣམ་བཤད་དུ་མཐར་ཐུག་གི་ཐེག་པ་གཅིག་ཏུ་བཤད་པ་ཡིན་ཏེ། དམ་པའི་ཆོས་པད་མ་དཀར་པོ་ལས། ཤཱ་རིའི་བུ་སངས་རྒྱས་པད་མའི་འོད་ཅེས་བྱ་བར་ལུང་བསྟན། ཞེས་བཤད་པ་ལ་འཕྲོས་ནས། ཇི་སྐད་དུ། གལ་ཏེ་དགྲ་བཅོམ་པ་རྣམས་ཀྱང་སྲིད་པར་ཉིང་མཚམས་སྦྱོར་དུ་ཟིན་ན་ནི། དགྲ་བཅོམ་པ་ཐམས་ཅད་ལས་ཀྱི་སྲིད་པ་སོ་སོར་ལེན་པར་འགྱུར་བས་ཐར་པ་མ་གྲུབ་པ་ཉིད་དུ་འགྱུར་རོ། །ཞེ་ན། ཞེས་པ་ནས། ཁོ་བོ་ནི་དགྲ་བཅོམ་པ་རྣམས་ལ་ལས་དང་ཉོན་མོངས་པ་ཡོད་དོ་ཞེས་མི་སྨྲ་ཡི། མདོ་གཞན་ལས་བསྟན་པའི་རིམ་པས་འདི་ལྟ་བུའི་དོན་རྒྱ་ཆེར་བསྟན་པར་བྱའོ། །ཞེས་མཚམས་སྦྱར་ནས། སེམས་ཅན་རྣམས་ལ་ངེས་མ་ངེས་གཉིས་སུ་ཕྱེ་ཞིང༌། ངེས་པ་རྣམས་དགྲ་བཅོམ་པ་ཉིད་དུ་ཐུག་ནས་དེ་ནས་ཐེག་པ་ཆེན་པོར་འཇུག་པ་དང༌། མ་ངེས་པ་རྣམས་ཐོག་མ་ཉིད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་མཛད་པ་དང་གཉིས་སུ་ཕྱེ་ནས། སྔ་མ་དེའི་ཤེས་བྱེད་འཆད་པ་ན། ཇི་སྐད་དུ། བྱས་པ་རྟོགས་པའི་ས་ལ་ཉོན་མོངས་པ་ཐམས་ཅད་ནི་སྤང་བར་གྱུར་ལ། མ་རིག་པའི་བག་ཆགས་ནི་མ་སྤངས་ཏེ། དེ་མ་སྤངས་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་མ་སྤངས་སོ། །དེ་དག་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་བཤད་པར་མཛད་དོ། །བཤད་པ་དེས་ཀྱང་དབང་པོ་ཤིན་ཏུ་སྦྱངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་ནུས་པའི་བསམ་པ་ཅན་དུ་གྱུར་ཏེ། རིམ་གྱིས་ཆོས་ཟབ་མོ་ལ་བཟོད་པ་ཡང་འཐོབ་པར་འགྱུར་རོ། །ཆོས་ཟབ་མོ་ལ་བཟོད་པ་འཐོབ་པ་རྣམས་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་སྟོན་ཏེ། དེའི་ཚེ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། །དེ་དག་དེ་ལྟར་གྱུར་པ་དང་ཡང་སྲིད་པ་གཞན་ལེན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང༌། སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་དོ། །ཞེས་གསུངས། གལ་ཏེ་འདི་འདྲ་དེ་མདོ་སྡེ་རྒྱན་དང་བསྡུ་བ་སོགས་ནས་ཀྱང་བཤད་པས། ལྷག་བཅས་ཀྱི་དགྲ་བཅོམ་པ་ཐེག་པ་ཆེན་པོར་འཇུག་པ་ལ་བསམས་པའོ། །ཞེ་ན། དེ་དག་དང་གཏན་འདྲ་བ་མ་ཡིན་ཏེ། གཞུང་དེ་དག་ཏུ་ནི། དགྲ་བཅོམ་པ་ལ་སྤྲུལ་པ་ཙམ་མ་གཏོགས། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་གཏན་མི་སྲིད་པར་བཤད་ལ། འདིར་ནི་ལྷག་མེད་དུ་ཡང་རིམ་པར་སྐྱེ་བ་ལེན་པའི་རྒྱུ་བག་ཆགས་དེ་ཡོད་པར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ་ཡང་སྲིད་པ་ཇི་ལྟར་ལེན་ཞེ་ན། རྣམ་པ་གཉིས་ཀྱིས་ཏེ། རྐྱེན་གྱི་སྟོབས་ཀྱིས་དང༌། རྒྱུའི་སྟོབས་ཀྱིས་སོ། །དེ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་གང་ཡིན་པ་དེ་ནི། ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྐྱེན་ཡིན་ནོ། །ཟག་པ་དང་བཅས་པའི་དགེ་བའི་རྩ་བ་ལས་བྱུང་བའི་ཟག་པ་མེད་པའི་དགེ་བའི་རྩ་བ་དེ་དག་ནི་སྲིད་པ་ཡོངས་སུ་འཛིན་པར་བྱེད་པའི་རྒྱུ་ཡིན་ནོ། །ཞེས་བཤད་དོ། །དེར་མ་ཟད་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །ཞེས་པའི་ལུང་ཁུངས་སུ་མཛད་ནས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ཡང་འཆད་ལ། སེམས་ཙམ་པས་ནི་འདི་མི་འདོད་པར་དབུ་མ་སྣང་བ་ལས་བཤད་དོ། །གསུམ་པ་འཕགས་སེང་གི་བཤད་པས་འཇུག་བསྡུ་བ་ནི། མདོ་དང་རྒྱན་གྱི་དགོངས་པའི་མཐར་ཐུག་ནི། འཕགས་སེང་གཉིས་ཀྱིས་དབུ་མར་བཀྲལ་ཞེས་པ། །དེ་ཉིད་ཀྱིས་ཀྱང་ཐོགས་མེད་ཆེད་ཀྱི་གཞུང༌། །ཀུན་གྱི་མཐར་ཐུག་དབུ་མ་ཉིད་དུ་གྲུབ། །ཅེས་ཁ་བསྐང་ནས། དེའི་ཤེས་བྱེད་ནི། གཞིའི་དུས་སུ་འཁོར་འདས་ཀུན་གྱི་རྟེན་རང་བཞིན་དུ་གནས་པའི་རིགས་སུ་ཁས་བླངས་པ་དང༌། ལམ་གྱི་དུས་སུ་ཆོས་དབྱིངས་ཀྱི་ངོ་བོ་ཡེ་ཤེས་སུ་བཤད་ནས། དེ་ཉིད་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་མྱོང་བྱར་ཁས་བླངས་པ་དང༌། འབྲས་བུའི་དུས་སུ་སྐུ་གསུམ་ཀ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བཤད་པའི་ཕྱིར་རོ། །གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་ངེས་དོན་ངོས་འཛིན་བསམས་ནས། བཀའ་ཐ་མའི་ལྟ་བ་དབུ་མར་སྒྲུབ་པ་ལ། གསུམ་སྟེ། སྤྱིར་ཀླུ་སྒྲུབ་ཀྱི་དགོངས་པ་ཚད་ལྡན་དག་གིས་མི་འདྲ་བར་བཤད་པའི་ཚུལ། ལུགས་དེར་ངེས་དོན་ཞིག་ངོས་འཛིན་པའི་ཚེ་འཁོར་ལོ་ཐ་མ་དང་མཐུན་པ། དེ་ལྟ་ན་ཡང་རིགས་ཚོགས་དང་མི་འགལ་བའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། འཕགས་པ་ཡབ་སྲས་ཀྱི་རིགས་ཚོགས་དང་གཞུང་བཞི་བརྒྱ་པ་ལ་རྩོམ་པ་པོ་ཚད་ལྡན་གྱིས་རྣལ་འབྱོར་སྤྱོད་པའི་ཚུལ་དུ་བཀྲལ་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་བ་གཉིས་སོ། །ཞེས་འཆད་པ་ནི། ཀླུ་སྒྲུབ་གཞུང་ལུགས་དཔལ་ལྡན་ཆོས་སྐྱོང་དང༌། །རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་ནི། །ཐོགས་མེད་བཞེད་གཞུང་ཇི་བཞིན་འགྲེལ་བྱེད་མོད། །དེ་གཞུང་འཆད་ལ་ཐལ་རང་ཁྱད་པར་འཕགས། །ཞེས་པ། ཆོས་སྐྱོང་གིས་དེ་ལྟར་བཀྲལ་བར་ནི། ཟླ་བས་འཇུག་པ་དང་བཞི་བརྒྱ་པའི་འགྲེལ་པར་བཤད་ལ། དེས་དེ་བཀག་པའི་རིགས་པའི་ཉིང་ཁུ་ནི། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཚད་མས་མ་འགྲུབ་པར་བཤད་པ་རྣམས་ཡིན་ལ། ཐལ་འགྱུར་བར་ཁས་ལེན་པའི་བོད་ཕྱི་མ་རྣམས་ཀྱིས་ནི། ཟླ་བས་གང་ཞིག་བཀག་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་སྤྱིར་ཚད་མས་གྲུབ་ཅིང༌། དབུ་མའི་རིགས་པས་དཔྱད་པའི་ཚེ་གང་དུ་ཡང་མ་གྲུབ་པར་ཁས་ལེན་པ་དང༌། བདག་དང་བདག་མེད། བདེན་གྲུབ་དང་བདེན་མེད་ལྟ་བུ། འཇིག་རྟེན་གྱི་གྲགས་པས་གྲུབ་པའི་ཤེས་བྱ་རྣམས་ལ་ཐ་སྙད་དུ་ཡང་ཡོད་མེད་ཀྱི་ཕྱེ་བསལ་བྱེད་པ་དང༌། སྟོང་པ་ཉིད་དང་དེའི་ཡུལ་ཅན་གྱི་ཡེ་ཤེས་ལ་དངོས་པོར་གྲུབ་མ་གྲུབ་ཀྱི་རྣམ་དབྱེ་འབྱེད་པ་དང༌། སངས་རྒྱས་ཀྱི་སར་རང་སྣང་གི་ཡེ་ཤེས་ཡོད་པ་ལ་སོགས་པར་ཁས་ལེན་པའི་ཕྱིར་རོ། །ཡང་ཤཱནྟི་པས་ཀྱང་ཀླུ་སྒྲུབ་ཀྱི་དགོངས་པ་གཞན་སྟོང་གི་ཚུལ་དུ་འགྲེལ་བ་ཡིན་ཏེ། དེས་མཛད་པའི་དབུ་མ་རྒྱན་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་སོ། །འགྲེལ་ཚུལ་གཉིས་པ་ནི་ཐལ་རང་དུ་གྲགས་པ་རྣམས་སོ། །དེ་ལྟར་གཉིས་ཀྱི་ནང་ནས་སྲོལ་དང་པོ་དེ་ཤེར་ཕྱིན་གྱི་མདོའི་དགོངས་པར་མི་རུང་ངོ་ཞེས་ནི་ནམ་ཡང་སྨྲ་བར་མི་བྱ་སྟེ། ཐོག་མར་སྟོན་པ་སངས་རྒྱས་ཉིད་ཀྱིས་ཤེར་མདོའི་དགོངས་པ་དོན་དམ་རྣམ་ངེས་ཀྱི་ལེའུར་བཀྲལ་བ་དང༌། རྗེ་བཙུན་བྱམས་པའི་གཞུང་ཕྱི་མ་བཞིའི་ནང་དུ་ཤེར་མདོའི་དགོངས་པ་ཇི་ལྟར་བཀྲལ་བ་དེ་ཉིད་ཐོགས་མེད་མཆེད་ཀྱིས་རྒྱས་པར་བཤད་པ་ཡིན་གྱི། རང་བཟོར་བཤད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། བཀའ་འཁོར་ལོ་ཕྱི་མ་ལས་བཤད་པ་ཉིད་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ནོ། །ཞེ་ན། བཀའ་ཐ་མ་ན་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འགྲེལ་དགོས་པ་མང་ཞིང༌། ཟླ་བའི་ཞབས་ཀྱིས་དེ་དག་དེར་བཀྲལ་བ་ཡང་ཡིན་མོད། བཀའ་ཐ་མའི་སྟོང་ཉིད་སྟོན་པའི་ཆ་རྣམས་ཟླ་བས་ཀྱང་དྲང་དོན་དུ་འགྲེལ་བ་མ་ཡིན་ཏེ། ཇི་སྐད་དུ། སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་ཀྱིས། །ཞེས་པའི་འགྲེལ་པར། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡོངས་གྲུབ་ངེས་པའི་དོན་དང་བཀའ་ཐ་མའི་དགོངས་པ་མཐར་ཐུག་ཏུ་གསལ་བར་བཤད་པའི་ཕྱིར། མདོར་ན་བཀའ་བར་པའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པ་ཉིད་དུ་ནི་སྟོན་པ་རྗེ་བཙུན་གྱིས་གསལ་བར་བཤད་ལ། བཀའ་ཐ་མའི་ངེས་དོན་སྒྲ་ཇི་བཞིན་པ་མ་ཡིན་པར་འཆད་བྱེད་ཀྱི་ཚད་ལྡན་ནི་སུ་ཡང་ཡོད་པ་མ་ཡིན་ཏེ། གཟུང་འཛིན་ཀུན་བཏགས་ཀྱིས་སྟོང་པའི་སྟོང་པ་ཉིད་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་འཆད་མཁན་གྱི་ཚད་ལྡན་སུ་ཡང་མི་སྣང་བའི་ཕྱིར་རོ། །སྟོང་ཉིད་དེ་བདེན་པར་གྲུབ་པ་དྲང་དོན་དུ་འཆད་དོ། །ཅེ་ན། བཀའ་ཐ་མར་རང་ལུགས་ཀྱི་སྟོང་ཉིད་དེ་དོན་དམ་པའི་བདེན་པར་འཆད་ཀྱང༌། དེའི་རང་ལྡོག་ནས་བདེན་པར་གྲུབ་པ་དེ་ངེས་དོན་དུ་འཆད་པ་མ་ཡིན་ཏེ། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་ཉིད་དེ་བརྗོད་བྲལ་དུ་མྱོང་བ་ཡིན་གྱི། བདེན་གྲུབ་དུ་མྱོང་བ་མ་ཡིན་པའི་ཕྱིར། དཔེར་ན་ངོ་བོ་ཉིད་མེད་པར་སྨྲ་བས་ཀྱང༌། ཁྱེད་རང་ལྟར་ན། སྟོང་ཉིད་ངེས་དོན་དུ་འཆད་ཀྱང༌། དེ་བདེན་གྲུབ་ངེས་དོན་དུ་མི་འཆད་པ་བཞིན་ནོ། །དེས་ན་འཁོར་ལོ་ཐ་མའི་ངེས་དོན་ལྟ་ཅི་སྨོས། འཁོར་ལོ་དང་པོའི་ངེས་དོན། གང་ཟག་གི་བདག་མེད་དྲང་དོན་དུ་འཆད་པའི་ཚད་ལྡན་སུ་ཡང་མེད་དོ། །བོད་ཕྱི་མ་ན་རེ། གང་ཟག་གི་བདག་མེད་ཐལ་འགྱུར་བའི་ལུགས་ཀྱི་དོན་དམ་པའི་བདེན་པ་ཡིན་མོད། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཀུན་རྫོབ་ཀྱི་བདེན་པའོ། །ཞེ་ན། དེ་ལྟར་འཆད་པ་དེ་ལས་ཅི་ཞིག་གྲུབ། འཁོར་ལོ་ཐ་མའི་ངེས་དོན་དུ་འཆད་པ་དེ་དྲང་དོན་དུ་གྲུབ་བོ། །ཞེ་ན། འཁོར་ལོ་ཐ་མའི་ངེས་དོན་མཐར་ཐུག་གི་ངོས་འཛིན་ལ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཅེས་ཁྱེད་ཀྱིས་ཐ་སྙད་བཏགས་པ་དེ་འདྲ་དེ་ནི་ཚད་ལྡན་སུས་ཀྱང་བཤད་པ་མེད་དོ། །འོན་ཀྱང་དེ་འདྲ་དེ་འཁོར་ལོ་ཐ་མའི་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་དོན་དུ་མི་རུང་ཡང༌། ཀུན་རྫོབ་ཀྱི་བདེན་པར་ནི་ཁོ་ཅག་ཀྱང་མི་འཆད་དེ། རྣལ་འབྱོར་གྱི་ས་གཉིས་པ་དང་སེམས་ཙམ་གྱི་ལྟ་བའི་ཡུལ་དུ་ཁས་ལེན་པའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་མེད་པ་པས་གཉིས་སྟོང་གི་དེ་ཁོ་ན་ཉིད་ངེས་དོན་དུ་ཁས་ལེན་པ་དང༌། གཉིས་སྟོང་གི་དེ་བཞིན་ཉིད་ཡོད་པ་སྒྲ་ཇི་བཞིན་པའི་ངེས་དོན་དུ་འཆད་པ་གཉིས་མ་ནོར་བར་བྱོས་ཤིག གལ་ཏེ་དེ་ལྟར་བཤད་ཚུལ་གཉིས་པོ་དེའི་ནང་ནས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པར་སོང་བ་ནི་གང་ཞིག་ཅེས་དཔྱོད་ན། གང་རུང་གཅིག་དེའི་དགོངས་པར་མ་སོང་ངོ་ཞེས་ན་སྨྲ་བར་ནུས་པ་མ་ཡིན་ནོ། །ཀླུ་སྒྲུབ་ཀྱིས་མཛད་པའི་གྲུབ་མཐའ་ནི་ལྟ་བས་ཁྱད་པར་དུ་བྱས་པ་ཡིན་ལ། དེ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་དང༌། སྒོམ་པས་ཉམས་སུ་ལེན་པའི་ལྟ་བ་གཉིས་བཤད་པ་ལས། སློབ་དཔོན་དེས་རིགས་པའི་ཚོགས་སུ་ནི་ལྟ་བ་དང་པོའི་དབང་དུ་མཛད་ལ། ཕྱི་མ་ནི་དེས་མཛད་པའི་སྔགས་ཀྱི་གཞུང་དང་བསྟོད་པའི་ཚོགས་སུ་བསྟན་པ་ཡིན་ལ། དེའི་ཚེ་བཤད་མ་ཐག་པའི་སྲོལ་གཉིས་ཀ་ཡང༌། ཉམས་ལེན་གྱི་ལྟ་བའི་ཡུལ་ཞིག་ངོས་འཛིན་པ་དེའི་ཚེ་ནི་མཐུན་པ་ཁོ་ན་ཡིན་ཏེ། གཉིས་ཀ་ཡང་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་དེར་འཆད་པ་ལ་ཁྱད་པར་མེད་པའི་ཕྱིར། ལྟ་བས་སྒྲོ་འདོགས་གཅོད་པའི་ཚུལ་ལ་ནི། རྣལ་འབྱོར་སྤྱོད་པའི་རིགས་པས་སྤྲོས་པའི་མཚན་མ་མཐའ་དག་གཅོད་པར་མི་ནུས་ཞེས་མི་སྨྲ་ཡང་དབུ་མ་རིགས་ཚོགས་ནས་འབྱུང་བའི་སྤྲོས་པ་གཅོད་ཚུལ་དེ་འཆད་པ་ལ། ཐལ་རང་དུ་གྲགས་པའི་འགྲེལ་པ་དག་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཤེས་ཕྱིན་གྱི་མདོའི་དངོས་བསྟན་དང་གཞུང་རྩ་བ་ཉིད་ཀྱི་སྒྲས་ཟིན་དང་མཐུན་ཞིང༌། ཤེས་བྱ་མཐའ་དག་གི་སྟེང་དུ་སྟོང་ཉིད་གཏན་ལ་ཕབ་པས་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་ཐབས་ལ་ཤིན་ཏུ་མྱུར་བ་དང་ཟབ་པའི་ཕྱིར། དེ་སྐད་དུ་ཡང༌། ཟླ་བས། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་དང༌། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་ཏེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་གསུངས་སོ། །སྲོལ་འབྱེད་དང་པོས་ཀུན་བཏགས་རང་གི་ངོ་བོས་སྟོང་པ་དང༌། གཞན་དབང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་ཀྱང༌། ཆོས་ཉིད་ཡོངས་གྲུབ་བརྗོད་བྲལ་ཙམ་དུ་བཤད་མོད། རང་གི་ངོ་བོས་སྟོང་པ་ཉིད་དུ་མ་བཤད་པས་དེ་ལ་མཚན་འཛིན་གྱི་རྟོག་པ་སྤང་བར་དཀའ་བ་དང༌། འཁོར་ལོ་བར་པར་ནི། མཉམ་བཞག་གི་ཚེ་ལྟ་བའི་ཡུལ་ཡང་སྟོང་ཉིད་མེད་དགག་གི་ཆ་ལས་གཞན་མ་བཤད་པ་དེས་ན། སྲོལ་འབྱེད་དང་པོས་བཀྲལ་བའི་རིགས་ཚོགས་དངོས་བསྟན་གྱི་ལྟ་བ་ནི་ཀུན་བཏགས་ངོ་བོས་སྟོང་པའི་མེད་དགག་ལས་གཞན་བཤད་དུ་མེད་པས་ཉི་ཚེ་བའི་སྟོང་ཉིད་དུ་གོ་ཞིང་དོགས་པའི་དགག་བྱ་ཡོད་པའོ། །དོན་དེ་ལ་བསམས་ནས། ཐོས་བསམ་གྱི་རིགས་པས་སྤྲོས་པ་གཅོད་པའི་རིགས་པ་འཆད་པ་ན། ཚད་ལྡན་གྱི་གཞུང་འགྲེལ་རྣམས་སུ་རྣལ་འབྱོར་སྤྱོད་པའི་རིགས་པ་སྔར་བཤད་ནས། དེའི་འོག་ཏུ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་པ་འཆད་པར་འདོད་དོ། །སྒྲོ་འདོགས་གཅོད་པའི་རིགས་པ་དབུ་མ་ཐལ་རང་བ་བཟང་ཡང་ཉམས་ལེན་གྱི་ལྟ་བ་རྣལ་འབྱོར་སྤྱོད་པའི་གཞུང་དུ་བཤད་པ་ཉིད་ཟབ་པ་ཡིན་ཏེ། གསང་སྔགས་ཀྱི་ལྟ་བའི་ཉམས་ལེན་དང་མཐུན་པའི་ཕྱིར་དང༌། ཐལ་རང་གི་གཞུང་ནས་གནས་ལུགས་དོན་དམ་པའི་ངོས་འཛིན་ཡིན་ངོ་ཤེས་པ་ཞིག་མ་བཤད་པའི་ཕྱིར་དང༌། དེར་ནི་ཀུན་རྫོབ་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མ་བཤད་པའི་ཕྱིར་རོ། །དེ་ནས་གལ་ཆེ་བའི་དོན་འདི་ལྟར་འཆད་པ་སྟེ། དེ་ལྟར་དབུ་མའི་བཤད་ཚུལ་གཉིས་ཀྱི་ནང་ནས། འདི་ནི་བདེན་གྱི་ཅིག་ཤོས་ནི་གཏི་མུག་གོ །ཅེས་འཆད་པ་དེ་དག་ལ་ནི་རྒྱལ་བའི་བཀའ་དང༌། ཚད་ལྡན་གྱི་བསྟན་བཅོས་དག་ལ་ཕྱོགས་སུ་ལྷུང་བའི་ཉེས་པ་ཤིན་ཏུ་ལྕི་བར་ནི། མདོ་སྡེའི་རྒྱན་དང་རྒྱུད་བླ་མ་ལས་འབྱུང་བ་དེས་ན། ཐོགས་མེད་མཆེད་ཀྱིས་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་ཚོགས་ཀྱི་ལྟ་བ་ལ་ཆད་པར་ལྟ་བ་ཞེས་སྨོད་པ་དེ་དག་ནི། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་ལ་ཟེར་བ་མ་ཡིན་གྱི། ཉམས་ལེན་གྱི་དོན་དམ་ངོས་འཛིན་རྒྱུ་མ་བྱུང་བ་ལ་ཟེར་བ་ཡིན་ཏེ། དེའི་ཚེ་ན་སྔགས་ཀྱི་ཉམས་ལེན་མི་རུང་བ་དང༌། ཕར་ཕྱིན་གྱི་ཐེག་པར་ཡང༌། སངས་རྒྱས་ཀྱི་སར་རིག་པ་རྒྱུན་ཆད་དུ་ཁས་བླངས་པས་ཆད་པའི་མྱང་འདས་སུ་ཐལ་བའི་ཕྱིར་རོ། །དབུ་མ་ཐལ་རང་དུ་སྨྲ་བ་རྣམས་ཀྱིས། རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་ལྟ་བ་རྟག་པའི་མཐར་ལྷུང་བ་ཉིད་དུ་འཆད་པ་དེ་ཡང་སྒོམ་པས་ཉམས་མྱོང་གི་ལྟ་བ་འཁྲུལ་བར་འཆད་པ་མ་ཡིན་གྱི། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ཚུལ་རྒྱ་ཆུང་པ་ལ་ཟེར་བ་ཡིན་ཏེ། དེར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་མ་ཕབ་པའི་ཕྱིར་དང༌། ཉམས་ལེན་གྱི་ལྟ་བ་འཁྲུལ་བར་བཤད་ན་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་རིམ་ལྔ་སྤྱོད་བསྡུས་སོགས་དང་མ་མཐུན་པ་དང༌། ཟླ་བའི་ཞབས་ཉིད་ཀྱིས་མཛད་པའི་འགྲེལ་ཆེན་སྒྲོན་མ་གསལ་བ་དང་ཡང་འགལ་བའི་ཕྱིར། དེས་ན་དབུ་མ་གཉིས་ཀྱི། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བའི་ཁྱད་པར་ནི། མ་ཡིན་པར་དགག་པ་དང༌། མེད་པར་དགག་པ་ཉིད་དུ་འཆད་པའི་སྒོ་ནས། ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྒྲ་ཇི་བཞིན་པ་ཉིད་ལ་རྩོད་པའོ། །དེ་ཡང་རྣལ་འབྱོར་སྤྱོད་པ་པས་ནི་ཤེར་ཕྱིན་གྱི་མདོར་བསྒོམ་བྱ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། དེའི་ཡུལ་ཅན་སོ་སོར་རང་རིག་པ་གཉིས་ཀ་བཤད་པར་བཞེད་ལ། དབུ་མ་ཐལ་རང་དུ་སྨྲ་བས་ནི་ཤེར་མདོའི་དངོས་བསྟན་གྱི་ལྟ་བ་སྟོན་པའི་ཆ་ཤས་རྣམས་སུ། ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་འཆད་པ་ལས་གཞན་ཡུལ་ཡུལ་ཅན་གྱི་རྣམ་གཞག་སོ་སོ་བ་དང༌། ཡེ་ཤེས་ཀྱིས་སྟོང་པ་ཉིད་རྟོགས་པ་དང༌། སྟོང་ཉིད་དོན་དམ་ཡིན་པ་སོགས་ལྟ་ཞོག མཐར་ཐུག་གི་ཚེ་རྗེས་ཐོབ་དུའང་ཡོད་པ་དང་མེད་པ་ལ་སོགས་པའི་རྣམ་གཞག་གང་ཡང་ཞལ་གྱིས་མི་བཞེས་པ་ཉིད་དུ་འཆད་པའོ། །འཕགས་སེང་གེ་འགྲེལ་པར་ནི་གོང་དུ་བཤད་ཟིན་པ་ལྟར། ལུགས་དེ་གཉིས་འགལ་བ་མེད་པའི་ཚུལ་གྱིས་བསྲེས་ནས་ཁས་བླངས་པ་ཡིན་ཏེ། སྤྲོས་པ་གཅོད་པའི་རིགས་པ་ངོ་བོ་ཉིད་མེད་པའི་ལུགས་ལྟར་བཤད་ནས་ཉམས་ལེན་གྱི་ལྟ་བ་རྣལ་འབྱོར་སྤྱོད་པ་པ་ལྟར་ཁས་ལེན་པ་ནི་དེ་དག་གི་འགྲེལ་པ་སོ་སོ་ན་གསལ་བའི་ཕྱིར། དཔེར་ན། ཤེར་ཕྱིན་གྱི་མདོར་རྣམ་པ་གཞི་མེད་བརྗོད་པར་སྟོན་པ་ལ་གནོད་བྱེད་འཕངས་པ་དང༌། སྟོང་ཉིད་ཉི་ཤུ་སྟོན་པའི་མདོའི་བསྟན་བྱའི་གཙོ་བོ་ཡེ་ཤེས་ཀྱི་ཚོགས་སུ་བསྒྲུབས་པ་དང༌། སྐབས་གཉིས་པའི་མཐོང་ལམ་གྱི་མདོས་བསྒོམ་བྱའི་ཤེས་རྣམས་མ་བསྟན་པར་འདོད་པ་ལ་ལུང་རིགས་ཀྱི་གནོད་བྱེད་འཕངས་པ་དང༌། སྐུ་ལྷག་མ་གསུམ་ཆོས་ཉིད་དུ་བཤད་པ་དང༌། འཕགས་པས་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཆོས་ཉིད་དུ་བཤད་པ་བཞིན་ནོ། །དེ་ཉིད་རྒྱན་རྩ་བའི་དགོངས་པར་ཡང་གནས་པ་ཡིན་ཏེ། རྣམ་དག་ཤིན་ཏུ་བའི་ཐོབ་བྱེད་ཀྱི་རྒྱུ་བར་ཆད་མེད་ལམ་འཆད་པ་ན། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཅེས་དང༌། འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོ་འཆད་པ་ན། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་དང༌། སྐད་ཅིག་མའི་སྦྱོར་བ་འཆད་པ་ན། ཆོས་རྣམས་གཉིས་སུ་མེད་པ་ཉིད། །ཅེས་གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཉིད་བསྒོམ་བྱ་དང་ཤེས་སྒྲིབ་ཀྱི་ས་བོན་འཇོམས་བྱེད་དུ་བཤད་པའི་ཕྱིར་རོ། །འཆད་ཚུལ་དེ་ལས་གཞན་དུ། ལེགས་ལྡན་དང་ཟླ་བས་ཐོགས་མེད་མཆེད་བཅས་སེམས་ཙམ་པར་བཤད་པས་དེ་དག་གི་གཞུང་ལུགས་སེམས་ཙམ་གྱི་གཞུང་དུ་འགྱུར་ན། ཐོགས་མེད་མཆེད་བཅས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བ་དག་ཆད་སྨྲ་བར་བཤད་པས་དེ་དག་གི་གཞུང་ཡང་དེར་ཐལ་བ་དང༌། ཟླ་བས་ལེགས་ལྡན་འབྱེད་དབུ་མ་པ་མ་ཡིན་པར་བཞེད་པས། དབུ་མ་རང་རྒྱུད་པ་རྗེས་འབྲང་དང་བཅས་པ་དག་ཀྱང་དངོས་སྨྲ་བ་ཉིད་དུ་ཐལ་བར་འགྱུར་བ་དང༌། རྣམ་འགྲེལ་མཛད་པ་དང༌། མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་སོགས་ཀྱིས་ཚུལ་གསུམ་པ་ཅན་གྱི་རྟགས་ལ་མ་རྟེན་པར་ལྐོག་གྱུར་གྱི་དོན་མི་རྟོགས་པར་བཤད་པས་ན། དབུ་མ་ཐལ་འགྱུར་བའི་རིགས་པས་ཀྱང་དེ་མ་རྟོགས་པར་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཀླུ་སྒྲུབ་ཞབས་ཀྱིས་འཁོར་ལོ་དང་པོ་གཉིས་སུ་ལྟ་བ་གཏན་ལ་འབེབས་ལུགས་ཇི་ལྟར་འཆད་པའི་ཚུལ། འཁོར་ལོ་ཐ་མའི་ངེས་དོན་སྒོམ་པས་ཉམས་སུ་མྱོང་བྱ་ཉིད་དུ་ཇི་ལྟར་བཤད་པའོ། །དང་པོ་ནི། བདག་ཉིད་ཆེ་འདིས་བདེན་བཞིའི་ཆོས་འཁོར་དང༌། །ཤེར་ཕྱིན་མདོའི་དགོངས་པ་འགྲེལ་བ་ན། །རིགས་པའི་ཚོགས་སུ་བདག་དང་བདག་མེད་དང༌། སྤྲོས་ཚོགས་ཀུན་ཟློག་རིམ་གསུམ་རིམ་པར་བཞེད། །ཅེས་པ། འཕགས་པ་ཡབ་སྲས་ཀྱིས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཞེས་ཡོངས་སུ་གྲགས་པ་དེའི་ནང་ནས། དང་པོ་གཉིས་ཀྱི་ལྟ་བ་གཏན་ལ་འབེབས་པ་ན་ཡང་རིམ་པ་གསུམ་དུ་བཞེད་པ་ཡིན་ཏེ། རྩེ་ཤེས་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །འདི་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་དང༌། བདག་གོ་ཅེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང༌། བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང༌། །ཐ་མར་ལྟ་གཞི་ཀུན་ཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས། འདི་ནི་རིགས་ཚོགས་ཀྱི་ལུགས་དང་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་སྟོན་ཚུལ་གྱི་དབང་དུ་བྱས་པ་སྟེ། དང་པོར་བདག་དང་བདེན་པ་ཡོད་ཅེས་བསྟན་པས་ཕྱི་རོལ་པ་དག་ཀྱང་བསྟན་པ་ལ་འཇུག་པར་བྱེད་ཅིང༌། བསོད་ནམས་ཀྱི་ཚོགས་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱེད། དེའི་འོག་ཏུ་བདག་དང་བདེན་པ་ནི་མེད་ལ། དེ་མེད་པ་ནི་གནས་ལུགས་སོ་ཞེས་རྣམ་གྲངས་པའི་བདེན་པ་ལ་ངེས་པ་བསྐྱེད་ནས་སྤྲོས་པའི་མཚན་མ་རགས་པ་འགོག་པར་བྱེད། དེའི་འོག་ཏུ་བདག་དང་བདེན་པ་ཡོད་པ་མ་ཡིན་པའི་རྟགས་ཀྱིས་བདག་མེད་དང་བདེན་མེད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སྤྲོས་པའི་མཚན་མ་ཕྲ་མོ་དག་ཀྱང་འགོག་པར་བྱེད་དོ། །དེ་ལྟར་རིམ་པ་གསུམ་པོ་དེ་ནི་བསོད་ནམས་ཀྱི་ཚོགས་སོག་པ་དང༌། ཐོས་བསམ་གྱི་ལྟ་བས་སྒྲོ་འདོགས་གཅོད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་རིམ་པའོ། །འོ་ན་སྒོམ་པས་ཉམས་སུ་མྱོང་བྱའི་ལྟ་བ་ཡང་དེར་ངེས་སམ་ཞེ་ན། ཕར་ཕྱིན་ཐེག་པ་རྐྱང་པས་ལམ་བགྲོད་པའི་དབང་དུ་བྱས་ན། ཅི་ཡང་མི་དམིགས་པའི་དོན་ལ་མཉམ་པར་འཇོག་པ་དང༌། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་ཟུང་དུ་སྦྲེལ་བ་ཉིད་ཀྱིས་འབྲས་བུ་སྐུ་གསུམ་འགྲུབ་པ་ལ་དགོངས་ནས། རིགས་པའི་ཚོགས་དང་གཏམ་གྱི་ཚོགས་སུ་ནི་བཤད་མ་ཐག་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་པོ་དེ་ཉིད་ལས་གཞན་མི་བཞེད་ལ། རྡོ་རྗེ་ཐེག་པའི་ལུགས་ཀྱི་ལྟ་བས་ཉམས་སུ་ལེན་པའི་ངེས་དོན་གྱི་ངོས་འཛིན་ནི། འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་དང༌། བསྟོད་པའི་ཚོགས་སུ་འབྱུང་བ་དག་སྟེ། འདི་ནི་ཆོས་སྟོན་ཚུལ་གྱི་གོ་རིམ་བཞི་པའོ། །གཉིས་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཐའ་བྲལ་དུ་གཏན་ལ་བབ་ཟིན་པ་དེའི་འོག་ཏུ། སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་ཞིག་ཀྱང་འཕགས་པ་ཡབ་སྲས་ཀྱི་ངོས་བཟུང་བ་ཡིན་ལ། དེ་ནི་མདོ་སྡེ་དགོངས་འགྲེལ་སོགས་བཀའ་འཁོར་ལོ་ཐ་མ་ལས་བྱུང་བའི་ངེས་དོན་སྒྲ་ཇི་བཞིན་པ་དེ་ཉིད་དོ། །ཅེས་འཆད་པ་ནི། དེ་འོག་དོན་དམ་རྣམ་པར་ངེས་པ་དང༌། །དཔལ་ལྡན་འདུས་པའི་ངེས་དོན་འཆད་པ་ན། །གདོད་ནས་མྱ་ངན་འདས་ཤིང་བརྗོད་བྲལ་བའི། །རང་རིག་ཡེ་ཤེས་གཞི་ལམ་འབྲས་བུ་ཡི། །གནས་སྐབས་ཀུན་ཏུ་ཁྱད་པར་མེད་ཞུགས་པ། །དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། །སེམས་ཀྱི་རྡོ་རྗེ་དོན་དམ་བདེན་པ་དང༌། །དོན་དམ་བྱང་སེམས་སངས་རྒྱས་སྙིང་པོ་དང༌། །རང་བཞིན་འོད་གསལ་རྡོ་རྗེ་སེམས་དཔའ་སོགས། །ངེས་དོན་མཐར་ཐུག་རྣམ་གྲངས་དུ་མས་བསྟན། །ཞེས་པ་སྟེ། རྗེ་བཙུན་ས་སྐྱ་པའི་གསུང་གིས། སྒོམ་པས་ཉམས་སུ་བླང་བྱའི་ཟུང་འཇུག་འདི་ལ། དཔལ་སམ་པུ་ཊར་མིང་གི་རྣམ་གྲངས་བཅུ་བཞིའི་སྒོ་ནས་བཤད་དོ། །ཅེས་གསུངས་པ་ལྟར་རོ། །རྒྱུད་བླ་མའི་བསྟན་འཆོས་སུ་གསུངས་པའང་དེ་ཉིད་དོ། །ཅེས་འཆད་པ་ནི། ཐེག་ཆེན་རྒྱུད་བླར་རྟག་བརྟན་གཡུང་དྲུང་དང༌། །གཙང་བདག་བདེ་དང་རྟག་པའི་མིང་གིས་བཤད། །ཅེས་པ། གཞི་ལམ་གྱི་སྐབས་སུ་གཙང་བདག་སོགས་ཀྱི་མིང་དང༌། འབྲས་བུའི་དུས་སུ་ཕ་རོལ་ཏུ་ཕྱིན་པའི་སྒྲས་བསྟན་ནོ། །འདི་དང་རིགས་ཚོགས་སུ། ལྟ་བ་ཀུན་ཟློག་གི་ཚེ་བསྟན་ཚུལ་དང༌། རྗེས་ཐོབ་ཏུ་ཤེས་བརྗོད་ཀྱིས་ཐ་སྙད་འདོགས་ཚུལ་མི་འདྲ་བ་ཡིན་ཏེ། དེར་ནི་མྱང་འདས་དང་དེ་བཞིན་གཤེགས་པ་མི་རྟག་སོགས་ཀྱི་སྤྲོས་བྲལ་དུ་བཤད་པ་དང༌། དོན་དམ་བདེན་པ་ཡིན་ངོ་ཤེས་པའི་མཚན་གཞི་ངོས་མི་འཛིན་པའི་ཕྱིར། གསུམ་པ་ལ། དངོས་དང༌། དེས་གྲུབ་པའི་དོན་དང༌། དོན་དེ་ཉིད་མདོ་སྔགས་གཉིས་ཀའི་ལུང་དང་སྦྱར་བའོ། །དང་པོ་ནི། དེ་ལྟ་ཡིན་པ་འོ་ན། རིགས་ཚོགས་སུ་ཆོས་ཐམས་ཅད་མཐའ་བྲལ་དུ་བསྟན་ནས། སླར་ཡང་སེམས་ཀྱི་རྡོ་རྗེ་སོགས་དོན་དམ་པའི་བདེན་པར་འཆད་པ་ནི་གླང་ཆེན་གྱི་ཁྲུས་དང་འདྲ་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། སྤྲོས་བྲལ་རྟོགས་པའི་ཚད་མ་སྐྱེས་ཟིན་མ་རྗེད་པའི་ངོར་དེ་ལ་ཐ་སྙད་ཇི་ལྟར་བཏགས་ཀྱང་མཚན་འཛིན་གྱི་བློ་སྐྱེ་བ་མི་སྲིད་དོ། །ཞེས་འཆད་པ་ནི། ཆོས་ཚུལ་ཀུན་གྱི་ཐོག་མར་འདི་བསྟན་ན། །མུ་སྟེགས་ཀྱིས་བཏགས་བདག་ཏུ་དོགས་སྲིད་ཀྱང༌། །སྤྲོས་པའི་ཚོགས་ཀུན་བཟློག་པའི་འོག་རོལ་དུ། །གང་འདི་བསྟན་པས་བདག་ཏུ་དོགས་མི་སྲིད། །ཅེས་པ། སྟོང་པ་ཉིད་ཀྱི་ཆོས་འཁོར་མ་སྐོར་བའི་གོང་དུ་སེམས་ཀྱི་རྡོ་རྗེ་དེ་ལ་དོན་དམ་པའི་བདག་ཏུ་བསྟན་ན་གྲངས་ཅན་གྱིས་བཏགས་པའི་བདག་ཏུ་དོགས་པ་སྐྱེ་བ་སྲིད་པ་ཡིན་ཏེ། དེས་ཀྱང་གཟུང་འཛིན་གཉིས་སུ་མེད་པའི་མྱོང་བ་གསལ་རིག་གི་ངོ་བོ་ལ་བདག་ཤེས་རིག་གི་སྐྱེས་བུ་ཞེས་འདོད་པའི་ཕྱིར། སྤྲོས་བྲལ་ཤེས་ཟིན་པའི་འོག་ཏུ་དེ་ལྟར་བསྟན་པ་ལ་ཉེས་པ་མེད་ཅིང་ཕན་ཡོན་དང་བཅས་པའོ། །དེ་སྐད་དུ་ཡང༌། ཆོས་མངོན་པའི་མདོར། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངེས་མ་བསྟན། །ཞེས་དང༌། མྱ་ངན་འདས་པའི་མདོར་ཡང༌། སྨན་པ་མཁས་པས་ནད་གསོ་བའི་ཐབས་ཀྱི་སྨན་གཏོང་བའི་གོ་རིམ་ཇི་ལྟ་བ་བཞིན། ཉམས་སུ་བླང་བྱའི་ངེས་དོན་ཟབ་མོ་དེ་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་འོག་ཏུ་སྟོན་པར་གསུངས་སོ། །གཉིས་པ་ནི། དེ་ལྟར་ཀླུ་སྒྲུབ་གཞུང་ལུགས་རྒྱ་མཚོ་ཡི། །ཕ་རོལ་སོན་པའི་ཐེག་ཆེན་རྣལ་འབྱོར་པ། །འོད་གསལ་བ་དང་ཟུང་འཇུག་ལ་སོགས་པའི། །རྣལ་འབྱོར་སྐྱེད་ཕྱིར་སེམས་ཀྱི་རྡོ་རྗེ་བཤད། །ཅེས་པ། འདི་སྙམ་དུ། ཆོས་ཐམས་ཅད་ཐོས་བསམ་གྱི་རིགས་པས་གཏན་ལ་ཕབ་ཟིན་པའི་འོག་ཏུ། སེམས་ཀྱི་རྡོ་རྗེ་འཆད་པ་ནི་རིགས་པ་མ་ཡིན་ཏེ། རྡོ་རྗེའི་དོན་ནི་གཞོམ་དུ་མེད་པ་དང་མི་ཤིགས་པ་ལ་འཆད་དགོས་པའི་ཕྱིར། ཞེ་ན། ཕར་ཕྱིན་ཐེག་པ་རྐྱང་པས་ལམ་བགྲོད་པ་ལ། མཐར་སེམས་ཀྱི་རྡོ་རྗེ་ངེས་དོན་དུ་འཆད་མི་དགོས་པ་ལ་བསམས་ནས་རིགས་ཚོགས་ཀྱི་བསྟན་འཆོས་སུ་དེ་ལྟར་མ་བཤད་ཀྱང༌། སྐལ་བ་དང་ལྡན་པའི་ལས་དང་པོ་པ་ཚེ་གཅིག་གིས་སངས་རྒྱས་མངོན་དུ་བྱེད་པ་ལ་ལམ་རིམ་པ་ལྔ་ཉམས་སུ་ལེན་དགོས་ཤིང༌། དེར་ནི་སེམས་ཀྱི་རྡོ་རྗེ་ཉམས་སུ་བླང་བྱ་ཉིད་དུ་ངོས་མ་བཟུང་བར། འོད་གསལ་དང་ཟུང་འཇུག་གི་རིམ་པ་མངོན་དུ་བྱེད་མི་ནུས་པའི་ཕྱིར་ན། སངས་རྒྱས་པའི་ཐེག་པའི་བསམ་པ་ལ་རིམ་གྱིས་བསླབས་ནས་སྤྲོས་བྲལ་ཤེས་པ་དང༌། དེ་ལ་རིང་ཞིག་གོམས་པའི་རྗེས་སུ་ཡང་སེམས་ཀྱི་རྡོ་རྗེ་སྟོན་དགོས་པར་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་གསུངས་སོ། །རྡོ་རྗེ་དེ་ནི་ཐོས་བསམ་གྱི་རིགས་པས་གཞོམ་ནུས་པ་ཡང་མ་ཡིན་ཏེ། རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར། འོན་ཀྱང་དེ་ལ་མཚན་མར་འཛིན་པའི་བློ་ནི་ཐོས་བསམ་གྱི་རིགས་པས་ཟློག་མི་ནུས་པ་མི་སྲིད་དེ། བློ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར་རོ། །དེ་ལྟར་ན་རང་སྟོང་གི་གཞུང་འདིས་སྤྲོས་བྲལ་བསྟན་ཟིན་པའི་འོག་ཏུ་སེམས་ཀྱི་རྡོ་རྗེ་སྟོན་དགོས་པ་ཞིག་ཡོད་པར་འཆད་ཀྱི། སེམས་ཀྱི་རྡོ་རྗེ་དེ་མངོན་དུ་བྱེད་པ་ལ་རང་སྟོང་གི་ལྟ་བ་སྟོན་ཚུལ་དེ་སྔོན་དུ་འགྲོ་དགོས་པར་འཆད་པ་ནི་མ་ཡིན་ནོ། །གསུམ་པ་ལུང་དང་སྦྱར་བ་ནི། འོ་ན་ཐོས་བསམ་གྱི་རིགས་པས་བཀག་པའི་བདག་དེ་དང༌། སྒོམ་པས་ཉམས་སུ་མྱོང་བྱའི་བདག་ཅེས་བཤད་པ་དེའི་ཁྱད་པར་ཅི་ཞེ་ན། དང་པོ་ནི། བདག་ཏུ་འཛིན་པའི་རྟོག་པས་གཞི་གང་དུ་ཇི་ལྟར་བཟུང་བའི་འཛིན་སྟངས་ཀྱི་བཟུང་བྱ་དེ་ཉིད་ཡིན་ལ། དེ་ལ་ནི། ཀུན་རྫོབ་པའི་བདག་ཅེས་བྱ་ཞིང༌། ཕྱི་མ་ནི་བདག་དེས་སྟོང་པའི་ལྷན་ཅིག་སྐྱེས་པའི་རང་བྱུང་གི་ཡེ་ཤེས་ལ་དོན་དམ་པའི་བདག་ཅེས་བྱ་བའི་མིང་གིས་བསྟན་ཏེ། འདོགས་པའི་རྒྱུ་མཚན་ནི་དོན་དམ་པའི་དེ་བཞིན་ཉིད་ཡིན་པ་ལས་དང༌། བཏགས་པའི་དགོས་པ་ནི། གནས་ལུགས་དོན་དམ་པའི་བདེན་པ་དེ་ངོས་ཟིན་པའི་ཕྱིར་དུ་དང༌། དེ་ཕྱི་ནང་གི་རྩོད་གཞིར་གྱུར་པའི་བདག་དངོས་ཡིན་པ་ལ་གནོད་བྱེད་ནི། བདག་འཛིན་རྟོག་པའི་ཡུལ་ལས་འདས་པའོ། །ཞེས་འཆད་པ་ནི། བདག་མེད་ཚུལ་བཞིན་ཤེས་པའི་འོག་རོལ་ཏུ། །བདག་དང་བདེན་པ་གསུང་བའི་དགོངས་གཞི་ནི། །མདོ་དང་སྔགས་གཞུང་གཉིས་ལས་གསལ་བར་གསུངས། །ཞེས་པ་ནི། ཆོས་ཀྱི་བདག་མེད་ཀྱི་གོ་དོན་ཇི་ལྟ་བ་བཞིན་དུ་མ་ཤེས་པར་ནི་དོན་དམ་པའི་བདག་འདི་ཁོང་དུ་ཆུད་པར་མི་ནུས། ཞེས་པའོ། །ཇི་ལྟར་གསུངས་ན། བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་འགྱུར་ཞེས། །མདོ་སྡེའི་རྒྱན་དུ་གསུངས་པ་དང༌། །ཞེས་པ་ནི་རྣལ་འབྱོར་སྤྱོད་པའི་མདོ་ལས་གསུངས་པའི་ཚུལ་ལོ། །དེ་འདྲ་དེ་སེམས་ཙམ་པའི་ལུགས་སོ་ཞེས་དོགས་པ་ལ། དེ་བཞིན་ཉིད་དག་དག་པའི་བདག །གང་གསུངས་བདེན་པར་སྨྲ་ཞེས་པ། །སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་གསུངས། །བདག་དང་བདག་མེད་སྤྲོས་པ་དག །ཉེར་ཞི་དམ་པའི་བདག་དུའང་གསུངས། །ཞེས་པ་ནི་རྒྱུད་བླ་མའི་བསྟན་འཆོས་ཀྱི་ལུང་སྟེ། འདི་དག་གིས་ནི་དོན་དམ་པའི་བདག་གི་ངོས་འཛིན་མེད་དགག་གི་ཆ་ནས་འཆད་པའང་ཁེགས་ཏེ། ལུང་དེ་དག་ནི་དོན་དམ་པའི་འཇམ་དཔལ་དང་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་ངོས་འཛིན་འཆད་པའི་སྐབས་ཡིན་པའི་ཕྱིར། ཞར་ལ་བཀའ་ཐ་མའི་ཐ་སྙད་ལས་བྱུང་བའི་དོན་དམ་པའི་བདག་ཅེས་པ་འདི་དང༌། འཁོར་ལོ་དང་པོའི་བརྡའ་ལས་འབྱུང་བའི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་པ་འདིའི་ཁྱད་པར་ཅི་ཞེ་ན། གཅིག་ནི་བཏགས་ཡོད་དང༌། ཀུན་རྫོབ་དང༌། ངར་འཛིན་གྱིས་གདགས་གཞི་ཕུང་པོ་ལ་བཏགས་པས་ཀུན་བཏགས་སུ་འཆད་ལ། ཕྱི་མ་ནི་ཐ་སྙད་བྱེད་པའི་ཚེ། རྫས་ཡོད་དང༌། དོན་དམ་པ་དང༌། འཕགས་པའི་ཡེ་ཤེས་ཀྱིས་གྲུབ་པས་ན་ཡོངས་གྲུབ་ཏུ་འཆད་དགོས་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ལ། ཕར་ཕྱིན་གྱི་ཐེག་པ་པ་ཉིད་ཀྱིས་ནི་འདི་ཁས་མ་བླངས་ཀྱང༌། མི་རིགས་པ་ཆེན་པོར་མི་འགྱུར་མོད། སྔགས་ཀྱི་ཐེག་པ་པས་ནི་འདི་ཁས་མ་བླངས་ན། ལྟ་བ་རང་བྱུང་དང༌། ལྷན་ཅིག་སྐྱེས་པ་དང༌། བདེ་ཆེན་སོགས་ཀྱི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་མངོན་དུ་བྱེད་པ་ལྟ་ཞོག བསོད་ནམས་ཀྱི་ཚོགས་མཐའ་དག་ཚེ་གཅིག་གིས་ཡོངས་སུ་རྫོགས་པ་ཞེས་བྱ་བ་དེའི་ཐབས་ཡོད་པ་མ་ཡིན་ཏེ། དེའི་ལུགས་ཀྱི་ཚོགས་གཉིས་པོ་ནི་སྒྲུབ་པ་པོ་རང་གི་ཡེ་ཤེས་ཀྱི་སྣང་བ་ཁོ་ན་ལས་སྒྲུབ་དགོས་པ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ལྟར་མེད་པ་དེ་དགག་པའི་རྣམ་པ་ཅན་གྱི་སྟོང་པ་ཉིད་ཁོ་ན་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་མངོན་དུ་བྱེད་པ་དང༌། འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཀྱི་སྣང་བ་ཐད་སོར་བཞག་ནས་དེ་ཉིད་ལ་བསོད་ནམས་ཀྱི་ཚོགས་མཐའ་དག་ཡོངས་སུ་རྫོགས་པར་བྱེད་དགོས་པ་མ་ཡིན་པའི་ཕྱིར་དང༌། དེ་བས་ན་བཀའ་འཁོར་ལོ་ཐ་མའི་གསུང་རབ་ཅི་སྙེད་པ་དང༌། བར་པ་ཉིད་དུ་ཡང༌། དེ་མ་རྫོགས་དང་རབ་རྫོགས་ལ། །ཞེས་པའི་སྐབས་ཀྱི་མདོ་དང་བསྟན་འཆོས་ལས་འབྱུང་བ་ལྟར། ཆོས་ཇི་སྙེད་པ་དེ་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་བར་མཐོང་བཞིན་དུ། བདག་དམ་པའི་དོན་དང༌། ཐ་སྙད་ཀྱིས་སྙེམས་པར་མི་བྱའོ། །གསུམ་པ་ནི། དེ་ལྟར་སྔགས་ཀྱི་ཐེག་པ་དང་ཤིང་རྟའི་སྲོལ་གཉིས་ལ་བརྟེན་ནས་འཁོར་ལོ་ཐ་མའི་ངེས་དོན་སྒྲ་ཇི་བཞིན་པ་ཉིད་དུ་འཆད་ན། ངེས་དོན་དེ་བརྗོད་བྱའི་གཙོ་བོར་སྟོན་པའི་ཆོས་འཁོར་དེའི་མི་འདྲ་བའི་དབྱེ་གཞི་གང༌། དེའི་ནང་ཚན་ཞིག་ན་སེམས་ཙམ་གྱི་ལྟ་བ་གང་ཡིན་པ་དེ་མཐར་ཐུག་གི་ལྟ་བར་སྟོན་པ་དག་ཡོད་དམ། ཞེ་ན། དེའི་དབྱེ་བ་ཇི་ལྟར་ཡིན་པ་དང༌། སེམས་ཙམ་གྱི་གྲུབ་མཐར་འཁྲུལ་པའི་གཞི་དང་བཅས་པ་འདི་ལྟར། ཞེས་འཆད་པ་ནི། ངེས་དོན་མཐར་ཐུག་འཁོར་ལོ་ཐ་མ་ལ། །ཟབ་མོ་མདོ་སྡེའི་ཆོས་དང་རྒྱ་ཆེ་བ། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་དབྱེ་བས་གཉིས། །དེ་དག་ངེས་པའི་དོན་ལ་ཁྱད་མེད་ཀྱང༌། །ཞེས་པས། ལྟ་བ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པར་བཤད་ནས། མཐར་ཐུག་ཐེག་པ་གཅིག་དང་གསུམ་གྱི་ཚུལ། །དང་པོ་རྒྱུད་བླར་བཀྲལ་བ་དབུ་མའི་གཞུང༌། །གཉིས་པ་བྱམས་པའི་གཞུང་གསུམ་གྱིས་བསྟན་པ། །ཞེས་པ་ནི། བཀའ་ཐ་མ་ལ་ཕ་རོལ་དུ་ཕྱིན་པ་དང་སྔགས་གཉིས་ལས། དང་པོ་ལ། མདོ་སྡེ་དང་མངོན་པ་གཉིས་ལས། དང་པོའི་དགོངས་འགྲེལ་གྱི་གཙོ་བོ་རྒྱུད་བླ་མའི་བསྟན་འཆོས་སུ། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས། མཐར་ཐུག་ཐེག་པ་གཅིག་ཏུ་དང༌། གཉིས་པའི་དགོངས་འགྲེལ་གྱི་གཙོ་བོ་བྱམས་པའི་ཆོས་བར་པ་གསུམ། ས་སྡེ་ལྔར་སྡོམ་རྣམ་པ་གཉིས་དང་བཅས་པར། ཉན་རང་གི་ལྷག་མེད་ནས་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་བཤད་པ་ཡིན་ལ། དེ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས་དབུ་སེམས་ཀྱི་གཞུང་སོ་སོར་འབྱེད་པ་དང༌། བསྟན་འཆོས་རྩོམ་པ་པོའི་སློབ་དཔོན་སོ་སོར་ངེས་པ་ཉིད་དུ་འཆད་པ་ནི་རྒྱ་བོད་དུ་ཤིན་ཏུ་མང་བར་བྱོན་མོད། འཐད་པ་མ་ཡིན་ཏེ། དབུ་སེམས་ཀྱི་ཁྱད་པར་ལྟ་བས་འབྱེད་པ་ཡིན་ལ། གཞུང་དེ་དག་གི་ལྟ་བ་ལ་ཁྱད་པར་མ་དམིགས་པ་ཉིད་དུ་ནི་བསྒྲུབས་ཟིན་པའི་ཕྱིར་རོ། །དབྱིག་གཉེན་ཞབས་ཀྱིས་རྣམ་རིག་གྲུབ་མཐར་བཀྲལ། །ཞེས་པ་ནི། བོད་ཕྱི་མ་ན་རེ། བྱམས་ཆོས་བར་པ་གསུམ་གྱི་ལྟ་བ་སེམས་ཙམ་དུ་གནས་པ་ཡིན་ཏེ། དབྱིག་གཉེན་ཞབས་ཀྱིས་ཤེས་བྱ་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ཉིད་དུ་བཀྲལ་བའི་ཕྱིར། ཞེས་ཟེར། དེ་ལྟར་བཀྲལ་བ་ཉིད་དུ་ཁས་ལེན་མོད། མ་ངེས་པ་སྟོན་ཚུལ་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། དེ་ལྟ་ན་མངོན་པར་རྟོགས་པའི་རྒྱན་ལའང་དེར་ཐལ་བ་དང་རྒྱུད་བླ་མའི་བསྟན་འཆོས་ལ་ཡང་དེར་འགྱུར་ཏེ། རིམ་པ་བཞིན་ཐོགས་མེད་དང་དབྱིག་གཉེན་ཞབས་ཀྱིས་དེ་དང་དེར་བཀྲལ་བའི་ཕྱིར་རོ། །གཉིས་པ་ནི། རྣམ་རིག་པ་དང་སེམས་ཙམ་པ་དོན་གཅིག་ཏུ་འཆད་པ་ནི། རིག་པ་དང་ཡེ་ཤེས་མཐའ་དག་ལ་སེམས་སེམས་བྱུང་གིས་ཁྱད་པར་ཁས་ལེན་པའི་བོད་མང་པོའི་འཁྲུལ་པ་དེ་དང༌། ཡེ་ཤེས་དང་རྣམ་ཤེས་ཀྱི་ཁྱད་པར་མི་འབྱེད་པའི་འཁྲུལ་པ་དེ་དང༌། བཀའ་མཐའ་མའི་ཆོས་སྐད་ཇི་བཞིན་དུ་མ་བསླབས་པའི་ཉེས་པས་ཀུན་ནས་བསླང་བ་ཡིན་ཏེ། རྣམ་རིག་པ་དང་སེམས་ཙམ་པ་དོན་གཅིག་ཏུ་འདོད་པ་ཁྱོད་ཀྱིས་ཀྱང༌། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་པའི་ལུང་དེ་དང༌། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་པའི་མདོ་དེ་དང༌། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། རིན་ཆེན་སེམས་ལས་ཕྱིར་ཕྱོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཞེས་པའི་རྒྱུད་ཚིག་དེ་ཁ་ཏོན་དུ་བྱེད་པའི་དོན་བསམ་པ་ཉིད་ལས་དམ་བཅའ་དེ་མི་འཐད་པ་ཉིད་དུ་གོ་ནུས་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང༌། ལུང་དེ་དག་ནས་འབྱུང་བའི་ཆོས་དབྱིངས་དང་ང་ཞེས་བྱ་བ་དེ། གཉིས་སུ་མེད་པའི་ཡེ་ཤེས་དང་རང་བཞིན་ཆོས་སྐུ་ལ་འཆད་དགོས་པར་གཞུང་ལུགས་དེ་དང་དེ་དག་ཉིད་དུ་གསལ་བའི་ཕྱིར། དེ་ཡང་སེམས་ཙམ་པའི་འདོད་པར་འཆད་ན་ནི། སེམས་ཙམ་པས་ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཁས་བླངས་པ་ཉིད་དུ་འགྱུར་ལ། དེ་ཡང་དེ་ལྟ་ན། ཁས་བླངས་པའི་བསལ་བ་ཞུགས་པར་མ་ཟད། ལུང་དང་རིགས་པས་བསལ་བའི་ཚུལ་ཡང་འདི་ལྟར། དེའི་ལྟ་བ་ལ་བརྟེན་ནས་ཆོས་དབྱིངས་མངོན་སུམ་དུ་རྟོགས་པ་དང༌། དེ་ལ་འཛིན་པ་བདེན་མེད་ཀྱི་ལྟ་བ་ཡོད་པར་ཐལ་བ་དང༌། དེས་ཀྱང་རང་བཞིན་གནས་རིགས་ཀྱི་ངོས་འཛིན་ཆོས་དབྱིངས་ཀྱི་སྟེང་ནས་བྱེད་པར་ཐལ་བ་དང༌། དེ་ལྟ་ན། སེམས་ཅན་ཐམས་ཅད་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་ཁས་ལེན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་འདོད་མི་ནུས་པའི་ཤེས་བྱེད་ནི་སེམས་ཙམ་གྱི་ལྟ་བས་ནི་རང་རྒྱལ་གྱི་བྱང་ཆུབ་དང་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཙམ་མངོན་དུ་བྱེད་པར་ནུས་ཀྱི། དེ་ལས་གོང་དུ་མི་བགྲོད་པར་མདོ་སྡེའི་རྒྱན་ལས་བཤད་པ་དང༌། སེམས་བདེན་གྲུབ་ཏུ་འཛིན་པ་ལ་འཛིན་པ་བདེན་མེད་ཀྱི་ལྟ་བ་འབྱུང་ས་མེད་པ་དང༌། སེམས་ཙམ་པས་རིགས་ཆད་འདོད་དོ་ཅེས་དང༌། སྙིང་པོས་མ་ཁྱབ་པའི་སེམས་ཅན་ཁས་ལེན་ནོ། །ཞེས་ནི་མང་པོ་དག་མཐུན་ཞིང༌། དབུ་མ་སྣང་བའི་བཤད་པ་ལས་ཀྱང་འབྱུང་བས་གསལ་ལོ། །དེ་སྐད་དུ་ཡང༌། གཞུང་དེར། ཏིང་ངེ་འཛིན་རྒྱལ་པོ་ལས། འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་འབྱུང་བ་གང་ཡིན་པ་དེ་ཡང༌། བཤད་པའི་དུས་དེ་ན་ཉ་བའི་འགྲོ་བ་རྣམས་ལ་དགོངས་ནས་གསུངས་སོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཁ་ཅིག་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་འབྱུང་བ་གང་ཡིན་པ་དེ་ཡང༌། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན། དོན་དམ་པར་ཐེག་པ་གསུམ་ཡང་ཡོད་ལ། ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་དང་བཅས་པའོ། །ཞེས་ཟེར་ཏེ། ཕྱོགས་སྔ་མའོ། །ཞེས་གསུངས་སོ། །འོ་ན་སློབ་དཔོན་ཟླ་བས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །ཞེས་པའི་འགྲེལ་པར་སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་སྟོན་པའི་མདོ་སེམས་ཙམ་པས་སྒྲ་ཇི་བཞིན་པར་ཁས་ལེན་པ་ཉིད་དུ་བཤད་པ་མ་ཡིན་ནམ། ཞེ་ན། དབུ་མའི་གཞུང་དེ་དག་ལས་འཆད་ཚུལ་དེ་ལྟར་བྱུང་བ་ཉིད་ཀྱིས་རྣམ་རིག་པ་ལ་སེམས་ཙམ་པས་མ་ཁྱབ་པར་གསལ་བ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ལྟ་བ་མཐར་ཐུག་ཁས་ལེན་པའི་རྣམ་རིག་པ་དེས་ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་དང༌། དེའི་རྒྱུ་མཚན་གྱིས་ངེས་དོན་དོན་དམ་པའི་སྟོབས་སོགས་ཡོན་ཏན་རྣམས་དང་སེམས་ཅན་གྱི་ཆོས་དབྱིངས་དབྱེར་མེད་པ་དང༌། དེའི་ཤེས་བྱེད་ལས་སེམས་ཅན་ཐམས་ཅད་ཡོན་ཏན་ཀུན་རྫོགས་ཀྱི་སྙིང་པོ་ཅན་དུ་ཁས་ལེན་པ་དེ། རྣལ་འབྱོར་སྤྱོད་པའི་འདོད་པ་ཉིད་དུ་ཟླ་བའི་ཞབས་ཀྱིས་བཤད་ཅིང༌། སེམས་ཙམ་པས་ནི་དེ་ལྟར་མི་འདོད་དོ། །ཅེས་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་འཆད་པར་དྲངས་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །འོ་ན་རྣམ་རིག་པ་མཐར་ཐུག་དེས། ཆོས་དབྱིངས་དང་སྙིང་པོ་སོགས་དོན་དམ་པའི་བདེན་པ་རྣམས། བརྗོད་བྲལ་དང༌། ཡོད་མེད་སོགས་ཀྱི་མཐའ་བྲལ་དུ་ཁས་ལེན་པ་མ་ཡིན་ནམ། དོན་དམ་དང༌། རྟག་བརྟན་སོགས་སུ་ཁས་ལེན་པ་ཇི་ལྟར་མི་འགལ། ཞེ་ན། མཉམ་བཞག་གི་ངོ་དང་གནས་ཚུལ་ལ་ནི་མཐའ་བྲལ་དང་བརྗོད་བྲལ་དུ་གནས་ཤིང༌། དེའི་ཚེ་དེ་ལྟར་དུ་ཁས་ལེན་མོད། རྗེས་ཀྱི་ཤེས་པས་ཐ་སྙད་འདོགས་པའི་ཚེ། དོན་དམ་དང་ངོ་བོ་ཉིད་དང༌། རྟག་བརྟན་གཡུང་དྲུང་དུ་ནི་ཁས་ལེན་ལ། དེ་ལྟར་བླངས་པ་ལ་ངོ་བོ་ཉིད་མེད་པར་སྨྲ་བས་གཅིག་དང་དུ་མ་གང་དུ་ཡོད་ཅེས་སོགས་ཀྱི་རིགས་པས་རྟོག་ན། རིགས་པ་དེའི་ངོར་ནི་གཅིག་དུ་མ་དང་དུས་གསུམ་པོ་སོགས་ལྟ་ཅི་སྨོས། བདེན་པ་ཙམ་དུའང་ཁས་མི་ལེན་ཏེ། རྟོག་དཔྱོད་ཀྱི་རིགས་པ་དེའི་ཡུལ་དུ་མི་རུང་བའི་ཕྱིར། ཞེས་ཡང་ཡང་བཤད་ཟིན་ཏོ། །འོ་ན་རྣལ་འབྱོར་སྤྱོད་པས་ཀྱང་དེ་ལྟར་གཏན་ལ་མི་འབེབས་པ་ཅི་ཞེ་ན། དེ་ལྟར་དཔྱད་པ་ལ་དགོས་པ་མེད་དེ། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་མྱོང་བྱ་མི་རྙེད་པར་ཐལ་བའི་ཕྱིར། ནུས་པའང་མེད་དེ། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར། ཞེས་འཆད་པ་ཡིན་ནོ། །ཞེས་སྟོན་པ་ནི། མདོར་ན་སེམས་ཀྱི་རང་བཞིན་འོད་གསལ་བར། །དམ་པའི་བདག་ཏུ་འཆད་ལ་ཁྱད་མེད་ཀྱང༌། །རང་ཉིད་རང་གིས་སྟོང་དང་མི་སྟོང་པ། །ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཁྱད་པར་ཡིན། ཞེས་པའོ། །འཁོར་ལོ་ཐ་མའི་ངེས་དོན་སྟོན་བྱེད་གཞུང་གི་དབྱེ་བ་གསུམ་པ་ནི། ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ་བྱེད་པའི། །ཐེམ་མཆོག་ལམ་གྱི་ཉམས་ལེན་ཟླ་མེད་པ། །གང་འདིར་བཤད་པའི་ཡེ་ཤེས་ཚོགས་བསག་ཀྱང༌། །ཕལ་ཆེར་ཐོགས་མེད་ཞབས་ཀྱི་བཞེད་གཞུང་བཞིན། །རྫོགས་པའི་རིམ་པའི་ལྷ་དང་སྔགས་དང་ནི། །བདེ་ཆེན་ལ་སོགས་དོན་དམ་ཕལ་ཆེ་བ། །ཀླུ་སྒྲུབ་ཞབས་ཀྱིས་བསྟོད་པའི་ཚོགས་དག་ཏུ། །སེམས་ཀྱི་རྡོ་རྗེ་དེ་ལ་བཞེད་པ་ཡིན། །ཞེས་ཚིགས་སུ་བཅད་པ་གསུམ་པོ་འདིས་ནི། དོན་དམ་སྟོང་པ་ཉིད་ཀྱི་ངོ་བོ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ལ། སེམས་ཙམ་དུ་འགལ་བའི་གནོད་པ་ཅན་གྱི་གཏན་ཚིགས་དང༌། དབུ་མས་ཁྱབ་པའི་མཐུན་དཔེ། སྔགས་གཞུང་དང་བསྟོད་ཚོགས་ཀྱི་སྟེང་དུ་བསབས་ནས། ཤིང་རྟའི་སྲོལ་གཉིས་ཀྱི་ངེས་དོན་གཅིག་ཏུ་སྒྲུབ་པའི་ཚུལ་གསུམ་དྲན་ལམ་དུ་འཕངས་པའོ། །རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་གྱི་ཤེས་པ་མཐར་ཕྱིན་པར་མ་གྱུར་ན། གཏན་ཚིགས་དེའི་ཕྱོགས་ཆོས་འགྲུབ་པ་ཤིན་ཏུ་དཀའ་མོད་ཀྱང༌། རེ་ཤིག་ཇི་སྐད་དུ། གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས། །ཅེས་པ་འདི་ཙམ་ཞིག་གིས་བསྒྲུབ་པར་བྱ་སྟེ། ཇི་སྐད་དུ། མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཅེས་པས། དམ་པའི་དོན་དང་ཆོས་ཀྱི་དབྱིངས་ནི་དོན་གཅིག་ལ་འདུ་བར་གྲུབ་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་དཔྱོད་པ་དང་ལྡན་པ་དག་འདི་སྙམ་དུ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སྲོལ་གཉིས་ཀ་ལས་ཀྱང་སྒོམ་པས་ཉམས་ལེན་གྱི་ལྟ་བ་གཅིག་ཏུ་འཆད་པ་དེ་ལྟ་ན། གསང་སྔགས་ལུགས་ཀྱི་རིགས་པ་ཚུལ་གཉིས་པོ་གང་དང་མཐུན་ཞེ་ན། གདུལ་བྱ་སོ་སོའི་བསམ་པ་ལ་ལྟོས་ནས་ཚུལ་གཉིས་པོ་གང་དང་ཡང་མཐུན་པར་གཏན་ལ་ཕབ་པས་ཆོག་མོད། གཙོ་བོར་ནི་སྔགས་ལུགས་ལ་ལྟ་བ་རྟོགས་བྱེད་ཀྱི་ཐབས་ཁྱད་པར་ཅན་ཐུན་མོང་མ་ཡིན་པ་གཞན་ཞིག་ཡོད་པར་འཆད་དེ། ཚུལ་གསུམ་སྒྲོན་མར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཅེས་པ། རྟོགས་བྱའི་ལྟ་བ་གཅིག་ཀྱང༌། རྟོགས་བྱེད་ཀྱི་ཐབས་ལ་ཁྱད་པར་ཡོད་ཅེས་འཆད་དགོས་པ་དང༌། ཆོས་ཀྱི་རྗེས། འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་པ་ལྟར་རོ། །ཐབས་དེ་གང་ཞེ་ན། དབང་བཞི་བསྐུར་བ་དང༌། རིམ་པ་གཉིས་ལ་གོམས་པ་དང༌། ཡེ་ཤེས་དབབ་པ་ལ་སོགས་པའི་ཐབས་ཀྱིས་ཏེ། ཐབས་དེ་དང་དེའི་རྐྱེན་གྱིས་སྤང་བྱ་གཟུང་འཛིན་གཉིས་པོ་རང་འགགས་སུ་སོང་ནས། གཉིས་མེད་ཀྱི་ཡེ་ཤེས་སམ། རང་བྱུང་གི་ཡེ་ཤེས་སམ། ལྷན་ཅིག་སྐྱེས་པ་དང༌། བདེ་ཆེན་གྱི་ཡེ་ཤེས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། སེམས་ཀྱི་རྡོ་རྗེ་དང༌། རང་བཞིན་ཆོས་སྐུ་དང༌། ངེས་དོན་གྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་ཅན་དེ། ཐོས་བསམ་དང་དོན་སྤྱིའི་ཚུལ་གྱིས་གོམས་པ་སོགས་ལ་ལྟོས་མ་དགོས་པར། བཤད་མ་ཐག་པའི་བྱིན་རླབས་ཀྱི་རིམ་པ་དེ་དག་གང་རུང་ལས་མངོན་སུམ་དུ་མཐོང་བའི་ཤེས་པ་སྐྱེ་བར་གསུངས་པའི་ཕྱིར། ཇི་སྐད་དུ། འཕགས་པ་ལྷས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པ། །དེ་ཡིས་དེ་ཉིད་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་དང་པོར་སྐྱེས་པ་དེ་ལ། ཕར་ཕྱིན་པ་དག་གིས་འཆད་པའི་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ཚང་ཡང༌། འཕགས་པའི་ཡེ་ཤེས་ནི་མ་ཡིན་ཏེ། རྒྱུན་གོམས་པར་མ་བྱས་ན་འགྱུར་ལྡོག་བྱེད་སྲིད་པའི་ཕྱིར། དེ་བས་ན་དང་པོར་ནི་དཔེའི་ཡེ་ཤེས་ཞེས་བྱ་སྟེ། ཇི་སྐད་དུ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་སོ། །དེའི་རྒྱུན་ཅུང་ཟད་གོམས་པར་བྱས་པས་དོན་གྱི་ཡེ་ཤེས་ཀྱི་མིང་ཅན་འཕགས་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་ཚེགས་མེད་པ་དེ་ནི་སྔགས་ཀྱི་ཐབས་ལ་མཁས་པའི་ཁྱད་པར་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་བས་ནི་ཆོས་ཀྱི་བདག་མེད་ཐོས་བསམ་གྱིས་གཏན་ལ་ཕེབས་ནས་ཀྱང་མོས་སྤྱོད་ཀྱི་སར་བསྐལ་པ་གྲངས་མེད་པ་གཅིག་གི་ཚད་དུ་བསོད་ནམས་ཀྱི་ཚོགས་གྲུབ་པར་བྱས་ནས་སྟོང་ཉིད་མངོན་སུམ་དུ་མཐོང་བར་བྱེད་དགོས་ཀྱི། དེའི་སྔ་རོལ་དུ་སྟོང་ཉིད་མངོན་དུ་བྱེད་མི་ནུས་ཤིང༌། ནུས་ཀྱང་དེ་ལྟར་ན་ཆད་པའི་མྱང་འདས་ཀྱི་མཐར་ལྟུང་བའི་ཉེས་དམིགས་ཡོད་པར་འཆད་པས་སོ། །འོ་ན། སྔགས་དོན་བསམས་ནས་སྟོང་ཉིད་དྲན་ལམ་དུ་འཕངས་ཏེ་སྒོམ་པར་བཤད་པ་དེའི་དོན་ཅི་ཞེ་ན། དེ་དུས་ཀྱི་སྒྲུབ་པ་པོ་དེས་སྔོན་སྨིན་བྱེད་ཀྱི་རིམ་པ་ལ་བརྟེན་ནས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ཟིན་པ་ཞིག་ཡིན་ན་ནི། ཉམས་ལེན་ལ་འཇུག་པའི་དུས་དེར་ཡང་སྔགས་དོན་བསམས་པ་ཙམ་གྱིས་སྟོང་ཉིད་དྲན་ལམ་དུ་བྱས་ནས་ལམ་གྱི་རིམ་པ་རྣམས་སྒྲུབ་པར་བྱེད་ལ། ཡང་སྔོན་སྨིན་བྱེད་བྱིན་རླབས་ཀྱི་དུས་སུ་དེ་ལྟ་བུའི་ཡེ་ཤེས་མ་སྐྱེས་ཤིང༌། དོན་སྤྱིའི་གོ་བ་ཙམ་ཡང་མ་ཆགས་ན། ཕར་ཕྱིན་ཐེག་པའི་རིགས་པས་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། སྔགས་བརྗོད་དམ་མ་བརྗོད་ཀྱང་རུང་སྟེ། སྟོང་པ་དེའི་ངང་ལས་བསྒྲུབ་བྱ་གང་ཡིན་པ་དེ་བསྒྲུབས་ནས་གོམས་པར་བྱས་པས་མངོན་སུམ་གྱི་ཡེ་ཤེས་སྐྱེ་བར་ངེས་པ་ནི་ཐབས་ལ་མཁས་པའི་ཁྱད་པར་གཅིག་གོ །འདིར་གཞན་དག་ན་རེ། དབུ་མ་ཐལ་འགྱུར་བའི་རིགས་པས་ཕུ་ཐག་ཆོད་པར་བྱེད་དགོས་སོ། །ཞེས་ཟེར་བ་ནི། སྤྱིར་སྔགས་ཀྱི་སྟོང་ཉིད་སྒོམ་པ་ལ་དེས་ཁྱབ་པར་འདོད་པ། སྔགས་ལུགས་ལས་རིང་དུ་ཉམས་པར་མ་ཟད། དེ་འདྲ་ཅིག་དགོས་པའི་ཚེ་ཡང་དེ་ལྟར་མ་ངེས་ཏེ། གཞན་སྟོང་གི་རིགས་པས་ཀྱང་གཟུང་འཛིན་དུ་ཞེན་པ་ནི་ཁེགས་ལ། གཉིས་མེད་ཀྱི་ཡེ་ཤེས་ལྷག་མར་བཞག་པ་དེ་ཙམ་གྱིས་སྐབས་འདིའི་ཡེ་ཤེས་ཚོགས་བསོག་གི་དོན་འགྲུབ་པའི་ཕྱིར། དེ་ལས་གཞན་དུ། རང་སྟོང་མེད་དགག་ཁོ་ན་ལ་མཉམ་པར་འཇོག་དགོས་ན། དེ་ནས་སྣང་ཕྱོགས་བསྒྲུབས་པ་དེའི་ཚེ་གླང་ཆེན་གྱི་ཁྲུས་དང་འདྲ་བར་འགྱུར་བ་མ་ཡིན་ནམ། འོ་ན་ཁྱོད་ཀྱི་ཕྱོགས་ལ་ཡང་རང་སྟོང་གི་ལྟ་བས་ཡེ་ཤེས་ཚོགས་བསོག་ལ་འཇུག་པའི་ཚེ་དེ་ལྟར་ཐལ་བ་མ་ཡིན་ནམ་ཞེ་ན། ཁོ་བོ་ཅག་གིས་ནི། སྔགས་ལུགས་སུ་ཐོས་བསམ་གྱི་ཚེ་རང་སྟོང་གི་ལྟ་བས་སྒྲོ་འདོགས་བཅད་ཀྱང༌། སྒོམ་པས་ཉམས་ལེན་གྱི་རིམ་པ་བཀའ་ཐ་མའི་ངེས་དོན་ལ་ངེས་པར་བྱེད་དགོས་ཞེས་ཡང་ཡང་བཤད་ཟིན་པ་དེ་ཉིད་དོ། །དོན་དེ་ལ་དགོངས་ནས། རྗེ་བཙུན་ས་སྐྱ་པའི་གསུང་གིས། སྔོན་འགྲོ་ཡེ་ཤེས་ཚོགས་སོག་གི་ཚེ། སྟོང་ཉིད་བཙན་ཐབས་སུ་སྒོམ་པ་དང༌། བཤིག་ནས་སྒོམ་པ་ཞེས་གསུངས་པ་ཡིན་གྱི། སྟོང་ཉིད་ཀྱི་གོ་བ་ཙམ་ཡང་མ་ཆགས་པའི་དབང་རྟུལ་ལ། དང་པོ་ཉིད་ནས་སྒོམ་ཚུལ་དེ་གཉིས་གང་རུང་གཅིག་གིས་ཆོག་པར་སྟོན་པ་ནི་མ་ཡིན་ནོ། །དེ་ནས་གཞུང་རྩ་བར། ཅེས་བྱ་བ་འདི་གྲུབ་པའོ། །ཞེས་པ། སྔགས་དང་ཤིང་རྟའི་སྲོལ་གཉིས་ལས་བཀའ་ཐ་མའི་ངེས་དོན་དབུ་མར་གྲུབ་ཅེས་པའོ། །འདི་ལ་ཁ་ཅིག འདི་སྐད་དུ་རྒོལ་ཏེ། བཀའ་ཐ་མ་ངེས་པའི་དོན་ཅན་སྒྲུབ་པ་ལ། སྒྲུབ་བྱེད་ཀྱི་ལུང་མེད་ཅིང༌། རིགས་པ་དང་འགལ་ལོ། །དེའི་ཚུལ་ཡང༌། ལུང་ཡོད་ན་དགོངས་འགྲེལ་ལས་དོན་དམ་རྣམ་ངེས་ཀྱི་ལེའུར་བཤད་པ་དེ་ཉིད་ཡིན་དགོས་ཀྱང༌། དེ་འདྲ་དེ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཉིད་དུ་ཟླ་བའི་ཞབས་སོགས་ཀྱིས་བཀྲལ་ཟིན་ཏོ། །རིགས་པ་ཡང༌། བཀའ་ཐ་མར་ནི་གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པ་ཉིད་དུ་བཤད་ལ། དེ་ནི་སེམས་ཙམ་གྱི་ལྟ་བ་ལས་མ་འདས་པ་དང༌། དེ་ལྟར་ཁས་བླངས་ན་ཤེར་ཕྱིན་གྱི་མདོ་དང་འགལ་བ་ཡིན་ནོ། །ཞེས་ཟེར། འདིའི་ལན་ལ། སྤྱིར་བཤད་པ་དང༌། དོན་དམ་རྣམ་ངེས་ཀྱི་ལེའུར་བཤད་པའི་ངེས་དོན་དབུ་མར་སྒྲུབ་བྱེད་ཀྱི་ལུང་རིགས་ཡོད་པའོ། །དང་པོ་ནི། སྤྱིར་ཆོས་སྟོན་ཚུལ་གྱི་རིམ་པ་ཇི་ཙམ་ཞིག་ཡོད་ཀྱང༌། ཕྱི་མ་ཉིད་ཆེས་ཟབ་ཅིང༌། བྱིས་པ་སོ་སོ་སྐྱེ་བོའི་བློ་ལ་སྣང་བ་དང་མཐུན་པ་ཉིད་ཐོག་མར་བསྟན་ནས། རིམ་གྱིས་ཇེ་ཟབ་ཏུ་སྟོང་པ་ཉིད་རྒྱལ་བས་ཆོས་སྟོན་ཚུལ་གྱི་རིམ་པ་ཡིན་ཏེ། ཇི་སྐད་དུ། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །ཞེས་སོགས་དང༌། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ། །ཅེས་སོགས་དང༌། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཅེས་སོགས་དང༌། གླང་ཆེན་གཟིགས་སྟང་ཉིད་མཛད་ནས། །ཅེས་སོགས་སྒྲུབ་བྱེད་ཀྱི་གཏན་ཚིགས་ལས་དང༌། ཤེས་བྱེད་ཀྱི་དཔེ་ཡང༌། མདོ་སྔགས་གཉིས་ཀྱི་ཚེ། སྔགས་ཐ་མར་གསུངས་པ་དང༌། གྲུབ་མཐའ་སྨྲ་བ་བཞིའི་མཐར་དབུ་མ་གསུངས་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དུ་ཆོས་འཁོར་རིམ་པ་གསུམ་གྱི་རྣམ་གཞག་མི་འདྲ་བ་གཉིས་བྱུང་ཡང༌། གསུམ་པ་ཆེས་ཟབ་པ་ཉིད་དུ་འཆད་པ་ལ་འདྲ་བ་བཞིན་ནོ། །གཉིས་པ་ལ། སྒྲུབ་བྱེད་ཡོད་པ་དང༌། གནོད་བྱེད་མེད་པ་གཉིས་ལས་དང་པོ་ནི། དགོངས་འགྲེལ་དུ། ཆོས་འཁོར་གསུམ་པའི་ཐད་དེར་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིར་མ་གྱུར་པ། ཞེས་དང༌། ཆེད་དུ་བྱ་བའི་གདུལ་བྱ་འཆད་པ་ན། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ། ཞེས་བཤད། ཆོས་འཁོར་དང་པོ་གཉིས་ཀྱི་ཐད་དུ། བླ་ན་མཆིས་པ། ཞེས་སོགས་དང༌། གདུལ་བྱ་ཡང་ཉན་ཐོས་ཀྱི་ཐེག་པ་ལ། ཞེས་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཞེས་བཤད། འཁོར་ལོ་དང་པོ་ལ་དེ་ལྟར་དུ་འཆད་པ་དེ་ནི། དེ་ལས་གོང་ན་ཆོས་འཁོར་གཞན་མཆིས་པ་དང༌། ཆོས་ཀྱི་བདག་མེད་རྫོགས་པར་མ་བསྟན་པ་སོགས་ལ་དགོངས་ཤིང༌། གདུལ་བྱ་ཡང་ཉན་ཐོས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་ལྟ་བ་ཙམ་ཞིག་ལས་གཙོ་བོར་མ་བསྟན་པ་ལ་དགོངས་པ་ཡིན་མོད། འཁོར་ལོ་བར་པ་ལ་དེ་ལྟར་འཆད་པ་དེ་ནི། དེར་ཐོས་བསམ་གྱིས་སྒྲོ་འདོགས་མ་ལུས་པ་བཅད་པའི་མེད་པར་དགག་པ་ཙམ་ཞིག་བསྟན་ཡང༌། ཉམས་སུ་བླང་བྱའི་ངེས་དོན་མ་བསྟན་པ་ལ་བསམས་ནས། བླ་ན་མཆིས་པ་སོགས་ཀྱིས་བསྟན་ནོ། །དེ་ནས་འབྱུང་བའི་སྟོང་ཉིད་མེད་དགག་དེ་དྲང་དོན་ཀྱང་ཡིན་ཏེ། ལྡོག་པ་གཞན་སེལ་ལས་མ་འདས་པས་དོན་དམ་དུ་ནི་མི་རུང་བའི་ཕྱིར་དང༌། དོན་དམ་དངོས་ཡིན་ན་རྣལ་འབྱོར་མངོན་སུམ་གྱི་དངོས་ཀྱི་རིག་བྱ་ཡིན་དགོས་པ་ལས། འདི་ལ་ནི། ཟླ་བས་ཚིག་གསལ་མཇུག་ཏུ་མདོ་དྲངས་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པར་བཤད་པ་དང༌། ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་ཡང་མེད་དགག་འདི་ལ་བསམས་པའི་ཕྱིར། གདུལ་བྱ་ཐེག་པ་ཆེན་པོར་ངེས་པ་ཉིད་དུ་བཤད་པ་ཡང་ཐེག་པ་དམན་པ་ལ་ལྟ་བ་འདི་དགོས་པ་མེད་པ་ཡང་མདོ་དེའི་རང་ལུགས་ཡིན་པའི་ཕྱིར་རོ། །འཁོར་ལོ་གསུམ་པ་ལ་བླ་ན་མ་མཆིས་པ་ཞེས་སོགས་ཀྱིས་སྟོན་པ་ནི། འཁོར་ལོ་བར་པའི་དངོས་བསྟན་གྱི་ལྟ་བ་ཐོས་བསམ་གྱིས་གཏན་ལ་དབབ་བྱ་དེ། བཀའ་བར་པ་ཉིད་དུ་བསྟན་ཟིན་པའི་འོག་ཏུ་སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་བསྟན་པ་འདི་ནི་བླ་ན་མ་མཆིས་པ་ཞེས་སོགས་སོ། །འདིར་ངེས་པའི་དོན་ཞེས་འབྱུང་བ་དེའི་ངོས་འཛིན་ནི། སྲོལ་གཉིས་པོས་མི་མཐུན་པར་འཆད་དེ། གཅིག་གིས་ནི་གཟུང་འཛིན་ཀུན་བཏགས་གཉིས་ཀྱིས་སྟོང་པའི་མེད་པར་དགག་པ་ལ་དང༌། ཅིག་ཤོས་ཀྱིས་ནི་དེས་སྟོང་པའི་ཡེ་ཤེས་འཆད་པས་སོ། །ལུགས་སྔ་མ་དེས་ཀྱང་མེད་དགག་གི་ཆ་གནས་སྐབས་དང་མཐུན་པའི་ངེས་དོན་དུ་འཆད་ཀྱི། ངེས་དོན་མཐར་ཐུག་ཏུ་ནི་མ་ཡིན་ཏེ། རང་སྟོང་འཆད་བྱེད་ཀྱི་གཞུང་གཙང་མ་རྣམས་སུ་མཐར་དོན་དམ་བདེན་པ་ཡིན་ངོ་ཤེས་པ་ཅིག་ངོས་བཟུང་ན་བདེན་གྲུབ་ཏུ་སོང་བ་ལ་བསམས་ནས་དེའི་ངོས་འཛིན་མི་མཛད་པའི་ཕྱིར། ཆེད་དུ་བྱ་བའི་གདུལ་བྱ་ལ་ཐེག་པ་ཐམས་ཅད་ལ་ཞུགས་པ་ཞེས་འབྱུང་བ་ནི། གཞན་དག་བཀའ་བར་པ་ལས་མི་ཟབ་པར་བསྟན་པ་ཡིན་ནོ། །ཞེས་འཆད་མོད། ཆོས་འཁོར་འདིའི་ནང་ན་ཐེག་པ་གསུམ་ཀའི་ལམ་བགྲོད་བྱེད་ལྟ་བ་རྒྱས་པར་བསྟན་ནས་ཡོད་པ་ལ་དགོངས་པ་ཡིན་ཏེ། གང་ཟག་གི་བདག་མེད་པའི་ལྟ་བ་ཉན་ཐོས་དང་མཐུན་པར་དང༌། སེམས་ཙམ་གྱི་ལྟ་བ་རང་རྒྱལ་དང་མཐུན་པར་དང༌། གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་ཐེག་པ་ཆེན་པོའི་ལྟ་བ་ཉིད་དུ་བཤད་པས་སོ། །དོན་དེ་འཁོར་ལོ་བར་པ་ལ་ཡང་ཡོད་པ་མ་ཡིན་ནམ། ཞེ་ན། འཁོར་ལོ་བར་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་བཤད་པ་དེ་ནི་བྱང་ཆུབ་སེམས་དཔས་གཞན་རྗེས་སུ་བཟུང་བའི་ཕྱིར་ཡིན་ལ། འདིར་ནི་རང་རང་གི་བྱང་ཆུབ་ལ་འཇུག་པའི་དབང་དུ་བྱས་པའོ། །གཉིས་པ་གནོད་བྱེད་མེད་པ་ནི། བཀའ་ཐ་མར་མཐར་ཐུག་ཐེག་པ་གསུམ་དང་སེམས་ཙམ་གྱི་ལྟ་བ་གཞན་དབང་བདེན་གྲུབ་དང༌། སངས་རྒྱས་ཀྱི་སྙིང་པོ་རྟག་བརྟན་ཐེར་ཟུག་ཏུ་བསྟེན་པ་སོགས་ཀྱིས་ན་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་གྲུབ་ཅིང༌། བསྟན་འཆོས་རྩོམ་པ་པོའི་སློབ་དཔོན་ངོ་བོ་ཉིད་མེད་པ་པ་དག་གིས་ཀྱང་དྲང་དོན་དུ་བཀྲལ་བ་ཡིན་ནོ། །ཞེས་ཟེར། དེ་དང་དེ་ལྟར་སྟོན་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ཉིད་ཀྱིས་བཀའ་ཐ་མའི་སྟོང་ཉིད་དྲང་བའི་དོན་ཅན་དུ་མི་འགྲུབ་སྟེ། དོན་དམ་པའི་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པ་ཉིད་ཀྱི་ཕྱིར་རོ། །དེ་ཙམ་གྱིས་དེར་འགྲུབ་ན་བྱམས་ཆོས་བར་པས་ཤེར་ཕྱིན་གྱི་མདོ་དྲང་བའི་དོན་ཅན་དུ་བཤད་པ་ཉིད་དུ་འགྱུར་རོ། །དབུ་མ་ཐལ་རང་དུ་སྨྲ་བའི་སློབ་དཔོན་དག་གིས་ནི་བཀའ་ཐ་མ་དྲང་བའི་དོན་ཅན་དུ་བཤད་པ་མ་ཡིན་ཏེ། ཟླ་བའི་ཞབས་དང་ཀ་མ་ལ་ཤཱི་ལ་གཉིས་ཀས་བཀའ་ཐ་མའི་མཐར་ཐུག་གི་ལྟ་བའི་ཆ་ནས་ངེས་དོན་ཉིད་དུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། བཀའ་ཐ་མའི་ནང་ན་སྟོང་པ་ཉིད་ཀྱི་དོན་སྟོན་མི་སྟོན་གྱི་ཆ་གཉིས་སུ་ཕྱེ་ནས། དང་པོ་དྲང་དོན་དང༌། ཕྱི་མ་ངེས་དོན་དུ་འཆད་པ་ནི། ཇི་སྐད་དུ། དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །ཞེས་དང༌། སྟོང་ཉིད་དོན་ཅན་ངེས་དོན་ལང་ཤེས་ཀྱིས། །ཞེས་གསུངས་པ་དེ་ཉིད་ཀྱི་འགྲེལ་པ་ལས་གསལ་ལོ། །དབུ་མ་སྣང་བ་ལས་ཀྱང༌། མདོ་སྡེ་དགོངས་འགྲེལ་གྱི་ལྟ་བ་སྒྲ་ཇི་བཞིན་པའི་ངེས་དོན་ཉིད་དུ་སྒྲུབ་པའི་སྐབས་དེར། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དོན་དམ་པའི་དབང་དུ་མཛད་པ་ཁོ་ནར་བརྗོད་ཅིང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ནའི་གཞུང་འཛུགས་པར་མཛད་པ་ཡིན་ནོ། །དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། ཞེས་གསལ་བར་གསུངས་སོ། །གངས་ཅན་པ་གཞན་དག་ནི་སྲོལ་འབྱེད་གཉིས་ཀྱི་ཁྱད་པར་འདི་སྐད་དུ། སྤྱིར་ཤེས་བྱ་མཐའ་དག་ཚད་མས་གྲུབ་ཅིང༌། ཆོས་ཅན་དེའི་སྟེང་དུ་དགག་བྱ་བདེན་གྲུབ་ཀྱིས་སྟོང་པར་གཏན་ལ་འབེབས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་དང༌། ཤེས་བྱ་མཐའ་དག་མཚན་ཉིད་གསུམ་དུ་བསྡུས་ནས། ཡོངས་གྲུབ་དང་གཞན་དབང་བདེན་པར་གྲུབ་ཅིང༌། ཀུན་བཏགས་ནི་ཚད་མས་གྲུབ་ཀྱང་བདེན་མེད་དུ་གཏན་ལ་འབེབས་པ་རྣལ་འབྱོར་སྤྱོད་པ་པའི་ལུགས་སོ། །ཞེས་དང༌། རྣལ་འབྱོར་སྤྱོད་པ་པས་འཁོར་ལོ་བར་པ་དྲང་དོན་དང༌། ཕྱི་མ་ངེས་དོན་དུ་འདོད་ངོ་བོ་ཉིད་མེད་པ་བས། ཕྱི་མ་དྲང་དོན་དང༌། བར་པ་ངེས་དོན་དུ་འདོད། ཅེས་ཐེག་པ་ཆེན་པོའི་གཞུང་ལུགས་བལྟ་བ་དང་འཆད་པའི་རྣམ་དཔྱོད་ཀྱི་མིག་དང༌། ལེགས་བཤད་ཀྱི་ལྕེ་རྩེ་ཉམས་པར་བྱེད་པའི་རབ་རིབ་དང་ལྟ་བའི་མཚོན་ཆ་མི་བཟད་པ་འདི་ཐོག་མ་ཉིད་དུ་སེལ་བར་བྱས་ནས། གོང་དུ་བཤད་མ་ཐག་པའི་དོན་དེ་ཉིད་ལ་ངེས་པ་བསྐྱེད་དུ་གསོལ། ཞེས་ཕྱོགས་ཀུན་དུ་ཡང་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། གསུམ་སྟེ། རང་གི་ཕྱོགས་ལ་གཟེངས་བསྟོད་པ་དང༌། ཕྱོགས་སྔ་མ་ལ་བསྟིང་པ་དང༌། ཁེངས་བསྐྱུངས་ཏེ་གཞུང་རྩམ་པའི་དགོས་པ་བརྗོད་པའོ། །དང་པོ་ནི། ཡང་སྨྲས་པ། ཐུབ་བསྟན་རིན་ཆེན་འཛིན་པའི་ཁུར་ཁྱེར་བའི། །སྔོན་བྱོན་ཆོས་ཀྱི་བང་མཛོད་མང་པོས་ཀྱང༌། །མ་བཟུང་ངེས་དོན་ཡིད་བཞིན་ནོར་ཆེན་པོ། །གང་བཟུང་རྣམ་དཔྱོད་ཆོས་ཀྱི་རྒྱ་མཚོ་ཡིན། །ཞེས་པ། སྔོན་རྒྱ་བོད་དུ་བྱོན་པའི་ཆེན་པོ་དག་ཀྱང་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་ཆེས་ཤིན་ཏུ་བྱང་བར་གྱུར་པ་གཉིས་པོ་དག་ལ་དབུ་སེམས་ཀྱི་ལུགས་སོ་སོར་ཕྱེ་ནས་འཆད་པ་དང༌། ཡང་གཅིག་ནི་དབུ་མ་ཆེན་པོ་དང༌། གཞན་ནི་ཆེད་པའི་ལྟ་བ་ཁས་ལེན་པའོ། །ཞེས་གསུང་བ་དེ་དག་གི་བློ་གྲོས་ཀྱི་བང་མཛོད་དུ་མ་བཟུང་བའི་ལེགས་པར་བཤད་པའི་ནོར་བུ་ནི་འདི་ལྟར། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་བ་འདི་ནི། མདོ་དང་སྔགས་ཀྱིས་བསྡུས་པའི་གསུང་རབ་མཐའ་དག་གི་ངེས་དོན་གྱི་སྙིང་པོ་མཐར་ཐུག་པ་དང༌། དེ་ལ་མཚན་འཛིན་གྱི་སྒྲོ་འདོགས་གཅོད་པའི་རིགས་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་དག་གི་ལེགས་པར་བཤད་པའོ། །ཞེས་འཆད་ཤེས་པ་དེ་ནི་རྣམ་དཔྱོད་ཀྱི་རྒྱ་མཚོར་མཚོན་ནུས་པའོ། །ཞེས་རང་གི་དགེ་བ་ལ་མངོན་པར་དགའ་བས་ཤིང་རྟའི་སྲོལ་གསུམ་པ་ཉིད་དུ་ཡིད་ཆེས་པར་བྱས་པའོ། །གཉིས་པ་ནི། འདི་ན་ལ་ལ་འཕགས་མཆོག་རྣམ་གཉིས་པོ། །ངེས་དོན་ངོས་འཛིན་མི་མཐུན་ཟེར་བ་དང༌། །འགའ་ཞིག་ཐོགས་མེད་ཞབས་ཀྱི་དབུ་མ་ཡང༌། །ཟླ་བར་གྲགས་པའི་གཞུང་བཞིན་འཆད་ཟེར་དང༌། །གཞན་དག་ཐེག་ཆེན་རྒྱུད་བླའི་ལྟ་བ་ཡང༌། །ཐལ་རང་དབུ་མའི་གཞུང་བཞིན་ཡིན་རློམ་དང༌། །དོན་དམ་རྣམ་རིག་སྨྲ་བའི་ལྟ་བ་དང༌། །དབུ་མའི་ལྟ་གྲུབ་འགལ་ཞེས་ཟེར་བ་དང༌། །ཞེས་པ་དང༌། དེ་དག་གི་དོན་ཕལ་ཆེར་བཤད་ཟིན་པ་ཉིད་ཀྱིས་གྲུབ་མོད། ལེགས་ལྡན་འབྱེད་ཀྱིས་ཐོགས་མེད་ལ་དགག་པ་མཛད་པའི་དུས་དེར། ཐོགས་མེད་ཞབས་འཕགས་པ་མིན་པར་བྱས་ནས། དེའི་བསྟན་འཆོས་སུ་འབྱུང་བའི་ལྟ་བ་འཕགས་པ་དང་མི་མཐུན་པར་བཤད་མོད། དེའི་དགོངས་པ་གཞན་དུ་དྲང་དགོས་ཏེ། དབུ་མ་རྒྱན་གྱི་རང་འགྲེལ་དང༌། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་དང༌། འགྲེལ་པ་དོན་གསལ་རྣམས་ལས་འཕགས་པ་ཉིད་དུ་བཤད་ཅིང༌། ཚིག་གསལ་དུ་ས་གསུམ་པ་བརྙེས་པར་ཡང་བཤད་པ་དང༌། གཞན་ཡང་འཕགས་པར་བཤད་པ་ཤིན་ཏུ་མང་ཞིང༌། བློ་བརྟན་གྱིས། སའི་བསྟོད་འགྲེལ་དུ། འཕགས་པ་ཐོགས་མེད་ཐུབ་པ་དཔག་བསམ་ཤིང་གྱུར་ལས། ཞེས་དང༌། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་མ་ཕམ་པ་ལ་ཆོས་དངོས་སུ་གསན་པར་བཤད་པས་ངེས་པའི་དོན་འཁྲུལ་པར་འཆད་པ་ག་ལ་མངའ། ལེགས་ལྡན་གྱིས་བཀག་པ་ནི། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ན་སེམས་ཙམ་གྱི་གྲུབ་མཐའ་སྟོན་བྱེད་ཀྱི་ཆ་དེ་ཉིད་བཀག་པ་ཡིན་ཏེ། གཞན་དུ་ན་རྗེ་བཙུན་མ་ཕམ་པའི་གཞུང་ཡང་འགོག་པར་ནུས་སམ། རང་རིག་པའི་ཡེ་ཤེས་བཀག་པ་ཡང༌། ལྟ་བས་སྒྲོ་འདོགས་གཅོད་པའི་ཚེ་ཡིན་གྱི། གཞན་དུ་ན་དབང་བཞི་པའི་ཡེ་ཤེས་སྒོམ་བྱུང་གི་ཤེས་པས་གཞོམ་དུ་མེད་པར་བཤད་པ་དེ་ཡང་འགོག་པར་མཛད་དམ། ཐོགས་མེད་ཞབས་ཀྱིས་ངོ་བོ་ཉིད་མེད་པའི་ལྟ་བ་ལ་བརྟེན་ནས་འཕགས་ལམ་བརྙེས་པར་འཆད་ན། རང་གི་གཞུང་དུ་རྩོམ་པ་པོ་ཉིད་ཀྱི་ཐུགས་ལ་འཁྲུངས་པའི་ལྟ་བ་དེ་མི་འགོད་པར། སེམས་ཙམ་གྱི་ལྟ་བ་ལ་དབུ་མའི་ལྟ་བ་ཞེས་འཆད་པ་བསྟན་འཆོས་རྩོམ་པའི་སློབ་དཔོན་དག་གི་ལུགས་ཇི་ལྟར་ཡིན། ཆོས་ཤེས་ནི། དབྱིག་གཉེན་གདུལ་བའི་ཕྱིར་ཡིན་ཞེས་ཟེར་ཏེ། དེ་ལྟ་ན་རྗེ་བཙུན་ཉིད་ཀྱིས་ཐོགས་མེད་ལ་མངོན་རྟོགས་རྒྱན་སེམས་ཙམ་དུ་འགྲེལ་པར་ལུང་བསྟན་དགོས་ཏེ། མི་ཕམ་མགོན་ལ་གསན་ནས་ནི། །བསྟན་འཆོས་ཆེན་པོའི་རྣམ་བཤད་མཛད། །ཅེས་ནི་ཆོས་བཤེས་དེ་ཉིད་ཀྱིས་ཀྱང་ལུང་ཚད་མར་བྱེད་པའི་ཕྱིར། ཐོགས་མེད་རང་གིས་གཟིགས་པའི་ལྟ་བ་དེ་རྒྱུད་བླའི་འགྲེལ་པར་བཀོད་དོ་སྙམ་ན། དེའི་ཚེ་ས་སྡེ་སོགས་གཞུང་གཞན་གྱི་ལྟ་བ་ཡང་དབུ་མར་འགྱུར་ཏེ། རྒྱུད་བླའི་ལྟ་བ་ལས་ལྟ་བའི་ཆ་ལོགས་སུ་དབྱེ་བར་མི་ནུས་པའི་ཕྱིར། ཚད་མ་རྣམ་འགྲེལ་གྱི་ལྟ་བ་བཞིན་ནོ། །ཡང་བོད་ཕྱི་མ་དག་གིས། མངོན་རྟོགས་རྒྱན་ལས་གཞན་པའི་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུར་གྲགས་པ་དེ། སེམས་ཙམ་ཁོ་ནར་བཀྲལ་བའི་རྫུན་ཚིག་གཞུང་སྲོང་བའི་ཆེད་དུ། དགྱེས་པ་རྡོ་རྗེའི་རྒྱུད་གསུམ་མན་ངག་དང་བཅས་པའི་ལྟ་བ་སེམས་ཙམ་དུ་གནས་ཏེ། དོན་དམ་གྱི་ངོ་བོ་རྣམ་པར་རིག་པ་ཙམ་དུ་ཁས་བླངས་པའི་ཕྱིར། ཞེས་ཟེར། དེ་ལ་ནི་ལུང་དང༌། རིགས་པ་དང༌། ཁས་བླངས་པ་དང་འགལ་བ་གསུམ་འཇོག་གོ །དང་པོ་ནི། ཁྱེད་རང་གིས་དབུ་མ་མཐར་ཐུག་ཏུ་འདོད་པའི་གསང་བ་འདུས་པ་དང༌། གཞན་ལ་གྲགས་པའི་དུས་ཀྱི་འཁོར་ལོ་གཉིས་ཀ་ཡང་ལྟ་བ་སེམས་ཙམ་དུ་གནས་པར་འགྱུར་ཏེ། དེར་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། སེམས་ཀྱི་རྡོ་རྗེ་དང༌། སེམས་རང་བཞིན་གྱིས་འོད་གསལ་བ་རྣམས། དོན་དམ་བདེན་པའི་མཚན་གཞིར་བཤད་པའི་ཕྱིར་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་ངོ་བོ་ཡེ་ཤེས་སུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་ཡོད་དམ་མེད། ཡོད་ན་དེར་མ་རིག་པ་ཡོད་པར་འགྱུར། མེད་ན་དེར་ཡེ་ཤེས་ཡོད་དམ་མེད། མེད་ན་ཐལ་འགྱུར་བའི་ལུགས་དང་མི་འགལ་དུ་ཆུག གསང་བ་འདུས་པ་དང་འགལ། ཡོད་ན་ཡེ་ཤེས་དོན་དམ་དུ་ཁས་ལེན་པ་པོ་ཁྱོད་ཀྱང་སེམས་ཙམ་དུ་ཐལ་བར་འགྱུར་རོ། །གསུམ་པ་ནི། དེ་དག་གི་ལྟ་བ་སེམས་ཙམ་དུ་གནས་ན། དེས་གཞན་དབང་བདེན་གྲུབ་ཀྱི་ལྟ་བ་ཁས་བླངས་པར་འགྱུར་ཏེ། དེ་དེའི་ལྟ་བར་ཁྱེད་ཀྱིས་འདོད་པའི་ཕྱིར། འདོད་མི་ནུས་ཏེ། མན་ངག་ཏུ་ནི། སེམས་སྒྱུ་མ་དང༌། དེ་ཡང་རང་བཞིན་མེད་པར་སྒྲུབ་པའི་ཕྱིར་རོ། །རྒྱུད་གསུམ་ན་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ནས་འབྱུང་བའི་ལྟ་བུའི་འགྱུར་མེད་ཡོངས་གྲུབ་བདེན་སྟོང་དུ་སྒྲུབ་པའི་རིགས་པ་མ་བཤད་པས་སེམས་ཙམ་པར་འགྱུར་ན་ནི། གསང་བ་འདུས་པ་འཕགས་སྐོར་གྱི་གཞུང་ཐམས་ཅད་ཀྱང་དེར་ཐལ་བ་ཉིད་དུ་འགྱུར་ལ། ཀུན་གཞི་རྒྱུ་རྒྱུད་དུ་ཁས་བླངས་པས་སེམས་ཙམ་དུ་འགྱུར་ན་ནི་རྒྱུད་སྡེ་མཐའ་དག་ཀྱང་དེ་ཉིད་དུ་ཐལ་བར་འགྱུར་ཏེ། བརྗོད་བྱ་དོན་གྱི་རྒྱུད་ཅེས་བྱ་བ་དེ་ནི་ཀུན་གཞི་ལས་གཞན་ལ་ངོས་བཟུང་དུ་མེད་པའི་ཕྱིར་དང༌། ཀུན་གཞི་ལ་དེའི་རྣམ་ཤེས་ཀྱིས་ཁྱབ་པར་འདོད་ན་ནི་ཆེས་བཞད་གད་ཀྱི་གནས་སུ་སོང་བའི་ཕྱིར། སྣང་བ་སེམས་སུ་ཁས་བླངས་པས་དེར་འགྱུར་ན་ནི་མདོ་སྡེ་པའི་མཐར་ཐུག་གི་ལྟ་བ་ཡང་དེར་ཐལ་བ་དང༌། སྔོན་དུས་ཀྱི་དབུ་མ་ལྟ་ཁྲིད་པ་མ་གཏོགས། བོད་ཀྱི་སྒོམ་ཆེན་སྔོན་བྱོན་པ་ཀུན་ཀྱང་སེམས་ཙམ་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཁྱེད་ཀྱིས། འཁོར་ལོ་ཐ་མའི་ལྟ་བ་སེམས་ཙམ་དང༌། འཁོར་ལོ་བར་པའི་ལྟ་བ་དབུ་མར་ཁས་བླངས་པས་རྒྱལ་བས་ཆོས་སྟོན་ཚུལ་གྱི་རིམ་པ་དང་འགལ་ཏེ། རྒྱལ་བས་ནི་སེམས་ཙམ་གྱི་ལྟ་བ་སྔར་བསྟན་ནས། དེའི་རྗེས་སུ་དབུ་མ་སྟོན་དགོས་པར་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་སེམས་ཙམ་གྱི་པཎྜི་ཏ་དང༌། དེའི་བསྟན་འཆོས་ཚད་མའི་མདོ་དང༌། དམིགས་པ་བརྟག་པ་སོགས་ནི་སེམས་ཙམ་གྱི་བསྟན་འཆོས་ཁོ་ན་ཡིན་ལ། དེ་བཞིན་དུ་བརྒྱད་སྟོང་དོན་བསྡུར་ཡང་ཡུམ་གྱི་དགོངས་པ་སེམས་ཙམ་དུ་བཀྲལ་པ་ཡིན་ནོ། །ཞེས་འཆད་པ་དེ་མི་འཐད་པར་སྟོན་པ་ནི། ཕྱོགས་ཀྱི་གླང་པོས་རྒྱལ་ཡུམ་བསྡུས་པར་ཡང༌། ཤེར་ཕྱིན་སེམས་ཙམ་ལུགས་སུ་བཀྲལ་ཞེས་དང༌། ཞེས་པ་དེ་ལྟར་འཆད་པ་དེ་ནི། ཕྱོགས་ཀྱི་གླང་པོ་རང་གི་བསམ་པས་ཀྱང་མ་ཡིན་ལ། ངོ་བོ་ཉིད་མེད་པ་པས་གཞག་པའི་ཚེ་ན་ཡང་མ་ཡིན་པའི་ཕྱིར། དང་པོ་དེའི་ཤེས་བྱེད། བརྒྱད་སྟོང་པའི་དོན་བསྡུས་ནི་ཡུམ་གྱི་དགོངས་པ་བྱམས་པ་དང་ཐོགས་མེད་ཀྱི་ཇི་ལྟར་བཀྲལ་བ་དེ་ཉིད་འཆད་པར་ཁས་ལེན་གྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་གྱི་སེམས་ཙམ་པ་དེའི་ལུགས་སུ་བཀྲལ་བར་མི་འཆད་དེ། ཇི་སྐད་དུ། སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །ཞེས་གཞན་དབང་རང་བཞིན་མེད་པར་འཆད་ཀྱི། བདེན་པའི་རྣམ་པ་ཉིད་དུ་མི་འཆད་པའི་ཕྱིར། གཉིས་པའི་ཤེས་བྱེད་ནི། ཟླ་བའི་ཞབས་ཀྱིས་ཀྱང༌། དབྱིག་གཉེན་དང་ཆོས་སྐྱོང་ཕྱོགས་ཀྱི་གླང་པོ་གསུམ་གྱིས་སྟོང་པ་ཉིད་ཀྱི་དོན་ཡོངས་སུ་རྫོགས་པར་མ་བཀྲལ་ཞེས་འཆད་པ་ཡིན་གྱི། དབུ་མར་མ་བཀྲལ་ཞེས་འཆད་པ་ནི་མ་ཡིན་ཏེ། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །ཞེས་པས་དབུ་མའི་བསྟན་འཆོས་ལས་གཞན་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་བཤད་པ་མེད་དོ། །ཅེས་པ་ཤེས་བྱེད་ཀྱི་དཔེར་བཀོད་ནས། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མའི་ལུགས་འདི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར་སྤྱོད་པའི་དབུ་མ་པ་དག་གི་ལུགས་ལ་མེད་དོ་ཅེས་འཆད་རྒྱུ་ཡིན་གྱི། སེམས་ཙམ་པའི་བསྟན་འཆོས་ན་སྟོང་ཉིད་བཅུ་དྲུག་དང་ཉི་ཤུའི་རྣམ་གཞག་འཆད་རྒྱུ་ཡོད་པར་ཟླ་བས་མི་བཞེད་པའི་ཕྱིར། ཡང་འདི་སྙམ་དུ། གཟུང་འཛིན་གཉིས་མེད་ལ། གཉིས་མེད་ཀྱི་ཡེ་ཤེས་ཡོད་པར་འདོད་པ་དེ་གྲངས་ཅན་གྱི་འདོད་པ་ཉིད་དུ་ལེགས་ལྡན་གྱིས་བཤད་པ་མ་ཡིན་ནམ། ཞེ་ན། བཤད་མོད། ཁྱོད་ལ་ཡང་དེར་བཤད་པ་ཉིད་ཀྱིས་སེམས་ཙམ་གྱི་གྲུབ་མཐའ་མ་ཡིན་པ་ཉིད་དུ་ཅིའི་ཕྱིར་མི་འགྲུབ། སློབ་དཔོན་དེའི་བསམ་པ་ནི། གཟུང་འཛིན་གཉིས་དང་ཡེ་ཤེས་དེ་གསུམ་ཀ་ལ་ཡང་མཚན་འཛིན་གྱི་བློ་འདོར་དགོས་པའི་ཕྱིར་ན། གསུམ་ཀ་མཚན་མེད་དུ་གཏན་ལ་འབེབས་དགོས། ཞེས་པ་ཡིན་ལ། ཅིག་ཤོས་ཀྱི་ལྟར་ན། ཁྱབ་བྱེད་འཛིན་པ་བཀག་པས། ཁྱབ་བྱ་ཡེ་ཤེས་ལ་འཛིན་པ་ཁེགས་ཞེས་འཆད་པས་ཤིང་རྟའི་སྲོལ་སོ་སོའོ། །རྣལ་འབྱོར་སྤྱོད་པའི་ལུགས་དེ་གཞིར་བྱས་པ་ལའང༌། འཛིན་པ་འགོག་ལུགས་མི་འདྲ་བ་གཉིས་བྱུང་སྟེ། གཟུང་བ་མེད་པའི་རྟགས་ཀྱིས་འགོག་པ་ནི། སྤྱིའི་ལུགས་ཡིན་ལ། རྣམ་འགྲེལ་མཛད་པས་ནི། འཛིན་པ་ངོ་བོས་སྟོང་པར་སྒྲུབ་པ་ལ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་འགོད་པར་མཛད་ལ། གཟུང་བ་ངོ་བོས་སྟོང་པར་ཡང་གཏན་ཚིགས་དེ་ཉིད་ཀྱིས་སྒྲུབ་པར་མཛད་པས་ན། རྣམ་འགྲེལ་དུ་གཅིག་དུ་བྲལ་གྱི་རིགས་པ་ལན་གཉིས་གསུངས་སོ། །རྔོག་ལོ་ཆེན་པོ་ནི། རྣམ་འགྲེལ་མཛད་པའི་རིགས་པ་དེ་དག་ཉིད་ཀྱིས་ཀླུ་སྒྲུབ་ཞབས་ཀྱིས་དགོངས་པའི་ལྟ་བ་མཐའ་དག་གཏན་ལ་ཕེབས་པར་བཞེད་དེ། ཇི་སྐད་དུ། ཆོས་རྣམས་རང་བཞིན་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་དབང་ཕྱུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩ་བཞིན་དོར། །ཞེས་འཆད་དོ། །ཡང་བོད་ཀྱི་སློབ་དཔོན་ལ་ལ་དག དབྱིག་གཉེན་གྱིས་ཉི་ཁྲི་གཞུང་འགྲེལ་དུ་ཡུམ་གྱི་དགོངས་པ་སེམས་ཙམ་དུ་བཀྲལ་ལ། དེའི་ངོས་འཛིན་ནི་ཡུམ་གསུམ་གནོད་འཇོམས་སུ་གྲགས་པ་འདི་ཉིད་དོ། །ཅེས་གསུངས་པ་དང༌། དབྱིག་གཉེན་སེམས་ཙམ་པར་སྨྲ་བའི་ཕྱིས་ཀྱི་ཆེན་པོ་དག་ན་རེ། འདིས་ཡུམ་དོན་དབུ་མར་བཀྲལ་བའི་ཕྱིར། །དབྱིག་གཉེན་གྱིས་བྱས་པ་མ་ཡིན་ནོ། །ཞེས་རྣམ་རྟོག་གཏིང་མ་ཚུགས་པ་དེ་ཐམས་ཅད་ཀྱི་འཁྲུལ་གཞི་ནི། འགྲེལ་པ་དེར་གཞན་དབང་བདེན་མེད་དང༌། སྟོང་གཞིའི་ཆོས་ཅན་དུ་ཆོས་ཉིད་བཟུང་བ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པས་ནི་ངོ་བོ་ཉིད་མེད་པའི་གྲུབ་མཐར་དོགས་ནས་དབྱིག་གཉེན་གྱི་མ་ཡིན་པར་སྨྲ། ཀུན་བཏགས་སོགས་ངོ་བོ་ཉིད་གསུམ་དུ་ཕྱེ་བ་དང༌། སོ་སོ་རང་རིག་པའི་ཡེ་ཤེས་བཤད་པ་སོགས་ཀྱིས་ནི་སེམས་ཙམ་དུ་འཁྲུལ་ནས་དབྱིག་གཉེན་གྱིས་བྱས་པར་སྨྲ་བ་ཡིན་མོད། ཁོ་བོ་ཅག་ནི། ལུང་དེ་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་དཔྱིས་ཕྱིན་པར་བཤད་པའི་ཕྱིར་ན་རྗེ་བཙུན་མ་ཕམ་པའི་དགོངས་པར་ངེས་སོ། །ཞེས་འཆད་པ་ནི། དབྱིག་གཉེན་ཞབས་ཀྱིས་ཡུམ་གསུམ་གནོད་འཇོམས་སུ། རྣམ་རིག་བཤད་ཕྱིར་དབུ་མ་མིན་ནོ་ཞེས། །གང་འཆད་དེ་དག་རྣམ་དཔྱོད་མཆེ་བ་དང༌། །མང་དུ་ཐོས་པའི་རྣ་བ་དང་བྲལ་ཡང༌། །སྲོལ་གཉིས་ཤིང་རྟའི་ཐུབ་བསྟན་ཁུར་ཆེན་པོ། །འདེགས་བྱེད་སྤོས་ཀྱི་གླང་པོ་ཡིན་སྙམ་པ། །དེ་ཀུན་ལོག་པར་རློམ་པའི་རི་བོ་ཡིས། །རིང་མོ་ཞིག་ནས་ལྕི་བར་ནོན་མིན་ནམ། །སྔོན་བྱོན་མཁས་པས་མ་བཏེག་ལོག་པའི་ཁུར། །དེ་ཙམ་བཏེག་པས་ངལ་བར་མ་གྲུབ་ཏམ། །ཞེས་པ། འདི་ནི་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་སེམས་ཙམ་དུ་འཆད་པའི་ལུང་རིགས་དཔྱིས་ཕྱིན་པར་མི་ཤེས་ཀྱང་བྲག་ཆ་བཞིན་དུ་སྒྲོག་པར་བྱེད་པའི་རྗེས་འཇུག་དག་ལ་ཟུར་ཟ་བ་ཡིན་ཏེ། བཀའ་འཁོར་ལོ་ཐ་མ་དགོངས་འགྲེལ་གྱི་བསྟན་འཆོས་དང་བཅས་པ་དག་ནི། རང་རྒྱལ་དང་རྗེས་སུ་མཐུན་པའི་ལྟ་བ་ཙམ་ལས་གཞན་ཐེག་པ་ཆེན་པོའི་ལྟ་བ་མ་བསྟན་པས། དེར་བཤད་པའི་ལམ་ལྔ་དང་ས་བཅུའི་རྣམ་གཞག་འཁྲུལ་ལོ། །ཞེས་བཤད་ན། རྗེ་བཙུན་གྱིས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་དེ་རྡོ་རྗེའི་གནས་བདུན་སྟོན་པའི་བཀའ་ཐ་མ་ཉིད་ཀྱི་དབང་དུ་བྱས་པའི་ཆོས་སྤོང་གི་ཉེས་པར་གསལ་བའི་ཕྱིར་རོ། །དེ་དག་གང་གི་རྗེས་སུ་འཇུག་པའི་གཞུང་རྩོམ་པ་པོ་དེ་དག་ལ་ཟུར་ཟ་བར་ནུས་པ་མ་ཡིན་ཏེ། རྩོམ་པ་པོ་དེ་དག་ནི། ཇི་སྐད་དུ། རང་གི་སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་སྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་དང༌། བཙུན་པ་གྲོལ་སྡེས། གྲུབ་པའི་མཐའ་རབ་འབྱམ་ལ་མ་འདྲིས་པར་ཡང་རིག་པ་རྩོམ་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ། །ཞེས་འཆད་པ་ལྟར་རོ། །གསུམ་པ་ནི། དེ་འདྲའི་རྨོངས་དང་ངལ་བ་སེལ་ཕྱིར་དང༌། །རང་ཉིད་ཤིང་རྟའི་སྲོལ་ལ་གོམས་བྱའི་ཕྱིར། །དོན་མང་ཚིག་ཉུང་བློ་ལ་གཤིན་ཞིང་ལྗེན། །སྡེབས་ལེགས་ལྡན་པའི་སྦྱོར་བ་འདི་བྱས་སོ། །ཞེས་པ། ཤིང་རྟའི་སྲོལ་ཆེན་པོ་གཉིས་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་འཆོས་རིན་པོ་ཆེའི་སྒྲོན་མེ་འབར་བ་ལྟ་བུ་ཡུན་རིང་དུ་མ་རྙེད་ཅིང༌། ཚིག་ཙམ་རྙེད་ཀྱང་ཕྱོགས་འཛིན་གྱི་དབང་གིས། སྲོལ་གཅིག་ནི་སེམས་ཙམ་གྱི་ལྟ་བ་དང༌། ཅིག་ཤོས་ནི་ཆད་པའི་ལྟ་བ་ཉིད་དུ་རྨོངས་པ་དང༌། དེའི་དབང་གིས་འཕགས་ཆེན་སོ་སོའི་གཞུང་གི་དགོངས་པ་གཞན་དུ་འཚོལ་བའི་ངལ་བས་བསྟན་འཆོས་རྩོམ་པ་དང༌། དེ་ཉིད་གཞན་ལ་འཆད་པ་དང་ཉན་པ་སོགས་ཀྱི་ངལ་བ་མ་འོངས་པ་སེལ་བའི་ཕྱིར་དང༌། རང་ཉིད་ཀྱང་ཤིང་རྟའི་སྲོལ་སོ་སོ་ལ་དཔྱིས་ཕྱིན་པ་ཉིད་དུ་གོམས་པར་བྱས་པས་ན། འདི་ནི་བདེན་གྱི་གཞན་གྱི་གཏི་མུག་གོ །ཅེས་ཆོས་སྤོང་གི་ཉེས་པ་མ་འོངས་པ་མི་འབྱུང་བའི་དོན་དུའོ། །དེ་ལྟར་དགོས་ཆེད་བཤད་ནས། ལས་སུ་བྱ་བ་ནི། རབ་ཏུ་བྱེད་པ་འདི་ནི་ཚིག་ཉུང་ཡང་དོན་མང་པོ་དག་སྟེ། དངོས་སུ་དང༌། ཤུགས་ལ་དང༌། འཕྲོས་དང༌། ཚིག་ཟུར་གྱིས་མཚོན་ནས། དབུ་མ་ཆེན་པོའི་ལུགས་གཉིས་ཀྱི་གྲུབ་པའི་མཐའ་དཔྱིས་ཕྱིན་པར་བཤད་པས་སོ། །བློ་ལ་གཤིན་པ་ནི། བསྒྲུབ་བྱ་གང་སྒྲུབ་པ་དེའི་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་གང་ཡོད་པ་དེའི་གཏན་ཚིགས་ཀྱི་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པའོ། །ལྗན་པ་ནི། དེ་ལྟར་འཕངས་པས་བསྒྲུབ་བྱ་དེ་རྟོགས་པའི་ཚད་མ་སྐྱེས་པའམ། གཞུང་གི་ཚིག་རྣ་བར་སྙན་ཞིང་ཡིད་ཁར་འོང་བའོ། །སྡེབས་ལེགས་ལྡན་པ་ནི། གྲོང་པའི་ཚིག་ཏུ་མ་ཤོར་བར། གསུང་རབ་ཀྱི་བརྡ་ལྕི་ཡང་སྙོམས་པ་ཉིད་དུ་སྦྱར་བའོ། །བྱས་སོ་ཞེས་པ་ནི། ཡང་དག་པར་རྟོགས་ཤིང་ཁོང་དུ་ཆུད་པའི་དོན་ཏོ། །གསུམ་པ་རྩོམ་པ་པོའི་མིང་སྨོས་པ་ནི། ང་རྒྱལ་དང་འགྲན་སེམས་དང་ཚིགས་སུ་བཅད་པའི་རོ་མྱང་བས་མ་ཡིན་གྱི། གཙོ་བོར་ནི་གཞུང་གཞན་དུ་འཁྲུལ་པ་སྤང་བའི་ཕྱིར་ཡིན་ཏེ། རྩོམ་པ་པོའི་མིང་མ་སྨོས་ན་བོད་ཀྱིས་སྦྱར་བ་ལ་འཕགས་ཡུལ་གྱི་བསྟན་འཆོས་སུ་འཁྲུལ་ནས་ཆེན་པོ་དག་གི་མཚན་སྦྱར་བ་མཐོང་བ་བཞིན་ནོ། །ཞེས་སྟོན་པ་ནི། ཞེས་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་ཞེས་བྱ་བ་འདི་ནི། ཞེས་པ། མཚན་དོན་ནི་ཐོག་མར་བཤད་ཟིན་པ་དེ་ཉིད་ཡིན་ལ། ཐེག་པ་མཆོག་ནི་དབུ་མའི་ཐེག་པ་སྟེ་ཆོས་ཀྱི་རྒྱལ་པོའི་ཁང་བཟངས་སུ་འདེགས་པར་བྱེད་པའི་བཞོན་པ་མཆོག་ཏུ་གྱུར་པའོ། །རྣལ་འབྱོར་པ་ཞེས་པ་ནི། ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སྦྱོར་བ་པ་ཞེས་པའི་དོན་ཏེ། ཤེས་རབ་དེ་ཉིད་ཀྱིས་དོན་དེ་ལ་གོམས་པར་བྱེད་བཞིན་པ་ཉིད་ཀྱིས་སོ། །དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་ནི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་ལས་ཉེ་བར་ཐོབ་པའི་མིང་ཅན་དུ་གྲུབ་པའོ། །གསུམ་པ་འཁོར་ལོ་གསུམ་པའི་ངེས་དོན་ལ་གུས་པ་སྐྱེས་པས་འཇུག་བསྡུ་བ་ལ་གསུམ་སྟེ། ཚད་ལྡན་གྱི་བསྟན་འཆོས་སུ་བྱུང་བའི་ཚུལ། དེ་ཉིད་རྒྱ་བོད་མཁས་པའི་མན་ངག་གི་གཞུང་དག་ནས་ཀྱང་འབྱུང་བ། རང་གང་གི་རྗེས་སུ་འབྲང་བའི་ཁུངས་མ་ནོར་བར་བསྟན་པའོ། །དང་པོ་ལ། བྱམས་པའི་གཞུང་ལས་ཇི་ལྟར་བྱུང་བ་དང༌། ཀླུ་སྒྲུབ་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དང༌། འཕགས་པ་ལྷའི་གཞུང་ལས་ཇི་ལྟར་འབྱུང་བའོ། །དང་པོ་ནི། རང་སྟོང་གི་ལྟ་བས་སྒྲོ་འདོགས་བཅད་ནས་གཞན་སྟོང་གི་ཉམས་སུ་བླང་བྱ་སྒོམ་པའི་ཚུལ་འདི་ནི་མངོན་པར་རྟོགས་པའི་རྒྱན་ན་གསལ་བ་ཡིན་ཏེ། སྐྱེ་མེད་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ཚུལ་ནི་ཡུམ་གྱི་མདོའི་སྒྲ་ཇི་བཞིན་པ་དེ་ཉིད་ཐད་སོར་འཇོག་པ་གཞིར་བྱས་ནས། བསྒོམ་བྱ་ནི། གཞི་ཤེས་པའི་བྱེ་བྲག་རྣམས། ཞེས། ཤེས་རྣམ་ལ་འཆད་པའི་ཕྱིར། སྒྲོ་འདོགས་གཅོད་པ་ཡང་གཞན་སྟོང་གི་ཚུལ་དེར་ཡིན་ནོ་སྙམ་ན་ནི། རྣལ་འབྱོར་སྤྱོད་པ་པས་དེར་འགྲེལ་ཡང༌། དངོས་བསྟན་ལ་མ་ཡིན་ཏེ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །ཅེས་དང༌། དེ་རྣམས་དེའི་ངོ་བོས་སྟོང༌། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །སོགས་དང༌། ཁྱད་པར་སྐབས་གཉིས་པ་མན་ཆད་དུ་རང་སྟོང་གི་ཚུལ་ཇི་བཞིན་པ་ཉིད་དུ་བཤད་པའི་ཕྱིར། གཉིས་པ་ནི། ལྟ་བ་རང་སྟོང་དང༌། སྒོམ་པ་སེམས་ཀྱི་རྡོ་རྗེ་ལ་འཆད་པ་དེ་ནི་ཀླུ་སྒྲུབ་ཞབས་ཀྱི་བྱང་ཆུབ་སེམས་འགྲེལ་ན་གསལ་བ་ཡིན་ཏེ། སྒྲོ་འདོགས་གཅོད་པའི་ཚེ་ཐོག་མར་གཞན་སྟོང་གི་ཚུལ་རྒྱས་པར་བཤད་ནས། དེ་སྒོམ་པས་ཉམས་སུ་ལེན་པའི་ཚུལ་འཆད་པ་ན། བསྒོམ་བྱའི་སྟོང་ཉིད་དེ་ངོས་འཛིན་པ་ནི། དམིགས་པ་དང་ནི་བྲལ་བའི་སེམས། །ཞེས་དང༌། མི་རྟག་པའི་སེམས་ཉིད་ནི། །སྟོང་པ་ཉིད་དང་འགལ་མི་འགྱུར། །ཞེས་དང༌། འདིར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །སྟོང་པ་ཉིད་དུ་ཅིས་མི་བཞེད། །ཅེས་དང༌། དོན་དམ་བྱང་ཆུབ་སེམས་མཆོག་དང༌། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་པའང་ཉམས་སུ་མྱོང་བྱ་འཆད་པའི་སྐབས་སུ་བྱུང་ཞིང༌། མདོར་ན་གཞུང་འདིར་སེམས་ཀྱི་རྡོ་རྗེ་ཉིད་བསྒོམ་བྱར་བཤད་པས་དོན་དེ་ལ་འཁྲུལ་གཞི་མེད་དོ། །གསུམ་པ་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། དངོས་དང་དངོས་མེད་ལས་གྲོལ་ཞིང༌། །དངོས་དང་དངོས་མེད་རབ་ལྡན་པ། །འགྱུར་བ་མེད་པ་གྲོལ་བའི་མཆོག །ཡིད་ཀྱི་རང་བཞིན་གྲོལ་བའི་གནས། །གང་ཡིན་དེ་ལ་བསམ་གཏན་གྱིས། །རྟོག་སེམས་འཁོར་ལོ་འཛིན་བྱེད་པ། །འགྲོ་དང་དངོས་པོའི་ངོ་བོ་རྣམས། །རིག་པའི་མིང་དུ་དེ་བརྗོད་དོ། །དངོས་མེད་སྟོང་པ་མཁའ་འདྲ་བ། །མེད་པ་རྣམ་པར་སྤངས་པ་ནི། །དེ་ཉིད་མཆོག་སྟེ་ཐར་འདོད་རྣམས། །འཁྲུལ་དང་རྨོངས་ཆེན་གནས་ཡིན་ནོ། །ཞེས་བསྒོམ་བྱ་ཡེ་ཤེས་ཀྱི་སྙིང་པོ་དེ་དངོས་བཟུང་ནས། དེ་ཉིད་ལ་བསམ་གཏན་བྱེད་པར་གསུངས་པ་དང༌། ལྟ་བ་དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ནི་རང་སྟོང་ཉིད་གཙོ་བོར་བཤད་པ་ཡིན་ཏེ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་འབྱུང་བ་དེ་ཉིད་དོ། །སློབ་དཔོན་སེང་གེ་བཟང་པོས་ཞི་འཚོ་ཡབ་སྲས་ཀྱི་དགོངས་པར་འཆད་པའི་རྣལ་འབྱོར་གྱི་ས་བཞི་པ་དེར་ཡང་སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་མཐར་ཐུག་ནི་རང་སྟོང་སྟེ། ཇི་སྐད་དུ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དེ། ཞེས་གཉིས་མེད་ཀྱི་ཡེ་ཤེས་རང་གི་ངོ་བོས་སྟོང་པར་བསྒྲུབས་པ་དང༌། སྒོམ་བྱུང་གི་རྣལ་འབྱོར་འཆད་པ་ན། བསྒོམ་པས་བསྒོམ་པའི་སྟོབས་གྲུབ་པ་ན་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་རྣམ་པར་མི་རྟོག་པ་སོ་སོར་རང་གིས་རིག་པ་ཞེས་ཉམས་སུ་མྱོང་བྱ་ཤེས་པར་བཤད་པའི་ཕྱིར། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཡང་དོན་དེ་ཉིད་ལས་མ་འདས་ཏེ། རྒྱས་པར་དེ་ཉིད་དུ་བལྟའོ། །འདི་ལ་བོད་ཕྱི་མ་དག་གིས་བསམས་པ་ནི། དབུ་མ་ཐལ་འགྱུར་བ་དག་གི་སྒོམ་བྱུང་གི་ཡེ་ཤེས་ཀྱང་དེ་དང་འདྲ་སྟེ། དེར་རང་རིག་ཙམ་འགོག་ཀྱང༌། མཉམ་གཞག་ཡེ་ཤེས་ཀྱི་མྱོང་བྱ་མི་འགོག་པའི་ཕྱིར། སྙམ་པ་དེས་ནི་ལུགས་དེ་དཔྱིས་ཕྱིན་པར་མ་ཤེས་པ་ཡིན་ཏེ། དབུ་མ་ལྟ་བའི་སྒོམ་ནི་གནས་ཚུལ་སེམས་པ་ལ་ཞུགས་པའི་སྒོམ་ཡིན་ལ། དེའི་ཚེ་ཡུལ་མེད་དགག་ནམ་མཁའ་ལྟ་བུར་སོང་བ་བཞིན་དུ། ཡུལ་ཅན་ཡེ་ཤེས་ཀྱང་དེ་དང་འདྲ་བར་དམིགས་མེད་དུ་འཆད་ཀྱི། ཤེས་པ་ཉིད་ཀྱང་ཡོད་པར་ཁས་མི་ལེན་པའི་ཕྱིར། དེ་སྐད་དུ། བརྒྱ་པ་ལས། སྲེད་དང་བྲལ་ལ་ཐར་པའི་ཚེ། །ཤེས་ཡོད་ཡོན་ཏན་ཅི་ཞིག་ཡོད། །ཤེས་མེད་པ་ཡི་ཡོད་པ་ཡང༌། །གསལ་བར་ཡོད་པ་མིན་དང་མཚུངས། །ཞེས་དང༌། སྤྱོད་འཇུག་ཏུ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །ཞེས་པས་ཡུལ་མེད་པ་དང༌། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པས་ཡུལ་ཅན་གྱི་ཤེས་པའི་དམིགས་པ་ཉིད་དུ་བཤད་པའི་ཕྱིར་དང༌། འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས། ཞེས་དང༌། ཞི་ཞེས་པས་དོན་དེ་ཉིད་བསྟན་ནོ། །དེ་ལྟར་བཤད་པ་ན། ཐ་སྙད་དུ་ཡང་སྐུ་དང་ཡེ་ཤེས་སྤངས་པར་འགྱུར་རོ་སྙམ་པ་དེས་ནི། དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པ་ཉིད་དུ་ངེས་པས། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་བྱ་བའི་ཕྱོགས་སྔ་མའོ། །ཕྱོགས་དེ་ནི་བོད་ཀྱི་དབུ་མ་པར་ཁས་འཆེ་བ་ཀུན་གྱིས་ཁས་བླངས་པས། དེའི་ཚེ་ན་སྒྲོ་འདོགས་རང་སྟོང་གི་རིགས་པས་བཅད་ནས། ཉམས་མྱོང་གཞན་སྟོང་གི་ཡེ་ཤེས་ལ་བྱེད་པའི་དོན་དེ་ཁས་བླངས་བཞིན་དུ་ཐ་སྙད་བརྡ་མ་འཕྲོད་པའོ། །གཉིས་པ་ནི། རྒྱ་བོད་དུ་བྱོན་པའི་མཁས་གྲུབ་ཀུན་གྱི་མན་ངག་གི་གཞུང་ལས་ངེས་དོན་གྱི་བསྒོམ་བྱ་མཐར་ཐུག་ནི་སེམས་ཀྱི་རྡོ་རྗེ་དེ་ཉིད་ལ་བཞེད་པ་ཡིན་ཏེ། རྣལ་འབྱོར་ཡན་ལག་དྲུག་པར་བཤད་པའི་སྟོང་པ་ཉིད་དེ་དང༌། གསང་བ་འདུས་པའི་རིམ་པ་ལྔ་དང༌། ནཱ་རོའི་ཆོས་དྲུག་ཏུ་དོན་དམ་བདེན་པར་བཤད་པའི་འོད་གསལ་བའི་རིམ་པ་དེ་དང༌། འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ་ལས་བསམ་གྱིས་མི་ཁྱབ་པའི་རིམ་པར་བཤད་པ་དེ་དང༌། ཡེ་ཤེས་ཞབས་ལུགས་སུ་དོན་དམ་པའི་ངོས་འཛིན་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་ནས་ཟབ་མོ་ཐལ་བྱུང་ལ་དགག་པ་མཛད་པ་དེ་དང༌། རྣལ་འབྱོར་དབང་ཕྱུག་གིས་ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་ཏུ་ཉམས་སུ་མྱོང་བྱ་སྤྲོས་མེད་ཀྱི་ཡེ་ཤེས་ལ་བཤད་ལ། དེ་ཐམས་ཅད་མཚན་སོ་སོར་བཏགས་ཀྱང༌། དོན་ལྷན་ཅིག་སྐྱེས་པའི་སེམས་ཀྱི་རྡོ་རྗེ་དེ་ཉིད་བསྒོམ་པས་ཉམས་སུ་མྱོང་བྱར་འཆད་པ་ལ་དོན་མཐུན་པ་ཡིན་ཏེ། རྫོགས་རིམ་གྱི་འཁྲིད་ཟབ་མོ་དེ་དག་གང་ཡིན་ཀྱང་རུང༌། ཐོག་མར་དབང་བཞིའམ། དབང་པོ་ཤིན་ཏུ་རྣོ་བ་ལ་བྱིན་རླབས་ཀྱི་རིམ་པ་ཙམ་ལ་བརྟེན་ནས་ཀྱང་མངོན་དུ་གྱུར་པའི་ཉམས་མྱོང་གི་ཡེ་ཤེས་དེ་ཉིད་ཀྱི་རྒྱུན་སྐྱོང་བར་བྱེད་པ་ཉིད་ལས་མ་འདས་པའི་ཕྱིར། བོད་ཀྱི་གྲུབ་ཆེན་དག་ལ་གྲགས་པའི་ཞི་བྱེད་སེམས་ངོ་འཕྲོད་པའི་མན་ངག་དང༌། རྫོགས་ཆེན་སེམས་ཕྱོགས་སུ་གྲགས་པ་དག་དང༌། ས་ར་ཧའི་དོ་ཧ་མཛོད་ཀྱི་གླུ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པའི་མན་ངག་ཐམས་ཅད་ཀྱང་བཀའ་ཐ་མའི་ངེས་དོན་ཉམས་སུ་བླང་བྱར་འཆད་པ་ལས་གཞན་མེད་དོ། །བོད་ཕྱི་མའི་དབུ་མ་ལྟ་ཁྲིད་ཀྱིས་ཀྱང་དོན་སྔ་མ་དེ་མི་འདོད་བཞིན་དུ་ཁས་བླངས་ཏེ། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་པའི་ལུང་ཁུངས་སུ་བྱས་ནས་སྟོང་ཉིད་རྟོགས་པའི་བློ་ཡི་རྒྱུན་བསྒོམ་བྱ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གསུམ་པ་རང་གང་གི་རྗེས་སུ་འབྲང་བའི་རྒྱུད་པའི་ཁུངས་བསྟན་པ་ནི། ཀྱཻའི་རྡོ་རྗེ་རྩ་འགྲེལ་དང༌། དུས་ཀྱི་འཁོར་ལོ་ལས། རང་སྟོང་གི་ལྟ་བས་སྒྲོ་འདོགས་བཅད་ནས། གཞན་སྟོང་གི་ཡེ་ཤེས་བསྒོམ་བྱར་བཤད་པ་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་པས་སྒྲོ་འདོགས་བཅད་པའི་ལྟ་བ་དང༌། དེ་རྗེས་ཀྱཻའི་རྡོ་རྗེ་བསྟན། །ཞེས་པས་ཟུང་འཇུག་གི་ཡེ་ཤེས་བསྒོམ་བྱར་བསྟན་པ་དང༌། དུས་འཁོར་དུ་ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཞེས་པའི་དོན་དབུ་མའི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་དང༌། ཉམས་སུ་མྱོང་བྱ་ལ་རྣམ་ཀུན་མཆོག་ལྡན་གྱི་མིང་གིས་བསྟན་པའི་ཕྱིར་རོ། །དོན་དེ་ཉིད་རྗེ་བཙུན་ས་སྐྱ་པས་རྒྱས་པར་འཆད་པ་ཡིན་ཏེ། དེ་དག་གི་གཞུང་ན་མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་དུ་སྒོམ་པ་ཞེས་འཆད་ལ། དེའི་ཚེ་གཏན་ལ་འབེབས་བྱེད་ནི་ཀླུ་སྒྲུབ་ཞབས་ཀྱི་ཤིང་རྟའི་སྲོལ་ལས་འབྱུང་བའི་རིགས་པ་དག་ཡིན་ལ། ཉམས་སུ་བླང་བྱ་ནི་རྒྱུད་སྡེ་ལས་འབྱུང་བའི་ཟུང་འཇུག་ནི། བདེ་སྟོང་ངམ། གསལ་སྟོང་ངམ། ཐབས་ཤེས་སམ། བདེན་པ་གཉིས་ཟུང་དུ་འཇུག་པ་སྟེ། རང་བཞིན་གྱི་དགྱེས་པ་རྡོ་རྗེ་སོགས་མིང་གི་རྣམ་གྲངས་བཅུ་བཞིས་བསྟན་པ་དེ་ཉིད་དོ། །ཟུང་འཇུག་གི་དོན་ཡང༌། གཉིས་སུ་དབྱེར་མེད་པ་ལ་འཆད་དགོས་པ་ཡིན་གྱི། ཟུང་འབྲེལ་ཞེས་མིང་བཏགས་ནས་གཉིས་སུ་ཡོད་པ་ལ་འཆད་པ་དེ་ནི་ཤིན་ཏུ་འཁྲུལ་ལོ། །དབྱེར་མེད་ཀྱི་འཆད་ཚུལ་ལ་གཉིས་ཏེ། དབུ་མ་རང་སྟོང་བས་ཐབས་སྟོང་པ་ཉིད་དུ་རོ་གཅིག་པར་འཆད་པ་དང༌། གསང་སྔགས་པས་སྟོང་པ་ཉིད་ཐབས་སུ་རོ་གཅིག་པར་འཆད་པ་གཉིས་ལས། འདིར་ནི་ཕྱི་མ་དབང་བཙན་པ་ཡིན་ལ། དེའི་ཚེ་བདེ་སྟོང་དང་གསལ་སྟོང་སོགས་ནི་གཞན་སྟོང་གི་དབང་དུ་བྱས་པ་ཡིན་ཏེ། ཐབས་བདེ་བ་དང༌། གསལ་བ་དང༌། སྙིང་རྗེ་སོགས་ནི་མི་འདོད་པ་གཞིར་བཞག་ནས། དེ་གཟུང་འཛིན་དུ་ཞེན་པས་སྟོང་པར་འཆད་དགོས་པའི་ཕྱིར། ཟུང་འཇུག་དེ་ཐ་སྙད་ཀྱི་ཚེ་དོན་དམ་པའི་བདེན་པར་ཁས་ལེན་དགོས་པ་ཡིན་ཏེ། གཞན་དུ་ན་ཉམས་མྱོང་གི་བློ་ཀུན་རྫོབ་པར་སོང་བས་མ་རིག་པའམ་དེས་བསླད་པ་གང་རུང་ལས་མ་འདས་པར་སོང་བའི་ཕྱིར། མཐའ་བྲལ་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དེའི་ངོར་ནི་དོན་དམ་པའི་བདེན་པ་ཞེས་བྱ་བ་ཁས་མི་ལེན་ཏེ། རྗེ་བཙུན་མཆེད་ཀྱིས། ཇི་སྐད་དུ། རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་ལ་ནི་བསྟན་འཆོས་མཛད་པའི་སློབ་དཔོན་རྣམས་ཀྱིས་སྒྲུབ་བྱེད་མ་གསུངས་པས། དེ་འདྲ་དེ་ཡོད་དོ་ཅེས་བཟུང་བར་མི་བྱའོ། །ཞེས་གསུངས་སོ། །འོ་ན་སྐབས་དེར་དོན་དམ་གྱི་མཚན་གཞི་འདིའོ་ཞེས་བཟུང་དུ་མེད་པས། དབུ་མ་ངོ་བོ་ཉིད་མེད་པ་ལས་ཁྱད་པར་འཕགས་ཞེས་བཤད་པ་དེ་ཅི་ཞེ་ན། དེ་རྗེས་ཀྱཻའི་རྡོ་རྗེ་བསྟན། །ཞེས་པས། དབུ་མ་ཞེས་པ་ཉམས་སུ་བླང་བྱ་ཟུང་འཇུག་མེད་པས་སོ། །འོ་ན་ངོས་བཟུང་དུ་མེད་པ་ཅི་ཞེ་ན། གཞོན་ནུ་མའི་བདེ་བ་དང་ལྐུགས་པའི་རྨི་ལམ་སོགས་ཀྱི་དཔེས་བརྗོད་བྲལ་དུ་བཤད་ན་ངོས་བཟུང་དུ་ག་ལ་ཡོད། འོ་ན། རྗེ་བཙུན་གྱི་གསུང་དེའི་ཤུགས་ལ། དབུ་མ་པས་དོན་དམ་པའི་བདེན་པ་ཞིག་ངོས་འཛིན་པར་བཤད་པ་མ་ཡིན་ནམ། ཡིན་ན་ནི་དྲངས་མ་ཐག་པ་དེ་དང་འགལ་ལོ། །ཞེ་ན། དབུ་མ་པས་རྣམ་གྲངས་ཀྱི་དོན་དམ་བདེན་པ་ཞིག་ནི་ངོས་བཟུང་བ་ཡིན་ཏེ། ཡེ་ཤེས་སྙིང་པོས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཅེས་དང༌། ཟླ་བས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད། ཅེས་བཤད་དོ། །བླ་ན་མེད་པའི་རྒྱུད་ཀྱི་མངོན་པར་རྟོགས་པ་འདིར་ནི་ཆ་མཐུན་ཙམ་ཡང་ཐོས་བསམ་གྱི་རིགས་པས་ངོས་མི་འཛིན་ཏེ། སྒོམ་བྱུང་གི་ཤེས་པས་ཉམས་སུ་མྱོང་བྱ་གང་ཡིན་པ་དེ་ངོས་བཟུང་དུ་མེད་ཅིང་བརྗོད་པ་ཐམས་ཅད་དང་བྲལ་ལོ། །ཞེས་པ་ཙམ་ཞིག་ལས་གཞན་མི་འཆད་པའི་ཕྱིར། འོ་ན། ལྟ་བས་རང་སྟོང་དུ་ཕབ་ནས། སྒོམ་པས་གཞན་སྟོང་ཉམས་སུ་བླངས་ན། ཐོས་བསམ་དང་ཉམས་ལེན་འབྲེལ་མེད་དུ་སོང་བ་མ་ཡིན་ནམ། ཞེ་ན། ཉེས་པ་མེད་དེ། ཐོས་བསམ་གྱི་རིགས་པ་དེ་ནི་ཉམས་སུ་བླང་བྱ་དེ་ལ་མཚན་འཛིན་གྱི་རྟོག་པ་འགོག་པའི་ཐབས་ཡིན་པས་སོ། །དེས་ན་ངེས་དོན་ཟུང་འཇུག་དེ། དེ་ལ་སྒྲོ་འདོགས་གཅོད་པའི་རིགས་པ་དེའི་ངོར་རང་གི་ངོ་བོས་སྟོང་ཡང༌། སྒོམ་བྱུང་གི་ཡེ་ཤེས་དེས་བཞིག་ཅིང་གཞོམ་པར་མ་ནུས་ཏེ། ནུས་ན་རྡོ་རྗེ་ཉིད་དུ་འགལ་བའི་ཕྱིར་རོ། །འོ་ན་ལུགས་འདིར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དོན་དེ་ཉིད་ཉམས་སུ་བླང་བྱར་མི་འཆད་པ་གང་ལས་ཤེས་ཤེ་ན། གསུང་ངག་གི་གཞུང་བཤད་དག་ཏུ་སྟོང་པ་ཉིད་ཀྱི་དབྱེ་བ་དགུ་བཤད་ནས། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྟོང་པ་ཉིད་ལ་དུག་ཅན་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་དུག་མེད་དུ་བཤད་པ་ལས་སོ། །དེའི་གོ་བ་ཡང་དེ་མེད་པར་དགག་པའི་ཡུལ་ཅན་གྱི་ཤེས་པ་ཞིག་གང་དུ་བྱུང་ཡང༌། སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་པར་དགོངས་པའོ། །ཡང་སྒྲུབ་ཐབས་ཀྱི་གཞུང་དག་ཏུ། མི་དམིགས་ཏེ་སྟོང་པ། ཞེས་དང༌། སྟོང་པའི་ངང་ལས། ཞེས་སོགས་ཚན་པ་གཉིས་པོ་དེའི་སྔ་མ་རང་སྟོང་གི་རིགས་པ་དང༌། ཕྱི་མས་ཉམས་ལེན་གཞན་སྟོང་གི་ཚུལ་དུ་བསྟན་ནོ། །དེ་བཞིན་དུ་རྗེ་བཙུན་གྱིས། བསམ་མི་ཁྱབ་ཀྱི་མན་ངག་ཏུ། ལྟ་བས་སྤྲོས་པ་གཅོད་པའི་ཚེ། མེད་པ་རྣམ་པ་དྲུག་དང༌། སྒོམ་པའི་དུས་སུ་ཡོད་པ་རྣམ་པ་དྲུག་གལ་ཆེ་བར་གསུངས་པ་དེས་ཀྱང༌། ཐོས་བསམ་དང་སྒོམ་པས་ཉམས་སུ་བླང་བྱ་མི་མཐུན་པར་བཤད་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་མི་ཁྱབ་དང༌། མཆོད་རྟེན་དྲུང་ཐོབ་ཀྱི་མན་ངག་དང༌། ངག་གི་དབང་ཕྱུག་གྲགས་པའི་ཕྱག་རྒྱ་ཆེན་པོ་སོགས་ལམ་སྐོར་དུ་གྲགས་པའི་མན་ངག་མཐའ་དག་དུ་ཉམས་མྱོང་གི་ལྟ་བ་རྟོགས་པའི་ཐབས་རང་བྱིན་གྱིས་རླབ་པའི་རིམ་པ་ལ་བཤད་ནས། ཉམས་སུ་མྱོང་བྱ་རང་བྱུང་གི་ཡེ་ཤེས་ལ་བཤད་པ་ཁོ་ན་ཉིད་དུ་ངེས་པས། འཁོར་ལོ་ཐ་མ་དང་བྱམས་ཆོས་ཀྱི་ལྟ་བ་ལ་སེམས་ཙམ་ཞེས་བསྐུར་པ་གདབ་པར་མི་བྱའོ། །རྗེ་བཙུན་འདི་དག་གི་ལྟ་གྲུབ་ཀྱི་སྐབས་ན། སྣང་བ་སེམས། སེམས་སྒྱུ་མ། སྒྱུ་མ་རང་བཞིན་མེད་པ་ཞེས་བྱ་བ་གསུམ་དང༌། འཁོར་བ་དང༌། མྱང་འདས་དང༌། དབྱེར་མེད་ཅེས་བྱ་བ་གསུམ་དང༌། སྣང་བ་དང༌། སྟོང་པ་དང༌། ཟུང་འཇུག་ཅེས་བྱ་བ་གསུམ་དང༌། གསལ་བ་དང༌། སྟོང་པ་དང༌། ཟུང་འཇུག་ཅེས་བྱ་བ་གསུམ་ཚན་གྱི་སྒོ་ནས་བཤད་ལ། དེ་དག་ནི་རྗེ་བཙུན་བྱམས་པའི་གཞུང་བར་པ་ནས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། དམིགས་པ་ལ་ནི་བརྟེན་ནས་སུ། །ཞེས་པས་དང་པོ་རྣམས་དང༌། མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་པས་གཉིས་པ་རྣམས་དང༌། དེ་ལྟ་བས་ན་དམིགས་པ་དང༌། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་པས་གསུམ་པ་རྣམས་བསྟན་ནོ། །དེ་ཡང་རྐང་པ་དང་པོ་གཉིས་ཀྱིས་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དང༌། ཕྱི་མ་གཉིས་ཀྱིས་སྒོམ་པས་ཉམས་སུ་མྱོང་ཚུལ་བསྟན་ནོ། །དེ་བཞིན་དུ་སྣང་བ་སེམས་ཤེས་པས་བཟུང་བ་ཀུན་བཏགས་མེད་པར་ཁོང་དུ་ཆུད་ནུས་ཏེ། དེས་ཕྱི་རོལ་གྱི་དོན་ཁེགས་པའི་ཕྱིར། སེམས་སྒྱུ་མ་ཞེས་པས་གཞན་དབང་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་ནས་ཏེ། དེ་དུས་ཀྱི་སེམས་ནི་མ་དག་པའི་སྣང་བ་འཆར་མཁན་དེ་ཉིད་ལ་བྱེད་པའི་ཕྱིར། སྒྱུ་མ་རང་བཞིན་མེད་པས་ནི་ཉམས་སུ་མྱོང་བྱ་ཡོངས་གྲུབ་དུ་ཤེས་པ་ཡིན་ཏེ། ལྷན་སྐྱེས་ཀྱི་ཡེ་ཤེས་བརྗོད་བྲལ་དུ་རྟོགས་པའི་ཕྱིར། དེ་ལྟ་ན་ཡང༌། ལྟ་བ་རྟོགས་པའི་ཐབས་ནི་གཉིས་ཏེ། ཕར་ཕྱིན་ཐེག་པ་པའི་རིགས་པ་དང༌། གསང་སྔགས་པའི་རང་བྱིན་རླབས་སོ། །རིགས་པ་ལ་ཡང༌། རང་སྟོང་གི་དང༌། གཞན་སྟོང་གི་གཉིས་ལས། རིགས་པའི་ཆ་ནས་ནི་ཕ་རོལ་ཏུ་ཕྱིན་པ་ལས་ལྷག་པ་གསང་སྔགས་པ་ལ་འཆད་རྒྱུ་མེད་མོད། ཐབས་ཀྱི་ཆ་ནས་ལྷག་པ་ཡིན་ལ། སྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་ནི་དོན་གཅིག་ལ་འདུ་བ་ཡིན་ཏེ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་འཆད་པའི་ཕྱིར། དོན་དེ་ལ་དགོངས་ནས། འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་གསུངས་སོ། །འདིར་སྨྲས་པ། གང་གི་མཐུ་ཡིས་ངེས་པའི་དོན་གང་ལ། །ལུང་བསྟན་ནུས་པའི་རྒྱབ་བརྟེན་ལུང་མང་པོ། །རིགས་ལམ་ཉིད་ནས་དྲངས་པའི་རིགས་པ་མཆོག །སྟོན་མཛད་འཇམ་པའི་དབྱངས་ལ་ཕྱག་བགྱིའོ། །གང་ཡང་འདི་ན་བདག་དང་ཆོས་སུ་རྨོངས་པའི་མུན་ནག་གིས་བསྟིབས་འཐིབས་པོའི་མལ་དག་ཏུ། །ཉོན་མོངས་པ་དང་རྣམ་པར་རྟོག་པའི་མྱོས་བྱེད་ཀྱིས་མྱོས་དུས་རྣམ་ཀུན་ཏུ་གཉིད་ལོག་ནས། །སྒྱུ་མས་རྨོངས་པར་བྱས་པའི་རྨི་ལམ་ཡུལ་གྱི་འཁྲུལ་པའི་སྣང་བ་སྣ་ཚོགས་ལ་སྲེད་པ། །རིགས་པར་སྣང་བྱེད་རབ་འབར་ཡེ་ཤེས་ཉི་མའི་སྣང་བ་འཆར་མཛད་དེ་ནི་ཡང་དག་རྫོགས་སངས་རྒྱས། །རིག་བྱེད་དྲན་པོས་ཡུན་རིང་བསམས་བྱས་ཀྱང༌། དཔྱོད་པའི་ཡུལ་དུ་ནམ་ཡང་མ་ཤར་བ། །འགྲོ་ཀུན་བདུད་རྩིར་བྱེད་པའི་འཆི་མེད་ལམ། །སྲོལ་ཆེན་རྣམ་གཉིས་གང་འདིའི་སྐལ་བས་རྙེད། །རྫོགས་སངས་རྒྱས་བློའི་ལུང་གིས་ཉེར་བྲིས་པའི། །གསར་ཡིག་མགུལ་པར་ཐོགས་པའི་བྱ་མ་རྟ། །ལུང་རིགས་ཚུལ་བཞིན་སྦྱངས་པའི་ཁྲིམས་ཀྱི་གྲྭ། །མང་པོའི་གྲལ་མགོར་རིམ་བཞིན་བདེ་བར་རྒྱུ། །ཚུལ་གཉིས་ཤིང་རྟ་འདྲེན་པའི་ཁ་ལོ་པས། །རིགས་པར་དྲངས་པའི་ཤིང་རྟའི་སྲོལ་གསུམ་པ། །འཁོར་ལོ་ཐ་མའི་ངེས་དོན་རྒྱལ་བའི་སྲས། །གྱེན་དུ་འདེགས་པའི་ཡ་མཚན་འདི་ལྟོས་ཤིག །དེ་ཡི་དགེ་བས་བདག་དང་སྐལ་མཉམ་པ། །མང་པོས་ཡུན་རིང་དུས་ནས་བསགས་པ་ཡི། །ཆོས་སྤོང་ཉེས་པས་ཚེ་འདིར་ངེས་པའི་དོན། །ཚུལ་བཞིན་ལྟ་བའི་གེགས་དེ་བྱང་གྱུར་ནས། །མཐའ་ཡས་བསོད་ནམས་ཚོགས་དང་ཟུང་འབྲེལ་བའི། །མཐའ་ཆོད་རིགས་པས་མཚན་མར་འཛིན་པ་ཡི། །སྤྲོས་ཀུན་བཅོམ་ནས་ཟུང་འཇུག་ཆོས་ཀྱི་སྐུའི། །གོ་འཕང་བླ་ན་མེད་དེ་འཐོབ་པར་བསྔོ། །ཅེས་ངེས་དོན་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཞེས་བྱ་བའི་བསྟན་འཆོས་ཀྱི་རྒྱས་འགྲེལ་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་འདི་ནི། མང་དུ་གསན་པ་རྒྱ་མཚོའི་དབུས་ན་བཞུགས་ཤིང༌། རིགས་རུས་ཆོ་འབྲང་གི་དཔལ་གྱིས་མངོན་པར་མཐོ་བའི་ལྷུན་པོ། སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས། རྒྱང་རིང་པོ་ནས་ཉེ་བར་སིམ་པའི་གསུང་གིས་བསྐུལ་བའི་ངོར་བགྱིས་ནས། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན། དྲི་མེད་ལེགས་པའི་བློས། རྩང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོའི་དབུས། དགའ་ལྡན་བྱམས་པའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།། །།ངེས་དོན་ཆོས་ཀྱི་རྒྱ་མཚོ་ལས་འོངས་པའི། །ལུང་རིགས་སྤྲིན་སྔོན་རོལ་པའི་ནམ་མཁའ་ལ། །ལེགས་བཤད་འབྲུག་སྒྲ་ཟབ་མོར་བསྒྲགས་པ་འདི། །ས་གསུམ་སྐྱེ་དགུའི་རྣ་བའི་རྒྱན་གྱིས་ཤིག །འདི་ན་ཤཱཀྱའི་གསུང་རབ་ཀློག་རྣམས་ཀྱི། །མཆོག་ཅེས་སྙན་པའི་གྲགས་པ་མང་ལྡན་པ། །དྲི་མེད་ལེགས་པའི་བློ་གྲོས་ཁྱོད་ཀྱིས་ཞབས། །དད་པས་སྤྱི་བོའི་རྒྱན་དུ་བདག་གིས་བརྟེན། །གང་གི་མཁྱེན་པའི་གོམས་པ་ལན་གཅིག་གིས། །ཤེས་བྱའི་ས་ཆེན་ཀུན་ལ་དབང་བྱས་ཏེ། །ཚུལ་གཉིས་ཤིང་རྟའི་སྲབ་སྐྱོགས་བསྒྱུར་བ་ལས། །ངེས་དོན་ལམ་པོ་ཆེ་ཡི་སྲོལ་འདི་གཏོད། །སྐལ་བཟང་ཐར་ལམ་འདོད་རྣམས་འདི་ལོང་དང༌། །འདི་ན་དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ། །རང་རིག་འོད་གསལ་ཆེན་པོའི་གནས་ལུགས་ཀུན། །མ་སྒྲིབ་གསལ་བར་སྟོན་པའི་སྒྲོན་མེ་འདུག །དེ་ཕྱིར་ལེགས་པར་བཤད་འདི་སྤེལ་བཞེད་པས། །གླེགས་བམ་འབུམ་སྡེ་མང་པོ་བསྐྱེད་པའི་ཡུམ། །མི་ཟད་པར་གྱི་མིག་འཕྲུལ་དུ་བཀོད་པ། །སྐལ་བཟང་ཆོས་ཀུན་མཁྱེན་པའི་བཀའ་ལུང་གིས། །ཡང་ཡང་བསྐུལ་བའི་ཐུགས་རྗེའི་ཤུགས་ལས་བྱུང༌། །བསོད་ནམས་བརྒྱ་ཡི་བྱེད་པོ་ཡིས། །ཡངས་པའི་ས་ཆེན་སྐྱོང་མཁས་པ། །ཆོས་རྒྱལ་བཀྲ་ཤིས་དར་རྒྱས་ཞེས། །སྙན་གྲགས་ཚངས་པའི་འཇིག་རྟེན་དང༌། །འཁོར་ཡུག་རི་བོའི་བར་དུ་ཡང༌། །ལྷ་ཡི་རྔ་བཞིན་གྲགས་པ་དེས། །མངའ་ཐང་ཆེན་པོའི་དཔལ་འབྱོར་ལས། །མཐུན་རྐྱེན་མ་ཚང་མེད་པར་བསྒྲུབས། །རིག་བྱེད་ནམ་མཁའ་རྡོ་རྗེ་ཡིས། །མ་ཉམས་གསལ་བར་བྲིས་པ་གང༌། །བསམ་འབྲུག་དཔལ་ལྡན་སློབ་བུར་བཅས། །བཅུ་ཕྲག་གཅིག་གིས་ལེགས་པར་བརྐོས། །གང་འདིའི་དོ་དམ་དང་ནི་དག་བྱེད་པ། །རབ་འབྱམས་གཞུང་ལ་བྱང་པའི་ཐོས་བསམ་པ། །སྡེ་བདུན་དབང་ཕྱུག་རྒྱལ་མཚན་ཞེས་བྱ་དེས། །ལྷོད་མེད་བརྩོན་འགྲུས་ལྡན་པས་ལེགས་པར་བགྱིས། །གནས་ལྔའི་མཁའ་ལ་མཁྱེན་པའི་ཉི་འོད་ཅན། །ཀརྨ་ཕྲིན་ལས་པ་ཞེས་ཡོངས་གྲགས་པས། །མ་དག་མུན་པའི་དྲི་མ་རྒྱང་སྲིངས་ཤིང༌། །འཁོས་སུ་ཕེབས་པའི་བཀོད་ལེགས་བཀའ་དྲིན་མཛད། །དེ་ལས་བྱུང་བའི་རབ་དཀར་དགེ་བའི་འོད། །ནམ་མཁའི་ཕ་མཐར་འཆར་བ་ཡོད་སྙམ་སྟེ། །དེས་ནི་འགྲོ་ཀུན་རྨོངས་པའི་མུན་བསལ་ནས། །ཡེ་ཤེས་སྣང་བ་ལྷམ་མེར་འབར་གྱུར་ཅིག །ཅེས་པ་ཕོ་བྲང་ཆེན་པོ་ཆོས་རྒྱལ་ལྷུན་པོར་པར་དུ་བསྒྲུབས་ནས། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་གྲྭར་ཕུལ་བ་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག། །།མངྒ་ལཾ། བྷ་ཝནྟུ། སྟོབས་བཅུའི་ཁྱུ་མཆོག་ཤཱཀྱའི་རྒྱལ་པོ་དེས། །བགྲང་ཡས་བསྐལ་པར་དཀའ་བ་བརྒྱ་ཕྲག་གིས། །ལེགས་པར་བསྒྲུབས་པའི་དམ་ཆོས་དཀོན་མཆོག་གི །མཛོད་འདི་འཁོར་མང་དབུས་སུ་ཚངས་པའི་དབྱངས། །ཡན་ལག་དྲུག་ཅུའི་དཀྱིལ་འཁོར་ཡོངས་རྫོགས་པས། །མ་ཉམས་གྱིས་ཞེས་ལན་གཅིག་མ་ཡིན་པར། །གདམས་ཤིང་ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་གཉིས། །ལུང་བསྟན་ཇི་བཞིན་འཕགས་ཡུལ་ཆོས་ཀྱི་མཚོར། །ཐུབ་བསྟན་གསེར་གྱི་པདྨ་རྣམ་རྒྱས་པའི། །དྲི་བསུང་ཞིམ་པོ་འཇིག་རྟེན་མིག་གྱུར་གྱི། །དྲི་ལེན་དག་གི་མཐུ་ལས་གངས་ཅན་འདིར། །འཕོས་པས་འགྲོ་རྣམས་སྐལ་བཟང་བྱེད་མོད་ཀྱང༌། །ཁ་ཅིག་རང་རང་འདོད་པ་གཞིར་བཞག་ནས། །དགག་བཞག་ལུང་རིགས་ལྟར་སྣང་མང་པོ་ཡིས། །ཐུབ་པའི་བསྟན་པ་ཉམས་དམས་གྱུར་པའི་སྐབས། །ཞལ་ལྕེ་གཅོད་ལ་འོངས་འདྲའི་བསྟན་བཅོས་འདི། །ཀུན་མཁྱེན་རྒྱལ་བ་གཉིས་པ་ཤཱཀྱའི་མཆོག །བཅོམ་ལྡན་ཐུབ་པའི་དབང་པོ་སླར་བྱོན་ལྟའི། །དྲི་མེད་ལེགས་པའི་བློ་གྲོས་ལས་བྱུང་བ། །གཅེས་པའི་སྲོག་བཞིན་གུས་པས་བྲིས་པ་ཡི། །དགེ་བས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།