སྐྱབས་མགོན་༸ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཉིས་སྟོང་བཅུ་གསུམ་ལོ་དཔལ་ས་སྐྱའི་མཐོ་སློབ་ཏུ་མཁན་ཆེན་ཨ་པད་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་རབ་གནས་དང་། མཁན་གསར་ཁྲི་སྟོན་གྱི་མཛད་སྒོའི་འཇུག་བླ་གྲྭ་མི་དམངས་བཅས་ལ་ཚེ་བསྒྲུབ་དབང་གནང་བའི་སྐབས་སུ་ཡན་ལག་བདུན་པའི་སྐོར་གྱི་བཀའ་སློབ་ཚན་པ་ཞིག
རྒྱུད་དག་པར་བྱ་བའི་ཕྱིར་དུ་ཡན་ལག་བདུན་པ་བྱ་བའོ་ཞེས་གསུངས་པ་རེད། དེ་ཞེ་དྲག་གལ་ཆེན་པོ་ཡིན་པ་རེད། བསགས་སྦྱངས་སྤེལ་གསུམ་ལས་ཚོགས་བསགས་ཡ་དང་སྡིག་པ་སྦྱངས་ཡ་དགེ་བ་སྤེལ་ཡ། སྤྱན་དམིགས་གནང་ཡ་ལ་རང་རང་གི་མདུན་གྱི་ནམ་མཁའ་རུ་རྩ་བའི་བླ་མ་དང་དབྱེར་མེད་པ། ད་རེས་དཀྱིལ་འཁོར་གཙོ་བོ་དེ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་རང་ཡིན་པ་རེད། རང་རང་གི་རྩ་བའི་བླ་མ་གྲུབ་ཆེན་ཐང་སྟོང་རྒྱལ་པའི་རྣམ་པར་བསྒོམ། དེའི་དབུ་གཙུག་ལ་མགོན་པོ་འོད་དཔག་མེད། མགྲིན་པ་ལ་ཁྲོ་བོ་རྟ་མགྲིན། ཐུགས་ཀ་ལ་གུ་རུ་རིན་པོ་ཆེ། དེའི་མཐའ་འཁོར་དུ་རྩ་བརྒྱུད་ཀྱི་བླ་མ་ཡིད་དམ་བརྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྷ་ཚོགས་ཆོས་སྐྱོང་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་ནོར་ལྷའི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་ཆེན་པོ་གཏིབ་པ་ལྟ་བུ་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་མོས་པ་མཛད།
དེ་དག་གི་མདུན་དུ་རང་དང་རང་གི་བརྩེ་བའི་ཕ་མ་གཉིས་ཐོག་དྲངས་མཁའ་ཁྱབ་རིགས་དྲུག་གི་སེམས་ཅན་ཐམས་ཅན་ཀྱང་ཁྲོམ་ཚོགས་པ་བཞིན་དུ་འཁོད་ཡོད་སྙམ་པའི་མོས་པར་བྱེད། དེ་ནས་ཡན་ལག་བདུན་པ་མཛད་དགོས་ཡོད་རེད། ཡན་ལག་བདུན་པ་ལ་སྤྱིར་བཏང་འདྲ་མི་འདྲ་བ་མང་པོ་ཡོད་རེད། བཟང་སྤྱོད་ནང་གསུངས་པའི་ཡན་ལག་བདུན་པ། སྤྱོད་འཇུག་ལས་གསུང་པའི་ཡན་ལག་བདུན་པ་མང་པོ་ཡོད་རེད་དེ། ད་ལྟ་དམིགས་བསལ་གྱི་སྔགས་ནས་གསུང་པའི་ཡན་ལག་བདུན་པ་འདི། བླ་མ་འགའ་ཞིག་གིས་གསུངས་ན་འདི་ལོངས་སྐུ་ཡི་དོན་དུ་བྱ་བའི་ཡན་ལག་བདུན་པ་རེད་ཟེར་གྱི་འདུག །གང་ཡིན་ཞེ་ན། ལོངས་སྐུ་ངེས་པ་ལྔ་ལྡན་ཡིན་དུས་མྱ་ངན་ལས་མི་འདའ་བ་གསོལ་བ་བཏབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་བཏབ་པ་མི་འདྲ་བ་ཡིན་ཙང་། འདི་ལོངས་སྐུ་ལ་འདོན་པའི་ཡན་ལག་བདུན་པ་རེད་ཅེས་དེ་འདྲ་ཡང་བྱུང་ཡོད་ས་རེད། ཡིན་ན་ཡང་ཡོངས་གྲགས་སྔགས་ནས་གསུང་པའི་ཡན་ལག་བདུན་པ་ཡིན་པ་རེད། ནམ་རྒྱུན་བཟང་སྤྱོད་ཀྱི་ནང་དུ་གསུངས་པ་དེ། སྤྲུལ་སྐུའི་དོན་དུ་བྱ་བའི་ཡན་ལག་བདུན་པ་ཡིན་པ་རེད། སྤྲུལ་སྐུ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ཡོད་དུས། མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་དགོས་པ་རེད་དེ་འདྲ་གསུངས་ཡོད་དེ། གང་ལྟར་ཡོངས་གྲགས་ལ་སྔགས་ནས་གསུངས་པའི་ཡན་ལག་བདུན་པ་དེ་ལ་ཡང་དང་པོ།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པ་དེ་སྡིག་པར་བཤགས་པའི་ཡན་ལག་རེད། སྡིག་པར་བཤགས་དུས་སྐབས་ལ་ཡོངས་གྲགས་སྟོབས་བཞི་ཚང་དགོས་ཡོད་རེད། སྟོབས་བཞི་དེ་གང་རེད་ཅེ་ན། དང་པོ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིས་ཞེས་པ་དེ་རྟེན་གྱི་སྟོབས། སྡིག་པར་བཤགས་པའི་ཡུལ་བླ་མ་དང་སངས་རྒྱས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མཐའ་ཐུག་པ་མངའ་མཁན་རང་གི་མདུན་དུ་མངོན་སུམ་བཞིན་དུ་བཞུགས་ཡོད་སྙམ་པ་དེ་རྟེན་གྱི་སྟོབས། སྡིག་པ་ཐམས་ཅད་སོ་སོར་བཤགས་ཞེས་པ་དེ་སྟོབས་ཕྱི་མ་གསུམ་རེད།
སྟོབས་ཕྱི་མ་གསུམ་ནི་གང་རེད་ཅེ་ན། སྔར་བྱས་པའི་སྡིག་པ་ལ་འགྱོད་པ་སྐྱེས་ནས། སྔར་སྡིག་པར་བྱས་པ་དེ་ནོར་འཁྲུལ་ཆེན་པོར་བྱས་འདུག །དེ་དཔེ་མི་སྲིད་པ་ནོར་འདུག་བསམ་པ། དཔེར་ན་དུག་ཁོག་ཏུ་སོང་བ་ལྟ་བུ་འགྱོད་པ་སྐྱེས་པ་ཡིན་ན་འགྱོད་པ་སྐྱེས་པ་དེ་ཙམ་གྱིས་རང་བཞིན་གྱིས་སྡིག་པའི་ནུས་པ་ཆུང་དུ་འགྲོ་ཡི་ཡོད་རེད། དེ་ལ་རྣམ་པ་སུན་འབྱིན་པའི་སྟོབས་ཟེར། གང་ལྟར་ཡང་དུག་ཁོག་ཏུ་སོང་བ་ལྟ་བུ་འགྱོད་སེམས་དྲག་པོ་དེ་རྣམ་པ་སུན་འབྱིན་པའི་སྟོབས། དེ་ནས་ད་ལྟ་བཤགས་པར་བྱེད་པ་དང་ཆབས་གཅིག་ཏུ་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་འདི་ལྟ་བུ་ནི་ནམ་ཡང་མི་བྱེད་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ནས་བཤགས་སྡོམ་ཚུལ་བཞིན་དུ་བྱས་པ་ལ་བརྟེན་ནས་སྡིག་པ་ཆེ་ཆུང་གང་འདྲ་ཡིན་ན་ཡང་དག་ངེས་ཡིན་སྙམ་པ་དེ་ཉམས་པ་ལས་སོར་ཆུད་པའི་སྟོབས། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བྱས་པ་ཡིན་ན་སྡིག་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་མི་དག་པ་མེད་པ་ཡིན་པ་རེད། དེ་ཡིན་དུས་སྡིག་པར་བཤགས་པའི་ཡན་ལག་ཡིན་པ་རེད།
འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཞེས་པ་དེ་དགེ་བ་ལ་རྗེས་སུ་ཡི་རང་པའི་ཡན་ལག་འཁོར་འདས་གཉིས་ཀྱིས་བསྡུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཕགས་པའི་ཁོངས་སུ་ཞུགས་པ་རྣམས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་དེ་བཞིན་སོ་སོ་སྐྱེ་བོ་རང་ཉིད་དང་བཅས་པའི་དགེ་བ་ཆེ་ཆུང་གང་འདྲ་ཞིག་བསགས་པ་ཡིན་ན་ཡང་དེ་དག་ལ་ཕྲག་དོག་དང་འགྲན་སེམས་ལ་སོགས་མེད་པ་སྙིང་ནས་རྗེས་སུ་ཡི་རང་པ་རྒྱབ་སྐྱོར་བྱས་པ་ཡིན་ན་དགེ་བ་དག་གཞན་གྱིས་བསགས་པ་ཡིན་ན་ཡང་རང་གི་རྒྱུད་ལ་བསོད་ནམས་ཆེན་པོ་འཐོབ་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཙ་ན་། དགེ་བ་ལ་རྗེས་སུ་ཡི་རངས་པའི་ཡན་ལག
སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཅེས་པ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བའི་ཡན་ལག །བྱང་ཆུབ་ཀྱི་སེམས་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཡོད་པ་ལས། དོན་དམ་བྱང་ཆུབ་ཀྱི་སེམས་དེ་གང་འདྲ་རེད་ཅེ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་སྟོང་པ་ཉིད་དེ་ཡིན་པ་རེད། དོན་དམ་བྱང་ཆུབ་ཀྱི་སེམས་ཆོ་གའི་སྒོ་ནས་ཐོབ་ཡ་ཡོད་མ་རེད། དོན་དམ་བྱང་ཆུབ་ཀྱི་སེམས་དེ་བསྒོམ་པའི་སྟོབས་ཀྱིས་ཐོབ་དགོས་ཡོད་རེད། ཡིན་ན་ཡང་ད་ལྟ་འདི་ལ་དམ་བཅའ་རུ་བྱས་ནས་སྔོན་བྱུང་བ་འདས་པའི་དུས་སངས་རྒྱས་རྣམས་ཀྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཐུགས་མཉམ་པར་བཞག་ནས་ཇི་ལྟར་སློབ་ནས་མཛད་པ་ལྟར། དེ་བཞིན་བདག་གིས་ཀྱང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ལ་མཉམ་པར་བཞག་ནས་སྒོམ་གྱི་ཡིན་བསམས་ནས་དམ་བཅའ་བྱས་པ་དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་གཟུང་བའི་ཡན་ལག་གསུངས་པ་རེད།
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཅེས་པ་དེ་སྐྱབས་སུ་འགྲོ་བའི་ཡན་ལག་རེད། དེ་དཔེ་གལ་ཆེན་པོ་རེད་ཆོས་ཐམས་ཅད་ཀྱི་རྩ་བ། ལམ་ཐམས་ཅད་ཀྱི་སྔོན་འགྲོ། སྡོམ་པ་ཐམས་ཅད་ཀྱི་རྟེན། ཕྱི་པ་དང་ནང་པའི་ཁྱད་པར་འབྱེད་བྱེད་དེ་སྐྱབས་འགྲོ་ཡིན་པ་རེད། ཕྱི་རྒྱལ་གྱི་མི་ཚོ་ནང་པར་བྱེད་པ་ལ་སྔོན་དུ་སྐྱབས་སྡོམ་ཞུས་ཟེར་ནས་འབད་བརྩོན་ཆེན་པོ་གནང་གི་ཡོད་རེད། ང་ཚོ་བོད་མི་ཚོ་དང་ཧི་མ་ལ་ཡའི་མི་ཚོ་ནང་པ་ཡིན་ཞག་བྱས་ནས་དམིགས་བསལ་སྐྱབས་སྡོམ་ཞུ་མཁན་མང་པོ་ཡོད་རེད་དེ། ཡིན་ན་ཡང་ཡངས་ཀྱིས་སྐྱབས་སྡོམ་ཞུ་ཡ་ལ་དོ་སྣང་མེད་པར་ཆགས་ཀྱི་ཡོད་རེད།
སྐྱབས་འགྲོའི་སྡོམ་པ་ཐོབ་དགོས་ཡ་དཔེ་གལ་ཆེན་པོ་ཡིན་པ་རེད། ནང་པའི་མི་རིགས་ལ་སྐྱེས་པ་གཅིག་པུ་ཡིས་ནང་པ་ཆགས་ཀྱི་ཡོད་མ་རེད། སྐྱབས་འགྲོ་སྡོམ་པ་ཞུས། ཐར་པ་དོན་གཉེར་གྱི་སྒོ་ནས་སངས་རྒྱས་ཆོས་དང་དགེ་འདུན་ལ་སྙིང་ནས་སྐྱབས་སུ་འགྲོ་བ་ཡིན་ན། དེའི་ཉིན་མོར་གཞི་ནས་ནང་པ་ཆགས་ཀྱི་ཡོད་རེད། འདིའི་སྐབས་སུ་ཡང་སྐྱབས་འགྲོ་བྱས་པ་ལ་བརྟེན་ནས་སྐྱབས་འགྲོའི་སྡོམ་པ་འཐོབ་ཀྱི་ཡོད་རེད། སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཡིན་ན་ཕན་ཡོན་ཆེན་པོ་གསུངས་པ་རེད། སྐྱབས་སོང་བསོད་ནམས་འདི་ལ་གཟུགས་མཆིས་ན། །ནམ་མཁའི་བར་སྣང་འདི་ཡང་སྣོད་དུ་ཆུང་གསུངས་པ་ནང་བཞིན། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། ཐེག་ཆེན་སྐྱབས་འགྲོའི་ཁྱད་པར་བཞི་ལྡན་ཞེས། རྒྱུའི་ཁྱད་པར་སྙིང་རྗེ། ཡུལ་གྱི་ཁྱད་པར་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་ཆོས། དགེ་འདུན་ཐེག་ཆེན་གྱི་དགེ་འདུན་མཚན་ཉིད་པ་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའ། དུས་ཀྱི་ཁྱད་པར་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཆེད་དུ་བྱ་བ་རང་ཉིད་ཀྱི་དོན་དུ་མ་ཡིན་པ་མཁའ་ཁྱབ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཡ་དང་། བདེ་བ་ལ་བཀོད་ཡ་དེ་འདྲའི་ཆེད་དུ་སྐྱབས་སུ་འགྲོ་བ་དང། ལམ་སྟོན་པ་པོ་སངས་རྒྱས་དཀོན་མཆོག །ལམ་དངོས་ཆོས་དཀོན་མཆོག །ལམ་བསྒྲུབ་པའི་ཟླ་གྲོགས་དགེ་འདུན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་སྐྱབས་སུ་འགྲོ་བའི་ཡན་ལག
རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་དེ་སྨོན་པའི་སེམས་བསྐྱེད་པའི་ཡན་ལག་ཏུ་གསུངས། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ལ་ཡང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་ཡང་སྨོན་པའི་སེམས་དང་འཇུག་པའི་སེམས་གཉིས། འགྲོ་བ་འདོད་དང་འགྲོ་བ་ཡིས། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །ཞེས་གསུངས་པ་ནང་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་འདུག་ཅི་ནུས་ཀྱང་ཐོབ་དགོས་འདུག །ངེས་པར་དུ་ཐོབ་དགོས་འདུག་བསམ་བསམ་གྱི་བློ་དེ་སྨོན་པའི་སེམས་ཡིན་པ་རེད། འདི་ཡི་སེམས་དེ་ཡུལ་ཁྱད་པ་ཅན་གྱི་མདུན་ནས་དམ་བཅའ་བྱས་པ་ཡིན་ན་དེ་ལ་སྨོན་པའི་སེམས་བསྐྱེད་པའི་ཡན་ལག་ཡན་ལག་བདུན་གྱི་ནང་ནས་ཡན་ལག་གཅིག
བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་དེ་འཇུག་པའི་སེམས་བསྐྱེད་པའི་ཡན་ལག །འཇུག་པ་སེམས་བསྐྱེད་པའི་རྗེས་ལ་དེ་ལྟ་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡི་ཆེད་དུ་སྔོན་བྱུང་བའི་འདས་པའི་དུས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཇི་ལྟར་སློབ་པ་དེ་བཞིན་དུ་བདག་གིས་ཀྱང་རང་སྨིན་པར་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཞན་སྨིན་པར་བྱེད་པར་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་དེ་དང་ཚུལ་བཞིན་དུ་སློབ་ཀྱི་ཡིན་བསམ་པར་བྱས་པ་ཡིན་ན་དེ་ལ་འཇུག་པའི་སེམས་བསྐྱེད་པའི་ཡན་ལག་གསུངས་བ་རེད།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་དེ་བསྔོ་བའི་ཡན་ལག །སྡིག་པར་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་བསོད་ནམས་དཔག་ཏུ་མེད་པ་ཡོད་པ་དེ་དག་ཆུད་མི་ཟ་བ་དང་། དགེ་བའི་རྩ་བའི་མཐུ་འདི་དག་ལ་བརྟེན་ནས་རྣམ་པར་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་འཕང་ཐོབ་པར་ཤོག་ཟེར་ནས་བསྔོ་བར་བྱས་པ་ཡིན་ན་དེ་ཆུད་ཟ་རུ་འགྲོ་ཡི་མེད་རེད། དེ་མིན་བསྔོ་བ་མ་བྱས་པ་ཡིན་ན་ཁོང་ཁྲོ་སོགས་བྱེད་དགོས་བྱུང་བ་ཡིན་ན་དགེ་བ་དེ་ཆུད་ཟད་དུ་འགྲོ་ཡི་ཡོད་རེད། བསྔོ་བར་བྱས་པ་ཡིན་ན་ཆུད་ཟད་དུ་མི་འགྲོ་བའི་ཐོག་ལ་ཉིན་རེ་བཞིན་དུ་འཕེལ་འགྲོ་བ་ཡིན་དུས། ཡན་ལག་བདུན་པ་དེ་ཞེ་དྲག་གལ་ཆེན་པོ་རེད་གསུངས་པ་རེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིས་ཞེས་པའི་ཡན་ལག་བདུན་པ་དེ་དབང་ཕལ་ཆེ་བའི་སྐབས་ལ་ཡོད་རེད། དེ་བཞིན་ཁ་འདོན་བདག་བསྐྱེད་བསྡུས་བསྡུས་གཅིག་མ་གཏོགས་མེད་ན་ཡང་ཕལ་ཆེ་བ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིས་ཞེས་པ་དེ་ཡོད་རེད་བཅས་བཀའ་བསྩལ་ཏོ། །
རྩོམ་སྒྲིག་པ། མཐོ་སྒང་བུ་ཕྲུག
Leave a Reply