དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོ།

༼ང་༽༄༅། །དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོ་ཞེས་བྱས་བསྟན་བཅོས་བཞུགས་སོ།།

ཨོཾ་དགེ་ལེགས་སུ་བྱ་བ་གྲུབ་པར་གྱུར་ཅིག ཆོས་དབྱིངས་དག་པའི་མཁའ་ལས་མ་འཕོས་པར། །མི་འཇིགས་རྣམ་བཞིའི་ཤིང་རྟ་ལ་ཆིབས་ནས། །སྟོང་གསུམ་ཞིང་དུ་ཉི་བཞིན་རྟག་འཆར་བ། །ཐུབ་དབང་ཉི་མ་ཆེན་པོར་ཕྱག་འཚལ་ལོ། །སྙིང་རྗེའི་ཆ་ཤས་བསགས་པའི་ཟླ་བ་ནི། །མཚན་མོའི་མགོན་པོར་ནམ་ཡང་འཆར་བཞིན་དུ། །བདེན་དོན་བཅུ་གཉིས་བདག་པོའི་ལང་ཚོ་ཡིས། །ས་ཆེན་ཉིན་མོར་མཛད་པས་རྟག་སྲུངས་ཤིག །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། གང་ཡང་འདི་ན་སྙན་པར་གྲགས་པའི་གདུགས་དཀར་ཐིག་ལེའི་བསིལ་ཡབ་གཅིག་གིས་སྲིད་པ་གསུམ་པོ་མཐའ་དག་ཁེབས་པར་མཛད་པས། མཐའ་ཡས་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བའི་ཉེ་བར་འཚོ་བ་ཆེན་པོ་ལ་ལོངས་སྤྱོད་དུ་འཇུག་པར་བྱེད་པ་པོ་ནི། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ན། དེ་ཡི་བསྟན་པ་རིན་པོ་ཆེ་མ་ལུས་པའི་སྙིང་པོ་དང་ཉིང་ཁུར་གྱུར་པ་ནི། དབུ་མའི་ལམ་ཞེས་ཀུན་ལ་གྲགས་པ་འདི་ཡིན་ལ། དེའི་རྣམ་པར་བཞག་པ་མདོ་ཙམ་ཞིག་བརྗོད་པར་བྱ་བ་ལ། རྒྱལ་བ་མཆོག་གི་ཕྲིན་ལས་དབང་པོའི་བཀའ་གནང་བ་ཉིད་ཀྱི་ཕྱིར་ན། འཆད་པར་འགྱུར་བ་འདི་ཙམ་ཞིག་འབྲི་བ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བཤད་པར་དམ་བཅས་ཏེ། འདི་ལྟར་བཤད་པ་ལ་དོན་གསུམ་སྟེ། དབུ་མའི་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞི་རབ་ཏུ་དབྱེ་བའོ། །དང་པོ་ནི། མཐའ་གཉིས་རྣམ་པར་སྤང་བའི་ལམ་མོ། །གཉིས་པ་ལ་གསུམ་ཏེ། མཐའི་ངོས་འཛིན་གང་ཡིན་པ་དང༌། ལམ་གྱི་དང༌། དེ་ལྟར་ངོས་ཟིན་པས་དབུ་མ་ཉིད་དུ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། སྤྱི་ཙམ་ནས་དང༌། སྐབས་སུ་བབ་པ་དང༌། དེ་ལ་རྩོད་པ་སྤང་བ་རྣམས་སོ། །དང་པོ་ལ། ཕྱི་རོལ་པ་དང༌། ཆོས་འདི་པ་དག་གི་ཁྱད་པར་ནི། ལྟ་བ་མཐའ་ལ་གནས་པ་དང༌། དབུས་ལ་གནས་པ་ལས་དང༌། སྤྱོད་པ་ཕྱི་རོལ་ལ་ཆགས་པ་དང༌། ནང་ལ་འཇུག་པ་གཉིས་ལས་ནི། མུ་སྟེགས་པ་དང༌། ཕྱི་རོལ་པ་དང༌། དབུ་མ་པ་དང༌། ནང་པ་ཞེས་བྱའོ། །འདིར་སྐབས་སུ་བབ་པ་ནི། ལྟ་བའི་ཁྱད་པར་ལས་ཏེ། ཕྱི་རོལ་པ་དག་ནི། བདག་སོགས་བྱེད་པའི་སྐྱེས་བུ་བཅུ་གཉིས་པོ་ཡོད་པར་ཁས་ལེན་པ་རྟག་སྨྲ་བ་དང༌། ཚེ་འདིར་མཐོང་བའི་བདག་སོགས་ནི་ཡོད་ལ། སྔ་མ་ནས་འདིར་འོང་བ་དང༌། འདི་ནས་ཕྱི་མར་འགྲོ་བའི་བདག་སོགས་ཁས་མི་ལེན་པ་ནི་ཆད་སྨྲ་བ་སྟེ། གྲུབ་མཐའ་སྨྲ་བའི་ཕྱི་རོལ་པ་ནི། མཐའ་དག་དེར་འདུས་པས་ན། ཀུན་ཀྱང་མཐའ་འམ་མུ་ལ་སྟེགས་འཆའ་བས་ན་མུ་སྟེགས་བྱེད་དོ། །ནང་པའི་དབུ་མ་ལ་གྲུབ་མཐའ་འོག་མ་པ་དག་དང་ཐུན་མོང་དུ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་ཀུན་དུ་བཟུང་བའི་ང་དང་བདག་སོགས་ནི་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་ན། ཡོད་པའི་མཐའ་ནི་ལྟ་ཅི་སྨོས། ཡོད་པ་ཞིག་ལ་རིགས་པའི་སྟོབས་སམ། འཇིག་པར་བྱེད་པའི་རྒྱུ་གཞན་ཞིག་གིས་མེད་པར་བྱས་པའང༌། མ་ཡིན་པའི་ཕྱིར་ན། མེད་པའི་མཐའ་ལས་ཀྱང་གྲོལ་ལོ། །ཡོད་པ་མ་ཡིན་པ་ཅི་ཞེ་ན། བདག་ཕུང་གཅིག་དང་ཐ་དད་སོགས་སུ་ཚོལ་བྱེད་ཀྱི་རིགས་པ་ལྔས་བཙལ་བ་ན་མ་རྙེད་པའི་ཕྱིར་རོ། །ཞེས་པ་སྟེ། རིགས་པ་འདི་ལས་དེ་ལྟར་འདོད་པ་ནི་ནང་པ་ཐམས་ཅད་ཀྱི་ཐུན་མོང་ངོ༌། །འོན་ཀྱང་སྣལ་མ་བུའི་སྡེ་པས་ནི། རྟག་མི་རྟག་གི་ཁྱད་པར་སྦྱར་ནས་འཆད་དོ། །ཉན་ཐོས་སྡེ་པས་ཆོས་བདག་གི་མཐའ་སེལ་ཚུལ་ཅུང་ཟད་ཁས་ལེན་པ་ནི། སྤྱི་མཚན་ཇི་སྙེད་པ་ནི་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། ཡོད་མཐའ་ལས་གྲོལ། འཁྲུལ་ངོར་ཡོད་ཀྱང་རིགས་པ་ཡང་དག་གམ། རྒྱུ་གཞན་གྱིས་མེད་པར་བྱས་པ་མ་ཡིན་པས་ན་མེད་མཐའ་ལས་ཀྱང་གྲོལ་ལོ། །ཐེག་པ་ཆེན་པོ་ལ། སེམས་ཙམ་པ་དང༌། གྲུབ་མཐའ་བཞི་ཀའི་རྩེ་མོ་པ་གཉིས་ལས། དང་པོས་ནི། ཉན་ཐོས་པ་དང་ཐུན་མོང་གི་མཐའ་གཉིས་སེལ་ཚུལ་དེ་གཞིར་བཞག་ནས། སྣང་མཁན་རང་གི་སེམས་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ནས་རྡུལ་ཕྲ་རབ་ཀྱི་བར་གདོད་མ་ནས་ཡོད་མ་མྱོང་བས་ན། ཡོད་མཐའ་སེལ། ཡོད་མཐའ་བསལ་བ་དེ་ཡང༌། རིགས་པ་ལྟ་བུའི་སྟོབས་ཀྱིས་མེད་པར་བྱས་པ་མ་ཡིན་པས་ན་མེད་མཐའ་སེལ། དེ་ལྟར་བསལ་བའི་དབུ་མ་ནི། གཟུང་བའི་ཆོས་དང་གང་ཟག་གི་དབང་དུ་བྱས་པའི་མཐའ་གཉིས་སེལ་ཚུལ་དེ་དང་དེས་ཁྱད་པར་དུ་བྱས་པའི་ལམ་མཐའ་དག་གོ །དངོས་པོར་སྨྲ་བ་འདི་དང་དེ་དག་གིས་ནི། ལྟ་བའི་ཚེ་མཐའ་གཉིས་སེལ་བར་མ་ཟད། སྤྱོད་པའི་ཚེ་དེ་དག་སེལ་ཏེ། སེམས་ཙམ་པས་ནི་སྤྱོད་པ་བསོད་ནམས་ཚོགས་སོག་གི་ཚེ་ཡང་ཕྱི་རོལ་གྱི་དོན་ཡོད་པར་ཁས་མི་ལེན་པས་དང༌། བྱེ་སྨྲས་ནི། གང་ཡོད་པ་ཐམས་ཅད་རྫས་སུ་ཡིན་གྱིས། བཏགས་པའི་ཡོད་པ་ཁས་མི་ལེན་པས་སོ། །གཉིས་པ་སྐབས་སུ་བབ་པ་གྲུབ་མཐའ་བཞི་པའི་མཐའ་གཉིས་སེལ་ཚུལ་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དང༌། ངོ་བོ་ཉིད་མེད་པར་སྨྲ་བའོ། །དང་པོ་ནི། བྱམས་པའི་ཆོས་ལས་གསུངས་པ་ལྟར། གཟུང་བ་དང༌། འཛིན་པའི་དངོས་པོ་ནི། གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་ཡོད་མཐའ་སེལ། དེ་ཡང་རིགས་པ་ཡང་དག་གམ་རྒྱུ་རྐྱེན་གཞན་གྱིས་མེད་པར་བྱས་པ་མ་ཡིན་པས་ན་མེད་མཐའ་སེལ་ལོ། །དེའི་ཤེས་བྱེད་ཀྱང༌། སྔར་ཡོད་པ་ཞིག་ཕྱིས་མེད་པར་སོང་བ་ཉིད་དུ་ཁས་བླངས་ན་མེད་པའི་མཐའ་ལ་གནས་པ་སྟེ། འཇིག་རྟེན་པས་ནི་སྔར་ནོར་རྫས་ཡོད་པ་ལ་ཕྱིས་ཟད་པའི་ཚེ་ནོར་མེད་དུ་ཁས་བླངས་པས་རྟག་ཆད་གཉིས་ཀའི་མཐའ་ལ་གནས་པའོ། །ལུགས་འདིའི་དབུ་མ་ནི། གཟུང་འཛིན་གྱི་མཐའ་གཉིས་ལས་གྲོལ་བའམ་རང་རིག་རང་གསལ་བའོ། །ལུགས་འདིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་ཁས་མི་ལེན་པས་ན། སེམས་ཙམ་པ་དང་ཁྱད་པར་ཤིན་ཏུ་ཆེའོ། །གཉིས་པ་ནི། ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་མཐའ་དག་གདོད་མ་ནས་ཡོད་མ་མྱོང་བས་ན་ཡོད་པའི་མཐའ་སེལ། སྔར་ཡོད་པ་ཞིག་རིགས་པའམ་འཕགས་པའི་ཤེས་མཐོང་གིས་མེད་པར་བྱས་པ་མ་ཡིན་པས་ན་མེད་པའི་མཐའ་སེལ། སུ་ཡང་ཡོད་མ་མྱོང་བས་ན་གཉིས་ཀ་ཡིན་པའི་མཐའ་སེལ། གང་ལ་ལྟོས་པའི་ལྟོས་ས་གཉིས་ཀ་ཡིན་པ་མི་སྲིད་ན། བལྟོས་ཆོས་གཉིས་ཀ་མ་ཡིན་པའང་ཁས་ལེན་པར་མི་ནུས་ཏེ། ལྟོས་གྲུབ་མ་ཡིན་པའི་ཆོས་ཁས་བླངས་ན་བདེན་གྲུབ་ལས་མ་འདས་པའི་ཕྱིར། ཇི་སྐད་བཤད་པའི་མེད་མཐའ་སེལ་ཚུལ་མཐའ་དག་ནི། དབུ་མ་པ་ཆེན་པོ་རྣམས་ཀྱིས་དྲངས་པའི་མདོ་ལས། སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་བྱེད་ཀྱི། ཆོས་རྣམས་ཉིད་སྟོང་པ་དང༌། ཞེས་སོགས་རྒྱས་པར་དྲངས་པའི་དོན་ཡིན་པར་གསལ་ལ། གསུམ་པ་ནི། བོད་ཕྱི་མ་དག ཐ་སྙད་དུ་ཡོད་པའི་ཕྱིར་མེད་མཐའ་སེལ་ལ། བདེན་པར་མེད་པའི་ཕྱིར་ཡོད་མཐའ་སེལ་ལོ། །ཞེས་པ་ནི། ལུང་དང་མ་མཐུན་ཏེ། ལྟ་བའི་ཚེ་ཡོད་འཛིན་གྱི་རྟོག་པ་བཟློག་དགོས་པ་མ་ཤེས་པ་དང༌། ལྟ་བའི་ཚེ་ཐ་སྙད་དབང་བཙན་པར་སོང་བ་དང༌། གཉིས་ཡིན་གྱི་མཐའ་མི་སེལ་ན་ལུང་དང་འགལ་ལ། སེལ་ན་ཁས་བླངས་དངོས་སུ་འགལ་བའི་ཕྱིར། གཉིས་པ་ལམ་གྱི་ངོས་འཛིན་གང་ཡིན་པ་ནི། ཡོད་མེད་ཀྱི་མཐའ་གཉིས་སེལ་དགོས་ན། དེ་ལས་མ་གཏོགས་པའི་ལམ་མི་སྲིད་དོ་སྙམ་པ་ལ། ཉན་ཐོས་པ་དང༌། སེམས་ཙམ་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་ཀྱང་སྟེ། དེ་རྣམས་ཀྱིས་ནི་རང་རང་གི་གྲུབ་མཐའ་ལ་གྲགས་པའི་མཐའ་གཉིས་པོ་དེ་དང་དེ་བསལ་བའི་ཤུལ་ན། མཉམ་པར་གཞག་པ་དང་རྗེས་ཐོབ་ཀྱི་ཡེ་ཤེས་ཇི་སྙེད་ཅིག་ཁས་བླངས་པ་དེ་དང་དེ་དག་ཆོས་ཅན། དབུ་མའི་ལམ་ཡིན་ཏེ། མཐའ་གཉིས་པོ་གང་ལ་ཡང་མི་གནས་པའི་ཐར་པ་ཉིད་དུ་བགྲོད་པར་བྱེད་པའི་གོ་སྐབས་ཕྱེ་བའི་ཤུལ་དུ་གྱུར་པའི་ཕྱིར། ངོ་བོ་ཉིད་མེད་པ་པའི་དབུ་མའི་ལམ་ནི། རང་གི་དབུ་མའི་ལྟ་བ་ངོས་འཛིན་གྱི་ཚེ་ན་འདི་ལྟ་བུ་ཞེས་ངོས་འཛིན་པར་མི་ནུས། དེའི་ཚེ་ན་མཐར་མ་སོང་བའི་ཤེས་བྱ་མི་སྲིད་པའི་ཕྱིར། དཔེར་ན་ཡོད་མེད་དང་ཡིན་མ་ཡིན་དང་རིང་ཐུང་ལ་སོགས་པ་འཇིག་རྟེན་པ་དང༌། དངོས་སྨྲ་བས་ཕན་ཚུན་སྤངས་ཏེ་གནས་པར་ཁས་ལེན་པ་དེ་དག་གོ །གསུམ་པ་ནི། དེའི་ཕྱིར་གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ་ཆོས་ཅན། ཅི་ལ་ཡང་མི་གནས་པའི་མེད་པར་དགག་པ་ཉིད་ལ་དབུ་མ་དང༌། ཡུལ་ཅན་གྱི་བློ་གང་གིས་ཀྱང་ཡུལ་ཅི་ལ་ཡང་མི་གནས་པ་ཉིད་ལ་དབུ་མར་གནས་པ་ཞེས་བྱ་བའི་མིང་ནི་ཐ་སྙད་བྱ་བ་སྟེ། ཇི་སྐད་དུ། གནས་མེད་གནས་ཡིན་སོགས་དང༌། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས་ཞེས་སོ། །འདི་ལ་ཡང༌། ཐལ་རང་གང་རུང་ལ་གྲགས་པའི་རིགས་པ་ཡང་དག་ལས་སྐྱེས་པའི་ཚད་མ་ཞིག་སྔོན་དུ་འགྲོ་དགོས་ཏེ། གཞན་དུ་ན་ཀླུ་གྲུབ་ཀྱི་ལུགས་མ་ཡིན་པར། མཁས་པ་པད་མའི་ཚུལ་གྱིས་བཤད་པ་བཞིན་ནོ། །ཐེག་པ་ཀུན་གྱི་རྩེ་མོའི་དབུ་མ་ལ་ནི། མཐའ་གཉིས་བསལ་བའི་ཤུལ་ན་དབུ་མའི་ལམ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོ་ནས་མྱོང་བར་བྱ་བ་སྒྲ་རྟོག་གི་ཡུལ་ལས་འདས་པ་ཞིག་སྟེ། ལུགས་དེར་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་དང༌། སྒོམ་པས་ཉམས་སུ་མྱོང་བར་བྱ་བའི་ལྟ་བའི་ངོས་འཛིན་སོ་སོ་བ་ཉིད་རྡོ་རྗེ་གུར་དང༌། དུས་ཀྱི་འཁོར་ལོ་ལས་གསུངས་པ་བཞིན་ནོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ་གསུམ་སྟེ། བརྗོད་བྱ་དོན་གྱི་དབུ་མའི་དབྱེ་བ་མདོར་བསྟན། རྗོད་བྱེད་ཚིག་གི་སྲོལ་འབྱེད་ཇི་ལྟར་བྱུང་བས་རྒྱས་པར་བཤད། དེ་དག་གི་སྐབས་སུ་དགག་སྒྲུབ་ཅུང་ཟད་བགྱིས་པས་དོན་བསྡུ་བའོ། །དང་པོ་ལ་གསུམ་ཏེ། ངོ་བོ་ངོས་བཟུང༌། དེ་ལུང་ཁུངས་གང་ནས་བྱུང་བ། གཞན་གྱི་འདོད་པ་རྒྱ་ཆུང་བར་བསྟན་པའོ། །དང་པོ་ནི། གྲུབ་མཐའ་ཀུན་གྱི་རྩེ་མོར་གྱུར་པའི་བརྗོད་བྱ་དོན་གྱི་དབུ་མ་ལ་ངོས་འཛིན་གཉིས་ཏེ། རྣམ་པར་མ་བརྟགས་པ་སྒོམ་པས་ཉམས་སུ་མྱོང་བྱའི་དབུ་མ་དང༌། རྣམ་པར་བརྟགས་པ་མཚན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དབུ་མའོ། །དང་པོ་འདི་ལ་མཚན་གྱི་རྣམ་གྲངས་དོན་དམ་པ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཉམས་སུ་མྱོང་བྱ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སོགས་སུ་གྲགས་ལ། ཕྱི་མ་དེའི་མཚན་གྱི་རྣམ་གྲངས། ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་སྟོང་པ་ཉིད་དང༌། ཐ་སྙད་ཀྱིས་བཏགས་དོན་བཙལ་བས་མ་རྙེད་པའི་སྟོང་པ་ཉིད་དང༌། བློ་ཡི་ཡུལ་ལས་འདས་པའི་སྟོང་ཉིད་དང༌། མེད་པར་དགག་པའི་སྟོང་ཉིད་དང༌། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་སོགས་སུ་གྲགས་པའོ། །གཉིས་པ་ནི། མཚན་གྱི་རྣམ་གྲངས་སྔ་མ་ཅན་དེ་དག་ནི། བཀའ་འཁོར་ལོ་གསུམ་པའི་མདོ་དང༌། ཐེག་པ་ཀུན་གྱི་རྩེ་མོར་གྱུར་པའི་རྒྱུད་སྡེ་དག་ལས་གསུངས་ལ། མཚན་གྱི་རྣམ་གྲངས་ཕྱི་མ་ཅན་དེ་དག་ནི། གཙོ་བོར་བཀའ་འཁོར་ལོ་བར་པར་གྲགས་པ་ཤེར་ཕྱིན་གྱི་མདོའི་དངོས་བསྟན་དང༌། གཞན་ཡང་མདོ་སྡེ་དུ་མ་དག་ལས་ལན་གཅིག་མ་ཡིན་པར་གསུངས་སོ། །གསུམ་པ་ནི། དབུ་མ་པ་ལ་ལ་དག ཇི་སྐད་དུ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་པའི་ལུང་ཁུངས་སུ་བྱས་ནས། མེད་པར་དགག་པའི་སྟོང་པ་ཉིད་དབུ་མ་མ་ཡིན་པར་སྨྲ་བ་དང༌། ཁ་ཅིག ཇི་སྐད་དུ། རྣམ་པར་དཔྱད་པའི་དཔུང་མི་བཟོད་པའི་ཕྱིར་ཀུན་རྫོབ་བོ། །ཞེས་པའི་ལུང་ཁུངས་སུ་བྱས་ནས། སྔ་མ་དེ་དབུ་མ་མ་ཡིན་པར་སྨྲ་བ་དག་བྱུང་ཡང༌། གཉིས་ཀ་ཡང་ཁུངས་ཐུབ་པའི་ལུང་ལས་གསུངས་ཤིང༌། མཐའ་ཡས་པའི་ཡོན་ཏན་གྱི་རྟེན་དུ་འགྱུར་བ་ལ་སྔ་མ་དེ་མེད་དུ་མི་རུང་ཞིང་དེ་ཡང་ཀུན་རྫོབ་བདེན་པར་ཁས་ལེན་ན། མ་རིག་པས་བསླད་པའི་ཆོས་སུ་ཐལ་བར་འགྱུར་ལ། མེད་པར་དགག་པ་སྟོང་པ་ཉིད་རིགས་ཚོགས་ནས་བཤད་པའི་རིགས་པས་གཏན་ལ་མ་ཕེབས་ན། ཇི་སྐད་དུ། དེ་ཉིད་མི་ཤེས་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །དེ་ཉིད་མཐོང་ན་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་བཤད་པ་ལྟར་མཚན་འཛིན་གྱི་རྟོག་པ་བཟློག་དཀའ་བའི་ཕྱིར། དེས་ན་འདིར་ཡང་དབུ་མའི་ཚུལ་སྔ་མ་དེས་སྐུར་འདེབས་ཀྱི་མཐའ་སེལ་བར་བྱེད་ལ། ཕྱི་མས་སྒྲོ་འདོགས་ཀྱི་མཐའ་སེལ་བར་བྱེད་དོ། །དེ་ལྟར་ཁོང་དུ་ཆུད་པ་ན། དབུ་མའི་དབྱེ་བ་གཞན་ཡང་འདི་ལྟར་འཆད་ནུས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཚུལ་ཅན་གྱི་དབུ་མ་དང༌། ཡོངས་གྲུབ་ངོ་བོ་ཉིད་དུ་སྨྲ་བའི་ཚུལ་ཅན་གྱི་དབུ་མ་དང༌། གསང་སྔགས་བླ་ན་མེད་པའི་དབུ་མའོ། །དང་པོ་ནི། རིགས་ཚོགས་རྗེས་འབྲང་དང་བཅས་པའི་དང༌། བར་པ་ནི་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པའི་དང༌། ཕྱི་མ་ནི། ཟུང་འཇུག་དགྱེས་པ་རྡོ་རྗེ་དང༌། འཁོར་ལོ་སྡོམ་པ་ལ་སོགས་པའི་མིང་གིས་བསྟན་པ་རྣམས་ཏེ། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ཤིང་རྟའི་སྲོལ་འབྱེད་ཇི་ལྟར་བྱུང་ཚུལ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཕགས་ཡུལ་དུ་དབུ་མའི་བསྟན་འཆོས་བརྩམས་པ། དེ་ཉིད་གངས་ཅན་གྱི་ཡུལ་དུ་ཇི་ལྟར་བྱོན་པ། དབུ་མ་ཕྱོགས་རེ་བར་ཞེན་པའི་ཉེས་དམིགས་བསྟན་པའོ། །དང་པོ་ལ། དཔལ་ས་ར་ཧས་ལམ་སྲོལ་ཕྱེ་བའི་ཚུལ་གྱིས་མདོར་བསྟན། ཤིང་རྟའི་སྲོལ་ཆེན་གཉིས་ཀྱིས་ཕྱེ་ཚུལ་རྒྱས་པར་བཤད། སྔགས་ཀྱི་དབུ་མ་ལོགས་སུ་འཆད་པ་མེད་མི་རུང་དུ་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ཞེས་སོགས་གསུངས་པ་ལྟར། དབུ་མའི་བསྟན་བཅོས་ཀྱི་སྲོལ་འབྱེད་ཐོག་མ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་མོད། དེར་མ་ཟད་དེ་དང་དུས་མཚུངས་པ་བས་ཀྱང་ཅུང་ཟད་སྔ་བ་ཙམ་དུ། བྲམ་ཟེ་ཆེན་པོ་དཔལ་ས་ར་ཧ་པས། མ་བརྟགས་པའི་སེམས་ཀྱི་རྡོ་རྗེ་བརྗོད་བྱར་སྟོན་པའི་དབུ་མའི་བསྟན་བཅོས་གླུར་བླངས་པའི་ཚུལ་གྱིས་མཛད་ལ། དེ་ལས་རྒྱུད་འཛིན་དང་སྲོལ་འབྱེད་ཇི་ལྟར་བྱུང་བའི་ཚུལ་ནི་གཞན་དུ་གསལ་བས་འདིར་འབྲི་མ་དགོས་ལ། བསྟན་བཅོས་དེར་བསྟན་པའི་དབུ་མ་ནི། ཇི་སྐད་དུ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བ་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པས་ངོས་བཟུང་བ་ཡིན་ལ། དེ་ཡང་འཕགས་པ་ཐོགས་མེད་ཀྱིས་ཀུན་གཞི་ཙམ་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོའི་གྲུབ་བྱེད་དུ། མདོའི་ལུང་ཁུངས་སུ་མཛད་པ་དེ་ཉིད་དང་དོན་གཅིག་པ་ཡིན་ཏེ། ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དྲངས་པ་དེ་ཉིད་དོ། །འདིའི་དོན་ཡང༌། ཐོག་མ་མེད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ནི། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་བ། མིང་གི་རྣམ་གྲངས། རྒྱུའི་རྒྱུ་དང༌། ཁམས་དང༌། དབྱིངས་དང༌། བྱིངས་དང༌། སེམས་ཅན་དང༌། སངས་རྒྱས་གཉིས་ཀའི་ཁམས་སུ་བཤད་ལ། དེའི་ཚུལ་ཡང༌། སེམས་འོད་གསལ་བ་དེའི་སྟེང་དུ། འཁོར་བའི་བག་ཆགས་བསགས་ཤིང་སྨིན་པ་རང་བཞིན་འོད་གསལ་དེ་དང་འབྲལ་རུང་དུ་གྱུར་པ་དེ་ལ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞིང༌། དེ་ནི་འཁོར་བས་བསྡུས་པའི་ཕྱིར་དབུ་མར་མི་རུང་ངོ༌། །ཡང་འོད་གསལ་དེའི་སྟེང་དུ། མྱ་ངན་ལས་འདས་པའི་ཕྱོགས་ཀྱི་བག་ཆགས་བསགས་ཤིང༌། འོད་གསལ་དེ་དང་དབྱེར་མེད་དུ་གྱུར་བའི་ཆ་ལ་ནི་ཀུན་གཞིའི་ཡེ་ཤེས་དང༌། རང་བཞིན་ཆོས་སྐུ་དང༌། སངས་རྒྱས་ཀྱི་སྙིང་པོ་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པའི་མིང་གིས་བསྟན་པ་དེ་ཡིན་ནོ། །རྔོག་ལོ་ཆེན་པོ་ནས་བརྒྱུད་པའི་མཚན་ཉིད་པ་རྣམས། དྲི་མ་དང་བཅས་པའི་སེམས་སྤྲོས་པ་དང་བྲལ་བའི་མེད་པར་དགག་པ་དེ་ཉིད་ལ་འཆད་མོད། གོང་དུ་དྲང་མ་ཐག་པའི་མདོ་ལུང་རྒྱུད་བླ་མའི་རྣམས་ནི་སངས་རྒྱས་ཉིད། ཅེས་པའི་མིང་གིས་བསྟན་པ་དེ་ཡིན་ནོ། །བསྟན་བཅོས་ཀྱི་དངོས་བསྟན་གསུམ་ཀ་དང་འགྲིག་པ་མ་ཡིན་ལ། བོད་གཞན་དག་ན་རེ། བྱམས་ཆོས་སྒོམ་ལུགས་དང༌། མཚན་ཉིད་པའི་ལུགས་སུ་འགྲེལ་པ་གཉིས་ལས། རྔོག་ལོས་ནི་བྱམས་ཆོས་ལ་རིགས་ཚོགས་ཀྱིས་རྒྱས་བཀབ་པའི་ཕྱིར་མཚན་ཉིད་ཀྱི་ལུགས་སོ་ཞེས་ཟེར་བ་དག་བྱུང་ངོ༌། །གཉིས་པ་ལ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས་ཕྱེ་བའི་སྲོལ་དང༌། ཐོགས་མེད་མཆེད་དང་བཅས་པས་ཕྱེ་བའི་སྲོལ་དང༌། དེ་གཉིས་མཐུན་པར་ཕྱེ་བའི་སྲོལ་དང་གསུམ་མོ། །དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་ནི། སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས། ཞེས་འཆད་པ་ལས། ཇི་སྐད་དུ། ཉེས་པ་ཐམས་ཅད་འབྱུང་བའི་གནས། །དེ་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་དང༌། །བཟློག་པར་འགྱུར་བ་ཉན་པར་བྱོས། །ཞེས་འབྱུང་བ་ལྟར། རྒྱ་ཆེན་སྤྱོད་པའི་ཕྱོགས་གཙོ་བོར་སྟོན་པ། གཏམ་ཚོགས་ཀྱི་བསྟན་བཅོས་ཐོག་མར་མཛད། ཟབ་མོ་ལྟ་བའི་ཆོས། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་སྟོང་ཉིད་གཙོ་བོར་སྟོན་པ་རིགས་ཚོགས་ཀྱི་བསྟན་བཅོས་བར་དུ་མཛད། སྒོམ་པས་ཉམས་སུ་མྱོང་བྱའི་སྟོང་པ་ཉིད་གཙོ་བོར་སྟོན་པ་བྱང་ཆུབ་སེམས་འགྲེལ་དང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་སོགས་ཐ་མར་མཛད་དོ། །ཞེས་གྲགས་པ་ལས། དེ་དག་གི་སྲོལ་ཆ་མཉམ་དུ་འཛིན་པ་འཕགས་པ་ལྷ་ནི། སྲས་ཀྱི་ཐུ་བོ་དམ་པར་གྱུར་པ་སྟེ། བཞི་བརྒྱ་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང༌། དེའི་སྲོལ་འཛིན་པ་འཇིགས་མེད་ཆོས་སྐྱོང་ཞབས་ཀྱིས་ནི་འཁོར་ལོ་བར་པའི་དགོངས་པ། འཁོར་ལོ་གསུམ་པས་འགྲེལ་ཚུལ་མདོ་ཉིད་ལས་འབྱུང་བ་ལྟར། ཡབ་སྲས་སྔ་མ་དེ་དག་གི་དགོངས་པ་རྣམ་པར་རིག་པ་ཙམ་དུ་འགྲེལ་བའི་བསྟན་བཅོས་དག་མཛད་དོ། །ཞེས་གྲགས་པ་ལ། ངོ་བོ་ཉིད་མེད་པར་སྨྲ་བ་དག་གིས་ཟུར་ཟ་བ་ན། ཇི་སྐད་དུ། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །ཞེས་སོགས་བཤད་པར་གྲགས་ལ། དེ་སྐད་ཅེས་ཟེར་བ་དེའི་དོན་ནི། ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་གྱི་གྲགས་པ་བཞིན་དུ་འཆད་དགོས་པ་དེ། དབུ་མའི་ལུགས་ཡིན་པ་ལ། ཁྱེད་ཀྱི་རྣམ་པར་རིག་པ་ཙམ་དུ་བཤད། གནས་སྐབས་དོན་དམ་པའི་བདེན་པར་བཤད་པ་དེ་ཡང༌། མཐར་རིགས་པའི་དཔྱད་པ་མི་བཟོད་པས་ཀུན་རྫོབ་ཀྱི་བདེན་པར་བཤད་དགོས་པ་ལས། ཁྱེད་ཀྱིས་ནི། རྟག་ཏུ་རྣམ་པར་རིག་པ་ཙམ་དུ་བཤད་པས་ནོངས། །ཞེས་ཟེར་བ་ཡིན་ནོ། །ཕྱོགས་སྔ་ཕྱི་གཉིས་པོ་དེ་དག རྡོ་རྗེ་ཐེག་པའི་ངེས་དོན་འཇོག་ལུགས་དང་མཐུན་པ་གང་ཡིན་འོག་ནས་དཔྱད་པར་བྱའོ། །ཀླུ་སྒྲུབ་ཞབས་ཀྱི་སློབ་མ་བར་དུ་བྱོན་པ་ནི། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་ཅེས་གྲགས་པ་དེ་དག་གི་འགྲེལ་པས་ནི། རིགས་ཚོགས་ཀྱི་འཆད་ཚུལ་ངོ་བོ་ཉིད་མེད་པར་སྨྲ་བ་ཁོ་ནའི་ལུགས་སུ་གཏན་ལ་འབེབས་པར་མཐུན་པ་དེའི་ཚེ། ཤེས་བྱ་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཞེས་བྱ་བ་ཉིད་དུ་འཆད་པར་མཐུན་ལ། ངོ་བོ་ལ་ཡང་ཀ་བ་ཀ་བས་སྟོང་པ་ལྟ་བུ་ནི་ཀུན་རྫོབ་ཀྱི་ངོ་བོ་སྟོང་པ་ཡིན་ལ། དེ་དེས་སྟོང་པ་ཉིད། གནས་སྐབས་སུ་ཀ་བའི་དོན་དམ་གྱི་ངོ་བོར་བཞག་ཀྱང༌། དེ་ཡང་རིག་པས་དཔྱད་པ་ན། དེ་ཡང་དེས་སྟོང་པ་ནི། ཀ་བ་རང་གི་དོན་དམ་པའི་ངོ་བོས་ཀྱང་སྟོང་པའོ། །དེ་ལྟར་ཀ་བ་ལ་ངོ་བོ་གཉིས་ཀ་མ་དམིགས་པའི་ཕྱིར། དེ་ཡང་ཡོད་པ་མ་ཡིན་ཞིང༌། དེའི་ཚེ་མེད་པ་ཉིད་དུ་ཡང་ཁས་མི་ལེན་ཏེ། ལྟེས་པ་ཡོད་པ་ཁས་མི་ལེན་པའི་ཕྱིར། ཚུལ་དེ་ལྟ་བུ་ཤེས་བྱ་ཐམས་ཅད་ལ་སྦྱར་ནས་འཆད་པ་ནི། ངོ་བོ་ཉིད་མེད་པ་དག་གི་སྤྱི་ལུགས་ཏེ། ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །ཞེས་དང༌། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་པ་ཁུངས་སུ་འདྲེན་ནོ། །འགྲེལ་མཛད་ཀྱི་སློབ་དཔོན་དེ་དག གཏན་ལ་དབབ་བྱ་སྟོང་པ་ཉིད་ཀྱི་ངོས་འཛིན་ལུགས་དོན་གཅིག་ལ་འདུ་ཡང༌། གཏན་ལ་འབེབས་ཚུལ་མི་འདྲ་བའི་ཁྱད་པར་ནི་འདི་ལྟར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐོག་མར། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་པའི་དོན་འགྲེལ་པ་ན། ཇི་སྐད་དུ། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། །ཞེས་ཏེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་འགྱུར་རོ། །ཞེས་སོགས་ཀྱི་སྒོས་འགྲེལ་པར་མཛད་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཇི་སྐད་དུ། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང༌། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས། བསྒྲུབ་པར་བྱ་བ་དང༌། དེའི་ཆོས་ལྡོག་པའི་དོན་མངོན་པས་ན། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། གྲུབ་པའི་མཐའ་དང་འགལ་བར་འགྱུར། །ཞེས་སོགས་ཀྱི་སྒོས་སུན་འབྱིན་པར་མཛད་ལ། དེའི་དོན་ནི། སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་འགོག་པའི་རིགས་པ་དེ་རང་རྒྱུད་དང་ཐལ་འགྱུར་གང་དུ་བྱེད། དང་པོ་ལྟར་ན། གཏན་ཚིགས་དང་དཔེ་མཚུངས་པའི་སྐྱོན་ཡོད། ཕྱི་མ་ལྟར་ན། རང་རྒྱུད་མི་འཕེན་པའི་ཐལ་འགྱུར་གྱིས་རྗེས་དཔག་བསྐྱེད་མི་ནུས། དེ་འཕེན་ན། ལྡོག་དོན་ལ་སྐྱེ་བ་ཁས་བླངས་པས། རིགས་ངོའི་སྐྱེ་བར་སོང་ལ། དེའི་ཚེ་གྲུབ་པའི་མཐའ་དང་འགལ་ཞེས་པའོ། །སློབ་དཔོན་འདིའི་བཤད་རྒྱུན་དེ་ལྟར་འཛིན་པ་མཐའ་དག་ལ་དབུ་མ་རང་རྒྱུད་པ་ཞེས་གྲགས་ཏེ། དེ་ལ་ཡང་དཔལ་སྦས་དང༌། ཡེ་ཤེས་སྙིང་པོ་སོགས་ནས་རིམ་པར་བརྒྱུད་པ་དང༌། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཡབ་སྲས་ལས་རིམ་པར་བརྒྱུད་པ་དག་སྟེ། སྲོལ་གཉིས་པོ་འདི་ལ་གོ་རིམ་བཞིན་དུ། ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་བརྗེད་བྱང་ལས། མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བཤད་དོ། །སློབ་དཔོན་འདི་དག་གིས་མཛད་པའི་བསྟན་བཅོས་ཀྱི་གཙོ་བོ་ནི། ཡེ་ཤེས་སྙིང་པོས་བདེན་པ་གཉིས་ལ་འཇུག་པ་རྩ་འགྲེལ་དང༌། བྱང་ཆུབ་སེམས་དཔའ་ཞི་བ་འཚོས་མཛད་པའི་རྒྱན་རྩ་འགྲེལ་དང༌། དེའི་སློབ་མ་པད་མའི་ངང་ཚུལ་གྱིས་དབུ་མ་སྣང་བ་ཞེས་བྱ་བའི་བསྟན་བཅོས་མཛད་པ་རྣམས་ལ་རང་རྒྱུད་ཤར་པའི་དབུ་མའི་བསྟན་བཅོས་རྣམ་པ་གསུམ་ཞེས་གྲགས་ཤིང༌། སྔོན་ཆོས་རྒྱལ་ལྡེའུ་བཙན་གྱི་དུས་སུ་འགྱུར་ཞིང་གཏན་ལ་ཕབ་ནས་རྔོག་ལོ་ཆེན་པོས་ནི། བསྟན་བཅོས་དེ་དག་ལ་བསྡུས་དོན་དང༌། ཚིག་དོན་གྱི་བཤད་པ་མང་དུ་མཛད་པ་དེ་དག་གི་བཤད་རྒྱུན་དིང་སང་གི་བར་དུ་མ་ཆད་པ་ལས། ལོ་ཆེན་གྱིས་ནི་རྒྱ་གར་དུ་གསན་ནམ། ཁུ་བོ་ལས་གསན་ཞེས་བརྟག་པར་བྱའོ། །ཞི་བ་འཚོའི་རྗེས་སུ་འབྲང་བ་གཅིག་ནི་སློབ་དཔོན་སེང་གེ་བཟང་པོ་སྟེ། འདིས་ཡུམ་གྱི་དོན་འགྲེལ་ཚུལ། རྣལ་འབྱོར་སྤྱོད་པའི་ཚུལ་ལྟར་འགྲེལ་བས། མཚན་འཛིན་འགོག་ཚུལ་ངོ་བོ་ཉིད་མེད་པའི་རིགས་པ་དང༌། སྒོམ་པས་ཉམས་སུ་མྱོང་བྱ་རྣལ་འབྱོར་སྤྱོད་པའི་ལུགས་སུ་བཤད་པར་ནི་གངས་ཅན་པ་མཐའ་དག་མཐུན་པ་ཡིན་ནོ། །ཞི་འཚོ་ཡབ་སྲས་ཀྱིས་ནི་རྣམ་འགྲེལ་མཛད་པའི་དགོངས་པ་ཡང༌། སྒྲོ་འདོགས་གཅོད་ཚུལ་གཅིག་དུ་བྲལ་སོགས་རང་སྟོང་གི་རིགས་པ་དང༌། ཉམས་སུ་མྱོང་བྱ་གཞན་སྟོང་གི་ཚུལ་དུ་འཆད་དོ་ཞེས་ལོ་ཙྪ་བ་ཆེན་པོས་བཀྲལ་ཞིང༌། ཆེན་པོ་དེ་ཉིད་ཀྱང་རྣམ་འགྲེལ་གྱི་དགོངས་པ་དེ་ལྟར་དུ་བཞེད་དོ། །རིག་པའི་དབང་ཕྱུག་ཕྱྭ་བ་ནི། སྡེ་བདུན་དུ་གནས་སྐབས་མདོ་སེམས་ཀྱི་ལུགས་བཞག་པ་རྣམས། རྣམ་འགྲེལ་མཛད་པ་དེའི་དགོངས་པ་ཉིད་དུ་མི་འཐད་པས་ན། གཏན་ལ་འབེབས་ཚུལ་དང་ཉམས་སུ་མྱོང་བྱ་ཡང་མེད་པར་དགག་པའི་སྟོང་པ་ཉིད་ཁོ་ནའོ་ཞེས་འཆད། དེ་དག་ནི་དབུ་མ་རང་རྒྱུད་པའི་བཤད་ཚུལ་མདོ་ཙམ་དུ་བྱ་བ་སྟེ། ཐལ་འགྱུར་བར་གྲགས་པའི་བཤད་པའི་བཤད་སྲོལ་གྱི་ཐོག་མ་ནི། དཔལ་ལྡན་ཟླ་བའི་ཞབས་ཀྱིས་སངས་རྒྱས་བསྐྱངས་ལ་ལེགས་ལྡན་འབྱེད་ཀྱིས་བརྗོད་པའི་ཉེས་སྤོང་མཛད་པ་ཚུན་ཆད་ནས་གྲགས་པ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱི་བཞེད་པ་ཐལ་འགྱུར་དུ་གནས་པར་ལེགས་ལྡན་འབྱེད་ཀྱིས་མི་འཆད་དོ། །ལེགས་ལྡན་གྱིས་ནི་མ་དགོངས་པའི་ཚུལ་ཟླ་བས་འཆད་ལུགས་ནི་དབུ་མ་པ་ཡིན་ན། རང་ཕྱོགས་ལ་རང་རྒྱུད་ཀྱི་སྒྲུབ་བྱེད་དང༌། གཞན་ཕྱོགས་ལ་ལྡོག་དོན་འཕེན་པའི་ཐལ་འགྱུར་གྱིས་སུན་འབྱིན་པ་ནི་མ་ཡིན་ཏེ། གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ་རང་ཕྱོགས་ཁས་ལེན་མེད་པའི་ཕྱིར་དང༌། དེ་ཡོད་ན་སྤྲོས་པའི་མཐར་ལྷུང་བས་སོ། །དེ་བས་ན་ཕྱི་ནང་གི་མུ་སྟེགས་འགོག་པའི་རིགས་པ་ནི། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ། ཞེས་བྱ་བའི་རིགས་པ་རྣམས་ཀྱི་སྒོས་གཞན་ཕྱོགས་ཀྱི་འདོད་པ་བློ་ངོར་ཁེགས་པ་ཙམ་གྱིས་ཆོག་ལ། རང་ཕྱོགས་ངེས་པའི་རྗེས་དཔག་ཚད་མ་བསྐྱེད་དགོས་པ་ནི་མ་ཡིན་ནོ། །དེ་ལྟར་བཤད་པ་ལ། རང་རྒྱུད་པའི་སློབ་དཔོན་ཕྱི་མས། ལེགས་ལྡན་འབྱེད་ཀྱི་འཆད་ཚུལ་ལ། སྒྱུ་མ་རིགས་གྲུབ་ཏུ་ཐལ་བའི་ཉེས་པས་མི་གནོད་དེ། དགག་བྱ་སྤྲོས་པའི་ཚོགས་ཁེགས་པ་ན། དེ་ཡི་འགལ་ཟླ་སྤྲོས་མེད་ཀྱང་ཁེགས་པས་སོ། །ཞེས་འཆད་པ་ཡིན་ལ། དེའི་ཚེ་ཐལ་རང་གཉིས་ཀ་མཐར་ནི་སྤྲོས་པའི་ཚོགས་མཐའ་དག་བཀག་པའི་མེད་པར་དགག་པ་དེ་ཉིད་ལ་ཕྲ་རགས་ཀྱི་ཁྱད་པར་མི་བཞེད་དོ། །གངས་ཅན་པ་ཕྱི་མ་དག་ནི་ཐལ་རང་གི་ཁྱད་པར་འདི་ལས་གཞན་དུ་འཆད་པས་རྣམ་པར་འཁྱམས་སོ། །གཉིས་པ་འཕགས་ཡུལ་དུ་ཐོགས་མེད་མཆེད་ཀྱི་སྲོལ་བྱོན་ཚུལ་ནི། ཇི་སྐད་དུ། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དྲང་ངེས་ཚུལ་བཞིན་དུ་འབྱེད་པར་ལུང་བསྟན་བརྙེས་པ་དེས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྲུབ་ནས་དགའ་ལྡན་གྱི་གནས་སུ་བྱོན་ཏེ། བྱམས་པའི་ཆོས་ལྔ་དང༌། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་རྣམས་རྒྱས་པར་གསན་ཏེ། བསྟན་བཅོས་སུ་མཛད་ནས་འཕགས་ཡུལ་དུ་སྤྱན་དྲངས་པ་ཡིན་ནོ། །དེ་ལ་དེའི་གཅུང་དབྱིག་གཉེན་གྱིས་གསན་ཏེ། དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བརྒྱད་དུ་གྲགས་པ་རྣམས་མཛད་ནས། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུའི་ངེས་དོན་གྱི་དབུ་མ་གང་ཡིན་པ་དེ་གསལ་བར་མཛད་པ་ཡིན་ནོ། །དེ་ཡང་གང་ཞེ་ན། ཇི་སྐད་དུ། འཕགས་པ་ལྷས། གཟུང་ངང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས། །ཞེས་འབྱུང་བ་དེ་ཉིད་དོ། །གལ་ཏེ་འོ་ན་དོན་དེ་ཉིད་བྱམས་པའི་ཆོས་མཐའ་དག་གི་དགོངས་པར་ངེས་སམ་ཞེ་ན། དོན་འདི་ལ་བོད་ཕྱི་མ་དག་ལས། ལ་ལ་ནི། ལྔ་ཆར་ཡང་སེམས་ཙམ་པ་ཉིད་དུ་ངེས། ཞེས་དང༌། ཁ་ཅིག་ནི། ཐམས་ཅད་དབུ་མར་ངེས་ཞེས་དང༌། ཕྱི་དུས་འདི་ན། ཐོག་མཐའ་གཉིས་དབུ་མ་དང༌། བར་པ་གསུམ་སེམས་ཙམ་དུ་ངེས་སམ་ཞེས་དབྱངས་གཅིག་ཏུ་སྨྲ་བར་བྱེད་མོད། ཁོ་བོ་ཅག་ནི། བྱམས་པའི་གཞུང་ཐོག་མཐའ་གཉིས་ཀྱང་ཤེར་ཕྱིན་གྱི་མདོའི་དགོངས་པ་འཁོར་ལོ་གསུམ་པས་བཀྲལ་བ་དེ་ཉིད་ཀྱི་དབུ་མ་བསྟན་བྱའི་གཙོ་བོ་ཉིད་དུ་མཛད་པར་གཞུང་ཉིད་ཀྱི་བཤད་ཚུལ་མངོན་སུམ་གྱིས་གྲུབ་པར་ཁས་ལེན་ཏོ། །དེ་ཡང་འདི་ལྟར། མངོན་པར་རྟོགས་པའི་རྒྱན་གྱི་བསྟན་བྱའི་གཙོ་བོ་ནི། སྦས་དོན་མངོན་པར་རྟོགས་པ་བརྒྱད་དང༌། དེ་འཆད་བྱེད་དོན་བདུན་ཅུར་གྲགས་པ་དག་ལས། སྦས་དོན་གྱི་མངོན་པར་རྟོགས་པ་ནི། གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཀྱི་ཆ་ནས་ངོས་གཟུང་བ་ཡིན་ཏེ། རྣལ་འབྱོར་དེ་དག་གི་སྤང་བྱ་མི་མཐུན་པའི་ཕྱོགས་ངོས་འཛིན་པ་ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཉིད་དུ་གྲངས་ངེས་པར་བཤད་ཅིང༌། དེའི་འགལ་ཟླ་ཡང༌། ཇི་སྐད་དུ། རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཞེས་གཟུང་འཛིན་མངོན་གྱུར་བ་དང་བྲལ་བའི་ཡེ་ཤེས་ལ་བཤད། དེའི་ཤེས་བྱེད་ཀྱང༌། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པས་གཟུང་བ་དང༌། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །ཞེས་པས་འཛིན་པ་དང་བྲལ་བ་ཉིད་དུ་བཤད་ནས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་ཤེས་པའི་རྣམ་པ་ཉིད་ཉམས་སུ་མྱོང་བྱར་བཤད་པ་འདི། ངེས་འབྱེད་ཆ་མཐུན་ནས་བཟུང་སྟེ། རྒྱུན་མཐའི་ཡེ་ཤེས་ཀྱི་བར་ཐམས་ཅད་ཀྱི་ཁྱབ་བྱེད་དུ་འགྲོ་དགོས་པ་ཡིན་ཏེ། ཇི་སྐད་དུ། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་གསུངས་པས་སོ། །འཆད་བྱེད་དོན་བདུན་ཅུའི་གཞུང་རྣམས་ཀྱིས་ནི། ཡུམ་གྱི་མདོའི་དངོས་བསྟན་ཇི་ལྟ་བ་བཞིན་དུ། ཆོས་ཐམས་ཅད་རང་སྟོང་པ་ཉིད་དུ་གཏན་ལ་ཕབ་པར་ངེས་སོ། །དེ་དང་འདྲ་བར་རྒྱུད་བླ་མའི་བསྟན་བཅོས་སུ་ཡང༌། སྟོང་པ་ཉིད་དང་སྙིང་པོའི་ངོས་འཛིན་སྟོན་པ་ན། གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་དང༌། ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་དགག་བྱ་འགོག་ཚུལ་དང༌། ཉམས་སུ་མྱོང་བྱའི་ངོས་འཛིན་གཉིས་ཀ་ཡང་གཞན་སྟོང་གི་ཚུལ་དུ་གསལ་བར་བཤད་པ་ཡིན་ནོ། །དེ་ཁོ་ནར་མ་ཟད། བྱམས་ཆོས་བར་པ་གསུམ་གྱི་ལྟ་བ་སེམས་ཙམ་དུ་གནས་ན། དེ་ནས་བཤད་པའི་ལམ་ལྔ་དང༌། ས་བཅུ་དང༌། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་བཞག་ཐམས་ཅད་ཇི་ལྟ་བ་མ་ཡིན་པར་སྐུར་པ་གདབ་དགོས་སོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། ཐོགས་མེད་མཆེད་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་གཞུང་མཐའ་དག་དང༌། ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་གཞུང་མཐའ་དག་ནི་ངེས་དོན་གྱི་དབུ་མ་ནི། ཤེར་ཕྱིན་གྱི་མདོའི་དགོངས་པ་ལེགས་པར་རྣམ་པར་ཕྱེ་བའི་མདོ་ཡིས་ཇི་ལྟར་བཀྲལ་བ་དེ་ཉིད་དུ་གནས་སོ། །ཞེས་བྱ་བ་འདི་གྲུབ་པའོ། །གསུམ་པ་སྲོལ་འབྱེད་གཉིས་པོ་མི་འགལ་བར་འཆད་པའི་ཚུལ་ནི། ཇི་སྐད་དུ། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་མཁས་པ་ཆེན་པོ་ཤཱནྟི་པས་དབུ་མའི་རྒྱན་ཞེས་བྱ་བའི་བསྟན་བཅོས་སུ་རྩོམ་པར་དམ་བཅའ་མཛད་དོ། །འོ་ན་སྲོལ་གཉིས་ཀས་དབུ་མ་རིགས་ཚོགས་ནས་བཤད་པའི་སྟོང་པ་ཉིད་ཁོ་ན་ངེས་དོན་དུ་འཆད་པར་ཆབས་གཅིག་པ་ཡིན་ནམ་ཞེ་ན། མ་ཡིན་གྱི། ཀླུ་སྒྲུབ་ཀྱིས་ཀྱང་སེམས་ཀྱི་རྡོ་རྗེ་ལ་ངེས་པའི་དོན་ཉིད་དུ་བཤད་པ་དེ་འདིར་བསྡུ་བའོ། །གཞན་དག་ན་རེ། ཤཱནྟི་པའི་འདི་རང་འདོད་ཡིན་གྱི། དབུ་སེམས་ཀྱི་ལྟ་བ་གཅིག་ཏུ་འདྲེ་བ་ག་ལ་སྲིད། ཅེས་ཟེར་མོད། དེ་ལྟ་ན་ཞི་འཚོ་ཡབ་སྲས་དང༌། སེང་གེ་བཟང་པོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་པར་གྲགས་པའི་ལྟ་བ་ལ་སྐུར་པ་འདེབས་དགོས་ཤིང༌། ཁྱེད་ཀྱིས་ནི་བཏབ་པ་ཡང་ཡིན་ཏེ། རང་རིག་མངོན་སུམ་བཞེད་པ་མཐའ་དག་དངོས་སྨྲ་བ་ཉིད་དུ་འཆད་པས་སོ། །གསུམ་པ་སྔགས་ཀྱི་དབུ་མ་ལོགས་སུ་བཀྲལ་ཚུལ་མེད་མི་རུང་བསྟན་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། ཅུང་ཟད་རྒྱས་པར་བཤད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། ཕ་རོལ་ཕྱིན་པའི་དབུ་མའི་ཚུལ་གོང་དུ་བཤད་པ་དེ་དག་ལས་ལོགས་སུ་སྔགས་ཀྱི་དབུ་མ་གསལ་བར་སྟོན་པའི་གཞུང་ནི་ཕྱོགས་ཙམ་མཚོན་ན། དགྱེས་པ་རྡོ་རྗེ་ལས། ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻའི་རྡོ་རྗེ་བསྟན། །ཞེས་ལྟ་བ་རིམ་འཇུག་འཆད་པའི་སྐབས་དེར་གོ་རིམ་བཞིན་དུ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་མེད་པར་དགག་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་དང་སྟོང་པ་ཉིད་ཟུང་དུ་འཇུག་པའི་ལྟ་བ་གསུམ་རིམ་པར་བཤད་དོ། །གཞན་དག་ན་རེ། དང་པོ་དེ་སེམས་ཙམ་གྱི་ལྟ་བ་དང༌། ཕྱི་མ་འདི་རིགས་ཚོགས་ཀྱི་ལྟ་བ་ལས་གཞན་དུ་མེད་དོ་ཞེས་ཟེར་མོད། ཐོགས་མེད་མཆེད་ཀྱིས་དབུ་མ་པ་ཞེས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་ཞིག་ངོས་མི་འཛིན་པའམ། འཛིན་ན་དེ་གང་ཡིན། དང་པོ་ལྟར་ན། ཇི་སྐད་དུ། སངས་རྒྱས་པ་ཡི་བཞི་པ་དང༌། །ཐུབ་པའི་དགོངས་པ་ལྔ་པ་མེད། །ཅེས་པ་དང༌། རྗེ་བཙུན་བྱམས་པས་དབུས་དང་མཐའ་རྣམ་པར་འབྱེད་པ། ཞེས་གསུངས་པ་དེ་འདོར་དགོས་པར་འགྱུར་ལ། དེས་ངོ་བོ་ཉིད་མེད་པ་སྨྲ་བ་ལ་དེར་འདོད་དོ་ཞེ་ན། མ་ཡིན་ཏེ། དེ་ལ་ནི་མངོན་པ་ཀུན་ལས་བཏུས་སུ་འཆད་པར་སྨྲ་བ་ཉིད་འཆད་པས་དང༌། ཟླ་བས་དབྱིག་གཉེན་སོགས་ཀྱིས་ངོ་བོ་ཉིད་མེད་པ་པའི་ལྟ་བ་ཁོང་དུ་མ་ཆུད་པར་འཆད་པས་སོ། །དགྱེས་པ་རྡོ་རྗེ་སྔགས་ཀྱི་ལྟ་བ་མ་ཡིན་པའམ། ཡིན་ན་ཡང་དེ་ཉིད་ངོ་བོ་ཉིད་མེད་པའི་ལྟ་བ་དང་ཁྱད་མེད་དུ་འཆད་པ་གང་ཡིན་ཡང་ལུགས་ལས་བརྒལ་བ་ཡིན་ཏེ། རྫོགས་རིམ་གྱི་ལྟ་བ་ངོས་འཛིན་པར་མ་ནུས་པ་དང༌། ངོ་བོ་ཉིད་མེད་པ་པ་དག་ལ་ནི་ཁྱོད་འདོད་པའི་ཡུལ་ཅན་བདེ་བ་ཆེན་པོས་ཡུལ་སྟོང་པ་ཉིད་རྟོགས་པ་ཞེས་བྱ་བ་དེ་མེད་པས་སོ། །གཉིས་པ་ནི། སྔགས་ཀྱི་དབུ་མ་དེ་གསལ་བར་སྟོན་པའི་བསྟན་འཆོས་ཀྱང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང༌། གསང་བ་འདུས་པ་དང༌། འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ་སོགས་རྣམས་དང༌། ལམ་འབྲས་རྡོ་རྗེའི་ཚིག་རྐང་དང༌། གྲོལ་བའི་ཐིག་ལེ་སོགས་མཐའ་ཡས་པ་རྣམས་སོ། །དེ་ཡང་ཕྱོགས་ཙམ་མཚོན་ན། སེམས་འགྲེལ་པ་དག རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས། རྣལ་འབྱོར་པའི་མངོན་སུམ་གྱིས་རྟོགས་བྱའི་གཙོ་བོ་ཉིད་དུ་འཆད་པ་དེ། ངོ་བོ་ཉིད་མེད་པ་པའི་སྟོང་པ་ཉིད་དང་དོན་གཅིག་ལ་འདུ་ན། དེ་འདྲ་དེ་ཐོས་བསམ་གྱི་ཤེས་པས་རྟོགས་བྱ་ཉིད་དུ་ཐལ་བས་དང༌། རྣམ་པར་རྟོག་པའི་ཡུལ་དུ་བྱར་རུང་བ་ཉིད་དུ་ཐལ་བ་དང༌། སྨིན་པར་བྱེད་པའི་དབང་བསྐུར་ལ་མ་ལྟོས་པར་ཉམས་སུ་བླང་བྱ་ཉིད་དུ་རུང་བ་ཧ་ཅང་ཐལ་བའོ། །དེ་བས་ན་མང་པོར་སྨྲས་པས་ཅི་ཞིག་བྱ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས་འབྱུང་བའི་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཞེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་ཀྱི་ཕྱིར་དབུ་མར་ནི་ངེས་ལ། ཕ་རོལ་ཕྱིན་པའི་ཐེག་པ་པ་དག་ལ་མེད་པས་ན་སྔགས་ཀྱི་དབུ་མ་ཁོ་ནའོ། །གསུམ་པ་ནི། གལ་ཏེ་ཕར་ཕྱིན་ཐེག་པ་པ་དག་ལ་མ་གྲགས་པའི་སྔགས་ཀྱི་དབུ་མ་ཞིག་ཁས་ལེན་ན། རྒྱ་གར་བའི་སློབ་དཔོན་ཡེ་ཤེས་རྡོ་རྗེས། ཇི་སྐད་དུ། སྔགས་ལ་རབ་ཏུ་མི་གནས་ལས། །ལྷག་པའི་ལྟ་མེད་ཡོད་ན་ནི། །ལྟ་དེ་སྤྲོས་བཅས་སློབ་དཔོན་རྨོངས། །ཞེས་དང༌། ས་སྐྱ་པས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་བཤད་པ་དང་འགལ་བ་མ་ཡིན་ནམ། དེར་མ་ཟད། ཕར་ཕྱིན་ནས་བཤད་པའི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་རྒྱུན་མཐའི་ཡེ་ཤེས་ཀྱིས་སྤོང་མི་ནུས་པའི་སྒྲིབ་པ་ཞིག་ཡོད་པར་འགྱུར་ལ། དེ་ལྟར་འདོད་ན། ཕར་ཕྱིན་ཐེག་པས་ཐོབ་པའི་སངས་རྒྱས་གོ་ཆོད་པོ་མེད་པར་འགྱུར་རོ་ཞེ་ན། དེ་ལྟར་བཤད་པ་དེ་དག་ནི་སྒྲོ་འདོགས་གཅོད་བྱེད་ཀྱི་ལྟ་བའི་དབང་དུ་བྱས་པར་གསལ་ཏེ། གཞན་དུ་ན། མཻ་ཏྲི་པས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པར་ལྷན་ཅིག་སྐྱེས་པའི་རྡོ་རྗེས། ཇི་སྐད་དུ། རབ་ཏུ་མི་གནས་ཞེས་བྱ་བ། །བླ་མའི་ངག་གིས་མ་རྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དེ། །ཞེས་པ་དང་འགལ་ཞིང༌། ས་སྐྱ་པས། དེས་ན་བཤད་པས་གོ་བ་ཡི། །ཐོས་པའི་ལྟ་བ་གཅིག་ཉིད་ཡིན། །ཞེས་གཅིག་པོ་དེ་ཐོས་བསམ་གྱིས་གཏན་ལ་དབབ་བྱ་ཡིན་གྱི། ཉམས་སུ་མྱོང་བྱར་མ་བཤད་པའི་ཕྱིར་དང༌། དེ་དང་འདྲ་བར། ཚུལ་གསུམ་སྒྲོན་མེར། དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་མདོ་སྔགས་གཉིས་རྟོགས་བྱའི་ལྟ་བ་སོགས་གཅིག་པར་བཤད་པ་ཡང༌། བཤད་ཚུལ་སྔ་མ་ལྟར་རམ། ཡང་ན། སྔགས་དང་བྱམས་པའི་གཞུང་ལས་བཤད་པ་དག བསྒོམ་པས་ཉམས་སུ་མྱོང་བྱའི་ལྟ་ཡུལ་གཅིག་པ་ལ་དགོངས་སོ། །དེ་བཞིན་རྒྱུན་མཐའ་བར་ཆད་མེད་ལམ་གྱིས་སུན་འབྱིན་པར་མི་ནུས་པའི་སྒྲིབ་པ་ཡོད་མེད་རེ་ཞིག་བཏང་སྙོམས་སུ་བཞག་ནས། སོ་སོ་སྐྱེ་བོས་ཚེ་གཅིག་ལ་སངས་རྒྱས་མངོན་དུ་བྱེད་པ་ནི། སྔགས་ཀྱི་ཐབས་མཁས་རྐྱང་པར་མ་ཟད། སྔགས་ཀྱི་དབུ་མ་ཁོ་ན་ལ་རག་ལས་པ་ཡིན་ཏེ། ཕར་ཕྱིན་པའི་ལྟ་བས་ཀྱང་དེ་ལྟར་ནུས་ན། ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པར་གསལ་བ་དང༌། ཉེས་པ་དེ་ཡང་ཆད་པའི་མྱང་འདས་སུ་ལྟུང་བར་འགྱུར་བའོ། །མདོར་ན་སྔགས་ཀྱི་དབུ་མ་འདིའི་མཚན་ཉིད་ནི། ཨེ་ཝཾ་ཞེས་བྱ་བ་དེ་ཡིན་ལ། འདི་ཡང་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང༌། དེ་ཡང་མངོན་དུ་བྱེད་པའི་ཐབས་ནི་དབང་བཞི་པོ་དག་སྟེ། དགྱེས་པ་རྡོ་རྗེ་ལས། ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་དང༌། དེ་ཐོས་བསམ་གྱིས་ཤེས་པ་ཁོ་ནས་རྟོགས་བྱ་མ་ཡིན་པར་ཡང༌། ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ན་ལྷ་དང་སྔགས་ཀྱི་སྒྲུབ་གཞིར་གསུངས་པ་དང༌། སྒྲུབ་ཐབས་སོ་སོའི་ཐོག་མར། ཡེ་ཤེས་ཚོགས་གསོག་གི་ཚེ། སྟོང་པ་ཉིད་བསྒོམ་པའི་ཚུལ་ལ། སྭ་བྷ་ཝ་ལྟ་བུའི་སྔགས་ཀྱིས་གློ་བུར་དུ་གསལ་འདེབས་པ་དང༌། རིགས་པས་བཤིག་ནས་སྟོང་པར་ངོ་སྤྲོད་པའི་ཚུལ་གཉིས་སུ་གསུངས་པ་ལས། དང་པོ་ནི་ལྷ་དང་སྔགས་སོགས་སྒྲུབ་པའི་གཞིར་གྱུར་པའི་སྟོང་པ་ཉིད་དེ་གསལ་འདེབས་པ་ཡིན་ལ། ཕྱི་མ་དེ་ནི་སྤྲོས་པ་སེལ་བའི་དབང་དུ་བྱས་པའོ། །གཞན་ཡང་སྔགས་དང་ཕར་ཕྱིན་དུ་གྲགས་པའི་དབུ་མ་གཉིས་པོའི་མཐའ་གཉིས་སེལ་ཚུལ་ཡང་མི་འདྲ་སྟེ། ཨེ་ཞེས་པས་ནི་སྒྲོ་འདོགས་ཀྱི་མཐའ་སེལ་བ་སྟེ་སྟོང་པ་ཉིད་དོ། །དེ་ཡང་གང་ཞེ་ན། པྲ་ཕབ་པ་ལྟ་བུའི་གཟུགས་ཅན་ཏེ། མེད་པར་དགག་པ་ནི་མ་ཡིན་ནོ། །ཝཾ་ཞེས་པས་ནི་མེད་པའི་མཐའ་སེལ་བ་སྟེ་བདེ་བ་ཆེན་པོའོ། །འདི་ལ་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་སྟེ། ཡུལ་ཅན་བདེ་བ་ཆེན་པོ་དེས། ཡུལ་སྟོང་པ་ཉིད་དེ་ལ་མཚན་མ་ཉིད་དུ་དམིགས་པའི་ཕྱིར་རོ། །ཤེས་པ་དང་ཤེས་བྱ་གཅིག་པ་ཞེས་བྱ་སྟེ། རྫས་གཉིས་སུ་མེད་པར་ཟུང་དུ་འཇུག་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་དབུ་མར་ནི། ཇི་སྐད་དུ། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་ཡུལ་ལ་ཡོད་མེད་སོགས་ཀྱི་མཐའ་བཀག་ནས་སྤྲོས་མེད་དུ་འཆད་ལ། སྔགས་སུ་ནི། ཐོག་མ་ཉིད་ནས་ཡོད་མེད་དུ་འཛིན་པ་སོགས་བཀག་པ་ལ་སྤྲོས་བྲལ་དུ་ངོས་འཛིན་པ་སྟེ། ཡུལ་གྱི་སྤྲོས་བྲལ་དང༌། ཡུལ་ཅན་གྱི་སྤྲོས་བྲལ་གཉིས་ཀྱི་སྒོས་འཆད་པ་ཡང༌། ལུགས་གཉིས་ཀྱི་སྤྲོས་བྲལ་འཆད་ལུགས་ཀྱི་ཁྱད་པར་དག་ཡིན་ནོ། །གཉིས་པ་བོད་ཡུལ་དུ་དར་ཚུལ་ལ་གསུམ་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མ་བྱོན་ཚུལ་དང༌། བྱམས་ཆོས་རྗེས་འབྲང་གི་དབུ་མ་བྱོན་ཚུལ་དང༌། སྔགས་ཀྱི་དབུ་མ་བྱོན་ཚུལ་ལོ། །དང་པོ་ལ། རང་རྒྱུད་ཀྱི་གཞུང་དར་ཚུལ་དང༌། ཐལ་འགྱུར་གྱི་དང༌། གཉིས་པོ་དེ་ལ་འདོར་ལེན་ཇི་ལྟར་བྱུང་བའོ། །དང་པོ་ནི། དབུ་མ་རང་རྒྱུད་ཤར་གསུམ་གྱི་བཤད་པ་མདོ་ཙམ་ནི་སྔོན་ཆོས་རྒྱལ་གྱི་དུས་སུ་འགྱུར་མཛད་པའི་ཚེ་ཡང་བྱུང་བར་གསལ་མོད། ཉན་བཤད་ཀྱི་སྒོས་ཤིན་ཏུ་གསལ་བར་གཏན་ལ་ཕབ་པ་ནི། ཇི་སྐད་དུ། ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་ནས་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །དེ་མིང་ཤེས་རབ་མཐར་གནས་པ། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་སོགས་ཀྱི་ལུང་བསྟན་བརྙེས་པའི་བདག་ཉིད་ཆེན་པོ་དེས། རྣམ་བཤད་དུ་མ་དག་གི་སྒོས་ཆེས་ཤིན་ཏུ་གསལ་བར་མཛད་དོ། །དེའི་བཤད་སྲོལ་འཛིན་པ་མང་པོ་དག་ལས་གཙོ་བོ་ནི་ཁྱུང་རིན་ཆེན་གྲགས། དེའི་སློབ་མ་རྒྱ་དམར་བྱང་ཆུབ་གྲགས་པ་དང༌། གངས་པ་ཤེའུ་སོགས་སུ་གྲགས་པ་ལས། གྲོ་ལུང་པ་བློ་གྲོས་འབྱུང་གནས་ནི་བདག་ཉིད་ཆེན་པོ་དེའི་གསུང་རབ་མཐའ་དག་གི་སྲོལ་འཛིན་ཡིན་ལ། དེ་དང་རྒྱ་དམར་བ་གཉིས་ཀ་ལ་ཕྱྭ་པ་ཆོས་ཀྱི་སེང་གེས་གསན། དེས་སྤྱིར་གསུང་རབ་ཀྱི་རྣམ་བཤད་མང་པོ་དང༌། བྱེ་བྲག་ཏུ་རང་རྒྱུད་ཤར་གསུམ་གྱི་རྣམ་བཤད་མང་པོ་མཛད། སློབ་དཔོན་དེ་ཡིས་བྱམས་ཆོས་དང༌། དབུ་མའི་བཀའ་བབས་བརྩེགས་དབང་ཕྱུག་སེང་གེ་ལ་བྱུང༌། དེ་ལ་ས་སྐྱ་པཎྜི་ཏས་གསན། དེས་འུ་ཡུག་པ་དང༌། དེས་ཞང་མདོ་སྡེ་པ་ལ་སོགས་པ་རིམ་པར་རྒྱུད་དེ་དེས་ཆོས་རྗེ་བླ་མ་དམ་པ་དང༌། དེ་ནས་རིན་པོ་ཆེ་གཡག་པ་ལ་བྱོན་ནོ། །གཉིས་པ་ཐལ་འགྱུར་བར་གྲགས་པའི་དབུ་མ་བོད་དུ་བྱོན་ཚུལ་ནི། ཇི་སྐད་དུ། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་རྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པ་ལྟར། ཇོ་བོ་ཨ་ཏི་ཤ་བོད་ཡུལ་དུ་བྱོན་པ་དེའི་ཚེ། ཟླ་བ་ཉིད་ཀྱི་གཞུང་དངོས་སུ་མ་འགྱུར་ཀྱང༌། བདེན་པ་གཉིས་ཀྱི་རབ་ཏུ་བྱེད་པ་སོགས་དགོངས་འགྲེལ་གྱི་བསྟན་བཅོས་ཐོར་བུ་དག་མཛད། དེས་དགེ་བའི་བཤེས་གཉེན་སྟོན་པ་ལ་གསུངས་ཤིང༌། དེ་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ། ཟབ་མོ་ལྟ་བའི་ཆ་རྣམས་ཟླ་བ་གྲགས་པའི་ལུགས་གཞིར་བཞག་ནས། དིང་སང་གི་བར་དུ་བྱོན་ནོ། །ཟླ་བའི་ཞབས་ཀྱི་གཞུང་འགྲེལ་དངོས་རྣམས་ནི། འཕན་ཡུལ་རྒྱལ་དུ། པ་ཚབ་ཀྱི་རིགས་ལས་འཁྲུངས་པ་ཉི་མ་གྲགས་ཀྱིས་རྒྱ་གར་དང༌། ཁ་ཆེར་ལོ་ཉི་ཤུ་རྩ་གསུམ་གྱི་བར་དུ་བསླབ་སྦྱངས་མཛད། གསེར་གྱི་གོ་ཆ་ལ་སོགས་པའི་པཎྜི་ཏ་གསུམ་སྤྱན་དྲངས། ར་ས་འཁྲུལ་སྣང་སོགས་སུ་སྤྱིར་ཟླ་བའི་གཞུང་མང་པོ་དང༌། བྱེ་བྲག་ཏུ་རྩ་འཇུག་གཞི་གསུམ་སོགས་བསྒྱུར་ནས་འཆད་ཉན་གྱིས་གཏན་ལ་ཕབ། འདི་ནི་བཤེས་གཉེན་ཤ་ར་བ་ཆེན་པོ་ཤེར་ཕྱིན་ལ་བཤད་ཉན་མཛད་པ་དང་དུས་མཚུངས་ཤིང༌། རྗེ་དུས་གསུམ་མཁྱེན་པ་ཇ་བཟང་བྲག་སྒྲུབ་པ་མཛད་པ་དང་ཡང་དུས་མཚུངས་ཞེས་གྲགས་ལ། ཤ་ར་བ་ཆེན་པོས་པ་ཚབ་པའི་འཆད་ཉན་གྱི་མཐུན་རྐྱེན་མང་པོ་མཛད། རང་གི་སློབ་མ་བློའི་མཐུ་ཅན་རྣམས་དབུ་མ་གསན་དུ་བཅུག དེའི་ཚེ་པ་ཚབ་ཀྱི་བུ་བཞིར་གྲགས་པ་ནི། ཚིག་དོན་གཉིས་ཀ་ལ་མཁས་པ་རྨ་བྱ་བྱང་ཆུབ་བརྩོན་འགྲུས། འདི་ཕྱྭ་པའི་སློབ་མ་རྨ་བྱ་རྩོད་པའི་སེང་གེ་དང་དོན་གཅིག་གམ་ཡང་ཟེར། ཡང་ཚིག་ལ་མཁས་པ་གཙང་པ་སར་སྦོས་ཏེ། འདིའི་བཤད་ཉན་གྱི་གྲྭ་པ་ཉང་ཕྱོགས་སུ་ཐོག་ཙམ་བྱུང་ཟེར། དོན་ལ་མཁས་པ་དར་ཡུལ་བ་རིན་ཆེན་གྲགས་ཏེ། བཤད་པ་མང་དུ་མཛད་ཀྱང་བརྒྱུད་པ་འཛིན་ཐུབ་པ་མ་བྱུང་ཟེར། ཚིག་དོན་གཉིས་ཀ་ལ་ཆ་མཉམ་པ་ཞང་འབྱུང་གནས་ཡེ་ཤེས་ཏེ། དེས་ཐང་སག་གི་ཆོས་གྲྭ་བཏབ། ལོ་ཙཱ་བའི་མཆན་དང་ས་བཅད་ལ་བརྟེན། ཁོང་རང་གིས་ཀྱང་རྣམ་བཤད་ཅི་རིགས་པ་མཛད་དེ་དིང་སང་གི་བར་དུ་རྒྱུན་མ་ཆད། དེ་ཡང་རྩ་འཇུག་གཞི་གསུམ་གྱི་གཞུང་བཤད། ཐལ་འགྱུར་ལུགས་ཀྱི་དབུ་མའི་ལྟ་ཁྲིད་རྣམས་ཏེ། ཞང་ནས་བརྒྱུད་པ་བཅུ་ཙམ་ཞིག་སོང་བའི་མཐར། དམར་སྟོན་གཞོན་ནུ་རྒྱལ་མཚན་ཞེས་བྱ་བའི་མཁས་པ་ཞིག་བྱུང༌། དེ་ལ་དབུས་གཙང་གི་མཁས་པ་མང་པོས་གཏུགས། སློབ་མ་ཤིན་ཏུ་མང་སྟེ། རྗེ་རོང་སྟོན་ཆེན་པོ་ཡང་དེའི་སློབ་མའོ། །དུས་ཕྱིས་རྗེ་བཙུན་རེད་མདའ་བ་ནི། ཐལ་འགྱུར་ལུགས་ཀྱི་དབུ་མ་མདོག་ལྡོག་པ་ཆེན་པོ་ལ་གསན་ཞེས་ཟེར་ཏེ། དེས་གང་ལ་གསན་པ་ནི་མ་ཤེས་ལ། རེད་མདའ་པས། རྩ་འཇུག་གཞི་གསུམ་གྱི་རྣམ་བཤད། ལྟ་ཁྲིད་དང་བཅས་པ་མཛད་པ་དེ་ལས་གསན་པ་ནི་ཙོང་ཁ་པ་ཆེན་པོའོ། །གསུམ་པ་ནི། ཕྱྭ་པ་དབུ་མ་རང་རྒྱུད་ལ་བཤད་ཉན་བྱེད་པའི་དུས་སུ། ཟླ་བའི་ཞབས་ཀྱི་བརྒྱུད་འཛིན་པཎྜི་ཏ་ཛ་ཡ་ཨ་ནནྡ་ཞེས་པ་ཞིག་བོད་དུ་བྱོན། དབུ་མ་ལ་འཇུག་པའི་འགྲེལ་བཤད་མཛད། དེའི་དུས་སུ་ཕྱྭ་པས་དངོས་སུ་བརྩད་ཅིང༌། རྒྱུད་ནས་ཀྱང་ཟླ་བའི་བསྟན་བཅོས་ཀྱི་ཚིག་དོན་གཉིས་ཀ་ལ་དགག་པའི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་པའི་བསྟན་བཅོས་མཛད། དགག་པ་ཇི་ལྟར་སོང་ཡང་ཕྱོགས་སྔ་མ་ནི་ངེས་པར་ལོང་པ་ཞིག་གོ །རྔོག་ལོ་ཙཱ་བ་ཆེན་པོའི་དུས་སུ་ནི། ཐལ་འགྱུར་པའི་གཞུང་མ་འགྱུར་ཡང༌། འཕགས་ཡུལ་དུའམ་བོད་དུ་དེ་དག་གི་གསུང་འགྲོས་གསན་པ་ལ་བརྟེན་ནས། ཚུལ་གསུམ་པ་ཅན་གྱི་རྟགས་ལ་མ་རྟེན་པར་དབུ་མའི་དོན་རྟོགས་པ་ཡོད་པར་འདོད་པ་ལ། ཇི་སྐད་དུ། འདུ་བྱེད་ཚོགས་འདི་མེད་ཅེས་ཡིད་ལ་མི་གནས་པར། །སྣང་དོན་ཉིད་དམ་དེ་ལ་ཡང་དག་འགོག་སྨྲ་བའི། །མི་དེ་གཉིས་ཀྱང་ཚད་མའི་ལམ་ལས་རྣམ་འཁྱམས་ནས། །ལོག་ལྟའི་མྱ་ངམ་ཐང་ཆེན་ནང་དུ་ངེས་པར་ལྷུང༌། །ཞེས་ཐལ་འགྱུར་བ་ལ་དང༌། རྣལ་འབྱོར་སྤྱོད་པ་བ་དང༌། དབུ་མ་རང་རྒྱུད་པ་ལའང༌། ཇི་སྐད་དུ། དོན་རྣམས་རིགས་པའི་སྟོབས་ཀྱི་རྣམ་འགར་གནས་འདོད་དང༌། །འདུས་བྱས་ལམ་འདས་དེ་ཉིད་ཚད་མས་ངེས་འཛིན་པ། །གཉིས་ཀ་དངོས་འཛིན་མི་ཟད་གདོན་ཆེན་ཁར་སོང་ནས། །ལྟ་བའི་མཆེ་བ་རྣོན་པོས་དམ་དུ་བཟུང་བ་ཡིན། །ཞེས་དགག་པ་མཛད་ནས། རང་གི་ལུགས་ནི། ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རྣམ་འགྲེལ་མཛད་པའི་རིག་པ་ལ་རྟེན་ནས་ཤེས་དགོས་པར་འཆད་དོ། །ཡང་དུས་ཕྱིས་ཇོ་ནང་པ་ཆེན་པོ་ནི། དངོས་སུ་སློབ་དཔོན་ཟླ་བའི་མཚན་ཉིད་ཐེག་པའི་གཞུང་གིས་དབུ་མར་བཤད་པ་རྣམས་ནི། རྩོད་ལྡན་གྱི་ཆོས་ཡིན་པས་དབུ་མར་མི་རུང་ཞིང༌། དབུ་མ་ནི་ཤཾ་བྷ་ལ་པའི་ཆོས་ཀྱི་སྐད་ལས་ཇི་ལྟར་འབྱུང་བ་དེ་ཉིད་ཅེས་གསུངས་ཤིང༌། དེའི་ཤུགས་ཀྱིས་རང་རྒྱུད་པའི་དབུ་མ་ལ་ཡང་དེ་སྐད་དུ་གསུང་བ་ལས་འོས་མེད་དོ། །ཡང་ཕྱིས་ཙོང་ཁ་པ་ཆེན་པོས་ནི། དཔལ་ལྡན་ཟླ་བའི་ཞབས་ཀྱི་གཞུང་ལས་གཞན་དུ་དབུ་མར་གྲགས་པ་རྣམས་ལ་ལྟ་བ་རྣམ་དག་མེད་ཅིང༌། མདོ་སྔགས་ཀྱི་ལྟ་བ་རྣམ་དག་ཐམས་ཅད་ལ། ཐལ་འགྱུར་བའི་ལུགས་འདི་ཁོ་ན་ཁྱབ་བྱེད་དུ་འཇུག་པར་བཤད་དོ། །གཉིས་པ་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པ་བོད་དུ་དར་ཚུལ་ནི། སྔོན་ཆོས་རྒྱལ་གྱི་དུས་སུ། ཤེར་ཕྱིན་གྱི་མདོ་དང༌། བྱམས་ཆོས་སྔ་མའི་གཞུང་འགྲེལ་འགྱུར་དུས་དེ་ཉིད་དུ། བཤད་ཉན་ཕྱོགས་རེ་ཙམ་བྱུང་བར་གྲགས་མོད། ཉན་བཤད་ཀྱིས་གཏན་ལ་ཕེབས་ལུགས་རྒྱུད་འཛིན་དང་བཅས་པ་ཡིད་ཆེས་པར་བྱོན་པ་ནི། ཇི་སྐད་དུ། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །ཡི་གེ་སྒྲ་དང་བཤད་སྦྱར་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང༌། །ཞེས་ལུང་བསྟན་བརྙེས་པའི་བདག་ཉིད་ཆེན་པོ་དེས། དཔལ་གོ་མི་འཆི་མེད་དང༌། ཇོ་བོ་འབུམ་ཕྲག་གསུམ་པ་སོགས་ལ། ཤེར་ཕྱིན་གྱི་མདོ་དགོངས་འགྲེལ་དང་བཅས་པ་རྒྱས་པར་གསན་ཞིང་བྱམས་པའི་གཞུང་ལྔ་ཆར་ལ་འགྱུར་དང༌། རྣམ་བཤད་རྒྱས་བསྡུས་ཟུང་འབྲེལ་དུ་མཛད་ཅིང༌། ཁྱད་པར་དུ་མངོན་པར་རྟོགས་པའི་རྒྱན་འཕགས་སེང་གི་འགྲེལ་པ་དང་བཅས་པ་ལ་འགྱུར་དང༌། རྣམ་བཤད་རྒྱས་པར་མཛད་ཅིང༌། ཉན་བཤད་ཀྱི་སྒོས་ལེགས་པར་གཏན་ལ་ཕབ། དེའི་བཤད་པའི་བཀའ་འབབས་ནི་གཙོ་བོར་བཤེས་གཉེན་འབྲེ་ཆེན་པོ་ཤེས་རབ་འབར་ལ་བབས། བཤེས་གཉེན་འདི་ནི། ལོ་ཆེན་བོད་དུ་མ་ཕེབས་པའི་སྔ་རོལ་དུ་ཡང༌། བཤེས་གཉེན་མུ་ཏྲ་ཆེན་པོ་སོགས་ལས་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་གསན་པ་ཞིག་གོ །འདིས་གནས་རྙིང་དུ་ཕར་ཕྱིན་གྱི་བཤད་གྲྭ་བཙུགས། བཤེས་གཉེན་འདིའི་དྲུང་དུ་བྱ་འདུལ་བ་བརྩོན་འགྲུས་འབར་རབ་ཏུ་བྱུང་ཞིང༌། མངོན་པའི་ཆོས་རྣམས་ཀྱང་གསན། བྱ་འདུལ་འདི་ནི་གསན་པ་ཤིན་ཏུ་རྒྱ་ཆེ་བ་ཞིག་སྟེ། ངུར་སྨྲིག་པ་ལས་ཀྱང་ཆོས་མངོན་པ་གསན་ཅིང༌། ཡོ་ག་རྣལ་འབྱོར་གྱི་རྒྱུད་ཀྱང་མང་པོ་རྒྱའི་སློབ་མ་རྨ་གཙོ་བྱང་ཆུབ་རྡོ་རྗེ་ལས་ཆོས་འདུལ་བ་ཤིན་ཏུ་མཁས་པར་བསླབས། སྟོད་ལུང་པ་རིན་ཆེན་སྙིང་པོ་ལས་བཀའ་གདམས་ཀྱི་ཆོས་གསན། ཟུལ་ཕུར་བཤད་པའི་གྲྭ་བཙུགས། འདིའི་དྲུང་དུ་ཕྱྭ་པས་བསྙེན་པར་རྫོགས། འདུལ་སྔོན་སོགས་གསན་པ་རྒྱ་ཆེ། བཤེས་གཉེན་འབྲེ་ཆེན་པོའི་ཤེར་ཕྱིན་གྱི་མདོ་དང་བསྟན་བཅོས་ཀྱི་བཤད་པའི་བཀའ་བབས། ཨར་བྱང་ཆུབ་ཡེ་ཤེས་ལ་རབ་ཏུ་བྱུང༌། དེས་གནམ་རྩེ་ལྡེང་དང༌། གཞུ་ཀུན་དགའ་རྭ་བར་བཤད་པའི་སྲོལ་བཙུགས། དེའི་སློབ་མ་འདུལ་འཛིན་གཞོན་ནུ་ཚུལ་ཁྲིམས། དེས་བྱང་ཆུབ་འབུམ་ལ། དེས་གཉལ་ཞིག་འཇམ་པའི་རྡོ་རྗེ་ལ་བཤད་ཅིང༌། གཉལ་ཞིག་འདི་ནི་གྲུབ་པ་བརྙེས་ཤིང༌། ཕྱྭ་པའི་སློབ་མ་དག་ལས་ཀྱང་གསན་པ་རྒྱ་ཆེ། འདིའི་སློབ་མ་ལ་ཕར་ཚད་ཀྱི་ཊཱི་ཀ་བརྩམ་པ་བཅོ་བརྒྱད་བྱུང་བར་གྲགས་པའི་ནང་ནས། རྒྱ་སྟོང་ཕྱིང་རུ་པས་སྙེ་ཐང་བདེ་བ་ཅན་དུ་བཤད་གྲྭ་བཙུགས། ཡང་ཟང་རིངས་གྲགས་པ་དར་མ་ཚུལ་ཁྲིམས་ཀྱིས་ཁྲོ་ཕུར་བཤད་གྲྭ་བཙུགས། དེའི་སློབ་རྒྱུད་ཚད་མའི་སྐྱེས་བུར་གྲགས་པ་བསོད་ནམས་མགོན་པོ་ལས་བུ་སྟོན་ཐམས་ཅད་མཁྱེན་པས་གསན། དེ་དང་དེའི་སློབ་མ་ལུང་མང་པོ་ལ་རིན་པོ་ཆེ་གཡག་པས་གསན། ཡང་གཉལ་ཞིག་གི་སློབ་མ་ཇོ་བོ་ནམ་མཁའ་དཔལ་ཞེས་པས་ཉང་སྟོད་དུ་བཤད་ཉན་མཛད་པའི་སློབ་མ་མཁས་པ་འོད་ཟེར་མགོན་པོ་བྱུང༌། དེས་གསང་ཕུ་གླིང་སྨད་ཀྱི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད་པའི་སློབ་མ་ལ། ཤཱཀྱ་གཞོན་ནུ་དང༌། བྱང་ཆུབ་གཞོན་ནུ་གཉིས་བྱོན་པ་ལས། བྱང་གཞོན་གྱིས་བསྒྲོས་གསར་པ་བརྩམས། ཤཱཀ་གཞོན་སློབ་དཔོན་གྱི་འགྲོས་རྙིང་པ་བཟུང་ནས་གདན་ས་དང༌། ཚལ་ཆོས་འཁོར་གླིང་གི་བཤད་གྲྭ་བཙུགས། དེའི་སློབ་མ་བློ་གྲོས་མཚུངས་མེད་ཅེས་གྲགས་པ་ནི། ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་མཁས་ཤིང་མང་དུ་གསན་པ་རྒྱ་ཆེ་བ་ཞིག་སྟེ། དེ་ལ་རྗེ་རང་བྱུང་རྡོ་རྗེས་མང་དུ་གསན་ཅིང༌། དེས་ཀྱང་དེ་ཉིད་ལ་མང་དུ་གསན། ཁ་རག་པའི་སྒྲོས་འཛིན་ཀ་བཞི་པ་ནག་ཧྲིག་པར་གྲགས་པ་ཞིག་ལ་ཆོས་རྗེ་དེ་བཞིན་གཤེགས་པས་གསན། ཡང་ཁ་རག་པའི་སྒྲོས་འཛིན། སོག་དཔོན་རིན་ཆེན་བཟང་པོ་ལ་རྗེ་མཐོང་བ་དོན་ལྡན་གྱིས་གསན། ཡང་རྔོག་ལོ་ཆེན་པོའི་གསུང་རབ་མཐའ་དག་གི་བཀའ་བབས་ནི། གྲོ་ལུང་པ་ཆེན་པོ་ལ་ཡོད་ཀྱང༌། སྐུའི་གདན་ས་ཞང་ཚེ་པོང་ཆོས་ཀྱི་བླ་མ་ལ་བྱུང༌། དེ་ལས་ཉང་བྲན་པ་ཆོས་ཀྱི་ཡེ་ཤེས་དང༌། ཕྱྭ་པ་ཆོས་ཀྱི་སེང་གེ་རབ་ཏུ་བྱུང༌། ཆོས་ཀྱི་ཡེ་ཤེས་ཀྱིས་བསླབ་སྤྱོད་སོགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་བཤད་ཉན་ཡུན་རིང་ཞིང་རྣམ་བཤད་མང་པོ་མཛད། ཆོས་ཀྱི་སེང་གེ་ནི་ལོ་ཆེན་བདེ་བར་གཤེགས་པའི་ལོར་སྐུ་འཁྲུངས་ཤིང༌། བསླབ་སྦྱངས་ཕུལ་དུ་བྱུང་བ་མཛད་ནས། གདན་ས་ལོ་བཅོ་བརྒྱད་མཛད་པའི་བར་ལ་སློབ་མ་སེང་ཆེན་བརྒྱད། ཤེས་རབ་ཅན་གསུམ། ཇོ་སྲས་བཞི། གྲུབ་ཐོབ་གསུམ་རྣམས་བྱོན་པར་གྲགས་པ་ལས། ཤེས་རབ་ཅན་གཅིག་ནི་ལྷོ་བྲན་པ་དར་མ་སེང་སྟེ། ཕྱྭ་པའི་དྲུང་དུ་རང་ལོ་བཅུ་བདུན་པ་ལ་རབ་ཏུ་བྱུང༌། ལོ་དེ་ཉིད་ལ་རྣལ་འབྱོར་སྤྱོད་པའི་ཆོས་རྒྱ་མཚོ་ལྟ་བུ་གསན་སྟེ། གསན་པ་དེ་ཉིད་ཟིན་བྲིས་སུ་བཏབ་པའི་ཊཱིཀ་ཆེན་དིང་སང་གི་བར་དུ་ཡོད་པ་འདི་ཉིད་བཤད་ནས། དན་བག་གནས་ཆུང་དང༌། ངན་ལམ་ཚུལ་ཆེན་དུ་བཤད་གྲྭ་བཙུགས། འདི་ལ་ལྷོ་པ་ཐམས་ཅད་མཁྱེན་པ་ཞེས་ཟེར། སེང་ཆེན་གྱི་ནང་ནས་བརྩེགས་ཀྱིས་ནི་ཕར་ཚད་དང༌། བྱམས་ཆོས་དང་དབུ་མའི་བཤད་སྲོལ་བཟུང་ཞིང༌། གདན་ས་ཟིན་པ་བྱུང༌། བྲུ་ཤ་བསོད་ནམས་སེང་གེ་ནི། སྣར་ཐང་དུ་བཤད་གྲྭ་བཙུགས། གཙང་ནག་པ་བརྩོན་འགྲུས་སེང་གེ་ནི་གསུང་རབ་མཐའ་དག་ལ་མཁས་ཀྱང་ཕྲིན་ལས་ཆེར་མ་བྱུང་ཟེར། སྤར་ཕུ་བ་བློ་གྲོས་སེང་གེ་ནི་གསུང་རབ་མཐའ་དག་ལ་མཁས་ཤིང༌། ཕྱིས་ཕག་གྲུ་ཆེན་པོ་ལ་གསན་ནས་དོ་ཧ་སྐོར་གསུམ་གྱི་འགྲེལ་པ་མཛད་དོ། །ཕྱྭ་པའི་ཕར་ཚད་ཀྱི་བཤད་སྲོལ་ནི། གཙོ་བོར་གྲོ་ལུང་པ་ལས་བྱུང་བ་སྟེ། དུས་ཕྱིས་ཀྱང་ཨར་གྱི་ཕྱོགས་དང༌། དེ་ལས་གཞན་ཕྱོགས་པ་གཉིས་སུ་གྲགས་སོ། །ཇོ་སྲས་གསུམ་ལས། ས་ཇོ་སྲས་རྩེ་མོར་གྲགས་པས་ནི། བཤེས་གཉེན་འདི་ལོ་བཅུ་གཅིག་ཙམ་དུ་བསྟེན་ཅིང༌། དབུ་ཚད་ཀྱིས་སྣ་དྲངས་པའི་ཐེག་པ་ཆེ་ཆུང་གི་གསུང་རབ་མང་དུ་གསན། བཤད་པའི་སྲོལ་འཛིན་པའི་དགོངས་པ་ནི་རྒྱ་ཆེར་མཛད། གྲུབ་ཐོབ་མི་གསུམ་དུ་གྲགས་པ་ལ། ཞང་ཚལ་པ་དངོས་སློབ་ཡིན་མིན་གྱི་བཤད་པ་གཉིས་བྱུང་ཞིང༌། དབུ་སེར་གྲགས་པའི་རྗེ་དུས་གསུམ་མཁྱེན་པས་ནི། དབུ་ཚད་དང་བྱམས་ཆོས་རྒྱས་པར་གསན་ཅིང༌། མཚན་ནི། ལོ་ཙྪ་བ་ཆེན་པོའི་དངོས་སློབ་སྟེ། མཆོག་གི་བླ་མ་ལས་རབ་ཏུ་བྱུང་བའི་ཚེ། ཆོས་ཀྱི་བླ་མ་ཞེས་པར་གསོལ་ཡང༌། ཧུ་ལེན་དེབ་གཏེར་དུ་རྡོ་རྗེ་འོད་ཟེར་ཞེས་པ་བྱུང་ངོ༌། །ཡང་བྱམས་པའི་ཆོས་སྔ་མ་གསུམ་ནི་སྔོན་ཆོས་རྒྱལ་གྱི་དུས་སུ་འགྱུར་ཡང༌། རྒྱུད་བླ་མ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ནི་འཕགས་ཡུལ་དུའང༌། དུས་རིང་མོ་ཞིག་ཏུ་མི་མངོན་པར་གྱུར་པ་ལས། དུས་ཕྱིས་པཎྜི་ཏ་བྱམས་པ་མགོན་པོ་ཞེས་པ་གཅིག་གིས། སོ་ཕག་གི་མཆོད་རྟེན་ཞིག་ནས་བཏོན་ཏེ་དར་བར་བྱས་པ་ཡིན་ནོ། །ཞེས་སློབ་དཔོན་དག་འཆད་ལ། དུས་དེ་ནི་རྔོག་ལོ་ཆེན་པོའི་དུས་ལས་ཅུང་ཟད་སྔ་བ་ཙམ་མོ། །གོང་མའི་བླ་མ་གཞན་གྱི་གསུང་ལས། ཆོས་དེ་ཉིད་གསར་དུ་རྙེད་པའི་བྱམས་པའི་མཚན་ཅན་དེ་ནི། རྒྱལ་སྲས་མཻ་ཏྲི་པ་ཆེན་པོ་ཡིན་ལ། གཞུང་དེ་དག་ནི་ཕྱག་རྒྱ་ཆེན་པོའི་བསྟན་བཅོས་ཏེ། བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་སད་ཛ་ན་ཞེས་པས་མཻ་ཏྲི་པ་ལ་གསན་ཅིང༌། རྔོག་ལོ་ཆེན་པོས་སད་ཛ་ན་ཉིད་ལས་གསན་ཅིང༌། འགྲེལ་པ་དང་བཅས་པའི་འགྱུར་མཛད་དོ། །དེ་ཡང་ལོ་ཆེན་ནི། བྱམས་པའི་ཆོས་བཞི་པོའི་བསྟན་བྱའི་དོན་དྲང་དོན་དང༌། རྒྱུད་བླའི་བསྟན་བྱའི་དོན་ནི་ངེས་པའི་དོན་ཏེ། བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་དེའོ། །དེའི་ངོས་འཛིན་ཡང༌། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་ཆ། ཤེས་བྱ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པ་དེ་ཉིད་ཡིན་ལ། དེ་ཡང་མེད་པར་དགག་པ་ནམ་མཁའ་ལྟ་བུ་ཞིག་སྟེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱིས་བསྟན་པ་དེའོ་ཞེས་བཞེད། ཡང་ཡར་ལུང་པ་བཙན་ཁ་བོ་ཆེར་གྲགས་པས། རང་ལོ་དྲུག་ཅུ་ལོན་པའི་ཚེ་བྱམས་པའི་ཆོས་གསན་པ་ལས་རྙེད་པའི་ངེས་དོན་ནི། སངས་རྒྱས་ནས་སེམས་ཅན་གྱི་བར་ལ་ཁྱབ་པའི་རང་བཞིན་རྣམ་དག་གི་ཡེ་ཤེས། རང་བཞིན་གྱི་འོད་གསལ་བ་དེ་ཉིད་བདེ་བར་གཤེགས་པའི་སྙིང་པོར་གསུངས་པ་ཡིན་ནོ་ཞེས། ཁོང་ནས་རྒྱུད་པ་དག་འཆད་ལ། འདི་ལ་སྔོན་གྱི་དུས་སུ་བྱམས་ཆོས་མཚན་ཉིད་ཀྱི་ལུགས་སུ་འཆད་པ་དང༌། སྒོམ་ལུགས་སུ་འཆད་པའི་ཁྱད་པར་རོ་ཞེས་གྲགས་མོད། གཉིས་ཀ་ལྟར་ཡང་འགལ་བ་མེད་དེ། མཚན་འཛིན་སེལ་བའི་ཚེ་ནི་སྔ་མ་ལྟར་ཟབ་ལ། ཡོན་ཏན་གྱི་རྟེན་དུ་བྱེད་པ་ལ་ནི་ཕྱི་མ་ལྟར་དགོས་པས་སོ། །དེ་དང་འདྲ་བར་བྱམས་ཆོས་པའི་འགྱུར་མེད་ཡོངས་གྲུབ་ཀྱི་ངོས་འཛིན་གཉིས་བྱུང་སྟེ། གཟུང་འཛིན་མ་དམིགས་པའི་མེད་པར་དགག་པ་ལ་དང༌། གདོད་མ་ནས་གྲུབ་པའི་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པའོ། །དེ་གཉིས་ཀ་ཡང་མི་འགལ་བར་དབུས་མཐའ་ལས་གསུངས་ཏེ། ཇི་སྐད་དུ། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །གཉིས་དངོས་མེད་པའི་དངོས་ཡོད་པ། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་གསུངས་པས་སོ། །རྗེ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་ཀྱང༌། ནང་རྒྱུད་གསུམ་དང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་རྣམ་བཤད་ཀྱི་དགོངས་པ་འདི་ཁོ་ན་ལྟར་བྱུང་ངོ༌། །བོད་ཕྱི་མས་བྱམས་ཆོས་ཕྱི་མའི་ངེས་དོན་གྱི་ངོས་འཛིན། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་པ་ཉིད་ལས་གཞན་མེད་དོ་ཞེས་ཟེར་བ་ནི། ཆོས་དེའི་ངེས་དོན་ངོས་འཛིན་ཚུལ་ལ་ཤིན་ཏུ་སྒྲིབ་པར་བྱའོ། །གསུམ་པ་སྔགས་ཀྱི་དབུ་མ་བོད་དུ་བྱོན་པའི་ཚུལ་ལ་གསུམ་སྟེ། སྔ་འགྱུར་དང༌། བར་འགྱུར་དང༌། ཕྱིས་འགྱུར་གྱི་ཚུལ་ལོ། །དང་པོ་ནི། སློབ་དཔོན་སྤྲུལ་པའི་སྐུ་པདྨ་འབྱུང་གནས་བོད་དུ་བྱོན་པའི་དུས་དེ་ན། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ནི། གཞུང་ཇི་ལྟ་བ་བཞིན་འགྱུར་ཟིན་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ། མ་ཧཱ་ཡོ་ག་དང༌། ཨ་ནུ་ཡོ་ག་དང་ཨ་ཏི་ཡོ་ག་གསུམ་དུ་ཕྱེ་སྟེ། ཞལ་ནས་གསུངས་པ་དེའི་ཚེ། གཙོ་བོར་རྣལ་འབྱོར་གསུམ་པ་ཉིད་ཉམས་སུ་བླངས་པས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་དུ་བྱོན་ལ། ཨ་ཏི་ཡོ་ག་ནི་རྫོགས་པ་ཆེན་པོ། སློབ་དཔོན་ཉིད་ཀྱིས་མཛད་པའི་མན་ངག་ལྟ་བའི་ཕྲེང་བ་ལས་བྱུང་བའོ། །ཞེས་གསུངས་ལ། ཐེག་པ་རིན་པ་དགུའི་རྣམ་བཞག་མཛད་པ་དག་ལ་ནི། ཨ་ཏི་ཡོ་གའི་ལྟ་བ་འདི་རྣལ་འབྱོར་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་དབུ་མའི་ལྟ་བ་ཉིད་དུ་འཆད་དགོས་སོ། །གཉིས་པ་བར་དུ་འགྱུར་བ་དག་ལ་ཡང༌། སྔོན་མ་འགྱུར་བའི་རྒྱུད་སྡེ་མང་པོ་དག་འགྱུར་མཛད་པ་པོ་ནི། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་སྟེ། དེས་ནི་རྒྱུད་སྡེ་མཐའ་དག་གི་དགོངས་པ་ཕྱག་ལེན་གྱི་སྒོ་ནས་གསལ་བར་མཛད་ཅིང༌། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་བསྟན་བཅོས་མཛད། དེའི་སློབ་མ་ལྷ་བླ་མ་ཡེ་ཤེས་འོད་དང༌། དེའི་རྒྱུད་པ་ཕོ་བྲང་ཞི་བ་འོད་རྣམས་ཀྱིས་ནི། སྔོན་རྒྱ་གར་ལ་ཁུངས་ཕྱུང་བའི་རྒྱུད་དུ་གྲགས་པ་རྣམས་ལ་སུན་འབྱིན་གྱི་ཡི་གེ་མང་པོ་དག་མཛད་དོ། །དེའི་འོག་ཏུ་ལོ་ཙཱ་བ་ཆེན་པོ་འབྲོག འགོས། མར་གསུམ་གྱིས། བདེ་དགྱེས་གསང་བ་འདུས་པ་ལ་སོགས་པའི་ཐེག་པའི་ཆོས་ཀྱི་ཉིང་ཁུ་ལས་ཀྱང་ཆེས་ཤིན་ཏུ་ཉིང་ཁུར་གྱུར་པ་དག་བསྒྱུར་ཞིང་ཉན་བཤད་དང་ཉམས་ལེན་གྱི་སྒོ་ནས་དར་ཞིང་རྒྱས་པ་དེའི་དུས་ཀྱི་མན་ངག་ལམ་འབྲས་དང༌། རིམ་པ་ལྔ་པ་དང༌། ཆོས་དྲུག་རྣམས་ལས་འབྱུང་བའི་ངེས་དོན་ནི། དབུ་མ་ཐལ་རང་པ་དག་ལ་མ་གྲགས་པའི་ངེས་དོན་རྣལ་འབྱོར་བླ་མེད་ཀྱི་དབུ་མ་ཆེན་པོའོ། །གསུམ་པ་ཕྱིས་འགྱུར་ནི། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུ། འགྲེལ་ཆེན་དྲི་མ་མེད་པའི་འོད། རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་དང་བཅས་པ་རྣམས་ནི། ཕར་ཕྱིན་ཐེག་པའི་དབུ་མ་པ་མཐའ་དག་ལ་མ་གྲགས་པའི་དབུ་མ་ཆེན་པོ་སྟེ། འདིའི་རྣམ་པར་བཞག་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་ཐུགས་ལ་མངའ་བར་ངེས་སོ། །གསུམ་པ་དགག་སྒྲུབ་ཅུང་ཟད་བགྱིས་ཏེ་མཇུག་བསྡུ་བ་ལ་གསུམ་ཏེ། དབུ་མའི་ངོས་འཛིན་རྒྱ་ཆུང་ན་ཆོས་སྤོང་གི་ཉེས་དམིགས་ཡོད་པར་བསྟན། རྒྱ་ཆེ་ཤོས་དེའི་ངོས་འཛིན་གཞན་དུ་བྱས་པས་ལུང་དང་འགལ་བར་བསྟན། ཕྱིས་བྱོན་དབུ་མའི་ངོས་འཛིན་རང་ལ་གྲགས་པའི་ལུང་དང་མ་མཐུན་པའོ། །དང་པོ་ནི། དུས་ཕྱིས་གངས་ཅན་གྱི་ལྗོངས་ན་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོའི་དབུ་མ་དང༌། དེའི་གཞུང་ལུགས་ནི། ཐལ་རང་པར་གྲགས་པ་དག་ལས། གཞན་ལ་ངོས་མི་འཛིན་ཅིང༌། དབུ་མ་དེ་ཡང་ཆོས་ཐམས་ཅད་བདེན་པས་སྟོང་པའི་མེད་པར་དགག་པ་ཁོ་ནའོ་ཞེས་འཆད། དེ་སྐད་དུ་འདོན་པ་འདིས་ནི། བཀའ་འཁོར་ལོ་གསུམ་པ་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པ་དག་ལ་དངོས་པོར་སྨྲ་བ་ཉིད་དུ་སྐུར་པ་བཏབ་པས་ཆོས་སྤོང་གི་ལས་བསགས་པ་ནི། རྗེ་བཙུན་མ་ཕམ་པ་ཉིད་ཀྱིས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་རྒྱལ་བས་ཆེས་མཁས་འཇིག་རྟེན་འདི་ན་ཡོད་མིན་ཏེ། །ཞེས་སོགས་ཀྱིས་བསྟན་པ་དེ་ཉིད་དོ། །འཕགས་པ་ཐོགས་མེད་ཀྱིས་གཞུང་འགྲེལ་རྣམས་སུ་ངེས་དོན་གྱི་དབུ་མ་མ་བསྟན་ན། རྒྱལ་བ་ཉིད་ཀྱིས་དྲང་ངེས་འབྱེད་པར་ལུང་བསྟན་པ་དང་འགལ་ལོ། །དེས་རྒྱུད་བླའི་འགྲེལ་པ་ཐལ་འགྱུར་དུ་བཀྲལ་ལོ་ཞེས་ཟེར་མོད། འགྲེལ་པ་དེ་ནི་ཟླ་བ་གྲགས་པའི་འགྲེལ་ཚུལ་དང་མི་མཐུན་པར་དཔྱོད་ལྡན་སུས་བལྟས་ཀྱང་མངོན་སུམ་གྱིས་གྲུབ་པས་ཟེར་བ་ཙམ་དུ་ཟད་པས། སྔགས་ཀྱི་དབུ་མ་མེད་པར་དགག་པ་ཉིད་དུ་བཤད་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ངོས་མ་ཟིན་པ་དང༌། དེ་ལས་གཞན་གང་དུ་ངོས་བཟུང་ཡང་ལུང་གིས་གནོད་པ་དང༌། བདེ་སྟོང་ཟུང་འཇུག་ངོས་མ་ཟིན་པ་དང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ་སོགས་ཇི་ལྟར་འཆད། དེ་དག་ཀུན་རྫོབ་བདེན་པར་འཆད་པ་ནི། སྔགས་ལུགས་ཀྱི་དོན་དམ་པའི་བདེན་པ་ལ་སྐུར་པ་བཏབ་པ་ཁོ་ནར་མ་ཟད། དུས་ཀྱི་འཁོར་ལོར། ནིམ་པའི་ཤིང་ལས་རྒུན་འབྲུམ་དང༌། དུག་གི་ལོ་མ་ལས་བདུད་རྩི་དང༌། ཚངས་པའི་ཤིང་ལས་པདྨོ་མི་འཁྲུངས་པའི་དཔེས། མེད་པར་དགག་པའི་སྟོང་པ་ཉིད་དེ། བདེ་ཆེན་དང་ཟུང་དུ་འཇུག་པའི་སྟོང་ཉིད་ཡིན་པ་གསལ་བར་བཀག་གོ །གཉིས་པ་ནི། འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་ནས་འབྱུང་བའི་དོན་དམ་པའི་བདེན་པའི་ངོས་འཛིན། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལས་གོང་དུ་མ་འཕགས་པས། དངོས་པོར་སྨྲ་བ་ཉིད་དོ་ཞེས་ཟེར་མོད། གཞུང་ལུགས་དེ་དག་ནི་དེ་ལྟ་བུའི་སྟོང་ཉིད་ཀྱི་ངོས་འཛིན་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞིག་ཡོད་ཅེ་ན། ཕྱི་རོལ་གྱི་དོན་ལ་སོགས་པའི་གཟུང་བ་ཀུན་བཏགས་ཇི་སྙེད་པ་དང༌། དེར་སྣང་བའི་རྣམ་ཤེས་སོགས་འཛིན་པ་ཀུན་བཏགས་ཇི་སྙེད་པ། རང་གི་ངོ་བོས་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། དེའི་ལྷག་མར་ལུས་པའི་རང་བཞིན་རྣམ་དག་གི་ཡེ་ཤེས་འབའ་ཞིག་ལ་དོན་དམ་པའི་བདེན་པར་གསུངས་པའོ། །དེ་བདེན་གྲུབ་ཏུ་འདོད་པ་དབུ་མར་མི་རུང་ངོ་སྙམ་ན། ཁྱེད་ཀྱིས་ཀྱང་བདེན་སྟོང་དོན་དམ་པར་ཁས་བླངས་པས་དེར་མི་རུང་སྟེ། དོན་དམ་པའི་བདེན་པར་གྲུབ་ནས་བདེན་པར་མ་གྲུབ་པའི་ཁྱད་པར་ནི། སྔོན་གྱི་གཞུང་ལུགས་ཚད་མ་དང་ལྡན་མི་ལྡན་གང་ནས་ཀྱང་མ་བྱུང་ངོ༌། །གལ་ཏེ་གཞུང་ལུགས་དེ་དག་ནས་བྱུང་བའི་ངེས་དོན་རྗེ་བཙུན་བྱམས་པས་དབུ་མར་བཤད་ཀྱང༌། ལེགས་ལྡན་འབྱེད་དང༌། ཟླ་གྲགས་ཀྱི་དབུ་མའི་ལུགས་མ་ཡིན་པར་བཤད་པ་དེ་གཉིས་དབང་བཙན་ནོ་སྙམ་ན་ནི། འོ་ན་དེ་དག་གི་བཤད་པ་ལ་ཡང་ཐོགས་མེད་ཞབས་ཀྱིས་མདོ་དྲངས་ནས། སྐུར་འདེབས་ཀྱི་ལྟ་བར་བཤད་ཅིང༌། རྒྱ་གར་བའི་མན་ངག་གི་གཞུང་དང༌། མདོ་སྡེ་དག་ན་ངོ་བོ་ཉིད་མེད་པར་སྨྲ་བས་འཆད་པའི་སྟོང་པ་ཉེད་དེ་ལ། བེམས་པོའི་སྟོང་པ་ཉིད་དང༌། ཆད་པའི་སྟོང་པ་ཉིད་དང༌། ཐལ་བྱུང་གི་སྟོང་པ་ཉིད་ཅེས། ངེས་དོན་གྱི་ངོས་འཛིན་ཚུལ་ཕྱོགས་གཉིས་ཀ་ལ། ཚད་ལྡན་གྱི་གཞུང་དག་ན་དགག་པ་ཕྱོགས་རེ་བ་རེ་མཛད་ཡོད་པས་ན་དགོངས་དོན་ཟབ་མོ་དག་ལ་མ་བརྟགས་པར་ཕན་ཚུན་དུ་གཅིག་གིས་ཅིག་ཤོས་འགོག་པར་ནུས་པ་མ་ཡིན་ནོ། །གསུམ་པ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། སྟོང་པ་ཉིད་ཅེས་བྱ་བའི་ངེས་དོན་ཟབ་མོ་འདི་ནི་ཟླ་བ་གྲགས་པའི་གཞུང་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་པས་སོ། །དེ་ཡང་ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ། དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའོ། །དེ་ལས་གཞན་དུ་མོ་གཤམ་གྱི་བུ་ལྟ་བུ་བདེན་མེད་དུ་བསྒོམ་པས། སྒྲིབ་པའི་ས་བོན་ཅི་ཞིག་སྤོང་བར་ནུས་ཞེས་འཆད་ཅིང༌། དེའི་རྒྱབ་རྟེན་དུ། ཟླ་བས་རྣམ་རིག་པ་བཀག་པའི་གཞུང་རྣམས་ལེགས་ལྡན་འགོག་པའི་གཞུང་དུ་སྦྱོར་བར་བྱེད་པ་དང༌། སྟོང་ཉིད་གཏན་ལ་ཕེབས་པའི་ཚེ་དགག་བྱ་ལོགས་སུ་ངོས་མ་བཟུང་ན་ཆད་པའི་མཐར་ལྷུང་ངོ་ཞེས་འཆད་པ་དང༌། སྔགས་ཀྱི་བདེ་སྟོང་ཟུང་འཇུག་ཀྱང་དེ་ལྟ་བུའི་སྟོང་པ་ཉིད་དེ་ཡུལ་ཅན་བདེ་བ་ཆེན་པོས་རྟོགས་པ་ལ་འཆད་དགོས་ཏེ། དཔེར་ན་བརྩེ་བ་སྙིང་རྗེ་ཆེན་པོས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འཆད་དགོས་པ་བཞིན། ཞེས་གསུང་ངོ༌། །དེ་སྐད་ཅེས་ཟེར་བ་དེ་ཐམས་ཅད་ནི་རང་གང་ལ་ཁུངས་སུ་བྱེད་པའི་གཞུང་མཐའ་དག་དང་མི་མཐུན་ཏེ། དབུ་མའི་གཞུང་ལས་ནི། སྤྲོས་པའི་མཐའ་བཞི་སེལ་དགོས་པར་བཤད་ལ། ཁྱེད་ཀྱིས་ནི། དོན་དམ་དུ་ཡོད་པའི་མཐའ་དང༌། ཐ་སྙད་དུ་མེད་པའི་མཐའ་གཉིས་སེལ་བ་ལས་གཞན་མ་བཤད། གཞུང་དུ་ནི། གཉིས་མིན་གྱི་མཐའ་སེལ་བ། གཉིས་ཡིན་གྱི་མཐའ་ཁེགས་པ་ལ་ཐུག་པ་དང༌། མེད་མཐའ་ཁེགས་པ་ཡོད་མཐའ་ཁེགས་པ་ལ་རག་ལུས་པ་སོགས་ཕན་ཚུན་སྤངས་པའི་འགལ་ཟླ་གཅིག་ཁེགས་པ་ན་ཅིག་ཤོས་ཀྱང་ཁེགས་པར་གསུངས་ལ། ཁྱེད་ཅག་གི་ནི། དངོས་འགལ་གཉིས་ལས་གཅིག་བཀག་པ་ན་གཅིག་ཤོས་དོན་གྱིས་གྲུབ་པ་གཞུང་ཤིང་ཉིད་དུ་བྱེད་པ་དང༌། དེ་གཞུང་དང་འགལ་བ་ཡང་གཞུང་དུ་ནི་རྟེན་འབྲེལ་གྱི་གོ་བ་ལྟོས་གྲུབ་དང༌། དེའི་གོ་བ་ནི། ཇི་སྐད་དུ། ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །གྲུབ་མིན་ཉིད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་མ་གྲུབ་པ་ཉིད་ལ་བཤད་པའི་ཕྱིར་དང༌། ལུགས་འདིར་ཡིན་པ་བཀག་ཤུལ་ཡིན་པ་སོགས་གྲུབ་ན། དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པར་ཐལ་བ་དང༌། སྤྲོས་མཐའ་ཐམས་ཅད་མི་འགོག་པར་བསལ་བའི་ཕྱིར་རོ། །ཁྱེད་ཅག་གིས་ནི་དབུ་མའི་རྟགས་ཀྱི་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལས་གཞན་མི་འཆད་པ་དེའི་ཚེ་ཆད་པའི་མཐའ་དང་མེད་པའི་མཐའ་འགོག་མ་ནུས་པས་ན། སྟོང་པ་ཉིད་སྟོང་པ་ཉིད་གསུངས་པ་དགོས་མེད་དུ་ཐལ་བར་འགྱུར་བ་དང༌། ཉན་རང་གི་སྟོང་ཉིད་རྟོགས་ཚུལ་ལས་ལྷག་པ་ཐེག་ཆེན་འཕགས་པ་ལ་ཁས་ལེན་མ་ནུས་པས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་ཚུལ་ཡོངས་སུ་རྫོགས་པ་ཡོད་པར་བསལ་བ་དང༌། གང་ཟག་དང་ང་ཙམ་སོགས་བྱེད་པའི་སྐྱེས་བུ་བཅུ་གཉིས་སོགས་ཚད་གྲུབ་ཏུ་ཁས་བླངས་པས་མུ་སྟེགས་དང་མཚུངས་པ་དང༌། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་ན། གང་ཟག་གི་བདག་དང་བདག་མེད་ཀྱི་ངོས་འཛིན་རྣམ་དག་མེད་ན་ཕྱི་ནང་གི་ཤན་མ་ཕྱེད་པར་ཐལ་བ་དང༌། གནས་ཚུལ་བདེན་པ་ལ་ཞུགས་པའི་ཚེ་རྟགས་ཆོས་དོན་གསུམ་ཚད་མས་གྲུབ་ན། རང་རྒྱུད་འགོག་མ་ནུས་པར་བསལ་བ་དང༌། ལེགས་ལྡན་གྱི་གཞུང་དུ་དབུ་མའི་དོན་མ་བསྟན་ན། ཇི་སྐད་དུ། ལེགས་ལྡན་གྱིས་ལེགས་གང་བཤད་དང༌། །ཞེས་ཟླ་བས་ལུང་དུ་དྲངས་པ་མི་འཐད་པར་བསལ་བ་དང༌། འདི་སྐབས་ཀྱི་སྟོང་ཉིད་རྟོགས་པའི་མངོན་སུམ་དང་རྗེས་དཔག་ཡོད་ན། སྤྱོད་འཇུག་དུ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། འཇུག་འགྲེལ་སོགས་སུ་དྲངས་པའི་མདོ་ལས་དོན་དམ་པའི་བདེན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ལས་ཀྱང་འདས་པར་གསུངས་པ་དང༌། ཨ་ཏི་ཤས། མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་དང༌། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་མི་རྟོགས་ཞེས། །སློབ་དཔོན་མཁས་པ་བྷ་བྱ་གསུངས། །ཞེས་སོགས་དང་འགལ་བ་ཁོ་ནར་མ་ཟད། རིགས་པས་ཀྱང་གནོད་དེ། ལྡོག་པ་གཞན་སེལ་དངོས་ཀྱི་གཞལ་བྱར་བྱེད་པའི་མངོན་སུམ་ནི་རྣམ་འགྲེལ་མཛད་པའི་རིགས་པས་ཁེགས་སོ། །གཞན་ཡང་ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་ཚད་མས་མ་གྲུབ་པ་བཀག་པའི་སྟོང་པ་ཉིད་ཀྱི་འཆད་ཚུལ་འདི་ནི། ཤེར་མདོའི་དངོས་བསྟན་དང་འགལ་བ་ཁོ་ནར་མ་ཟད་ཀྱི། ཟླ་བ་ཉིད་ཀྱི་བསྟན་བཅོས་ལས། ཇི་སྐད་དུ། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་སོགས་ཆོས་ཅན་ཐམས་ཅད་ལ་སྦྱར་ནས་དངོས་སུ་གསུངས་པ་དང༌། རིགས་པས་ཀྱང་བུམ་པ་ལྟ་བུ་ཚད་མས་གྲུབ་པའི་དོན་ཞིག དགག་བྱ་ཚད་མས་མ་གྲུབ་པས་སྟོང་པའི་སྟོང་པ་ཉིད་འདི་ནི། གཞན་སྟོང་དུ་སྨྲ་བའི་གཞུང་ལས་འབྱུང་བའི་སྟོང་ཉིད་ཀྱི་ནང་ནས་ཀྱང་ཐ་ཤལ་ཞིག་སྟེ། ཆོས་ཅན་མ་དག་གཞན་དབང་གི་སྟེང་དུ་དགག་བྱ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་ཀྱིས་སྟོང་པ་ལ་ངོས་བཟུང་བའི་ཕྱིར། ལུགས་འདིར་ཤེས་བྱ་ཐམས་ཅད་རང་སྟོང་དུ་བཤད་པ་དེ། ཇི་སྐད་དུ། གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་སོགས་ཀྱི་སྐབས་ནས་བཤད་པའི་རྩོད་པ་སྤོང་བར་མ་ནུས་སོ་སྙམ་ན། མི་ནུས་པ་མ་ཡིན་ཏེ། དེ་ལ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་རྟེན། །ཞེས་སོགས་ཀྱིས་ལན་ཐེབས་པའི་ཕྱིར། ཇི་ལྟར་ན། སྤྱིར་བདེན་པ་གཉིས་སོ་སོར་ཕྱེ་བའི་ཚེ། དོན་དམ་དུ་མེད་པ་ཉིད་དབང་བཙན་ཡང༌། དངོས་སྨྲ་བའི་རྩོད་པ་དེ་ནི། དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པར་བྱེད་པའི་རྩོད་པ་ཡིན་པས། ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཞེས་པས་ལན་ཐེབས་སོ། །དེ་སྐད་དུ། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་གསུངས་སོ།།  །།ཀྱེ་ཧོ། གང་སྐུ་སྐུ་ལྔའི་བདག་ཉིད་རྫོགས་སངས་རྒྱས། །དེ་གསུང་གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །ཁྱོད་ཐུགས་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །མཐུ་སྟོབས་སྟོབས་ཀྱི་དབང་ཕྱུག་འགྲོ་འདིའི་མགོན། །བདེ་འབྱུང་གཙུག་བརྒྱན་རང་གནས་མི་འདོར་ཡང༌། །ཡངས་པའི་མཁའ་ལ་ཐོགས་པ་མེད་རྒྱུ་བས། །མཚན་ཡང་ཉིན་མོར་བྱེད་པ་ཇི་ལྟ་བ། །ཀརྨ་པར་གྲགས་གང་གིས་བཀས་བསྐུལ་ནས། །དབུ་མའི་བྱུང་ཚུལ་ཡིད་བཞིན་ལྷུན་པོ་འདི། །ཕ་རོལ་དྲེགས་པའི་རི་བོས་མི་ནོན་ཞིང༌། །ནང་གི་ཡེ་ཤེས་རྒྱ་མཚོ་མ་འཁྲུགས་པར། །འཇུག་པ་རྣམ་བཅུའི་རོལ་རྩེད་མཁན་དེ་ཡིས། །ཚུལ་བཞིན་འདེགས་ལ་ངལ་བ་མེད་གྱུར་ཅིག །སྟོབས་ལྡན་དྲེགས་པའི་སྒྱུ་འཕྲུལ་མཁན་དེ་ཡིན། །ཉིན་བྱེད་དུག་མཚོའི་གཏིང་ནས་བཏོན་དེ་ལྟར། །ཐུབ་བསྟན་ཉིན་མོར་བྱེད་པའི་མདངས་གསལ་བ། །སྒྲ་གཅན་གདུག་པའི་ཁ་ནས་ཐར་གྱུར་ཅིག །དེ་ནས་དེ་ཡི་ཕན་བདེའི་ལམ་ཆེན་པོར། །འགྲོ་ཀུན་ཚུལ་བཞིན་འདྲེན་པའི་ཤིང་རྟ་ནི། །འཁྱོག་པོའི་ལམ་དུ་ནམ་ཡང་མི་བགྲོད་པར། །ཕྱོགས་ལས་རྣམ་པར་རྒྱལ་བའི་གནས་དེར་བསྔོ། །ཞེས་དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ། ཡིད་བཞིན་ལྷུན་པོ་ཞེས་བྱ་བའི་བསྟན་བཅོས་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་ཆོས་ཀྱི་གྲྭ། གསེར་མདོག་ཅན་དུ་ཉེ་བར་སྦྱར་ནས། དུས་གསུམ་རྒྱལ་བ་མཐའ་དག་གི་ཕྲིན་ལས་དབང་པོ། འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ཆོས་ཀྱི་གདན་སེང་གེའི་ཁྲི་ལ་ཞབས་ཟུང་བརྟན་པར་གདན་ཆགས་པའི་ཐུགས་རྗེའི་སྤྱན་ཟུང་གིས་ཉེ་བར་ཁྱབ་པའི་དྲུང་ཉིད་དུ་ཕུལ་བའི་ཡི་གེ་པ་ནི་ཀོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*