བསམ་གཏན་དང་པོའི་དངོས་གཞི་གང་ཞིག རྟོག་དཔྱོད་གཉིས་ཀ་ལ་ཆགས་པ་དང་མ་བྲལ་བ་དེ། དང་པོའི་མཚན་ཉིད། དེ་གང་ཞིག རྟོག་པ་ལ་ཆགས་པ་དང་བྲལ་ལ། དཔྱོད་པ་ཙམ་དང་བཅས་པ་དེ་གཉིས་པའི་མཚན་ཉིད། ནང་རབ་ཏུ་དྭང་བ་གཉེན་པོའི་ཡན་ལག་གིས་ཟག་པ་དང་བཅས་པའི་རྟོག་དཔྱོད་གཉིས་ལ་འདོད་ཆགས་དང་བྲལ་བའི་བསམ་གཏན་གྱི་སྙོམས་འཇུག་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པ་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེ། བསམ་གཏན་གཉིས་པའི་དངོས་གཞིའི་མཚན་ཉིད། བསམ་གཏན་དང་པོ་གཉིས་ཀྱི་སས་བསྡུས་ཀྱི་དགའ་བདེ་གཉིས་ཀྱི་ཁྱད་པར་ལ་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སེམས་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་ཡིད་བདེའི་དབང་པོ་དེ། དགའ་བའི་མཚན་ཉིད། ལུས་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་བདེ་བ་དེ། བདེ་བའི་མཚན་ཉིད་ཏུ་འདོད་དོ། །རྣལ་འབྱོར་སྤྱོད་པ་བ་ལྟར་ན། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གཅིག་ཉིད། དབང་པོ་རྟེན་བཅས་ཀྱི་ལུས་ལ་ཕན་འདོགས་པའི་ཆ་ནས་བདེ་བ་དང༌། ཡིད་ཤེས་འཁོར་བཅས་དགའ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཆ་ནས་དགའ་བ་ཞེས་འཇོག་གོ །དྲན་ཤེས་བཞིན་གཏང་སྙོམས་གཉེན་པོའི་ཡན་ལག་གིས། བསམ་གཏན་གཉིས་པའི་སས་བསྡུས་ཀྱི་དགའ་བ་ཉོན་མོངས་ཅན་ལ་འདོད་ཆགས་དང་བྲལ་བར་བྱས་པའི་བསམ་གཏན་གྱི་སྙོམས་འཇུག་གང་ཞིག དགའ་བ་མེད་པའི་བདེ་བ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེ། བསམ་གཏན་གསུམ་པའི་དངོས་གཞིའི་མཚན་ཉིད། འདིར་བདེ་བ་ནི་སེམས་ཀྱི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་ཅིག་ཡིན་ལ། འདིར་དགའ་བ་ཉོན་མོངས་ཅན་དང་བྲལ་བས་ཡིད་དགའ་བར་མི་བྱེད་ཀྱི་ལུས་ལ་ཕན་འདོགས་པར་བྱེད་པའི་ཕྱིར། བསམ་གཏན་གསུམ་པའི་མདོར། བདེ་བ་ལུས་ཀྱི་མྱོང་ལ། ཞེས་གསུངས་པའི་ཕྱིར། དྲན་པ་ཡོངས་དག་དང་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་གཉིས་ཀྱིས་བསམ་གཏན་གསུམ་པའི་སས་བསྡུས་ཀྱི་བདེ་བ་ལ་འདོད་ཆགས་དང་བྲལ་བར་བྱས་པའི་བསམ་གཏན་གྱི་སྙོམས་འཇུག་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེ། བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་གི་མཚན་ཉིད། དམིགས་རྣམ་གྱི་སྒོ་ནས། འོག་ས་ལས་ངེས་པར་འབྱུང་བའམ། འབྱུང་བཞིན་པའི་སྙོམས་འཇུག་དེ། གཟུགས་མེད་ཀྱི་སྙོམས་འཇུག་གི་མཚན་ཉིད། དེ་ལ་དབྱེ་ན། ཉེར་བསྡོགས་དང༌། དངོས་གཞི་གཉིས། དམིགས་རྣམ་གྱི་སྒོ་ནས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱེད་བཞིན་པའི་གཟུགས་མེད་ཀྱི་སྙོམས་འཇུག་དེ། གཟུགས་མེད་ཀྱི་ཉེར་བསྡོགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ནམ་མཁའི་ཉེར་བསྡོགས་ལ་སོགས་པ་བཞི། ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པའི་འདུ་ཤེས་ཀྱིས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱེད་བཞིན་པའི་སྙོམས་འཇུག་དེ། ནམ་མཁའི་ཉེར་བསྡོགས་ཀྱི་མཚན་ཉིད། འདིས་ཉེར་བསྡོགས་ལྷག་མ་རྣམས་ཀྱི་མཚན་ཉིད་ཀྱང་བསྒྲེ་བར་བྱས་ཤིང༌། དེ་ལ་དབྱེ་ན། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་སོགས་དྲུག སྐབས་འདིར་ནམ་མཁའི་འདུ་ཤེས་ལ་ཞི་བ་དང༌། གཟུགས་ཀྱི་འདུ་ཤེས་ལ་རགས་པར་ལྟ་བ་ཡིན་ནོ། །ཡན་ལག་མི་འདྲ་བ་དང་བྲལ་བའི་དམིགས་རྣམ་གྱི་སྒོ་ནས་འོག་ས་ལ་འདོད་ཆགས་བྲལ་ཟིན་པའི་ཞི་ལྷག་ཟུང་འབྲེལ་དེ། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། དེ་ལ་དབྱེ་ན་གཟུགས་མེད་ནམ་མཁའི་དངོས་གཞི་ལ་སོགས་པ་དང་བཞིའོ། །ནམ་མཁའི་འདུ་ཤེས་ཀྱིས་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱས་པའི་གཟུགས་མེད་ཀྱི་སྙོམས་འཇུག་གང་ཞིག ནམ་མཁའི་འདུ་ཤེས་དང་མ་བྲལ་བ་དེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། ནམ་མཁའི་ཡུལ་ཅན་གྱི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་པའི་འདུ་ཤེས་ཀྱིས་ནམ་མཁའ་ལ་ཆགས་བྲལ་བྱས་ཟིན་པའི་གཟུགས་མེད་ཀྱི་སྙོམས་འཇུག་གང་ཞིག རྣམ་ཤེས་ཀྱི་འདུ་ཤེས་དང་མ་བྲལ་བ་དེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། བཟུང་བྱ་ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་ཀྱིས། རྣམ་ཤེས་ཀྱི་འདུ་ཤེས་ལ་ཆགས་བྲལ་བྱས་ཟིན་པའི་གཟུགས་མེད་ཀྱི་སྙོམས་འཇུག་གང་ཞིག ཅི་ཡང་མེད་པའི་འདུ་ཤེས་དང་མ་བྲལ་པ་དེ། ཅི་ཡང་མེད་པའི་དེའི་མཚན་ཉིད། འདུ་ཤེས་ཡོད་མིན་མེད་མིན་གྱི་སྒོ་ནས་འདུ་ཤེས་རགས་པ་ལ་ཆགས་བྲལ་བྱས་ཟིན་པའི་གཟུགས་མེད་ཀྱི་སྙོམས་འཇུག་དེ། སྲིད་རྩེའི་སྙོམས་འཇུག་གི་མཚན་ཉིད། མངོན་པ་འོག་མ་པ་ལྟར་ན། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ཡིན་ན། གཟུགས་ལ་འདོད་ཆགས་དང་བྲལ་བས་ཁྱབ་ལ། གོང་མ་ལྟར་ན་མ་ཁྱབ་པ་ཡིན་ནོ། །ཡང་སྙོམས་འཇུག་ལ་ངོ་བོའི་སྒོ་ནས་དངོས་བཏགས་མ་ཕྱེ་བར་དབྱེ་ན། སྙོམས་འཇུགས་དག་པ་བ་དང༌། སྙོམས་འཇུག་ཉོན་མོངས་ཅན། སྙོམས་འཇུག་ཟག་མེད་དང་གསུམ། དང་པོ་ལ་མཚན་ཉིད་ནི། མཉམ་པར་གཞག་པའི་སས་བསྡུས་ཀྱི་འཇིག་རྟེན་པའི་དགེ་བ་རྩེ་གཅིག་པ་དེ། དང་པོའི་མཚན་ཉིད། འདི་ལ་རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན། རྒྱུའི་སྙོམས་འཇུག་དང༌། འབྲས་བུའི་སྙོམས་འཇུག་གཉིས། རང་ས་ཁམས་གོང་མའི་སྐྱེ་བ་འཕེན་འགྲུབ་གང་རུང་གི་རྒྱུར་གྱུར་པའི་འཇིག་རྟེན་པའི་སྙོམས་འཇུག་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཁམས་གོང་མའི་སྐྱེ་བ་འཕེན་བྱེད་ཀྱི་སྙོམས་འཇུག་དང༌། འགྲུབ་བྱེད་ཀྱི་སྙོམས་འཇུག་གཉིས། དང་པོ་ནི་ཉེར་བསྡོགས་དག་པ་བརྒྱད་ཀྱི་ངོ་བོར་སྐྱེས་པའི་སེམས་པ་རྣམས་ཡིན་ལ། གཉིས་པ་ནི། དངོས་གཞིའི་སྙོམས་འཇུག་དག་པ་བརྒྱད་ཀྱི་ངོ་བོར་སྐྱེས་པའི་སེམས་སེམས་བྱུང་རྣམས་སོ། །འདིར་རྒྱུའི་སྙོམས་འཇུག་ལ་ཟག་མེད་དང༌། ཉོན་མོངས་ཅན་མི་སྲིད་དེ། རྣམ་སྨིན་གྱི་རྒྱུ་ཡིན་ན། ལུང་མ་བསྟན་དང་ཟག་མེད་མིན་དགོས་པའི་ཕྱིར། སྐྱེ་བ་སྔ་མར་རྒྱུའི་སྙོམས་འཇུག་སྒོམ་པའི་རྣམ་སྨིན་གྱིས་ཐོབ་པའི་རྒྱུ་མཐུན་གྱི་སྙོམས་འཇུག་དེ། འབྲས་བུའི་སྙོམས་འཇུག་གི་མཚན་ཉིད། འདིར་རྣམ་སྨིན་དངོས་ནི། ཁམས་གོང་མའི་འགྲོ་བ་དེ་ཡིན་ལ། དེའི་རྒྱུད་ཀྱི་སྙོམས་འཇུག་དེ་ལ་འབྲས་བུའི་སྙོམས་འཇུག་ཅེས་བྱ་ཞིང༌། དེ་ལ་དག་པ་བ་ཟག་མེད། ཉོན་མོངས་ཅན་དང་གསུམ་ཡོད་དོ། །སྙོམས་འཇུག་དག་པ་བ་ལ་ངོ་བོའི་སྒོ་ནས་དབྱེ་ན། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་དང་བཞི། མཚན་ཉིད་རིམ་པ་བཞིན་དུ་དག་པ་བའི་སྙོམས་འཇུག་གང་ཞིག འཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ་དེ་གང་ཞིག འཇུག་ཐོགས་སུ་རང་སའི་དག་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དེ་གང་ཞིག འཇུག་ཐོགས་སུ་གོང་སའི་སྙོམས་འཇུག་སྐྱེ་བ་དང་རྗེས་སུ་མཐུན་པ་དེ་གང་ཞིག འཇུག་ཐོགས་སུ་ཟག་མེད་ཀྱི་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ། སྙོམས་འཇུག་གི་རྫས་རྒྱུན་གང་ཞིག རགས་པའི་ཉོན་མོངས་ཀྱིས་རབ་ཏུ་མ་ཞི་བར་བྱས་པ་དེ། སྙོམས་འཇུག་ཉོན་མོངས་ཅན་གྱི་མཚན་ཉིད། དེ་ལ་དབྱེ་ན། སྲེད་པ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན། ལྟ་བ་ཤས་ཆེ་བའི་སྙོམས་འཇུག ང་རྒྱལ་ཤས་ཆེ་བའི་སྙོམས་འཇུག ཐེ་ཚོམ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་དང་བཞི། རང་སའི་སྙོམས་འཇུག་གི་བ་ལ་རོ་མྱང་བའི་སྲེད་པས་མ་ཞི་བར་བྱས་བའི་སྙོམས་འཇུག་གི་རྫས་རྒྱུན་དེ་དང་པོའི་མཚན་ཉིད། རང་སའི་ལྟ་བ་ངན་པས་མ་ཞི་བར་བྱས་པའི་སྙོམས་འཇུག་གི་རྫས་རྒྱུན་དེ་གཉིས་པའི་མཚན་ཉིད། སྙོམས་འཇུག་གི་རྫས་རྒྱུན་གང་ཞིག རང་སའི་ང་རྒྱལ་གྱིས་མ་ཞི་བར་བྱས་པ་དེ། གསུམ་པའི་མཚན་ཉིད། སྙོམས་འཇུག་གི་རྫས་རྒྱུན་གང་ཞིག ཐར་ལམ་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་གྱིས་མ་ཞི་བར་བྱས་པ་དེ། བཞི་པའི་མཚན་ཉིད། སྙོམས་འཇུག་ཉོན་མོངས་ཅན་དེ་རྣམས་སྔར་གྱི་སྙོམས་འཇུག་གི་རྫས་རྒྱུན་ཡིན་པ་ལ་དེར་བཏགས་པ་ཙམ་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ཏེ། སྙོམས་འཇུག་གི་ཡན་ལག་རྣམས་དང་མི་ལྡན་པའི་ཕྱིར། དེ་སྐད་དུ་ཡང༌། ཉོན་མོངས་ཅན་ལ་དགའ་བདེ་དང༌། །རབ་དང་ཤེས་བཞིན་དྲན་པ་དང༌། །བཏང་སྙོམས་དྲན་པ་དག་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །ཉེར་བསྡོགས་ཡིན་ན་ཉོན་མོངས་ཅན་མ་ཡིན་དགོས་ཏེ། ཉོན་མོངས་ཅན་གྱིས་འོག་མ་ལ་ཆགས་བྲལ་བྱེད་མི་ནུས་པའི་ཕྱིར་རོ། །མཉམ་པར་བཞག་པའི་སས་བསྡུས་ཀྱི་སྙོམས་འཇུག་གང་ཞིག བདེན་པའི་རྣམ་པ་ཅན་དེ། སྙོམས་འཇུག་ཟག་མེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། བསམ་གཏན་ས་དྲུག ཟག་མེད་དང་པོ་གསུམ་སྟེ། ཟག་མེད་ས་དགུའོ། །བསམ་གཏན་ས་དྲུག་ནི། བསམ་གཏན་དང་པོའི་ཉེར་བསྡོགས། དངོས་གཞི་ཙམ་པོ། དེའི་དངོས་གཞི་ཁྱད་པར་ཅན་དངོས་གཞི་ཕྱི་མ་གསུམ་དང་དྲུག་གོ །ཉེར་བསྡོགས་ཕྱི་མ་རྣམས་ལ་ནི་ཟག་མེད་མི་སྲིད་དེ། ལམ་སླ་བ་དངོས་གཞི་ལ་བརྟེན་པ་དབང་བཞིན་དུ། ལམ་དཀའ་བ་ཉེར་བསྡོགས་ལ་མི་བརྟེན་པའི་ཕྱིར་རོ། །གཉིས་པ་ལམ་ལ། ཐར་པར་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ཏུ་གྱུར་པའི་མཁྱེན་པ་དེ། ལམ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་མོ། །ཐེག་པ་རང་ལུགས་ཀྱི་སེམས་བསྐྱེད་པ་ནས་བཟུང་སྟེ། རང་ལུགས་ཀྱི་དྲོད་མ་སྐྱེས་གོང་གི་བདག་མེད་ལ་ཐོས་བསམ་གཙོ་བོར་གྱུར་པའི་སོ་སྐྱེའི་མངོན་རྟོགས་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཉན་ཐོས་ཀྱི། རང་རྒྱལ་གྱི། ཐེག་ཆེན་གྱི་ཚོགས་ལམ་དང་གསུམ་མོ། །ཐེག་པ་རང་ལུགས་ཀྱི་ཚོགས་ལམ་གྱི་རྟོགས་པ་རྫོགས་རྗེས་སུ་བྱུང་ཞིང༌། བདག་མེད་ལ་དོན་སྤྱིའི་ཚུལ་གྱི་སྒོམ་བྱུང་གཙོ་བོར་གྱུར་པའི་མངོན་རྟོགས་དེ། སྦྱོར་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན་གསུམ། ཐེག་པ་རང་ལུགས་ཀྱི་བདག་མེད་མངོན་དུ་གསར་དུ་མཐོང་བའི་བདེན་པ་མངོན་རྟོགས་དེ། མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན་གསུམ། ཐེག་པ་རང་ལུགས་ཀྱི་བདག་མེད་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་རྗེས་ལ་མངོན་རྟོགས་དེ་སྒོམ་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན་གསུམ། ཐེག་པ་རང་ལུགས་ཀྱི་བདག་མེད་མངོན་ཏུ་རྟོགས་པ་མཐར་ཐུག་པ་དེ། མི་སློབ་པའི་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན་གསུམ། ལམ་གསུམ་པོ་སོ་སོའི་མཚན་ཉིད་ཀྱང་བདག་མེད་གསུམ་པོ་སོ་སོ་དང་སྦྱར་ནས་ཤེས་པར་བྱའོ། །ཡང་ལམ་ལ་དབྱེ་ན། སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། ཁྱད་པར་གྱི་ལམ་དང་བཞི། རང་གི་ངོ་སྐོལ་གྱི་སྤངས་བྱའི་ས་བོན་གྱི་ཆ་ཤས་རེ་རེ་ནས་སྤོང་བར་བྱེད་པའི་ལམ་དེ་དང་པོའི་མཚན་ཉིད། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་མ་ལུས་པར་སྤོང་བར་བྱེད་པའི་ལམ་དེ། གཉིས་པའི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་ཕྱུང་བའི་གནས་འགྱུར་གསར་པ་སྔོན་དུ་བྱས་པའི་ལམ་དེ། གསུམ་པའི་མཚན་ཉིད། རྣམ་གྲོལ་ལམ་སྔ་མའི་སྤངས་རྟོགས་ཁྱད་པར་དུ་བྱེད་པའི་ལམ་དེ། ཁྱད་པར་གྱི་ལམ་གྱི་མཚན་ཉིད། སྤང་བྱ་གཅིག་གི་ས་བོན་དྲུངས་འབྱིན་པར་ནུས་པའི་ལམ་གཅིག་ལ་ལྟོས་ཏེ་ལམ་རིམ་བཞིན་འཇོག་པ་ཡིན་ཏེ། དཔེར་ན། བྱང་སེམས་ཀྱི་སྦྱོར་ལམ་དེ། ཐེག་ཆེན་མཐོང་ལམ་ལ་ལྟོས་པའི་སྦྱོར་བའི་ལམ་དང༌། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེ། བར་ཆད་མེད་པའི་ལམ་དང༌། ཆོས་ཤེས་དེ་རྣམ་པར་གྲོལ་བའི་ལམ་དང༌། རྗེས་བཟོད་རྗེས་ཤེས་ལྟ་བུ་ཁྱད་པར་གྱི་ལམ་ཡིན་ནོ། །གསུམ་པ། ཚད་མེད་ལ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་རྟེན་ནས། ཕན་པར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ཚད་མེད་ཀྱི་མཚན་ཉིད། ཡང་ན་ཁྱད་པར་བཞི་ལྡན་གྱི་ཚངས་པའི་གནས་པའོ། །དེ་སྐད་དུ་ཡང༌། མདོ་སྡེ་རྒྱན་ལས། བསྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་སོ། །དེ་ལ་དབྱེ་ན། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་དང་བཞི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་གྱི་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། དང་པོའི་མཚན་ཉིད། དེ་ལ་རྟེན་ཏེ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཞི་ལྷག་ཟུང་འབྲེལ་དེ། གཉིས་པའི་མཚན་ཉིད། དེ་ལ་རྟེན་ཏེ། དེ་བདེ་བ་དང་མི་འབྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཞི་ལྷག་ཟུང་འབྲེལ་དེ་གསུམ་པའི་མཚན་ཉིད། དེ་ལ་རྟེན་ཏེ་དེ་བདེ་སྡུག་གི་རྒྱུ་ཆགས་སྡང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཞི་ལྷག་ཟུང་འབྲེལ་དེ་བཞི་པའི་མཚན་ཉིད། དེ་རེ་རེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་དང༌། ཆོས་ལ་དམིགས་པའི་བྱམས་པ་དང༌། དམིགས་མེད་ལ་དམིགས་པའི་བྱམས་པ་ལ་སོགས་པ་རེ་རེ་ལ་གསུམ་གསུམ་དུ་དབྱེ་བས་བཅུ་གཉིས་སོ། །དང་པོ་ནི། དམིགས་ཡུལ་སེམས་ཅན་རྫས་ཡོད་ལ་དམིགས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་དང༌། གཉིས་པ་ནི། ཕུང་པོ་ཆོས་ཙམ་གྱི་ངོ་བོར་གྱུར་པའི་སེམས་ཅན་ལ་དམིགས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་དང༌། གསུམ་པ་ནི། སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་ཅིག་ཡིན་ལ། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ས་མཚམས་ལ་ཚད་མེད་ཙམ་ནི་ཕྱི་རོལ་པ་ནས་སངས་རྒྱས་པའི་བར་ན་ཡོད། བྱེ་བྲག་ཏུ་སེམས་ཅན་ལ་དམིགས་པ་ནི་ཕྱི་རོལ་པ་དང་ཐུན་མོང་བ། ཆོས་ལ་དམིགས་པ་ནི་ཉན་རང་དང་ཐུན་མོང་བ། དམིགས་མེད་ལ་དམིགས་པ་ནི། བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའོ། །གསུམ་པ་ཚོགས་སྒྲུབ་ལ་མཚན་ཉིད་ནི། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག རང་འབྲས་གནས་སྐབས་དང༌། མཐར་ཐུག་གི་བྱང་ཆེན་གང་རུང་དངོས་སུ་འཛིན་པའི་རྒྱུ་ཚོགས་དེ། ཚོགས་སྒྲུབ་ཀྱི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། འདིར་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། ཞི་གནས་དང༌། ལྷག་མཐོང་བཤད། ཡེ་ཤེས་ཀྱི་ཚོགས་བཤད། གཟུངས་བཤད། ས་བཅུ་བཤད། གཉེན་པོའི་ཚོགས་བཤད་པའོ། །དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གང་ཞིག ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱད་པར་དུ་བྱས་པ་དེ། ཞི་གནས་ཀྱི་མཚན་ཉིད། རང་རྒྱུ་ཞི་གནས་ལས་བྱང་བའི་བདག་མེད་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། ལྷག་མཐོང་གི དེ་ལ་དབྱེ་ན། སོ་སོར་རྟོག་པའི་ལྷག་མཐོང་དང༌། མི་གཡོ་བའི་ལྷག་མཐོང་གཉིས། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཡེ་ཤེས་དེ། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། སྟོང་ཉིད་ཉི་ཤུ་རྟོགས་པའི་ཡུལ་ཅན་ཡེ་ཤེས་ཉི་ཤུའོ། །བསམ་གཏན་གྱི་དངོས་གཞི་ལ་རྟེན་ནས། རང་གི་ཁོང་དུ་ཆུད་པའི་ཆོས་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། གཟུངས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཚིག་གི་གཟུངས། དོན་གྱི་གཟུངས། བཟོད་པའི་གཟུངས། སྔགས་ཀྱི་གཟུངས་དང་བཞིའོ། །བསམ་གཏན་གྱི་དངོས་གཞི་ལ་རྟེན་ནས་གསུང་རབས་ཡན་ལག་བཅུ་གཉིས་ལ་སོགས་པ་ཚིག་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། དང་པོའི་མཚན་ཉིད། དེ་ལ་རྟེན་ནས་དེའི་དོན་མི་བརྗེད་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། གཉིས་པའི་མཚན་ཉིད། དེ་ལ་རྟེན་ནས་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པར་འཛིན་ནུས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། གསུམ་པའི་མཚན་ཉིད། འདི་ནི་བཟོད་པའི་རྒྱུའི་རྒྱུའི་གཟུངས་ལ་བཟོད་པའི་གཟུངས་ཞེས་བྱའོ། །ནད་ཞི་བ་ལ་སོགས་པའི་དོན་དུ། སྔགས་འབྲས་བྱིན་གྱིས་རློབས་པའི་མཐུ་དང་ལྡན་པའི་དྲན་པ་མཚུངས་ལྡན་དང་བཅས་པ་དེ། བཞི་པའི་མཚན་ཉིད། འདིར་གཟུངས་དངོས་ནི་དྲན་པ་ཡིན་ལ། དེའི་འབྲས་བུར་གྱུར་པའི་ཡི་གེ་ལ་ཡང་དེའི་མིང་གིས་བཏགས་ནས་བསྟན་པ་ཡིན་ནོ། །སའི་རྣམ་པར་གཞག་པ་ལ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་མཁྱེན་པ་དེ། སྤྱིར་ས་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཉན་ཐོས་ཀྱི་དང༌། རང་སངས་རྒྱས་ཀྱི་དང༌། བྱང་སེམས་ཀྱི་ས་དང་གསུམ། ཉན་ཐོས་ཀྱི་ཡོན་ཏན་དུ་མའི་རྟེན་དུ་གྱུར་པའི་མཁྱེན་པ་དེ། ཉན་ཐོས་ཀྱི་སའི་མཚན་ཉིད། དེ་ལ་དབྱེ་ན། རིགས་ཀྱི་ས་བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ཀྱི་ས་དང་བརྒྱད། རྟོགས་པའི་སྟོབས་ཀྱི་དམན་པའི་བྱང་ཆུབ་ཏུ་རིགས་ངེས་པའི་སོ་སྐྱེའི་མངོན་རྟོགས་དེ། རིགས་ཀྱི་སའི་མཚན་ཉིད། དེ་ནི་ཞི་བ་བགྲོད་པ་གཅིག་པུ་པའི་ཉན་ཐོས་དང༌། རང་རྒྱལ་གྱི་སྦྱོར་ལམ་ལྟ་བུ་ལ་བྱ། ཞུགས་གནས་གང་ཞིག་བརྒྱད་ཀྱི་ནང་ནས་དང་པོའི་མངོན་རྟོགས་དེ། བརྒྱད་པའི་སའི་མཚན་ཉིད། དེ་ནི་རྒྱུན་ཞུགས་ཞུགས་པའི་རྟོགས་པ་ལྟ་བུའོ། །མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་ཉན་ཐོས་ཀྱི་རྟོགས་པ་དེ། མཐོང་བའི་སའི་མཚན་ཉིད། དེ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ལྟ་བུ་ལ་བྱའོ། །ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་ཉན་ཐོས་ཀྱི་རྟོགས་པ་དེ། བསྲབས་པའི་སའི་མཚན་ཉིད། དེ་ནི་ཕྱིར་འོང་གི་འབྲས་བུ་ལྟ་བུའོ། །འདོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་ཉན་ཐོས་ཀྱི་རྟོགས་པ་དེ། འདོད་ཆགས་དང་བྲལ་བའི་སའི་མཚན་ཉིད། དེ་ནི་ཕྱིར་མི་འོང་གི་རྟོགས་པ་ལྟ་བུའོ། །ཁམས་གསུམ་ལ་འདོད་ཆ་གས་དང་བྲལ་བས་རབ་ཏུ་ཕྱེ་བའི་ཉན་ཐོས་ཀྱི་རྟོགས་པ་དེ། བྱས་པ་རྟོགས་པའི་སའི་མཚན་ཉིད། དེ་ནི་ཉན་ཐོས་དགྲ་བཅོམ་པའི་འབྲས་བུ་ལྟ་བུ་ལ་བྱའོ། །ཐེག་པ་གསུམ་གྱི་ནང་ནས་ཆུང་ངུའི་མངོན་རྟོགས་དེ་ཉན་ཐོས་ཀྱི་སའི་མཚན་ཉིད། དེ་ནི་ཞུགས་པ་ལྷག་མ་གསུམ་ལྟ་བུ་ལ་བྱ། ཐེག་པ་གསུམ་གྱི་ནང་ནས་འབྲིང་པོའི་མངོན་རྟོགས་དེ། རང་སངས་རྒྱས་ཀྱི་སའི་མཚན་ཉིད། དེ་ནི་རང་རྒྱལ་གྱི་ལམ་ལྔ་ལ་བྱའོ། །སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བྱང་སེམས་ཀྱི་མཁྱེན་པ་གང་ཞིག ཡོན་ཏན་གྱི་རྐྱེན་བྱེད་པ་དེ་བྱང་སེམས་ཀྱི་སའི་མཚན་ཉིད། དེ་ལ་དབྱེ་ན། ས་དང་པོ་རབ་ཏུ་དགའ་བ་ནས། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུའོ། །སྦྱིན་པའི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ས་དེ། བྱང་སེམས་ཀྱི་ས་དང་པོའི་མཚན་ཉིད། ཞེས་པ་ནས། ཡེ་ཤེས་ཀྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་བྱང་སེམས་ཀྱི་ས་དེ། བྱང་སེམས་ཀྱི་ས་བཅུ་པའི་མཚན་ཉིད། ཞེས་སྦྱར་ན་གསུང་རབས་སྤྱི་དང་མཐུན་ལ། ཡང་ན་བསམ་དང་ཕན་པའི་དངོས་ཉིད། །ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡོངས་སྦྱོངས་ཉི་ཤུའི་སྒོ་ནས། རྗེས་ཐོབ་ཏུ་སའི་དྲི་མ་སྦྱོང་བར་བྱེད་པའི་ས་དེ། དང་པོའི་མཚན་ཉིད་ཡིན་པ་ནས། སྨོན་ལམ་དང་ནི་མཐའ་ཡས་དང༌། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཡོངས་སྦྱོང་བཅུ་གཉིས་ཀྱི་སྒོ་ནས། སའི་དྲི་མ་སྦྱོང་བར་བྱེད་ཅིང༌། ཡོན་ཏན་ཡོངས་སུ་རྫོགས་པར་བྱེད་པའི་བྱང་སེམས་ཀྱི་ས་དེ། བྱང་སེམས་ཀྱི་ས་དགུ་པའི་མཚན་ཉིད། རང་གི་འདས་ས་ས་དགུ་ལས་འདས་ནས། རྗེས་ཐོབ་ཏུ་སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་ནུས་པའི་བྱང་སེམས་ཀྱི་ས་དེ། ས་བཅུ་པའི་མཚན་ཉིད་དོ། །གཉེན་པོའི་ཚོགས་སྒྲུབ་བྱེ་བྲག་ཏུ་བཤད་པ་ལ། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་གྱི་དངོས་གཉེན་དུ་གྱུར་པའི་རྒྱུ་ཚོགས་དེ། གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། མཐོང་སྤངས་གཉེན་པོའི་ཚོགས་སྒྲུབ་དང༌། སྒོམ་སྤངས་གཉེན་པོའི་ཚོགས་སྒྲུབ་གཉིས། རང་གི་ངོས་སྐལ་གྱི་སྤང་བྱ་མཐོང་སྤངས་ཀྱི་ས་བོན་གྱི་དངོས་གཉེན་དུ་གྱུར་པའི་རྒྱུ་ཚོགས་དེ། དང་པོའི་མཚན་ཉིད། དེ་ནི་མཐོང་ལམ་བར་ཆད་མེད་ལམ་ཁོ་ན་ལ་བྱ། དེ་ལ་དབྱེ་ན། མཐོང་སྤངས་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་དབྱེ་བས་བཞིའོ། །སྒོམ་སྤངས་གཉེན་པོའི་ཚོགས་སྒྲུབ་ལ་ཡང་མཚན་ཉིད་དང་དབྱེ་བ་དེ་བཞིན་དུ་སྦྱར་རོ། །སྤྱིར་གཉེན་པོ་ལ་རྣམ་པ་བཞི་སྟེ། རྣམ་པར་སུན་འབྱིན་པའི་གཉེན་པོ། སྤོང་བའི་གཉེན་པོ། རྟེན་གྱི་གཉེན་པོ། ཐག་བསྲིངས་པའི་གཉེན་པོའོ། །རང་གི་ངོས་སྐལ་གྱི་སྤང་བྱ་ལ་ཐོག་མར་ཉེས་དམིགས་སུ་ལྟ་བའི་ལམ་དེ། དང་པོའི་མཚན་ཉིད། དེ་ནི་ཚོགས་ལམ་ལྟ་བུའོ། །རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤང་བཞིན་པའི་ལམ་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གཉིས། དང་པོ་ནི། སྦྱོར་ལམ་ལྟ་བུ་ལ་བྱ་ཞིང༌། གཉིས་པ་ནི། མཐོང་ལམ་བར་ཆད་མེད་པའི་ལམ་ལྟ་བུའོ། །དེ་ཡང་སྦྱོར་བའི་ལམ་གྱིས་སྤང་བྱའི་ས་བོན་མགོ་མནོན་པར་བྱེད་ཅིང༌། བར་ཆད་མེད་པའི་ལམ་གྱིས་དྲུངས་འབྱིན་པར་བྱེད་པ་ཡིན་ནོ། །སྤངས་པའི་བྲལ་བ་འཛིན་པར་བྱེད་པའི་ལམ་དེ། རྟེན་གཉེན་པོའི་མཚན་ཉིད། དེ་ནི་རྣམ་གྲོལ་གྱི་ལམ་ལྟ་བུའོ། །སྔར་སྤངས་པའི་སྤང་བྱ་དང༌། རང་གི་སེམས་ཐག་བསྲིང་བར་བྱེད་པའི་ལམ་དེ། ཐག་བསྲིང་བའི་གཉེན་པོའི་མཚན་ཉིད། དེ་ནི་ཁྱད་པར་གྱི་ལམ་ལྟ་བུའོ། །བཞི་པ་ངེས་འབྱུང་གི་སྒྲུབ་པ་ལ་མཚན་ཉིད་ནི། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག རང་གི་འབྱུང་ས་བརྒྱད་པོ་གང་རུང་དུ་གདོན་མི་ཟ་བར་དངོས་སུ་འབྱུང་བའི་བྱ་བ་དེ་ངེས་འབྱུང་སྒྲུབ་པའི་མཚན་ཉིད། དབྱེ་ན་ངེས་པར་འབྱུང་ས་བརྒྱད་ཡོད་པའི་བྱེ་བྲག་གིས་ངེས་འབྱུང་གི་སྒྲུབ་པ་བརྒྱད་དོ། །ས་མཚམས་ལ་ངེས་འབྱུང་གི་སྒྲུབ་པ་ཙམ་ནི། སྦྱོར་ལམ་ནས་ཡོད་ལ། ཁྱད་པར་ཅན་ནི་རྒྱུན་མཐའི་སྔ་ལོགས་ན་ཡོད། །རྣམ་ཀུན་མཁྱེན་པའི་མདོ་གཞུང་ཡིད་འཕྲོག་པ། །རྣམ་གསལ་མངོན་པའི་གཞུང་དང་གཞན་གཞུང་གིས། །རྣམ་བཤད་ཕྲེང་བར་སྤེལ་གང་གིས་བརྒྱན་དེ། །རྣམ་པར་དཔྱད་ནས་འབྲེལ་ཆགས་ངག་གི་བཤད། །ཅེས་བྱ་བ་ནི་སྐབས་དང་པོའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།ཐུབ་དབང་བསོད་ནམས་བརྒྱ་པའི་མཚན་བཟང་གིས། །ཚངས་དང་དབང་པོའི་དྲེགས་བ་ཉམས་བྱས་ནས། །ས་ཆེན་འདི་ན་ལྷམ་མེར་མཛེས་གྱུར་པ། །ཟླ་མེད་སྟོན་པ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་རྒྱུ་མཁྱེན་པ་གཉིས་ཀྱི་ཡན་ལག་རྒྱས་པརབཤད་པ་ལ། རྒྱུའི་གཙོ་བོ་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་དང༌། དེ་ལ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ལ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་གཉིས། ལམ་ཤེས་ཀྱི་ཁྱད་པར་བྱ་བྱེད་གང་གིས་བསྡུས་པའི་ཆོས་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ལམ་ཤེས་མ་སྐྱེས་པ་སྐྱེས་པར་བྱེད་པའི་ཡན་ལག་དང༌། སྐྱེས་ནས་ཕན་འདོགས་པར་བྱེད་པའི་ཡན་ལག་གཉིས་སམ། ལམ་གྱི་ཁྱད་པར་བྱེད་ཆོས་དང༌། རྒྱུ་ལམ་ཤེས་ཀྱི་ཁྱད་པར་བྱེད་ཆོས་གཉིས། ལམ་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་མ་འཁྲུལ་བའི་རྒྱུ་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། རྒྱུ་ལམ་ཤེས་གང་ལ་སྐྱེ་བའི་རྟེན་དང༌། གང་གིས་སྐྱེད་པའི་རྒྱུ་གཉིས། གེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བའི་གང་ཟག་དེ། དང་པོའི་མཚན་ཉིད། ལམ་ཤེས་སྐྱེ་བའི་རྒྱུ་ཚོགས་གྲངས་ཚང་བ་དེ། གཉིས་པའི་མཚན་ཉིད། དབྱེ་ན། ཡུལ་ངེས་པ་དང་ཁྱད་པར་གཉིས། ལྷན་ཅིག་བྱེད་རྐྱེན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ། དང་པོའི་མཚན་ཉིད། ཉེར་ལེན་གྱི་རྒྱུ་རིགས་ཀྱིས་ཁྱབ་པ་དེ། གཉིས་པའི་མཚན་ཉིད། གཉིས་པ་ལམ་ཤེས་ཀྱི་ཁྱད་པར་བྱེད་ཆོས་ལ་མཚན་ཉིད་ནི། ལམ་ཤེས་དང་ངོ་བོ་གཅིག་པའི་སྒོ་ནས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའོ། །དབྱེ་ན། རང་བཞིན་དང༌། བྱེད་ལས་གཉིས། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་དེ། རྒྱུ་ལམ་ཤེས་ཀྱི་རང་བཞིན་གྱི་མཚན་ཉིད། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ལ་གནས་ནས་གཞན་དོན་བྱེད་པའི་ལས་དེ། རྒྱུ་ལམ་ཤེས་ཀྱི་བྱེད་ལས་ཀྱི་མཚན་ཉིད། གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། མཚན་ཉིད་དང༌། དབྱེ་བ་གཉིས། ཐབས་ཁྱད་པར་ཅན་གཉིས་དང་ལྡན་པའི་བྱང་སེམས་ཀྱི་མཁྱེན་པ་དེ། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྒྱུ་ལམ་ཤེས་ཀྱི་མཚན་ཉིད། འོག་མ་རྣམས་ལ་ཡང་འདིའི་རིགས་པས་ཤེས་པར་བྱའོ། །གཉིས་པ་དབྱེ་བ་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་ལ། མཚན་ཉིད་ནི། ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ། ཤེས་བྱ་ལམ་གྱི་རྣམ་གཞག་ལ། དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་གཉིས། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་བྱང་སེམས་འཕགས་པས་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པ་དེ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཙམ་གྱི་མཚན་ཉིད། དབྱེ་ན། རང་རིག་གིས་ཤེས་པར་བྱ་བའི་ལམ་དང༌། གཞན་རིག་གིས་ཤེས་པར་བྱ་བའི་ལམ་གཉིས། དང་པོ་ནི། བྱང་སེམས་རང་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ལྟ་བུ་ལ་བྱ། གཉིས་པ་ནི་ཉན་ཐོས་རང་རྒྱུད་ཀྱི་ལམ་རྣམས་ལ་བྱའོ། །གཉིས་པ་རྒྱུ་ངེས་པར་འབྱེད་ཆ་མཐུན་ལ། གཙོ་བོར་རང་འབྲས་ཉན་ཐོས་ཀྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་རྒྱུའི་ཆར་གྱུར་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དེ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་གྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཉན་ཐོས་ཀྱི་རྟོགས་རིགས་མངོན་སུམ་ཏུ་མཐོང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུའི་ཆར་གྱུར་པའི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། གཉིས་པ་ལ། མཚན་ཉིད་དངོས་དང༌། ཤེས་བྱ་ལམ་གྱི་རྣམ་གཞག་གཉིས། རང་རྒྱལ་གྱི་ལམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དེ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། མཚན་ཉིད་ཀྱི་ཟུར་དུ་བྱང་སེམས་ཀྱི་མངོན་རྟོགས་འབྱར་བ་དེ། འདིར་དངོས་སུ་བསྟན་པའི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གཉིས་པ་ལ། དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་གཉིས། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་བཟུང་བའི་དོན་དུ་བྱང་སེམས་འཕགས་པས་ཤེས་པར་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པ་དེ། ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། སྔ་མ་ལྟར་གཉིས་སོ། །ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་ལ། ལམ་རང་གི་ངོ་བོའི་ཁྱད་པར་དང༌། ཉན་ཐོས་ཀྱི་ལམ་ལས་ཁྱད་ཞུགས་པའི་ཁྱད་པར་གཉིས། དང་པོ་ལ། གཟུང་རྟོག་སྤོང་བའི་ཁྱད་པར། འཛིན་རྟོག་མི་སྤོང་བའི་ཁྱད་པར། རྟེན་རིགས་ཀྱི་ཁྱད་པར་རོ། །རང་གི་ངོ་སྐལ་གྱི་སྤང་བྱ་ཤེས་སྒྲིབ་བཟུང་རྟོག་གི་ས་བོན་ལ་དངོས་སུ་གནོད་བྱེད་དམ། དེ་སྤངས་པའི་རྣམ་གྲོལ་ལམ་གང་རུང་གི་རྟོགས་རིགས་སུ་གནས་པ་དེ་དང་པོའི་མཚན་ཉིད། རང་གི་ངོ་སྐལ་གྱི་སྤངས་བྱ་ཤེས་སྒྲིབ་འཛིན་རྟོག་གི་ས་བོན་ལ་གནོད་བྱེད་མ་ཡིན་པའི་རྟོགས་རིགས་སུ་གནས་པ་དེ་གཉིས་པའི་མཚན་ཉིད། ཁྱད་པར་དེ་གཉིས་དང་ལྡན་པའི་ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་གྱི་རྟེན་དུ་གྱུར་པའི་རང་བཞིན་གནས་རིགས་དེ། གསུམ་པའི་མཚན་ཉིད། གཉིས་པ་ལ། ལམ་བགྲོད་ཚུལ་དང༌། ཆོས་སྟོན་ཚུལ་གྱི་ཁྱད་པར་གཉིས། སློབ་དཔོན་གཞན་ལ་རག་མ་ལས་པར་རང་རྒྱལ་གྱི་སྦྱོར་ལམ་ནས་རང་བྱང་ཆུབ་ཀྱི་བར་ཚེ་གཅིག་ལ་མངོན་དུ་བྱེད་ནུས་པ་དེ། དང་པོའི་མཚན་ཉིད། སྔོན་གྱི་སྨོན་ལམ་གྱི་མཐུས་སྒྲ་མེད་པར་རང་གི་གདུལ་བྱ་ལ་རྟོགས་པ་བསྐྱེད་ནུས་པ་དེ། གཉིས་པའི་མཚན་ཉིད། གཙོ་བོར་རང་རྒྱལ་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་རྒྱུའི་ཆར་གྱུར་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དེ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དེ་ལ་དབྱེ་ན། དེར་གྱུར་པའི་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། གསུམ་པ་ལ། མཚན་ཉིད་དངོས་དང༌། ཤེས་བྱ་ལམ་གྱི་རྣམ་པར་གཞག་པ་གཉིས། བྱང་སེམས་ཀྱི་ལམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དེ། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། ཟུར་དུ་བྱང་སེམས་ཀྱི་མཁྱེན་པ་སྦྱར་ནས། སྐབས་གཉིས་པར་དངོས་སུ་བསྟན་པའི་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གཉིས་པ་ལ། དངོས་དང༌། རྒྱུ་ངེས་འབྱེད་ཆ་མཐུན་མི་སྟོན་པའི་རྒྱུ་མཚན་གཉིས། དང་པོ་ལ་མཚན་ཉིད་ནི། བྱང་སེམས་རང་རྒྱུད་ལ་བསྐྱེད་ནས་མངོན་སུམ་དུ་བྱ་བའི་མངོན་རྟོགས་ཀྱི་རིགས་སུ་གནས་པ་དེ། ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། བྱང་སེམས་ཀྱི་མཐོང་ལམ་དང༌། སྒོམ་ལམ་གཉིས། གཉིས་པ་ནི། གཙོ་བོར་ཐེག་ཆེན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དེ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་ཡིན་ལ། དེ་ནི་སྐབས་དང་པོར་བསྟན་ཟིན་པའི་ཕྱིར། གཉིས་པར་མ་བསྟན་ནོ། །མདོ་ལས་ཕན་ཡོན་ཆེན་པོ་དང་ལྡན་པར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། འདིར་བསྟན་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག བཅུ་དྲུག་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ། ཆོས་ཤེས། རྗེས་བཟོད་རྗེས་ཤེས་ཏེ་བཞི། དེ་བཞིན་དུ་བདེན་པ་གཞན་གསུམ་ལའང་བཞི་བཞིར་ཕྱེ་བས་བཅུ་དྲུག་གོ །སོ་སོའི་ངོས་འཛིན་ལ་སྤྱིར་བཤད་པ་དང༌། འདིར་བསྟན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སྡུག་བསྔལ་བདེན་པའི་ཆོས་ཉིད་སྔར་མ་རྟོགས་གསར་དུ་རྟོགས་པའི་ཡེ་ཤེས་གང་ཞིག རང་གི་ངོ་སྐལ་གྱི་སྤང་བྱ་སྡུག་བསྔལ་མཐོང་སྤངས་ཀྱི་ས་བོན་དྲུངས་འབྱིན་པར་ནུས་པའི་བར་ཆད་མེད་ལམ་དེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་མཚན་ཉིད། རང་གི་ངོ་སྐལ་གྱི་སྤང་བྱ་སྡུག་བསྔལ་མཐོང་སྤངས་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་གྱི་ལམ་དེ། ཐེག་ཆེན་མཐོང་ལམ་སྡུག་བསྔལ་ཆོས་ཤེས་ཀྱི་མཚན་ཉིད། ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་མངོན་སུམ་དུ་རྟོགས་པའི་ཁྱད་པར་གྱི་ལམ་གང་ཞིག བཟོད་པས་བསྡུས་པ་དེ་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་བཟོད་ཀྱི་མཚན་ཉིད། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་ཤེས་དེ་ལ་ངེས་པ་འདྲེན་ནུས་ཀྱི་ཐེག་ཆེན་གྱི་མཐོང་ལམ་གང་ཞིག ཤེས་པས་བསྡུས་པ་དེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་རྗེས་ཤེས་ཀྱི་མཚན་ཉིད། ལྷག་མ་གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འདིར་དངོས་སུ་བསྟན་པ་བཅུ་དྲུག་ནི་རིམ་པ་བཞིན་དུ། དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པ་དབྱེར་མེད་དུ་རྟོགས་པས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། འདིར་བསྟན་སྡུག་བསྔལ་ཆོས་བཟོད་ཀྱི་མཚན་ཉིད་ཡིན་པ་དང༌། མདོ་ལ་སྡུག་བདེན་གྱི་གཟུགས་སོགས་ཆེན་པོ་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་དངོས་སུ་མཚོན་ནས་བསྟན་པའི་བདེན་པ་མངོན་རྟོགས་དེ། འདིར་བསྟན་སྡུག་བསྔལ་ལ་ཆོས་ཤེས་ཀྱི་མཚན་ཉིད་ཡིན་པ་དང༌། སྡུག་བདེན་གྱི་གཟུགས་སོགས་འཇལ་བྱེད་ཀྱི་ཚད་མ་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་མཚོན་ནས་བསྟན་པའི་བདེན་པ་མངོན་རྟོགས་དེ། འདིར་བསྟན་སྡུག་བསྔལ་ལ་རྗེས་བཟོད་ཀྱི་མཚན་ཉིད་ཡིན་པ་དང༌། སྡུག་བདེན་གྱི་གཟུགས་སོགས་ནམ་མཁའ་ལྟར་ཚད་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་མཚོན་ནས་བསྟན་པའི་བདེན་པ་མངོན་རྟོགས་དེ། འདིར་བསྟན་སྡུག་བསྔལ་ལ་རྗེས་ཤེས་ཀྱི་མཚན་ཉིད། ལྷག་མ་རྣམས་ཀྱི་མཚན་ཉིད་ཀྱང་གཞུང་ཉིད་ལ་རྣམ་པར་བརྟགས་ནས་སྦྱར་བར་བྱའོ། །གཉིས་པ་ཐེག་ཆེན་སྒོམ་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་ལ་མཚན་ཉིད་ནི། ཐེག་ཆེན་གྱི་སྒོམ་ལམ་སྒོམ་པའི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན། དབྱེ་ན་བཅུ་གཉིས། ས་མཚམས་ས་གཉིས་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་ལ། མཚན་ཉིད་དང༌། དབྱེ་བ་གཉིས། ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་གཉིས། དང་པོ་ལ་མཚན་ཉིད་ནི། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག རྗེས་ཐོབ་དག་པ་འཇིག་རྟེན་པའི་ངོ་བོར་གྱུར་པ། དབྱེ་ན། མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་སོགས་གསུམ། དང་པོ་ལ། མཚན་ཉིད་དངོས་དང༌། མོས་པའི་རྣམ་གཞག་གཉིས། དང་པོ་ནི། ལུང་རིགས་རྣམ་དག་ལ་བརྟེན་ནས་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་འདུན་པ་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དབྱེ་ན། རང་དོན་མོས་པ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ། གཉིས་དོན། གཞན་དོན་མོས་པ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ་དང་གསུམ། མཚན་ཉིད་ནི་རིམ་པ་བཞིན་དུ། ལུང་རིགས་རྣམ་དག་ལ་རྟེན་ནས་ཡུམ་རང་དོན་གྱི་འབྱུང་གནས་སུ་དང༌། གཉིས་དོན་གྱི་འབྱུང་གནས་སུ་དང༌། གཞན་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་འདུན་པ་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། ས་མཚམས་རིམ་པ་བཞིན་དུ་ས་གཉིས་པ་ནས་བདུན་པའི་བར་དང༌། བརྒྱད་པ་དང༌། དགུ་པ་གཉིས་དང༌། བཅུ་པ་རྣམས་ལ་བཞག་གོ །གཉིས་པ་མོས་པའི་རྣམ་གཞག་ལ་དངོས་དང་ཕན་ཡོན་གཉིས། དང་པོ་ལ། མཚན་ཉིད་ནི། ལུང་རིག་རྣམ་དག་ལ་རྟེན་ནས། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན། རང་དོན་མོས་པ། གཉིས་དོན་མོས་པ། གཞན་དོན་མོས་པ་དང་གསུམ། དེ་རེ་རེ་ལ་ཡང་ཆུང་འབྲིང་དགུ་དགུར་ཕྱེ་བས་ཉི་ཤུ་རྩ་བདུན་ནོ། །ས་མཚམས་ལ་མོས་པ་ཙམ་ནི་ཚོགས་སྦྱོར་ནས་ཀྱང་ཡོད་ལ། ཁྱད་པར་ཅན་གྱི་ས་མཚམས་ནི་སྔ་མ་དང་འདྲའོ། །གཉིས་པ་ཕན་ཡོན་ལ་མཚན་ཉིད་ནི། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་མོས་པ་གསུམ་གང་རུང་སྒོམ་པའི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན། དབྱེ་ན། བསྟོད་པ། བཀུར་བ། བསྔགས་པ་དང་གསུམ། ཡུམ་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་སེམས་དཔའ་ལ་སངས་རྒྱས་སོགས་ཀྱི་ཡོན་ཏན་བརྗོད་པ་ཆུང་ངུ་མཛད་པ་དེ། འདིར་བསྟན་གྱི་བསྟོད་པའི་མཚན་ཉིད། ཡུམ་གཉིས་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་སེམས་དཔའ་ལ་སངས་རྒྱས་སོགས་ཀྱིས་ཡོན་ཏན་བརྗོད་པ་འབྲིང་དུ་མཛད་པའི་ངོ་བོར་གནས་པ་དེ། འདིར་བསྟན་བཀུར་བའི་མཚན་ཉིད། ཡུམ་གཞན་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་སེམས་དཔའ་ལ་སངས་རྒྱས་སོགས་ཀྱིས་ཡོན་ཏན་བརྗོད་པ་ཆེན་པོ་མཛད་པའི་ངོ་བོར་སྐྱེས་པ་དེ་འདིར་བསྟན་གྱི་བསྔགས་པའི་མཚན་ཉིད། དེ་རེ་རེ་ལ་ཡང་ཆུང་འབྲིང་དགུ་དགུར་དབྱེ་བས་ཉི་ཤུ་རྩ་བདུན་ནོ། །གཉིས་པ་བསྔོ་བ་ཡིད་ལ་བྱེད་པའི་བླ་ན་མེད་པའི་སྒོམ་ལམ་ལ། མཚན་ཉིད་དངོས་དང༌། བསྔོ་བའི་རྣམ་གཞག་གཉིས། མཚན་ཉིད་ནི། རང་གཞན་གྱི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་སྒྱུར་བར་བྱེད་པའི་འདུན་པ་ཁྱད་པར་ཅན་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དབྱེ་ན་བཅུ་གཉིས་སོ། །ས་མཚམས་ནི་ས་གཉིས་པ་ནས་བཅུ་པའི་བར་ན་ཡོད། གཉིས་པ་ལ། རྣམ་མཁྱེན་ཡིད་བྱེད་དང་ལྡན་པར་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་རང་གཞན་དགེ་རྩ་རྫོགས་བྱང་དུ་སྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་དེ། འདིར་བསྟན་བསྔོ་བའི་མཚན་ཉིད། སྤྱིར་བསྔོ་བ་ཙམ་ལ་མངོན་མཐོའི་རྒྱུར་བསྔོ་བ་དང༌། ངེས་ལེགས་ཀྱི་རྒྱུར་བསྔོ་བ་གཉིས་ཡོད་ལ། ཕྱི་མ་ལ་ཡང་ཐེག་པ་གསུམ་གྱི་དབྱེ་བས་རྣམ་པ་གསུམ་མོ། །འདིར་བསྟན་གྱི་བསྔོ་བ་ལ་ཁྱད་པར་ཅན་གྱི་བསྔོ་བའི་མིང་ཅན་སོགས་བཅུ་གཉིས་ཡོད་ལ། དེ་ཡང་དང་པོ་དགུ་ནི་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་ཞིང༌། ཕྱི་མ་གསུམ་ནི་ཆུང་འབྲིང་གི་སྒོ་ནས་ཕྱེ་བ་ཡིན་ཏེ། ས་མཚམས་ལ་བསྔོ་བ་ཙམ་ནི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། འདིར་བསྟན་གྱི་བསྔོ་བ་ཁྱད་པར་ཅན་ནི། ས་གཉིས་པ་ནས་བཅུའི་བར་ན་ཡོད། གསུམ་པ་རྗེས་སུ་ཡི་རང་བའི་སྒོམ་ལམ་ལ། མཚན་ཉིད་དངོས་དང༌། ཡིད་རང་གི་རྣམ་གཞག་གཉིས། དང་པོ་ནི། རང་གཞན་གྱི་དགེ་རྩ་ལ་མངོན་པར་དགའ་བའི་དད་པ་དང་དབང་ལྡན་གྱི་ཚུལ་དུ་མཚུངས་པར་ལྡན་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་ལ་དབྱེ་བ་མ་བཤད་ལ། ས་མཚམས་ས་གཉིས་པ་ནས་བཅུ་པའི་བར་རོ། །གཉིས་པ་ལ། མཚན་ཉིད་ནི། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་དངོས་གཞི་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། རང་གཞན་གྱི་དགེ་རྩ་ལ་མངོན་པར་དགའ་བའི་དད་པ་མཚུངས་ལྡན་དང་བཅས་པ་དེ། འདིར་བསྟན་གྱི་རྗེས་སུ་ཡི་རང་གི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་ཚོགས་སྦྱོར་ནས་ཡོད་ལ། སྤྱིར་ཡི་རང་ཙམ་ནི་ཐེག་པ་གསུམ་ལ་ཡང་ཡོད་དོ། །གཉིས་པ་ཟག་མེད་སྒོམ་ལམ་ལ་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གང་ཞིག མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་དེ། དེའི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས། དང་པོ་ལ། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་པ་དེ་དེའི་མཚན་ཉིད། ས་མཚམས་ས་གཉིས་པ་ནས་བཅུ་པའི་བར་ན་ཡོད། གཉིས་པ་ལ། མཚན་ཉིད་དངོས་དང༌། མདོ་ལས་གསུངས་པའི་རྣམ་དག་གི་དབྱེ་བ་བཤད་པའོ། །དང་པོ་ནི། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག མཉམ་གཞག་རྣམ་གྲོལ་ལམ་གྱི་ངོ་བོར་སྐྱེས་པའོ། །ས་མཚམས་ས་གཉིས་པ་ནས་བཅུ་པའི་བར་ན་ཡོད། གཉིས་པ་ལ་མཚན་ཉིད་ནི། རང་གི་བྲལ་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་སྤངས་པས་ཐོབ་པའི་བྲལ་བ་དེ། རྣམ་དག་ཙམ་གྱི་མཚན་ཉིད། དེ་ལ་ཉན་ཐོས་ཀྱི་རྣམ་དག རང་རྒྱལ་གྱི། བྱང་སེམས་ཀྱི་རྣམ་དག རྣམ་དག་ཤིན་ཏུ་བ་དང་བཞི། རང་གི་ངོ་སྐལ་གྱི་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པའི་བྲལ་བ་དེ། དང་པོའི་མཚན་ཉིད། དབྱེ་ན་རྒྱུན་ཞུགས་ཀྱི། ཕྱིར་འོང༌། ཕྱིར་མི་འོང་གི དགྲ་བཅོམ་གྱི་རྣམ་དག་དང་བཞི། དེ་རེ་རེ་ལ་ཡང་རྣམ་གྲོལ་ལམ་དང༌། སོ་སོར་བརྟགས་འགོག་གཉིས་གཉིས་ཡོད་དོ། །ངོ་སྐལ་གྱི་ཉོན་སྒྲིབ་དང༌། ངོ་སྐལ་གྱི་ཤེས་སྒྲིབ་གཟུང་རྟོག་ཙམ་སྤངས་པས་བྲལ་བ་དེ། རང་རྒྱལ་གྱི་རྣམ་དག་གི་མཚན་ཉིད། དབྱེ་ན། བོད་སྔ་མ་རྣམས་རྒྱུན་ཞུགས་ཀྱི་རྣམ་དག་དང༌། དགྲ་བཅོམ་གྱི་རྣམ་དག་གཉིས་སུ་འཆད་ཀྱང་རིགས་པས་མི་འཐད་དོ། །ལམ་གསུམ་ཕྱིན་ཅི་མ་ལོག་པ་ཤེས་པ་ལ་གེགས་བྱེད་དུ་གྱུར་པའི་ངོ་སྐལ་གྱི་སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བའི་བྱང་སེམས་ཀྱི་བྲལ་བ་དེ། བྱང་སེམས་ཀྱི་རྣམ་དག་གི་མཚན་ཉིད། ས་མཚམས་ས་དང་པོ་ནས་བཅུ་པའི་བར་ན་ཡོད། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་བྲལ་བ་དེ། རྣམ་དག་ཤིན་ཏུ་བའི་མཚན་ཉིད། ལམ་བྲལ་གཞན་དང་རང་ཉིད་ཀྱང༌། །ལམ་བཟང་ཉིད་ལ་འཇུག་བྱའི་ཕྱིར། །ལམ་གསུམ་ཡན་ལག་དང་བཅས་པ། །ལམ་ཤེས་ཉིད་ཀྱི་མདོ་བཞིན་བཤད། །ཅེས་བྱ་བ་ནི་སྐབས་གཉིས་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།ཤེས་རབ་ཆེན་པོས་འཁོར་བའི་སྐྱོན་དགོངས་ཤིང༌། །སྙིང་རྗེ་ཆེན་པོས་ཞི་བའི་མཐའ་སྤངས་ནས། །བྱང་ཆུབ་པོའི་གནས་སུ་ཞུགས་གྱུར་པ། །འཕྲིན་ལས་ཆེན་པོ་དེ་ལ་ཕྱག་བགྱིའོ། །གཉིས་པ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ལ། འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་དང་གསུམ། དང་པོ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། ལམ་ཤེར་ཕྱིན་དང་དེའི་གཟུགས་བརྙན་གྱི་ཤེར་ཕྱིན་གང་རུང་དེ། དང་པོའི་མཚན་ཉིད། དབྱེ་ན་ལམ་ཤེར་ཕྱིན་དང༌། དེའི་གཟུགས་བརྙན་གྱི་ཤེར་ཕྱིན་གཉིས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་མཁྱེན་པ་དེ། དང་པོའི་མཚན་ཉིད། དབྱེ་ན། ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པའི་ཤེར་ཕྱིན། སྙིང་རྗེས་ཞི་བ་ལ་མི་གནས་པའི་ཤེར་ཕྱིན། དེ་གཉིས་ཀྱི་བྱེད་པ་སྡོམ་པས་འབྲས་ཡུམ་ལ་ཉེ་བའི་ཤེར་ཕྱིན། ཉེ་བའི་རྒྱུ་མཚན། གཉེན་པོའི་ཤེར་ཕྱིན་དང་བཞི། ཤེས་རབ་ཀྱི་འཁོར་བ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་གཞི་ཤེས་དེ། དང་པོའི་མཚན་ཉིད། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་སྒྲུབ་པའི་བྱང་སེམས་ཀྱི་གཞི་ཤེས་དེ་གཉིས་པའི་མཚན་ཉིད། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་མཁས་ཀྱིས་ཟིན་པའི་བྱང་སེམས་ཀྱི་གཞི་ཤེས་དེ་གསུམ་པའི་མཚན་ཉིད། མཚན་འཛིན་གྱི་ས་བོན་དངོས་སུ་འཇོམ་ནུས་པའི་བྱང་སེམས་ཀྱི་གཞི་ཤེས་དེ། བཞི་པའི་མཚན་ཉིད། ཐབས་ཤེས་ཁྱད་པར་ཅན་གཉིས་དང་བྲལ་བའི་ཐེག་དམན་འཕགས་པའི་མངོན་རྟོགས་དེ། གཟུགས་བརྙན་གྱི་ཤེར་ཕྱིན་གྱི་མཚན་ཉིད། དབྱེ་ན། སྲིད་ཞིག་གང་རུང་གི་མཐའ་ལ་གནས་པའི་གཞི་ཤེས། འབྲས་ཡུམ་ལ་རིང་བའི་གཞི་ཤེས། རིང་བའི་རྒྱུ་མཚན། མི་མཐུན་ཕྱོགས་དང་བཅས་པའི་གཞི་ཤེས་སོ། །འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པའི་ཐེག་དམན་གྱི་གཞི་ཤེས་དེ། དང་པོའི་མཚན་ཉིད། བདེན་གཉིས་རྣམ་འབྱེད་ཀྱི་ཐབས་མཁས་དང་བྲལ་བའི་ཐེག་དམན་གྱི་གཞི་ཤེས་དེ། གཉིས་པའི་མཚན་ཉིད། མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་གྱི་གཞི་ཤེས། གསུམ་པའི་མཚན་ཉིད། ཞར་ལ་མཚན་འཛིན་གསུམ་གྱི་མཚན་ཉིད་ལ། གཞི་ཕུང་ཁམས་སྐྱེ་མཆེད་ལ་བདག་མེད་སོགས་སུ་མཚན་མར་འཛིན་པའི་མཚན་འཛིན་དེ། གཞི་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་མཚན་ཉིད། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལམ་གྱི་དངོས་པོ་ལ་མཚན་མར་འཛིན་པའི་མཚན་འཛིན་དེ། འདིར་བསྟན་ལམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་མཚན་ཉིད། འབྲས་བུ་དེ་བཞིན་གཤེགས་པ་ལ་ཐོབ་བྱ་མཐར་ཐུག་ཏུ་འཛིན་པའི་མཚན་འཛིན་དེ། འདིར་བསྟན་འབྲས་བུ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་མཚན་ཉིད། མཚན་འཛིན་ཙམ་ནི་འདིར་བསྟན་མཚན་འཛིན་དུ་མི་བཟུང་སྟེ། འདིར་བསྟན་མཚན་འཛིན་དེ་མཚན་འཛིན་ཙམ་གྱི་གཉེན་པོར་གསུངས་པའི་ཕྱིར། མདོར་བསྡུ་ན། བཤད་མ་ཐག་པའི་མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་བདེ་བླག་ཏུ་རྟོགས་པའི་བྱང་སེམས་འཕགས་པའི་མངོན་རྟོགས་དེ། ཡུལ་ཅན་གཞི་ཤེས་ཀྱི་མཚན་ཉིད། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཀྱི་མཚན་ཉིད་ཡིན་ནོ། །དེ་ནི་ཇི་སྐད་དུ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །གཉིས་པ་འཇུག་པ་སྦྱོར་བ་ལ། དངོས་དང༌། མཉམ་ཉིད་གཉིས། དང་པོ་ལ། དངོས་བསྟན་བྱང་སེམས་ཀྱི་སྦྱོར་བ་དང༌། ཤུགས་བསྟན་ཉན་རང་གི་སྦྱོར་བ་རྣམས་སོ། །དང་པོ་ལ། གཟུགས་སོགས་ཡུལ་བཅུ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་བྱང་སེམས་ཀྱི་རྣལ་འབྱོར་དེ། འདིར་བསྟན་སྦྱོར་བའི་མཚན་ཉིད། དབྱེ་ན། ཡུལ་བཅུ་ཡོད་པའི་རྒྱུ་མཚན་གྱིས་བཅུར་ཕྱེ་ལ། དེ་ཡང་བྱ་དཀའ་རྣམ་གསུམ་ལ་སྤྱོད་པ་བཀག་པའི་སྦྱོར་བ་གཅིག་ཏུ་བྱས་པ་ཡིན་ནོ། །བཅུ་པོ་བསྡུ་ན་ཉི་སྣང་ལས། དང་པོ་བཞི་ལ་སྤྱོད་པ་བཀག་པའི་སྦྱོར་བ་དང༌། ཕྱི་མ་དྲུག་ལ་སྦྱོར་བ་ཙམ་གྱི་ཐ་སྙད་མཛད། སློབ་དཔོན་གྱིས་ནི་ཐམས་ཅད་ལ་སྤྱོད་པ་བཀག་པའི་སྦྱོར་བ་ཙམ་གྱི་ཐ་སྙད་བྱས་སོ། །ས་མཚམས་ནི་སྦྱོར་ལམ་ནས་ས་བཅུ་པའི་བར་ན་ཡོད་དོ། །སྦྱོར་བ་བཅུ་པོ་སོ་སོའི་རྣམ་གཞག་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་ན་གྱི་རང་གི་ངོ་བོ་ལ་སྒྲུབ་པ་ཡོངས་སུ་ཤེས་པ་གསལ་བའི་རྣལ་འབྱོར་དེ། གཟུགས་སོགས་ལ་སྤྱོད་པ་བཀག་པའི་སྦྱོར་བའི་མཚན་ཉིད། དེ་ནས་དེའི་བར་ལ་རྟག་མི་རྟག་ཏུ་བསྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་རྣལ་འབྱོར་དེ། དེ་མི་རྟག་ལ་སོགས་སྤྱོད་པ་བཀག་པའི་སྦྱོར་བའི་མཚན་ཉིད། དེ་ནས་དེའི་བར་གྱི་རྫོགས་མ་རྫོགས་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་རྣལ་འབྱོར་དེ། གཟུགས་སོགས་རྫོགས་མ་རྫོགས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའི་མཚན་ཉིད། ཞེས་སོགས་མདོ་དང་འགྲེལ་པ་ལ་སོགས་ལ་རྣམ་པར་བརྟགས་ནས་སྦྱར་བར་བྱའོ། །ཞར་ལ་འདིར་བསྟན་གྱི་རྫོགས་མ་རྫོགས་ཀྱི་རྣམ་གཞག་བཤད་པ་དང༌། སྤྱིར་མཚན་ཉིད་གསུམ་གྱི་རྣམ་གཞག་བཤད་པའོ། །དང་པོ་ནི། ཀུན་བཏགས་པའི་གཟུགས་དང་ཚོར་བ་དང་རྣམ་མཁྱེན་གྱི་བར་ལ་ནི་མ་རྫོགས་པ་ཞེས་བྱ་སྟེ། བློས་གཟུགས་དང་ཚོར་བ་ལ་སོགས་པ་སྒྲོ་བཏགས་པ་ཙམ་ཡིན་གྱི་བཏགས་པ་དེ་ཉིད་དོན་ལ་མེད་པས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་ཡིན་པའི་ཕྱིར། རྟོག་པས་སྒྲོ་བཏགས་པས་སྟོང་པའི་གཟུགས་ལ་སོགས་པ་དེ་བཞིན་ཉིད་དེ་ལ་ནི། ཆོས་ཉིད་ཀྱི་གཟུགས་དང་ཚོར་བ་ལ་སོགས་པ་ཞེས་བྱ་ལ། དེ་དག་ནི་ཆོས་ཅན། རྫོགས་པ་ཞེས་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཡིན་པས་སྟོབས་སོགས་ཡོན་ཏན་གྱི་རྟེན་དུ་རྫོགས་པ་ཡིན་པའི་ཕྱིར། བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས། གཟུགས་དང་ཚོར་བ་ལ་སོགས་པར་སྣང་ཙམ་དེ་ལ། རྣམ་པར་བཏགས་པའི་གཟུགས་ཞེས་བྱ་ལ། དེ་ནི་ཀུན་བཏགས་ཀྱི་གདགས་གཞི་དང༌། ཡོངས་གྲུབ་ཀྱི་ཆོས་ཅན་ཡིན་པས། རྫོགས་མ་རྫོགས་དཔྱོད་པའི་དཔྱད་གཞི་ཡིན་པའི་ཕྱིར་དངོས་སུ་མ་བསྟན་ལ། འོན་ཀྱང་གཟུགས་སོགས་ཀྱི་ངོ་བོ་ལ། སྤྱོད་པ་བཀག་པའི་སྒྲོ་འདོགས་གཅོད་པའི་གཞི་བསྟན་པ་དེ་ཡིན་ནོ། །གཉིས་པ་སྤྱིར་མཚན་ཉིད་གསུམ་གྱི་རྣམ་པར་བཞག་པ་ལ། རྣམ་རིག་པའི་ལུགས་དང༌། དབུ་མ་པའི་ལུགས་གཉིས། དང་པོ་ལ། དོན་ལ་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པའི་ཆ་དེ་ཀུན་བཏགས་ཀྱི་མཚན་ཉིད། དབྱེ་ན། རྣམ་གྲངས་པའི་ཀུན་བཏགས་དང༌། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་གཉིས་ཏེ། དང་པོ་ནི། ཆོས་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད། སྤྱི་དང་བྱེ་བྲག་རྣམས་ཡིན་ནོ། །གཉིས་པ་ནི། གང་ཟག་གི་བདག་ལྟ་བུའོ། །རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ་དེ་གཞན་དབང་གི་མཚན་ཉིད། དབྱེ་ན། དག་པ་གཞན་དབང་དང༌། མ་དག་པ་གཞན་དབང་གཉིས། དང་པོ་ནི། རྣམ་བྱང་གི་ཕྱོགས་དང་མཐུན་པའི་ཤེས་པ་རྣམས་ལ་བྱ། གཉིས་པ་ནི། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་མཐུན་པའི་ཤེས་པ་རྣམས་ལ་བྱ། རྣམ་དག་གི་དམིགས་པ་དེ་ཡོངས་གྲུབ་ཀྱི་མཚན་ཉིད། དབྱེ་ན། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས། དང་པོ་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་བྱ། གཉིས་པ་ནི། གང་ཟག་གི་བདག་མེད་དང༌། བཟུང་བ་ཆོས་ཀྱི་བདག་མེད་ལ་བྱ། མཚན་གཞིའི་དབྱེ་བ་དེ་དང་ནི་དངོས་བཏགས་སོ་སོར་མ་ཕྱེ་བའི་དབང་དུ་བྱས་ན་མངོན་པ་གོང་མ་ལས་གསུངས་ལ། དངོས་བཏགས་སོ་སོར་ཕྱེ་བའི་དབང་དུ་བྱས་ན། སྒྲོ་འདོགས་བྱེད་ཀྱི་རྟོག་པའི་ངོར་ཡོད་པས་ཐ་སྙད་དུ་ཡོད་ཅིང༌། བཏགས་པ་ལྟར་རྫས་སུ་མེད་པས་དོན་ལ་མེད་པའི་ཆོས་དེ། ཀུན་བཏགས་ཀྱི་མཚན་ཉིད། དེ་ནི་བདག་ཉིད་ཀྱི་དོན་སྤྱི་དང༌། གཟུགས་སྒྲ་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་སོ། །གཟུང་འཛིན་གཉིས་སུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ། གཞན་དབང་གི་མཚན་ཉིད། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་དེ་ཡོངས་གྲུབ་ཀྱི་མཚན་ཉིད། དེ་སྐད་དུ་ཡང༌། ཐེག་བསྡུས་ལས། རྣམ་པར་རྟོག་པས་བཏགས་པའི་དོན། །ཀུན་དུ་བཏགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང༌། །དེའི་ཆོས་ཉིད་ཡོངས་སུ་གྲུབ། །གཉིས་པ་དབུ་མའི་ལུགས་ལ། སྤྱིར་དབུ་མའི་གཞུང་ལས། མཚན་ཉིད་གསུམ་གྱི་རྣམ་གཞག་རྒྱས་པར་མ་གསུང་ཀྱང༌། འགྲེལ་ཆེན་དང༌། དབུ་མ་སྣང་བ་ལས། ཕྱོགས་ཙམ་གསུང་བའི་དོན་བླངས་ན། ཆོས་རྣམས་ཀྱི་སྟེང་དུ་རྟོག་པས་སྒྲོ་བཏགས་པའི་ཆ་དེ། ཀུན་བཏགས་ཀྱི་མཚན་ཉིད། སྒྲོ་འདོགས་པའི་གཞིར་གྱུར་པའི་རྟེན་རྟེན་འབྱུང་སྒྱུ་མ་ལྟ་བུ་དེ་གཞན་དབང༌། ཆོས་ཅན་སྒྱུ་མ་ལྟ་བུའི་སྟེང་དུ་ཇི་ལྟར་སྒྲོ་བཏགས་པས་སྟོང་པའི་སྟོང་ཉིད་དེ། ཡོངས་གྲུབ་ཀྱི་མཚན་ཉིད་དོ། །གཉིས་པ་ཤུགས་བསྟན་ཉན་རང་གི་སྦྱོར་བ་ལ། མཚན་ཉིད་ནི། གཟུགས་སོགས་ཡུལ་བཅུ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་དང་བཅས་པའི་རྣལ་འབྱོར་རོ། །མདོར་ན་ཉན་རང་གི་སྦྱོར་བ་འདི་སྔར་བཤད་པའི་གཟུགས་བརྙན་གྱི་ཤེར་ཕྱིན་ལ་འཇུག་པར་བྱེད་ཅིང༌། འབྲས་བུ་རྣམ་མཁྱེན་དང་རིང་བར་བྱེད་དེ། བྱང་སེམས་ཀྱི་སྦྱོར་བས་ནི་བཤད་མ་ཐག་པའི་ལམ་ཤེར་ཕྱིན་ལ་འཇུག་པར་བྱེད་ཅིང་འབྲས་བུ་རྣམ་མཁྱེན་དང་ཉེ་བར་བྱེད་པ་ཡིན་ནོ། །གཉིས་པ་སྦྱོར་བའི་མཉམ་ཉིད་ལ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རློམ་པ་རྣམ་པ་བཞི་བཀག་ནས་སྒོམ་པའི་སེམས་པའི་རྣལ་འབྱོར་དེའི་མཚན་ཉིད་དོ། །རློམ་པ་རྣམ་པ་བཞི་ནི། གཟུགས་ལ་སོགས་པའི་ངོ་བོ་ལ་མངོན་པར་ཞེན་པ་དང༌། ཁྱད་པར་སྔོན་པོ་ལ་སོགས་པའི་མཚན་མར་ཞེན་པ་དང༌། གཟུགས་རྣམ་པ་ཉི་ཤུ་ལ་སོགས་པའི་དབྱེ་བ་ལ་མངོན་པར་ཞེན་པ་དང༌། ངེས་འབྱེད་ཆ་མཐུན་ལ་སོགས་པ་རྟོགས་པའི་རློམ་པ་བཀག་ནས་སྒོམ་པའོ། །ཇི་སྐད་དུ། མདོ་ལས། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གིས་ཞེས་རློམས་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་པའི་དོན་ནོ། །གསུམ་པ་ཞུགས་འབྲས་མཐོང་ལམ་ལ། དངོས་བསྟན་བྱང་སེམས་ཀྱི་དང༌། ཤུགས་བསྟན་ཐེག་དམན་གྱི་མཐོང་ལམ་མོ། །མདོ་ལས། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་དུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། སྐབས་གསུམ་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག སྡུག་བདེན་གྱི་གཟུགས་སོགས་རྟག་མི་རྟག་སྤྲོས་པ་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་མཚོན་པས་བསྟན་པའི་ཐེག་གྱི་བདེན་པ་མངོན་རྟོགས་དེ། འདིར་བསྟན་པའི་སྡུག་བསྔལ་ལ་ཆོས་བཟོད་ཀྱི་མཚན་ཉིད་དང༌། ཚོར་བ་བདེ་སྡུག་གི་སྤྲོས་པ་དང་བྲལ་བར་རྟོགས་པའི་ཡེ་ཤེས་ཀྱི་དང༌། དོན་གཞན་གྱི་བདག་གིས་སྟོང་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་དང༌། ངོ་བོར་གྱུར་པའི་བདག་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བར་རྟོགས་པའི་ཡེ་ཤེས་ཀྱིས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། འདིར་བསྟན་རྗེས་ཤེས་ཀྱི་མཚན་ཉིད། ཅེས་སོགས་གཞུང་ཉིད་ལ་བརྟགས་ནས་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་ལ། མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པར་ཅན་དུ་སྒྲོ་འདོགས་པའི་ཐེག་དམན་གྱི་བདེན་པ་མངོན་རྟོགས་དེ་ཤུགས་བསྟན་ཉན་རང་གི་མཐོང་ལམ་གྱི་མཚན་ཉིད། ཞར་ལ་སྐབས་གསུམ་པ་རིམ་སྟོན་རྒྱུའི་སྒོམ་ལམ་གྱི་མཚན་ཉིད་ནི། ཐེག་ཆེན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། དེ་འདྲའི་སྒོམ་ལམ་དེ་ནི་མི་དམིགས་པས་སྐབས་གསུམ་པ་འདིར་མ་བསྟན་པ་ཡིན་ནོ། །གཞི་ཡི་གནས་ལུགས་ཇི་ལྟར་ཤེས་པ་ཡི། །གཞི་ལམ་རྣམ་གསུམ་མཚན་མར་འཛིན་པའི་བློ། །གཞི་ནས་སྤངས་ཏེ་ལམ་ལ་འཇུག་པའི་ཚུལ། །གཞི་ཤེས་སྟོན་པའི་མདོ་བཞིན་ལེགས་པར་བཤད། །ཅེས་བྱ་བ་ནི་སྐབས་གསུམ་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།སྐྱེ་མེད་གསུམ་ལ་ཐོས་དང་བསམ་པ་ཡིས། །རྣམ་པར་དཔྱོད་པའི་བློ་གྲོས་བརྒྱ་ཕྲག་གིས། །ཡུན་དུ་གོམ་པས་ཉེས་ཀུན་རྒྱང་བསྲིངས་ཏེ། །མཐོན་པོའི་གོ་འཕང་བརྙེས་ངེར་ཕྱག་འཚལ་ལོ། །གཉིས་པ་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི་བཤད་པ་ལ། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་དང༌། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ལ། རྒྱུ་རྣམ་རྫོགས་སྦྱོར་བའི་ཡན་ལག་རྒྱས་པར་བཤད་པ་དང༌། འབྲས་བུ་རྩེ་སྦྱོར་གྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིར་ཐེག་ཆེན་གྱི་སྦྱོར་བ་ལ། འཇུག་ཚུལ་གཏན་ལ་དབབ་པ་དང༌། བྱེ་བྲག་ཏུ་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་པའི་སྒོམ་ལམ་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ། མཚོན་བྱ་ཐེག་ཆེན་གྱི་སྦྱོར་བ་བཤད་པ་དང༌། དེའི་མཚན་ཉིད་ཀྱིས་མཚོན་པའི་ཚུལ་བཤད་པའོ། །དང་པོ་ལ། བསྒོམ་བྱ་རྣམ་པར་བཤད་པ་དང༌། སྒོམ་པ་པོའི་གང་ཟག་གི་རྣམ་པ་དེ་བསྒོམ་པར་བྱེད་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་སྤྱིར་བཤད་པ་དང༌། སྐབས་སུ་བབ་པའི་རྣམ་པ་བཤད་པའོ། །དང་པོ་ལ། ཡུལ་གྱི་ཁྱད་པར་དེ་རྣམ་པ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དོན་རྣམ་དང༌། ཤེས་རྣམ་གཉིས། ཤེས་པས་ཁྱད་པར་དུ་མ་བྱས་པའི་དོན་གྱི་རྣམ་པ་དེ། དོན་རྣམ་གྱི་མཚན་ཉིད། དབྱེ་ན་མི་རྟག་ལ་སོགས་བཅུ་དྲུག་གི་ལྟ་བ་གང་ཟག་གི་བདག་མེད་ཉིད་ཀྱི་དོན་རྣམ་དང༌། རང་བཞིན་སྐྱེ་མེད་ལྟ་བུ་ཆོས་ཀྱི་བདག་མེད་ཀྱི་དོན་རྣམ་གཉིས། ཡུལ་ལ་དམིགས་པའི་འཛིན་སྟངས་ཀྱི་ཁྱད་པར་དེ་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་མི་མཐུན་ཕྱོགས་ཀྱི་ཤེས་རྣམ་དང༌། གཉེན་པོའི་ཤེས་རྣམ་གཉིས། ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་དེ། དང་པོའི་མཚན་ཉིད། དེ་ནི་སྒྲ་རྟག་འཛིན་རྟོག་པ་ལྟ་བུའོ། །ཡུལ་གནས་ཚུལ་དང་མཐུན་པར་ཞུགས་པའི་བློའི་འཛིན་སྟངས་དེ་གཉིས་པའི་མཚན་ཉིད། དེ་ནི་སྒྲིབ་པར་རྟོགས་པའི་རྟོགས་པ་ལྟ་བུའོ། །གཉིས་པ་ལ། བདེན་བཞི་གང་རུང་རྟོགས་པའི་འཛིན་སྟངས་དེ་འདིར་བསྟན་གྱི་ཐེག་ཆེན་སྦྱོར་བའི་བསྒོམ་བྱ་ཤེས་རྣམ་ཀྱི་མཚན་ཉིད། འདི་ལ་ཡང་དངོས་བཏགས་ཀྱི་སྒོ་ནས་དབྱེ་ན། མཚན་ཉིད་པ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དང༌། རྗེས་མཐུན་པ་ཉན་ཐོས་དང་རང་རྒྱལ་གྱི་རྒྱུད་ལ་ཡོད་པའོ། །དང་པོ་ནི། བྱང་སེམས་རང་རྒྱུད་ལ་ཡོད་པའི་སྐྱེ་མེད་གསུམ་གང་རུང་རྟོགས་པའི་འཛིན་སྟངས་ལ་བྱ། གཉིས་པ་ནི། ཉན་ཐོས་དང་རང་རྒྱལ་གྱི་རྒྱུད་ལ་ཡོད་པའི་སྐྱེ་མེད་གསུམ་རྟོགས་པའི་འཛིན་སྟངས་ལ་བྱའོ། །མཚན་བཏགས་ཀྱི་ཁྱད་པར་དེ་བཞིན་དུ་འཐད་པ་ཡིན་ནོ། །སྒོམ་པ་པོའི་བློ་དེ་ཉིད་སྒོམ་བྱེད་ཀྱི་རྣམ་པ་དེའི་ངོ་བོར་བསྐྱེད་པ་ལ་རྣམ་པ་བསྒོམ་པའི་དོན་དུ་འཇོག་པའི་ཕྱིར། ཡུལ་གྱི་སྒོ་ནས་དབྱེ་ན། གཞི་ཤེས་ཀྱི་ཤེས་རྣམ། ལམ་ཤེས་ཀྱི་ཤེས་རྣམ། རྣམ་མཁྱེན་གྱི་ཤེས་རྣམ་དང་གསུམ། གཞི་སྐྱེ་མེད་དུ་རྟོགས་པའི་འཛིན་སྟངས་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན། གང་ཟག་གི་བདག་མེད་རྟོགས་པའི་གཞི་ཤེས་ཀྱི་ཤེས་རྣམ་དང༌། བདག་མེད་གཉིས་ཀ་རྟོགས་པའི་གཞི་ཤེས་ཀྱི་ཤེས་རྣམ་གཉིས། ཆོས་ཅན་གྱི་སྒོ་ནས་དབྱེ་ན། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང༌། ལམ་བདེན་གྱི་རྣམ་པ་བཅོ་ལྔ་སྟེ་ཉེར་བདུན་ནོ། །ཉེར་བདུན་བསྡུས་ན་གཉིས་སུ་འདུས་སོ། །མངོན་པ་དང་ཐུན་མོང་བའི་ཤེས་རྣམ་དང༌། ཐུན་མོང་མ་ཡིན་པའི་ཤེས་རྣམ་གཉིས། ཤེར་ཕྱིན་དང་མངོན་པ་གཉིས་ཀ་ལས་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་བསྟན་པའི་འཛིན་སྟངས་དེ་དང་པོའི་མཚན་ཉིད། དེ་ནི་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང༌། ཉོན་སྒྲིབ་ཀྱི་གཉེན་པོར་བསྟན་པའི་ལམ་བདེན་གྱི་རྣམ་པ་བཞི་རྣམས་སོ། །ཆོས་མངོན་པ་ལས་མ་བཤད་ཅིང༌། ཤེར་ཕྱིན་ལས་གཟུང་བ་ཆོས་ཀྱི་བདག་མེད་ཉིད་རྟོགས་པའི་ཆ་ནས་བསྟན་པའི་འཛིན་སྟངས་དེ་གཉིས་པའི་མཚན་ཉིད། དེ་ནི་ཤེས་སྒྲིབ་བཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་བདེན་གྱི་རྣམ་པ་བཅུ་གཅིག་པོ་རྣམས་ལ་བྱ། ཡང་ན་བདེན་པ་དང་པོ་གསུམ་གྱི་རྣམ་པ་དང་ལམ་བདེན་གྱི་རྣམ་པའོ། །བདེན་པ་དང་པོ་གསུམ་གང་ཟག་གི་བདག་མེད་དུ་རྟོགས་པའི་བྱང་སེམས་ཀྱི་འཛིན་སྟངས་དེ་འདིར་བསྟན་བསྒོམ་བྱ་དང་པོ་གསུམ་གྱི་རྣམ་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། སྡུག་བདེན་མི་རྟག་པར་རྟོགས་པའི་བྱང་སེམས་ཀྱི་ཤེས་རྣམ་སོགས་བཅུ་གཉིས། གཞི་ཤེས་ཀྱི་ལམ་བདེན་ལས་ཕྱེ་བའི་བྱང་སེམས་ཀྱི་འཛིན་སྟངས་དེ། འདིར་བསྟན་གྱི་བསྒོམ་བྱ་ལམ་བདེན་གྱི་ཤེས་རྣམ་གྱི་མཚན་ཉིད། འདི་ལ་བརྟེན་གྱི་སྒོ་ནས་དབྱེ་ན། ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་ཀྱི་རྣམ་པ་བཞི་ཤེས་སྒྲིབ་བཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་ཀྱི་རྣམ་པ་ལྔ། དེའི་གཉེན་པོར་ལམ་ཟག་མེད་ཉིད་ཀྱི་རྣམ་པ་དྲུག་སྟེ་བཅོ་ལྔ། ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པའི་མཉམ་གཞག་གི་མཁྱེན་པ་དེ། འདིར་བསྟན་ལམ་དང་པོའི་མཚན་ཉིད་ཡིན་ལ། མཁྱེན་པ་གསུམ་དེའི་ཆ་ཤས་སུ་གྱུར་པའི་ལམ། རིགས་པ། སྒྲུབ་པ། ངེས་འབྱིན་བཞིའམ། བྱེད་པ་པོའི་བདག་མེད་པར་རྟོགས་པའི་འཛིན་སྟངས་སོགས་དེ་ལ་ལམ་དང་པོའི་ཤེས་རྣམ་ཞེས་བྱའོ། །དེ་བཞིན་དུ་ཤེས་སྒྲིབ་བཟུང་རྟོག་གི་གཉེན་པོའི་རིགས་སུ་གནས་པའི་རྗེས་ཐོབ་ཡེ་ཤེས་དེ་ལ་ལམ་གཉིས་པ་ཞེས་བྱ། དེའི་གཉེན་པོའི་རིགས་སུ་གནས་པའི་མཉམ་གཞག་ཡེ་ཤེས་དེ་ལ་ལམ་གསུམ་པ་ཞེས་བྱ། ལམ་དེ་གཉིས་ཀྱི་འཛིན་སྟངས་ཀྱི་ཁྱད་པར་བཅུ་གཅིག་པོ་དེ་ལ་དེའི་རྣམ་པ་ཞེས་བྱའོ། །འདིར་ལམ་དང་པོ་ནི་ཉན་རང་དང་བྱང་སེམས་ཐམས་ཅད་ལ་ཡོད་ལ། ལམ་ཕྱི་མ་གཉིས་ནི་རང་རྒྱལ་དང་བྱང་སེམས་ཁོ་ན་ལ་ཡོད་ལ། དེ་དག་གི་རྣམ་པ་རྣམས་ཀྱང་དེ་བཞིན་ནོ། །མདོར་བསྡུ་ན། འདིར་གཞི་ཤེས་ཀྱི་རྟོགས་རིགས་སུ་གནས་པའི་མཐོང་ལམ་དང་སྒོམ་ལམ་འདིར་ལམ་བདེན་ཞེས་བྱ། མཐོང་ལམ་དང་བསྒོམ་ལམ་དེ་གཉིས་ཀྱི་འཛིན་སྟངས་ཀྱི་བྱེ་བྲག་ལ། ལམ་བདེན་གྱི་ཤེས་རྣམ་ཞེས་བྱ། དེ་ཡང་སྒོམ་བྱ་མཚན་ཉིད་པ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དེ་ཉིད་ཡིན་ལ། ཉན་རང་རྒྱུད་ལ་ཡོད་པ་ནི་རྟོགས་རིགས་ཀྱི་རྟེན་སོ་སོར་ངེས་པའི་རྣམ་གསལ་གྱི་དཔེར་བརྗོད་ཡིན་གྱི་སྒོམ་བྱ་དངོས་མིན་ནོ། །ལམ་གྱི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་འཛིན་སྟངས་དེ་འདིར་བསྟན་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཀུན་འབྱུང་བདེན་པའི་ཤེས་རྣམ། ལམ་བདེན་གྱི། སྡུག་བདེན་གྱི། འགོག་བདེན་གྱི་ཤེས་རྣམ་དང་བཞི། ལམ་ཤེས་ཀྱི་ཤེས་རྣམ་གང་ཞིག ཀུན་འབྱུང་བདེན་པ་སྤངས་གཉེན་གྱི་སྒོ་ནས་བདག་མེད་གཉིས་ཀའི་རྣམ་པ་ཅན་དུ་རྟོགས་པའི་འཛིན་སྟངས་དེ་འདིར་བསྟན་ཀུན་འབྱུང་བདེན་པའི་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་བརྒྱད། ལམ་ཤེས་ཀྱི་ཤེས་རྣམ་གང་ཞིག ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བདག་མེད་གཉིས་ཀའི་རྣམ་པ་ཅན་དུ་རྟོགས་པའི་འཛིན་སྟངས་དེ། འདིར་བསྟན་ལམ་བདེན་གྱི་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་བདུན། དེ་གང་ཞིག་སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བདག་མེད་གཉིས་ཀའི་རྣམ་པ་ཅན་དུ་རྟོགས་པའི་འཛིན་སྟངས་དེ། འདིར་བསྟན་གྱི་སྡུག་བདེན་གྱི་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་ལྔ། དེ་གང་ཞིག འགོག་བདེན་བློ་བུར་དྲི་བྲལ་གྱི་ངོ་བོ་རྟོགས་པའི་འཛིན་སྟངས་དེ། འདིར་བསྟན་གྱི་འགོག་བདེན་གྱི་ཤེས་རྣམ་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག བཅུ་དྲུག་པོ་དེ་ཡང་བསྡུ་ན། འགོག་པའི་རྣམ་པ། ཞི་བའི། གྱ་ནོམ་པའི། ངེས་འབྱུང་གི་རྣམ་པ་དང་བཞི། བློ་བུར་རྣམ་དག་གི་སྟོང་ཉིད་དང་པོ་གསུམ་རྟོགས་པའི་བྱང་སེམས་ཀྱི་འཛིན་སྟངས་དེ། དང་པོའི་མཚན་ཉིད། དག་པ་གཉིས་ལྡན་གྱི་སྟོང་པ་ཉིད་ལ་སོགས་པ་བརྒྱད་རྟོགས་པའི་བྱང་སེམས་ཀྱི་འཛིན་སྟངས་ཀྱི་བྱེ་བྲག་དེ་གཉིས་པའི་མཚན་ཉིད། དག་པ་གཉིས་ལྡན་གྱི་རང་བཞིན་སྟོང་པ་ཉིད་རྟོགས་པའི་འཛིན་སྟངས་དེ་གསུམ་པའི་མཚན་ཉིད། དག་པ་གཉིས་ལྡན་གྱི་སྟོང་པ་ཉིད་ལ་སོགས་པ་བཞི་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་དེ་བཞི་པའི་མཚན་ཉིད། མདོར་བསྡུ་ན། གཞི་ཤེས་ཀྱི་ཤེས་རྣམ་ནི། གཞི་ཤེས་ཀྱི་འཛིན་སྟངས་དངོས་སམ་དེ་དང་རྗེས་སུ་མཐུན་པ་གཅིག་ཡིན་ལ། རྗེས་སུ་མཐུན་པ་ནི་ཚོགས་སྦྱོར་གྱི་གནས་སྐབས་ན་ཡང་ཡོད་ཅིང༌། དེ་སྒོམ་པ་ལ་གཞི་ཤེས་ཀྱི་རྣམ་པ་སྒོམ་པར་གཞག་གོ །གཞི་ཤེས་ཀྱི་འཛིན་སྟངས་དངོས་ནི་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ནི་རྣམ་མཁྱེན་གྱི་ཤེས་རྣམ་དུ་འདུ། ཉན་རང་འཕགས་པའི་རྒྱུད་ལ་ཡོད་པ་ནི་སྤྱིར་གཞི་ཤེས་མཚན་ཉིད་པ་ཡིན་ཀྱང༌། འདིར་བསྟན་གྱི་བསྒོམ་བྱ་ཤེས་རྣམ་མཚན་ཉིད་པ་མིན། འདིར་བསྟན་གྱི་བསྒོམ་བྱ་ཤེས་རྣམ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ནའོ། །ལམ་ཤེས་ཀྱི་ཤེས་རྣམ་ལ་ཡང་དེའི་རིགས་པས་སྦྱར་ཏེ་ཤེས་པར་བྱའོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་ལ་རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་བྱེ་བྲག་དེ་རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད་ཡིན། ཡང་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཛིན་སྟངས་དེ་གཞི་ཤེས་རྣམ་གྱི་མཚན་ཉིད། བྱང་སེམས་ཀྱི་རྟོགས་རིགས་སུ་གནས་པའི་འཛིན་སྟངས་དེ། ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད། ཐེག་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་བསྡུས་པ་མཐར་ཐུག་པའི་འཛིན་སྟངས་དེ། རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་དང༌། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་གཉིས། དང་པོ་ལ། རྣམ་མཁྱེན་གྱི་ཤེས་རྣམ་གང་ཞིག རང་གི་རྟོགས་པའི་རིགས་རྒྱུན་མཚན་ཉིད་པ་འཕགས་ཆུང་འོག་མའི་རྒྱུད་ལ་ཡོད་པ་དེ་དང་པོའི་མཚན་ཉིད། དབྱེ་ན་ཉན་རང་དང་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་དང༌། བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་གཉིས། དང་པོ་ལ། དངོས་དང༌། བྱང་ཕྱོགས་སོ་བདུན་གྱི་རྣམ་གཞག་བཤད་པའོ། །རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་བྱེ་བྲག་གང་ཞིག རང་གི་རིགས་འདྲ་མཚན་ཉིད་པ་ཉན་རང་འཕགས་པའི་རྒྱུད་ལ་ཡོད་པ་དེ་དང་པོའི་མཚན་ཉིད། དེ་ནི་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་ལྟ་བུའོ། །འདིར་རྣམ་མཁྱེན་གྱི་ཤེས་རྣམ་དངོས་ནི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དེ་ཉིད་ཡིན་ལ། རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་ཤེས་རྣམ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་བྱང་ཕྱོགས་སོ་བདུན་པོ་དེ་ཉིད་ཡིན་ཞིང༌། ཉན་རང་གི་རྒྱུད་ལ་ཡོད་པའི་སོ་བདུན་ནི་སངས་རྒྱས་ཀྱི་སོ་བདུན་པོ་དེ་དང་རྗེས་སུ་མཐུན་པར་སྟོན་པའི་རྣམ་གསལ་གྱི་དཔེ་ཙམ་ཡིན་གྱི། ཤེས་རྣམ་དངོས་དང༌། བསྒོམ་བྱ་ཤེས་རྣམ་གཉིས་ཀ་མིན་ཞིང༌། རྣམ་མཁྱེན་གྱི་ཤེས་རྣམ་རྗེས་མཐུན་པ་ཡང་མིན་ཏེ། རྣམ་མཁྱེན་གྱི་འཛིན་སྟངས་ཀྱི་གཙོ་བོ་དང་རྗེས་སུ་མཐུན་པ་མེད་པའི་ཕྱིར། གཉིས་པ་བྱང་ཕྱོགས་སོ་བདུན་གྱི་རྣམ་པར་གཞག་པ་ལ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་ཕྱོགས་དང་རྗེས་སུ་མཐུན་པའི་ཆོས་བྱང་ཆུབ་ཕྱོགས་མཐུན་གྱི་མཚན་ཉིད། དབྱེ་ན་ལྔ་ལས། དང་པོ་དྲན་པ་ཉེར་བཞག་ལ། མཚན་ཉིད་ནི། ལུས་ཚོར་སེམས་ཆོས་བཞི་པོ་གང་རུང་ལ་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་རྟོག་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ། དབྱེ་ན་ལུས་དྲན་པ་ཉེར་གཞག་ལ་སོགས་པ་བཞི། ཕྱི་ནང་གི་ལུས་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དང༌། རྣམ་པར་ཤེས་པའི་ཕུང་པོ་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དང༌། ཚོར་བ་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང༌། ལྡན་མིན་འདུ་བྱེད་དང༌། འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་རྣམས་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ས་མཚམས་ཉན་ཐོས་ཀྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་ཡང་དག་སྤོང་བ་ལ་མཚན་ཉིད། སྤང་གཉེན་བླང་དོར་བྱེད་པའི་བརྩོན་འགྲུས་དེ་ཡང་དག་སྤོང་བའི་མཚན་ཉིད། དབྱེ་ན། མི་དགེ་བ་སྐྱེས་པ་སྤོང་བའི་དང༌། མ་སྐྱེས་པ་མི་བསྐྱེད་པའི་དང༌། དགེ་བ་སྐྱེས་པ་སྤེལ་བར་བྱེད་པའི་དང༌། མ་སྐྱེས་པ་བསྐྱེད་པར་བྱེད་པའི་ཡང་དག་སྤོང་བ་དང་བཞི། དེ་དག་གི་མཚན་ཉིད་རིམ་པ་བཞིན་དུ། ཀུན་ནས་ཉོན་མོངས་པ་སྐྱེས་པ་སྤོང་བའི་ཕྱིར་དུ་འདུན་པ་བསྐྱེད། འབད། བརྩོན་འགྲུས་བརྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པར་བྱེད་པའི་བརྩོན་འགྲུས་གནས་དང་བཅས་པའོ། །ཞེས་སྦྱར་རོ། །དེ་ལ་འདུན་པ་ནི་བརྩོན་འགྲུས་ཀྱི་གནས་སོ། །འབད་པ་ནི། ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་དེ་བརྩོན་འགྲུས་བརྩོམ་པའི་དུས་དངོས་སོ། །བརྩོན་འགྲུས་བརྩོམ་པ་ནི། བྱིང་རྒོད་སེལ་བའི་དོན་དུ་བརྩོན་འགྲུས་བརྩོམ་པ་དེ། དེས་སྤྱིར་བསྟན་ནས་ཇི་ལྟར་དུ་རྩོམ་ཞེ་ན། བྱིང་བ་ན་སྐུ་གཟུགས་སོགས་ལ་སེམས་རབ་ཏུ་འཛིན་པ་དང༌། རྒོད་པ་ན་སེམས་ནང་དུ་རབ་ཏུ་འཇོག་པའོ། །ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་འབྲིང་ནས་སངས་རྒྱས་ཀྱི་སའི་བར་དུའོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ལ། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། དབྱེ་ན་བཞི་ལས། གུས་པར་སྦྱོར་བའི་འདུན་པ་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་འདུན་པའི་རྫུ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་ལ་བརྟེན་ནས་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེ་བརྩོན་འགྲུས་གྱི་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་ལ་བརྟེན་ནས་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེ་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། ཚེ་འདིར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཐོབ་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། འདིར་སྤོང་བའི་འདུ་བྱེད་བརྒྱད་ནི། འདུན་པ། རྩོལ་བ། དད་པ། ཤིན་སྦྱངས། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་སོ། །ཉེས་པ་ལྔ་སྤོང་བའི་ཕྱིར་མངོན་པར་འདུས་བྱེད་པས་ན་སྤོང་བའི་འདུ་བྱེད་ཅེས་བྱ། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་དེ་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞིང༌། འདིར་རྫུ་འཕྲུལ་ནི་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་རྣམས་ལ་བྱ་ལ། དེའི་རྟེན་ཡིན་པའི་ཕྱིར་རྐང་པ་ཞེས་བྱའོ། །ཉེས་པ་ལྔ་ནི་ཇི་སྐད་དུ། ལེ་ལོ་དང་ནི་གདམ་ངག་རྣམས། །རྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དང༌། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར། བྱིང་རྒོད་གཉིས་པོ་གཅིག་ཏུ་བྱས་པའོ། །ལེ་ལོའི་གཉེན་པོ་ནི་བཞི་སྟེ། འདུན་པ་ནི་རྟེན་ཡིན་ཏེ། རྩོལ་བ་ནི་དེ་ལ་བརྟེན་པ་ཡིན། དད་པ་ནི་འདུན་པའི་རྒྱུ་ཡིན། ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཉེན་པོ་ཕྱི་མ་བཞི་དང༌། ཉེས་པ་ཕྱི་མ་བཞི་སྤང་གཉེན་དུ་སྦྱར་རོ། །ས་མཚམས་ནི་ཉན་ཐོས་ཀྱི་ཚོགས་ལམ་ཆེན་པོ་ནས་སངས་རྒྱས་ཀྱི་སའི་བར་རོ། །བཞི་པ་དབང་པོ་ལ། རང་འབྲས་འཕགས་ལམ་བསྐྱེད་པ་ལ་བདག་པོར་གྱུར་པའི་མཁྱེན་པ་དེ་དབང་པོའི་མཚན་ཉིད། དབྱེ་ན་ལྔ་ལས་དབང་པོ་གང་ཞིག་བདེན་པ་རྣམས་ལ། ཡིད་ཆེས་པའི་སེམས་བྱུང་དེ་དད་པའི་དབང་པོའི་མཚན་ཉིད། དེ་གང་ཞིག་བདེན་པ་བཞི་བསྒོམ་པ་ལ་སྤྲོ་བའི་སེམས་བྱུང་དེ་བརྩོན་འགྲུས་ཀྱི་དབང་པོའི་མཚན་ཉིད། དེ་གང་ཞིག་བདེན་པའི་དམིགས་རྣམ་མི་བརྗེད་པའི་སེམས་བྱུང་དེ་དྲན་པའི་དབང་པོའི་མཚན་ཉིད། དེ་གང་ཞིག་བདེན་པ་བཞིའི་དམིགས་པ་ལ་རྩེ་གཅིག་པའི་སེམས་བྱུང་དེ་ཏིང་ངེ་འཛིན་གྱི་དབང་པོའི་མཚན་ཉིད། དེ་གང་ཞིག་བདེན་པ་བཞི་རབ་ཏུ་འབྱེད་པའི་སེམས་བྱུང་མཚུངས་ལྡན་དང་བཅས་པ་དེ་ཤེས་རབ་ཀྱི་དབང་པོའི་མཚན་ཉིད། མཚུངས་ལྡན་ཞེས་པ་ཀུན་ལ་སྦྱར་རོ། །ས་མཚམས་ཉན་ཐོས་ཀྱི་དྲོད་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །མ་དད་པ་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་མཁྱེན་པ་དེ་འདིར་བསྟན་སྟོབས་ཀྱི་མཚན་ཉིད། དབྱེ་ན་དད་པའི་སྟོབས་ལ་སོགས་པ་ལྔ། དད་པའི་དབང་པོ་གང་ཞིག་མ་དད་པས་བརྫི་བར་མི་ནུས་པ་དེ། དད་པའི་སྟོབས་ཀྱི་མཚན་ཉིད། ཅེས་སོགས་སྦྱར་བར་བྱའོ། །ས་མཚམས་ཉན་ཐོས་ཀྱི་བཟོད་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །བདེན་པ་མངོན་པར་རྟོགས་པའི་ལམ་དེ་བྱང་ཆུབ་ཡན་ལག་གི་མཚན་ཉིད། དེ་ལ་དབྱེ་ན། དྲན་འབྱེད་བརྩོན་དགའ་སྦྱངས་ཏིང་འཛིན། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན། །ཞེས་པའོ། །མཚན་ཉིད་ནི། བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཏུ་གྱུར་པའི་དྲན་པ་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་ཡིན་པ་ནས། བྱང་ཆུབ་ཀྱི་ངོ་བོའི་ཡན་ལག་ཏུ་གྱུར་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་དང༌། བྱང་ཆུབ་ཀྱི་ངེས་འབྱུང་གི་ཡན་ལག་ཏུ་གྱུར་པའི་བརྩོན་འགྲུས་དང༌། བྱང་ཆུབ་ཀྱི་ཕན་ཡོན་གྱི་ཡན་ལག་ཏུ་གྱུར་པའི་དགའ་བ་དང༌། གང་གིས་ཀྱང་ཉོན་མོངས་པར་མི་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཤིན་སྦྱངས་དང༌། གང་དུ་ཡང་ཉོན་མོངས་པར་མ་གྱུར་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཏིང་ངེ་འཛིན་དང༌། ཉོན་མོངས་པ་མེད་པའི་ངོ་བོའི་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་བཏང་སྙོམས་རྣམས་སོ། །ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ནའོ། །སྒོམ་སྤངས་དག་པར་བྱེད་པའི་མངོན་རྟོགས་དེ། འཕགས་ལམ་ཡན་ལག་གི་མཚན་ཉིད། དབྱེ་ན། ལྟ་རྟོག་ངག་དང་ལས་ཀྱི་མཐའ། །འཚོ་རྩོལ་དྲན་ཏིང་ཡན་ལག་བརྒྱད། །ཅེས་པའོ། །མཚན་ཉིད་ནི་རིམ་པ་བཞིན་དུ། འཕགས་ལམ་ཡན་ལག་གང་ཞིག་ཅེས་སྦྱར་ན། མཉམ་གཞག་ཏུ་རྟོགས་པའི་དེ་ཁོ་ན་ཉིད་ངེས་པར་འཛིན་པའི་བློ་དང༌། ཇི་ལྟར་རྟོགས་པའི་དོན་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བྱེད་དང༌། རང་སྨྲ་བ་པོ་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཡན་ལག་དང༌། རང་རྒྱུད་ལྡན་གྱི་གང་ཟག་དེ་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཡན་ལག་དང༌། རང་རྒྱུད་ལྡན་གྱི་གང་ཟག་དེ་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པའི་ཡན་ལག་དང༌། སྒོམ་སྤངས་སུ་གྱུར་པའི་ཉོན་སྒྲིབ་ཀྱི་བག་ཆགས་སྤོང་བར་བྱེད་པའི་ཡན་ལག་དང༌། བྱིང་རྒོད་ལ་སོགས་པ་ཉེ་ཉོན་གྱི་བག་ཆགས་སྦྱོང་བར་བྱེད་པའི་ཡན་ལག་དང༌། སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལ་སྒྲིབ་པ་སྦྱོང་བར་བྱེད་པའི་ཡན་ལག་གོ །ས་མཚམས་ནི་ཉན་ཐོས་ཀྱི་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །གཉིས་པ་ལ་རྣམ་མཁྱེན་གྱི་ཤེས་རྣམ་གང་ཞིག རང་གི་རིགས་འདྲ་མཚན་ཉིད་པ་བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པ་དེ་བྱང་སེམས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། གཉེན་པོའི་ལམ་ལ་སོགས་པ་དྲུག སྐབས་འདིར་རྣམ་མཁྱེན་གྱི་ཤེས་རྣམ་དངོས་ནི། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་ལ་སོགས་པ་སོ་བཞི་པོ་དེ་ཉིད་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་སོ་བཞི་ནི་བསྒོམ་བྱ་ཤེས་རྣམ་དངོས་དང༌། རྣམ་མཁྱེན་གྱི་ཤེས་རྣམ་རྗེས་མཐུན་པ་ཙམ་ཡིན་ལ། ཉན་རང་གི་རྒྱུད་ལ་ཡོད་པའི་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་དང༌། རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་དང༌། སྙོམས་འཇུག་དགུའི་ཏིང་ངེ་འཛིན་ནི། ཉོན་སྒྲིབ་ཙམ་གྱི་གཉེན་པོའི་རིགས་སུ་གནས་ཀྱི་སྒྲིབ་པ་མཐའ་དག་གི་གཉེན་པོའི་རིགས་སུ་མི་གནས་པས། འདིར་ལམ་ཤེས་ཀྱི་རྣམ་པར་མ་བཞག་པ་ཡིན་ནོ། །དེས་ན་འདིར་བསྒོམ་བྱ་ཤེས་རྣམ་དེ་ཉིད་ངོས་འཛིན་པ་ལ། གང་ཟག་གི་བདག་ཏུ་འཛིན་པའི་གཉེན་པོའི་རིགས་སུ་གནས་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་གཉེན་པོའི་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། མཚན་མ་མེད་པའི་ཏིང་ངེ་འཛིན། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་གསུམ། བདག་ཏུ་ལྟ་བ་དང༌། བདག་གིར་བལྟ་བའི་གཉེན་པོར་གྱུར་པའི་བྱང་སེམས་ཀྱི་མཁྱེན་པ་དེ། འདིར་བསྟན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་སྟོང་པ་བདག་མེད་གཉིས་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་ཟེར་ལ། འཇིག་ལྟའི་རྒྱུ་དང་འབྲས་བུར་གྱུར་པའི་རྣམ་པར་རྟོག་པའི་གཉེན་པོར་གྱུར་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་འདིར་བསྟན་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་འགོག་ལམ་གྱི་རྣམ་པ་བཞི་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་ལ་བྱ། ཁམས་གསུམ་ལ་སྲེད་པའི་གཉེན་པོའི་རིགས་སུ་གནས་པའི་བྱང་སེམས་ཀྱི་མཁྱེན་པ་དེ་འདིར་བསྟན་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད། དེ་ནི་མི་རྟག་སྡུག་བསྔལ་གཉིས་དང༌། ཀུན་འབྱུང་གི་རྣམ་པ་བཞི་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་ལྟ་བུ་བྱའོ། །གཉིས་པ་སྤྲུལ་པའི་ལམ་ལ་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་དུ་སྤྲུལ་པ་སྣ་ཚོགས་འབྱོར་བར་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། ཁྱད་པར་སྡུག་པའི་རྣམ་ཐར་དང་གསུམ། དང་པོ་ལ་མཚན་ཉིད་ནི། རང་གི་སེམས་རྟེན་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་ཅན་དུ་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་བལྟ་བ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་མཚན་ཉིད། དེ་ལ་བརྟེན་ནས་རང་ལ་གཟུགས་ཅན་གྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམ་ལ་དེར་བལྟ་བའི་ཞེས་སོགས། གསུམ་པ་ལ་མཚན་ཉིད་ནི། དེ་ལ་བརྟེན་ནས་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྡུག་པར་རོ་གཅིག་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ། གསུམ་པའི་མཚན་ཉིད་དོ། །གསུམ་པ་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་ལ། རང་སྒོམ་པ་པོའི་རྒྱུད་ལ་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་བསྐྲུན་པར་བྱེད་པའི་སྙོམས་འཇུག་དེ་དེའི་མཚན་ཉིད་དོ། །དབྱེ་ན། ཐར་པ་དང་མཐུན་པར་གནས་པའི་ལམ་དང༌། ཞི་བར་གནས་པའི་ལམ་གཉིས། ཐར་པ་མྱ་ངན་ལས་འདས་པ་དང༌། ཁམས་གསུམ་གྱི་ཉོན་མོངས་པ་མངོན་གྱུར་པ་དང་བྲལ་ཙམ་དུ་མཚུངས་པའི་ལམ་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི། ཚོར་འདུ་རགས་པ་ཞི་བའི་ལམ་གྱི་རང་བཞིན་དེ་གཉིས་པའི་མཚན་ཉིད། དེ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་གཅིག་པུ་ལ་བྱའོ། །འདིར་རྣམ་ཐར་དང་སྙོམས་འཇུག་གི་ཁྱད་པར་ལ། མངོན་པ་འོག་མ་པ་ལྟར་ན། ས་འོག་མ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་རྣམ་ཐར་གྱི་དོན་དང༌། དེར་མི་ཕྱོགས་པ་དེ་སྙོམས་འཇུག་ཙམ་གྱི་དོན་དུ་བཞེད་པས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་སྙོམས་འཇུག་ཁོ་ན་ཡིན་གྱི་རྣམ་ཐར་མིན་ལ། ཉེར་བསྡོགས་ཀྱི་རྣམ་གྲོལ་ལམ་དགུ་པ་ནས་དངོས་གཞིའི་རྣམ་ཐར་དུ་འཇོག་གོ །དེ་ཡང་བསམ་གཏན་དང་པོ་གཉིས་ན་རྣམ་ཐར་དང་པོ་གཉིས། རྣམ་ཐར་གསུམ་པ་ནི། བསམ་གཏན་བཞི་པའི་ངོ་བོར་སྐྱེ་བར་འདོད་དོ། །མངོན་པ་གོང་མ་བ་ལྟར་ན། རང་སའི་རོ་མྱང་གི་སྲེད་པ་དང་བྲལ་བའི་ཆ་ནས་རྣམ་ཐར་དང༌། དེ་དང་འདྲེས་པའི་ཆ་ནས་སྙོམས་འཇུག་ཏུ་འཇོག་གོ །དེ་ཡང་རྣམ་ཐར་དང་པོ་གསུམ་ནི། བསམ་གཏན་བཞི་པའི་དངོས་གཞིའི་ངོ་བོར་སྐྱེས་པས་ཁྱབ། གཟུགས་མེད་བཞིའི་སྙོམས་འཇུག་ལ་ཡང་རང་གི་དངོས་གཞིས་ཁྱབ་པ་ཡིན་ཏེ། གཟུགས་མེད་ཀྱི་ཉེར་བསྡོགས་རྣམས་ནི་རང་ས་ལ་སྲེད་པའི་སྒོ་ནས་དེར་འཕེན་བྱེད་ཡིན་པའི་ཕྱིར། འགོག་པའི་སྙོམས་འཇུག་ལ་ནི་རྣམ་ཐར་གྱིས་ཁྱབ་པ་ཡིན་ནོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ། འཕགས་རྒྱུད་ཀྱི་མངོན་པར་རྟོགས་པ་དེ་དེའི་མཚན་ཉིད། དེ་ལ་དབྱེ་ན། འཇིག་རྟེན་ལས་འདས་པའི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་དང་དགུ། འདིར་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་པས་འདས་ལམ་གྱི་ངོ་བོར་གྱུར་པའི་སྲིད་རྩེའི་སྙོམས་འཇུག་ཀྱང་ཡོད་དོ། །འགོག་པའི་སྙོམས་འཇུག་ཀྱང་མངོན་པ་དང་མཐུན་པར་བྱེད་ན། སྙོམས་པར་འཇུག་པ་ན་འདས་ལམ་ཁོ་ནས་འཇུག་པས་འདས་ལམ་དུ་བཞག་གོ །འདིར་འགོག་སྙོམས་གྱི་རྣམ་པར་བཞག་པ་ལ། ཉན་ཐོས་ཀྱི་ལུགས་དང༌། ཐེག་ཆེན་གྱི་ལུགས་གཉིས། དང་པོ་ནི། དགག་གཞི་ལུས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་གམ། ཚོགས་བཞི་འཁོར་དང་བཅས་པ་བཀག་པའི་སྙོམས་འཇུག་རྫས་ཡོད་ཀྱི་ངོ་བོར་སྐྱེས་པའི་ལྡན་པ་མིན་པའི་འདུ་བྱེད། གཉིས་པ་ལ། ཐེག་ཆེན་ཐུན་མོང་བའི་ལུགས་དང་ཐུན་མོང་མིན་པའི་ལུགས་གཉིས། དང་པོ་ནི། དགག་གཞི་ཀུན་གཞིའི་སྟེང་དུ་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་དང༌། ལྷག་མཐོང་ཁྱད་པར་ཅན་འདས་ལམ་གཉིས། དགག་བྱ་རྣམ་ཤེས་ཚོགས་བདུན་འཁོར་དང་བཅས་པ་བཀག་པའི་གནས་སྐབས་ལ་བཏགས་པའི་ལྡན་པ་མིན་པའི་འདུ་བྱེད། འདི་ལ་སྙོམས་པར་འཇུག་པ་པོ་ནི་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་སྙོམས་པར་འཇུག བྱང་སེམས་ནི་ཐེག་ཆེན་གྱི་མཐོང་ལམ་ནས་སྙོམས་པར་འཇུག་པའི་ནུས་པ་ཐོབ་ལ། དེ་ཡང་གཞན་དོན་དུ་ཤེས་པར་བྱ་བའི་ཕྱིར་དུ་སྙོམས་པར་འཇུག་པ་ཡིན་གྱི། རང་དོན་དུ་མངོན་དུ་བྱ་བའི་ཕྱིར་དུ་ནི་མིན་ནོ། །སངས་རྒྱས་ཀྱིས་ནི་འགོག་སྙོམས་འདི་ལ་སྙོམས་པར་འཇུག་པ་མེད་དེ་དེའི་དགག་གཞི་མེད་པའི་ཕྱིར། འདིར་སྙོམས་འཇུག་ཏུ་བཤད་ཀྱང་ཏིང་འཛིན་དངོས་མིན་ཏེ། ལྡན་མིན་འདུ་བྱེད་དུ་བཤད་པའི་ཕྱིར། འབྱུང་བ་ཆེན་པོ་བཞི་མཉམ་པར་བསྒྲུབ་པའི་སྙོམས་པར་འཇུག་པའི་སེམས་ཀྱིས་ཐོབ་པའི་ཕྱིར། སྙོམས་འཇུག་ཅེས་བྱའོ། །འདིའི་གནས་སྐབས་ན་ཡིད་ཀྱི་ཤེས་པ་མི་གསལ་བའི་ངོ་བོར་ཡོད་པར་འདོད་པ་ཡང་མི་འཐད་དེ། དེ་བཙུན་པ་དབྱིག་ཤེས་ཀྱི་འདོད་པར་བྱས་ནས་ཐེག་བསྡུས་སུ་བཀག་པའི་ཕྱིར། འདི་མི་རྟོག་ཡེ་ཤེས་ཀྱི་ངོ་བོར་འདོད་པ་ཡང་མི་འཐད་དེ་ཐེག་བསྡུས་དང༌། རྒྱལ་སྲས་མ་ལས། རྟོག་དཔྱོད་ཉེ་བར་ཞི་བས་མི་རྟོག་ཡེ་ཤེས་སུ་འཇོག་ན། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ཀྱང་དེར་འགྱུར་རོ་ཞེས་དེ་ཡིན་པ་བཀག་པའི་ཕྱིར་རོ། །འདི་སྲིད་རྩེའི་སེམས་ཁོ་ནས་ཐོབ་དགོས་པར་བཤད་པ་ཡང་དེར་བརྩོན་པའི་ཚེ་ཡིན་གྱི་ཕྱིས་ནི་དེར་མ་ངེས་ཏེ། ཡུམ་གྱི་མདོ་ལས་ས་དགུའི་སེམས་ལ་བརྟེན་པ་ཅིག་ཡོད་པར་བཤད་པའི་ཕྱིར། དགག་བྱ་ཚོགས་བདུན་འགོག་པར་བཤད་པ་ཡང་འདོད་པ་ཁམས་ཀྱི་དབང་དུ་བྱས་པ་ཡིན་གྱི། དེ་ཁོ་ན་ལྟར་མ་ངེས་ཏེ། ཁམས་གོང་མ་གཉིས་སུ་སྣ་ལྕེའི་རྣམ་པར་ཤེས་པ་གཉིས་དགག་མི་དགོས་པའི་ཕྱིར། ཅི་ཡང་མེད་ལ་ཆགས་བྲལ་བྱས་པར་བཤད་པ་ཡང་སྤྱིར་བཏང་བ་ཡིན་གྱི། དམིགས་གསལ་ལ་དེ་མི་དགོས་པར་རྒྱལ་སྲས་མ་ལས་བཤད་ཅིང་འདོད་གཟུགས་ཁོ་ནའི་རྟེན་དུ་བཤད་པ་ཡང་ཀུན་གྱི་རྣམ་པར་མ་བཞག་པའི་དབང་དུ་བྱས་པར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ། དགག་བྱ་སྤྲོས་པའི་ཚོགས་མཐའ་དག་བཀག་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ་འགོག་པའི་སྙོམས་འཇུག་གི་མཚན་ཉིད། འདི་ས་དང་པོ་ནས་ཐོབ་ལ། དྲུག་པ་ནས་མངོན་དུ་འགྱུར་བ་ཡིན་ནོ། །རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་ལ་གནོད་བྱེད་ཀྱི་མཁྱེན་པ་དེ་སྤོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན་བཟོད་པ་བཞིའོ། །སངས་རྒྱས་སུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་མཁྱེན་པ་དེ་སངས་རྒྱས་ཉིད་ཀྱི་ལམ་གྱི་མཚན་ཉིད། དབྱེ་ན། སྦྱིན་སོགས་ཕ་རོལ་དུ་ཕྱིན་པ་བཅུའོ། །བཤད་མ་ཐག་པའི་སྤྲུལ་པའི་ལམ་སོགས་དེ་དག་ལ། འདིར་དངོས་སུ་བསྟན་པའི་མཚན་ཉིད་ཤེས་པར་འདོད་ན། མཚན་ཉིད་ཀྱི་ཟུར་དུ་བྱང་སེམས་ཀྱི་མཁྱེན་པ་སྦྱོར། སྐབས་འདིར་ནི་དངོས་གཞན་དང་བསྒོམ་བྱ་ཤེས་རྣམ་གཉིས་ཀ་བྱང་སེམས་ཀྱི་མཁྱེན་པ་ཡིན་ལ། སྔ་མ་བྱང་ཕྱོགས་སོ་བདུན་འཆད་པའི་སྐབས་སུ། དངོས་གཞན་ཉན་རང་དང༌། བསྒོམ་བྱ་ཤེས་རྣམ་བྱང་སེམས་ཀྱི་མཁྱེན་པ་ཡིན་ལ། དེ་གཉིས་ཀའི་སྐབས་སུ་སངས་རྒྱས་ཀྱི་སོ་བདུན་དང་པོ་བཞིས་མཚོན་ནས་བསྟན་པ་ལ་ཁྱད་པར་མེད་དོ། །གཉིས་པ་མཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་ནི། རྣམ་མཁྱེན་གྱི་ཤེས་རྣམ་གང་ཞིག རང་གི་རིགས་འདྲ་མཚན་ཉིད་པ་འཕགས་ཆུང་འོག་མའི་རྒྱུད་ལ་མེད་པ་དེ། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད། དེ་ལ་དབྱེ་ན། བརྟེན་པ་ཡོན་ཏན་གྱི་དབྱེ་བ་དང༌། རྟེན་ཡེ་ཤེས་ཀྱི་རང་བཞིན་གཉིས། དང་པོ་ལ། སྡེ་ཚན་བཞི་ལས། བསམ་གཏན་གྱི་རབ་མཐའ་ལ་བརྟེན་ནས་ཤེས་བྱ་མ་ལུས་པ་མངོན་སུམ་དུ་མཁྱེན་པ་མཐར་ཐུག་པའི་ཡེ་ཤེས་དེ། སྟོབས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་བཅུ། འདིར་སྟོབས་བཅུ་པོ་ཐུན་མོང་མིན་པའི་རྣམ་པར་བཤད་ཀྱང༌། དེ་གང་རུང་ཡིན་ན་དེ་ཡིན་པས་མ་ཁྱབ་སྟེ། སངས་རྒྱས་ཀྱི་དྲན་པ་ཉེར་གཞག་ཀྱང་དེའི་སྟོབས་ཡིན་པའི་ཕྱིར། བསམ་གཏན་གྱི་རབ་མཐའ་ལ་བརྟེན་ནས་འཁོར་གྱི་དབུས་སུ་དམ་བཅའ་འཇོག་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་ཅིང༌། ཆོས་མི་མཐུན་གྱི་རྒོལ་བར་མི་ནུས་པའི་སངས་རྒྱས་ཀྱི་མཁྱེན་པ་དེ་མི་འཇིགས་པའི་མཚན་ཉིད། དེ་ལ་དབྱེ་ན་བཞི། བསམ་གཏན་གྱི་རབ་མཐའ་ལ་བརྟེན་ནས་བཤད་བྱ་དང་འཆད་བྱེད་ཐོགས་མེད་དུ་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་སོ་སོར་ཡང་དག་པར་རིག་པའི་མཚན་ཉིད། དབྱེ་ན་བཞི། མདོ་ལས་མ་འདྲེས་པའི་མིང་གིས་དངོས་སུ་བསྟན་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ། མ་འདྲེས་པའི་ཡོན་ཏན་གྱི་མཚན་ཉིད། དེ་ལ་དབྱེ་ན། སྤྱོད་པ་མ་འདྲེས་པ་དྲུག རྟོགས་པ་མ་འདྲེས་པ་དྲུག འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་མོ། །གཉིས་པ་རྟེན་ཡེ་ཤེས་ཀྱི་རང་བཞིན་བཤད་པ་ལ་གསུམ་ལས། ཆོས་ཉིད་ཇི་ལྟ་བ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ། དེ་བཞིན་ཉིད་ཀྱི་རྣམ་པའི་མཚན་ཉིད། ཇི་སྙེད་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ། རང་བྱུང་གི་རྣམ་པའི་མཚན་ཉིད། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་མཁྱེན་པ་དེ་སངས་རྒྱས་ཉིད་ཀྱི་རྣམ་པའི་མཚན་ཉིད། འདིར་བསྒོམ་བྱ་དངོས་ནི་བྱང་སེམས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་སྟོབས་ལ་སོགས་པ་རྗེས་མཐུན་པ་རྣམས་ལ་འདོད་དགོས་སོ། །གཉིས་པ་སྒོམ་པ་པོའི་གང་ཟག་གིས་བསྒོམ་པའི་རྣལ་འབྱོར་བཤད་པ་ལ། སྒོམ་པ་པོའི་གང་ཟག་བཤད་པ་དང༌། བསྒོམ་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་མཚན་ཉིད་ནི། ཕྱི་ནང་གི་མཐུན་རྐྱེན་ཁྱད་པར་ཅན་གཉིས་དང་ལྡན་པའི་སྒོ་ནས་ཡུམ་ཉན་པའི་སྣོད་དུ་རུང་བའི་སེམས་དཔའ་དེ། དང་པོའི་མཚན་ཉིད། དབྱེ་ན་ཡུམ་ཉན་པའི་སྣོད། འཛིན་པའི་སྣོད། དོན་ལ་མི་བརྗེད་པར་སེམས་པའི་སྣོད། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སྣོད་དང་བཞི། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད། གཉིས་པ་བསྒོམ་པའི་རྣལ་འབྱོར་ལ། ཐེག་ཆེན་གྱི་སྦྱོར་བ་དངོས་དང༌། སྔོན་འགྲོའི་ཆོས་གཉིས། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་པའི་རྣལ་འབྱོར་དེ་དང་པོའི་མཚན་ཉིད། དབྱེ་ན་རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་སྟེ་ཉི་ཤུའོ། །ས་མཚམས་ནི་ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །གཉིས་པ་སྔོན་འགྲོའི་ཆོས་ལ། བླང་བར་བྱ་བ་ཡོན་ཏན་དང༌། དོར་བར་བྱ་བར་སྐྱོན་གཉིས། ཐེག་ཆེན་གྱི་སྦྱོར་བ་བསྒོམ་པའི་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། དང་པོའི་མཚན་ཉིད། དབྱེ་ན་བཅུ་བཞི། ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཐེག་ཆེན་གྱི་སྦྱོར་བ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་ཆོས་དེ། ཐེག་ཆེན་སྦྱོར་བའི་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག ས་མཚམས་ས་བདུན་པ་མན་ཆད་ན་ཡོད། གཉིས་པ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ལ། ཐེག་ཆེན་སྦྱོར་བ་མཚོན་བྱེད་དང༌། ཐེག་ཆེན་སྦྱོར་བའི་མཚན་གཞི་གང་རུང་དུ་དམིགས་པ་དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད། དབྱེ་ན། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དང༌། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་གཉིས། ཐེག་ཆེན་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་དེ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད། དེ་ལ་མིང་གི་སྒོ་ནས་དབྱེ་ན། ཐེག་ཆེན་སྦྱོར་བའི་ཤེས་མཚན། ཁྱད་མཚན། བྱེད་མཚན་དང་གསུམ། ཐེག་ཆེན་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག མདོ་ལས་ཤེས་པ་ཞེ་བརྒྱད་ཀྱིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ་དང་པོའི་མཚན་ཉིད་ཡིན། དེ་ལ་མིང་གི་སྒོ་ནས་དབྱེ་ན། གཞི་ཤེས་སྦྱོར་བའི། ལམ་ཤེས་སྦྱོར་བའི། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་དང་གསུམ། གཞི་ཤེས་སྦྱོར་བ་རང་གི་མཚན་གཞིའི་སྟེང་གི་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག མདོ་ལས་དེ་བཞིན་གཤེགས་པ་འབྱུང་བ་སོགས་ཤེས་པ་བཅུ་དྲུག་གིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན་བཅུ་དྲུག ལྷག་མ་གཉིས་ཀྱང་དེས་བསྒྲེ་བར་བྱའོ། །ཐེག་ཆེན་གྱི་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་བྱེད་གང་ཞིག མདོ་ལས་ཁྱད་ཆོས་བཅུ་དྲུག་གིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ་ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད། དབྱེ་ན་བཅུ་དྲུག ཡང་དེ་གང་ཞིག་མདོ་ལས་བྱེད་པ་བཅུ་གཅིག་གིས་དངོས་སུ་མཚོན་ནས་བསྟན་པའི་སེམས་དཔའི་རྣལ་འབྱོར་དེ། ཐེག་ཆེན་སྦྱོར་བའི་བྱེད་མཚན་གྱི་མཚན་ཉིད། དབྱེ་ན་བཅུ་གཅིག་གོ །བཅུ་གཅིག་པོ་ཡང་གསུམ་དུ་འདུ་སྟེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་བྱེད་པ་གསུམ། ལམ་ཤེས་སྦྱོར་བའི་བྱེད་པ་བདུན། རྣམ་མཁྱེན་སྦྱོར་བའི་བྱེད་པ་གཅིག་གོ །ཐེག་ཆེན་སྦྱོར་བ་རང་གི་མཚན་ཉིད་ཀྱིས་མཚོན་པར་བྱེད་པའི་མཚན་ཉིད་དེ། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་གཞིའི་མཚན་ཉིད་ཅེས་ཀྱང་བྱ་ལ། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་གྱི་མཚན་ཉིད་ཅེས་ཀྱང་བྱའོ། །དེ་ལ་དབྱེ་ན། གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞི། ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་ནོ། །མདོར་ན། དེ་དག་མཚན་གཞིར་བཞག་ནས་རིམ་པ་བཞིན་དུ་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་གསུམ་དུ་མཚོན་པ་ལ། གཞི་ལམ་རྣམ་གསུམ་ལ་དམིགས་པའི་སེམས་དཔའི་རྣལ་འབྱོར་དང༌། བྱེད་པ་གསུམ་དང༌། བདུན་དང༌། གཅིག་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་མཚན་ཉིད་དུ་སྦྱོར་ཞིང༌། དེ་དག་མཚན་གཞིར་བཟུང་ནས། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་དུ་མཚོན་པ་ལ། ཐེག་ཆེན་སྦྱོར་བ་ཐུན་མོང་མིན་པར་མཚོན་བྱེད་ཅེས་སོགས་མཚོན་སྦྱོར་གྱི་རྣམ་གཞག་རིགས་པས་བརྟགས་ནས་ཤེས་པར་བྱའོ། །བྱེ་བྲག་ཏུ་ཁྱད་མཚན་གྱི་མཚོན་ཚུལ་ནི། གཏིང་དཔག་དཀའ་བ་དང་ཚད་མེད་པ་གཉིས་མཚན་གཞིར་བཟུང་ནས། ཐེག་དམན་ལས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་སྦྱོར་བར་མཚོན་པ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཚན་ཉིད་དུ་བཟུང་བར་བྱའོ། །འདིར་མཁྱེན་གསུམ་གྱི་སྦྱོར་བ་དང༌། ཟབ་པའི་སྦྱོར་བ་སོགས་ནི་མཚོན་བྱ་རྣམ་གྲངས་པ་ཡིན་ལ། དེ་ཡང་གཟུགས་སོགས་གང་ཟག་གི་བདག་མེད་པས་ཟབ་པ་དང༌། ཆོས་ཀྱི་བདག་མེད་པས་གཏིང་དཔག་དཀའ་བ་དང༌། བདག་གཉིས་ཀས་སྟོང་པས་ཚད་མེད་པ་ཞེས་བྱའོ། །གཉིས་པ་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་པའི་གོ་རིམ་བཤད་པ་ལ། རྣམ་རྫོགས་སྦྱོར་བ་ཙམ་སྐུ་གསུམ་སོ་སོར་མ་ཕྱེ་བའི་རྒྱུར་བསྒོམ་པའི་ཚུལ་དང༌། སྦྱོར་བ་ཁྱད་པར་ཅན་སྐུ་གསུམ་འཕྲིན་ལས་དང་བཅས་པ་སོ་སོར་ངེས་པའི་རྒྱུར་བསྒོམ་པའི་ཚུལ་ལོ། །དང་པོ་ལ། སྦྱོར་བ་ཙམ་ངོས་བཟུང་བ་དང༌། རྟེན་གྱི་གང་ཟག་ཕྱིར་མི་ལྡོག་པའི་ཕན་ཡོན་གྱི་སྒོ་ནས་བཤད་པའོ། །དང་པོ་ལ། མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་རྣམ་རྫོགས་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་དང༌། སྦྱོར་ལམ་གྱི་རྣམ་རྫོགས་སྦྱོར་བ་གཉིས། དང་པོ་ལ། སྐབས་འདིར་ཐར་པ་ཆ་མཐུན་ཞེས་བྱ་ཞིང༌། དེའི་མཚན་ཉིད་ནི། ཤེས་རབ་ཀྱིས་ཆོས་བདེན་པའི་མཚན་མ་མེད་པར་ཤེས་ཤིང༌། ཐབས་ཀྱིས་སྦྱིན་སོགས་ཀྱི་དགེ་རྩ་རང་རྒྱུད་ལ་བསྐྱེད་པར་མཁས་པའི་ཐེག་ཆེན་ལས་དང་པོའི་མངོན་རྟོགས་དེ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། གཉིས་པ་ལ་ནི། འདིར་ངེས་འབྱེད་ཆ་མཐུན་གྱི་མིང་གིས་བསྟན་ལ། རྗེས་ཐོབ་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་གྱི་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། དབྱེ་ན་བཞིའོ། །གཉིས་པ་རྟེན་གྱི་ཕྱིར་མི་ལྡོག་པའི་གང་ཟག་ལ་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་པས་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་རྒྱལ་སྲས་དེ། ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད། དབྱེ་ན་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་གང་ཟག་དང་གསུམ། སྐབས་འདིར་རྟགས་ཀྱི་རྣམ་པར་གཞག་པ་ལ། བྱང་སེམས་སྦྱོར་ལམ་པ་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་ཚུལ་གསུམ་ཚང་བ་དེ། མ་ངེས་པའི་རིགས་ཅན་གྱི་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱི་མཚན་ཉིད། དེ་ནི་དཔེར་ན། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པ་ཡིན་ཏེ། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པའི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་དང་དེ་ཆོས་ཅན། སྙིང་རྗེ་ཆེན་པོ་དང་ལྡན་ཏེ། རྗེས་ཐོབ་ཏུ་གཞན་གྱི་དོན་དུ་དམྱལ་བ་ཡང་འཚོལ་བའི་ཕྱིར། ཞེས་པ་ལྟ་བུ་འབྲས་བུའི་རྟགས་དང་དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྣམ་མཁྱེན་གྱི་ཡེ་ཤེས་རྒྱུད་ལ་འབྱུང་དུ་རུང་བ་ཡིན་ཏེ། སངས་རྒྱས་ཀྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་པ་རང་བཞིན་གྱི་རྟགས་སོ། །གཉིས་པ་ལ། སྐུ་གསུམ་སོ་སོར་ངེས་པའི་རྒྱུ་སྦྱོར་བ་བཤད་པ་དང༌། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་བཤད་པའོ། །དང་པོ་ལ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དང༌། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བའོ། །གཙོ་བོར་ཆོས་ཀྱི་སྐུའི་དོན་དུ་སྲིད་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའི་མཚན་ཉིད། ས་མཚམས་ལ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཙམ་ནི་སྦྱོར་ལམ་ནས་ཡོད་ལ། ས་བརྒྱད་པ་ནས་མངོན་དུ་འགྱུར་བ་ཡིན་ནོ། །རྒྱུ་ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་གང་རུང་གི་ངོ་བོར་སྐྱེས་པ་དེ་འཁོར་བའི་མཚན་ཉིད། ལས་ཉོན་མ་ལུས་པར་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད་ཡིན་ནོ། །གཉིས་པ་ལ། གཙོ་བོར་གཟུགས་ཀྱི་སྐུའི་ཞིང་སྦྱངས་པའི་དོན་དུ་ཕྱིན་དྲུག་ཉམས་སུ་ལེན་པའི་རྣལ་འབྱོར་དེ་གཉིས་པའི་མཚན་ཉིད། དབྱེ་ན། རང་ཉིད་གང་དུ་སངས་རྒྱས་པའི་ཞིང་དེའི་སྣོད་ཀྱི་ཞིང་དག་པའི་སྦྱོར་བ་དང༌། བཅུད་ཀྱི་ཞིང་དག་པའི་སྦྱོར་བ་གཉིས། ས་མཚམས་ལ་ཙམ་ནི་སྦྱོར་ལམ་ནས་ཡོད་ལ། ཁྱད་པར་ཅན་ས་དགུ་པ་ནས་མངོན་དུ་གྱུར་པ་ཡིན་ནོ། །གཙོ་བོར་འཕྲིན་ལས་ཕུན་སུམ་ཚོགས་པའི་ཆེད་དུ་སྟོང་པ་ཉིད་ལ་སོགས་པའི་ཡུལ་རྣམ་པ་བཅུ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དེ་ཐབས་མཁས་ཀྱི་སྦྱོར་བའི་མཚན་ཉིད་དང༌། སོགས་ཁོང་ན་རྣམ་ཐར་སྒོ་གསུམ་དང༌། བྱང་ཕྱོགས་སོ་བདུན་ལ་སྡེ་ཚན་བདུན་དུ་བྱས་པ་རྣམས་འདོན་ནོ། །དབྱེ་ན། དགྲ་ལས་འདས་པ་ལ་སོགས་པའི་ཐབས་མཁས་ཀྱི་སྦྱོར་བ་བཅུ། བདུད་བཞི་མ་ལུས་པར་སྤངས་པའི་དབྱིངས་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པའི་ཐབས་ཤེས་ཟུང་འབྲེལ་གྱི་རྣལ་འབྱོར་དེ་དགྲ་ལས་འདས་པའི་ཐབས་མཁས་སྦྱོར་བའི་མཚན་ཉིད་ཞེས་སོགས་སྦྱར་བར་བྱའོ། །འདིར་ཐབས་མཁས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་བྱ་ལ། དེ་ལ་ལྡོག་པའི་སྒོ་ནས་དབྱེ་ན་བཅུ། བཅུ་པོ་མངོན་སུམ་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་པའི་རྣལ་འབྱོར་དེ་ལ་སྦྱོར་བ་ཞེས་བྱའོ། །ཞར་ལ་བདུད་བཞིའི་ངོ་བོ་དང༌། སྤངས་པའི་ས་མཚམས་ལ། ཉེར་ལེན་པའི་ཕུང་པོ་དེ་ཕུང་པོའི་བདུད་ཀྱི་མཚན་ཉིད། ཁམས་གསུམ་པའི་ལས་ཉོན་གང་རུང་དེ་ཉོན་མོངས་པའི་བདུད་ཀྱི་མཚན་ཉིད། ལས་དང་ཉོན་མོངས་པའི་དབང་གིས་རང་དབང་མེད་པར་འཆི་བའི་ངོར་སྐྱེས་པ་དེ། འཆི་བདག་གི་བདུད་ཀྱི་མཚན་ཉིད། བདུད་གཞན་གསུམ་ལས་འདའ་བ་ལ་བར་དུ་གཅོད་བྱེད་གང་ཞིག འདོད་ལྷའི་རིགས་སུ་རྟོགས་པ་དེ་ལྷའི་བུའི་བདུད་ཀྱི་མཚན་ཉིད། བཅོམ་པའི་ས་མཚམས་ལ། བྱང་སེམས་ཀྱི་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ། བྱང་སེམས་ཀྱི་མཐོང་ལམ་ནས་ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་གཉིས་བཅོམ། ས་བརྒྱད་པ་ནས་ཕུང་པོའི་བདུད་ཀྱང་བཅོམ་མོ། །དེ་དག་ནི་རགས་པའི་དབང་དུ་བྱས་པ་ཡིན་གྱི། སངས་རྒྱས་པ་དང་བདུད་བཞི་མ་ལུས་པར་སྤངས་པ་དུས་མཉམ་མོ། །རྣམ་པ་བརྒྱ་དང་བདུན་ཅུ་གསུམ། །རྣམ་ཀུན་རྫོགས་པར་བྱང་ཆུབ་པའི། །རྣམ་རྫོགས་སྦྱོར་བའི་ཆོས་རྣམས་ནི། །རྣམ་མང་མདོ་དང་གཞུང་བཞིན་བཤད། །ཅེས་བྱ་བ་ནི་སྐབས་བཞི་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།སྒྱུ་མའི་མཛད་པ་སྟོང་ཕྲག་མང་པོ་ཡིས། །སྒྱུ་མའི་འགྲོ་བ་འདི་དག་འདུན་མཛད་ནས། །སྒྱུ་མའི་རང་བཞིན་གསལ་བ་སྟོན་མཛད་པ། སྒྱུ་མའི་མཁན་པོ་བཅོམ་ལྡན་དེར་ཕྱག་འཚལ། །གཉིས་པ་དབང་ཐོབ་པའི་ཚུལ་གྱིས་བསྒོམ་པ་རྩེ་མོའི་སྦྱོར་བ་ལ། སོ་སོར་སྐྱེ་བོའི་རྩེ་སྦྱོར་དང༌། འཕགས་པའི་རྩེ་སྦྱོར་གཉིས། དང་པོ་ལ་མཚན་ཉིད་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག ངེས་འབྱེད་ཆ་མཐུན་གྱི་ངོ་བོར་སྐྱེས་པ། དབྱེ་ན་བཞི་ལས། མདོ་ལས་རྟགས་བཅུ་གཉིས་ཀྱིས་དངོས་སུ་མཚོན་ནས་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་རྟགས་ཀྱི་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་དྲོད་ཀྱི་རྩེ་སྦྱོར་དང་དོན་གཅིག རྟགས་བཅུ་གཉིས་ཀྱི་རྣམ་གཞག་ལ། མདོ་ལས་དང་པོ་དྲུག་ལ་རྨི་ལམ་གྱི་རྟགས་སུ་གསུང་ཞིང༌། བདུན་པ་ལ་རྨི་ལམ་དང་སད་རྨི་འདམ་ཁ་ཅན་དུ་མཛད། ལྷག་མ་རྣམས་ལ་ཡང་སད་རྨི་གཉིས་ཀའི་གསལ་ཀ་མ་མཛད་དོ། །བུདྡྷ་ཤྲཱི་ནི་དང་པོ་དྲུག་རྨི་ལམ་གྱི་རྟགས། དེ་ནས་གཉིས་སད་རྨི་གཉིས་ཀའི་རྟགས། ཐ་མ་བཞི་སད་པའི་རྟགས་སུ་བཞེད། ཆོས་ཀྱི་བཤེས་གཉེན་གྱིས་དང་པོ་དྲུག་རྨི་ལམ་གྱི་རྟགས་དང༌། ཕྱི་མ་དྲུག་སད་པའི་རྟགས་སུ་བཞེད། ལོ་ཙཱ་བ་ཆེན་པོས་དང་པོ་བརྒྱད་འབྲས་རྟགས་དང༌། ཕྱི་མ་བཞི་རང་བཞིན་གྱི་རྟགས་སུ་བཞེད། མདོ་ལས་རྣམ་འཕེལ་བཅུ་དྲུག་གིས་མཚོན་ནས་དངོས་སུ་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། རྣམ་འཕེལ་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་རྩེ་མོའི་རྩེ་སྦྱོར་དང་དོན་གཅིག མདོ་ལས་བརྟན་པ་བཅུ་གཉིས་ཀྱིས་དངོས་སུ་མཚོན་པས་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། ངེས་པར་བརྟན་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་བཟོད་པའི་རྩེ་སྦྱོར་དང་གཅིག མདོ་ལས་རྗེས་སུ་ཡི་རང་གིས་མཚོན་པས་དངོས་སུ་བསྟན་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་ཆོས་མཆོག་གི་རྩེ་སྦྱོར་དང་དོན་གཅིག གཉིས་པ་འཕགས་པའི་རྩེ་སྦྱོར་ལ། ཤེས་སྒྲིབ་རགས་པའི་གཉེན་པོར་གྱུར་པའི་རྩེ་སྦྱོར་དང༌། གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བའི་གཉེན་པོར་གྱུར་པའི་རྩེ་སྦྱོར་གཉིས། དང་པོ་ལ། མཐོང་ལམ་རྩེ་སྦྱོར་དང༌། སྒོམ་ལམ་རྩེ་སྦྱོར་གཉིས། དང་པོ་ལ། སྤང་བྱ་རྟོག་པ་བཤད་པ་དང༌། གཉེན་པོ་མཐོང་ལམ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། ཡུལ་གྱི་གནས་ཚུལ་ལ་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་བློ་གང་ཞིག ཀུན་བཏགས་ཀྱི་ཆར་གྱུར་པ་དེ་མཐོང་སྤངས་རྟོག་པའི་མཚན་ཉིད། དབྱེ་ན་མཐོང་སྤངས་སུ་གྱུར་པའི་གཟུང་རྟོག་དང་འཛིན་རྟོག་གཉིས། རྟོག་པ་ཀུན་བཏགས་གང་ཞིག ཡུལ་གཟུང་བ་ལ་དམིགས་ནས་གཟུང་བར་ཞེན་པའི་བློ་དེ་དང་པོའི་མཚན་ཉིད། དབྱེ་ན། མཐོང་སྤངས་སུ་གྱུར་པའི་འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་གཉིས། རྟོག་པ་ཀུན་བཏགས་གང་ཞིག དམིགས་ཡུལ་ཐེག་ཆེན་གྱི་ཆོས་ལ་དམིགས་ནས་འཇུག་བྱར་ཞེན་པའི་བློ་དེ་མཐོང་སྤངས་སུ་གྱུར་པའི་འཇུག་པ་གཟུང་རྟོག་གི་མཚན་ཉིད། དབྱེ་ན་དགུ། ཀུན་བཏགས་སུ་གྱུར་པའི་རྟོག་པ་གང་ཞིག དམིགས་ཡུལ་ཐེག་དམན་གྱི་ཆོས་ལ་དམིགས་ནས་ལྡོག་བྱར་ཞེན་པའི་བློ་དེ། མཐོང་སྤངས་སུ་གྱུར་པའི་ལྡོག་པ་གཟུང་རྟོག་གི་མཚན་ཉིད། དབྱེ་ན་དགུ། ཀུན་བཏགས་སུ་གྱུར་པའི་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་འཛིན་པར་མངོན་པར་ཞེན་པའི་བློ་དེ་མཐོང་སྤངས་འཛིན་རྟོག་གི་མཚན་ཉིད། དབྱེ་ན་རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས། མཐོང་སྤངས་སུ་གྱུར་པའི་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་རྫས་ཡོད་ཀྱི་འཛིན་པར་ཞེན་པའི་བློ་དེ་དང་པོའི་མཚན་ཉིད། དབྱེ་ན། གང་ཟག་ལ་རྫས་འཛིན་རྟོག་པ་དང༌། ཆོས་ལ་རྫས་འཛིན་རྟོག་པ་གཉིས། མཐོང་སྤངས་སུ་གྱུར་པའི་འཛིན་རྟོག་གང་ཞིག གང་ཟག་ལ་དམིགས་ནས་རྫས་ཡོད་ཀྱི་འཛིན་པར་ཞེན་པའི་བློ་དེ་དང་པོའི་མཚན་ཉིད། དབྱེ་ན་དགུ། དེ་གང་ཞིག་གདགས་གཞིར་གྱུར་པའི་ཕུང་པོ་ལ་དམིགས་ནས་རྫས་ཡོད་ཀྱི་འཛིན་པར་ཞེན་པའི་བློ་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན་དགུ། མཐོང་སྤངས་སུ་གྱུར་པའི་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་བཏགས་པ་ཙམ་གྱིས་འཛིན་པར་ཞེན་པའི་བློ་དེ་མཐོང་སྤངས་རྟག་འཛིན་རྟོག་པའི་མཚན་ཉིད། དབྱེ་ན་སྐྱེས་བུ་ལ་རྟག་འཛིན་རྟོག་པ་དང༌། ཆོས་ལ་རྟག་འཛིན་རྟོག་པ་གཉིས། དེ་གང་ཞིག ཡུལ་སྐྱེས་བུ་ཙམ་ལ་དམིགས་ནས་བཏགས་པ་ཙམ་གྱིས་འཛིན་པར་ཞེན་པའི་བློ་དེ་དང་པོའི་མཚན་ཉིད། དེ་གང་ཞིག་ཡུལ་སྐྱེས་བུའི་གདགས་གཞིར་གྱུར་པའི་ཕུང་པོ་ལྔ་ལ་དམིགས་ནས་བཏགས་པ་ཙམ་གྱིས་འཛིན་པར་ཞེན་པའི་བློ་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན་དགུ། །འདིར་སྐྱེ་འཕགས་གཉིས་པ་ལ་སོ་སོར་ངེས་པར་བཤད་པ་ནི་མཐོང་སྤངས་སུ་གྱུར་པའི་གང་ཟག་ལ་རྫས་འཛིན་གྱི་རྟོག་པ་དང༌། གང་ཟག་ལ་རྟག་འཛིན་གྱི་རྟོག་པའི་དབང་དུ་བྱས་པ་ཡིན་གྱི། ཆོས་ལ་རྫས་འཛིན་གྱི་དབང་དུ་བྱས་པ་མིན་ནོ། །གཉིས་པ་ལ། ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་གྱིས་སྤང་བྱ་རྟོག་པ་སྤངས་པའི་སྟོབས་ཀྱིས་ཐོབ་པའི་ཉེར་ལེན་ཅན་གྱི་འབྲས་བུ་བཤད་པ་དང༌། ཉེར་ལེན་གྱི་རྒྱུ་མཐོང་ལམ་རྩེ་སྦྱོར་ཉིད་བཤད་པའོ། །དང་པོ་ལ། ལྷན་ཅིག་བྱེད་པའི་རྐྱེན་བཤད་པ་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་དངོས་བཤད་པའོ། །རང་འབྲས་བྱང་ཆུབ་ཆེན་པོའི་ཉེར་ལེན་གྱི་རྒྱུའི་ནུས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྐྱེན་གྱིས་བྱང་ཆུབ་ཆེན་པོ་ལྷན་ཅིག་བྱེད་རྐྱེན་གྱི་མཚན་ཉིད། དེ་ལ་དབྱེ་ན། གཞན་འབྲས་བུ་རྟོགས་པའི་ཆོས་ལ་འགོད་པ། རྒྱུ་ལུང་གི་ཆོས་ལ་འགོད་པ། རང་བྱང་ཆུབ་ཀྱི་རྒྱུ་ལ་སྦྱོར་བ་དང་གསུམ། གཉིས་པ་བྱང་ཆུབ་ཆེན་པོ་ལ་དངོས་དང༌། ཞར་ལ་རྣལ་འབྱོར་ས་བཞི་བཤད་པའོ། །དང་པོ་ལ། བྱང་ཆེན་ཙམ་དང༌། འདིར་དངོས་སུ་བསྟན་པའི་བྱང་ཆེན་གཉིས། རྫོགས་པའི་བྱང་ཆུབ་དེ་དང་པོའི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་སྐུ་གསུམ་ལ་བྱ་སྟེ། ཇི་སྐད་དུ། སྐུ་གསུམ་དག་གི་བྱང་ཆུབ་ཆེ། །ཞེས་བྱ་བའི་ཕྱིར་རོ། །དྲི་མ་ཟད་སྐྱེ་བདེན་པ་མེད་པར་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་ཡེ་ཤེས་དེ་གཉིས་པའི་མཚན་ཉིད། འདིར་དངོས་སུ་བསྟན་པའི་བྱང་ཆེན་ནི་མཐོང་ལམ་རྩེ་སྦྱོར་གྱི་ཉེར་ལེན་ཡིན་པའི་ཕྱིར། ཡེ་ཤེས་ཁོ་ནའི་ཆ་ནས་བཤད་པ་ལ་འགལ་བ་མེད་དོ། །གཉིས་པ་ལ་ཐེག་ཆེན་གྱི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་དེ་འདིར་བསྟན་གྱི་རྣལ་འབྱོར་སའི་མཚན་ཉིད། དབྱེ་ན། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་དང་བཞི། སྐྱེ་འཇིག་ཅན་གྱི་རྟགས་ལ་བརྟེན་ནས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་དང་པོའི་མཚན་ཉིད། ས་མཚམས་ཚོགས་ལམ་ནས་ཡོད་དོ། །ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་ནས་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་གཉིས་པའི་མཚན་ཉིད། ས་མཚམས་སྦྱོར་ལམ་དྲོད་ནས་སོ། །ཕྱི་དོན་བདེན་པར་མེད་པའི་རྟགས་ཀྱིས་དེ་ལ་ལྟོས་པའི་འཛིན་པ་བདག་མེད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་གསུམ་པའི་མཚན་ཉིད། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ནས་སོ། །རྟེན་འབྲེལ་གྱི་རྟགས་ལ་བརྟེན་ནས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདག་མེད་དུ་རྟོགས་ནས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་བཞི་པའི་མཚན་ཉིད། ས་མཚམས་ལ་ཙམ་གྱི་དབང་དུ་བྱས་ན་དབུ་མ་པའི་སྦྱོར་ལམ་ནས་ཡོད་ལ། ཁྱད་པར་ཅན་གྱི་དབང་དུ་བྱས་ན། བྱང་སེམས་ཀྱི་མཐོང་ལམ་ནས་སོ། །གཉིས་པ་ལ། སྤོང་ལམ་བཤད་པ་དང༌། ཁྱད་པར་གྱི་ལམ་བཤད་པ་གཉིས། དང་པོ་ལ། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག མཐོང་སྤངས་ཀྱི་ས་བོན་ལ་དངོས་སུ་གནོད་བྱེད་ཀྱི་མཁྱེན་པ་དེ་མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། དེ་ལ་དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། སྦྱོར་བ་ཉེར་བསྡོགས་དང༌། འཇུག་པ་བར་ཆད་མེད་ལམ་གཉིས། དང་པོ་ལ་མཚན་ཉིད་ནི། མཁྱེན་གསུམ་བསྡུས་བསྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག རང་གི་ངོ་སྐལ་དུ་གྱུར་པའི་མཐོང་སྤངས་ཀྱི་ས་བོན་ལ་ཆ་ཤས་སུ་ཕྱེ་ནས་གནོད་པ་བྱེད་ཅིང་དྲུངས་འབྱིན་མི་ནུས་པ། དེ་ནི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་ལྟ་བུའོ། །དེ་གང་ཞིག་དེར་གྱུར་པའི་དེའི་ས་བོན་རྣམས་བསྡོམས་ནས་དྲུངས་འབྱིན་ནུས་པ་དེ་གཉིས་པའི་མཚན་ཉིད། དེ་ནི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ལྟ་བུའོ། །གཉིས་པ་ཁྱད་པར་གྱི་ལམ་ལ་མཉམ་གཞག་སེང་གེ་རྣམ་བསྒྱིངས་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གཉིས། མཐོང་ལམ་གྱི་ཁྱད་པར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་མཐར་གནས་ཀྱི་སྙོམས་འཇུག་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན་དགུ། མཐོང་ལམ་གྱི་རྗེས་ཐོབ་ལ་གནས་པའི་སེམས་པའི་རྒྱུད་ཀྱི་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་ལྡོག་ཏུ་རྟོག་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་དེ་འདིར་བསྟན་གྱི་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་རྣལ་འབྱོར་གྱི་མཚན་ཉིད། འདིར་རྟེན་འབྲེལ་གྱི་རྣམ་པར་གཞག་པ་ལ། གཡོ་བ་མེད་པ་དང༌། མི་རྟག་པ་དང༌། ནུས་པའི་རྐྱེན་གསུམ་ལས་བྱུང་བ་དེ་རྟེན་འབྲེལ་ཙམ་གྱི་མཚན་ཉིད། མཚན་ཉིད་དང་པོས་རྒྱུ་མེད་ཡིན་པ་བསལ། གཉིས་པས་རྒྱུ་རྟག་པ་ལས་སྐྱེ་བ་བསལ། གསུམ་པས་རིགས་མི་མཐུན་ལས་སྐྱེ་བ་བསལ། དེ་ཡང་མདོ་ལས་འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་སོགས་ཚིག་གསུམ་གསུངས་པའི་དོན་དང་སྦྱར་རོ། །དེ་ལ་དབྱེ་ན། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། རྣམ་བྱང་གི་རྟེན་འབྲེལ་གཉིས། དང་པོ་ལ། རྒྱུ་ལས་དང་ཉོན་མོངས་པ་ལས་འབྲས་བུ་སྡུག་བསྔལ་སྐྱེ་བའི་རིམ་པ་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་སོ། །འདི་ལ་སྤྱིར་ངོས་གཟུང་བ་དང༌། བྱེ་བྲག་ཏུ་གང་ཟག་གཅིག་གི་རྟེན་འབྲེལ་བཅུ་གཉིས་ངོས་གཟུང་བའོ། །དང་པོ་ལ། རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་སེམས་བྱུང་རྨོངས་པ་དེ་མ་རིག་པ་ཙམ་གྱི་མཚན་ཉིད། དབྱེ་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མིན་པའི་མ་རིག་པ་གཉིས། ཕྱི་མ་ནི་འདིར་མི་གཟུང་ལ། དང་པོ་ལ་མཚན་ཉིད་ནི། དེ་གང་ཞིག་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་ནུས་པ། དེ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་གཉིས་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་མི་ཤེས་པའི་སེམས་བྱུང་རྨོངས་པ་གང་ཞིག བསོད་ནམས་མིན་པའི་ལས་ཀུན་ནས་སློང་བྱེད་དེ་དང་པོའི་མཚན་ཉིད། དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའི་སེམས་བྱུང་རྨོངས་པ་གང་ཞིག བསོད་ནམས་དང་མི་གཡོ་བའི་ལས་ཀུན་ནས་སློང་བྱེད་དེ་གཉིས་པའི་མཚན་ཉིད། ཡང་མ་རིག་པ་ལ་དབྱེ་ན། རྒྱུའི་ཀུན་སློང་དུ་གྱུར་པའི་མ་རིག་པ་དང༌། དུས་ཀྱི་ཀུན་སློང་དུ་གྱུར་པའི་མ་རིག་པ་གཉིས། དང་པོ་ནི། འཕེན་བྱེད་ཀྱི་ལས་ཀུན་སློང་གི་མ་རིག་པ་ལྟ་བུ། གཉིས་པ་ནི། འགྲུབ་བྱེད་ཀྱི་ལས་ཀུན་སློང་གི་མ་རིག་པ་ལྟ་བུའོ། །ཡང་མ་རིག་པ་ལ་དབྱེ་ན། མཐོང་སྤངས་སུ་གྱུར་པའི་མ་རིག་པ་དང༌། སྒོམ་སྤངས་སུ་གྱུར་པའི་མ་རིག་པ་གཉིས། དང་པོ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་མ་རིག་པ་ཀུན་བཏགས་ལྟ་བུ་ཡིན་ལ། གཉིས་པ་ནི། ཉོན་ཡིད་འཁོར་གྱི་མ་རིག་པ་ལྟ་བུ་ལ་བྱའོ། །མ་རིག་པས་ཀུན་ནས་བསླང་བའི་ཟག་བཅས་ཀྱི་ལས་དེ་འདིར་བསྟན་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་མཚན་ཉིད། དབྱེ་ན་བསོད་ནམས་ཀྱི་ལས། བསོད་ནམས་མིན་པའི་ལས། མི་གཡོ་བའི་ལས་དང་གསུམ། དེ་ལ་ཡང་འཕེན་བྱེད་ཀྱི་ལས་དང༌། འགྲུབ་བྱེད་ཀྱི་ལས་གཉིས་གཉིས་ཡོད་དོ། །ལས་ཀྱི་བག་ཆགས་བསྒོས་པའི་རྣམ་ཤེས་དེ་འདིར་སྟན་རྣམ་ཤེས་ཀྱི་མཚན་ཉིད། འདི་ལ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་དུས་ཀྱི་རྣམ་ཤེས་གཉིས། དང་པོ་ནི། ལས་སོག་པའི་དུས་ཀྱི་རྣམ་ཤེས་ལ་བྱ། གཉིས་པ་ནི་ཉིང་མཚམས་སྦྱར་བའི་དུས་ཀྱི་རྣམ་ཤེས་ལ་བྱ། དེ་ཡང་ཀུན་གཞི་བཞེད་པ་ལྟར་ན། ཀུན་གཞིའི་རྣམ་ཤེས་ལ་བྱ། མི་བཞེད་པ་ལྟར་ན་ཡིད་ཀྱི་རྣམ་ཤེས་ལ་བྱའོ། །རང་རྒྱུ་ལས་ཀྱི་བག་ཆགས་བསྒོས་པའི་རྣམ་ཤེས་ལས་འབྱུང་ཞིང༌། ནུར་ནུར་པོ་ལ་སོགས་པའི་གཟུགས་ཕུང་དང་པོར་གྲུབ་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་པོ་གང་རུང་དེ་རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མིང་གཟུགས་ཀྱི་མཚན་ཉིད། འདིར་མིང་ནི། ཚོར་བ་དང༌། འདུ་ཤེས་འདུ་བྱེད། རྣམ་པར་ཤེས་པ་དང་བཞི་ལ་བྱ། གཟུགས་ནི་ནུར་ནུར་པོ་ནས་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་ལུས་ལ་བྱའོ། །རང་རྒྱུ་མིང་དང་གཟུགས་ལས་འབྱུང་ཞིང༌། སྐྱེ་མཆེད་དྲུག་དང་པོར་ཚང་བའི་གནས་སྐབས་ཀྱི་སྐྱེ་མཆེད་དེ། འདིར་བསྟན་སྐྱེ་མཆེད་ཀྱི་མཚན་ཉིད། དབྱེ་ན། མིག་གི་སྐྱེ་མཆེད་སོགས་དྲུག རང་རྒྱུ་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལ་བརྟེན་ནས་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་གང་རུང་དུ་སྤྱོད་པར་བྱེད་པའི་སེམས་བྱུང་དེ། བཅུ་གཉིས་ཀྱི་ཆ་ཤས་སུ་གྱུར་པའི་རེག་པའི་མཚན་ཉིད། དབྱེ་ན། མིག་གི་འདུས་ཏེ་རེག་པ་སོགས་དྲུག རང་རྒྱུ་རེག་པས་ཡུལ་གསུམ་གང་རུང་དུ་ཡོངས་སུ་སྤྱད་པ་ལས་སིམ་གདུང་བར་མ་གསུམ་གང་རུང་གི་ངོ་བོར་ཉམས་སུ་མྱོང་བའི་སེམས་བྱུང་དེ། བཅུ་གཉིས་ཀྱི་ཆ་ཤས་སུ་གྱུར་པའི་ཚོར་བའི་མཚན་ཉིད། དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག རང་རྒྱུ་ཚོར་བའི་རྐྱེན་ཅན་གྱི་བདེ་སྡུག་བཏང་སྙོམས་གསུམ་ལ་བླང་དོར་བྱ་བར་འདོད་པའི་སྲེད་པ་དེ། བཅུ་གཉིས་ཀྱི་ཆ་ཤས་སུ་གྱུར་པའི་སྲེད་པའི་མཚན་ཉིད། དབྱེ་ན། འདོད་སྲེད། གཟུགས་སྲེད། གཟུགས་མེད་ཀྱི་སྲེད་པ་དང་གསུམ། དེ་ཡང་ཚོར་བ་སྡུག་བསྔལ་གྱིས་གདུངས་པ་ན། དེ་དང་བྲལ་བར་འདོད་པའི་སྲེད་པ་དང༌། བདེ་བ་ཐོབ་པར་འདོད་པའི་སྲེད་པ་སྐྱེ། དེ་ལ་ཡང་གསུམ་སྟེ། འདོད་ཡོན་ལ་སྲེད་པའི་སྲེད་པ་ལྟ་བུ་འདོད་སྲེད། བསམ་གཏན་དང་པོ་གསུམ་གྱི་བདེ་བ་དང༌། བསམ་གཏན་བཞི་པའི་བཏང་སྙོམས་ལ་སྲེད་པ། གཟུགས་ཀྱི་སྲེད་པ། གཟུགས་མེད་ཀྱི་ཚོར་བ་བཏང་སྙོམས་ལ་སྲེད་པ་ནི་གཟུགས་ཀྱི་སྲེད་པའོ། །སྲེད་པ་དེ་ཉིད་ཤེས་ཆེར་འཕེལ་བའི་སེམས་བྱུང་འདོད་ཆགས་དེ། འདིར་བསྟན་ལེན་པའི་མཚན་ཉིད། དབྱེ་ན། འདོད་པ་ཉེ་བར་ལེན་པ། ལྟ་བ་ཉེ་བར་ལེན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་བཞི། རང་རྒྱུ་ལེན་པའི་རྐྱེན་གྱིས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ནུས་པ་མཐུ་ཅན་དེ་འདིར་བསྟན་སྲིད་པའི་མཚན་ཉིད། སྤྱིར་སྲིད་པ་ཙམ་གྱི་མིང་ཅན་མང་དུ་བཤད་ཀྱང༌། སྲིད་པ་འདི་ལ་དབྱེ་བ་མ་བཤད་དོ། །སྲེད་ལེན་གཉིས་ལ་ཡང་རྒྱུའི་ཀུན་སློང་གཉིས། དུས་ཀྱི་ཀུན་སློང་གཉིས་ཀ་ཡོད་ལ། སྲིད་པ་ལ་ཡང་འཕེན་འགྲུབ་ཀྱི་ཆ་གཉིས་ཀ་ཡོད་དོ། །ལས་དང་ཉོན་མོངས་པའི་དབང་གིས་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱར་བའི་ཕུང་པོ་དེ་འདིར་བསྟན་གྱི་སྐྱེ་བའི་མཚན་ཉིད། དེ་ལ་དབྱེ་ན། མངལ་ནས་སྐྱེ་བ་དང༌། སྒོ་ང་ལས་སྐྱེ་བ། དྲོད་གཤེར་ལས་སྐྱེ་བ། རྫུས་ནས་སྐྱེ་བ་དང་བཞིའོ། །ལས་ཉོན་གྱི་དབང་གིས་ན་ཚོད་གཞན་དང་གཞན་དུ་འགྱུར་བའི་གནས་སྐབས་དེ་འདིར་བསྟན་རྒ་ཤིའི་མཚན་ཉིད། དབྱེ་ན་རྒ་བ་དང་འཆི་བ་གཉིས། གཉིས་པ་འགྲོ་བ་གཅིག་གི་རྟེན་འབྲེལ་བྱེ་བྲག་ཏུ་བཤད་པ་ལ། མི་ལྟ་བུའི་འགྲོ་བ་གཅིག་ཏུ་འཕེན་པར་བྱེད་པའི་ལས་ཀུན་ནས་སློང་བྱེད་ཀྱི་མ་རིག་པ་དེ། མི་ལྟ་བུའི་རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་མ་རིག་པའི་མཚན་ཉིད། རང་རྒྱུ་མ་རིག་པའི་དབང་གིས་མི་ལྟ་བུའི་འགྲོ་བ་རིགས་མཐུན་གཅིག་ཏུ་འཕགས་པའི་ཟག་བཅས་ཀྱི་ལས་དེ། མི་ལྟ་བུའི་རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་འདུ་བྱེད་ཀྱི་མཚན་ཉིད། མ་རིག་པའི་དབང་གིས་མིར་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་བསྒོས་པའི་རྣམ་ཤེས་དེ། རྟེན་འབྲེལ་ཚར་གཅིག་གི་རྣམ་ཤེས་ཀྱི་མཚན་ཉིད། འདིར་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཁོ་ན་ལ་འདོད་དགོས་སོ། །མིར་འཕེན་བྱེད་ཀྱི་ལས་ཀྱི་བག་ཆགས་བསྒོས་པའི་རྣམ་ཤེས་དེའི་སྟེང་གི་མི་ལྟ་བུའི་འགྲོ་བ་འབྱུང་རུང་གི་ནུས་པ་དེ། མི་ལྟ་བུའི་རྟེན་འབྲེལ་ཚར་གཅིག་གི་མིང་གཟུགས་ཀྱི་མཚན་ཉིད། དེ་བཞིན་དུ་མཚན་མཚོན་གཉིས་ཀ་ལ་སྦྱར་ནས། དེའི་སྟེང་གི་མི་ལྟ་བུའི་འགྲོ་བ་གཅིག་གི་ཡང་སྲིད་ཕྱི་མའི་སྐྱེ་མཆེད་དྲུག་འབྱུང་རུང་གི་ནུས་པ་དེ་སྐྱེ་མཆེད་ཀྱི་མཚན་ཉིད། དེའི་སྟེང་གི་ཡུལ་ཡོངས་སུ་གཅོད་པར་བྱེད་པའི་རེག་པ་འབྱུང་རུང་གི་ནུས་པ་དེ་རེག་པའི་མཚན་ཉིད། དེའི་སྟེང་གི་མི་ལྟ་བུའི་འགྲོ་བ་རིགས་མཐུན་གཅིག་གིས་ཚོར་བ་འབྱུང་རུང་གི་ནུས་པ་དེ་དེའི་ཚོར་བའི་མཚན་ཉིད། མི་ལྟ་བུའི་བདེ་བ་ལ་སྲེད་པའི་སྒོ་ནས་མིར་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་དེ་དེའི་སྲེད་པའི་མཚན་ཉིད། མི་ལྟ་བུའི་འགྲོ་བ་གཅིག་གི་ཚོར་བ་བདེ་བའི་རྒྱུ་ལེན་པར་བྱེད་པའི་སྒོ་ནས་མིར་འགྲུབ་བྱེད་ཀྱི་ལས་སོག་པར་བྱེད་པ་དེ་དེའི་ལེན་པའི་མཚན་ཉིད། རང་རྒྱུ་སྲེད་ལེན་གྱི་དབང་གིས་འདུ་བྱེད་ནས་ཚོར་བའི་བར་གྱི་ནུས་པ་མཐུ་ཅན་དུ་བྱས་པའི་ཟག་བཅས་ཀྱི་ལས་དེ་དེའི་སྲིད་པའི་མཚན་ཉིད། རང་རྒྱུ་ལས་ཉོན་གྱི་དབང་གིས་མའི་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་གནས་སྐབས་ཀྱི་ཕུང་པོ་དེ། མིའི་རྟེན་འབྲེལ་ཚར་གཅིག་གི་སྐྱེ་བའི་མཚན་ཉིད། འདི་ལ་མིང་གཟུགས་ནས་ཚོར་བའི་བར་ལྔའོ། །དེ་ཡང་སྔ་མ་དང་ཁྱད་པར་ཡོད་དེ། འདིར་ནི་དེ་དག་མངོན་དུ་གྱུར་པའི་གནས་སྐབས་ཡིན་པའི་ཕྱིར། རང་རྒྱུ་ལས་ཉོན་གྱི་དབང་གིས་མི་ལྟ་བུའི་སྐྱེ་གནས་སུ་སྐྱེས་པའི་ཕུང་པོའི་རྒྱུན་གཞན་དང་གཞན་དུ་འགྱུར་བའི་གནས་སྐབས་དེ་དེའི་རྒ་ཤིའི་མཚན་ཉིད། དེ་ལྟར་བཅུ་གཉིས་པོ་ཐམས་ཅད་རྒྱུ་འབྲས་ཚར་གཅིག་གི་དབང་དུ་བྱས་ནས་འཆད་པ་འདི་ནི། ཐོགས་མེད་སྐུ་མཆེད་ཀྱི་ཐུན་མོང་མིན་པའི་ལུགས་ཡིན་ལ། གཞུང་གཞན་ལ་རྒྱུ་འབྲས་ཚར་གཉིས་ཀྱི་དབང་དུ་བྱས་ནས་བཤད་པ་དེ་ནི། མི་ལྟ་བུའི་རྟེན་འབྲེལ་དང༌། དེ་ནས་ལྷར་སྐྱེ་བ་ལྟ་བུའི་རྟེན་འབྲེལ་བསྲེས་པའི་རྣམ་གཞག་ཡིན་ནོ། །འོ་ན་མདོ་ལས་སྲེད་པའི་རྐྱེན་གྱིས་ཚོར་བ་འབྱུང་བར་གསུངས་པ་དང༌། རྟེན་འབྲེལ་ཚར་གཅིག་པའི་ལུགས་འདི་འགལ་ཏེ། ལུགས་འདི་ལ་མིང་གཟུགས་སོགས་གྲུབ་པ་ལ་སྲེད་ལེན་སྲིད་པ་གསུམ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཞེ་ན་ཉེས་པ་མེད་དེ། དེ་འགྲུབ་པ་ལ་དེ་སྔོན་དུ་འགྲོ་དགོས་སུ་ཟིན་ཀྱང་འཕངས་པའི་ཡན་ལག་ཏུ་བཞག་པའི་ཚོར་བ་འབྱུང་རུང་གི་ནུས་པ་དེ་ལ་སྲེད་པ་མངོན་གྱུར་པ་འབྱུང་བ་མི་འགལ་བའི་ཕྱིར། དེ་ལྟར་འགྲོ་བ་གཅིག་གི་རྟེན་འབྲེལ་བཅུ་གཉིས་པོ་དེ་ཡང་འགྲོ་བ་རིགས་མི་མཐུན་པ་གསུམ་མ་གཉིས་ཀྱི་རྟེན་ལ་རྫོགས་དགོས་པ་ཡིན་ཏེ། འདོད་པའི་ལྷ་ལྟ་བུའི་རྟེན་ལ་མིར་འཕེན་བྱེད་ཀྱི་ལས་བསགས། དུད་འགྲོ་ལྟ་བུའི་རྟེན་ལ་མིར་འཕེན་བྱེད་ཀྱི་ལས་བསགས། འགྲུབ་བྱེད་ཀྱི་ལས་མངོན་དུ་གྱུར་ནས་མིར་སྐྱེ་དགོས་པའི་ཕྱིར། འདིར་ས་མཚུངས་དཔྱད་པ་ལ། ཡན་ལག་བཅུ་གཉིས་པོ་འདི་ས་མཚུངས་སམ་མི་མཚུངས་ཤེ་ན། ཡན་ལག་དང་པོ་དང་རྣམ་ཤེས་ནི་གང་དུ་ལ་སོགས་པའི་ས་དེ་ཁོ་ནར་གཏོགས་པ་ཡིན་ཏེ། སྐུ་མཆེད་གཉིས་ཀྱིས་མ་རིག་པ་ནི་ཉོན་ཡིད་འཁོར་གྱི་མ་རིག་པ་དང༌། རྣམ་པར་ཤེས་པ་རྒྱུ་དུས་ཀྱི་ཀུན་གཞི་ཉིད་བཤད་པའི་ཕྱིར། འཇུག་ཤེས་འཁོར་གྱི་མ་རིག་པ་དང༌། འབྲས་དུས་ཀྱི་རྣམ་ཤེས་ལ་འདོད་པའི་ལུགས་ལ་ནི། རྣམ་བཤད་ལས་གསུངས་པ་ལྟར་རོ། །འདུ་བྱེད་ལ་སོགས་པའི་བཅུ་པོ་དེ་ནི་ས་མཚུངས་པ་ཁོ་ན་ཡིན་ཏེ། ས་གཞན་གྱི་ལས་ཀྱིས་ས་གཞན་གྱི་ཕུང་པོ་འཕེན་ཞིང༌། འགྲུབ་པར་བྱེད་མི་ནུས་པའི་ཕྱིར་དང༌། ས་གཞན་གྱི་ལས་གསོས་འདེབས་བྱེད་ཀྱི་ཉོན་མོངས་པས་ས་གཞན་གྱི་ལས་གསོས་འདེབས་མི་ནུས་པའི་ཕྱིར། འོ་ན་གོང་མའི་རྟེན་ལ་འདོད་པའི་ཉོན་མོངས་པ་དང༌། མི་དགེ་བ་ཡོད་པར་ཐལ། གཟུགས་ཁམས་ནས་ངན་སོང་དུ་སྐྱེ་བའི་ཚེ་སྲེད་ལེན་སྲིད་པ་གསུམ་པོ་ངན་སོང་དུ་གཏོགས་དགོས་པའི་ཕྱིར་རོ། །ཞེ་ན་ཉེས་པ་མེད་དེ། གོང་མའི་དངོས་གཞིའི་སེམས་ལས་ཉམས་པའི་གོང་སའི་རྟེན་ལས་འོག་མའི་ཉོན་མོངས་འབྱུང་བ་འདོད་པའི་ཕྱིར། ཇི་སྐད་དུ། དོན་གསང་རྣམ་པར་བཤད་པ་ལས། སྐྱེ་བའི་ས་པ་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་དང༌། ངེས་པར་དེའི་ས་པའོ་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་སྒོམ་ལམ་རྩེ་སྦྱོར་ལ་སྒོམ་ལམ་རྩེ་སྦྱོར་གྱི་སྤངས་བྱ་རྟོག་པ་ཇི་ལྟར་སྤོངས་བའི་ཚུལ་དང༌། དེས་སྤངས་པས་ཐོབ་པའི་བརྟེན་པ་ཡོན་ཏན་བཤད་པའོ། །དང་པོ་ལ། གཉེན་པོ་སྒོམ་ལམ་རྩེ་སྦྱོར་དང༌། སྤངས་བྱ་རྟོག་པ་གཉིས། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་གང་ཞིག སྒོམ་སྤངས་རྟོག་པའི་ས་བོན་ལ་གནོད་བྱེད་ཀྱི་མཁྱེན་པ་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང༌། དངོས་གཞི་ཐོད་རྒལ་གཉིས། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་སྤེལ་བར་གང་ཡང་མེད་པར་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀྱི་སྒོ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་དེ། སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། མཐོང་ལམ་གྱི་སྐབས་ནས་བསྟན་པའི་ཁྱད་པར་གྱི་ལམ་གྱི་ངོ་བོར་སྐྱེས་པའི་སེང་གེ་རྣམ་བསྒྱིངས་དང༌། སྒོམ་ལམ་གྱི་སྐབས་ནས་བསྟན་པའི་སྤོང་ལམ་གྱི་ངོ་བོར་སྐྱེས་པའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས། དང་པོ་ནི་བཤད་ཟིན་ལ། སེང་གེ་རྣམ་བསྒྱིངས་གང་ཞིག་རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤངས་ཀྱི་ས་བོན་ལ་ཆ་ཤས་རེ་རེ་ནས་གནོད་པར་བྱེད་ཅིང༌། དྲུངས་འབྱིན་མི་ནུས་པ་དེ་གཉིས་པའི་མཚན་ཉིད། དེ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། རྣམ་པ་གཉིས་སུ་སོང༌། ཞེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །རང་རྒྱུ་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་གང་རུང་གི་སྒོ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་གང་ཞིག རང་གི་ངོས་སྐལ་གྱི་སྤང་བྱར་གྱུར་པའི་སྒོམ་སྤངས་ཀྱི་ས་བོན་དྲུངས་འབྱིན་ནུས་པ་དེ་དངོས་གཞི་ཐོད་རྒལ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐོད་རྒལ་ཆུང་ངུ༌། འབྲིང༌། ཆེན་པོ་གསུམ། རང་རྒྱུ་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྔོན་དུ་བཏང་ནས། དངོས་གཞི་ཐོད་རྒལ་འབྲིང་པོ་མ་སྐྱེས་གོང་དེར་མཐར་གནས་གྱི་སྙོམས་འཇུག་དགུ་ལ་ཆོས་གཞན་སྤེལ་བོར་གང་ཡང་མེད་པར་ལུགས་མཐུན་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་དེ་དང་པོའི་མཚན་ཉིད། རང་རྒྱུ་དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་བཏང་ནས། མཐར་གནས་ཀྱི་སྙོམས་འཇུག་དང་པོ་བརྒྱད་དང་འགོག་པ་སྤེལ་ཏེ་ལུགས་མཐུན་དུ་སྙོམས་པར་འཇུག་ཅིང༌། འགོག་པ་ནས་སྲིད་རྩེ་ལ་ནུད་ཆུང་བྱེད་པའི་སྙོམས་འཇུག་དེ་གཉིས་པའི་མཚན་ཉིད། རང་རྒྱུད་དངོས་གཞི་ཐོད་རྒལ་འབྲིང་པོ་སྔོན་དུ་བཏང་ནས། མཐར་གནས་ཀྱི་སྙོམས་འཇུག་དགུ་དང་འདོད་སེམས་སྤེལ་ཏེ་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་སྙོམས་འཇུག་དེ་གསུམ་པའི་མཚན་ཉིད། དེ་ལྟར་ཐོད་རྒལ་ཆུང་ངུ་ལ་གནས་དགུ། འབྲིང་པོ་ལ་བཅུ་བདུན། ཆེན་པོ་ལ་བཅོ་བརྒྱད། སྦྱོར་བ་སེང་གེ་རྣམ་བསྒྱིངས་ལ་བཅུ་བདུན་རྣམས་སོ། །གཉིས་པ་ལ། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་གང་ཞིག ལྷན་སྐྱེས་ཀྱི་ཆར་གྱུར་པ་དེ་སྒོམ་སྤངས་རྟོག་པའི་མཚན་ཉིད། དེ་ལ་དབྱེ་ན་བཞི། དེ་རེ་རེ་ལའང་དགུ་དགུ་སྟེ་སོ་དྲུག དེ་ཡང་ཁམས་གསུམ་དུ་སོ་སོར་ཕྱེ་བས་བརྒྱ་དང་བཅོ་བརྒྱད། སོ་སོའི་མཚན་ཉིད་ནི། ལྷན་སྐྱེས་ཤེས་སྦྱར་བ་མ་གཏོགས། མཐོང་སྤངས་ཀྱི་སྐབས་བཞིན་དུ་སྦྱར་བར་བྱའོ། །གཉིས་པ་ལ། ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རང་གི་ངང་གིས་འབྱུང་བའི་འགལ་རྐྱེན་མངོན་གྱུར་པ་ཟད་ཅིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ་སྒོམ་ལམ་གྱི་བརྟེན་པ་ཡོན་ཏན་གྱི་མཚན་ཉིད། ས་མཚམས་ནི་ས་བཅུ་པ་ནས་ཡོད་དོ། །གཉིས་པ་ལ། དངོས་དང་དམིགས་རྣམ་གཉིས། དང་པོ་ལ། རང་འབྲས་རྣམ་མཁྱེན་སྐད་ཅིག་དང་པོའི་དངོས་རྒྱུར་གྱུར་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་ནི་རྒྱུན་མཐའི་ཡེ་ཤེས་ལ་བྱའོ། །གཉིས་པ་ལ། དམིགས་རྣམ་དངོས་དང༌། དམིགས་རྣམ་ལ་རྩོད་པའི་ལོག་སྒྲུབ་གཉིས། བར་ཆད་མེད་པའི་རྩེ་སྦྱོར་གྱི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་དེ་དེའི་དམིགས་པའི་མཚན་ཉིད། དེ་ནི་བདེན་སྟོང་སྒྱུ་མ་ལྟ་བུ་ལ་ཟེར། བར་ཆད་མེད་ལམ་པའི་རྩེ་སྦྱོར་རང་དབང་དུ་སྐྱེད་བྱེད་དེ་དེའི་བདག་རྐྱེན་གྱི་མཚན་ཉིད། དེ་ནི་རྒྱུན་མཐའ་མན་ཆད་ཀྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་ལ་ཟེར། བར་ཆད་མེད་རྩེས་ཡུལ་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་དེ་དེའི་རྣམ་པའི་མཚན་ཉིད། དེ་ནི་སྤྲོས་བྲལ་རྟོགས་པའི་རྒྱུན་མཐའི་ཡེ་ཤེས་ལ་བྱའོ། །ཞར་ལ་དེ་མ་ཐག་རྐྱེན་གྱི་རིག་པ་སྔ་མ་ལ་བྱའོ། །དེ་ནི་སློབ་དཔོན་གྱི་བཞེད་པའོ། །འཕགས་པ་ལྟར་ན། སྟོང་གསུམ་སྐྱེ་བོ་ཞེས་པའི་སྐབས་སུ། བར་ཆད་མེད་པའི་རྩེ་སྦྱོར་དེ་རྣམ་མཁྱེན་གྱི་དེ་མ་ཐག་རྐྱེན་དུ་བསྟན་ནས། རྣམ་མཁྱེན་གྱི་བདག་རྐྱེན་དང་དམིགས་རྐྱེན་སྟོན་བྱེད་དུ་གཞུང་ཕྱི་མ་གསུངས་པར་བཞེད་དོ། །གཉིས་པ་ལོག་སྒྲུབ་ལ། བདེན་གཉིས་གང་རུང་རེ་རེ་རྒྱུ་མཚན་དུ་བྱས་ནས་ཅིག་ཤོས་སུན་འབྱིན་བའི་ལོག་རྟོག་གམ། དེས་ཀུན་ནས་བསླངས་པའི་རྩོད་ངག་གང་རུང་དེ་བར་ཆད་མེད་རྩེའི་དམིགས་རྣམ་ལ་རྩོད་པའི་ལོག་སྒྲུབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ལོག་རྟོག་དང༌། རྩོང་ངག་གཉིས། དེ་རེ་རེ་ལ་ཡང་བཅུ་དྲུག་བཅུ་དྲུག་གོ །འདིའི་དང་པོ་ནི། བདེན་གཉིས་རྣམ་འབྱེད་ཀྱིས་སེལ་ལ། གཉིས་པ་ནི། དེ་ལ་བསྟན་པའི་ལན་གྱིས་སེལ་བར་བྱེད་དོ། །འདིར་རྩོད་པའི་ཚུལ་ལ་རྣམ་པ་བཞི་སྟེ། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་སུན་འབྱིན་པར་བྱེད་པ་དང༌། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་འབྱིན་པར་བྱེད་པ་དང༌། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཉིད་སུན་འབྱིན་པར་བྱེད་པ་དང༌། དོན་དམ་རྒྱུ་མཚན་དུ་བྱས་ནས་དོན་དམ་ཉིད་སུན་འབྱིན་པར་བྱེད་པའོ། །དང་པོ་གསུམ་གཞུང་ལས་དངོས་སུ་གསུངས་ཤིང༌། ཕྱི་མ་དངོས་སུ་མ་གསུངས་ཀྱང་དོན་གྱིས་ཐོབ་བོ། །ཀླན་ཀ་དང་པོ་ལ་དོན་དམ་གྱི་སྒོ་ནས་ལན་འདེབས། གཉིས་པ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས་པར་གཞུང་ལས་གསུང་ལ། ཕྱི་མ་གཉིས་ལ་བདེན་པ་གཉིས་ཀའི་སྒོ་ནས་ལན་འདེབས་པར་དོན་གྱིས་ཐོབ་བོ། །རྩེ་སྦྱོར་ཡན་ལག་འཕྲོས་དང་བཅས། །རྩེ་བར་ཡུམ་གྱི་མདོ་དང་ནི། །རྩེ་གྱུར་གཞུང་ལུགས་མང་པོ་ནས། །རྩེ་མོའི་བློ་ཡིས་བསྡུས་ཏེ་བཤད། །ཅེས་བྱ་བ་ནི་སྐབས་ལྔ་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།སྟོང་ཉིད་མར་གད་ཞུ་བའི་ཆུ་གཏེར་དུ། །མངོན་རྟོགས་ཤེལ་དཀར་སྦུ་བ་འདྲེན་འདྲ་བའི། །རྒྱལ་ཡུམ་རྒྱ་མཚོའི་སྙིང་པོ་འདྲེན་མཛད་པ། །མི་ཕམ་སྲིད་ཞིའི་མེས་པོ་དེར་ཕྱག་འཚལ། །གཉིས་པ་བརྟན་པ་རྒྱུ་འབྲས་ལ། རྒྱུ་མཐར་གྱིས་པའི་སྦྱོར་བ་དང༌། འབྲས་བུ་སྐད་ཅིག་མའི་སྦྱོར་བ་གཉིས། དང་པོ་ལ་མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། ལམ་གྱི་ངོ་བོ་ཕྱིན་དྲུག་གི་མཐར་གྱིས་སྦྱོར་བ་དང༌། ལམ་ཁྱད་པར་དུ་བྱེད་པ་རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་བ་དང༌། ལམ་རྣམ་པར་དག་བྱེད་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་སྦྱོར་བ་དང་གསུམ། ཤེས་རྣམ་བརྒྱ་བདུན་ཅུ་རྩ་གསུམ་དང༌། ཕྱིན་དྲུག་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་བརྟན་པ་ཐོབ་ཕྱིར་དུ་སློབ་པའི་སེམས་དཔའི་རྣལ་འབྱོར་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན་དྲུག་ལས། སྐྱེ་མེད་གསུམ་གྱི་ཤེས་རྣམ་དང༌། སྦྱིན་པའི་ཕར་ཕྱིན་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་སློབ་པའི་སེམས་དཔའི་སེམས་རྣལ་འབྱོར་དེ་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། ཅེས་སྦྱར་བར་བྱའོ། །དེ་རེ་རེ་ལའང་མཐར་གྱིས་བྱ་བ་དང༌། མཐར་གྱིས་བསླབ་པ་དང༌། མཐར་གྱིས་བསྒྲུབ་པ་གསུམ་གསུམ་དུ་འབྱེད་དེ། ཇི་སྐད་དུ། མདོ་ལས། སྦྱིན་པས་མཐར་གྱིས་པའི་བྱ་བ་དང༌། མཐར་གྱིས་པའི་བསླབ་པ་དང༌། མཐར་གྱིས་པའི་སྒྲུབ་པ་རབ་ཏུ་འདོགས་ཏེ། ཞེས་གསུངས་པའི་ཕྱིར། གསུམ་པོ་ཡང་འཕགས་པ་ལྟར་ན་རིམ་པ་བཞིན་དུ་ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་སྒོམ་གྱི་ལམ་གཉིས་དང་སྦྱོར་ལ། སློབ་དཔོན་ལྟར་ན། སྦྱོར་མཐོང་སྒོམ་གསུམ་གྱི་ལམ་གཉིས་དང་སྦྱོར་རོ། །གཉིས་པ་ལ། སྐྱེ་མེད་གསུམ་གྱི་ཤེས་རྣམ་དང༌། རྗེས་དྲན་དྲུག་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་བརྟན་པ་ཐོབ་ཕྱིར་དུ་སློབ་པའི་སེམས་དཔའི་རྣལ་འབྱོར་དེ། རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན་དྲུག་ལས། སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནས་སྐྱེ་མེད་གསུམ་གྱི་ཤེས་རྣམ་ལ་བརྟན་པ་ཐོབ་ཕྱིར་དུ་སློབ་པའི་སེམས་པའི་རྣལ་འབྱོར་དེ། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བའི་མཚན་ཉིད། ཅེས་སོགས་ལྷག་མ་ལྔ་པོ་ལའང་སྦྱར་བར་བྱའོ། །དེ་རེ་རེ་ལའང་མཐར་གྱིས་བྱ་བ་དང༌། བསླབ་པ་དང༌། བསྒྲུབ་པ་གསུམ་གསུམ་དུ་ཕྱེའོ། །འདིར་རྗེས་དྲན་དྲུག་པོ་སོ་སོའི་ངོ་བོ་ལ། སངས་རྒྱས་ཀྱི་སྐུ་གཟུགས་དང་མཚན་དཔེ་སོགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་སྒྱུ་མ་ལྟ་བུར་རྗེས་སུ་དྲན་པའི་རྣལ་འབྱོར་དེ་འདིར་བསྟན་གྱི་སངས་རྒྱས་རྗེས་དྲན་གྱི་མཚན་ཉིད། ཀུན་རྫོབ་ཏུ་དྲན་ཚུལ་ནི། རིག་པ་དང་ཞབས་སུ་ལྡན་པ་ཞེས་སོགས་ཀྱི་སྒོ་ནས་རྗེས་སུ་དྲན་པའོ། །འདི་ལ་སྦྱོར་ལམ་གྱི་གནས་སྐབས་སུ་དྲན་པ་ཉེར་གཞག་དང༌། དབང་པོ་དང་སྟོབས་གསུམ་དྲན་པ་ནི། སངས་རྒྱས་རྗེས་དྲན་གྱི་དབང་དུ་བྱས་པའི་མཐར་གྱིས་བྱ་བ་དང༌། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་སྔར་ལྟར་རྗེས་སུ་དྲན་པ་དེའི་དབང་དུ་བྱས་པའི་མཐར་གྱིས་བསླབ་པ་དང༌། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་སྔར་ལྟར་དྲན་པ་ནི། དེའི་དབང་དུ་བྱས་པའི་མཐར་གྱིས་སྒྲུབ་པའོ། །དགེ་བ་དང༌། མི་དགེ་བ་དང༌། ལུང་མ་བསྟན་གྱི་ཆོས་རྣམས་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་སྒྱུ་མ་ལྟ་བུར་རྗེས་སུ་དྲན་པའི་སེམས་དཔའི་རྣལ་འབྱོར་དེ་འདིར་བསྟན་གྱི་ཆོས་རྗེས་དྲན་གྱི་མཚན་ཉིད། མདོ་ལས་བཤད་པ་ལྟར་ན་སྐྱེས་བུ་ཟུང་བཞི་དང༌། འགྲེལ་པ་ལྟར་ན་བྱང་སེམས་ཀྱི་དགེ་འདུན་སྔ་མ་ལྟར་དྲན་པའི་སེམས་དཔའི་རྣལ་འབྱོར་དེ། འདིར་བསྟན་གྱི་དགེ་འདུན་རྗེས་དྲན་གྱི་མཚན་ཉིད། འདི་ལ་མཐར་གྱི་བྱ་བ་སོགས་གསུམ་དུ་འབྱེད་པ་མདོའི་དགོངས་པ་མིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་གསུམ་དང༌། གཏོང་བ་གསུམ་དང༌། ལྷར་སྐྱེས་པའི་འཕགས་པ་སྔ་མ་དེ་ལྟར་རྗེས་སུ་དྲན་པའི་སེམས་པའི་རྣལ་འབྱོར་དེ། ཕྱི་མ་གསུམ་གྱི་མཚན་ཉིད། གསུམ་པ་ལ། ཆོས་ཐམས་ཅད་བདེན་པའི་ངོ་བོ་ཉིད་མེད་པར་རྟོགས་པའི་སྒོ་ནས་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་དེའི་མཚན་ཉིད། འདི་ལ་མཐར་གྱིས་བྱ་བ་སོགས་གསུམ་དུ་འབྱེད་པ་ནི་མདོའི་དགོངས་པ་མིན་ནོ། །མདོར་ན། སྐྱེ་མེད་གསུམ་བསྒོམ་པ་དང༌། དངོས་མེད་ངོ་བོ་ཉིད་དུ་རྟོགས་ནས་བསྒོམ་པ་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །མཐར་གྱིས་བསྒོམ་པའི་སློབ་དཔོན་གྱིས། །མཐར་ཐུག་ཆོས་སྐུའི་ཁང་བཟང་དེར། །མཐར་ཕྱིན་བྱེད་པའི་རྣལ་འབྱོར་པ། །མཐར་སོན་མདོ་ཡི་ལུགས་བཞིན་བཤད། །ཅེས་བྱ་བ་ནི་སྐབས་དྲུག་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ།། །།སྙན་གྲགས་འཛུམ་གྱི་པད་དཀར་འཕྲེང་བ་གང༌། །ཡོན་གནས་མཛའ་བོའི་རྣ་བའི་འདོང་པ་ལ། །རྣམ་པར་བཀོད་པས་སྔོན་མེད་རྩེ་དགའི་དཔལ། །སྩོལ་མཛད་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །གཉིས་པ་འབྲས་བུ་སྐད་ཅིག་མའི་སྦྱོར་བ་ལ། དངོས་དང༌། སྦྱོར་བ་བཞིའི་དོན་ལྡོག་བསྡུས་ཏེ་བཤད་པའོ། །སྐྱེ་མེད་གསུམ་ལ་བརྟན་པ་ཐོབ་ནས་ཅིག་ཆར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་དེ། སྐད་ཅིག་སྦྱོར་གྱི་མཚན་ཉིད། དེ་ལ་དབྱེ་ན། རྟོགས་བྱེད་བློའི་སྒོ་ནས་ཡོན་ཏན་མངོན་དུ་བྱེད་པའི་སྐད་ཅིག་སྦྱོར་དང༌། རྟོགས་བྱ་ཡུལ་གྱི་སྒོ་ནས་ཡུལ་རྟོགས་ཚུལ་གྱི་སྐད་ཅིག་སྦྱོར་གཉིས། དང་པོ་ལ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་སྦྱོར་དང༌། རྣམ་པར་སྨིན་པའི་སྐད་ཅིག་སྦྱོར་གཉིས། བློ་སྐད་ཅིག་མ་གཅིག་གིས་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན། དུས་སྐད་ཅིག་མ་གཅིག་ལ་རྣམ་པར་སྨིན་པ་མིན་པའི་སྦྱིན་པ་ནས་དཔེ་བྱད་བཟང་པོའི་བར་གྱི་ཟག་མེད་ཀྱི་ཆོས་རྣམས་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། དང་པོའི་མཚན་ཉིད། བློ་སྐད་ཅིག་མ་གཅིག་གིས་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཅིག་མངོན་དུ་བྱས་པ་ན། དུས་སྐད་ཅིག་མ་གཅིག་ལ་རྣམ་པར་སྨིན་པའི་ངོ་བོར་སྐྱེས་པའི་ཟག་མེད་ཀྱི་ཆོས་རྣམས་མངོན་དུ་བྱེད་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། གཉིས་པའི་མཚན་ཉིད། ས་བདུན་པ་མན་ཆད་དུ་ཐོབ་པའི་ཟག་མེད་ཀྱི་ཡོན་ཏན་དེ། འདིར་བསྟན་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་ཀྱི་མཚན་ཉིད། དག་པ་ས་གསུམ་གྱི་གནས་སྐབས་སུ་ཐོབ་པའི་ཟག་མེད་ཀྱི་ཡོན་ཏན་དེ་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཀྱི་མཚན་ཉིད། གཉིས་པ་ལ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་དང༌། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གཉིས། བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། དང་པོའི་མཚན་ཉིད། བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་ཟུང་འཛིན་གཉིས་མེད་དུ་ཤེས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་གཉིས་པའི་མཚན་ཉིད། གཉིས་པ་ལ། མདོར་བསྡུ་ན། སྐབས་ཕྱི་མ་བཞིའི་བསྟན་བྱའི་གཙོ་བོར་གྱུར་པའི་སྦྱོར་བ་བཞིའི་དོན་ལྡོག་ནི་འདི་ཡིན་ཏེ། མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣལ་འབྱོར་གང་ཞིག ངོས་སྐལ་གྱི་སྤངས་བྱའི་ས་བོན་རྣམ་པར་སུན་འབྱིན་པའི་གཉེན་པོ་ཙམ་གྱི་ངོ་བོར་སྐྱེས་ཤིང་དེའི་སྤོང་གཉེན་གྱི་ངོ་བོར་མ་སྐྱེས་པ་དེ། སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བའི་མཚན་ཉིད། དེ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་ན་ཡོད་དོ། །དེ་ལྟར་ན། སྐབས་བཞི་པར། སྦྱོར་ལམ་དང་མཐོང་ལམ་རྗེས་ཐོབ་ཀྱི་ཆ་ནས་བཤད་ཅིང༌། མཉམ་གཞག་བར་ཆད་མེད་ལམ་གྱི་ཆ་ནས་མ་བཤད། སྒོམ་ལམ་ཡང་འཇལ་དང་ངེས་རྟོག་སྒོམ་པའི་ལམ། ཞེས་བསམ་བྱུང་གི་ཤེས་རབ་གཙོ་བོར་གྱུར་པའི་ཆ་ནས་རྣམ་པར་སུན་འབྱིན་པའི་གཉེན་པོ་ཙམ་དུ་བཤད་ཀྱི། སྒོམ་བྱུང་གཙོ་བོར་གྱུར་པའི་ཆ་ནས་སྤོང་གཉེན་དུ་མ་བཤད་དོ། །མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་དབང་ཐོབ་པའི་ཚུལ་གྱིས་བསྒོམ་པའི་སེམས་དཔའི་རྣལ་འབྱོར་གང་ཞིག རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་ལ་གནོད་པ་བྱེད་པའི་སྒོ་ནས་དེའི་སྤོང་གཉེན་གྱི་ངོ་བོར་སྐྱེས་པ་དེ། སྐབས་ལྔ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྩེ་སྦྱོར་གྱི་མཚན་ཉིད། དེ་ཡང་སྐབས་ལྔ་པར། སྦྱོར་ལམ་རྩེ་སྦྱོར་འཆད་པ་ན་རྟགས་སོགས་ཀྱིས་མཚོན་ནས་མཉམ་གཞག་གི་ངོ་བོར་གྱུར་པའི་སྦྱོར་ལམ། རྟོག་པ་བཞིའི་སྤོང་གཉེན་དུ་གྱུར་པའི་དེ་ཉིད་ཀྱི་ཆ་ནས་བཤད་ལ། མཐོང་སྒོམ་བར་ཆད་མེད་པའི་རྩེ་སྦྱོར་གསུམ་ཡང་བར་ཆད་མེད་ལམ་གྱི་ཆ་ནས་བཤད་པའི་ཕྱིར། དེ་ལྟར་ན་དབང་ཐོབ་མ་ཐོབ་ཀྱི་དོན་ཡང་དེ་ཉིད་དོ། །སྦྱོར་བ་ཕྱི་མ་གཉིས་ཀྱི་དོན་ལྡོག་གི་སྐབས་སུ་བརྟན་པ་ཐོབ་མ་ཐོབ་ཀྱི་དོན་ནི། སྐྱེ་མེད་གསུམ་རྟོགས་པའི་བློ་དེ་ཉིད་སྦྱིན་པ་ལ་སོགས་པའི་ཆོས་གཞན་དང་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་འབད་རྩོལ་ཡོད་མེད་ལ་བྱ་བ་ཡིན་ལ། དེ་ཡང་མཐར་གྱིས་པའི་སྦྱོར་བ་ནི། སྦྱོར་བའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་གསུམ་པོ་གང་རུང་གི་ཆ་ནས་བཤད། སྐད་ཅིག་མའི་སྦྱོར་བ་ནི་རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ཡིན་ཀྱང༌། རྣམ་གྲོལ་ལམ་གྱི་ཆ་ནས་བཤད་པ་ཡིན་ནོ། །དེ་ལྟར་ན། རྣམ་རྫོགས་སྦྱོར་བ་དང༌། རྩེ་སྦྱོར་འགལ་བ་ཡིན་ཏེ། དབང་མ་ཐོབ་པ་ཐོབ་པའི་ཕྱིར་དུ་སྒོམ་པ་དང༌། ཐོབ་པའི་ཚུལ་གྱིས་བསྒོམ་པ་འགལ་བའི་ཕྱིར། རྣམ་རྩེ་གཉིས་དང་མཐར་གྱིས་སྦྱོར་བ་ཡང་འགལ་བ་ཡིན་ཏེ། རྣམ་རྩེ་གཉིས་ནི་སྐྱེ་མེད་གསུམ་རྐྱང་པ་ལ་རྣལ་འབྱོར་དུ་བྱེད་པའི་ཆ་ནས་བཤད་ལ། མཐར་གྱིས་པ་ནི། སྦྱིན་སོགས་ཆོས་བཅུ་གསུམ་ལ་རྣལ་འབྱོར་གཙོ་བོར་གྱུར་པའི་ཆ་ནས་བཤད་པའི་ཕྱིར། བར་ཆད་མེད་རྩེ་དང༌། སྐད་ཅིག་སྦྱོར་གཉིས་ནི། ཡེ་ཤེས་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཕྱེ་བས་མི་འགལ་ལ། མཐར་གྱིས་པ་དང༌། སྐད་ཅིག་སྦྱོར་གཉིས་ཀྱང་འགལ་བ་ཡིན་ཏེ། ཆོས་གཅིག་ལ་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པ་དང༌། ཐོབ་ནས་བསྒོམ་པ་འགལ་བའི་ཕྱིར་རོ། །སྐད་ཅིག་མ་ཡི་བློ་གྲོས་ཀྱིས། །སྐད་ཅིག་གཅིག་ལ་ཆོས་རྣམས་ཀུན། སྐད་ཅིག་གཉིས་པར་བྱང་ཆུབ་པའི། །སྐད་ཅིག་སྦྱོར་བ་གཞུང་བཞིན་བཤད། །ཅེས་བྱ་བ་ནི་སྐབས་བདུན་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པའོ། །ཕུན་ཚོགས་སྲིད་པའི་འབྱོར་བ་བརྒྱ་ཕྲག་གིས། །རྣམ་པར་དྲེགས་པའི་ལྷ་བརྒྱའི་གཙུག་གི་རྒྱན། །འཁོར་བའི་རྒྱ་མཚོ་བརྒལ་བའི་ཐུབ་རྣམས་ཀྱང༌། །གང་གི་ཞབས་རྡུལ་ལེན་དེར་བདག་ཀྱང་ངོ༌། །གཉིས་པ་འབྲས་བུ་ཆོས་སྐུ་ལ། རྟེན་སྐུ་དང་ཡེ་ཤེས་བཤད་པ་དང༌། བརྟེན་པ་འཕྲིན་ལས་བཤད་པའོ། །དང་པོ་ལ། སྐུ་བཤད་པ་དང༌། ཞར་ལ་ཡེ་ཤེས་བཤད་པའོ། །ཡུལ་སྐྱེ་མེད་གསུམ། ཡུལ་ཅན་སྦྱོར་བཞིས་ཉམས་སུ་བླངས་པའི་སྟོབས་ཀྱིས་ཐོབ་པའི་སངས་རྒྱས་ཀྱི་སྐུ་དེ་འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན། སྐུ་གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བཞིར་དབྱེ་བ། ལྔར་དབྱེ་བའོ། །དང་པོ་ནི། རང་དོན་དོན་དམ་པའི་ཆོས་སྐུ་དང༌། གཞན་དོན་ཀུན་རྫོབ་པའི་གཟུགས་སྐུ་གཉིས་སོ། །དང་པོ་ནི། སངས་རྒྱས་ཀྱི་སྤངས་རྟོག་གཉིས་ལ་བྱ་ཞིང༌། གཉིས་པ་ནི་ལོངས་སྤྲུལ་གཉིས་ལ་བྱེད། དེ་སྐད་དུ་ཡང༌། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་འབྱུང་ངོ༌། །གཉིས་པ་ནི། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་དང་དེ་གཉིས་ཀྱི་རྟེན་གྱི་སྐུ་དང་གསུམ། དང་པོ་ནི་ལོངས་སྐུ། གཉིས་པ་ནི་སྤྲུལ་སྐུ། གསུམ་པ་ནི་ཆོས་ཀྱི་སྐུའོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་ནི་རྟེན་དང་བཅས་པར་བསྟན། །ཞེས་སོ། །གསུམ་པ་གཟུགས་སྐུ་ལ་ལོངས་སྤྲུལ་གཉིས་དང༌། ཆོས་སྐུ་ལ་སྤངས་རྟོགས་སོ་སོར་ཕྱེ་ནས་སྤངས་པའི་ཆ་ལ་ངོ་བོ་ཉིད་སྐུ་དང༌། རྟོགས་པའི་ཆ་ལ་རྟོགས་ཡེས་ཆོས་སྐུར་བཤད་དོ། །ཇི་སྐད་དུ་དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་སོ། །བཞི་པ་ནི། ཚིགས་ལས། ལོངས་སྐུ་ལ་ས་བཅུ་པའི་བྱང་སེམས་ལ་སྣང་བའི་ལོངས་སྐུ་ཆེན་པོ་དང༌། ས་དང་པོ་སོགས་ལ་གནས་པའི་བྱང་སེམས་སོགས་ལ་སྣང་བའི་ལོངས་སྐུ་ཆུང་ངུ་དང་གཉིས་སུ་བྱེད་པའི་ལུགས་དང༌། ཡང་ན་སྤྲུལ་སྐུ་ལ་རྣམ་པར་སྨིན་པའི་སྤྲུལ་སྐུ་དང༌། རྣམ་པར་སྨིན་པ་མིན་པའི་སྤྲུལ་སྐུ་གཉིས་སུ་ཕྱེ་ནས་ལྔར་གསུངས་སོ། །དང་པོ་ངོ་བོ་ཉིད་ཀྱི་སྐུ་ལ་མཚན་ཉིད་ནི། དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག་གམ། ཡང་ན་ཡོན་ཏན་ལྔ་དང་ལྡན་པའི་འགོག་བདེན་མཐར་ཐུག་གོ །ཡོན་ཏན་ལྔ་ནི། ཇི་སྐད་དུ། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་འགྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང༌། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བའོ། །ཞེས་འདུས་མ་བྱས་པ་དང༌། ཡོན་ཏན་གྱི་ཆོས་དང་དབྱེར་མེད་པ་དང༌། གཟུང་འཛིན་གཉིས་སུ་མེད་པ་དང༌། སྒྲིབ་པ་མ་ལུས་པར་སྤངས་པ་དང༌། འོད་གསལ་བའོ། །དྲི་མེད་སོགས་གསུམ་ནི། འོད་གསལ་བའི་སྒྲུབ་བྱེད་དོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ལ་མཚན་ཉིད་ནི། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་གང་ཞིག གཟུགས་སྐུ་གཉིས་ཀྱི་བདག་རྐྱེན་དུ་དམིགས་པ། དེ་ནི་སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་བྱའོ། །སྡེ་ཚན་ཉེར་གཅིག་ལ་འགའ་ཞིག་ནི་བཤད་ཟིན་པས་རྟོགས་སླ་ལ། ཟད་པར་ལ་རང་གི་བདག་རྐྱེན་བསམ་གཏན་དང༌། གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས། རང་གི་དམིགས་པས་ཤེས་བྱ་མཐའ་ཡས་པ་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། མངོན་པ་གོང་མ་ལྟར་ན། རྣམ་ཐར་གྱིས་མོས་ཤིང་ཟིལ་གནོན་གྱིས་དབང་དུ་བྱས་པའི་དམིགས་པ་འདོད་དགུར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་ཟད་པར་གྱི་མཚན་ཉིད། དབྱེ་ན་བཅུ་ལས། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་གི་དམིགས་ཡུལ་སས་ཤེས་བྱ་མཐའ་ཡས་པ་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་ཟད་པར་སའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཡིན་པ་ནས། དཀར་པོའི་བར་ལ་བསྒྲེ་བར་བྱ་ཞིང༌། གཟུགས་མེད་ནམ་མཁའི་དངོས་གཞི་ལ་རྟེན་ནས། རང་གི་དམིགས་ཡུལ་ནམ་མཁས་ཤེས་བྱ་མཐའ་ཡས་པ་ལ་ཁྱབ་པར་སྤྲོ་བའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་ཟད་པར་ནམ་མཁའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད། གཟུགས་མེད་རྣམས་ཀྱི་དངོས་གཞི་ལ་རྟེན་ནས་རང་གི་དམིགས་ཡུལ་རྣམ་པར་ཤེས་པས་ཤེས་བྱ་སོགས་བཅུ་པའི་མཚན་ཉིད་དོ། །འདིར་ཟད་པར་ཤེས་པ་དང༌། མཐའ་དག་དང༌། མཐའ་ཡས་དང༌། ཁྱབ་པ་ཞེས་པ་རྣམས་ནི་མིང་གི་རྣམ་གྲངས་སོ། །སྡེ་ཚན་དྲུག་པ་ཟིལ་གནོན་ལ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་རྟེན་ནས་དམིགས་པ་ལ་དབང་འབྱོར་བའི་སྒོ་ནས་དམིགས་པ་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་མཚན་ཉིད་དོ། །ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས། དང་པོ་ལ་མཚན་ཉིད་ནི། དེ་ལ་བརྟེན་ནས་དེ་ལ་དབང་འབྱོར་བས་དབྱིབས་ཟིལ་གྱིས་གནོན་པའི་ཏིང་འཛིན་ཞེས་སོགས་སོ། །དེ་ལ་དབྱེ་ན། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བའི་ཟིལ་གནོན་དང༌། ཆེན་པོ་ལ་ལྟ་བའི་ཟིལ་གནོན་དང་གཉིས། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ལྟ་བ་དང༌། ཆེན་པོ་ལ་ལྟ་བའི་ཟིལ་གནོན་གཉིས་ཏེ་བཞིའོ། །གཉིས་པ་ལ་མཚན་ཉིད་ནི། དེ་ལ་རྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་མེད་པར་འདུ་ཤེས་པས་ཁ་དོག་ཟིལ་གྱིས་གནོན་པར་ནུས་པའི་ཞེས་སོགས་སོ། །དེ་ལ་དབྱེ་ན། སྔོན་པོ་ཟིལ་གྱིས་གནོན་པ་སོགས་བཞིའོ། །སྡེ་ཚན་བདུན་པ་ལ། བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་གཞན་རྒྱུད་ཀྱི་ཉོན་མོངས་ལ་རྗེས་སུ་བསྲུངས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དེ་ལ་དབྱེ་ན། ཉན་ཐོས་ཀྱི་དང་རང་སངས་རྒྱས་ཀྱི་དང་གཉིས་སོ། །སྡེ་ཚན་བརྒྱད་པ་སྨོན་པས་ཤེས་པ་ལ་མཚན་ཉིད་ནི། བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས། ཇི་ལྟར་བསམ་པའི་དོན་དེ་ཉིད་ཤེས་པར་ནུས་པའི་ཏིང་ངེ་འཛིན་ཞེས་སོགས་སོ། །དབྱེ་ན་ཉན་ཐོས་ཀྱི་དང༌། རང་སངས་རྒྱས་ཀྱི་དང་གཉིས་སོ། །གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་མཚན་ཉིད་ནི། ཁྱད་པར་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་ལྔ་ནི། སྐུ་སྟོན་པ། གསུང་བརྗོད་པ། ཐུགས་མཛད་པ་རྒྱུན་མི་ཆད་པ། དེ་དག་ཀུན་ལ་བཏགས་པའི་དངོས་མེད་པ་དང༌། སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མེད་པ་དེ། ཇི་སྐད་དུ། བརྗོད་དོན་མཛད་རྒྱུན་མི་ཆད་དང༌། །མངོན་པར་འདུ་བྱེད་མེད་པ་དང༌། །དེའི་ངོ་བོར་མི་སྟོན་ལ། །དེ་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་སོ། །ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཅེས་པ་ལ་རེ་ཞིག་ཁུངས་མེད་པས་བཏང་སྙོམས་སུ་གཞག་གོ །ལོངས་སྐུའི་ཡོན་ཏན་མཚན་དང་དཔེ་བྱད་གཉིས། གཟུགས་ཕུང་གིས་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གང་ཞིག སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་དེ། སངས་རྒྱས་ཀྱི་མཚན་གྱི་མཚན་ཉིད་དང༌། དེ་གང་ཞིག སངས་རྒྱས་ཀྱི་སྐུའི་ཆ་མཛེས་པར་བྱེད་པ་དེ་སངས་རྒྱས་ཀྱི་དཔེ་བྱད་ཀྱི་མཚན་ཉིད། ཡང་ན་སངས་རྒྱས་ཀྱི་སྐུའི་ཆ་མཛེས་པར་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་དེ་སངས་རྒྱས་ཀྱི་མཚན་དང༌། གཙོ་བོ་དེའི་འཁོར་དུ་བྱུང་བ་དེ་དེའི་དཔེ་བྱད་དོ། །དེ་ཡང་མཚན་རྣམས་ནི་གཙོ་བོ་ཡིན་པས། རེ་རེའང་ཕྱིན་དྲུག་གི་རྒྱུ་ལས་བྱུང་བར་སྐལ་བཟང་ལས་གསུངས་ལ། དཔེ་བྱད་རྣམས་ནི་འཁོར་ཡིན་པས་རེ་རེ་ལ་རྒྱུ་དྲུག་དྲུག་གི་ངེས་པ་མེད་དོ། །དེ་ཡང་སྨིན་མཚམས་ཀྱི་མཛོད་སྤུ་ཁ་དོག་དཀར་བ་ནི་སྦྱིན་པའི་འབྲས་བུ་དང༌། གཡས་སུ་འཁྱིལ་བ་ནི་ཚུལ་ཁྲིམས་ཀྱི། ཟིལ་གྱིས་གནོན་པ་ནི་བཟོད་པའི། རང་གི་སར་གནས་པ་ནི་བརྩོན་འགྲུས་ཀྱི། ལེགས་པར་གནས་པ་ནི་བསམ་གཏན་གྱི། འོད་མཐའ་ཡས་པས་ཁྱབ་པ་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པ་སོགས་གསུངས་ཞིང༌། སོར་མོ་དང་སེན་མོའི་དཔེ་བྱད་དྲུག་ཕྱག་སོར་རིང་བའི་འཁོར་ཡིན་པ་སོགས་རྒྱས་པར་གསུངས་སོ། །བཞི་པ་སྤྲུལ་སྐུ་ལ་མཚན་ཉིད་ནི། ཁྱད་པར་བཞི་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག ཁྱད་པར་བཞི་ནི། ཇི་སྐད་དུ། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུའི་གཟུགས། །ཞེས་པ་སྟེ། གདུལ་བྱ་ཐར་པའི་ལམ་ལ་སྦྱོར་བ། ཐེག་ཆེན་དུ་སྨིན་པར་བྱེད་པ། བྱང་ཆུབ་ཏུ་ལུང་སྟོན་སྟེ། འབྲས་བུའི་ཁྱད་པར་གསུམ་དང༌། རྒྱུའི་ཁྱད་པར་ལོངས་སྐུའི་དབང་གིས་བྱུང་བའོ། །དབྱེ་ན། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་དོན་དུ་དྲི་ཟར་སྐྱེ་བ་བཞེས་པ་ལྟ་བུ་བཟོའི་སྤྲུལ་པ་དང༌། སེམས་ཅན་གྱི་དོན་དུ་རི་དྭགས་རུ་རུར་སྐྱེ་བ་བཞེས་པ་ལྟ་བུ་སྐྱེ་བའི་དང༌། ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་སྐུ་དང་གསུམ་སྟེ། ཇི་སྐད་དུ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཡེ་ཤེས་ལ་མཚན་ཉིད། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་སོ། །དབྱེ་ན་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་དང་བཞི་ཡིན་ལ། སྐབས་འགའ་ཞིག་ཏུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་གསུངས་པ་ནི་ངོ་བོ་ཉིད་ཀྱི་སྐུ་ལ་ཡེ་ཤེས་ཀྱི་མིང་གིས་བཏགས་པ་ཡིན་ནོ། །ཡེ་ཤེས་དང་པོ་ནི། མི་གཡོ་བ་དང་རྟེན་ཡིན་ལ། གསུམ་པོ་ནི། གཡོ་བ་དང་དེ་ལ་བརྟེན་པ་ཡིན་ནོ། །དེ་སྐད་དུ་ཡང་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་སོ། །ཁྱད་པར་ལྔ་ལྡན་གྱི་ཡེ་ཤེས་གང་ཞིག ལོངས་སྐུ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་ཞིང༌། ཡེ་ཤེས་གཞན་གསུམ་གྱི་འབྱུང་གནས་སུ་དམིགས་པ་དེ། ཡེ་ཤེས་དང་པོའི་མཚན་ཉིད། ཁྱད་པར་ལྔ་ནི། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་པ་དང༌། སྒྲ་བཤད་པ་ཡང༌། ཇི་སྐད་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་བའི་ཕྱིར། །ཞེས་གསུངས་སོ། །རྒྱུའི་ཁྱད་པར་བདག་གཞན་མཉམ་པ་ཉིད་བསྒོམ་པ་ལས་བྱུང་ཞིང༌། ངོ་བོའི་ཁྱད་པར་མི་གནས་པའི་མྱང་འདས་ལ་ཞུགས་ཤིང༌། མཐུའི་ཁྱད་པར་བྱམས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ། ཡེ་ཤེས་གཉིས་པའི་མཚན་ཉིད། དེ་སྐད་དུ་ཡང༌། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་གསུངས་སོ། །ངོ་བོའི་སྒོ་ནས་ཤེས་བྱའི་ཁྱད་པར་མ་འདྲེས་པར་མཁྱེན་ཞིང༌། བྱེད་ལས་ཀྱི་སྒོ་ནས་ཏིང་ངེ་འཛིན་དང་གཟུངས་ཀྱི་བྱེད་ལས་སུ་གྱུར་པ་དེ་ཡེ་ཤེས་གསུམ་པའི་མཚན་ཉིད། ཇི་སྐད་དུ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་སོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་དེ། ཡེ་ཤེས་བཞི་པའི་མཚན་ཉིད། དེ་སྐད་དུ་ཡང༌། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་གསུམ་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡི། །སེམས་ཅན་དོན་ཀུན་བསྒྲུབ་པའོ། །ཞེས་སོ། །གཉིས་པ་འཕྲིན་ལས་ལ། ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་བྱ་བ་དེ་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད། དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང༌། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས། དང་པོ་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་ལ། གཉིས་པ་ནི་གདུལ་བྱ་གཞན་རྒྱུད་ལ་ཡོད་དོ། །ངོ་བོའི་སྒོ་ནས་དབྱེ་ན། ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང༌། རྒྱུན་མི་ཆད་པའི་འཕྲིན་ལས་གཉིས། རྟེན་གྱི་སྒོ་ནས་དབྱེ་ན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། གདུལ་བྱ་སློབ་ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པ་དང་གསུམ། ཆོས་སྐུའི་བདག་རྐྱེན་ལ་བརྟེན་ནས་གདུལ་བྱ་ངན་སོང་གི་རྟེན་ལས་ལྡོག་ནས་བདེ་འགྲོའི་རྟེན་ལ་འགོད་པའི་བྱ་བ་དེ་དང་པོའི་མཚན་ཉིད། དེ་ལ་བརྟེན་ནས་གདུལ་བྱ་སློབ་ལམ་ལ་འགོད་པ་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། གདུལ་བྱ་ཚོགས་ལམ་ལ་འགོད། སྦྱོར་ལམ་ལ། མཐོང་ལམ་ལ། སྒོམ་ལམ་ལ་འགོད་དང་བཞི། བཞི་པ་ལ། ས་གཉིས་པ་ནས་ལྔ་པའི་བར་ལ་འགོད། དྲུག་པ་ལ་འགོད། བདུན་པ་ལ། བརྒྱད་པ་ལ། དགུ་པ་ལ། བཅུ་པ་ལ་འགོད་པ་སྟེ་དྲུག་གོ །དྲུག་པ་ལ་ཡང་ས་བཅུ་ཐོབ་མ་ཐག་པ་ལ་འགོད། སྐྱེ་བ་གཅིག་གིས་ཐོགས་པ་ལ་འགོད། སྲིད་པ་ཐ་མ་ལ་འགོད་པ་དང་གསུམ། ས་བཅུ་པ་ཐོབ་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པས་དེའི་ཚུལ་ལ་གཉིས་ཏེ། སྣང་བས་འཕྲིན་ལས་བསྒྲུབ་པ་དང༌། མཆོད་པས་དབང་བསྐུར་ཐོབ་པ་གཉིས་ཀྱི་དང་པོ་ནི། ས་བཅུ་པ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་ལ་བྱང་སེམས་རང་ཉིད་འདུག་ཅིང༌། དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་གདུལ་བྱའི་གྲངས་དང་མཉམ་པའི་པདྨ་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་འདུག་པར་སྣང་བའོ། །གཉིས་པ་འཕྲིན་ལས་བསྒྲུབ་པ་ནི་བྱང་སེམས་དེའི་ཞབས་ཀྱི་མཐིལ་གཉིས་དང༌། པུས་མོའི་ལྷ་ང་གཉིས་དང༌། ལྟེ་བ་དང༌། རྩིབ་ལོག་གཉིས་དང༌། ཕྱག་མཐིལ་གཉིས་ལ་འོད་ཟེར་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་བཞིན་དུ་འགྲོ་བ་ལྔའི་སྡུག་བསྔལ་རྣམས་ཞི་བར་མཛད་དོ། །ཕྲག་པ་གཉིས་དང༌། མགུལ་གཉིས་དང༌། ཞལ་ནས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་སེམས་ཀྱི་གནས་སུ་སྣང་བར་བྱས་ནས་ཆོས་སྐུ་ཚད་མེད་པ་ཉེ་བར་སྒྲུབ་པར་བྱེད་དོ། །གཉིས་པ་ལ་མཆོད་པ་དང་དབང་བསྐུར་བ་གཉིས། དང་པོ་ནི། བྱང་སེམས་དེའི་མཛོད་སྤུ་དང༌། སྤྱི་གཙུག་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་སྤྲོས་པས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་དཔལ་རྣམས་སྣང་བར་བྱས་ནས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། དེ་བཞིན་གཤེགས་པ་མཆོད་པ་དང༌། སེམས་ཅན་གྱི་དོན་བྱེད་དོ། །གཉིས་པ་ནི། རྒྱལ་བ་སྲས་དང་བཅས་པ་དེ་དག་གིས། བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབ་པར་གཟིགས་ནས། དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་དང་བཅས་པ་བྱུང་སྟེ་འཇིག་རྟེན་གྱི་ཁམས་སྣང་བར་བྱས། བདུད་ཐམས་ཅད་ཟིལ་གྱིས་མནན་ནས་བྱང་སེམས་དེའི་སྤྱི་བོར་ཐིམ་ཞིང་འཁོར་གྱི་འོད་ཟེར་རྣམས་ཀྱང་འཁོར་རྣམས་ཀྱི་སྤྱི་བོར་ཐིམ་མོ། །ཕྱོགས་བཅུ་ནས་ས་དགུ་པ་མན་ཆད་ཀྱི་བྱང་སེམས་མཐའ་ཡས་པ་འོངས་ཏེ། བྱང་སེམས་དེ་ལ་བལྟ་བ་དང༌། མཆོད་པ་དང༌། ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་འཇུག་པར་བྱེད། བྱང་སེམས་དབང་བསྐུར་ཐོབ་པ་རྣམས་ཀྱི་དཔལ་གྱི་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་རྣམས་ལས། བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར། འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། ཆོ་འཕྲུལ་མུ་མེད་པ་བསྟན། བདུད་ཐམས་ཅད་ཟིལ་གྱིས་མནན། བྱང་སེམས་དེའི་དཔལ་གྱི་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་རྣམས་སུ་ཐིམ་པས་བྱང་སེམས་དེའི་མཐུ་དང༌། སྟོབས་དང༌། ཤེས་རབ་དང༌། གཟི་བརྗིད་དང༌། འཕྲིན་ལས་ཕུན་སུམ་ཚོགས་པར་བྱེད་ཅིང༌། རྣམ་པར་འཕེལ་བར་བྱེད་དོ། །དེ་ལྟར་གཞུང་གཞན་ལུང་གི་མཐའ་ཆོད་ཅིང༌། །གཞུང་འདིའི་ཚིག་དོན་གསལ་ལ་ཚིག་ཟུར་ཕྱིན། །བརྗོད་བྱའི་དོན་རྣམས་ཡིད་ཆེས་ལུང་དང་འགྲོགས། །རྗོད་བྱེད་སྒྲིག་ལེགས་མཁས་པ་མགུ་བྱེད་འདི། །མདོ་དང་འདུལ་བའི་ཆུ་བོ་མང་འདུས་ཤིང༌། །རྒྱ་ཆེན་མངོན་པའི་ཆུ་ཀླུང་འབུམ་ཕྲག་གིས། །བློ་གསལ་མང་པོའི་རེ་བ་སྐོང་བའི་ཕྱིར། །སྡེ་སྣོད་གསུམ་གྱི་ལུང་དོན་རྒྱ་མཚོ་ཡིན། །དེ་ལས་བྱུང་བའི་དགེ་ཚོགས་རྒྱུན་གསུམ་པ། །སྲིད་ཞིར་འདུན་པའི་རྙོག་པ་དང་བྲལ་འདིས། །མཐའ་ཡས་འགྲོ་བའི་སྒྲོད་པ་ཀུན་ཁྲིད་ནས། །ཀུན་མཁྱེན་རྒྱལ་བའི་མཚོ་ཆེན་དེར་བསྒྲོད་ཤོག །ཚེ་འདིའི་ཉིན་བྱེད་འཆི་བདག་མུན་ནག་གིས། །རྣམ་པར་ཟོས་ཚེ་ཡིད་ཀྱི་ནམ་མཁའ་ལ། །བྱམས་མགོན་ཐུགས་རྗེའི་འོད་དཀར་སྣང་བ་ཡིས། །དགའ་ལྡན་བགྲོད་པའི་ལམ་བཟང་དེར་གསལ་མཛོད། །དེ་ནས་རྗེ་བཙུན་ཞབས་ལ་འདུན་པ་དང༌། །རྣམ་དཀར་སྨོན་ལམ་རྐྱེན་གྱིས་མཚམས་སྦྱར་ནས། །ཚུལ་ཁྲིམས་དག་པའི་ཡིད་ཀྱི་གཞོན་ནུ་གང༌། །མ་ཕམ་རྒྱལ་བའི་ཞབས་དྲུང་དེར་བགྲོད་ཤོག །གནས་དེར་བཅོམ་ལྡན་ཞལ་གྱི་བདུད་རྩིའི་རྒྱུན། །ལེགས་པར་འཐུངས་ཤིང་ཆོས་ལ་བཟོད་ཐོབ་ནས། །རྒྱལ་བའི་སྲས་ཀྱི་རྣམ་ཐར་རྒྱ་ཆེན་གྱིས། །མཐའ་ཡས་འགྲོ་བའི་དོན་ལ་བརྩོན་པར་ཤོག །མང་ཐོས་མཚོ་ནས་རྣམ་དཔྱོད་ཁྱབ་འཇུག་གིས། །སྟོན་པའི་ལེགས་བཤད་འོད་དཀར་སྤྲོ་བྱེད་འདི། །ཕྲ་དོག་དུས་སེམས་ནམ་ཡང་མི་སྒྲིབ་པར། །བློ་གསལ་བདེ་འབྱུང་གཙུག་ན་གསལ་གྱུར་ཅིག །དིང་སང་འདི་ན་མཁས་འདོད་ཆུ་བྱའི་ཚོགས། །ཆོས་བརྒྱད་སྨི་རྒྱུའི་ཆུ་གཏེར་ཉམས་དགའ་བ། །ཚིག་ཟོལ་སྒྱུ་མའི་རླབས་འཕྲེང་གཡོ་གང་དེ། །སྲེད་པའི་ཞགས་པས་བཅིངས་པ་མང་མཐོང་ནས། །རྣམ་དཔྱོད་གཤོག་ཡངས་རབ་རྒྱས་ངང་པའི་དབང༌། །བློ་གསལ་མང་པོའི་འཁོར་དང་ལྷན་ཅིག་ཏུ། །གསུང་རབ་རྒྱ་མཚོའི་དེ་ཉིད་འཚོལ་བ་ལ། །ཕྱི་ནང་རྐྱེན་གྱིས་གེགས་བྱེད་མ་གྱུར་ཅིག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པ་ལུང་དོན་རྒྱ་མཚོ་ཞེས་བྱ་བ་འདི་ནི། ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་རྗེས་རྣམ་པར་བཤད་པ་ཚིག་དོན་རབ་ཏུ་གསལ་བའི་རྗེས་སུ་འབྲངས། བདག་དང་སྐལ་བ་མཉམ་པའི་སྐྱེ་བོ་འགའ་ཞིག་ལ་ཕན་པར་གྱུར་ཅིག་སྙམ་དུ་བསམ་ནས། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མཁས་པའི་བསྟི་གནས་གསང་ནེའུ་ཐོག་ལེགས་པར་བཤད་པའི་སྒྲ་དབྱངས་སྒྲོགས་པའི་དགའ་ཚལ་དུ་སྦྱར་བ་ཡིན་ནོ། །དགེའོ། །བཀྲ་ཤིས།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply