བྱང་ཨ་རི་དཔལ་ས་སྐྱའི་སྨོན་ལམ་གསལ་བསྒྲགས་འཕར་མ།

བྱང་ཨ་རིར་གནས་བཞུགས་དད་ལྡན་སློབ་འབངས་རྣམས་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ།

             ཆེད་གསོལ།
   
དེ་ཡང་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ་སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༧ ཚེས་༡༣- ༡༤- ༡༥ བཅས་ཉིན་གསུམ་གྱི་རིང་ལ་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དབུ་བཞུགས་གནང་ཐོག་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཨ་རིའི་ས་གནས་མི་ནི་སོ་ཊ་མངའ་སྡེ་རུ་འཚོག་རྒྱུ་གཏན་ཁེལ་ཟིན་པ་གསལ་བསྒྲགས་སྔོན་སོང་ལྟར་ཡིན་པ་དང་། སླར་ཡང་གསལ་བསྒྲགས་འཕར་མ་ཞིག་ཞུ་རྒྱུ་ནི། སྤྱི་ལོ་༢༠༡༨ ལོའི་སྤྱི་ཟླ་༧ ཚེས་༡༦ སྟོན་མཆོག་ཐུབ་པའི་དབང་པོས་ཆོས་འཁོར་བསྐོར་བའི་དུས་ཆེན་ཁེལ་ཡོད་སྟབས། སྤྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་དར་རྒྱས་ཡུན་གནས་འབྱུང་བ་དང་། བྱེ་བྲག་ཏུ་གངས་ཅན་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་རྐྱེན་བར་ཆད་ཞི་ཞིང་མཛད་ཕྲིན་རྒྱས་པ་སོགས་སྒོ་དུ་མར་དམིགས་ཏེ་བསྟན་པ་རྒྱས་ཆོག་རྒྱས་པ་འཚོགས་གནང་རྒྱུ་དང་དེ་དང་སྟབས་བསྟུན་ནས་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྤྱི་འཇིག་རྟེན་འདི་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་ཆོས་དང་རིག་གཞུང་གང་ཐད་ལ་དགུང་ལོ་བདུན་བཅུ་ལྷག་གི་རིང་ལ་བཀའ་དྲིན་གཞལ་ཐབས་དང་བྲལ་བའི་མཛད་བཟང་གང་མང་གནང་ཡོད་སྟབས་བཀའ་དྲིན་རྗེས་དྲན་གྱི་དོད་དུ་བརྟན་བཞུགས་སྟབས་བདེ་ཞིག་བསྟར་འབུལ་ཞུ་རྒྱུ་བཅས་ལགས་ན། མགོན་པོ་གང་ཉིད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཏེ་དུས་ངན་སྙིགས་མའི་༧སྐྱབས་མགོན་དམ་པ་དང་སྟོན་མཆོག་ཐུབ་པའི་རྒྱལ་ཚབ་ཏུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་གསོལ་བ་ལན་སྟོང་འདེབས་རྒྱུ་དང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རིས་སུ་མ་ཆད་པའི་དད་ལྡན་སློབ་འབངས་ཡོངས་ཀྱིས་དེ་ལྟར་ཐུགས་ལ་ངེས་པའི་ཐོག་ནས་ངེས་ཕེབས་གནང་རོགས་ཞུ་རྒྱུ། འདི་ལོའི་སྨོན་ལམ་སྐབས་དང་པོའི་ཉམས་མྱོང་གི་རྒྱུད་རིམ་གཞིར་བྱས་ཏེ་ཚོགས་ཕེབས་བ་རྣམས་ནས་སྨོན་ལམ་གྱི་སྔོན་དུ། འདི་ག་ལས་ཁུངས་དང་། སྨོན་ལམ་ཚོགས་པའི་དྲྭ་བ་གང་རུང་དུ་ཐོ་འགོད་ངེས་པར་དུ་གནང་དགོས་རྒྱུ་བཅས།

ཞེས་བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ཡིག་ཚང་ནས།
སྤྱི་ལོ་༢༠༡༨ སྤྱི་ཟླ་༢ ཚེས་༢ ཉིན་ཕུལ།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*