༼ང་༽༄༅། །སྟོང་ཐུན་ཆུང་བ་དབང་པོའི་རྡོ་རྗེ་ཞེས་བྱ་བ་བློ་གསལ་མགུ་བྱེད་བཞུགས་སོ།།
བརྒྱ་ཕྲག་ལུང་གི་རྗེས་འགྲོ་བའི། །སྟོང་ཕྲག་རིགས་པའི་རྡོ་རྗེ་ཡིས། །ཁྲི་ཕྲག་ཕྱི་རྒོལ་དྲེགས་པའི་དཔུང༌། །འབུམ་ཕྲག་དུ་མར་ཕམ་བྱས་ནས། །བྱེ་བ་ཕྲག་བརྒྱའི་སྐལ་བཟང་ལ། །ས་ཡ་ཕྲག་བརྒྱའི་རིགས་པའི་སྒོ། །ཐེར་འབུམ་ཕྲག་བརྒྱར་སྩོལ་མཁས་པ། །ཀུན་ལ་གུས་པས་ཕྱག་བགྱིད་དོ། །སྙིང་རྗེ་གསུམ་པོ་རྣམ་པས་མི་བྱེད་ན། སྙིང་རྗེར་གྱུར་ཞེས་དང་གཡོ་བར་མཐོང་ཞེས་དང༌། སྟོང་པར་མཐོང་ཞེས་པ་རྣམས་ཡུལ་ཅན་གྱི་ཁྱད་པར་མ་ཡིན་པར། ཡུལ་གྱི་ཁྱད་པར་ཉིད་དུ་ཐལ་བར་འགྱུར་རོ། །ཅིས་ཏེ་དེ་ལྟར་མཐོང་བ་སྔོན་དུ་འགྲོ་བ་ཅན་གྱི་སྙིང་རྗེ་ཞེས་འདོད་ཀྱི། དེ་ཉིད་དེའི་འཛིན་སྟངས་སུ་མི་འདོད་ན་ནི། འཕགས་པའི་རྒྱུད་ཀྱི་སྙིང་རྗེ་གསུམ་པོ་རྣམས་ལ་ཁྱད་པར་འགའ་ཡང་མི་རྙེད་ཅིང༌། ཕན་ཚུན་འཆོལ་པ་ཉིད་དུ་ཐལ་བར་འགྱུར་རོ། །གསུམ་པོ་རྣམས་ལ་དམིགས་པའི་ཁྱད་པར་ནི་རྣམ་པ་ཐམས་ཅད་དུ་མི་རྙེད་པ་ཁོ་ན་ཡིན་ཏེ། མི་རྟག་པ་དང་སྟོང་པས་ཁྱད་པར་དུ་མ་བྱས་པའི་སེམས་ཅན་འགའ་ཡང་མི་སྲིད་པའི་ཕྱིར། ཡང་རྣམ་པར་དཔྱོད་པ་དང་མང་དུ་ཐོས་པའི་དྲེགས་པས་ཆེར་མྱོས་པ་དག འདི་སྐད་སྨྲ་བར་བྱེད་དེ། གང་ཡང་ཆོས་རང་བཞིན་མེད་པར་མ་མཐོང་བ་དེ་སྲིད་དུ་ཉོན་མོངས་པ་མ་ལུས་པ་སྤོང་བ་དང༌། འཕགས་པའི་ལམ་མངོན་དུ་བྱེད་པ་ནི་མི་འབྱུང་མོད། དེ་ལྟ་ན་ཡང་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་མ་རྙེད་པར་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་དང༌། མཐོང་ཟིན་གོམས་པར་བྱེད་པའི་རྣལ་འབྱོར་མངོན་གསུམ་ཡོད་པར་ནི། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་དག་གིས་གདོན་མི་ཟ་བར་གྲུབ་ལ། འོན་ཀྱང་ལམ་དེས་མངོན་པ་ལ་གྲགས་པའི་ཉོན་མོངས་པ་མཐའ་དག་རེ་ཤིག་མགོ་གནོན་པར་ནུས་ཀྱང༌། ལུགས་འདི་ལ་གྲགས་པའི་ཉོན་མོངས་པ་ནི་མངོན་གྱུར་ཙམ་ལ་ཡང་གནོད་པར་མི་ནུས་ཤིང༌། འཕགས་པའི་ལམ་གྱི་ཆ་ཤས་ཙམ་ཡང་མངོན་པར་འདུ་བྱེད་པར་མི་ནུས་སོ། །ནུས་པ་ལྟ་བུར་བཤད་པ་ནི། རེ་ཤིག་དེས་འདུལ་བའི་གདུལ་བྱ་རིམ་གྱིས་དྲང་བའི་དོན་ཅན་དུ་གསུངས་པ་སྟེ། དཔེར་ན་བཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པས་ལམ་ལྔ་དང་ས་བཅུ་བགྲོད་པར་གསུངས་པ་བཞིན་ནོ། །ཞེས་ཟེར་རོ། །དེ་སྐད་དུ་འདོད་པའི་ནི། འཐད་པ་དང་བྲལ་བ་དང༌། ལུང་དང་རིགས་པ་དང་ཁས་བླངས་པ་དང་འགལ་བར་མངོན་ནོ། །དེ་ཡང་འདི་ལྟར་རེ་ཤིག་འཐད་པ་དང་བྲལ་བ་ནི། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་བྱས་ཟིན་འབད་རྩོལ་བསྐྱར་བ་ལ་མི་ལྟོས་པ་ཞེས་བྱ་བ་དེ་ནི་འདི་ལ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཅེ་ན། ཇི་སྲིད་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་དེ་སྲིད་དུ། དེ་ཉིད་རྟག་པར་འཛིན་པ་བཟློག་པར་མི་ནུས་པ་དེའི་ཕྱིར་རོ། །ཕུང་པོ་མི་རྟག་པར་རྟོགས་པ་སྲིད་པ་དང་བྲལ་ནས། ཕུང་པོ་མི་རྟག་པར་བསྒོམ་པར་བྱས་ཀྱང༌། ད་དུང་ཕུང་པོ་རང་བཞིན་མེད་པར་སྒོམ་པའི་འབད་རྩོལ་བསྐྱར་བ་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །གང་ཡང་ཕུང་པོ་ལ་བདེན་འཛིན་མངོན་གྱུར་པ་ཡོད་པ་དང༌། སྲེད་པ་སོགས་འགགས་པར་འདོད་པ་འདི་ནི། དྲི་མ་མེད་པའི་ལུང་དང་འགལ་བར་དོགས་ཏེ། འདི་ལྟར་ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་སོགས་དང་ཇི་ལྟར་མི་འགལ་བ་བརྗོད་དགོས་སོ། །རེ་ཤིག་འགགས་ཀྱང་སླར་ཡང་སྐྱེ་བའི་དབང་དུ་བྱས་པར་རྟོག་ན་ནི། བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པར་འདོད་པ་དང་ཇི་ལྟར་མི་འགལ། ཇི་སྐད་དུ། རེ་ཤིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །སྲེད་པ་དེ་དག་ལ་ཡང་ཡོད། །ཞེས་པའི་ཕྱོགས་སྔ་མ་འདི་ཡང་ཁྱེད་ཀྱིས་ཇི་ལྟར་ཁས་མ་བླངས་པའི་ཚུལ་ཡང་བརྗོད་དགོས་སོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་མི་རྟག་སོགས་མངོན་སུམ་དུ་མཐོང་ཟིན་རང་གིས་གོམས་པར་བྱས་པས་མངོན་པ་ནས་བཤད་པའི་ཉོན་མོངས་པའི་ས་བོན་སྤོང་མི་ནུས་ན། དེའི་གཉེན་པོར་ལམ་གང་ཞིག་བསྒོམ་པ་དང༌། ལུགས་འདི་ལ་གྲགས་པའི་ཉོན་མོངས་ཀྱི་གཉེན་པོར་ལམ་གང་ཞིག་བསྒོམ་པའི་ཁྱད་པར་དེ་ཡང་ཁྱོད་ཀྱིས་རྙེད་པ་མ་ཡིན་ནོ། །རིགས་པ་དང་འགལ་བའི་ཚུལ་ཡང་བཤད་པར་བྱ་སྟེ། ཁྱོད་ཀྱིས་འདོད་པ་དེ་ལྟ་ན་ནི། ཚུ་རོལ་མཐོང་བའི་སྐྱེས་བུ་འགའ་ཞིག་གི་རྒྱུད་ལ་རྣལ་འབྱོར་མངོན་སུམ་ཡོད་པ་ཉིད་དུ་འགྱུར་རོ། །བདག་མེད་མངོན་སུམ་དུ་གཟིགས་པའི་ཚུར་མཐོང་ཡོད་པ་དེ་ལྟ་ན་ནི། ཚུ་རོལ་མཐོང་བ་དང་ཕ་རོལ་གཟིགས་པའི་གང་ཟག་ཇི་ལྟར་མི་འགལ། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པས་གྲུབ་པ་ཙམ་གྱིས། རྣལ་འབྱོར་མངོན་སུམ་དུ་རྟོག་ན་ནི། འདོད་འཇིགས་གོམས་པའི་བློ་དང་ཀེང་རུས་དང་ཟད་པར་སའི་ཏིང་ངེ་འཛིན་སོགས་ལ་ཧ་ཅང་ཐལ་བར་འགྱུར་རོ། །དོན་འདི་ནི་སྒྲུབ་བྱེད་དེས་ཀྱང་གྲུབ་པ་མ་ཡིན་ཏེ། ཇི་སྲིད་གང་ཟག་ལ་བདེན་པར་འཛིན་པ་དེ་སྲིད་དུ་གང་ཟག་རང་དབང་དུ་གྲུབ་པར་འཛིན་པ་འབྱུང་ཞིང༌། དེ་འབྱུང་བ་དེ་སྲིད་དུ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་འཛིན་པའི་དོན་ལ་གསལ་སྣང་མཆེད་པ་འབྱུང་མི་སྲིད་པའི་ཕྱིར་དང༌། ཁྱེད་ཀྱིས་བཤད་མ་ཐག་པའི་རྣལ་འབྱོར་མངོན་སུམ་དེ་རྒྱུད་ལྡན་གྱི་རྣལ་འབྱོར་པ་དེ་སུ་ཞིག་ཡིན། ཞེས་རྣམ་པར་དཔྱད་ན་སྦྱོར་ལམ་པ་ཉིད་དུ་འདོད་དགོས་པ་དེའི་ཚེ། དེ་འདྲའི་སྦྱོར་ལམ་པ་དེའི་རྒྱུད་ལ་སྟོང་ཉིད་རྟོགས་བློ་ཡོད་དམ་མེད་བརྟགས་ན་འཇིག་པར་འགྱུར་ཏེ། མངོན་སུམ་དེ་ཡང་སྟོང་ཉིད་མ་ངེས་པའི་རྣལ་འབྱོར་མངོན་སུམ་དུ་ཐལ་བའམ། སྦྱོར་བའི་ལམ་ཡིན་ན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་པས་མ་ཁྱབ་པར་ཐལ་བ་གང་རུང་ལས་མ་འདས་པའི་ཕྱིར། ལམ་དུ་མ་ཞུགས་པའི་རྣལ་འབྱོར་པ་ཞིག་ཏུ་འདོད་ན་ནི། རྣལ་འབྱོར་པ་མ་ཡིན་པའི་རྒྱུད་ཀྱི་ཡིད་ཀྱི་ཤེས་པ་མ་འཁྲུལ་བ་མཐའ་དག་རྣལ་འབྱོར་མངོན་སུམ་དུ་ཁས་བླངས་ན་ཉེས་པར་མངོན་པ་ཅི་ཞིག་ཡོད་པ་སྟོན་དགོས་སོ། །ཡང་ཁྱེད་ཀྱིས་བཤད་མ་ཐག་པའི་ལམ་དེས་སྲིད་རྩེའི་སས་བསྡུས་ཀྱི་ཉོན་མོངས་པ་ལ་ཆགས་བྲལ་བྱེད་ནུས་ན། ཁམས་གསུམ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་མཐོང་ལམ་པ་སྲིད་པ་ཉིད་དུ་འགྱུར་ཞིང༌། རྒྱུན་ཞུགས་ཆགས་བྲལ་སྔོན་སོང་སྲིད་པ་ཉིད་ལས་མ་འདས་སོ། །ཁས་བླངས་པ་དང་འགལ་བའི་ཚུལ་ཡང་བརྗོད་པར་བྱ་སྟེ། སྟོང་ཉིད་མ་རྟོགས་པར་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པ་ཡོད་པར་འདོད་པ་དང༌། བཅུ་དྲུག་རྟོགས་ན་འགོག་བདེན་རྟོགས་པས་ཁྱབ་པ་དང༌། འགོག་བདེན་རྟོགས་ན་དོན་དམ་བདེན་པ་རྟོགས་པས་ཁྱབ་པར་འདོད་པ་ནི། ཁས་བླངས་འགལ་བ་འདུས་པའི་གཅོང་རོང་གཏིང་ཟབ་མོའི་ནང་ན་མི་བཟད་པའི་འགལ་བའི་ཁུར་ཆེན་པོས་ནོན་བཞིན་དུ་ཉམ་ཐག་པའི་ང་རོ་དུ་མ་སྒྲོགས་པའོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཆོས་ཀྱི་བདག་མེད་མ་རྟོགས་པར་གང་ཟག་གི་བདག་མེད་རྟོགས་པ་མི་སྲིད་པར་ཁས་ལེན་པ་དང༌། ཆོས་ཀྱི་བདག་མེད་མ་རྟོགས་པར་མི་རྟག་སོགས་བཅུ་དྲུག་རྟོགས་པ་ཡོད་པར་ཁས་ལེན་པ་གཉིས་ཅིའི་ཕྱིར་མི་འགལ། ཆོས་ཀྱི་བདག་མེད་རགས་པ་མ་རྟོགས་པར་གང་ཟག་གི་བདག་མེད་རགས་པ་རྟོགས་པ་ཡོད་ན། གང་ཟག་གི་བདག་མེད་རགས་པ་རྟོགས་པས་དེ་རྟོགས་པའི་གོ་མི་ཆོད་པའམ། ཆོས་ཀྱི་བདག་མེད་མ་རྟོགས་པར་གང་ཟག་གི་བདག་མེད་རྟོགས་སྲིད་པ་ལས་མ་འདས་སོ། །དང་པོ་ལྟར་ན་ཆོས་ཀྱི་བདག་མེད་ལའང་མཚུངས་སོ། །གང་ཡང་ཕྱོགས་སྔ་མ་འདིའི་རྗེས་སུ་འཇུག་པ་དག་གིས་མངོན་པར་རྟོགས་པའི་རྒྱན་དུ་ཡང༌། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་དོན་བཤད་པ་ན་འགལ་བའི་ཕྲེང་བ་རྒྱུད་མར་ཁས་བླངས་སོ། །གང་ཡང་འཇིག་རྟེན་པའི་ལམ་གྱིས་སྲིད་རྩེ་ལ་ཆགས་བྲལ་བྱེད་པ་དང༌། མཐོང་སྤང་དུ་བཤད་པའི་ཉོན་མོངས་རྣམས་མཐོང་ལམ་མ་སྐྱེས་པར་སྤོང་ཞེས་འདོད་པ་ནི་དྲི་མ་མེད་པའི་གཞུང་ལུགས་ཆེན་པོ་རྣམས་དང་འགལ་བར་དོགས་སོ། །གཞན་ཡང་དེ་ལྟར་ཁས་ལེན་པ་ཁྱེད་ཀྱི་ལྟར་ན། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་མ་རྙེད་པར་གང་ཟག་གི་བདག་མེད་རྟོགས་པའི་སྦྱོར་བའི་ལམ་དང་མཐོང་ལམ་དང་སྒོམ་ལམ་དང་མཐར་ཕྱིན་པའི་ལམ་ཡང་འདོད་དགོས་པར་འགྱུར་ཞིང༌། དེ་ལྟ་ན་ནི་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་མ་ཡིན་པའི་ལམ་ལྔའི་རྣམ་པར་བཞག་པ་ཁས་ལེན་དགོས་པར་འགྱུར་རོ། །དེར་མ་ཟད་རང་རྒྱུད་པའི་རིགས་ཅན་གྱི་གདུལ་བྱ་འགའ་ཞིག་གིས། གཟུགས་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་ཀྱང༌། གཟུགས་སོགས་བདེན་མེད་དུ་རྟོགས་པའི་དོན་ལ་གསལ་སྣང་འབྱུང་བར་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་པར་ཁྱེད་ཁས་ལེན་དགོས་པར་འགྱུར་ལ། འདོད་ན་ནི་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པ་མིན་ནམ། འདི་སྐད་དུ་ཡང་འདོན་ཏེ། ལུགས་འདི་ལ་ནི་བདེན་པར་འཛིན་པའི་བློ་ཇི་སྙེད་པ་དེ་ཐམས་ཅད་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། དེ་ཡང་ཆོས་ཅན་གྱི་དབྱེ་བས་གཉིས་སུ་འགྱུར་ཏེ། གང་ཟག་ལ་བདེན་པར་འཛིན་པ་དང༌། ཆོས་ལ་བདེན་པར་འཛིན་པའོ། །དང་པོ་ནི་གང་ཟག་གི་བདག་འཛིན་ཡིན་ལ། གཉིས་པ་ནི་ཆོས་ཀྱི་བདག་འཛིན་ཡིན་ནོ། །གང་ཟག་གི་བདག་ཏུ་འཛིན་པ་ཡིན་ལ་འཇིག་ཚོགས་ལ་ལྟ་བ་མ་ཡིན་པ་ཡང་ཡོད་དེ། གཞན་རྒྱུད་ཀྱིས་བསྡུས་པའི་གང་ཟག་རང་བཞིན་གྱི་གྲུབ་པར་འཛིན་པ་གང་ཡིན་པ་དེའོ། །འཇིག་ལྟ་ཡིན་ལ་གང་ཟག་གི་བདག་འཛིན་མ་ཡིན་པ་ཡང་ཡོད་དེ། རང་རྒྱུད་ཀྱི་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་གང་ཡིན་པ་དེའོ། །ཞེས་འདོན་པར་བྱེད་དོ། །འདི་ནི་དཔལ་ལྡན་ཟླ་བའི་ཞབས་ཀྱི་དགོངས་པར་མི་འོང་ཏེ། རིགས་པ་དང་འགལ་ཞིང་ལུང་དང་མི་མཐུན་པ་དུ་མ་སྣང་བའི་ཕྱིར། དེ་ཡང་འདི་ལྟར་ཉན་ཐོས་ཀྱི་དགྲ་བཅོམ་པས་ཀྱང༌། བདེན་པར་འཛིན་པའི་བློ་བག་ཆགས་དང་བཅས་པ་སྤངས་པར་འགྱུར་ཞིང༌། དེ་ལྟ་ན་ནི་དེས་བསྐྱེད་པའི་བདེན་པར་སྣང་བའི་བློ་བག་ཆགས་དང་བཅས་པ་སྤངས་པར་ཧ་ཅང་ཐལ་བར་འགྱུར་རོ། །དེ་ཡང་དེ་ལྟར་འདོད་ན་ནི། ཉན་ཐོས་དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་ས་བདུན་པ་མན་ཆད་དུ་སྤང་བར་བྱ་བ་ཅི་ཡང་མེད་པར་ཐལ་ཞིང༌། ས་བརྒྱད་པ་ནས་ཤེས་བྱའི་སྒྲིབ་པར་འདོད་པའི་བདེན་པར་སྣང་བ་སྤང་དགོས་པ་ཡང་མ་ཡིན་པར་འགྱུར་རོ། །ཅིས་ཏེ་བདེན་པར་སྣང་བ་ཇི་སྙེད་པ་དེ་དག་བདེན་པར་འཛིན་པའི་བློས་བསྐྱེད་པ་མ་ཡིན་ན། དེ་རྒྱུ་ཅི་ཞིག་གིས་བསྐྱེད། ཉེས་པ་མཐའ་དག་གི་རྩ་བ་བདག་ཏུ་འཛིན་པ་མ་ཡིན་པའམ། ཅི་སྟེ་ཁོ་བོ་ཅག་ཀྱང་དེ་ལྟར་དུ་འདོད་དོ་སྙམ་ན། འདོད་དགོས་ཤིང་འདོད་པའང་མ་ཡིན་མོད། འགལ་བའི་ཕྲེང་བས་འཇིག་རྟེན་གྱི་ཁམས་འདི་གང་བ་ལས་འདས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་ངོ༌། །ཤེས་སྒྲིབ་ཀྱི་རྩ་བ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས། ཡུན་རིང་མོ་ལོན་པ་ཞིག་ནས་ཤེས་སྒྲིབ་ཀྱི་གཉེན་པོ་བསྒོམ་པར་རློམ་པ་ནི། བདུད་ཀྱི་གསང་ཚིག་ཡིན་པར་ཤེས་པར་བྱའོ། །དེ་ཁོ་ནར་མ་ཟད་ཀྱི་བསྐལ་པ་གྲངས་མེད་པ་གཉིས་སུ་ཤེས་སྒྲིབ་ཀྱི་གཉེན་པོ་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམས་ཀྱང་ཤེས་བྱའི་སྒྲིབ་པ་ཅུང་ཟད་ཀྱང་མི་སྤོང་བར་འདོད་པ་ནི། ཤེས་སྒྲིབ་སྤོང་བའི་ནུས་པ་མེད་པ་ཡིན་ནམ། ནུས་ཀྱང་དེའི་གཉེན་པོ་མི་སྒོམ་པ་གང་ཞེས་བརྟགས་ན། ལུང་དང་རིགས་པ་དང་འགལ་བ་དུ་མ་གདོན་མི་ཟ་བར་ཁས་ལེན་དགོས་པ་འབྱུང་ཞིང༌། ས་དྲུག་པ་ནས་ཀྱང་རང་གི་ངོ་སྐལ་གྱི་སྤང་བྱ་བདེན་འཛིན་གྱི་འབྲས་བུ་བདེན་སྣང་དེ་ཡང་སྤངས་པར་ཁས་ལེན་དགོས་པས་ཁས་བླངས་པ་དང་འགལ་བར་འགྱུར་རོ། །མཐོང་བས་སྤང་བར་བྱ་བའི་ཤེས་སྒྲིབ་མེད་པར་འདོད་པ་ནི། གཞུང་ཆེན་པོ་མཐའ་དག་དང་འགལ་བར་འགྱུར་རོ། །བདེན་འཛིན་བག་ཆགས་དང་བཅས་པ་ཉོན་སྒྲིབ་ཏུ་འདོད་པ་དང༌། མ་རིག་པ་དང་འདོད་ཆགས་སོགས་ཀྱི་བག་ཆགས་ཤེས་སྒྲིབ་དུ་འདོད་པ་ནང་འགལ་བ་ཡིན་ནོ། །བདེན་མེད་མ་རྟོགས་པར་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པའང་མ་ཡིན་ཏེ། གཟུགས་བདེན་མེད་དུ་མ་རྟོགས་པར་གཟུགས་ལ་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ། གཟུགས་ཡུལ་རང་གི་ངོ་བོས་གྲུབ་པར་འཛིན་པ་འབྱུང་ཞིང་དེ་སྲིད་དུ། གཟུགས་ཕྱི་རོལ་གྱི་དོན་དུ་འཛིན་པ་འབྱུང་ཞིང༌། དེ་སྲིད་དུ་བཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་འབྱུང་བ་མི་སྲིད་པ་དེ་བདག་ཉིད་ཆེན་པོ་ཟླ་བ་གྲགས་པ་འདིའི་བཞེད་པ་ཡིན་པའི་ཕྱིར། ཞེས་པ་འདི་སྔར་དཔེའི་སྐབས་སུ་བརྗོད་པར་བྱའོ། །གཞན་ཡང་དག་སའི་རྗེས་ཐོབ་ཀྱི་ཡེ་ཤེས་གང་ཡིན་པ་དེ་ལ་ནི། གཟུགས་སོགས་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་ཉིད་སྣང་བར་འགྱུར་ཏེ། བདེན་པར་སྣང་བའི་ཕྱིར་རོ། །དེ་ཡང་དེ་ལྟ་ན་དེ་དེས་དེ་ལྟར་བཟུང་བར་ཐལ་བ་བཟློག་ཏུ་མེད་ཅིང༌། བློ་གཅིག་ལ་བདེན་པར་སྣང་བ་དང་མི་བདེན་པར་སྣང་བ་ཡང་མི་འགལ་བར་འགྱུར་རོ། །རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་བདེན་པར་སྣང་བའི་དག་སའི་ཡེ་ཤེས་གཅིག་ཀྱང་གདོན་མི་ཟ་བར་ཁས་དགོས་པས། དེས་དེ་བདེན་པར་ཞེན་པ་ཉིད་དུ་འགྱུར་ཏེ། རྟོག་པ་ལ་བདེན་པར་སྣང་བ་ནི་ཞེན་པ་མེད་ན་མི་འབྱུང་བའི་ཕྱིར། ཞེས་དང༌། གང་ཡང་བདེན་པར་སྣང་བ་ཤེས་སྒྲིབ་ཡིན་མོད། དེར་སྣང་བའི་བློ་ཤེས་སྒྲིབ་ཏུ་འདོད་དམ། ཅི་སྟེ་མི་འདོད་ན་ནི་སྔ་མ་དེས་ཉེས་པ་ཅི་ཞིག་བྱས་ནས་དེར་འདོད། དེ་ཡང་དེ་ལྟར་འདོད་ན་ནི་དག་པས་སར་འཇུག་ཤེས་དྲུག་ཤེས་བྱའི་སྒྲིབ་པར་ཐལ་བ་བཟློག་ཏུ་མེད་དོ། །དེས་ན་དག་པ་སར་ནི་ཉོན་མོངས་མེད་ཀྱང་བདེན་པར་འཛིན་པའི་བློ་ཕྲ་མོ་འབྱུང་བ་མི་འགལ་བ་ཡིན་ནོ། །ཁྱེད་ཉིད་ལྟར་ནའང༌། མ་རིག་པའི་བག་ཆགས་ཡོད་པར་གྲུབ་པའི་ཕྱིར་རོ། །ཡང་ཁྱེད་ཅག་གིས་འདོད་པ་འདིའི་ལྟར་ན། ང་ཡི་བ་གང་ཟག་དང༌། ཆོས་གཉིས་ལ་གང་ཞིག་ཡིན་ཞེས་རྣམ་པར་བརྟགས་ན་སྨྲ་བའི་འཇུག་པ་ཆད་པར་འགྱུར་ཏེ། དེ་ཡང་འདི་ལྟར་ཅི་ང་ཡི་བ་གང་ཟག་ཉིད་དུ་རྟོག་ན་ནི། དེ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་གང་ཡིན་པ་དེ། གང་ཟག་གི་བདག་འཛིན་དུ་ཐལ་བ་ཁས་མ་བླངས་སམ། ཅི་སྟེ་ཆོས་སུ་རྟོག་ན་ནི། དེ་ལྟར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་ཐལ་བར་འགྱུར་ཞིང༌། དེ་འདོད་ན་ནི་འཇིག་ཚོགས་ལ་ལྟ་བ་མ་ཡིན་པར་འགྱུར་ཞེས་བརྗོད་ན་ཁས་བླངས་པའི་གྲུབ་པའི་མཐའ་མ་ལུས་པ་འཇིག་པར་འགྱུར་རོ། །ཡང་མིག་རྣ་སོགས་ང་ཡི་བའི་མཚན་གཞིར་འདོད་པ་དང༌། དེ་ཉིད་མིག་རྣ་སོགས་ལ་ང་ཡི་བར་འཛིན་པའི་བློའི་དམིགས་པ་མ་ཡིན་པར་འདོད་པས་འཁོར་གསུམ་ཇི་ལྟར་ཁས་མ་བླངས། ཡང་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེ་བ་གཅིག་དགོས་པར་འདོད་པ་དང༌། ང་ཡི་བར་འཛིན་པའི་བློ་འཇིག་ལྟ་ཡིན་པར་འདོད་པ་དང༌། ང་ཡི་བ་ང་མ་ཡིན་པར་འདོད་པས་ཀྱང་འཁོར་གསུམ་ཇི་ལྟར་ཁས་མ་བླངས་པ་སྟོན་དགོས་སོ། །ཡང་ལུགས་འདིའི་རྗེས་སུ་འཇུག་པ་གཞན་དག་ནི། ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་གང་ཟག་གི་བདག་འཛིན་དུ་འདོད་ལོ། །དེ་ལྟ་ན་ང་ཡི་བ་གང་ཟག་དུ་ཐལ་བ་བཟློག་ཏུ་མེད། དེ་ཡང་དེ་ལྟ་ན་ནི། ང་ཡི་བ་ངར་ཐལ་ལ་དེ་ལྟ་ན་ནི། དེ་འཛིན་པའང་ངར་འཛིན་ཉིད་དུ་ཐལ་བས། འཇིག་ལྟ་ལ་ངར་འཛིན་གྱིས་མ་ཁྱབ་པར་ཁས་བླངས་པ་དང་འགལ་ལོ། །ཅི་སྟེ་སྔ་མ་དག་ལ་མ་ངེས་པར་དོགས་ན་ནི། ལྷ་སྦྱིན་གྱི་ང་ཡི་བ་ལྷ་སྦྱིན་དུ་ཁས་མི་ལེན་པ་དང༌། ང་ཡི་བ་གང་ཟག་ཏུ་ཁས་ལེན་པ་ཇི་ལྟར་མི་འགལ། ང་ཡི་བའི་མཚན་གཞིར་ཁས་བླངས་པའི་མིག་རྣ་སོགས་ཀྱང་གང་ཟག་ཏུ་ཐལ་བར་འགྱུར་རོ། །ཅི་སྟེ་ད་ནི་ཁྱེད་ཉིད་ཀྱི་འདོད་པ་སྟོན་དགོས་སོ་ཞེ་ན། བརྗོད་པར་བྱ་སྟེ། ཉེས་པ་མ་ལུས་པའི་རྩ་བ་ནི་བདག་ཏུ་འཛིན་པ་སྟེ། གང་ཟག་གི་བདག་ཏུ་འཛིན་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་འབྱུང་ཞིང༌། ཆོས་ཀྱི་བདག་ཏུ་འཛིན་པ་ལས་ནི་ཤེས་བྱའི་སྒྲིབ་པ་མ་ལུས་པ་འབྱུང་བའི་ཕྱིར། གང་ཟག་གི་བདག་ཏུ་རྟོག་པའི་རྩ་བ་ཡང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་ཏེ། ཇི་སྲིད་ཕུང་པོ་ལ་བདེན་པར་འཛིན་པ་དེ་སྲིད་དུ་ཕུང་པོ་ལ་ང་དང་ང་ཡི་བར་འཛིན་པའི་འཇིག་ལྟ་འབྱུང་བའི་ཕྱིར་རོ། །དེའི་འགལ་ཟླ་བདག་མེད་ལ་ཡང་ཆོས་དང་གང་ཟག་གི་དབྱེ་བས་གཉིས་ལས་གདགས་གཞི་རང་རྒྱུད་ཀྱི་ཕུང་པོ་སོགས་ཀྱི་སྟེང་ན་བདག་རང་བཞིན་གྱིས་མེད་པ་དེ། གང་ཟག་གི་བདག་མེད་པའི་དོན་ཡིན་ལ་དེ་ལྟར་རྟོགས་པ་ལ་གདགས་གཞི་རང་བཞིན་མེད་པར་རྟོགས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །གང་ཟག་གི་བདག་འཛིན་ཡིན་པ་ལ་བདེན་འཛིན་གྱི་རྣམ་པ་ཅན་ཁོ་ནར་མ་ངེས་ཏེ། ངའོ་སྙམ་པ་དང་ང་ཡིའོ་སྙམ་པ་ཡང་དམིགས་པའི་ཕྱིར་རོ། །འོན་ཀྱང་ང་ཡི་བར་འཛིན་པ་ལ་ནི་བདག་གི་བར་འཛིན་པ་ཞེས་བརྗོད་ཀྱི། བདག་ཏུ་འཛིན་པ་ཞེས་མི་བརྗོད་ལ། འཇིག་ཚོགས་ལ་ལྟ་བ་ལ་ནི་དེ་ཉིད་དུ་ངེས་པར་མ་བཟུང་ངོ༌། །ང་ཡི་བར་འཛིན་པ་འདི་ལ་རང་གི་མིག་རྣ་སོགས་ལ་ང་ཡི་བར་འཛིན་པ་འཇིག་ལྟ་ཡིན་པའི་ཆ་དང༌། ཟས་གོས་སོགས་ལ་དེར་འཛིན་པ་འཇིག་ལྟ་མ་ཡིན་པའི་ཆ་གཉིས་འབྱེད་དགོས་སོ། །གང་ཟག་གཞན་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པ་ནི་ཆོས་ཀྱི་བདག་ཏུ་རྟོག་པ་ཡིན་གྱི་གང་ཟག་གི་བདག་ཏུ་འཛིན་པ་ནི་མ་ཡིན་ཏེ། དེ་ལ་དམིགས་ནས་ངར་འཛིན་པའི་བློ་མི་འབྱུང་བའི་ཕྱིར། ཅི་སྟེ་དེ་ལྟར་རྟོག་ན་གང་ཟག་རང་བཞིན་མེད་པར་གོམས་པས་གང་ཟག་གི་བདག་འཛིན་ལ་གནོད་པ་བྱེད་པར་འགྱུར་རོ། །དེ་ལྟ་ན་ནི། འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་རྟོགས་པས་བདག་ལྟ་བ། །ཞེས་སོགས་དང་ཇི་ལྟར་མི་འགལ། ཅི་སྟེ་ཆོས་ཅན་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་ཙམ་གྱིས་གང་ཟག་གི་བདག་འཛིན་ཡིན་དགོས་ན་ནི། གང་ཟག་གི་བདག་འཛིན་ཡང་ཆོས་ཀྱི་བདག་འཛིན་དུ་ཐལ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གང་ཟག་གཞན་ལ་དམིགས་ནས་ངར་འཛིན་གྱི་བློ་སྐྱེ་བར་ཁས་བླངས་ན་རིགས་པར་འགྱུར་རོ། །དེའི་བར་བདག་ཏུ་རྨོངས་པ་ལས་མ་གཏོགས་པའི་བདེན་པར་འཛིན་པའི་བློ་བག་ཆགས་དང་བཅས་པ་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཉིད་དུ་བདག་ཉིད་ཆེན་པོ་འདི་བཞེད་པར་ངེས་སོ། །འོ་ན་ཐེག་པ་ཆེ་ཆུང་གཉིས་ཀས་ཆོས་ཀྱི་བདག་མེད་རྟོགས་པར་འདྲ་ན། དེའི་འགལ་ཟླ་ཤེས་སྒྲིབ་སྤོང་མི་སྤོང་ཁྱད་པར་འབྱུང་བ་ཅི་ཞེ་ན་དེ་ནི་དེ་ཡི་གཉེན་པོ་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་སྒོམ་མི་སྒོམ་གྱི་ཁྱད་པར་ལས་བྱུང་བ་ཡིན་ནོ། །དེ་ལྟ་ན་ཡང་ཉན་ཐོས་དགྲ་བཅོམ་པས་ཆོས་ཀྱི་བདག་མེད་རྟོགས་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཅུང་ཟད་ཅིག་སྤོང་བར་ཁས་ལེན་དགོས་སོ་སྙམ་ན། ཇེ་དང་པོ་ཁོ་ནར་ཁྱེད་ཉིད་ལ་དོན་འདི་ལས་བརྩམས་ཏེ། རང་རྒྱུད་པའི་སྐབས་སུ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི། རེ་ཤིག་དེ་མི་བརྗོད་པར་སྔ་མ་དེའི་ལན་ནི། དེས་དོན་དེ་རྟོགས་ཤིང་དེ་རྟོགས་པ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་ཅིག་ཀྱང་ཡོད་མོད་ཀྱི། དེ་ལྟ་ན་ཡང་དེས་དེ་སྤང་མི་དགོས་ཏེ། ཚུར་མཐོང་ལྷས་སྦྱིན་གྱི་མིག་ཤེས་ཀྱིས་གཟུགས་མཐོང་ཀྱང༌། དེ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་སྤང་མི་དགོས་པ་བཞིན་ནོ། །དེ་ལྟ་ན་བྱང་སེམས་ས་དང་པོ་བས་ཀྱང་ཉན་རང་དགྲ་བཅོམ་བློ་ཡི་སྟོབས་ཀྱིས་ཟིལ་གྱིས་མནོན་ནུས་པར་འགྱུར་རོ། །ཞེ་ན་དེ་ལྟ་ན་ཁྱེད་ཀྱི་ཕྱོགས་ལའང་བརྗོད་པར་བྱ་བ་མང་མོད་ཀྱི། དེ་ལྟ་ན་ཡང་སྐབས་ཀྱི་དོན་ནི། ཉན་ཐོས་དགྲ་བཅོམ་པས་ནི་གང་ཟག་གི་བདག་མེད་རྫོགས་པར་བསྒོམ་པའི་བར་ཆད་མེད་ལམ་གྱི་ནུས་པ་མཐར་ཐུག་པས། ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤངས་པ་ཡིན་ལ། བྱང་སེམས་ནི་ཇི་སྲིད་ས་བརྒྱད་པ་མངོན་དུ་མ་གྱུར་པ་དེ་སྲིད་དུ་གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱི་ནུས་པ་ཡོངས་སུ་མ་རྫོགས་པས་ཉོན་མོངས་ཇི་སྙེད་སྤང་བའི་བྱེད་པ་མ་རྫོགས་པ་དེའི་ཕྱིར། བློའི་སྟོབས་ཀྱིས་ཟིལ་གྱིས་མནོན་པར་མི་ནུས་ལ། ས་རིང་དུ་སོང་བ་དེ་ནས་ནི་ཉོན་སྒྲིབ་སྤོང་བའི་བློའི་ནུས་པ་མཐར་ཐུག་ཅིང་ཤེས་བྱའི་སྒྲིབ་པ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར། ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་ལ་ཉན་ཐོས་ལ་ནི་ཉོན་སྒྲིབ་ཀྱི་གཉེན་པོའི་ནུས་པ་མཐར་ཐུག་ནས་ཉོན་མོངས་དང་སྡུག་བསྔལ་སྤངས་པའི་ཞི་བ་ཙམ་ལ་མཉམ་པར་འཇོག་གི ཤེས་བྱའི་སྒྲིབ་པའི་གཉེན་པོར་ཆོས་ཀྱི་བདག་མེད་སྒོམ་པ་མེད་པའི་ཕྱིར། དེ་ལྟ་མ་ཡིན་པར་ཉན་ཐོས་ཀྱིས་ཀྱང་བདེན་འཛིན་མ་ལུས་པའི་གཉེན་པོར་ཆོས་ཀྱི་བདག་མེད་བསྒོམ་ན་ནི། ཟླ་བའི་ཞབས་ཀྱིས་ཐེག་པ་ཆེན་པོའི་རིགས་ཅན་གྱི་འགྲོ་བ་རྣམས་སྒྲོལ་བའི་ཕྱིར་དུ་ཆོས་ཀྱི་བདག་མེད་རྒྱས་པ་གསུངས་པ་དང་མི་འགལ་བ་སྟོན་ཅིག དེ་ལ་ཕྱིར་རྒོལ་བ་དག་ཅི་སྟེ་དེ་ལྟ་ན་ཡང་བྱང་སེམས་ཀྱི་ས་གསུམ་པ་སོགས་སུ་ཉན་ཐོས་དང་རང་སངས་རྒྱས་རྣམས་གནོན་ནུས་པར་འགྱུར་ཏེ། དེ་དག་ལ་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་བསྒོམ་པ་ཡོད་པའི་ཕྱིར་སྙམ་དུ་དོགས་ན་བདེན་མོད་ཀྱི། འོན་ཀྱང་ཁྱེད་ཉིད་ལ་ཡང་ས་དྲུག་པར་ཤེས་ཕྱིན་ལྷག་པར་ཐོབ་པ་སོགས་ལ་བརྗོད་པར་བྱར་ཡོད་མོད། འོན་ཀྱང་གང་ཟག་གི་བདག་མེད་རྟོགས་པའི་ནུས་པ་མཐར་མ་ཐུག་པའི་ཕྱིར། ད་ནི་ལུང་གི་དགོངས་པ་བཙལ་བར་བྱ་སྟེ། ཡང་འདི་སྐད་དུ། ཕུང་པོ་ལ་བདེན་པར་འཛིན་པའི་ཞེན་ཡུལ་སུན་མ་ཕྱིན་པའི་རང་རྒྱུད་ཀྱི་ཕུང་པོ་རྐྱང་པའི་སྟེང་དུ་ཆོས་ཀྱི་བདག་མེད་བསྒོམ་པ་དང༌། ཤེས་བྱ་མ་ལུས་པའི་སྟེང་དུ་དེ་དང་དེ་ལ་བདེན་པར་འཛིན་པའི་གཉེན་པོར་ཆོས་ཀྱི་བདག་མེད་བསྒོམ་པ་དེ་སྲིད་དུ་ཆོས་ཀྱི་བདག་མེད་བསྒོམ་པ་རྒྱས་བསྡུས་ཀྱི་ཁྱད་པར་རོ། །རྒྱས་པར་བསྟན་མ་བསྟན་ཡང་དེ་ཉིད་དོ། །འཇིག་ལྟའི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་ནོ། །དེའི་ཕྱིར་ཉན་རང་གིས་ཀྱང་ཆོས་རང་བཞིན་མེད་པར་རྟོགས་སོ་ཞེས་པ་ནི་ཇི་སྲིད་ཕུང་པོར་ཞེས་སོགས་ཀྱི་དོན་ཡིན་ནོ་ཞེས་འདོན་པ་འདི་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། དེ་ལྟ་ན་ནི་གཞུང་འདི་དག་སོ་སོ་སྐྱེ་བོ་ཁོ་ན་ལས་བརྩམས་ཏེ་གསུངས་པ་ཉིད་དུ་འགྱུར་ལ། དེ་ལྟ་ན་ནི་ཚེ་འདི་ཉིད་ལ་འཕགས་ལམ་མངོན་དུ་བྱེད་པར་ངེས་པའི་བྱང་སེམས་སོ་སོ་སྐྱེ་བོས་ཀྱང་ངར་འཛིན་གྱིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པར་ཧ་ཅང་ཐལ་ལོ། །གཞུང་གི་ཚོགས་འདི་དག་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་སྒྲུབ་བྱེད་དུ་ཅི་ཞིག་འབྲེལ་ཏེ། ཕུང་པོ་ལ་བདེན་པར་འཛིན་པའི་བློ་ཡོད་ན་དེའི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པ་ཡིན་ལ། ཉན་ཐོས་འཕགས་པ་རྣམས་ལ་ནི་ངར་འཛིན་གྱིས་ལས་བསགས་ནས་སྐྱེ་བ་ལེན་པ་ཡོད་པ་མིན་པས་སོ་ཞེས་སྒྲུབ་བྱེད་དུ་འབྲེལ་དགོས་ན་དེ་ཡང་ཁྱེད་ལ་མེད་པའི་ཕྱིར་དང༌། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་སྒྲུབ་བྱེད་དུ། ཕུང་པོ་ལ་བདེན་པར་འཛིན་པ་ཡོད་པ་དེ་སྲིད་དུ་ངར་འཛིན་གྱི་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པ་ནི་སོ་སོ་སྐྱེ་བོ་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། ཉན་རང་འཕགས་པ་ལ་ནི་བདེན་འཛིན་ཡོད་ཀྱང་ངར་འཛིན་གྱིས་ལས་བསོག་པ་མེད་པའི་ཕྱིར་ཞེས་བརྗོད་པ་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་སྒྲུབ་བྱེད་དུ་འབྲེལ་བའི་ཕྱིར། དེ་ཡང་འདི་ལྟར་ཕྱི་རྒོལ་བ་དག་གིས་ཉན་རང་ལ་ཆོས་རང་བཞིན་གྱིས་མེད་པར་རྟོགས་པ་མེད་ཀྱང༌། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་དང་མི་འགལ་ཏེ། ཕུང་པོ་ལ་བདེན་འཛིན་ཡོད་པ་དེ་སྲིད་དུ་ངར་འཛིན་གྱིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པ་ནི་སོ་སོ་སྐྱེ་བོའི་གནས་སྐབས་ལ་དགོངས་ཀྱི། འཕགས་པ་ལ་དེ་མི་སྲིད་པའི་ཕྱིར། ཞེས་བརྗོད་ན་ཤིན་ཏུ་འབྲེལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཁྱེད་ཀྱིས་གཞུང་དེའི་འབྲུ་གནོན་པ་དེ་ནི་ཟླ་བའི་ཞབས་ཀྱི་དགོངས་པ་ལས་ཕྱི་རོལ་དུ་གྱུར་པར་སེམས་སོ། །དེས་ན་དགོངས་པ་ནི་འདི་ལྟ་སྟེ། ཕུང་པོ་རང་བཞིན་མེད་པར་མ་རྟོགས་པ་དེ་སྲིད་དུ་གང་ཟག་གི་བདག་མེད་རྟོགས་པར་མི་ནུས་ལ། དེ་སྲིད་དུ་ཡང་སྲིད་འཕེན་བྱེད་ཀྱི་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་དགོས་པ་ལས། ཉན་རང་འཕགས་པ་ལ་དེ་མེད་པའི་ཕྱིར། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་སོ་ཞེས་དགོངས་པ་ཡིན་ནོ། །འོན་ཀྱང་གཞུང་འདི་ནི་ཆོས་ཀྱི་བདག་མེད་རྟོགས་པའི་སྒྲུབ་བྱེད་དུ་ཧ་ཅང་འབྲེལ་བར་མི་སེམས་སོ། །དེ་ལྟར་ན་ཡང་ཉན་རང་ལ་བདེན་འཛིན་གྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་རྟོགས་ནས་བསྒོམ་པ་ལྟ་ཞོག རྒྱས་པར་མངོན་སུམ་དུ་རྟོགས་པའང་མི་འབྱུང་སྟེ། དམན་པའི་སྡེ་སྣོད་ལས་དེ་རྒྱས་པར་བསྟན་པ་མེད་པའི་ཕྱིར་དང༌། དམན་པ་རྣམས་ནི་རང་རྒྱུད་ཀྱི་ཕུང་པོ་རྣམས་ལ་བདག་མེད་དུ་དཔྱོད་པ་ཞུགས་ནས། བདེན་མེད་དུ་གཏན་ལ་འབེབས་པར་བྱེད་ལ། རང་རྒྱུད་ཀྱིས་བསྡུས་ཤིང་མ་ཟིན་པའི་ཕུང་པོ་ལ་ཡང་དཔྱོད་པ་ཞུགས་ན་རྟོགས་པར་ནུས་མོད། དེ་ལ་དཔྱོད་པ་མི་འཇུག་ལ། དེའི་ཕྱིར་དེ་དག་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ཡང་མ་ཡིན། དཔྱོད་པ་འཇུག་པ་ཡང་མ་ཡིན་ཏེ། དམན་པའི་རིགས་ཅན་རྣམས་ནི་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་ལ། ལས་དང་ཉོན་མོངས་སྤངས་པའི་ཐར་པ་ཙམ་དོན་དུ་གཉེར་ལ། ལས་དང་ཉོན་མོངས་པ་དེ་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེ་ཡང་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པ་ལས་བྱུང་བ་ཡིན་པར་ཤེས་ནས། རང་རྒྱུད་ཀྱི་ཕུང་པོ་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར། དེའི་རིགས་པས་བུམ་སོགས་བདག་མེད་དུ་རྟོགས་པར་ནུས་མོད། རང་རྒྱུད་ཀྱིས་མ་བསྡུས་པའི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་གཉེན་པོ་ཅུང་ཟད་ཀྱང་མི་བསྒོམ་པ་ཡིན་ནོ། །རང་རྒྱུད་ཀྱིས་མ་བསྡུས་པའི་ཕུང་པོ་ལ་བདེན་པར་འཛིན་པའི་བློ་མ་ལུས་པ་སྤངས་པའི་ཉན་རང་མི་སྲིད་ཅེས་སམ། རེ་ཤིག་རྟགས་དེ་ལྟ་ན་ཉན་ཐོས་དགྲ་བཅོམ་པས་སྲིད་པའི་ཡན་ལག་བཅུ་གཉིས་མ་སྤངས་པར་འགྱུར་ཏེ། དེའི་རྩ་བ་མ་རིག་པ་མ་སྤངས་པའི་ཕྱིར། ཅེ་ན། ཉེས་པ་མེད་དེ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་ཡིན་ལ། དེ་ཡང་ཆོས་ཀྱི་བདག་ཏུ་འཛིན་པའི་མ་རིག་པ་ལས་བྱུང་བར་གསུངས་ཤིང༌། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ང་རང་བཞིན་གྱིས་གྲུབ་པར་བཟུང་བའི་འཇིག་ལྟ་མ་ལུས་པར་སྤོང་བར་ནུས་ཤིང༌། དེའི་སྟོབས་ཀྱིས་སྲིད་པའི་ཡན་ལག་བཅུ་གཉིས་འགག་པར་འགྱུར་བ་ཡིན་ནོ། །དེ་ལྟར་བྱས་ན་ཆོས་ཀྱི་བདག་ཏུ་འཛིན་པ་ནི་གཉིས་ཏེ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདེན་པར་འཛིན་པའི་བློ་དང༌། དེས་མ་བསྡུས་པའི་ཕུང་པོ་ལ་བདེན་པར་འཛིན་པའི་བློའོ། །དང་པོ་ནི་གཙོ་བོར་གང་ཟག་གི་བདག་ཏུ་འཛིན་པའི་རྩ་བར་གྱུར་པའི་མ་རིག་པ་ཡིན་ལ། ཕྱི་མ་ནི་གཙོ་བོར་ཆོས་ཀྱི་བདག་ཏུ་འཛིན་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་གི་རྩ་བར་གྱུར་པའི་མ་རིག་པ་ཡིན་གྱི། དང་པོ་མ་ལུས་པར་སྤངས་པ་ནི། ཉན་རང་དགྲ་བཅོམ་པ་དང༌། བྱང་སེམས་ཀྱི་ས་བརྒྱད་པ་ནས་ཡོད་ལ། ཕྱི་མ་མ་ལུས་པར་སྤངས་པ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན་ནོ། །ཅི་སྟེ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདེན་པར་འཛིན་པ་སྤངས་ན། བདེན་འཛིན་མ་ལུས་པ་སྤངས་དགོས་པ་ཡིན་ནོ་སྙམ་དུ་དོགས་ན། དེ་ཡང་རིགས་པར་མ་མཐོང་སྟེ། འདི་ལྟར་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ས་དང་པོ་བ་དེས་ཀྱང་བདེན་འཛིན་མ་ལུས་པ་སྤངས་པ་ཉིད་དུ་ཧ་ཅང་ཐལ་ཆེས་སོ། །དེ་ཡང་ཧ་ཅང་ཐལ་བར་མི་སེམས་ན་ནི། སྔར་བཤད་པ་ལྟར་དེས་ས་དང་པོ་ཉིད་ནས་ཤེས་བྱའི་སྒྲིབ་པ་སྤོངས་ནུས་པར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། དེར་མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་སྤོང་དགོས་ལ་ཉོན་སྒྲིབ་མ་ལུས་པར་སྤངས་ཟིན་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་ཅིའི་ཕྱིར་མི་འདོད་དེ། དགྲ་བཅོམ་པའི་སྤངས་རྟོགས་སྔོན་དུ་བཏང་བའི་ཐེག་ཆེན་གྱི་མཐོང་ལམ་དུ་བདེན་འཛིན་གཅིག་ཡོད་ལ། ཉོན་སྒྲིབ་མ་ལུས་པར་སྤངས་ཟིན་པའི་ཕྱིར་གཞན་ཡང་དེ་འདྲ་དེ་ནི་ཐེག་ཆེན་གྱི་ལམ་དུ་ཞུགས་མ་ཐག་ཏུ་རྣམ་པར་གྲོལ་བའི་ལམ་ཁོ་ན་ལ་གནས་པར་འགྱུར་རོ། །གཞན་ཡང་དོགས་པ་འདི་ཡོད་དེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་བདེན་འཛིན་གཅིག་ཡོད་དམ་མེད། ཡོད་ན་དེས་ཐེག་ཆེན་གྱི་རྣམ་གྲོལ་ལམ་མངོན་དུ་བྱེད་པ་ལ་སྒྲིབ་བམ་མི་སྒྲིབ། སྒྲིབ་ན་སྔ་མ་འདོད་པར་ག་ལ་ནུས། སྤང་བར་བྱ་བ་གཞན་ཡོད་ཅེས་ཀྱང་བརྗོད་པར་ཁྱོད་ཀྱིས་མ་ནུས་སོ། །དེས་ན་དགྲ་བཅོམ་གྱི་སྤངས་རྟོགས་སྔོན་དུ་བཏང་བའི་ས་བདུན་པ་མན་ཆད་དུ་སྤང་བར་བྱ་བ་ཅི་ཡང་མེད་དོ། །ཞེས་ཁས་ལེན་དགོས་པ་འདི་ནི་རིགས་པ་དང་ལུང་དང་ཁས་བླངས་དང་འགལ་བ་བརྒྱ་ཕྲག་མི་བཟད་པའི་འབྱུང་གནས་སུ་ཤེས་པར་བྱ་སྟེ་སྤྲོ་བར་བྱའོ། །འདིར་རང་རྒྱུད་ཀྱི་ཕུང་ཁམས་ལ་བདེན་པར་འཛིན་པའི་བློ་ཉོན་མོངས་པའི་སྒྲིབ་པ་ཡིན་ལ། བུམ་སོགས་ལ་བདེན་པར་འཛིན་པའི་བློ་ཤེས་སྒྲིབ་ཡིན་པའི་ཁྱད་པར་བརྗོད་དཀའ་བ་མ་ཡིན་ཏེ། སྔ་མས་ནི་ཕུང་པོ་ལ་སྡུག་བསྔལ་ལམ་འདུ་བྱེད་ཀྱི་སྡུག་བསྔལ་མ་ལུས་པ་སྤངས་པའི་མྱང་འདས་ཐོབ་པ་ལ་སྒྲིབ་ལ། དེ་ཡང་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་རློམ་པའི་མཐུ་ལས་ཡིན་པའི་ཕྱིར་དང༌། བུམ་སོགས་ལ་བདེན་པར་འཛིན་པའི་བློ་ནི། དེ་དག་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར་ཏེ། བུམ་པ་ལ་བདེན་པར་ཞེན་པ་ཙམ་གྱིས་དེ་ལ་དམིགས་པའི་འཇིག་ལྟ་མི་འབྱུང་ཞིང༌། དེ་མེད་པར་ཡང་ཕུང་པོའི་སྡུག་བསྔལ་མི་འབྱུང་བ་མ་ཡིན་པའི་ཕྱིར། ཡང་ཤེས་བྱ་མ་ལུས་པ་མཁྱེན་པའི་གེགས་ནི་མི་ཤེས་པ་ཡིན་ལ། མི་ཤེས་པའི་ངོ་བོ་ཡང་བདེན་པར་ཞེན་པ་ཡིན་ལ། དེ་ལ་ཡང་གང་ཟག་གི་བདག་ཏུ་རྨོངས་པ་དང༌། ཆོས་ཀྱི་བདག་ཏུ་རྨོངས་པ་གཉིས་ལས། དང་པོ་ནི་སྤྱིར་ཤེས་བྱ་མཁྱེན་པའི་གེགས་ཡིན་ཀྱང་དེ་ཙམ་གྱིས་ཤེས་བྱའི་སྒྲིབ་པར་བཞག་མི་ནུས་ཏེ། དེའི་གེགས་ཀྱི་གཙོ་བོ་མ་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་ཏུ་རྨོངས་པ་མ་ལུས་པ་སྤངས་ཀྱང་ཤེས་བྱ་མ་ལུས་པ་མི་མཁྱེན་པ་སྲིད་པའི་ཕྱིར། གཉིས་པ་ལ་ཡང་གཉིས་ཏེ། གང་ཟག་གི་བདག་ཏུ་རྨོངས་པའི་རྒྱུའི་གཙོ་བོ་ཡིན་མིན་གཉིས་ལས། དང་པོ་དེ་ཤེས་བྱ་མཁྱེན་པའི་གེགས་ཀྱང་ཡིན་མོད། དེ་ཙམ་གྱིས་ཤེས་བྱའི་སྒྲིབ་པར་བཞག་མི་ནུས་པ་ནི་སྔ་མ་དང་འདྲ་ལ། དེ་མ་སྤངས་པར་གང་ཟག་གི་བདག་འཛིན་མ་ལུས་པ་སྤངས་པའང་སྲིད་པ་མིན་ཏེ། རྩ་བ་མ་སྤངས་པའི་ཡལ་ག་བཞིན་ནོ། །དེ་ལྟ་ན་ཡང་བདེན་འཛིན་ཀུན་བཏགས་སྤོངས་བ་ལྷན་སྐྱེས་སྤངས་པ་ལ་རག་ལས་པ་ནི་རྟོགས་པ་དང་ལྡན་པས་དོར་བར་བྱའོ། །དེ་ཡང་ངར་འཛིན་འཇིག་ཚོགས་ལ་ལྟ་བའི་རྒྱུའི་གཙོ་བོ་མ་ཡིན་པའི་མི་ཤེས་པ་མཐའ་དག་ཤེས་བྱའི་སྒྲིབ་པ་ཉིད་དུ་རྣམ་པར་བཞག་གོ །སྤྲོས་པས་ཆོག་གོ །སྤྱོད་འཇུག་མཁན་པོའི་དགོངས་པའང་དཔལ་ལྡན་ཟླ་བའི་ཞབས་ཀྱི་དགོངས་པ་དང་མཐུན་ཞེས་པ་འདི་ཡང་དཔྱད་པར་བྱ་སྟེ། འདི་ལྟར་ཕྱོགས་སྔ་མ་སྨྲ་བ་ན་རེ་གང་དུ་ཆོས་རྣམས་རང་བཞིན་མེད་པར་གཏན་ལ་ཕབ་པ་ལ་དགོས་པ་མེད་དེ། བདེན་བཞི་མི་རྟག་སོགས་བཅུ་དྲུག་བསྒོམས་པས། མཐར་ཐུག་གི་གྲོལ་བ་ཐོབ་པའི་ཕྱིར་ཞེས་རྩོད་པ་ནི། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་པའོ། །དེ་ཡང་མི་འཐད་དེ། སྟོང་ཉིད་རྟོགས་པའི་ལམ་མེད་པར་ཐེག་པ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་ཐོབ་པའི་བྱང་ཆུབ་མི་འབྱུང་བར་ཤེས་ཕྱིན་གྱི་ལུང་ལས་འབྱུང་བའི་ཕྱིར། ཞེས་པ་ནི། གང་ཕྱིར་ལུང་ལས་ཞེས་སོགས་སོ། །ཁོ་ན་རེ་མི་འཐད་དེ། ཤེས་ཕྱིན་སངས་རྒྱས་ཀྱི་བཀའ་མ་ཡིན་པའི་ཕྱིར་ཅེ་ན། ཐེག་ཆེན་དཀར་བསྒྲུབ་ཀྱི་གཞུངས་རྣམས་སོ། །ཐེག་ཆེན་བཀའ་མ་ཡིན་ན་ཉན་ཐོས་ཀྱི་བསྟན་པའི་རྩ་བ་དགྲ་བཅོམ་པ་ཡང་མེད་པར་འགྱུར་ཏེ། ཐེག་ཆེན་མེད་ན་སངས་རྒྱས་མི་འབྱུང༌། སངས་རྒྱས་མེད་ན་དགྲ་བཅོམ་པ་མི་འབྱུང་སྙམ་དུ་བསམ་པའོ། །རང་བཞིན་ཡོད་ན་རང་བཞིན་དུ་འཛིན་པའི་བློ་སྤང་དུ་མི་རུང་ལ། དེ་ལ་བོར་བཞིན་དུ་ལྷག་མེད་མྱང་འདས་མི་ཐོབ་པར་ཁྱེད་ཅག་འདོད་པ་དང་ཡང་འགལ་ལོ་ཞེས་ལེན་འདེབས་པ་ནི། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་པ་ཡི། །མྱ་ངན་འདའ་བའང་དཀའ་བར་གནས། །ཞེས་པའོ། །འདི་ནི་མདོ་སྡེ་རྒྱན་ལས། ཡོད་དང་མེད་དང་ཡོད་མེད་དང༌། །ཞེས་པ་དང་མཐུན་ནོ། །གལ་ཏེ་སྟོང་ཉིད་རྟོགས་པའི་ལམ་མེད་ཀྱང༌། མི་རྟག་ལ་སོགས་བཅུ་དྲུག་བསྒོམ་པ་ཙམ་གྱིས་ཉོན་མོངས་མ་ལུས་པ་སྤོང་ནུས་ལ། ཉོན་མོངས་མ་ལུས་པ་སྤངས་པ་ཙམ་གྱིས་གྲོལ་བ་མཐར་ཐུག་ཐོབ་པར་ནུས་པར་འཇོག་གོ་ཞེས་རྒོལ་བ་ནི། ཉོན་མོངས་སྤངས་པས་གྲོལ་ན་ཞེས་པའོ། །དེ་ལྟ་ན་ལྷག་བཅས་ཀྱི་མྱང་འདས་ཐོབ་མ་ཐག་ཏུ་གྲོལ་བར་འགྱུར་ལ། དེ་ཡང་འདོད་པར་མི་ནུས་པའི་ཚུལ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་སོ། །ཅི་སྟེ་ད་ལྟ་སྡུག་བསྔལ་གྱི་ཕུང་པོ་ཡོད་ཀྱང༌། སྡུག་བསྔལ་ཕྱི་མ་ཉེ་བར་ལེན་པའི་རྒྱུ་སྲེད་པ་མེད་པའི་ཕྱིར། གྲོལ་བ་ཐོབ་པར་འཇོག་ཅེ་ན། ཕྱོགས་སྔ་མ་བརྗོད་པ་ནི། རེ་ཤིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །ཞེས་པའོ། །སྡུག་བསྔལ་ཕུང་པོའི་ལྷག་མ་དང་བཅས་པའི་དགྲ་བཅོམ་དེ་དག་ལ། ཉོན་མོངས་པ་ཅན་གྱི་སྲེད་པ་མེད་ཀྱང༌། ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཅི་སྟེ་མེད་དེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བདེན་འཛིན་ཡོད་པ་དེ་སྲིད་དུ། ཚོར་བ་བདེ་སྡུག་འབྱུང་ཞིང༌། དེའི་རྐྱེན་གྱིས་དེ་ལ་སྲེད་པ་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་པའོ། །འདི་ཡང་མ་རིག་པ་དང་སྲེད་པའི་བག་ལ་ཉལ་གྱི་རྒྱུ་ལས་སྲིད་པར་སྐྱེ་བ་ལེན་པ་ལ་དགོངས་པ་ཡིན་ནོ། །ཅི་སྟེ་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པའི་ཚེ་མཐར་ཐུག་གི་གྲོལ་བ་ཐོབ་པ་ཡིན་ཏེ། དེའི་ཚེ་བདེན་འཛིན་འགགས་ལ། དེ་འགགས་པས་དེའི་རྐྱེན་གྱིས་ཚོར་བ་འབྱུང་བ་མེད་ཅིང༌། དེ་ལ་སྲེད་པ་འབྱུང་བ་མེད་པས་སོ་སྙམ་ན། ལྷག་མེད་ཀྱི་ཚེ་རེ་ཤིག་སྲེད་ཚོར་འགགས་ཀྱང༌། ནམ་ཞིག་གི་ཚེ་སེམས་འབྱུང་མ་རིག་པ་དང༌། སྲེད་ཚོར་འབྱུང་ལ། དེའི་རྐྱེན་གྱིས་ཕུང་པོ་ཉེ་བར་ལེན་པ་འབྱུང་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་བདེན་འཛིན་ཟད་པར་སྤངས་པ་མེད་པའི་ཕྱིར། ཞེས་སྟོན་པ་ནི། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་སྟེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་སོ། །དེའི་ཕྱིར་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྒྱུན་རིང་དུ་བསྒོམས་པས། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཟློག་ལ། དེ་ལས་རིམ་གྱིས་མཐར་ཐུག་གི་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར། སྟོང་ཉིད་རྟོགས་པའི་ལྟ་བ་དོན་ཡོད་པ་ཡིན་ནོ། །ཞེས་སྟོན་པ་ནི། གལ་ཏེ་ཚོར་པོ་འགའ་མེད་ཅིང༌། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲིད་པ་ཅི་སྟེ་ལྡོག་མི་འགྱུར། །ཅེས་པ་ནས། མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་བསྒོམ་མི་བྱེད། །ཅེས་པའི་བར་རོ། །ད་ནི་དེ་ལ་རྩོད་པ་སྤང་བར་བྱ་སྟེ། ཁ་ཅིག་འདི་སྐད་དུ་རྒོལ་ཏེ། བྱང་ཆུབ་མེད་པར་གསུང་ཞེས་པའི་བྱང་ཆུབ་འདི་བྱང་ཆུབ་ཙམ་ལ་བྱ་དགོས་ཏེ། དེའི་འགྲེལ་ཆེན་དུ། ཡུམ་གྱི་མདོར་དངོས་པོའི་འདུ་ཤེས་ཅན་ལ། ཐར་པ་མེད་ཅེས་དང༌། དུས་གསུམ་ཀའི་རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བར་ཤེས་ཕྱིན་ལ་བརྟེན་ནས་ཐོབ་དགོས་པར་གསུངས་པ་ཤེས་བྱེད་དུ་དྲངས་པས་སོ། །ཞེས་གསུངས། འདི་ཡང་དེ་ལྟ་མ་ཡིན་ཏེ། འདིའི་ཐར་པ་ཡང་མཐར་ཐུག་གི་ཐར་པ་ཡིན་ཏེ། འདིར། མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །ཞེས་འབྱུང་བ་ལྟར་རོ། །འདིའི་བྱང་ཆུབ་དེ་བྱང་ཆུབ་ཙམ་ལ་བྱེད་ན། འོག་གི་གྲོལ་བ་ཡང་གྲོལ་བ་ཙམ་ལ་བྱེད་དགོས་ལ། དེ་ལ་ནི་མོའུ་འགལ་གྱི་བུ་ཆེན་པོ་སོགས་ཀྱིས་མ་ངེས་པ་སྟོན་པ་ཇི་ལྟར་འབྲེལ། ཇི་སྐད་དུ། རྒྱུན་དུ་ཞུགས་པའི་ས་ལ་སློབ་པར་འདོད་པས། ཤེས་ཕྱིན་ལ་སློབ་པར་གསུངས་པའི་ཤེས་ཕྱིན་དེ་ལ་ཡང་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱི་ཤེས་ཕྱིན་དང༌། གཟུང་བ་ཆོས་ཀྱི་བདག་མེད་ཙམ་རྟོགས་པའི་ཤེས་ཕྱིན་དང༌། སྟོང་ཉིད་རྟོགས་པའི་ཤེས་ཕྱིན་གསུམ་སོ་སོར་དགོས་པ་ཡིན་ཏེ། མདོ་དེ་ནི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པའི་བཤད་བྱའི་མདོ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་འདི་སྒྲུབ་བྱེད་དུ་འབྲེལ་བ་མ་ཡིན་ཏེ། ཤེས་ཕྱིན་མེད་ན་ཐེག་པ་གསུམ་ཀའི་ལམ་མི་འབྱུང་བར་སྟོན་པའི་ཕྱིར་རོ། །ཁྱེད་ཅག་ལུགས་འདི་ལ་བདེན་འཛིན་གང་ཡིན་ཐམས་ཅད་ཉོན་མོངས་ཅན་དུ་འདོད་པ་དང༌། ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཁས་ལེན་དགོས་པ་འདི་ནི་ཤིན་ཏུ་འཁྲུལ་ལོ། །དེ་ལྟ་ན་འདི་དག་ནི་ཐེག་ཆེན་བཀར་སྒྲུབ་ཀྱི་གཞུང་གི་ཚོགས་ཡིན་ལ། དེ་ལྟར་བསྒྲུབ་པ་ལ་ནི། དམན་པའི་གཞུང་ལས་རྫོགས་བྱང་ཐོབ་པའི་ཐབས་སུ་བཤད་པ་དེས་ནི། རྫོགས་པའི་བྱང་ཆུབ་ཐོབ་པར་ནུས་པ་ཐེག་པ་ཆེན་པོ་མེད་ན་ཤེས་བྱའི་སྒྲིབ་པའི་གཉེན་པོ་མི་འབྱུང་བའམ། དེ་མེད་ན་རྫོགས་པའི་སངས་རྒྱས་མི་ཐོབ། དེ་མེད་ན་ནི་ཉན་ཐོས་དགྲ་བཅོམ་པ་ཡང་མི་འབྱུང་བར་འགྱུར་རོ། །གལ་ཏེ་ཉོན་མོངས་སྤངས་པ་ཙམ་ལ་རྫོགས་པའི་བྱང་ཆུབ་མི་ཐོབ་ལ། སྤངས་པ་ལྷག་པོ་མེད་ན་ནི། ཧ་ཅང་ཐལ་ལོ། །ཞེས་བརྗོད་ན་ཤིན་ཏུ་འབྲེལ་བ་ཡིན་ནོ། །ཡང་དཔལ་ལྡན་ཟླ་བའི་ཞབས་ཀྱི་དགོངས་པ་ཁྱེད་ཀྱིས་བཤད་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་མཐུན་ནོ་ཞེས་སྨྲ། རྒྱུད་བླ་མར་མཐོང་སྤང་ཤེས་སྒྲིབ་ཏུ་བཤད་པ་དང༌། བདེན་འཛིན་ཤེས་སྒྲིབ་ཏུ་བཤད་པ་རྣམས་དང་འགལ་བ་བརྒྱ་ཕྲག་ཁས་ལེན་དགོས་པར་གདོན་མི་ཟའོ། །མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་ཡང་ཁྱེད་ཀྱིས་བཤད་པ་རྣམས་མི་རིགས་པར་གཞན་དུ་བཤད་ཟིན་ཏོ།། །།ཐུགས་རྗེའི་དཔུང་དང་ཡེ་ཤེས་ཚོགས། །གཅིག་ཏུ་བསྡུས་པའི་སྐུ་མངའ་བ། །བཅོམ་ལྡན་ངག་གི་དབང་ཕྱུག་ལ། །ཤིན་ཏུ་གུས་པས་ཕྱག་འཚལ་ལོ། །ཡང་འདི་སྐད་དུ་རང་རྒྱུད་པ་དག་གིས་བློ་ལ་སྣང་བའི་དབང་གིས་གཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་སུ་ཡོད་པ་ནི། བདེན་པར་ཡོད་པའི་ཚད་ཡིན་ལ། དེར་འཛིན་པ་ནི། བདེན་འཛིན་ལྷན་སྐྱེས་ཡིན་ཏེ། ཇི་སྐད་དུ་དབུ་མ་སྣང་བ་ལས། དེའི་ཕྱིར་དེ་དག་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་དུ་གསུངས་པས་ཤེས་སོ། །བློ་ལ་སྣང་བའི་དབང་གིས་བཞག་ཚུལ་དཔེའི་སྒོས་ཤེས་དགོས་ཏེ། སྒྱུ་མ་མཁན་གྱི་རྡེའུ་ཤིང་བུ་སོགས་རྟ་གླང་དུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་ལ་རྟ་གླང་དུ་སྣང་བ་ཡོད་ཀྱི། ཞེན་པ་མེད་ལ། མིག་བསླད་པའི་ལྟད་མོ་བ་ལ་སྣང་ཞེན་གཉིས་ཀ་ཡོད། མིག་མ་བསླད་པའི་ལྟད་མོ་བ་ལ་སྣང་ཞེན་གཉིས་ཀ་མེད་དོ། །དེ་བཞིན་དུ་དག་པ་སར་གནས་ཀྱི་རྗེས་ཐོབ་ལ་བདེན་པར་སྣང་བ་ཡོད་ཅིང་ཞེན་པ་མེད། དེ་ཁོ་ན་ཉིད་མ་རྟོགས་པའི་གང་ཟག་ལ་སྣང་ཞེན་གཉིས་ཀ་ཡོད། འཕགས་པ་སློབ་པའི་མཉམ་གཞག་ཡེ་ཤེས་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་ཞེན་གཉིས་ཀ་མེད་དོ། །དེ་ལྟར་བཤད་པ་ནི་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་འཛིན་པའི་བློ་ལ་ལྟོས་ནས་ཤིན་ཏུ་རགས་པས་སོ། །ཕྲ་བའི་བདེན་འཛིན་ལྷན་སྐྱེས་མ་ཡིན་ཏེ། བདེན་འཛིན་དེས་བཟུང་བའི་བདེན་གྲུབ་རིགས་པས་ཁེགས་ན། ཕྱི་ནང་གི་དངོས་པོ་རྣམས་ལ་བློའི་དབང་གིས་མ་གཞག་པའི་སྡོད་ལུགས་སུ་ཡོད་པར་མི་འཛིན་པར་བློའི་དབང་གིས་བཞག་པའི་ཡོད་པ་ཙམ་དུ་ཤེས་པར་འགྱུར་རོ། །དེ་ཡང་ཚད་མས་མི་གནོད་པའི་བློའི་དབང་གིས་བཞག་པ་རྣམས་ཐ་སྙད་དུ་ཡོད་པར་འདོད་ཀྱི་བློའི་དབང་གིས་བཞག་ཚད་ཐམས་ཅད་ཡོད་པར་མི་འདོད་དོ། །ས་བོན་ལས་མྱུ་གུ་སྐྱེ་བ་བློའི་དབང་གིས་བཞག་པར་འདོད་ཀྱང༌། མྱུ་གུ་རང་ངོས་ནས་ས་བོན་ལས་སྐྱེ་བ་མི་འགལ་བ་ནི། སྤྲུལ་གཞིའི་ངོས་ནས་རྟ་གླང་དུ་སྣང་དུས་དང་འདྲའོ། །དེས་ཐ་སྙད་ཙམ་དུ་ཡོད་པ་ཐམས་ཅད་ལ་ཤེས་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། ཁས་བླང་ནང་འགལ་འཇུག་པ་ཇི་ལྟར་འབྱུང་ཚུལ་དང༌། དྲི་མ་མེད་པའི་རིགས་པ་དང་འགལ་བ་དང༌། ཇི་སྐད་བཤད་པ་དེ་གང་གི་དགོངས་པར་འདོད་པའི་ལུང་དེའི་དགོངས་པ་མ་ཡིན་པར་བསྟན་པའོ། །དང་པོ་དེ་ཡང་འདི་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་བློ་ལ་སྣང་བའི་དབང་གིས་ཕར་ལ་བཞག་པ་ཙམ་ཡིན་པ་དང༌། ས་མྱུག་སོགས་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འདོད་པ་དང་ཇི་ལྟར་མི་འགལ། སྒྱུ་མ་དང༌། རྨི་ལམ་དང༌། སྨིག་རྒྱུ་དང༌། སྐྲ་ཤད་དང༌། ཀེང་རུས་ཀྱི་གཟུགས་བརྙན་སོགས་ཀྱང༌། ཡུལ་གྱི་སྡོད་ལུགས་སུ་གྲུབ་ན་བློ་ལ་སྣང་བའི་དབང་གིས་བཞག་ཅི་དགོས། གང་ཡང་ཡུལ་རང་གི་སྡོད་ལུགས་ཀྱིས་གྲུབ་པ་རང་ལུགས་སུ་ཁས་ལེན་པ་དང༌། རྟགས་ཀྱི་དགག་བྱའི་ཟུར་དུ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཞེས་བརྗོད་པ་ཇི་ལྟར་མི་འགལ་ཏེ། འདི་ལྟར་འདིར་དེ་མི་འགལ་ན། ཐལ་འགྱུར་བའི་སྐབས་སུ་རྟོག་པས་སྒྲོ་བཏགས་པ་ཙམ་དང༌། ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་གཉིས་ཀྱང་མི་འགལ་བ་ཐལ་ཆེས་སོ། །བདེན་པར་གྲུབ་པ་ཉིད་དུའང་ཐལ་བར་འགྱུར་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་གཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པའི་ཕྱིར། རྟགས་ཀྱང་ཁས་བླངས་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའང་མ་ཡིན། ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་ཀྱང་གྲུབ་པའི་ཕྱིར། གཉིས་ཀ་ཁས་བླངས་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོར་ཁས་བླངས་པའི་ཕྱིར། ཡང་དག་པའི་ཀུན་རྫོབ་ཉིད་དུ་ཐལ་བར་འགྱུར་རོ། །བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ། ཐ་སྙད་དུ་ཡོད་པའི་དོན་དུ་འདོད་པ་ལ་ཡང་སྔ་མ་དེ་ཉིད་དུ་ཐལ་བར་འགྱུར་རོ། །ཁྱེད་ཀྱི་ལྟར་ན་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་ཡོད་པ་དེ། སྐབས་འདིར་བདེན་ཚད་དུ་རིགས་པར་འགྱུར་ཏེ། དབུ་མ་སྣང་བར། ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་ཤུགས་ཀྱིས་དེའི་ལྡོག་ཕྱོགས་བདེན་ཚད་དུ་རིགས་པས་འཐོབ་ཅིང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ། ཀུན་རྫོབ་ཏུ་ཡོད་པའི་ཚད་དུ་རིགས་པའི་ཕྱིར། དེ་ལྟ་ན་ནི་སྔ་མ་དེ་ཉིད་དུ་ཐལ་བར་འགྱུར་ཞིང༌། དོན་གྱི་སྡོད་ལུགས་སུ་ཡོད་པ་ཞེས་པ་ལ་རྣམ་བཅད་ཅི་ཞིག་ཡོད་མེད་ཀྱི་སྟེང་དུ་འགལ་བ་ལྷག་པོའི་རྒྱུ་ཉིད་དུ་གདོན་མི་ཟ་བར་རྟོགས་ཏེ། དེ་ཡང་འདོད་ན་ཕྱི་ནང་གི་དངོས་པོ་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཡིན་གྱི། ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་མ་གྲུབ་པར་རྟོགས་པའི་བློ་གང་ཡིན་པ་དེ། ཡུལ་གྱི་གནས་ཚུལ་ལ་ཞུགས་པར་འགྱུར་ཏེ། ཅིག་ཤོས་བདེན་ཚད་དུ་རིགས་པའི་ཕྱིར། འདོད་ན་ཡུལ་གྱི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་རང་ལུགས་ལ་ཁས་ལེན་དགོས་པ་དང་ཇི་ལྟར་མི་འགལ། དེར་མ་ཟད་ཀྱི་ཐལ་འགྱུར་བ་དག་གི་ལུགས་ལ་ཡང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར། དོན་གྱི་སྡོད་ལུགས་ཀྱི་སྡོད་ལུགས་སུ་ཡོད་པ་དེ། དགག་བྱ་བདེན་ཚད་དུ་རིགས་པར་འགྱུར་ཏེ། གཅིག་ཤོས་ཀུན་རྫོབ་ཏུ་ཡོད་པའི་དོན་དུ་ཤིན་དུའང་བཞེད་པའི་ཕྱིར་ཏེ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་དང༌། ཁྱོད་དང་འཇིག་རྟེན་འདིར་ནི་ཞེས་རྒྱ་ཆེར་བཤད་པས་སོ། །ཡང་རྟགས་ཀྱི་དགག་བྱ་དབང་ཤེས་ལ་མི་སྣང་བར་འདོད་པ་དང༌། དག་པ་སར་གནས་ཀྱི་རྗེས་ཐོབ་ལ་བདེན་སྣང་ཡོད་པར་འདོད་པ་དང༌། བདེན་པ་དེ་ཡང་གཉིས་སྣང་འཁྲུལ་བའི་བག་ཆགས་ལ་འདོད་པ་ཇི་ལྟར་མི་འགལ། སྒོ་ལྔའི་དབང་ཤེས་ལ་གཟུང་འཛིན་གཉིས་སྣང་འབྱུང་བར་ཚད་མས་གྲུབ། དེ་ཡང་བདེན་སྣང་ཡིན་པར་ནི་ཁྱེད་ཀྱིས་ཁས་བླངས་སོ། །དཔེ་དོན་སྒྲིག་ཚུལ་ཡང་འགལ་བ་ཁོ་ནར་སྣང་སྟེ། འདི་ལྟར་མིག་མ་བསླད་པའི་ལྟད་མོ་བ་ལ་ནི་མིག་འཁྲུལ་པའི་དབང་གིས་རྟ་གླང་དུ་སྣང་ཞེན་གཉིས་ཀ་མི་འབྱུང་བ་བཞིན་དུ་སངས་རྒྱས་ཀྱི་ཡེ་ཤེས་ལ་བདེན་པར་སྣང་ཞེན་གཉིས་ཀ་མེད་ཅེས་སྦྱར་ན་དེ་འགྲིག་ཙམ་སྣང་མོད། གཞན་གཉིས་ནི་མི་འགྲིག་སྟེ། སྒྱུ་མ་མཁན་ལྟར་ན་རྟ་གླང་དུ་སྣང་བ་དེ་བློ་ལ་སྣང་བའི་དབང་གིས་དེར་འཇོག་པ་ཡིན་གྱི། ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་སྣང་བ་མ་ཡིན་པ་བཞིན་དུ། དག་པ་སའི་རྗེས་ཐོབ་ལ་ཕྱི་ནང་གི་དངོས་པོ་རྣམས་བློ་ལ་སྣང་བའི་དབང་གིས་དེར་བཞག་པ་ཡིན་གྱི་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་དེར་སྣང་བ་མ་ཡིན་ཞེས་སྦྱར་དགོས་ན་དེ་ནི་ཁྱེད་ལ་འགལ་བའི་ཕྱིར། དེ་ཡང་འདི་ལྟར་དག་པ་སའི་རྗེས་ཐོབ་ལ་ཕྱི་ནང་གི་དངོས་པོ་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་སྣང་བར་ཐལ་བར་འགྱུར་ཞིང༌། དེ་ལ་དེ་རྣམས་བདེན་པ་ཁོ་ནར་སྣང་བའི་ཕྱིར་རོ། །མིག་བསླད་པའི་ལྟད་མོ་བ་ལ་རྟ་གླང་དུ་སྣང་བ་དེ་བློ་ཡི་དབང་གིས་བཞག་པར་མི་འཆད་ཀྱི་རྟ་གླང་མཚན་ཉིད་པ་གཅིག་ཡུལ་གྱི་ངོས་ན་གནས་པར་འཛིན་པ་བཞིན་དུ། དེ་ཉིད་མ་རྟོགས་པའི་སེམས་ཅན་ལ་ཡང་ཕྱི་ནང་གི་ཆོས་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་ཞེས་ཁྱེད་ཀྱིས་བརྗོད་ལ། དེ་ལྟ་ན་ཁས་བླངས་ནང་འགལ་ཏེ། འདི་ལྟར་དཔེའི་སྐབས་སུ་རྟ་གླང་དུ་སྣང་བ་དེ་ནང་བློའི་དབང་གིས་བཞག་པར་འཆད་པ་དང༌། ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཆད་པ་གཉིས་འགལ་བར་ཁྱེད་ཀྱིས་ཞལ་གྱིས་བཞེས་བཞིན་དུ། དོན་གྱི་སྐབས་སུ་ཡང་ཕྱི་ནང་གི་ཆོས་རྣམས་ཀྱི་སྟེང་དུ་དེ་གཉིས་འགལ་བར་ཁྱེད་ཀྱིས་ཁས་ལེན་དགོས་ལ། དེ་ལྟ་ན་བློའི་དབང་གིས་བཞག་པ་དང༌། ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་གཉིས་ཀྱང་འགལ་བར་ཁས་ལེན་དགོས་ཤིང༌། དེ་ལྟ་ན་འགལ་བའི་ཕྲེང་བ་བརྒྱུད་མར་འབྱུང་བ་མ་མཐོང་ངམ། དེར་ཡང་མ་ཟད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པའི་སེམས་ཅན་རྣམས་ལ་དངོས་པོ་རྣམས་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་མི་སྣང་བར་ཐལ། བློ་ལ་སྣང་བའི་དབང་གིས་གྲུབ་པར་སྣང་བའི་ཕྱིར་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་ཐ་སྙད་དུ་ཡོད་པར་འཛིན་པའི་ཕྱིར། གསུམ་ཆར་རོ། །གང་ཡང་རང་རྒྱུད་པས་བཞེད་པའི་རྟགས་ཀྱི་དགག་བྱར་འདོད་པ་འདི་ཁེགས་པ་ན། ཐལ་འགྱུར་བས་བཞེད་པར་འདོད་པའི་རྟགས་ཀྱི་དགག་བྱ་དེ་ཡང་ཁེགས་པར་འགྱུར་ཏེ། བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་ཁེགས་པ་ན། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་དེ་ཁེགས་པའི་ཕྱིར། དེའི་རྒྱུ་མཚན་ཡང་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པ་དེ་བློ་ངོར་ཁེགས་པ་ན། རྟོག་པ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པ་དེ་ཡང་ཁེགས་དགོས་པ་ཡིན་ཏེ། དེ་གཉིས་འཇོག་པའི་དུས་ཀྱི་བློ་དང་རྟོག་པ་གཉིས་ཀ་ཡང་མ་རིག་པ་ལ་བྱེད་དགོས་པར་ཁྱེད་ཉིད་ཀྱིས་ཁས་བླང་དགོས་པའི་ཕྱིར་རོ། །དེ་འཇོག་པའི་ས་མཚམས་དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཞེས་པའི་བློ་དེ་ལ་ཁྱེད་ཉིད་ཀྱིས་ཁས་བླངས་པའི་ཕྱིར་དང༌། རྟོག་པ་དེ་ཡང་ཁྱེད་ཉིད་ཀྱིས་རིགས་པ་དྲུག་ཅུ་པའི་ལུང་ཤེས་བྱེད་དུ་དྲངས་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་པར་ཅིས་མི་འཐད། །ཅེས་དང༌། བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལས། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་དྲངས་པ་མ་ཡིན་ནམ། ཁས་བླངས་ནང་འགལ་བའི་ཕྲེང་བ་བརྗོད་པ་དེ་ཙམ་གྱིས་ཆོག་གོ །ད་ནི་རིགས་པ་དང་འགལ་བ་བརྗོད་པར་བྱ་སྟེ། འདི་ལྟར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་གང་ཡིན་པ་དེ་ཡང༌། གང་ཟག་ལ་བདེན་པར་འཛིན་པའི་བློ་ཉིད་དུ་ཐལ་བར་འགྱུར་ཏེ། གང་ཟག་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་པའི་ཕྱིར། ཅི་སྟེ་དེས་གང་ཟག་བློ་ལ་སྣང་བའི་དབང་གིས་གྲུབ་པ་ཙམ་དུ་འཛིན་ན་ནི། དེས་གང་ཟག་མི་བདེན་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །གསུམ་ཆར་རོ། །རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཏུ་འཛིན་པའི་བློ་དེ་ཡང་བདེན་འཛིན་ལྷན་སྐྱེས་སུ་ཐལ་བར་འགྱུར་ཏེ། གང་ཟག་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར། གཟུང་འཛིན་རྫས་གཞན་དུ་འཛིན་པའི་ཤེས་སྒྲིབ་གཟུང་རྟོག་གང་ཡིན་པ་དང༌། ངོ་བོ་དང་ཁྱད་པར་དུ་སྒྲོ་འདོགས་པའི་རྟོག་པ་གང་ཡིན་པ་ཡང་བདེན་འཛིན་ལྷན་སྐྱེས་ཉིད་དུ་ཐལ་བར་འགྱུར་རོ། །གང་ཡང་དབུ་མའི་ལྟ་བ་མ་རྙེད་པར་སེམས་ཙམ་གྱི་ལྟ་བ་རྒྱུད་ལ་སྐྱེས་པའི་སེམས་ཙམ་པ་དེས་ཀྱང་གཟུགས་སོགས་སྐྱེ་མཆེད་ལྔ་བདེན་མེད་དུ་རྟོགས་པར་འགྱུར་ཏེ། དེ་དག་ལ་བློ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་ཡིན་གྱི་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་མ་གྲུབ་པར་རྟོགས་པའི་ཕྱིར། དེ་དག་རང་རང་གི་ཡུལ་ཅན་གྱི་བློ་ལ་སྣང་བ་ཙམ་ཡིན་གྱི། སྣང་བ་ལྟར་དོན་ལ་མེད་པར་རྟོགས་པའི་ཕྱིར། འདོད་ན་ནི་ཆོས་གཅིག་བདེན་མེད་དུ་རྟོགས་པའི་བྱེད་པས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་གྲུབ་མཐའ་གོང་འོག་ཐམས་ཅད་དུ་ཁྱེད་ཀྱིས་ཁས་བླངས་པ་དང་འགལ་ལོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི། དོན་སྤྱི་དང༌། གཞན་སེལ་དང༌། ལྡོག་པ་སོགས་མ་ལུས་པ་ལ་ཡང་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །དེ་ཡང་ཁྱེད་ཉིད་ཀྱི་སེམས་ཙམ་པའི་རང་གཞུང་དུ་བཞེད་པའི། ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་པའི་དོན་ཇི་ལྟར་ཡིན། ཅི་སྟེ་དེ་ལྟར་ཐལ་བའི་སྐྱོན་མེད་དེ། སེམས་ཙམ་པས་སྔོ་སོགས་བློ་གནོད་བཅས་ལ་སྣང་བའི་དབང་གིས་བཞག་པ་སོགས་ཀྱང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་མ་རྟོགས་པ་ཡིན་ནོ། །ཞེ་ན། དེ་ལྟ་ན་ཡང་ཁས་བླངས་ནང་འགལ་ཏེ། སེམས་ཙམ་པས་སྔོ་སོགས་ཚད་མ་ལ་སྣང་བའི་དབང་གིས་བཞག་པ་ཉིད་དུ་མ་རྟོགས་པར་ཐལ་ལོ། །རང་རྒྱུད་པས་འཁྲུལ་པའི་སྣང་བ་མ་ལུས་པ་འདི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་རྟོགས་པར་ཐལ་ལོ། །གང་ཡང་འདོད་ཆགས་དང༌། མ་རིག་པ་དང༌། ང་རྒྱལ་དང༌། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་ལྟ་བ་སོགས་མ་ལུས་པ་བདེན་འཛིན་ལྷན་སྐྱེས་སུ་ཐལ་བར་འགྱུར་ཏེ། རང་གི་ཡུལ་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་སུ་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། གང་ཡང་ཆོས་ཉིད་ཆོས་ཅན། རང་གི་ཡུལ་ཅན་གྱིས་བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་དུ་རྟོགས་པར་ཐལ་ལོ། །འདོད་ན་སྟོང་ཉིད་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་པར་ཐལ་ལོ། །སྐྱེས་བུ་ཐ་མལ་པས་ཀྱང་རབ་རིབ་བསལ་བ་ན། སྐྲ་ཤད་དུ་སྣང་བ་བདག་མེད་དུ་རྟོགས་པར་ཐལ་བ་དང༌། རི་རྭའི་དོན་སྤྱི་སོགས་ཀྱང་བདེན་མེད་དུ་རྟོགས་པར་ཐལ་བར་འགྱུར་ཏེ། དེ་དག་བློ་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་ཡིན་གྱི། ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་མ་གྲུབ་པར་རྟོགས་པའི་ཕྱིར། སྐྱོན་འདི་རྣམས་སྤང་བར་འདོད་ནས་ཚད་མས་མི་གནོད་པའི་བློ་ཡི་དབང་གིས་བཞག་པ་རྣམས་ཐ་སྙད་དུ་ཡོད་པའི་དོན་དང༌། དེའི་དབང་གིས་མ་བཞག་པའི་ཡོད་པ་དེ། བདེན་ཚད་དུ་འདོད་པ་ནི། གླང་ཆེན་གྱིས་ཁྲུས་དང་མཚུངས་པར་འགྱུར་ཏེ། འདི་ལྟར་སྒྱུ་མ་དང༌། རྨི་ལམ་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་དང༌། མིག་འཁྲུལ་དང༌། མིག་ཡོར་དང༌། སྒྲ་རྟག་པའི་དོན་སྤྱི་སོགས་ཐ་སྙད་ཙམ་དུ་མེད་པར་འགྱུར་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་ཡོད་པར་མ་བཞག་པའི་ཕྱིར། དེ་དག་གི་ཡུལ་ཅན་གྱི་བློ་དེ་བློ་གནོད་བཅས་སུ་བཞག་མི་ནུས་ན། བློ་གནོད་བཅས་གང་ལས་ཇི་ལྟར་བཙལ་བར་བྱ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་སོགས་ཀྱི་སྐབས་དང་ཇི་ལྟར་མི་འགལ། དེར་སྣང་ཙམ་ཡོད་པ་ལ་ཚད་མས་མི་གནོད་པས་གནོད་མེད་དུ་འཇོག་ནུས་ན། བུམ་སོགས་བདེན་པར་སྣང་བའི་བློ་འདི་ཡང་བློ་གནོད་མེད་དུ་ཅིའི་ཕྱིར་མི་འདོད། དེ་ཡང་དེ་ལྟར་འདོད་དོ་སྙམ་ན་ནི་བདེན་པར་གྲུབ་པ་ཉིད་དུ་ཀྱང་ཐ་སྙད་དུ་གྲུབ་པར་འགྱུར་ཏེ། དེ་ཡང་ཚད་མས་མི་གནོད་པའི་བློས་ཡོད་པར་བཞག་པའི་ཕྱིར། རེ་ཤིག་སྤྲོས་པས་ཆོག་གོ །བུམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་དེ་ཡང་བདེན་འཛིན་ལྷན་སྐྱེས་སུ་ཐལ། དེ་ལ་ཡང་དེའི་མཚན་ཉིད་ཞུགས་པའི་ཕྱིར། བུམ་པ་བདེན་གྲུབ་ཡོད་པར་ཞེན་པའི་བློ་གང་ཡིན་པ་དེས། བུམ་པ་བདེན་གྲུབ་ཐ་སྙད་དུ་ཡོད་པར་ཞེན་པའི་ཕྱིར་ན། བློ་དེ་བུམ་པ་བདེན་གྲུབ་བློ་ལ་སྣང་བའི་དབང་གིས་ཕར་བཞག་ཙམ་དུ་ཤེས་པར་འགྱུར་རོ། །འདོད་ན། དེས་དེ་བདེན་པར་ཡོད་པ་ཁེགས་པར་འགྱུར་རོ། །ཞེས་པ་འདི་གོང་དུ་བརྗོད་པར་བྱ་སྟེ། ཁས་བླངས་པའི་གྲུབ་མཐའ་མཐུན་པས་སོ། །ད་ནི་ལུང་གི་དགོངས་པ་ཇི་ལྟར་ཡིན་པའི་ཚུལ་ཡང་བརྗོད་པར་བྱ་སྟེ་མགོ་བསྒྲེ་བ་དང༌། ལུང་དོན་ཉིད་ཚུལ་བཞིན་དུ་བཤད་པའོ། །དང་པོ་ནི་དེ་ལྟ་ན་དཔལ་ལྡན་ཟླ་བས་ཀྱང༌། བློ་ཡི་དབང་གིས་བཞག་པ་ཙམ་མ་ཡིན་པར། དོན་གྱི་སྡོད་ལུགས་སུ་ཡོད་པ་དེ། བདེན་ཚད་དུ་བཞེད་པར་ཐལ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཡོད་པ་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་དུ་བཞེད་པའི་ཕྱིར་ཏེ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་སོགས་རྩ་འགྲེལ་དང༌། སྔར་གྱི་དབུ་མ་སྣང་བའི་གཞུང་གཉིས་ལ་དོན་སྟོན་ཚུལ་གྱི་ཁྱད་པར་ཅི་ཡང་མེད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། ཁྱེད་ཀྱི་རིགས་པ་འདི་ལྟར་ན་བཅོས་མ་མ་ཡིན་པའི་ཡོད་པ་དེ་བདེན་ཚད་དུ་ཟླ་བ་གྲགས་པས་བཞེད་པར་འགྱུར་ཏེ། བཅོས་མར་གྱུར་པའི་ཡོད་པ་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་དུ་སློབ་དཔོན་འདིས་བཞེད་པའི་ཕྱིར། འདོད་ན་ནི་ཁས་བླངས་དང་འགལ་བ་དང་རིགས་པ་དང་འགལ་བ་དུ་མ་མ་བྱུང་ངམ། གཞན་ཡང་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་སོ། །ཞེས་པ་ལའང་ཧ་ཅང་ཐལ་བར་འགྱུར་རོ། །དེ་བཞིན་དུ་གཞན་ལའང་རྒྱ་ཆེར་བརྗོད་པར་བྱའོ། །ཀུན་རྫོབ་བདེན་པའི་ངོས་འཛིན་གྱི་ཤུགས་ལ་དོན་དམ་བདེན་པ་ངོས་བཟུང་བར་ནུས་ཀྱི། བདེན་གྲུབ་ཀྱི་ཚད་བཟུང་བར་ནུས་ཞེས་ཟེར་བ་ཆེས་བཞད་གད་ཀྱི་གནས་ཏེ། དེ་ལྟ་ན་བདེན་གྲུབ་ཀྱི་ལོག་ཕྱོགས་དེ་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་ཁས་བླངས་ཤིང༌། དེ་ལྟ་ན་ཀུན་རྫོབ་ཏུ་ཡོད་པ་དེ་དོན་དམ་དུ་ཐལ་བ་དང༌། ཀུན་རྫོབ་རྟོགས་པའི་བློ་དེ་དོན་དམ་རྟོགས་པའི་བློ་ཉིད་དུ་ཐལ་བར་འགྱུར་རོ། །ཀུན་རྫོབ་ཏུ་ཡོད་པའི་དངོས་འགལ་གྱིས་གཏན་མེད་ཙམ་ཞིག་ངོས་བཟུང་བར་ནུས་ཀྱི། བདེན་གྲུབ་ཀྱི་ཚད་ཇི་ལྟར་འཇོག་ནུས། བདེན་གྲུབ་ཀྱི་དངོས་འགལ་གྱིས་བདེན་མེད་བཞག་པར་ནུས་ཀྱི། ཀུན་རྫོབ་ཏུ་ཡོད་པ་ཇི་ལྟར་བཞག་ནུས། དེའི་ཕྱིར་དོན་དམ་བདེན་པའི་ལོག་ཕྱོགས་ཀྱིས་བདེན་གྲུབ་ཀྱི་ཚད་བཤད་ན་ཅུང་ཟད་འབྲེལ་བར་འགྱུར་གྱི། ཀུན་རྫོབ་བདེན་པའི་ལོག་ཕྱོགས་ལ་བདེན་ཚད་འཆད་པ་ནི་ཆེས་ཤིན་ཏུ་མི་རིགས་པའི་བརྡོལ་གཏམ་ལ་བླུན་པོ་དག་ཅི་དགར་འཇུག་པའོ། །གཉིས་པ་ལུང་དེའི་དགོངས་པ་བཤད་པ་ནི། གལ་ཏེ་ཀུན་རྫོབ་ཏུ་ཡོད་པའི་ཚད་བཤད་པའི་ཤུགས་ཀྱིས་བདེན་ཚད་བཟུང་བར་ནུས་ན་ཡང༌། བཅོས་མར་གྱུར་པའི་དངོས་ནི་ཞེས་སོགས་ལ་འགྲིག་པར་འགྱུར་གྱི། དབུ་མ་སྣང་བའི་གཞུང་གི་ཕྱོགས་ལ་མི་འགྲིག་ཏེ། འདི་ལྟར་དབུ་མ་སྣང་བའི་གཞུང་དེས་ནི། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་ངོས་འཛིན་པ་ཡིན་གྱི། ཀུན་རྫོབ་ཙམ་དུ་ཡོད་པ་ངོས་མི་འཛིན་པར་སྣང་བའི་ཕྱིར། དེ་ལྟར་ཡང་དབུ་མ་སྣང་བ་ཉིད་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང༌། དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི། ཀུན་རྫོབ་ཅེས་བྱ་སྟེ། དེའམ་འདིས་དེ་ཁོ་ན་ཉིད་བསྒྲིབ་པ་ལྟ་བུར་བྱེད། འགེགས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེ་སྐད་དུ། མདོ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་འབྱུང་བའི་ཕྱིར། དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི། ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བ་ཡིན་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པའི་དངོས་པོའི་བདག་ཉིད་ལྟ་བུ་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ན་ཞེས་བྱའོ། །ཞེས་གསུངས། འདིའི་དོན་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་དང་གསུམ། དང་པོ་ནི་དངོས་པོ་བདེན་པར་འཛིན་པ་ནི་ཀུན་རྫོབ་བམ་སྒྲིབ་བྱེད་ཅེས་གསུངས་ཏེ། དེ་ཁོ་ན་ཉིད་དོན་དམ་མཐོང་བ་ལ། སྒྲིབ་བར་བྱེད་པའི་ཕྱིར། ཞེས་ཤེས་བྱེད་ཀྱི་ལུང་དང་བཅས་ཏེ་སྟོན་པ་ནི། དངོས་པོ་ནས། གསུངས་སོའི་བར་རོ། །བདེན་འཛིན་དེས་བདེན་པར་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཆོས་ཅན། ཀུན་རྫོབ་པ་ཁོ་ན་ཞེས་བྱ་སྟེ། ཀུན་རྫོབ་བདེན་འཛིན་དེ་ལས་བྱུང་བའི་ཕྱིར་ཞེས་སྟོན་པ་ནི། དེ་ལས་འབྱུང་བའི་ཕྱིར་ནས། ཁོ་ན་ཡིན་ཞེས་བྱ་བའི་བར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། སྒྲིབ་བྱེད་ཀྱི་ཀུན་རྫོབ་དེ་ཡང་གང་ལས་བྱུང་ཞེ་ན། བདེན་འཛིན་ཆོས་ཅན། ཀུན་རྫོབ་ཡིན་ཏེ། ཐོག་མ་མེད་པའི་བག་ཆགས་སྨིན་པ་ལས་བྱུང་བའི་ལྷན་སྐྱེས་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཡང་ནས། བྱུང་བའི་བར་རོ། །དེ་འདྲའི་བདེན་འཛིན་ཆོས་ཅན། ཁྱོད་ལ་བདེན་པར་སྣང་བའི་དངོས་པོ་དེ་ཁྱོད་ཀྱིས་བྱས་པ་ཡིན་ཏེ། ཁྱོད་ཀྱིས་དེ་ལ་ཕན་བཏགས་སྟོབས་ཀྱིས་དེ་ཁྱོད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཞེས་བསྟན་པ་ནི་དེས་ཀྱང་ནས། མཐོང་སྟེའི་བར་རོ། །དོན་བསྡུ་བ་ནི་བདེན་པར་མེད་བཞིན་དུ་སྲོག་ཆགས་དེའི་བསམ་པ་བདེན་འཛིན་གྱི་དབང་གིས་བདེན་པར་སྣང་བའི་དངོས་སོ། །རྫུན་པ་ཐམས་ཅད་ནི་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པ་ཁོ་ནའམ། ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། བདེན་འཛིན་གྱི་དབང་གིས་བདེན་གྲུབ་ཏུ་བཞག་པའི་ཆོས་ཅན་བརྫུན་པ་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་ཞེས་སོགས་སོ། །ཡང་ན་རྒྱས་པར་བཤད་པ་དང༌། དོན་བསྡུ་བ་གཉིས་སུ་འབྱེད་དོ། །དེ་དག་གི་བསམ་པ་ཞེས་པ་དེ་བདེན་འཛིན་ལ་མི་བྱ་བར་སྲོག་ཆགས་ཀྱི་བློ་ཙམ་ལ་བྱས་ན་མི་འགྲིག་ཅིང༌། ཁྱད་པར་བློ་གནོད་མེད་ལ་བྱེད་པ་ཤིན་ཏུ་མི་འགྲིག་སྟེ། འདི་ལྟར་དེ་དག་གི་བསམ་པ་ཞེས་པ་ནི་དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པའི་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཞེས་པའི་མཐོང་མཁན་དེ་ཉིད་ཡིད་ལ་བདེན་པར་སྣང་བའི་བློ་ཉིད་ལ་བྱ་དགོས་པའི་ཕྱིར། བློ་ཙམ་ལ་བྱས་ན་དེའི་ཞེས་པ་མ་འབྲེལ་བར་འགྱུར་བའི་ཕྱིར་དང༌། བསམ་པ་བློ་ཙམ་ལ་བྱེད་ན་སྔ་མ་ཡང་བློ་ཙམ་ལ་བྱེད་དགོས་ལ། དེ་ལྟ་ན་རྟོག་མེད་ཀྱི་ཤེས་པ་ལ་རྟགས་ཀྱི་དགག་བྱ་མི་སྣང་བར་འདོད་པ་དང་འགལ་བའི་ཕྱིར། འདིར་བསྟན་གྱི་བསམ་པ་དེ་སྣང་བས་ཐ་སྙད་དུ་ཡོད་པར་བཞག་ནུས་ན་བདེན་གྲུབ་ཀྱང་ཐ་སྙད་དུ་ཡོད་པར་འགྱུར་རོ། །བསམ་པ་དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ལས་བྱུང་བར་བཤད་པའི་ཕྱིར་བློ་གནོད་མེད་དུ་ཇི་ལྟར་རུང༌། བདེན་འཛིན་ཡང་བློ་གནོད་མེད་དུ་འདོད་ན་ནི་བདེན་གྲུབ་ཡིན་ན་བློ་གནོད་མེད་ལ་མི་སྣང་མི་དགོས་པར་ཐལ་ལོ། །གཞན་ཡང་གཞུང་ཕྱི་མས་ཀུན་རྫོབ་ཏུ་ཡོད་ཙམ་ངོས་འཛིན་པ་ཡིན་ན་ནི། དེ་ལས་བྱུང་བའི་ཕྱིར། དེས་བསྟན་པ་ཞེས་སོགས་ཀྱང་ཀུན་རྫོབ་ཏུ་ཡོད་ཙམ་ངོས་འཛིན་པར་འགྱུར་ཞིང༌། འདོད་ན་ཁས་བླངས་པ་དང་རིགས་པ་དང་འགལ་བ་ཡིན་ནོ། །དེ་ལྟར་གཞན་གྱི་ལུགས་མི་འཐད་པ་དེའི་ཕྱིར། ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་ཀྱི་གཟུང་བྱ་གང་ཡིན་པ་དེ་ནི། རྟགས་ཀྱི་དགག་བྱར་བཟུང་བ་ཡིན་ནོ། །འདིའི་ལུང་དང་རིགས་པ་ནི་འཆད་པར་འགྱུར་རོ། །གང་ཡང་ཁྱེད་ཀྱིས་བདེན་འཛིན་ལྷན་སྐྱེས་སུ་འདོད་པ་འདི་ནི། གང་དག་དུད་འགྲོའི་སྐྱེ་གནས་སུ་ཡུན་དུ་ལོན་པ་དེ་དག་ཇི་ལྟར་ཡོད་དེ། དེ་དག་གིས་ནི་རང་རང་གི་བློའི་ཡུལ་དེ་རྣམས་བློ་ལ་སྣང་བའི་དབང་གིས་བཞག་མ་བཞག་གི་སྤྲོས་པ་མེད་པར་རང་བཞིན་གྱིས་གྲུབ་པར་བཟུང་བའི་ཕྱིར། གཞན་ཡང་ཁྱོད་ཀྱིས་ལྟར་ན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་གྲུབ་པ་དེ་བདེན་ཡོད་ཀྱི་ཚད་དུ་བཞེད་རིགས་པར་འགྱུར་ཏེ། དབུ་མ་སྣང་བ་ལས་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི། འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པའོ། །ཞེས་བཤད་པར་འགྱུར་རོ་ཞེས་གསུངས་པས། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་སྐྱེ་བ་མ་གྲུབ་པ་དེ་ལ་དོན་དམ་པར་སྐྱེ་བ་མེད་པའི་ཚད་དུ་བཤད་པའི་ཕྱིར། ཅི་སྟེ་དོན་དམ་དུ་ཡོད་དོ། །ཞེས་པའི་དོན་འདི་ལ་གཉིས་སུ་བྱ་དགོས་ཏེ། རིགས་ཤེས་དོན་དམ་དུ་བྱས་པ་དང༌། བདེན་པ་དོན་དམ་དུ་བྱས་པ་གཉིས་ལས། དང་པོའི་དབང་དུ་བྱས་པའི་དོན་དམ་དང༌། དེའི་ངོར་གྲུབ་པ་གཉིས་ཀ་སྲིད་ལ། ཕྱི་མའི་དབང་དུ་བྱས་པའི་དོན་དམ་དང༌། དེར་གྲུབ་པ་གཉིས་ཀ་མི་སྲིད་དོ། །ཞེས་སྨྲ་བར་བྱེད་དོ། །དེ་ལྟ་ན་ཤེས་བྱ་ཆོས་ཅན། དོན་དམ་པར་གྲུབ་པ་ཅིག་སྲིད་པར་ཐལ། དོན་དམ་ལ་འཇོག་མཚམས་གཉིས་ཡོད་པའི་དོན་དམ་དང་པོའི་དབང་དུ་བྱས་པའི་དོན་དམ་དང༌། དེར་གྲུབ་པ་གཉིས་ཀ་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དོན་དམ་གྱི་འཇོག་མཚམས་གཉིས་ཀ་དོན་མཐུན་དུ་ཁས་བླངས་པའི་ཕྱིར། འདོད་ན་དོན་དམ་པར་ཡོད་པ་ཐལ་རང་གཉིས་ཀའི་སྐབས་སུ་རྟགས་ཀྱི་དགག་བྱར་འདོད་པ་ཉམས་སོ། །ཞེས་པ་འདི་ཡང་བརྗོད་པར་བྱའོ། །ཡང་འདི་སྐད་དུ། རྟོག་པས་སྒྲོ་མ་བཏགས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་དེ་ཐལ་འགྱུར་བའི་ལུགས་ཀྱི་བདེན་ཚད་དང༌། དེ་ལྟར་འཛིན་པའི་བློ་དེ་བདེན་འཛིན་ལྷན་སྐྱེས་ཞེས་བཞག་དགོས་པ་ཡིན་ཏེ། དེའི་ཚུལ་ཡང་འདི་ལྟར་ཉེ་བ་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལ་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །ཞེས་ཆོས་རྣམས་རྟོག་བཏགས་སུ་བསྟན། རིགས་པ་དྲུག་ཅུ་པ་ལས་ཀྱང༌། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང༌། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་པ་རྩ་འགྲེལ་དང༌། བརྒྱ་པར། རྟོག་པ་མེད་པར་འདོད་ཆགས་ལས། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ་ཞེས་ཐག་པ་ལ་སྦྲུལ་ལོ་སྙམ་པ་འབྱུང་བ་དེའི་ཚེ་ཐག་པའི་སྟེང་དུ་སྦྲུལ་མེད་ཀྱང་དེའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་ཡིན་པ་དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་བྱུང་བ་ན། ཕུང་པོའི་སྟེང་ན་ངའི་མཚན་གཞི་འཛིན་རྒྱུ་མེད་ཀྱང༌། ང་དེ་ནི་རྟོག་པས་ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་ཏེ། དེ་སྐད་དུ་ཡང་རིན་ཆེན་ཕྲེང་བར། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང༌། །ཞེས་སོ། །དེ་ལྟར་གང་ཟག་རྟོག་པས་བཞག་ལུགས་ཤེས་པ་ན། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློ་སྦྱར་བྱ། །ཞེས་དང༌། འཕགས་པ་སྡུད་པ་ལས་ཀྱང༌། བདག་ཇི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། ཞེས་དང༌། རིན་ཆེན་ཕྲེང་བར། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེར་ཡང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསལ་བར་གསུངས་སོ། །དེ་ལྟ་ན་ཡང་བུམ་སོགས་དང་ཐག་པའི་སྦྲུལ་གཉིས་ཐ་སྙད་དུ་ཡོད་མེད་དང༌། བྱ་བ་བྱེད་མི་བྱེད་སོགས་རྣམ་པ་ཀུན་དུ་མི་མཚུངས་སོ། །དེ་ལྟ་ན་རིན་ཆེན་ཕྲེང་བར། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །རྣམ་ཤེས་འབྱུང་བ་ལྟ་བུ་སྟེ། །བདག་བཞིན་དུ་ནི་བསམ་བྱ་སྟེ། །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །ཞེས་དང༌། ཐ་སྙད་གདགས་པ་མ་གཏོགས་ཕྱིར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་པ་ལྟར་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་དུ་རྣམ་པར་གནས་སོ། །དེ་ལྟར་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་མ་ཡིན་པའི་ཡོད་པར་འཛིན་པ་ནི། བདེན་འཛིན་ལྷན་སྐྱེས་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་སྤྲོ་བར་བྱེད་དོ། །འདི་བརྟག་པར་བྱ་བ་ལ་གཉིས་ཏེ། གཞན་ཕྱོགས་སུན་དབྱུང་བ་དང༌། རང་གི་འདོད་པ་བཞག་པའོ། །དང་པོ་ལ་གསུམ་ཏེ། རིགས་པ་དང་འགལ་བར་བསྟན། ཁས་བླངས་ནང་འགལ་བར་བསྟན། ལུང་དོན་ལོག་པར་བཤད་པ་ཉིད་བསྟན་པའོ། །དང་པོ་ལ་ཧ་ཅང་ཐལ་བ་ནི། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་དང༌། ཐོ་ཡོར་ལ་མིར་འཛིན་པ་དང༌། རི་བོང་གི་མགོ་ལ་རྭ་ཡོད་པར་འཛིན་པ་སོགས་ཇི་སྙེད་པ་ཀུན་ཀྱང་རང་རང་གི་ཞེན་ཡུལ་ལ་ལྟོས་ཏེ། བདེན་པར་འཛིན་པའི་བློ་ལྷན་སྐྱེས་སུ་ཧ་ཅང་ཐལ་བར་འགྱུར་ཏེ། དེས་ཀྱང་སྦྲུལ་དང༌། མི་དང༌། རྭ་ལ་སོགས་པ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པར་ཡུལ་གྱི་སྡོད་ལུགས་ལ་ཡོད་པར་འཛིན་པའི་ཕྱིར། དེ་ལྟ་མ་ཡིན་ན། དེ་དག་གི་རང་རང་གི་ཞེན་ཡུལ་དེ་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཙམ་ཉིད་དུ་ཤེས་པས། རང་ཉིད་རང་གིས་འཁྲུལ་པ་ཉིད་དུ་ཁོང་དུ་ཆུད་པར་འགྱུར་རོ། །ཅི་སྟེ་དེ་དག་གི་རང་རང་གི་ཞེན་ཡུལ་དེ་རྣམས་རྟོག་པས་བཏགས་པ་ཙམ་དུ་ཡང་མ་བཟུང༌། རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡང་མ་བཟུང་ངོ་སྙམ་ན། དེ་ཡང་མ་ཡིན་ཏེ། དེ་དག་གི་རང་གི་ཞེན་ཡུལ་དེ་དག་རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་བཟུང་བ་སྟེ། དེ་དག་གིས་དེ་དག་རྣམས་ཡུལ་གྱི་སྡོད་ལུགས་སུ་གྲུབ་པར་བཟུང་བའི་ཕྱིར། དེར་མ་ཟད་ཀྱི་ཚུར་མཐོང་གི་རྒྱུད་ཀྱི་བུམ་པ་ཡོད་པར་འཛིན་པ་དང༌། འདི་ནི་གཟུགས་སོ་འདི་ནི་སྒྲའོ་སྙམ་པ་སོགས་ཇི་སྙེད་པ་ཀུན་ཀྱང་བུམ་པ་དང་གཟུགས་སོགས་ལ་ལྟོས་པའི་བདེན་འཛིན་ལྷན་སྐྱེས་སུ་ཐལ་བར་འགྱུར་ཏེ། མཚན་ཉིད་དེ་ཞུགས་པའི་ཕྱིར་རོ། །དེར་ཐལ། བུམ་པ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་སྣང་བ་གང་ཞིག་བུམ་པ་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་སྣང་བའི་ཕྱིར། རྟགས་སྔ་མ་ནི་ཕྱི་མས་གྲུབ་བོ། །ཕྱི་མ་ནི་འཇིག་རྟེན་ཐ་མལ་པའི་ཐ་སྙད་བྱེད་པའི་རྟོག་པ་ཐམས་ཅད་ཀྱི་མྱོང་བས་གྲུབ་བོ། །གང་ཡང་རྟེན་འབྲེལ་སྣང་ཚོགས་སུ་སྣང་བ་ཙམ་འདི་ཆོས་ཅན། བདེན་གྲུབ་ཏུ་ཐལ། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པའི་ཡོད་པ་ཡིན་པའི་ཕྱིར་ཏེ། ཡུལ་གྱི་སྡོད་ལུགས་སུ་གྲུབ་པའི་ཕྱིར། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ཡུལ་གྱི་སྡོད་ལུགས་ལ་མ་གྲུབ་ན་དེ་ཡུལ་གྱི་གནས་ཚུལ་མ་ཡིན་དགོས་ལ། རྟེན་འབྲེལ་ཡུལ་གྱི་གནས་ཚུལ་མ་ཡིན་ན། རྟེན་འབྲེལ་མཐོང་བའི་བློ་དེ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་འགྱུར་ཞིང༌། དེ་ལྟ་ན། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་སོགས་དང་ཇི་ལྟར་མི་འགལ། སྣང་བ་ཙམ་ཡང་ཡུལ་གྱི་སྡོད་ལུགས་ལ་མེད་ན་ཆད་པའི་མཐའ་ཉིད་དུ་ལྟུང་བར་འགྱུར་རོ། །འཁོར་བ་རྒྱུ་འབྲས་མ་ལུས་པ་དང༌། ཐར་པ་རྒྱུ་འབྲས་མ་ལུས་པ་དང༌། ཁྱད་པར་དུ་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་དང༌། ཚུལ་ཁྲིམས་ལས་མཐོ་རིས་དང༌། ཐབས་ཤེས་ཁྱད་པར་ཅན་ཉམས་སུ་བླངས་པ་ལས་སངས་རྒྱས་འབྱུང་བ་སོགས་མ་ལུས་པ་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་གྱི་སྡོད་ལུགས་ལ་དེ་འདྲ་གཞི་མ་གྲུབ་ན། དེ་ལས་ལོགས་སུ་སྐུར་འདེབས་ཀྱི་ལྟ་བ་ཞེས་བྱ་བ་བཙལ་དུ་ག་ལ་ཡོད། གཞན་ཡང་གྲོལ་བ་དོན་གཉེར་རྣམས་ཀྱི་ལས་རྒྱུ་འབྲས་སོགས་ཡོད་པར་མཐོང༌། འདི་ལས་འབྲས་བུ་འདི་འབྱུང་ངོ༌། །ཞེས་རྟོགས་པས་རློམ་པ་ཙམ་གྱིས་ཆོག་པ་ཉིད་དུ་འགྱུར་གྱི། ལུས་ངག་ཡིད་གསུམ་གྱི་སྦྱོར་བ་དྲག་པོས་དེ་དག་གི་བླང་དོར་ལ་ཚུལ་བཞིན་དུ་འཇུག་མི་དགོས་པར་འགྱུར་ཏེ། དེ་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་ཡིན་གྱི་ཡུལ་གྱི་སྣོད་ལུགས་ལ་གཞི་མ་གྲུབ་པའི་ཕྱིར། གཞན་ཡང་བུམ་པ་བདེན་སྟོང་ཆོས་ཅན། བདེན་གྲུབ་ཏུ་ཐལ་བ་དང༌། བདེན་འཛིན་ཀུན་བཏགས་ལྷན་སྐྱེས་སུ་ཐལ་བ་ཡང་འཕེན་ཏེ། རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པའི་ཕྱིར་ཏེ། ཡུལ་གྱི་གནས་ལུགས་ཀྱི་ངོ་ནས་གྲུབ་པའི་ཕྱིར། དེ་ཡང་འདི་ལྟར་ཆོས་ཅན། བུམ་པའི་སྟེང་དུ་བདེན་པར་གྲུབ་པར་ཐལ། བུམ་པའི་སྟེང་དུ་རྟོག་པས་སྒྲོ་བཏགས་པ་མ་ཡིན་པར། བུམ་པ་དེ་རང་གི་སྡོད་ལུགས་ཀྱི་ངོ་ནས་ཁྱོད་གྲུབ་པའི་ཕྱིར་ཏེ། བུམ་པའི་གནས་ཚུལ་ཡིན་པའི་ཕྱིར། གནས་ཚུལ་དང་སྡོད་ཚུལ་གྱི་ཁྱད་པར་མི་འདྲ་བ་ཁྱེད་ཀྱིས་བསྟན་དགོས་སོ། །གཞན་ཡང་ཁྱེད་ཀྱིས་འདོད་པའི་རྟོག་པའི་མ་རིག་པ་དེས་བུམ་པའི་གནས་ཚུལ་དུ་སྒྲོ་བཏགས་པ་མ་ཡིན་པའི་བུམ་པའི་གནས་ཚུལ་དུ་གྲུབ་པ་ཞིག་ཡོད་དམ་མེད། ཡོད་ན་ནི་རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་ཞིག་ཡོད་པར་འགྱུར་རོ། །སྔ་མ་དེ་མེད་ན་ནི། བུམ་པ་བདེན་གྲུབ་ལས་གཞན་པའི་བུམ་པའི་གནས་ལུགས་མེད་པའི་ཕྱིར། བུམ་པ་བདེན་སྟོང་བུམ་པའི་གནས་ལུགས་མ་ཡིན་པར་འགྱུར་རོ། །དེར་མ་ཟད་ཀྱི་ཡང་དག་པར་ཡོད་པ་དང༌། དོན་དམ་པར་ཡོད་པ་དེ་ཁོ་ན་ཉིད་དུ་གྲུབ་པ་ཞེས་བྱ་བ་བདེན་གྲུབ་དང་ཁྱབ་མཉམ་དུ་འདོད་པ་འདི་ལ་ཡང་བརྟག་ཅིང་བརྒལ་བར་བྱ་བ་མང་དུ་ཡོད་དོ། །དེ་ཐམས་ཅད་ལ་དོན་དམ་པའི་བདེན་པར་བཟུང་བ་མཐའ་དག་གིས་མ་ངེས་པའི་ཕྱིར་རོ། །འདི་ལྟར་བུམ་པ་བདེན་པས་སྟོང་པའི་སྟོང་ཉིད་ཆོས་ཅན། ཡང་དག་པར་ཡོད་པ་ཡིན་པར་ཐལ། ཡང་དག་པར་མཐར་ཐུག་དཔྱད་པའི་རིགས་ཤེས་ཀྱི་ངོར་ཡོད་པའི་ཕྱིར། དེ་ལ་དགོངས་ནས། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དོ། །ཞེས་གསུངས་སོ། །དོན་དམ་པར་ཡོད་པ་ཡིན་ཏེ། དམ་པའི་དོན་དུ་ཡོད་པའི་ཕྱིར་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་དུ་གྲུབ་པ་ཡིན་ཏེ། བུམ་པའི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། དེ་ལྟར་ན་ཡང་རང་བཞིན་གྱིས་གྲུབ་པ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །གཞུང་འགྲེལ་རྣམས་སུ་ཆོས་ཅན་ཀུན་རྫོབ་པ་རྣམས་ལ་དགོངས་ནས། སྟོན་པའི་སྐབས་སུ་ཡང་དག་པར་མེད་པ་དང༌། དོན་དམ་པར་མེད་པ་དང༌། དེ་ཁོ་ན་ཉིད་དུ་མེད་པ་ཞེས་གསུངས་པ་ཡིན་གྱི་དོན་དམ་པའི་བདེན་པ་རྣམས་མཚན་གཞིར་བཟུང་ནས། དེ་སྐད་དུ་སྟོན་པའི་སྐབས་མེད་ཅིང༌། དོན་དམ་བདེན་པ་འདི་མཚན་གཞིར་བཟུང་ནས་ཡང་དག་པར་ཡོད་པ་དང༌། དོན་དམ་པར་ཡོད་པ་དང༌། དེ་ཁོ་ན་ཉིད་དུ་གྲུབ་པར་སྟོན་པའི་སྐབས་ཤིན་ཏུ་མང་ངོ༌། །ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་སྟོན་པའི་དཔེ་དོན་ཡང་མི་འགྲིག་སྟེ། ཐག་པའི་སྟེང་ན་སྦྲུལ་མེད་བཞིན་དུ་བཏགས་པ་ལྟར་བུམ་པའི་སྟེང་ན་བུམ་པའི་ཆོས་ཉིད་ཀྱི་མཚན་གཞི་བཟུང་རྒྱུ་མེད་བཞིན་དུ་བཏགས་པར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟར་ན་ཐག་པའི་སྟེང་ན་སྦྲུལ་མེད་བཞིན་དུ་བཏགས་པ་དང༌། ཕུང་པོའི་སྟེང་ན་གང་ཟག་གི་བདག་མེད་བཞིན་དུ་བཏགས་པའི་ཚུལ་གྱིས་སྦྱར་ན་འགྲིག་པར་འགྱུར་གྱི། ཆོས་ཉིད་ལ་དེ་ལྟར་སྦྱོར་བ་ག་ལ་འགྲིག གཉིས་པ་ཁས་བླངས་དང་འགལ་བ་འབྱུང་ཚུལ་ཡང་བརྗོད་པར་བྱ་སྟེ། འོ་ན་བདེན་འཛིན་ཀུན་བཏགས་ཆོས་ཅན། བདེན་འཛིན་ལྷན་སྐྱེས་སུ་ཐལ། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། བདེན་འཛིན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་པ་མ་ཡིན་ནམ་སོམས་ཤིག སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། སྐྲ་ཤད་ལ་བདེན་འཛིན་གྱི་བློར་ཐལ། སྐྲ་ཤད་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་རྟགས་གྲུབ་སྟེ། རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །ཞེས་འབྱུང་བས་སོ། །ཚུར་མཐོང་གི་སྔོ་སྣང་དབང་ཤེས་ཆོས་ཅན། སྔོན་པོ་བདེན་པར་འཛིན་པའི་བློར་ཐལ། སྔོན་པོ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་སྔོན་པོ་ཡུལ་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར་ཏེ། སྔོན་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་གཉིས་ཀ་འདོད་མི་ནུས་པ་ནི། དབང་ཤེས་བདེན་འཛིན་དུ་འདོད་ན། ཁས་བླངས་དང༌། ལུང་རིགས་དང་འགལ་བ་ཡིན་ཏེ། བདེན་པར་འཛིན་པའི་བློ་ཡིན་ན་རྟོག་པ་ཡིན་དགོས་པའི་ཕྱིར་དང༌། སྔོ་འཛིན་ཤེས་སྒྲིབ་ཏུ་ཐལ་བ་དང༌། སྔོན་པོ་མེད་པར་རྟོགས་པའི་བློ་དེ་ཉིད་སྟོང་ཉིད་རྟོགས་པའི་བློར་ཐལ་ལོ། །གཞན་ཡང་ཁྱེད་ཅག་རྗེས་འབྲང་དང་བཅས་པ་རྣམས་ཚུར་མཐོང་གི་དབང་ཤེས་ལ་སྔོ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ངོ༌། །ཞེས་མགྲིན་གཅིག་ཏུ་སྒྲོགས་པར་བྱེད་པ་ནི། དབང་ཤེས་ལ་རྟགས་ཀྱི་དགག་བྱ་མི་སྣང་བར་འདོད་པའི་ཁས་བླངས་དང་འགལ་ཞིང་རིགས་པ་དང་ཡང་འགལ་ཏེ། སོ་སོ་སྐྱེ་བོའི་དབང་ཤེས་ལ་སྔོན་པོ་བདེན་གྲུབ་ཏུ་སྣང་བར་ཐལ་ཞིང༌། འདོད་ན་རྟོག་པར་སྣང་བར་ཐལ་ལོ། །ཡང་དེས་སྔོན་པོ་བདེན་པར་བཟུང་བར་ཐལ་ལོ། །ཡང་འཕགས་རྒྱུད་ཀྱི་སྔོ་སྣང་དབང་ཤེས་དེས་སྔོན་པོ་བདེན་མེད་དུ་བཟུང་བར་ཐལ་ཞིང༌། དེའི་འཁོར་གྱི་སེམས་བྱུང་ཤེས་རབ་དེ་བདེན་མེད་རྟོགས་པའི་ཤེས་རབ་ཏུ་ཡང་ཐལ་བར་འགྱུར་རོ། །བདེན་པར་སྣང་བ་དང་མི་སྣང་བ་ཞེས་པ་རྗེས་ཀྱི་བྱེད་ཀྱི། སངས་རྒྱས་དང་སོ་སོ་སྐྱེ་བོའི་ཤེས་པ་གཉིས་ཀ་ལ་དོན་གྱི་ངོ་བོ་སྣང་བ་ཙམ་ལ་ཁྱད་པར་མེད་དོ། །ཅི་སྟེ་སྣང་ན་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པའང་སྣང་དགོས་ཏེ། དེའི་ཚོགས་པ་ནི་ངོ་བོ་དབྱེར་མེད་དུ་ཡོད་པའི་ཕྱིར། འོན་ཀྱང་གཟུང་འཛིན་གཉིས་སུ་སྣང་བ་ཙམ་ནི་ཡིན་ནོ། །གཞན་ཡང་སྔོ་སྣང་དབང་ཤེས་ཆོས་ཅན། མེད་པ་གསལ་སྣང་ཅན་གྱི་ཤེས་པར་ཐལ། འདོད་ན་སྔོན་པོ་མེད་པར་ཐལ་ལོ། །ཁྱེད་ཀྱིས་ཚུར་མཐོང་གི་ཤེས་པ་ཐམས་ཅད་འཁྲུལ་ཤེས་སུ་ཁས་བླངས་པས། མངོན་སུམ་གྱི་ཚད་མའི་འཇོག་མཚམས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱི་ལུགས་ལས་རིང་དུ་བརྒལ་ཞིང་འཇིག་རྟེན་པའི་ཟག་པའི་རྣམ་བཞག་ཀུན་ཀྱང་བརླག་པར་འགྱུར་རོ། །དཔལ་ལྡན་རང་བཟོའི་འཇུག་ངོགས་ཉམས་དགའ་བར། །ཁས་བླངས་འགལ་འདུའི་རྒྱན་མང་རྣམ་བཀྲ་བའི། །ངུར་སྨྲིག་འཛིན་པའི་ཚོགས་ཆེན་འདི་མཐོང་ཚེ། །རྣམ་མང་སྐྱེ་བོའི་ཚོགས་ཀུན་དེར་སོང་མོད། །དཔལ་ལྡན་ཐོས་པའི་ནོར་དང་རབ་ལྡན་ཞིང༌། །རིགས་དང་རིགས་མིན་འབྱེད་པའི་རྣམ་དཔྱོད་ཅན། །ཡང་དག་རིང་ལུགས་ཚོལ་བའི་ཤེས་ལྡན་འགས། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །གསུམ་པ་ལུང་དོན་ལོག་པར་བཤད་པ་ཉིད་བསྟན་པ་ལ། གཞན་གྱིས་བཤད་ཚུལ་ལོག་པར་བསྟན་པ་དང༌། རང་གི་འདོད་ཚུལ་བསྟན་པའོ། །དང་པོ་ནི་ཉེ་བ་འཁོར་གྱིས་ཞུས་པའི་དོན་ནི། ཕྱི་ནང་གི་འཇིག་རྟེན་འདི་ལ་དབང་ཕྱུག་དང་གཙོ་བོ་ལ་སོགས་པའི་བྱེད་པ་པོ་རྟག་པ་ཡོད་པར་འདོད་པ་བཀག་ནས། རྟོག་པ་དེ་ལས་དང་ཉོན་མོངས་པ་གཉིས་མ་དག་པའི་འཇིག་རྟེན་གྱི་བྱེད་པ་པོར་སྟོན་པ་ཡིན་ལ། དེ་ཙམ་གྱིས་ཤེས་བྱ་མ་ལུས་པ་རྟོགས་པས་བཏགས་པ་ཙམ་དང༌། དེ་ཙམ་དུ་ཤེས་པས་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་ཤེས་པར་འགྱུར་ན་ནི། མཛོད་དུ། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཅེས་དང༌། རྣམ་འགྲེལ་ལས། བྱིན་རློབ་ཡོད་མེད་རྗེས་འཇུག་ཅན། །དབྱིབས་སོགས་ཅི་འདྲ་རབ་གྲུབ་པ། །ཞེས་སོགས་ལའང་ཧ་ཅང་ཐལ་བར་འགྱུར་རོ། །འདི་དང་རིགས་པ་དྲུག་ཅུ་པར། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །ཞེས་པ་གཉིས་ཀས་ཀྱང༌། འཇིག་རྟེན་དང་རྣམ་པར་རྟོག་པ་རྒྱུ་འབྲས་སུ་སྟོན་པ་ཡིན་གྱི་རྟོག་པས་སྒྲོ་བཏགས་སུ་སྟོན་པ་ག་ལ་ཡིན། ཆོས་དེ་རྟོག་པ་དེས་བྱས་པ་ཡིན་ན། ཆོས་དེ་རྟོག་པ་དེས་སྒྲོ་བཏགས་པར་ཡང་འགལ་ཏེ། མེད་པ་ཞིག་ཡོད་པར་བཏགས་པ་ལ་སྒྲོ་བཏགས་པ་དང༌། ཡོད་པ་མེད་པར་བཏགས་པ་ལ་བསྐུར་བ་འདེབས་པ་ཞེས་བྱ་བའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །འཇིག་རྟེན་དང་རྣམ་རྟོག་རྒྱུ་འབྲས་སུ་གྲུབ་པས། འཇིག་རྟེན་རྟོག་བཏགས་སུ་འགྲུབ་པ་དང༌། དེས་ཤེས་བྱ་ཐམས་ཅད་རྟོག་བཏགས་སུ་འགྲུབ་ན། ཤེས་བྱ་ཐམས་ཅད་རྟོག་པའི་སྐྱེན་ཅན་དུ་ཐལ་བར་འགྱུར་རོ། །ཅི་སྟེ་འགྲུབ་ཏུ་ཆུག་ན་ཡང༌། འདིའི་རྣམ་རྟོག་ནི་མ་རིག་པ་ལ་བྱེད་དགོས་པར་གསལ་ལ། ཆོས་ཐམས་ཅད་མ་རིག་པས་བཏགས་པར་འདོད་པའི་ཕྱིར། དེས་ན་ཆོས་རྣམས་ཀྱི་སྟེང་གི་བདེན་གྲུབ་ཙམ་དེ་རྟོག་པས་སྒྲོ་བཏགས་ཞེས་སྨྲར་རིགས་ཀྱི། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་ཡིན་ན། མེད་བཞིན་དུ་སྒྲོ་བཏགས་པ་ཡིན་པར་སོང་བས། སྐུར་པ་འདེབས་པའི་ལྟ་བར་ཐལ་ཆེས་སོ། །བཞི་བརྒྱ་པའི་ལུང་གི་དོན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་རྟོག་པ་མེད་པར་འདོད་ཆགས་མི་འབྱུང་བས་འདོད་ཆགས་སོགས་ཀྱི་ཡིད་དུ་འོང་མི་འོང་དུ་བཟུང་བ་དེ་ཡང༌། ཐག་པ་ལ་སྦྲུལ་མེད་བཞིན་དུ་བཏགས་པ་ལྟར་སྟོན་པ་ཡིན་གྱི། བུམ་སོགས་ཆོས་ཐམས་ཅད་རང་རང་གི་གདགས་གཞིའི་སྟེང་ན་མེད་བཞིན་དུ་བཏགས་སོ་ཞེས་སྟོན་པ་ཡིན་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཐག་ཁྲའི་སྦྲུལ་བཞིན་དུ་མེད་པར་ཁས་ལེན་དགོས་པར་འགྱུར་རོ། །རིན་ཆེན་ཕྲེང་བའི་ལུང་གི་དོན་ཡང༌། སྐྱེས་བུ་རང་གི་ཁམས་དྲུག་ཚོགས་ཙམ་ལ་བརྟེན་ནས་བཏགས་པ་དང༌། ཁམས་སོ་སོ་བ་རྣམས་ཀྱང་རང་གི་ཆ་ཤས་ལ་བརྟེན་ནས་བཏགས་པར་སྟོན་པ་ཡིན་གྱི། དེ་དག་རྟོག་པས་སྒྲོ་བཏགས་པར་སྟོན་པ་ག་ལ་ཡིན། འོན་ཀྱང་སའི་རྡུལ་ཚོགས་པ་ལ་ས་ཞེས་རྫས་གྲུབ་ཅིག་ཡོད་པར་རྟོག་པས་བཏགས་པར་ནི་མདོ་སྡུད་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་དོན་ཡང༌། ཉན་ཐོས་སོགས་ཀྱི་ངོར་ཐོག་མར་གང་ཟག་བཏགས་ཡོད་དུ་ངེས་པར་བྱེད་སླ་བས་དེ་ངེས་པར་བྱས་ནས། དེའི་རྗེས་སུ་ཆོས་ཐམས་ཅད་བཏགས་ཡོད་དུ་འཆད་ཚུལ་སྟོན་པ་ཡིན་ནོ། །དེ་ལྟར་ན་རྟོག་པས་མིང་དང༌། བརྡའ་དང༌། ཐ་སྙད་ཙམ་བཏགས་པ་ཡིན་ཞེས་སྨྲ་ན་སྨྲོས་ལ། ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཡིན་ཞེས་མ་སྨྲ་ཅིག དེས་ནི་རང་གི་ལུགས་ཀྱི་ལུང་དོན་ཡང་བཤད་པ་ཡིན་ནོ། །ཡང་ལུགས་འདིའི་རྗེས་སུ་འབྲང་བའི་བཤེས་གཉེན་ང་རྒྱལ་ཅན་ལ་ལ། རང་དབང་དུ་གྲུབ་པ་ཡང་བདེན་གྲུབ་དང་ཡིན་ཁྱབ་མཉམ་དུ་འདོད་པ་ནི་ཁས་བླངས་དང་རིགས་པ་དང་འགལ་ཏེ། འདི་ལྟར་གང་ཟག་རྟག་གཅིག་རང་དབང་ཅན་མ་ཡིན་པར་རྟོགས་ན། གང་ཟག་བདེན་མེད་དུ་རྟོགས་དགོས་པར་ཐལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བློ་དེ་གང་ཟག་ལ་བདེན་འཛིན་ཡིན་པའི་ཕྱིར་དང༌། བདག་པོའི་རྐྱེན་ཁས་ལེན་པ་དང་ཡང་འགལ་བ་ཡིན་ནོ། །རང་དབང་ཅན་དུ་འཛིན་པའི་རྟོག་པ་ཐམས་ཅད་བདེན་འཛིན་དུ་ཁས་ལེན་དགོས་ན། དེ་ཡང་མི་རིགས་ཏེ། འདོད་ཆགས་དང་ཞེ་སྡང་སོགས་རྩ་བ་དང་ཉེ་བའི་ཉོན་མོངས་པ་དང༌། སོ་སོ་སྐྱེ་བོའི་ཤེས་རབ་དང༌། སྦྱིན་པ་ལ་སོགས་པའི་ཡོན་ཏན་མ་ལུས་པ་དང༌། བུམ་འཛིན་རྟོག་པ་སོགས་ཀུན་བཏགས་ཀྱིས་མ་ངེས་སོ། །ངའོ་སྙམ་པ་དང༌། ང་ཡིའོ་སྙམ་པའི་བློ་མྱོང་བ་པ་བདེན་པར་ཞེན་པའི་ཞེན་སྟངས་མ་ཡིན་ལ། ང་དང་ང་ཡི་བའི་ཞེན་སྟངས་འདི་ཡང་བདེན་འཛིན་ལྷན་སྐྱེས་སུ་འགྱུར་ཏེ། ཁྱེད་རང་འདོད་པའི་མཚན་ཉིད་འདི་རྗེས་སུ་ཞུགས་པའི་ཕྱིར། ཞེས་པ་འདི་ཡང་རྗེས་སུ་བརྗོད་པར་བྱའོ། །གཉིས་པ་རང་ལུགས་ཀྱི་དགག་བྱའི་ཚད་བཤད་པ་ནི། ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པ་ཡང་བདེན་འཛིན་གྱི་འཛིན་སྟངས་ལས་འབྱུང་མོད། དེ་ཙམ་གྱིས་དགག་བྱའི་ཚད་ཡོངས་སུ་རྫོགས་པ་མ་ཡིན་པ་དེ་བས་ན་འདི་ལྟར་ཤེས་པར་བྱ་སྟེ། བདེན་པར་གྲུབ་པའི་ཚད་ནི། བདེན་པར་ཞེན་པའི་བློའི་ཞེན་སྟངས་ཀྱི་གཟུང་བྱ་མྱོང་བས་གྲུབ་པ་འདི་ཉིད་ཡིན་ལ། བུམ་པ་ལྟ་བུ་ལ་བརྟེན་ནས་བཏགས་པ་མ་ཡིན་པར་རང་གི་ངོ་བོ་རང་བཞིན་གྱི་ཚུགས་ཐུབ་ཏུ་ཡོང་བ་ལྟ་བུར་སྣང་བ་གང་ཡིན་པ་དེ་ལ་བྱ་སྟེ། བརྟག་པ་མཐའ་བཟུང་བའི་ཚུལ་གྱིས་རང་བཞིན་ཞེས་བྱ་སྟེ། སློབ་དཔོན་གྱིས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོགས་དང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར་ཞེས་དང༌། བཞི་བརྒྱ་པའི་འགྲེལ་པར། དེ་ལ་བདག་ཅེས་བྱ་བ་ནི་རང་བཞིན་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཞེས་འབྱུང་བ་ལྟར་རོ། །དེ་ལྟར་ཞེན་པའི་བློ་གང་ཡིན་པ་དེ་ལ། བདག་འཛིན་ནམ་བདེན་འཛིན་ཞེས་བྱ་ཞིང༌། དེ་ལའང་གཉིས་ཏེ། བདག་ཏུ་འཁྲུལ་བའི་གཞི་རང་རྒྱུད་ཀྱི་ཕུང་པོའི་སྟེང་དུ་ང་ཙམ་མམ། གང་ཟག་ཙམ་མམ། སེམས་ཅན་ནམ་བྱེད་པ་པོ། །ཤེས་པ་པོ། །མཐོང་བ་པོ། །ཚོར་བ་པོ་ཞེས་ཐ་སྙད་བྱེད་པའི་རྟོག་པ་འཁྲུལ་བས་བཏགས་པ། བཏགས་དོན་བཙལ་ན་གང་ཡང་མི་རྙེད་པ་ཅིག་རྟོག་ངོར་སྣང་བ་དེ་ལ་རང་བཞིན་གྱིས་གྲུབ་པར་བཟུང་ནས་ངའོ་སྙམ་པའི་བློ་གང་ཡིན་པ་དེ་ལ་ནི། གང་ཟག་གི་བདག་ཏུ་འཛིན་པ་ཞེས་བྱ་ཞིང༌། ཤིང་རྟ་ལྟ་བུའི་ཡན་ལག་རྣམས་ཚོགས་ཙམ་འདི་འཁྲུལ་གཞིར་བཟུང་ནས། ཤིང་རྟ་ཞེས་སམ། ཡན་ལག་ཅན་ནམ། ཉེ་བར་ལེན་པ་པོ་ཞེས་རྟོག་པ་འཁྲུལ་པས་བཏགས་པ། བཏགས་དོན་རིགས་ཤེས་ཀྱིས་བཙལ་ཙམ་ན་ཡེ་མི་རྙེད་པ། མ་བརྟགས་པ་ཐ་སྙད་བྱེད་པའི་རྟོག་པ་ལ་སྣང་བ་འདི་དམིགས་པར་བྱས་ནས། དེ་ངོ་བོ་ཉིད་ཀྱིས་གྲུབ་པར་བཟུང་ནས་འདི་ནི་ཤིང་རྟའོ་སྙམ་པའི་བློ་ངང་གིས་སྐྱེ་བ་འདི་ཉིད་ལ་ཆོས་ཀྱི་བདག་འཛིན་ཞེས་བྱའོ། །བློའི་འཛིན་ཚུལ་ནི་དེ་ཙམ་ཞིག་མྱོང་བས་འགྲུབ་ལ། ང་བདེན་པར་གྲུབ་བོ་སྙམ་པ་དང༌། ཤིང་རྟ་འདི་ནི་བདེན་པར་གྲུབ་བོ་སྙམ་པའི་བློ་མི་འབྱུང་བར་མྱོང་བས་འགྲུབ་ལ། གལ་ཏེ་འབྱུང་ན་ཡང་དེ་འདྲ་དེ་ཀུན་བཏགས་སུ་སོང་གི འདི་གཉིས་ནི་ཉེས་པ་མཐའ་དག་གི་རྩ་བ་སྟེ། འདི་ལ་བརྟེན་ནས་ཉོན་མོངས་ཤེས་བྱའི་སྒྲིབ་པ་མ་ལུས་པ་འབྱུང་བའི་ཕྱིར། ངར་འཛིན་ལྷན་སྐྱེས་སུ་ཇི་ལྟར་འགྱུར། ཇི་སྐད་དུ། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །གང་དག་དུད་འགྲོར་བསྐལ་མང་བརྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་འབྱུང་བ་ལྟར་རོ། །འོན་ཀྱང་རྩོད་ངོར་ཐ་སྙད་བདེ་བའི་ཕྱིར་དམིགས་པ་གང་ཟག་དང༌། ཆོས་ལ་དམིགས་ནས་བདེན་པར་བཟུང་བ་ཡིན་ནོ། །ཞེས་བརྗོད་ན་མི་འགལ་ཏེ། དོན་གྱི་ཕུགས་ན་དེ་ལྟར་གནས་པའི་ཕྱིར་རོ། །དེ་རེ་རེ་ལ་ཡང་ཀུན་བཏགས་དང་ལྷན་སྐྱེས་གཉིས་གཉིས་སུ་ཡོད་དེ། ཀུན་བཏགས་ནི་གྲུབ་མཐའ་ངན་པའི་འཐད་པ་སྔོན་དུ་བཏང་ནས་སྔ་མ་ལྟར་ཞེན་པ་ཡིན་ལ། གཉིས་པ་ལྷན་སྐྱེས་ནི་གྲུབ་མཐས་བློ་བསྒྱུར་བ་ལ་མ་ལྟོས་པར་སྔ་མ་ལྟར་ཞེན་པའོ། །དེ་ལྟ་བུའི་བདག་འཛིན་འགོག་པ་ཡང༌། རང་རང་གི་ཞེན་ཡུལ་བཀག་པའི་སྒོ་ནས་འགོག་དགོས་ལ། དེ་ཡང་གང་ཟག་གི་བདག་ཏུ་འཛིན་པའི་ཞེན་ཡུལ་ནི། ངའོ་སྙམ་པའི་ཞེན་སྟངས་ཀྱི་གཟུང་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ཡིན་ལ། དེ་ཡུལ་གྱི་གནས་ཚུལ་ལ་མེད་པར་ཤེས་ན། གང་ཟག་གི་བདག་འཛིན་ངང་གིས་བཟློག་པར་འགྱུར་ལ། དེ་ལྟར་ཤེས་པ་ལ་རང་རྒྱུད་པ་ལྟར་ན་གང་ཟག་གི་བདག་ཏུ་འཁྲུལ་བའི་གཞི་རང་རྒྱུད་ཀྱི་ཕུང་པོ་འདི་མི་རྟག་སྡུག་བསྔལ་སྟོང་བདག་མེད་དུ་ཤེས་པ་ལ་བརྟེན་ནས་ཤེས་པར་འགྱུར་ཏེ། མི་རྟག་སྡུག་བསྔལ་བདག་མེད་གསུམ་ཤེས་པས་ཕུང་པོ་བདག་མ་ཡིན་པར་རྟོགས་ནུས། སྟོང་པར་རྟོགས་པས་དོན་གཞན་དུ་གྱུར་པའི་བདག་མེད་པར་རྟོགས་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གཟུགས་ལ་སོགས་པའི་ཆོས་ལ་མི་རྟག་པ་ལ་སོགས་པའི་རྟེན་ཅན། འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ཞེས་སོ། །དཔལ་ལྡན་ཟླ་བའི་ཞབས་ཀྱི་བཞེད་པ་ལྟར་ན། རང་རྒྱུད་ཀྱི་ཕུང་པོའི་སྟེང་དུ་ང་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ལ། གདགས་གཞི་ཕུང་པོ་རང་བཞིན་མེད་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང༌། དེ་ལ་ཡང་ཕྱི་དང་ནང་དང་གཉིས་ཀ་སྟོང་པ་ཉིད་གསུམ་རྟོགས་པ་ངེས་པར་སྔོན་དུ་འགྲོ་དགོས་ལ་མ་རིག་པ་ལྟ་བུ་རང་བཞིན་མེད་པར་རྟོགས་པ་ལ། དེ་སྒྲུབ་པའི་རིགས་པ་ཤེས་དགོས་ཤིང་དེ་ཡང་ཐེག་པ་དམན་པའི་རིགས་ཅན་རྣམས་ཀྱིས་ནི་རིགས་པས་བསྒྲུབ་པ་ཙམ་དང༌། ཐེག་ཆེན་གྱི་རིགས་པའི་སྒོ་རྒྱས་པ་ལ་བརྟེན་ནས་ཁོང་དུ་ཆུད་དགོས་པར་བཞེད་དེ། ཇི་སྐད་དུ། བདག་མེད། །རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །ཞེས་སོགས་དང༌། ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེས་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུངས་སོ། །ཆོས་ཀྱི་བདག་འཛིན་འགོག་པའི་ཚུལ་ནི་ཐལ་རང་གཉིས་ཀ་མཐུན་པས། གཅིག་དུ་བྲལ་སོགས་ཀྱིས་གཙོ་བོར་བྱེད་པ་རང་རྒྱུད་པ་དང༌། ཐལ་གྱུར་བ་རྣམས་ཀྱི་གཞན་ལ་གྲགས་དང༌། འགལ་བ་བརྗོད་པའི་ཐལ་འགྱུར་སོགས་དང་བཏགས་དོན་རྣམ་པ་བདུན་གྱིས་ཚོལ་བའི་ཚུལ་སོགས་ཀྱིས་འགོག་པར་བྱེད་དོ། །གོ་བདེ་བར་བསྡུས་ན། བུམ་པ་ཆོས་ཅན། བདེན་པར་མེད་དེ། རང་གི་ཡན་ལག་རྡུལ་རྫས་བརྒྱད་ཚོགས་པའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། དེ་ལྟ་ན་ཡང་རྡུལ་རྫས་བརྒྱད་པོ་བདེན་པར་གྲུབ་བམ་སྙམ་ན། བུམ་པའི་ས་རྡུལ་ལྟ་བུ་གཅིག་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ། དུ་མར་ཡང་མ་གྲུབ་པའི་ཕྱིར། གཅིག་ཏུ་བདེན་པར་མ་གྲུབ་སྟེ། ཆ་དང་བཅས་པའི་ཕྱིར་ཞེས་པའི་རིགས་པ་ལ་བརྟེན་ནས་གོམས་པར་བྱེད་དོ། །དེ་ལྟར་བུམ་པ་ལྟ་བུ་གཅིག་བདེན་མེད་དུ་ཤེས་ན། དེའི་རིགས་པ་གཞན་ལ་ཡང་ཁ་སྤོས་པས། ཤེས་བྱ་མཐའ་ཡས་བདེན་མེད་དུ་བདེ་བླག་ཉིད་དུ་ཤེས་པར་འགྱུར་རོ། །ད་ནི་དེ་དག་གི་རང་བཞིན་ཞིབ་ཏུ་བརྗོད་པར་བྱ་སྟེ། འདིར་བདག་དང་བདེན་པའི་དོན་ནི། ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་ལས་ལོགས་སུ་བཙལ་མི་དགོས་ཏེ། དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། ཐུག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ང་རང་བཞིན་གྱིས་གྲུབ་པ་དེ། གང་ཟག་གི་བདག་དང༌། ཆོས་རང་བཞིན་གྱིས་གྲུབ་པ་དེ་ཆོས་ཀྱི་བདག་གི་དོན་དུ་འགྱུར་ལ། དེའི་རྒྱུ་མཚན་གྱིས་གང་ཟག་རང་བཞིན་མེད་པ་གང་ཟག་གི་བདག་མེད་དང༌། ཆོས་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཀྱི་དོན་དུ་འགྱུར་བ་ཡིན་ནོ། །གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་ནི། ང་དང་ཆོས་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པས་འཕྲལ་དུ་བསྐྱེད་པར་ངེས་མོད། རང་བཞིན་གྱིས་གྲུབ་པར་འཛིན་པའི་འཛིན་སྟངས་ཅན་ཁོ་ནར་མ་ངེས་ཏེ། ཀུན་བཏགས་ལ་དེ་ལྟ་བུའི་འཛིན་སྟངས་དགོས་སུ་ཆུག་ཀྱང༌། ལྷན་སྐྱེས་ལ་དེ་མི་འབྱུང་བའི་ཕྱིར་རོ། །དེ་ཡང་འདི་ལྟར་གང་ཟག་གི་བདག་ཏུ་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ནི་ངའོ་སྙམ་པ་དང༌། ངའི་འོ་སྙམ་པའི་འཛིན་སྟངས་ཅན་ཁོ་ནར་ངེས་ཏེ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །ཞེས་སོགས་དང༌། རང་འགྲེལ་དུ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཞེས་དང༌། བདག་གི་འདི་ཞེས་པའི་འགྲེལ་པར། འདི་ནི་བདག་གིའོ་སྙམ་དུ་རང་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོ་རྣམས་མ་ལུས་པ་མངོན་པར་ཞེན་པ་ཡིན་ནོ། །ཞེས་གསལ་བར་གསུངས་ཤིང༌། ཡང་འགྲེལ་པར། ངར་འཛིན་པས་ཡོད་པ་མ་ཡིན་པའི་བདག་ཡོད་དོ་སྙམ་དུ་ཉེ་བར་བཏགས་ནས་འདི་ཉིད་དུ་མངོན་པར་ཞེན་ཅིང་ཞེས་པའང་དེ་ལྟ་བུ་ཉིད་ལ་དགོངས་ཀྱི། དེ་ལྟ་བུའི་རྣམ་པ་ཅན་དུ་ངེས་པར་སྟོན་པ་ག་ལ་ཡིན་དེ་ལྟ་མོད་ཀྱི་ངར་འཛིན་པའི་འཇིག་ལྟ་འདི་ཡང་གང་ཟག་ལ་བདེན་པར་འཛིན་པའི་མ་རིག་པས་འཕྲལ་དུ་རྒྱས་པར་བྱེད་དགོས་པ་ཁོ་ན་ཡིན་ཏེ། རང་འགྲེལ་ལས། འཇིག་ལྟའི་རྒྱ་མཚོར་དེ་རྒྱས་པའི་ཕྱིར་མ་རིག་པའི་ཆུ་སྔོན་རྒྱ་ཆེན་ལྡན་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པའི་ནང་ན་གནས་པ་ཞེས་གསུངས་སོ། །དེ་ལྟར་ན་གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པ་འདི་འཇིག་ལྟ་ལྷན་སྐྱེས་མ་ཡིན་པར་མ་ཟད་ཀྱི་རང་རྒྱུད་ཀྱིས་བསྡུས་པའི་གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པ་འདི་ལའང་གང་ཟག་གི་བདག་ཏུ་འཛིན་པ་ཞེས་བྱ་ཡི་འཇིག་ཚོགས་ལ་ལྟ་བ་ཞེས་མི་བྱའོ། །དེ་ལྟར་ན་བདག་ཏུ་འཛིན་པ་ལ་རང་འཛིན་གྱིས་མ་ཁྱབ་ཅིང༌། འཇིག་ལྟ་ལ་ཡང་ང་ཡིར་འཛིན་པ་ཁས་ལེན་དགོས་པས་ངར་འཛིན་གྱིས་མ་ཁྱབ་ཅིང༌། གང་ཟག་གི་བདག་ཏུ་འཛིན་པས་མ་ཁྱབ་བོ། །དེའི་དོན་གྱིས་འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་འགལ་བར་གྲུབ་པ་ཡིན་ནོ། །འོ་ན་ང་ཡིར་འཛིན་པ་འདི་ཆོས་ཀྱི་བདག་འཛིན་དུ་རྟག་གམ་ཞེ་ན། འདི་ལ་ཞིབ་ཏུ་ཕྱེ་དགོས་ཏེ། ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་ནི། ཆོས་ཀྱི་བདེན་འཛིན་ལས་མ་འདས་ལ། ངའི་མིག་ངའི་རྟ་དང་གླང་པོ་སོགས་སོ་ཞེས་ཞེན་པ་ནི། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་གང་ཡང་མ་ཡིན་གྱི་གང་ཟག་གི་བདག་ཏུ་འཛིན་པས་བསྐྱེད་པ་ཡིན་ལ་དེ་ཡང་ངའི་མིག་གོ་རྣ་བའོ་ཞེས་རྟོག་པ་ལྟ་བུ་ནི། འཇིག་ལྟ་ཡིན་ལ། ང་ཡི་རྟ་དང་གླང་པོ་ཞེས་རྟོག་པ་ནི་འཇིག་ཚོགས་ལ་ལྟ་བར་བཞག་ག་ལ་ནུས། དེས་ན་འདིར་ང་ཡི་བར་འཛིན་པ་ལ་འཇིག་ལྟས་ཁྱབ་པར་འདོད་པ་དང༌། ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཉིད་ང་ཡི་བར་འཛིན་པ་ཡིན་པར་འདོད་པ་དང༌། མིག་རྣ་སོགས་ང་ཡི་བའི་མཚན་གཞིར་འདོད་པ་དང༌། འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་འགལ་བར་འདོད་པ་དང༌། ལ་ལ་ང་ཡི་བར་འཛིན་པ་གང་ཟག་གི་བདག་འཛིན་དུ་འདོད་པ་དང༌། མིག་རྣ་སོགས་ང་ཡི་བའི་མཚན་གཞི་ཡིན་ཀྱང༌། དེ་དག་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན་པ་དང༌། མིག་རྣ་ལ་སོགས་པ་ང་ཡི་བར་སྣང་བ་རང་བཞིན་གྱིས་གྲུབ་པར་སྣང་བ་འདི་ང་ཡི་བར་འཛིན་པ་ཡིན་པ་དང༌། རང་རྒྱུད་ཀྱིས་མ་བསྡུས་པའི་ཡོ་བྱད་སོགས་ལ་ང་ཡི་བར་སྣང་བ་འདི་ལ་རང་བཞིན་གྱིས་གྲུབ་པར་འཛིན་པ་ང་ཡི་བར་འཛིན་པ་མ་ཡིན་པ་དང༌། ང་ཡི་བར་འཛིན་པ་ལ་ང་ཡི་བའི་འཛིན་སྟངས་དགོས་པ་དང༌། ངར་འཛིན་ལ་ངའོ་སྙམ་པའི་འཛིན་སྟངས་མི་དགོས་པ་དང༌། ང་ཡི་བ་གང་ཟག་པ་ཡིན་པ་དང༌། ང་ཡི་བའི་གདགས་གཞི་མིག་རྣ་ང་ཡི་བའི་མཚན་གཞིར་ཁས་ལེན་པ་དང༌། ངའི་གདགས་གཞི་ཕུང་པོ་ཚོགས་ཙམ་ངའི་མཚན་གཞིར་མི་འདོད་པ་དང༌། ང་ཡི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཡིན་ན་ང་ཡི་བར་འཛིན་པ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་ནང་འགལ་བའི་ཕྲེང་བ་ཁས་ལེན་པ་དང༌། ཡང་ལ་ལ་ང་ཡི་བར་འཛིན་པ་གང་ཟག་གི་བདག་ཏུ་འཛིན་པ་དང༌། ཆོས་ཀྱི་བདག་ཏུ་འཛིན་པ་གཉིས་ཀ་མ་ཡིན་ཞིང་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་ཡིན་ན། ཆོས་ཀྱི་བདག་འཛིན་ཡིན་པས་ཁྱབ་བོ་ཞེས་ཁས་ལེན་པ་ནི་འགལ་བ་བརྒྱ་ཕྲག་གི་ཁུར་ཆེན་ཁུར་བ་འདིའི་ནང་ཚན་འདི་ཙམ་ཞིག་གིས་བསྟན་མོད། འོན་ཀྱང་ཞེན་པས་འཇུག་པ་དག་གི་ངོར་ཐལ་འགྱུར་གྱི་ཕྲེང་བར་བརྗོད་པར་བྱ་ཞིང༌། ང་ཡི་བ་ཞེན་པའི་བློ་འདི་ཡང་གདོན་མི་ཟར་འགྲུབ་པས་འདི་ཡང་དཔྱད་དགོས་པར་སྣང་ངོ༌། །དེ་ལྟར་ལུགས་གསུམ་ལས། དང་པོ་ནི་ཆེན་པོ་ཉིད་ཀྱི་བཞེད་པ་ཡིན་པས་དེ་ལ་འདི་ལྟ་སྟེ། ལྷ་སྦྱིན་གྱི་རང་གི་མིག་རྣ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཆོས་ཅན། འཇིག་ལྟར་ཐལ། ང་ཡི་བར་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་དངོས་འགལ། མ་གྲུབ་ན། ཆོས་ཅན། དེར་ཐལ། ང་ཡི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །རྩ་བར་འདོད་ན། ཆོས་ཅན། ཆོས་ཀྱི་བདག་འཛིན་མ་ཡིན་པར་ཐལ། འཇིག་ལྟ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ། ཡང་ལྷ་སྦྱིན་གྱི་ང་ཡི་བ་ཆོས་ཅན། ངར་ཐལ། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ། ཁྱབ་པ་ནི། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན་ངའོ་སྙམ་པའི་བློ་ངང་གི་སྐྱེ་བ་ཅིག་དགོས་སོ་ཞེས་མ་སྨྲས་སམ། མིག་རྣ་སོགས་ང་ཡི་བའི་མཚན་གཞིར་འདོད་ན་ཕུང་པོ་ལྔ་ཡང་དེར་འདོད་དགོས་པས་དེ་ལ་ནི། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་ཅིག་འདོད། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡི། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་བཟློག་ན་འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་ཇི་ལྟར་ཁས་མི་ལེན། ཅི་སྟེ་མི་མཚུངས་ཏེ། གཞན་གྱིས་ཕུང་པོ་ལྔ་རྫས་སུ་གྲུབ་པར་ཁས་བླངས་ལ། འདིར་དེ་མི་ལེན་ནོ་སྙམ་ན་ནི། དེ་ལྟར་ན་བདག་རྫས་སུ་ཐལ། ཕུང་པོ་བདག་ཡིན། དེ་རྫས་སུ་གྲུབ་པའི་ཕྱིར། ཞེས་པར་སོང་བས་དེ་ལྟར་ན། ཤེས་བྱ་ཆོས་ཅན། བདག་གི་བ་ཆོས་ཀྱི་བདག་འཛིན་གྱི་དམིགས་པར་ཐལ། ལྷ་སྦྱིན་གྱི་མིག་རྣ་སོགས་བདག་གི་བ་ཡིན། དེ་ཆོས་ཀྱི་བདག་འཛིན་གྱི་དམིགས་པ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་དང་འདྲ། ཅི་སྟེ་བདག་ཕུང་པོ་དང་གཅིག་ཡིན་པའི་ཕྱིར་ཞེས་པ་འཕེན་ནོ་ཟེར་ན། དེ་ལྟ་ན་ཡང་ནང་འགལ་ཏེ། ཁྱེད་ཀྱིས་ཐལ་འགྱུར་འདི་རང་རྒྱུད་པ་རྣམ་པར་ཤེས་པ་བདག་གི་མཚན་གཞིར་འདོད་པ་ལ་ཡང་འཕེན་པ་ཡིན་པས། དེའི་ངོར་ཇི་ལྟར་འཕེན། དེས་ཀྱང་བདག་དང་རྣམ་ཤེས་གཅིག་ཏུ་ཁས་བླངས་སོ་སྙམ་ན། དེ་འདྲའི་དབུ་མ་པ་དེ་ད་ལྟ་གང་ན་བཞུགས་འདྲི་བར་བྱའོ། །དེ་འདྲའི་རང་རྒྱུད་པ་དེས། །སྐྱེས་བུ་ས་མིན་ཆུ་མ་ཡིན། །ཞེས་སོགས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གཟིགས་ཨེ་མྱོང་ལགས། །གཞན་ཡང་མིག་ཆོས་ཅན། ཁྱོད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པ་དང༌། ང་ཡི་བར་འཛིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་ང་ཡི་བ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་ཀྱང་མ་ཁྱབ་བོ་སྙམ་ན། འོ་ན་ཤེས་བྱ་ཆོས་ཅན། ང་ཡི་བར་འཛིན་པའི་བློ་ཡི་དམིགས་པ་ཡིན་ན། ང་མ་ཡིན་དགོས་པར་ཐལ་ལོ། །རྩ་བར་མ་གྲུབ་ན། དེ་འདྲའི་གཞི་མཐུན་ངོས་གཟུང་ཅིག ལྷ་སྦྱིན་གྱི་མིག་གོ་ཞེ་ན། ཁྱེད་ཀྱི་འཇུག་ཊཱི་ཀ་ལས། བདག་གི་བའི་མཚན་གཞི་ནི། མིག་སོགས་བདག་གི་བའི་དམིགས་པར་རྟོག་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་མི་འགལ་བར་འགྱུར་བའི་ཕྱིར། ཞེས་མ་གསུངས་སམ། ཅི་སྟེ་ང་ཡི་བ་ཙམ་དེ་དེ་འདྲའི་གཞི་མཐུན་ནོ་ཞེ་ན། ཁས་བླངས་ནང་འགལ་ཏེ། ང་ཡི་བ་དེ་ཆོས་ཅན། ཁྱོད་དེ་འདྲའི་གཞི་མཐུན་མ་ཡིན་པར་ཐལ། ཁྱོད་ང་ཡི་བ་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་ཁྱོད་ལ་དམིགས་ནས་ངའི་འོ་སྙམ་པའི་བློ་སྐྱེ་བར་ཐལ། དེ་ལྟར་ན་ཐུག་པ་མེད་དོ། །གཞན་ཡང་ཕུང་པོའི་སྟེང་ན་ང་ཡི་བའི་མཚན་གཞི་འཛིན་རྒྱུ་མེད་པར་འདོད་པ་དང༌། ཕུང་པོའི་སྟེང་ན་ང་ཡི་བའི་མཚན་གཞི་འཛིན་རྒྱུ་ཡོད་པར་འདོད་པ་ཡང་ནང་འགལ་ལོ། །གཞན་ཡང་ང་དེ་ང་ཡིན་པར་ཐལ། ང་ཡི་བ་དེ་དེ་ཉིད་ཡིན་པའི་ཕྱིར། འདོད་ན་ཕུང་པོའི་སྟེང་ན་ང་མེད་བཞིན་དུ་བཏགས་པ་མ་ཡིན་པར་ཐལ་ལོ། །འདོད་ན་ཕུང་པོའི་སྟེང་ན་ང་ཡི་བའི་མཚན་གཞི་འཛིན་རྒྱུ་ཡོད་པར་ཐལ་ལོ། །གཞན་ཡང་ཕུང་པོའི་སྟེང་ན་ང་ཡི་བའི་མཚན་གཞི་འཛིན་རྒྱུ་མེད་པར་ཐལ། དེའི་སྟེང་ན་ང་ཡི་མཚན་གཞི་འཛིན་རྒྱུ་མེད་པའི་ཕྱིར། ཁྱབ་སྟེ། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། དེའི་ཕྱིར་ང་དང་ང་ཡི་བ་གཉིས་ཀ་རྟོག་པས་སྒྲོ་བཏགས་པ་ཡིན་གྱི། དེ་དག་གི་མཚན་གཞི་འཛིན་རྒྱུ་ཇི་ལྟར་ཡོད། ཇི་སྐད་དུ། གང་ཡང་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །ཞེས་སོགས་གསུངས་སོ། །དེ་ལྟ་ན་ཡང་ཤིང་རྟ་སོགས་ལ་མི་མཚུངས་ཏེ། དེ་གཉིས་ལ་བརྟེན་ནས་བཏགས་པའི་དོན་དུ་སྦྱར་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་ག་ལ་མཚུངས། །དེ་ལྟ་ན་ཚུ་རོལ་མཐོང་བའི་ངའོ་སྙམ་པའི་བློ་འདི་ལོག་ཤེས་ཡིན་པ་ལྟར་ཤིང་རྟའོ་སྙམ་པའི་བློ་ཡང་དེར་ཐལ་ལོ། །ཁྱེད་རང་ཡང་ཐག་ཁྲ་ལ་སྦྲུལ་བཏགས་ཚུལ་དང༌། ཤིང་རྟའི་བཏགས་ཚུལ་སྦྱོར་ཀྱང༌། ཐག་ཁྲའི་སྟེང་ན་སྦྲུལ་མེད་པ་དང༌། ཡན་ལག་ལ་ཤིང་རྟ་མེད་པ་མི་མཚུངས་པར་བཞེད་པ་ཡིན་ནོ། །ལུགས་གཉིས་པ་ནི་འདིའི་རྗེས་འཇུག་ང་རྒྱལ་ཅན་གྱི་ལུགས་ཏེ། དེ་ལ་འདི་ལྟ་སྟེ། ཤེས་བྱ་ཆོས་ཅན། ང་ཡི་བ་གང་ཟག་ཡིན་པར་ཐལ། ང་ཡི་བར་འཛིན་པ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། གསུམ་ཆར། ང་ཡི་བར་འཛིན་པ་ཆོས་ཅན། ཆོས་ཀྱི་བདག་འཛིན་དུ་ཐལ། ང་ཡི་བ་ཆོས་དང་གང་ཟག་གཉིས་ཀྱི་ནང་ནས་ཆོས་ཀྱི་མཚན་གཞི་ཡིན་པའི་ཕྱིར། གསུམ་ཆར། མིག་རྣ་སོགས་ལ་དམིགས་ནས་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཅན། ཆོས་ཀྱི་བདག་འཛིན་དུ་ཐལ། ཆོས་དང་གང་ཟག་གཉིས་ཀྱི་ནང་ནས་ཆོས་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར། འདོད་ན། ཆོས་ཅན། རང་མ་ཡིན་པར་ཐལ། ང་ཡི་བའི་ཞེན་སྟངས་ཅན་ཡིན་པའི་ཕྱིར། གསུམ་ཆར། རྒྱུད་ཀྱིས་མ་བསྡུས་པའི་ལོངས་སྤྱོད་སོགས་ལ་ང་ཡི་བར་བཏགས་པ་དེ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཆོས་ཅན། ང་ཡི་བར་འཛིན་པ་ཐལ། དམིགས་པ་ང་ཡི་བ་ལ་དམིགས་ནས་རྣམ་པ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོད་ན། འཇིག་ལྟར་ཐལ། ང་ཡི་བར་འཛིན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར། ཆོས་ཅན་སྔ་མ་མ་གྲུབ་ན། ང་ཡི་བར་འཛིན་པ་ལ་ང་ཡི་ཞེན་སྟངས་དགོས་པར་འགལ་ལོ། །ཆོས་ཅན་ཕྱི་མ་མ་གྲུབ་ན། རིགས་པ་དང་འགལ་ཞིང་ལུང་དང་ཡང་འགལ་ཏེ། འཇུག་འགྲེལ་ལས་ང་ཡི་བར་འཛིན་པའི་ངོས་འཛིན་དུ་འདི་ནི་བདག་གིའོ་སྙམ་དུ་ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོ་རྣམས་མ་ལུས་པ་ལ་མངོན་པར་ཞེན་པ་ཡིན་ནོ་ཞེས་གསལ་བར་གསུངས་པས་སོ། །རང་གི་ཟས་གོས་སོགས་ལ་ང་ཡི་བར་བཏགས་པ་མེད་ན་མིག་རྣ་སོགས་ལ་ཡོད་པ་དང་འགལ་ལོ། །མིག་རྣ་སོགས་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། དམིགས་པ་ང་ཡི་བའི་མཚན་གཞི་ལ་དམིགས་ནས་རང་བཞིན་ཅན་དུ་འཛིན་ཀྱང་ང་ཡི་བར་འཛིན་པ་མ་ཡིན་ཏེ། ང་ཡི་བར་འཛིན་སྟངས་མེད་པའི་ཕྱིར་ཞེས་ཀྱང་ཁྱེད་ཀྱིས་སྨྲས་པས། འོ་ན་ང་ཡི་བ་ཉིད་ལ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། ང་ཡི་བར་འཛིན་པ་མ་ཡིན་པར་ཐལ། ང་ཡི་བར་འཛིན་པའི་འཛིན་སྟངས་མེད་པའི་ཕྱིར། གསུམ་ཆར་ཁས་མ་བླངས་སམ། མ་གྲུབ་ན་ང་ཡི་བའི་རྣམ་པ་ཅན་དུ་ཐལ། དེའི་འཛིན་སྟངས་ཅན་ཡིན་པའི་ཕྱིར། གསུམ་ཆར། འཛིན་སྟངས་ལ་རྣམ་པ་དང༌། འཛིན་སྟངས་ཀྱི་བཟུང་བྱ་ལ་རྣམ་པའི་ཡུལ་ཞེས་འདོད་པ་མ་ཡིན་ནམ། ཁྱེད་རང་གི་ལུང་གིས་གནོད་དེ། ཆེན་པོ་ཉིད་ཀྱིས་འཇུག་འགྲེལ་ལས་ང་དང་ང་ཡི་བའི་རྣམ་པར་ཞེས་པས་ང་དང་ང་ཡི་བ་ཙམ་འཛིན་སྟངས་ཀྱི་རྣམ་པའི་ཡུལ་དུ་སྟོན་པ་མ་ཡིན་གྱི། དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་དུ་སྟོན་པའོ། །ཞེས་གསུངས་པ་གཟིགས་སམ། ཡང་ཤེས་བྱ་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཡིན་ན། ང་ཡི་འཛིན་སྟངས་ཅན་ཡིན་དགོས་པར་ཐལ། ང་ཡི་བར་འཛིན་པ་ལྷན་སྐྱེས་ལ་དེ་དགོས་པའི་ཕྱིར། འདོད་ན། ང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་རོ། །གཞན་ཡང་སྲོག་ཆགས་ལ་ངའོ་སྙམ་པའི་བློ་ལྷན་སྐྱེས་ཅིག་ཡོད་དམ་མེད། མེད་ན་གང་དག་དུད་འགྲོར་བསྐལ་མང་ཞེས་སོགས་དང༌། དང་པོར་ང་ཞེས་སོགས་དང་འགལ། ཡོད་ན་དེ་འདྲའི་བློ་ལྷན་སྐྱེས་གང་ཟག་གི་བདག་འཛིན་དུ་ཐལ། ངར་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར། གསུམ་ཆར། དེ་ཡང་ངར་འཛིན་ལྷན་སྐྱེས་ལ་གང་ཟག་གི་བདག་འཛིན་དང་འཇིག་ལྟས་ཁྱབ། དེ་གཉིས་ལ་དེས་མ་ཁྱབ་ཅེས་བྲིས་པའི་ཕྱིར། སྤྲོས་པས་ཆོག་གོ །ལུགས་གསུམ་པ་ནི་འདིའི་གཟུ་བོར་གནས་པ་དག་ཡིན་ལ། དེ་ལ་ཡང་འདི་ལྟ་སྟེ། ང་ཡི་བར་འཛིན་པ་ཆོས་ཅན། ཆོས་ཀྱི་བདག་འཛིན་དུ་ཐལ། དམིགས་པ་ཆོས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོད་ན་འཇིག་ལྟ་མ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གསུམ་ཆར། ཁྱབ་པ་ཆེན་པོའི་ལུགས་ལས་སོ། །ཁྱབ་པ་སྔ་མ་ལ་ངར་འཛིན་དང་བདག་མེད་ཆོས་ཅན་གྱི་སྒོ་ནས་འབྱེད་པར་ཁས་བླངས་སོ། །ཨེ་མ་ཧོ། ཁས་བླངས་འགལ་བའི་ཁུར་ཆེན་གྱིས་ནོན་ཞིང༌། །ད་དུང་བསྟན་པའི་ཁུར་ཆེན་བཞེས་སོ་ཞེས། །ཡིད་རྟོན་མེད་པའི་སྙན་དབྱངས་འདི་མཐོང་ཚེ། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །འདི་ན་ཕལ་ཆེར་རྨོངས་པའི་ཆང་གིས་མྱོས། །དཔྱོད་ལྡན་ལ་ལ་ལེ་ལོའི་འདམ་དུ་བྱིང༌། །ཐོས་མེད་ཆེན་པོར་རློམ་པས་ས་ཆེན་ཁྱབ། །རང་བཟོའི་ཆོས་ལུགས་མུ་སྟེགས་ས་པས་བསྒྲུབས། །དཔྱོད་མེད་དང་ལྡན་ཕལ་ཆེར་དེ་རྗེས་འཇུག །དོགས་པའི་གནས་དེ་ད་དུང་མི་དཔྱོད་ན། །རྒྱལ་བའི་བསྟན་པ་ཆེས་ཆེར་ཉམས་གྱུར་པས། །བསྟན་འཛིན་འཇིག་རྟེན་ལམ་དུ་བྱོན་པ་ན། །འཆད་རྩོད་རྩོམ་པས་བསྟན་པ་སྤེལ་བར་རིགས། །ད་ནི་འདི་དཔྱད་པར་བྱ་སྟེ། ང་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པ་ལ། ངར་འཛིན་གྱིས་ཁྱབ་ན། འདི་ནི་ང་ཡིའོ་ཞེས་ང་ཡི་བ་ལ་བདེན་པར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ང་ཡི་བར་ཞེན་པ་ཡིན་པའི་ཕྱིར། དེ་བཞིན་དུ་ངའི་མིག་རྣ་སོགས་རང་བཞིན་གྱིས་གྲུབ་བོ་སྙམ་པ་དང༌། ང་ཡི་ཞང་པོ་ཞེས་པ་འདི་འདྲ་གང་ཡིན་རྣམས་ཀྱང་གྱིས་དཔྱད་ནས་འགལ་བའི་ཕྲེང་བ་བརྗོད་དགོས་སོ། །ཁོ་བོ་ཅག་ལ་ངའི་ཞང་པོ་རང་བཞིན་གྱིས་གྲུབ་སྙམ་པ་དེའི་ཚེ། ང་ཡི་ཞང་པོ་སྙམ་པ་ནི་ང་ཡི་བར་འཛིན་པ་ཡིན། གང་ཟག་དང་ཆོས་ཀྱི་བདག་འཛིན་གང་ཡང་མ་ཡིན། ཞང་པོ་བདེན་གྲུབ་ཏུ་འཛིན་པ་དེ་ཆོས་ཀྱི་བདག་འཛིན་ནོ། །འདི་སྐད་དུ། དམིགས་པ་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་གང་ཟག་གི་བདག་འཛིན་གྱིས་ཁྱབ་བོ་ཞེས་སྨྲ་བ་འདི་ཡང་ལུང་དང་རིགས་པ་དང་ཁས་བླངས་པ་དང་འགལ་བ་ཡིན་ནོ། །དེ་ཡང་འདི་ལྟར་རྒྱང་འཕན་གྱིས་ཤཱཀྱ་ཐུབ་པ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། རྒྱང་འཕན་གྱི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་དུ་ཐལ། རྒྱང་འཕན་གྱི་རྒྱུད་ཀྱི་བདེན་འཛིན་གང་ཞིག ཆོས་ཅན་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་རྒྱང་འཕན་ཆོས་ཅན་ཤཱཀྱ་ཐུབ་པ་དེ་ཁྱོད་ལ་ལྟོས་པའི་ང་ཙམ་དུ་ཐལ། ཤཱཀྱ་ཐུབ་པ་དེ་ཁྱོད་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ནི་ཤཱཀྱ་ཐུབ་པ་ཆོས་ཅན། རྒྱང་འཕན་མ་ཡིན་པར་ཐལ། རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར་དང༌། ཤཱཀྱ་ཐུབ་པ་ཆོས་ཅན། བདག་ཡིན་པར་ཐལ། གང་ཟག་གི་བདག་འཛིན་གྱི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ནི་ཁ་ཅིག་བདག་ལྟའི་རྟེན་དུ་ཞེས་པར་ཁས་བླངས་སོ། །འདོད་ན་བདག་མ་ཡིན་པར་ཐལ། རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། ཁོ་ན་རེ་ཤཱཀྱ་ཐུབ་པ་ཆོས་ཅན། གང་ཟག་ཡིན་པའི་ཕྱིར་ན། བདག་ཡིན་པར་ཐལ་ལོ། །ཞེ་ན། འོ་ན་ཤཱཀྱ་ཐུབ་པ་ང་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་འདོད་ན་ཤཱཀྱ་ཐུབ་པ་ཆོས་ཅན། བཙུན་པ་ཤཱཀྱ་ཐུབ་པ་ཡིན་པར་ཐལ། རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། རྒྱང་འཕན་ཆོས་ཅན། ཤཱཀྱ་ཐུབ་པ་ང་ཡིན་པར་ཐལ། དེ་འདྲ་དེ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་ཤཱཀྱ་ཐུབ་པའི་མཚན་དཔེ་རྣམས་ཁྱོད་ལ་ལྟོས་པའི་ང་ཡི་བ་ཡིན་པར་ཐལ། དེ་ཁྱོད་ཀྱི་ངར་འཛིན་ལ་ལྟོས་པའི་ང་ཡིན་པའི་ཕྱིར། རྒྱང་འཕན་ཆོས་ཅན། ཁྱོད་ཀྱིས་འདི་ནི་ཤཱཀྱ་ཐུབ་པའི་ཡོན་ཏན་ནོ་ཞེས་བདེན་པར་ཞེན་པའི་བློ་དེ་ཁྱོད་ཀྱི་རྒྱུད་ཀྱི་བདག་གི་བར་ཞེན་པའི་བློ་ཡིན་པར་ཐལ། ཁྱོད་ཀྱི་ཤཱཀྱ་ཐུབ་པའོ་ཞེས་བདེན་པར་ཞེན་པའི་བློ་དེ་ཁྱོད་ཀྱི་བདག་འཛིན་ཡིན་པའི་ཕྱིར། རྒྱང་འཕན་གྱིས་ཤཱཀྱ་ཐུབ་པར་བདེན་པར་ཞེན་པའི་བློ་དེ་ཆོས་ཅན། ཁྱོད་རྒྱང་འཕན་གྱི་རྒྱུད་ཀྱི་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་སྟེ། དེའི་འཇིག་ལྟར་ཐལ། ཁྱོད་རྒྱང་འཕན་གྱི་ང་ལ་དམིགས་ནས་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ། གཞན་ཡང་གང་ཟག་གི་བདག་འཛིན་གྱི་དམིགས་པར་འགྲོ་བ་ལ་བདག་གོ་སྙམ་པའི་བློ་རང་ཤུགས་ཀྱི་སྐྱེ་བ་ཅིག་དགོས་པར་ཐལ། འཇིག་ལྟའི་དམིགས་པར་འགྲོ་བ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེས་བ་ཅིག་དགོས་པའི་ཕྱིར། ཤཱཀྱ་ཐུབ་པ་ལ་དམིགས་པའི་འཇིག་ལྟ་ཡོད་པར་ཐལ། དེ་ང་ཡིན་པའི་ཕྱིར། འདོད་ན། ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ལ་འཇིག་ལྟ་ཡོད་པར་ཐལ། དེ་འདྲའི་འཇིག་ལྟ་ཡོད། དེ་གང་ཟག་གཞན་གྱི་རྒྱུད་ལ་མི་འབྱུང་བའི་ཕྱིར། འདོད་ན། གང་ཟག་གཞན་གྱིས་ཤཱཀྱ་ཐུབ་པ་ལ་ངའོ་སྙམ་པའི་བློ་སྐྱེ་བར་ཐལ། འདོད་པའི་ཕྱིར། འཁོར་གསུམ་ཁས་བླངས། གཞན་ཡང་ཕྱི་ནང་གི་འཇིག་རྟེན་འདི་བདག་གིས་བྱས་པར་ཐལ། འདི་གང་ཟག་གིས་བྱས་ཤིང་བདག་དང་གང་ཟག་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། གཞན་ཡང་བྱང་སེམས་མཐོང་ལམ་པས་ཁྱི་རྒན་བདེན་མེད་དུ་མངོན་སུམ་དུ་མཐོང་བའི་ཤེས་རབ་དེ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་བདག་འཛིན་ལྷན་སྐྱེས་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་རྣམ་པ་ཅན་ཡིན་པར་ཐལ། བྱང་སེམས་མཐོང་ལམ་པས་ཁྱི་རྒན་བདེན་པར་འཛིན་པའི་བློ་དེ། དེའི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པ་དང༌། ཁྱི་རྒན་གཅིག་ཏུ་ཐལ་ལོ། །བྱང་སེམས་མཐོང་ལམ་པས་ཁྱི་རྒན་བདེན་མེད་དུ་རྟོགས་ནས་བསྒོམས་པས་རང་རྒྱུད་ཀྱི་བདག་འཛིན་སྤོང་ཞེས་པ་ནི། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །ཞེས་སྦྲུལ་ཞེས་པའི་བཞད་གད་ཀྱི་རྒྱུ་དེ་ཁས་མ་བླངས་སམ་ལེགས་པར་སོམས་ཤིག བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་བྱང་སེམས་མཐོང་ལམ་པ་རང་ཉིད་བདེན་མེད་དུ་མངོན་སུམ་དུ་མཐོང་བའི་ཤེས་རབ་དེས། ཁྱི་རྒན་ལ་བདེན་པར་འཛིན་པ་སྤོང་ནུས་ན། བུམ་པ་དང་ཀ་བ་སོགས་ལ་བདེན་པར་ཞེན་པ་ཡང་སྤོང་ནུས་པར་མཚུངས་ལ། དེ་འདོད་ན། སྒྲིབ་པ་མ་ལུས་པའི་གཉེན་པོར་གང་ཟག་གི་བདག་མེད་རྐྱང་པ་བསྒོམ་པས་ཆོག་པ་ཉིད་དུ་འགྱུར་བས། བདག་མེད་འདི་ནི་འགྲོ་བ་རྣམ་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པ་དང་ཇི་ལྟར་མི་འགལ། ཡང་འདི་སྐད་དུ། ཕུང་པོ་བདག་ཡིན་པ་སྤོང་བ་ནི་རིགས་མོད། ཕུང་པོ་བདག་ལྟའི་དམིགས་པར་ཁས་བླངས་པ་ལ། ཕུང་པོ་བདག་ཏུ་ཐལ་བ་སྤངས་ནས་འགོག་པ་ནི་ཤིན་ཏུ་བཞད་གད་ཀྱི་གནས་ཏེ། བདེན་འཛིན་གྱི་དམིགས་པ་ཡིན་ན། བདེན་གྲུབ་ཡིན་དགོས་པར་ཐལ་ལོ། །གཞན་ཡང་བདག་ཏུ་འཛིན་པའི་བློ་ཡིན་ན། མ་འཁྲུལ་དགོས་པར་ཐལ། དེ་ཡིན་ན་རང་གིས་གང་ལ་བདག་ཏུ་བཟུང་བའི་དམིགས་པ་དེ་བདག་ཡིན་དགོས་པའི་ཕྱིར། འདིའི་སྐྱོན་སྤོང་བར་འདོད་ནས་རྗེས་འཇུག་ཁ་ཅིག་ན་རེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་དེ་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་དུ་གྱུར་པའི་བདག་དེ་ཡིན་པར་གྲུབ་མཐའ་སྨྲ་བ་མང་པོ་མི་མཐུན་པ་མེད་ལ། དེའི་མཚན་གཞི་ལ་མི་མཐུན་པས་ཕུང་པོ་ལྔའམ་རྣམ་པར་ཤེས་པ་བདག་གི་མཚན་གཞིར་ཁས་བླངས་ན། ཕུང་པོ་བདག་ན་ཞེས་སོགས་ཀྱི་སྐྱོན་འཇུག་པ་མིན་ནོ་ཞེས་བྲིས་སོ། །དེ་ལྟ་ན་ཁྱེད་ཅག་རྩ་བར་ཕུང་པོ་བདག་ལྟའི་དམིགས་པ་ཡིན་པ་བཀག་གོ་ཞེས་ཟེར་བ་དེར་མ་སོང་བར། བདག་བདག་ལྟའི་དམིགས་པ་པ་ཡིན་པ་བཀག་པར་སོང་སྟེ། ཕུང་པོ་ལྔའི་གཅིག་བདག་ཏུ་ཁས་བླངས་ནས་དེ་བདག་ལྟའི་དམིགས་པར་འདོད་པ་ལ། གལ་ཏེ་ཕུང་པོ་བདག་ན་ཞེས་སོགས་ཀྱི་སྐྱོན་བརྗོད་པའི་ཕྱིར། འདོད་ན་ཁས་བླངས་འགལ་ལོ། །གཞན་ཡང་བདག་གི་བ་དེ། བདག་གི་བར་འཛིན་པའི་བློའི་དམིགས་པ་ཡིན་པ་ལ་མི་མཐུན་པ་མེད་པར་ཁས་བླངས་ནས། མིག་རྣ་སོགས་བདག་གི་བའི་མཚན་གཞིར་ཁས་བླངས་པ་ལ། གལ་ཏེ་མིག་སོགས་བདག་གི་ཡིན་གྱུར་ན། །བདག་གི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡི། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་སོགས་ཀྱི་སྐྱོན་ཅིའི་ཕྱིར་མི་འཇུག གཞན་ཡང་ལེགས་ལྡན་འབྱེད་དང་སེམས་ཙམ་པས། རིམ་བཞིན་ཡིད་ཀྱི་རྣམ་ཤེས་དང་ཀུན་གཞིའི་རྣམ་ཤེས་བདག་གི་མཚན་གཞིར་འདོད་ན། དེའི་ལུགས་ལ་བདག་འཛིན་གྱི་འཛིན་སྟངས་ཇི་ལྟར་བཟུང༌། བདེན་པར་བཟུང་བ་ཉིད་དུ་འདོད་ན། དེའི་ལུགས་ལའང་གང་ཟག་གི་བདག་འཛིན་བདེན་འཛིན་དང༌། གང་ཟག་གི་བདག་མེད་དོན་དམ་བདེན་པར་ཐལ་བ་དང༌། ཀུན་གཞི་བདེན་གྲུབ་མ་ཡིན་པར་ཐལ་ལོ། །དེ་ལ་ངའོ་སྙམ་དུ་བཟུང་བ་ཡིན་ཞིང༌། དེ་ལྟར་འདོད་ཀྱང་འདོད་པས་དེའི་ལུགས་ལ། ཤེས་བྱ་ཆོས་ཅན། གང་ཟག་གི་བདག་འཛིན་ཞེན་ཡུལ་ལ་མ་འཁྲུལ་བར་ཐལ། གང་ཟག་གི་བདག་འཛིན་གྱིས་གང་ལ་བདག་ཏུ་བཟུང་བ་དེ་བདག་ཡིན་པར་ཚད་མས་གྲུབ་པའི་ཕྱིར། དེའི་ཕྱིར་སློབ་དཔོན་ལེགས་ལྡན་འབྱེད་དང༌། མཁས་པ་སེམས་ཙམ་པ་རྣམས་དེ་དག་བདག་ཏུ་འཁྲུལ་བའི་གཞིར་བཞེད་ཀྱི་དེ་དག་བདག་ཏུ་ག་ལ་བཞེད། བདག་གི་སྒྲ་འདོགས་པར་གསུངས་པ་ནི། མདོ་ལས་བདག་ཏུ་གསུངས་པའི་དགོངས་གཞིར་སྟོན་པ་ཡིན་ནོ། །དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་ལ་འབར་བར་ལུང་རིགས་གཉིས་ཀྱིས་སྒྲུབ་པར་མཛད་ཅིང༌། སེམས་ཙམ་པས་ཀྱང་ཀུན་གཞི་ལ་དགོངས་ནས་མདོར་བདག་གོ་ཞེས་གསུངས་པར་གསལ་ཏེ། ཀུན་གཞི་ཉིད་བདག་ཏུ་འཁྲུལ་བའི་གཞི་ཡིན་པའི་ཕྱིར། ཞེས་དགོངས་པར་ངེས་སོ། །འདིའི་ལུང་ནི་འཆད་པར་འགྱུར་རོ། །དཔྱོད་མེད་བླུན་པོ་མྱུར་དུ་འཇུག་པའི་ལམ། །གསལ་བར་སྟོན་པའི་གཞུང་གི་ཚོགས་ཆེན་ལ། །ཤེས་མེད་དད་པ་ལྡན་རྣམས་འཇུག་མོད་ཀྱི། །དཔྱོད་ལྡན་སྐྱེ་བོ་འཇུག་པའི་ལམ་མ་ཡིན། །ལ་ལ་སྨོན་ལམ་དབང་གིས་ཏེ། །འགའ་ཞིག་རྙེད་དང་བཀུར་སྟིའི་ཆེད། །གཞན་དག་ཕྲག་དོག་ཁོ་ནས་ཏེ། །ཁ་ཅིག་རི་བོང་ཅལ་ལ་བརྒྱུག །ཡང་མངོན་པའི་ང་རྒྱལ་ཅན་གྱིས་སྨྲས་པ། ལེགས་ལྡན་འབྱེད་ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་བྱེད་པ་རིགས་པས་མི་འཐད་དེ། འདུ་ཤེས་མེད་པ་པ་དང༌། འགོག་པའི་སྙོམས་འཇུག་གི་ཚེ་གང་ཟག་མེད་པར་ཐལ། ཡིད་ཀྱི་རྣམ་ཤེས་རྒྱུན་ཆད་པའི་ཕྱིར། ཅི་སྟེ་གཟུགས་ཕུང་གི་རྒྱུན་གང་ཟག་གི་མཚན་གཞིའོ་སྙམ་ན། སེམས་དང་སེམས་ལས་བྱུང་བ་མེད་པའི་བེམས་པོའི་རྒྱུན་སེམས་ཅན་ཡིན་པར་སྨྲ་བ་ཁྱོད་ཀྱི་རྣམ་དཔྱོད་ནི་ཚུ་རོལ་མཛེས་པ་པ་དང་འདྲ་བས་ཡ་མཚན་ནོ། །ཅི་ཡང་མེད་དུ་སྐྱེས་པ་ལ་འཕགས་པས་འདས་ལམ་མངོན་དུ་བྱས་པའི་ཚེ། ས་དེ་ས་བསྡུས་ཀྱི་གང་ཟག་རྒྱུན་ཆད་པར་ཐལ། འདས་ལམ་དེ་ནི་དེའི་མཚན་གཞིར་མི་རུང་གཟུགས་དང་སེམས་དང་སེམས་ལ་བྱུང་བའི་ཆོས་གང་ཡང་མེད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཁྱེད་ལྟར་ན་ཡང་དེ་གཉིས་ཀྱི་ཚེ་གང་ཟག་མེད་པར་ཐལ། ཕུང་པོ་ལྔ་ལ་བཏགས་པའི་ང་མེད་པའི་ཕྱིར་ཏེ། ཕུང་པོ་ལྔ་མེད་པའི་ཕྱིར། གསུམ་ཆར་རོ། །ཅི་སྟེ་གཟུགས་ཕུང་ཙམ་ལ་བཏགས་པའི་ང་ཙམ་དེ་གང་ཟག་མ་ཡིན་ནོ་སྙམ་ན། སེམས་དང་སེམས་ལས་བྱུང་བ་གང་ཡང་མེད་པའི་བེམས་པོའི་ཆོས་སེམས་ཅན་དུ་འདོད་པ་ཞེས་སོགས་སོ། །ཅི་ཡང་མེད་ཀྱི་འཕགས་པས་འདས་ལམ་མངོན་དུ་བྱས་པའི་ཚེ། ས་དེས་བསྡུས་ཀྱི་ཕུང་པོ་ལ་བཏགས་པའི་ང་ཙམ་མེད་པར་ཐལ། དེས་བསྡུས་ཀྱི་ཕུང་པོ་རྒྱུན་ཆད་པའི་ཕྱིར། གསུམ་ཆར་རྒྱུད་མ་ནས་རྒྱུད་མར་ཁས་བླངས་སོ། །ཁྱོད་ཀྱི་རིགས་པ་འདི་ལ་ནི་ལྷ་མ་ཡིན་གྱི་དབང་པོའི་དཔུང་གི་ཚོགས་ཡན་ལག་བཞི་རྒྱབ་རྟེན་དུ་མེད་ན་འཛིན་པར་མི་ནུས་སོ། །དེ་ལྟར་བདག་མེད་གཏན་ལ་ཕབ་ནས། དེས་བདག་འཛིན་ཇི་ལྟར་སྤོང་བའི་ཚུལ་ལ། རང་རྒྱུད་པ་སོགས་ཀྱིས་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་གིས་སྟོང་པ་དང་མི་རྟག་སོགས་བཅུ་དྲུག་གོམས་པ་མཐར་ཕྱིན་པར་བྱས་པ་ན། གང་ཟག་གི་བདག་འཛིན་མ་ལུས་པར་སྤོང་ནུས་སོ། །ཞེས་ཞལ་གྱིས་བཞེས་པ་ལ། དཔལ་ལྡན་ཟླ་བའི་ཞབས་ཀྱི་རྗེས་སུ་ཞུགས་པར་རློམ་པའི་ང་རྒྱལ་ཅན་དག་ན་རེ། གང་ཟག་མི་རྟག་པར་རྟོགས་པ་མཐར་ཐུག་པ་ཙམ་གྱིས་དངོས་པོ་ལ་བདེན་འཛིན་སུན་འབྱིན་ནུས་པར་ཐལ་ལོ། །འདོད་ན་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་ཅུང་ཟད་ཀྱང་བསྒོམ་མི་དགོས་པར་འགྱུར་རོ། །གཞན་ཡང་དེ་གཉིས་ཆར་རྟོགས་པས་ངར་འཛིན་ལྷན་སྐྱེས་སྤོང་མི་ནུས་ཏེ། ངར་འཛིན་ལྷན་སྐྱེས་ལ་རྟག་གཅིག་རང་དབང་ཅན་གྱི་འཛིན་སྟངས་དེ་འདྲ་མེད་པའི་ཕྱིར། དེ་སྐད་དུ། གང་དག་དུད་འགྲོར་བསྐལ་མང་ཞེས་གསུངས་སོ། །ཅི་སྟེ་ངར་འཛིན་ལྷན་སྐྱེས་ལ་དེ་འདྲའི་འཛིན་སྟངས་མེད་ཀྱང༌། དེས་བཟུང་བ་ལྟར་གྲུབ་ན་རྟག་གཅིག་རང་དབང་ཅན་དུ་གྲུབ་དགོས་པས། བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་སུན་ཕྱུང་བས་ལྷན་སྐྱེས་ཀྱི་ཞེན་ཡུལ་སེལ་ནུས་པ་ཡིན་ན་ནི། མི་རྟག་པར་བསྒོམས་པས་བདེན་འཛིན་ལྷན་སྐྱེས་ཀྱང་སུན་འབྱིན་ནུས་པར་ཐལ་ལོ། །དེས་བཟུང་བ་ལྟར་གྲུབ་ན་རྟག་པར་གྲུབ་དགོས་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དང༌། འཇིག་རྟེན་པའི་ལམ་གཉིས་ལ་ཉོན་མོངས་ཀྱི་ས་བོན་སྤོང་ནུས་མི་ནུས་ཀྱི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀ་དོན་དམ་གྱི་གནས་ལུགས་ལ་མ་ཞུགས་པར་ཁྱད་པར་མེད། ཀུན་རྫོབ་ཀྱི་གནས་ལུགས་ལ་ཞུགས་པར་མཚུངས་པའི་ཕྱིར། གཞན་ཡང་ཕུང་པོ་མི་རྟག་པར་རྟོགས་པ་གང་ཟག་ལ་རྟག་འཛིན་སྤོང་བ་ཡིན་ན། འོ་ན་ཕུང་སོགས་ཆོས་ལ་བདག་འཛིན་གྱི་ས་བོན་སྤངས་པའི་སྒོ་ནས་གང་ཟག་ལ་བདག་འཛིན་སྤོང་དགོས་པར་མཚུངས་ལ། དེ་ལྟ་ན་གང་ཟག་གི་བདག་འཛིན་སྤོང་བ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་འདོད་པ་ཉམས་སོ། །ཆོས་དེ་ལ་བདེན་འཛིན་ཡིན་ན་ཆོས་དེ་ལ་བདག་འཛིན་ཡིན་པས་ཁྱབ་བམ་མ་ཁྱབ། མ་ཁྱབ་ན། བདེན་འཛིན་ཡིན་ན་བདག་འཛིན་ཡིན་པས་ཁྱབ་པ་ཉམས་ལ། ཁྱབ་ན། གང་ཟག་ལ་བདེན་འཛིན་གྱི་བློ་ཆོས་ཅན། གང་ཟག་ལ་བདག་འཛིན་ཡིན་པར་ཐལ། དེ་ལ་བདེན་འཛིན་ཡིན་པའི་ཕྱིར། གསུམ་ཆར་ལ་ལན་མེད་དོ། །ཡང་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན་ན། འོ་ན། ཆོས་ལ་དམིགས་ནས་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བློ་ཡིན་ན། གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་པར་ཐལ་ལ། འདོད་ན་སྒྲ་རྟག་འཛིན་གྱི་རྟོག་པའང་གང་ཟག་གི་བདག་འཛིན་དུ་ཐལ་ཞེས་བརྗོད་ན། རྟོག་གེ་བ་མཐའ་དག་གི་སྨྲ་བའི་འཇུག་པ་གཅིག་པ་འགྱུར་རོ། །ཞེས་བྲིས་སོ། །དེར་རང་རྒྱུད་པ་མན་གྱིས་འདོད་པའི་བདག་མེད་ཇི་ཙམ་བསྒོམ་པ་མཐར་ཐུག་ཀྱང་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་འབྱིན་མི་ནུས་སོ། །ཞེས་གསུངས་སོ། །འདི་ཟླ་ཞབས་ཀྱི་དགོངས་པར་མ་སོང་ཞིང༌། ལྟར་སྣང་འབའ་ཞིག་སྟེ། འོ་ན་འདི་ལྟར། དངོས་པོ་མི་རྟག་པར་རྟོགས་པའི་གསལ་སྣང་མཐར་ཐུག་པ་ན། དངོས་པོ་ལ་བདེན་འཛིན་ཀུན་བཏགས་ཀྱི་ས་བོན་སྤོང་ནུས་པར་ཐལ། གང་ཟག་མི་རྟག་སོགས་བཅུ་དྲུག་ཏུ་གོམས་པར་བྱས་ཙམ་གྱིས་གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ས་བོན་སྤོང་ནུས་པའི་ཕྱིར། གསུམ་ཆར་ལ་ཡང་མེད་དོ། །རྣལ་མའི་ལན་ནི་ཕུང་པོ་མི་རྟག་པར་རྟོགས་པ་རྐྱང་པས་གང་ཟག་གི་བདག་འཛིན་གྱི་ས་བོན་སྤོང་ནུས་པ་མ་ཡིན་གྱི་ཕུང་པོ་སྟོང་པ་དང་བདག་མེད་དུ་རྟོགས་པས་ཡིན་ནོ། །ཇི་སྐད་དུ། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་སོ། །རྩོད་པ་གཉིས་པའི་ལན་ནི། འོ་ན་མྱུ་གུའི་སྟེང་དུ་མཐའ་བཞིའི་སྐྱེ་བ་བཀག་པས་མྱུ་གུ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་མི་ཁེགས་པར་ཐལ། མྱུ་གུ་ལ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ལ་མཐའ་བཞི་ལས་སྐྱེ་བར་འཛིན་པའི་འཛིན་སྟངས་མེད་པའི་ཕྱིར། ཅི་སྟེ་དེ་ལ་དེ་འདྲའི་འཛིན་སྟངས་མེད་ཀྱང༌། དེས་བཟུང་བ་ལྟར་གྲུབ་ན་མཐའ་བཞི་ལས་མ་འདས་པས་དེ་བཀག་པས་ཅིག་ཤོས་ཁེགས་སོ་སྙམ་ན། འོ་ན་མྱུ་གུ་མི་རྟག་པར་བསྒོམས་པས་མྱུ་གུ་ལ་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་པར་ཐལ། དེས་བཟུང་བ་ལྟར་གྲུབ་ན་རྟག་པར་གྲུབ་དགོས་པའི་ཕྱིར། གསུམ་ཆར་རྒྱུད་མར་ཁས་བླངས་སོ། །རྣལ་མའི་ལན་ནི་བདེན་འཛིན་ལྷན་སྐྱེས་ཀྱི་ཞེན་སྟངས་ལ་ཀུན་བཏགས་ཀྱི་ཞེན་ཡུལ་ལྟར་མེད་ཀྱང༌། ཀུན་བཏགས་ཀྱི་ཞེན་སྟངས་དེ་བཀག་པས། ལྷན་སྐྱེས་ཀྱི་ཞེན་སྟངས་ཀྱི་བཟུང་བྱ་དེ་ཡང་ཁེགས་དགོས་ཏེ། ཀུན་བཏགས་ནི་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་འཐད་པའི་སྒྲུབ་བྱེད་བཀོད་ནས་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་འཛིན་པ་གཅིག་ཡིན་ལ། སྒྲུབ་བྱེད་ཀུན་བཏགས་ཀྱིས་བཟུང་བ་དེ་མི་འཐད་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་སྐྱེས་པ་ན། བསྒྲུབ་བྱ་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་མེད་པར་ངེས་པའི་ཡང་དག་ཤེས་པ་དེ་མ་ཐག་འབྲས་སུ་འདྲེན་པ་ཡིན་ཏེ། དཔེར་ན་སྒྲུབ་བྱེད་མཐའ་བཞིའི་སྐྱེ་བ་ཁེགས་པ་ན། བསྒྲུབ་བྱ་བདེན་སྐྱེ་ཁེགས་པ་བཞིན་ནོ། །གཞན་ཡང་ཐེག་ཆེན་མཐོང་ལམ་གྱི་རྒྱུན་དེ་ཉིད་གོམས་པར་བྱས་པ་ལས་བདེན་འཛིན་ལྷན་སྐྱེས་ཀྱི་ས་བོན་སྤོང་མི་ནུས་པར་ཐལ། གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་གཉེན་པོ་ཙམ་གྱི་རྒྱུན་གོམས་པར་བྱས་པས་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ས་བོན་སྤོང་མི་ནུས་པའི་ཕྱིར། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བློ་འདི་ཀུན་བཏགས་ཁོ་ནར་མ་ངེས་ཏེ། ལྷན་སྐྱེས་ཀྱིས་རང་དབང་ཅན་དུ་ངེས་པར་བཟུང་བའི་ཕྱིར་དང༌། དུད་འགྲོས་ཀྱང་ང་རྟག་གོ་སྙམ་དུ་མ་བཟུང་མོད། རྟག་པའི་དོན་དུ་འཛིན་པ་ཡོད་དེ། དེ་ལྟར་ན་རྟག་འཛིན་ཅན་གྱི་གང་ཟག་ཡིན་ན། གྲུབ་མཐའ་ལ་བློ་ཁ་ཕྱོགས་དགོས་པར་ཐལ་ལོ། །འོན་ཀྱང་དགག་སྒྲུབ་ཀྱི་རྣམ་བཞག་ནི་གྲུབ་མཐའ་སྨྲ་བ་ཁོ་ནའི་སྤྱོད་ཡུལ་དུ་བྱེད་དགོས་པས། རྟག་གཅིག་རང་དབང་ཅན་ལ་སོགས་པའི་ཐ་སྙད་བཏགས་ནས་སྒྲུབ་པར་བྱེད་དོ། །ཁྱད་པར་དུའང་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་བློ། ངར་འཛིན་ལྷན་སྐྱེས་དང་ཞེན་སྟངས་མི་འགལ་བར་འདོད་པ་ནི་ཤིན་ཏུ་ཡང་མི་རིགས་ཏེ། བདག་མེད་པའི་དོན་ནི་ངའོ་སྙམ་པའི་ཞེན་སྟངས་ཀྱི་བཟུང་བྱ་དེ་མེད་པར་རྟོགས་པ་ལ་བྱེད་ལ། དེ་དང་འཛིན་སྟངས་མི་འགལ་ན་གཞན་གཏི་མུག་དང་འགལ་བར་ཇི་ལྟར་སྒྲུབ། དེའི་ཕྱིར་ཁྱེད་ཀྱིས་ནི་ཆོས་ཀྱི་བདག་མེད་མ་རྟོགས་པར་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པར་མི་ནུས་ཞེས་སྨྲ་ན་སྨྲོས་ཤིག དེ་མ་ཡིན་པར་ཕུང་པོ་བདག་གིས་སྟོང་ཞིང་བདག་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ། བདག་འཛིན་དང་འཛིན་སྟངས་མི་འགལ་ཞེས་མ་སྨྲ་ཤིག ཟླ་བའི་ཞབས་ཀྱི་དགོངས་པ་ཡང༌། རང་རྒྱུད་པས་རྟག་གཅིག་རང་དབང་ཅན་གྱི་བདག་བཀག་པ་ན་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་ཁེགས་སོ་ཞེས་སྨྲ་བ་ཕྱོགས་སྔ་མར་བྱེད་པ་ཡིན་གྱི། འདི་ལྟར། གང་དག་དུད་འགྲོར་ཅེས་པའི་དོན་ནི་ཕྱི་རོལ་པས་བདག་ཕུང་རྫས་གཞན་དུ་ཁས་བླངས་ནས་ངར་འཛིན་ལྷན་སྐྱེས་ཀྱིས་ཕུང་པོ་ལས་རྫས་གཞན་པའི་བདག་དེ་བཟུང་བར་ཁས་ལེན་པ་ལ། དེས་ཀྱང་མ་སྐྱེས་རྟགས་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་སྟོན་པ་ཡིན་ལ། བདག་མེད་རྟོགས་ཚེ་ཞེས་སོགས་ཀྱི་དོན་ནི། རང་སྡེ་ཉན་ཐོས་པ། བདག་ཕུང་རྫས་གཅིག་ཏུ་ཁས་བླངས་ནས། མདོ་ལས་བདག་མེད་པར་གསུངས་པས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བ་སུན་འབྱིན་ཚུལ་ཕུང་པོ་ལས་རྫས་གཞན་དུ་གྱུར་པའི་བདག་མེད་པ་དང༌། དེ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བ་འཇིག་ལྟ་འགོག་པར་འདོད་པ་ལ། རང་ཁྱིམ་རྩིག་ཕུག་སོགས་གསུངས་པ་ཡིན་ནོ། །འདིར་འདི་ནི་ངར་འཛིན་བློའི་ཞེས་སོགས་ལ། སྔར་དེ་རིག་མིན་པའང་བདག་ལྟའི་ཕྱིར། །ཞེས་པའི་གྲུབ་དོན་དེ་ཉིད་ཡིན་ནོ། །དེས་ཕུང་པོ་ལས་རྫས་གཞན་པའི་བདག་མེད་པར་རྟོགས་པས་ཕུང་པོ་ཉིད་བདག་ཏུ་རློམ་པའི་ངར་འཛིན་སྤོང་བར་འདོད་པ་ལ་བཞད་བགད་མཛད་པ་ཡིན་གྱི། རྟག་གཅིག་རང་དབང་ཅན་གྱི་བདག་དེ་རང་འཛིན་ལྷན་སྐྱེས་ཀྱི་རྣམ་པའི་རྟེན་མ་ཡིན་པ་ལ་རྟགས་མ་གྲུབ་ཀྱི་ལེན་ཐེབས་མོད། དཔལ་ལྡན་ཟླ་བའི་ཞབས་ལ་སོགས་པ་ཐལ་འགྱུར་བ་རྣམས་ཀྱིས་ཉོན་མོངས་ཀྱི་རྣམ་བཞག་ནི་གྲུབ་མཐའ་སྨྲ་བ་མཐའ་དག་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་ཅེས་གསུངས་ཏེ། འདི་ལ་བརྗོད་པ་དང༌། དེ་སུན་དབྱུང་བ་གཉིས། དང་པོ་ནི་གང་ཟག་གི་བདག་འཛིན་དུ་མ་ཟད་ཆོས་ཀྱི་བདག་འཛིན་ཡང་ཉོན་མོངས་པ་ཅན་གྱི་མ་རིག་པར་བསྒྲུབ་པ་ལ། ལུང་མང་མོད། འདིར་དགོས་པ་ཆེ་བ་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ལ་འདི་སྐད་ཏུ། རྩ་བ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། གང་ཡང་རུང་བའི་གནས་རྙེད་ན། །ཉོན་མོངས་གཡོ་ཅན་སྦྲུལ་དུག་གིས། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་ལྟར་འཛིན་མི་འགྱུར། །ཞེས་དང༌། བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཞེས་སོགས་དང༌། བཞི་བརྒྱ་པ་ལས། ལུས་ལ་དབང་པོ་ཇི་བཞིན་དུ། །གཏི་མུག་རྒྱུན་ལ་གནས་མི་འགྱུར། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང༌། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་དང༌། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགགས་པར་འགྱུར། །ཞེས་དང༌། དེའི་འགྲེལ་པ་ན། ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ། ལོག་པས་ཉན་ཐོས་དང་རང་སངས་རྒྱས་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་བཟློག་པར་རྣམ་པར་བཞག་གོ་ཞེས་དང༌། འཇུག་འགྲེལ་ལས། དེ་ལྟར་ན་སྲིད་པའི་ཡན་ལག་གིས་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །ཞེས་དངོས་པོ་རྣམས་སྲིད་པའི་རྩ་བར་གྱུར་པའི་མ་རིག་པར་བཤད་པའི་ཕྱིར་དང༌། ཡང་དྲུག་ཅུ་པར། གནས་བཅས་སེམས་དང་ལྡན་པ་ལས། །ཉོན་མོངས་པ་དུག་ཅན་ཅིས་མི་འབྱུང༌། །ཞེས་དང༌། དེའི་སྔ་འགྲེལ་དུ། གང་དག་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་དམིགས་ཀྱང་ཉོན་མོངས་པ་རྣམས་སྤོང་བར་འདོད་པ་དེ་དག་ལ་ནི། ཉོན་མོངས་སྤོང་བ་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། གསུངས་པ། ཞེས་དང༌། དེའི་ཕྱི་འགྲེལ་ལས། དངོས་པོར་དམིགས་པ་ཡིན་ན་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རང་བཞིན་བཟློག་ཏུ་མེད་པ་རྣམས་འབྱུང་ངོ༌། །ཇི་ལྟར་ཞེ་ན། རེ་ཤིག་དངོས་པོ་དེ་ཡིད་དང་མཐུན་པ་ཡིན་ན་ནི། དེའི་ཚེ་དེ་ལ་རྗེས་སུ་ཆགས་པ་བཟློག་པར་དཀའོ། །ཅི་སྟེ་མི་མཐུན་ན་ནི། དེའི་ཚེ་དེ་ལ་ཁོང་ཁྲོ་བ་དང༌། ཚིག་པ་ཟ་བ་བཟློག་པར་དཀའོ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཅེས་གསུངས་སོ། །རིགས་པའི་སྒྲུབ་བྱེད་ལ། ཆེན་པོ་ཉིད་ནི། བདེན་འཛིན་དེ་དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་འགལ་བ་མི་མཐུན་ཕྱོགས་སུ་གྲུབ་པས། མ་རིག་པར་གྲུབ་ཅིང༌། དེ་མ་ཟད་ཀྱི་བར་འཇིག་ལྟ་མི་མཛད་པར་བསྒྲུབ་ནུས་པས་ཉོན་མོངས་ཅན་དུ་གྲུབ། བདེན་འཛིན་དེ་ལ་ཡུལ་ཡིད་དུ་འོང་མི་འོང་སོགས་ཀྱི་རྣམ་པར་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་སྐྱེ། དེ་ལས་ཡུལ་ལ་འདོད་པའི་རྣམ་པ་ཅན་གྱི་འདོད་ཆགས་དང༌། མི་འདོད་རྒྱབ་ཀྱིས་ཕྱོགས་པའི་ཞེ་སྡང་འབྱུང་བར་འགྱུར་བས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་དྲངས་པའི་འཇོག་ཚུལ་མི་འདྲ་ལ་དེ་ལ་བརྟེན་ནས་ང་རྒྱལ་སོགས་ཀྱང་འདྲེན་ནུས་ལ་ཚིག་མང་དུ་དོགས་ནས་མ་བྲིས་སོ། །ཞེས་གསུངས་ཤིང༌། ཆགས་སྡང་སོགས་གཏི་མུག་དང་མཚུངས་ལྡན་ཡིན་པས་དམིགས་རྣམ་མཚུངས། རྗེས་འཇུག་གིས་ནི་ཇི་སྲིད་ཕུང་པོ་ལ་བདེན་འཛིན་མ་སྤངས་པར་གང་ཟག་ལ་བདེན་འཛིན་སྤོང་མི་ནུས་ལ། དེ་མ་སྤངས་པར་དེའི་དབང་གིས་ལས་བསགས་ནས་འཁོར་བ་མི་ཟློག་པར་བཤད་པའི་རིགས་པས་ཁོར་བའི་རྩ་བར་གྲུབ། དེའི་ཕྱིར་རྟེན་འབྲེལ་གྱི་ཡན་ལག་ཏུ་གྱུར་པའི་མ་རིག་པར་གྲུབ། དེའི་ཕྱིར་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་གྲུབ་བོ། །ཡང་བདེན་འཛིན་ལྷན་སྐྱེས་ལ་ཡུལ་ཡིད་དུ་འོང་མི་འོང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་སྐྱེ་ལ། དེ་ལས་ཆགས་སྡང་རྨོངས་གསུམ་སྐྱེ་ཞིང༌། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་རང་བཞིན་གྱིས་གྲུབ་པར་འཛིན་པ་ལས། དེ་ལ་སྲེད་པ་སྐྱེ་བས། དེའི་ཕྱིར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ལ་མ་ལྟོས་པར། བདེན་འཛིན་ལས་སྐྱེས་པའི་ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་རྣམས་ཀྱང་ལེགས་པར་ཤེས་དགོས་སོ། །ཞེས་སྨྲའོ། །གཉིས་པ་དེ་སུན་དབྱུང་བ་ལ་གཉིས་ཏེ། ལུང་གི་སྒྲུབ་བྱེད་མ་འབྲེལ་བར་བསྟན། རིགས་པའི་སྒྲུབ་བྱེད་མི་འཐད་པར་བསྟན། དེ་ལ་འཕྲོས་ནས་རང་ལུགས་བཞག རྩོད་པ་སྤང་བ་རྣམས་སོ། །དང་པོ་ལ་དེ་ལྟར་སྟོན་པ་ལུང་གི་དོན་ཡིན་པ་ལ་གནོད་བྱེད་བསྟན། ལུང་དོན་བཤད་པ་དངོས་གཉིས། དང་པོ་ནི་དྲངས་མ་ཐག་པའི་གཞུང་རྩ་བ་རྣམས་ཀྱིས། བདེན་འཛིན་ཡིན་ན་མ་རིག་པ་ཡིན་པས་ཁྱབ་པ་དང༌། བདེན་འཛིན་འཁོར་བའི་རྩ་བ་མ་ཡིན་པ་ཅིག་བསྟན་མོད། མ་རིག་པ་ལ་ཉོན་མོངས་ཀྱིས་ཁྱབ་པ་ཁས་ལེན་ནུས་སམ། མི་ནུས་ན་ནི། དེ་ལྟ་ན། བདེན་འཛིན་ལ་ཉོན་མོངས་ཀྱིས་ཁྱབ་པ་ལུང་དེའི་དགོངས་པར་ཇི་ལྟར་རུང༌། མ་ཁྱབ་ན་འགལ་ཏེ། ཁྱེད་ལྟར་ན་མ་རིག་པ་ངོས་འཛིན་པའི་གཞུང་འགྲེལ་རྣམས་ལས་བདེན་འཛིན་ལས་གཞན་མ་བཤད་ལ། དེ་ལ་ཉོན་མོངས་ཀྱིས་ཁྱབ་པའི་ཕྱིར། གསུམ་ཆར། ཁྱབ་པ་ནི་ཁྱེད་ལྟར་ན་མ་རིག་པའི་བག་ཆགས་སུ་གྱུར་པའི་སེམས་འབྱུང་ཆོས་ཅན། དེར་ཐལ་མ་རིག་པ་ཡིན་པའི་ཕྱིར་ཏེ། རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་རྨོངས་པ་ཡིན་པའི་ཕྱིར། གསུམ་ཆར་ཁས་མ་བླངས་སམ་སོམས་ཤིག དབང་ཤེས་ལ་བདེན་པར་སྣང་བའི་བདེན་སྣང་མངོན་གྱུར་བ་དེ་ཆོས་ཅན། མ་རིག་པ་ཡིན་པར་ཐལ། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། གསུམ་ཆར། འདོད་ན། ཤེས་པར་ཐལ། མ་རིག་པ་ཡིན་པའི་ཕྱིར། མ་ཁྱབ་ན་ནི། རིག་པ་བཀག་ཙམ་ལ་མ་རིག་པར་བྱས་པ་ཅིག་ཁས་ལེན་པ་ལ། དེ་ཡང་ཁྱེད་མི་འདོད་པ་དང་འགལ། དེ་ཤེས་པར་འདོད་ན་ནི། མིག་ཤེས་ལ་བདེན་པར་སྣང་བ་དང་ཤེས་པའི་གཞི་མཐུན་མིག་ཤེས་ལས་གཞན་མེད་པས། མིག་ཤེས་ཤེས་བྱའི་སྒྲིབ་པར་ཐལ་ལོ། །གཞན་ཡང་མ་རིག་པའི་བག་ཆགས་མ་རིག་པར་འདོད་ན་ནི། འདོད་ཆགས་ལ་ཡང་མཚུངས་ལ། དེ་ལྟ་ན་ས་བརྒྱད་པར་ཉོན་མོངས་སྤངས་པར་བཤད་པ་དང་འགལ་ལ། ཁྱེད་ཀྱིས་བཅོས་མར་གྱུར་པ་ཞེས་པར། དགྲ་བཅོམ་པ་དང༌། དག་པ་སར་མ་རིག་པ་སྤངས་པར་བཤད་པ་དང་འགལ་ཞིང༌། ཉོན་མོངས་པའི་བག་ཆགས་ཉོན་མོངས་པར་འདོད་པ་ཤིང་རྟའི་སྲོལ་འབྱེད་སུ་ཡང་མ་བྱུང་ཤིང༌། དེ་ལྟ་ན་བདེན་འཛིན་གྱི་བག་ཆགས་ཀྱང་བདེན་འཛིན་དུ་ཧ་ཅང་ཐལ་ལོ། །དེའི་ཕྱིར་མ་རིག་པ་ལ་ཉོན་མོངས་ཀྱིས་ཁྱབ་བོ་ཞེས་པ་འདི་ཟླ་བའི་བཞེད་པར་ཁས་བླངས་པ་ཤིན་ཏུ་མི་འཐད་དེ། འཇུག་འགྲེལ་ལས། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་ཉོན་མོངས་པ་ཅན་མ་རིག་པ་ཙམ་ཀུན་དུ་སྤྱོད་པའི་ཕྱིར། མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པའི་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི་འཕགས་པ་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་མ་ཡིན་ནོ། །ཞེས་དང༌། ཉོན་མོང་ཅན་གྱི་མ་རིག་པ་ཞེས་ཡང་ཡང་གསུངས་པའི་ཤུགས་ཀྱིས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཅིག་ཀྱང་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་ཡང་ཁྱེད་ལ་མི་རྙེད་ཅིང་ཁོ་བོ་ཅག་ལ་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །ཡང་བདེན་འཛིན་ཉོན་མོངས་ཀྱི་རྩ་བ་དང༌། མ་རིག་པར་བསྟན་པ། རྩ་བ་དེ་རྣམས་ཀྱིས་དངོས་སུ་གྲུབ་མོད། དེ་ཙམ་གྱིས་བདེན་འཛིན་ཡིན་ན་ཉོན་མོངས་ཅན་ཡིན་པས་ཁྱབ་པར་མི་འགྲུབ་སྟེ། བདེན་འཛིན་ཡིན་ན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་བོ་སྙམ་ན། འདི་ནི་ལུང་དང་རིགས་པས་གྲུབ་སྟེ། བདེན་འཛིན་ཡིན་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་ཕྱེ་ནས། ཉོན་མོངས་པ་ཅན་གྱི་བདེན་འཛིན་ཁོ་ན་འཁོར་བའི་རྩ་བར་བསྟན་པའི་ཕྱིར། འགྲེལ་པ་དག་ལས། ཉོན་མོངས་པ་ཅན་གྱི་མ་རིག་པའི་ཤེས་པ་ཞེས་ངེས་པར་སྨོས་པ་ཡིན་ནོ། །འཆད་པར་འགྱུར་རོ། །རིགས་པས་འགྲུབ་སྟེ། འཕགས་རྒྱུད་ཀྱི་བདེན་འཛིན་རྣམས་འཁོར་བའི་རྩ་བ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་ཡིན་ན། འཕགས་པ་རྣམས་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་ཐལ་ལོ། །དེའི་ཕྱིར་འཁོར་བའི་རྩ་བར་གྱུར་པའི་བདེན་འཛིན་ནི་སོ་སོ་སྐྱེ་བོས་རང་གི་ཕུང་པོ་ལ་བདེན་པར་ཞེན་པའི་བློ་འདི་ཉིད་ལ་བྱ་བ་ཡིན་ཏེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བདེན་མེད་མ་རྟོགས་པར་ཉོན་མོངས་སྤོང་མི་ནུས་པ་ལ་དགོངས་ནས། སྤྱི་ཙམ་ནས་བདེན་འཛིན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ཙམ་དུ་གསུངས་ཤིང༌། དྲུག་ཅུ་པའི་འགྲེལ་པར་སྔར་གསུངས་པ་དེ་ལ་དགོངས་སོ། །གཉིས་པ་ལུང་དོན་བཤད་པ་ནི། ཕལ་ཆེར་དེ་ཉིད་ཀྱིས་གྲུབ་མོད། དེ་ལྟར་ན་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པའི་ཞེས་སོགས་ཀྱི་དོན་བཤད་ན། སྤྱིར་མ་རིག་པ་ལ་རིགས་གཉིས་ཏེ། ཉོན་མོངས་པ་ཅན་དང༌། དེ་མ་ཡིན་པའི་མ་རིག་པའོ། །དང་པོ་ལ་ཡང་རིགས་གཉིས་ཏེ། སྲིད་པའི་ཡན་ལག་གིས་བསྡུས་པ་དང༌། མ་བསྡུས་པ་གཉིས་ལས། སྲིད་པའི་ཡན་ལག་གིས་བསྡུས་པ་ནི། ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བའི་མ་རིག་པ་དེ་ཡིན་ལ། དེ་ལའང་འདིའི་ལུགས་ཀྱི་གཉིས་ཏེ། ཕུང་པོ་ལ་བདེན་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་མ་རིག་པ་དང༌། དེས་བསྐྱེད་པའི་འཇིག་ཚོགས་ལ་ལྟ་བ་དང༌། གང་ཟག་ལ་བདེན་པར་འཛིན་པ་ལྟ་བུ་གང་ཟག་གི་བདག་ཏུ་འཛིན་པའི་མ་རིག་པ་གཉིས། སྲིད་པའི་ཡན་ལག་གིས་མ་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ནི་འཕགས་པ་སློབ་པའི་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་ཞེན་པ་དང༌། ངའོ་སྙམ་པའི་འཇིག་ལྟ་དང༌། ང་བདེན་པར་འཛིན་པའོ། །དེ་དག་ལ་མ་རིག་པ་ཞེས་བྱ་སྟེ། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་མི་ཤེས་པ་ཡིན་པའི་ཕྱིར། སྔར་ཞིབ་ཆ་སྦྱོར་དགོས་སོ། །ཉོན་མོངས་པ་ཅན་ཞེས་བྱ་སྟེ། རང་འབྲས་ཉོན་མོངས་པའི་གཙོ་བོའི་རྒྱུར་གྱུར་པའི་མ་རིག་པ་ཡིན་པའི་ཕྱིར་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཕྱིར། ཐར་པ་ཐོབ་པ་ལ་གཙོ་བོར་གེགས་བྱེད་པའི་ཕྱིར། འདི་སྲིད་པའི་ཡན་ལག་གིས་མ་བསྡུས་ཏེ། འདི་ཡང་སྲིད་འཕེན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ནི། བུམ་སོགས་ཕྱི་རོལ་གྱི་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཏེ། འདི་དག་ཉོན་མོངས་པ་ཅན་མ་ཡིན་ཏེ། གཙོ་བོར་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་ཡིན་པའི་ཕྱིར། འདི་དེ་མ་ཡིན་ན། བུམ་པ་བདེན་པར་སྣང་བ་དེ་ཤེས་སྒྲིབ་ཡིན་པར་ཅིས་འགྲུབ། དེ་འདྲ་དེ་ནི་བུམ་པའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་ཀྱང༌། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་ངེས་མ་ཡིན་པའི་ཕྱིར། ཉོན་མོངས་པ་ཅན་ཡིན་ན། རང་གི་གྲོགས་ཉོན་མོངས་དང་མཚུངས་པས་ཁྱབ་བོ། །ཁྱེད་ལྟར་ན་རང་རྒྱུད་པ་མན་ཆད་ཀྱིས་ཀྱང་མ་རིག་པ་ལ་ཉོན་མོངས་ཀྱིས་ཁྱབ་པར་ཁས་ལེན་པར་འགྱུར་ཏེ། དེ་དག་གིས་ཀྱང་དེ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པར་ཁས་ལེན་པའི་ཕྱིར། ཉོན་མོངས་པ་ཅན་གྱི་མ་རིག་པ་བཞེད་པ་ཐམས་ཅད་ཀྱང་འདི་ཉིད་བཞེད་དོ། །འདི་ཡང་ཞིབ་མོར་ཕྱེ་ན། བདེན་འཛིན་ལ་མ་རིག་པས་མ་ཁྱབ་སྟེ། བདེན་པར་འཛིན་པའི་གཙོ་བོ་ཡིད་རྟོག་ཡོད་པའི་ཕྱིར། མ་རིག་པ་ལའང་བདེན་འཛིན་གྱིས་མ་ཁྱབ་སྟེ། ངའོ་སྙམ་པའི་འཇིག་ལྟ་སོགས་དམིགས་པའི་ཕྱིར། འོན་ཀྱང་དེ་གསུམ་འགལ་བ་ནི་མ་ཡིན་ཏེ། བྱིས་པ་སོ་སོ་སྐྱེ་བོ་འགའ་ཞིག་གི་རྒྱུད་ལ་ནི་བུམ་པ་ལ་བདེན་པར་འཛིན་པའི་བློ་དེ་སྲིད་པའི་ཡན་ལག་གི་ཐོག་མའི་མ་རིག་པར་གྱུར་པ་སྲིད་པའི་ཕྱིར་ཏེ། དེའི་དབང་གིས་ལས་བསགས་ནས་སྐྱེ་བ་ལེན་པ་ཤིན་ཏུ་སྲིད་པའི་ཕྱིར་ཏེ། བྱིས་པ་འགའ་ཞིག་གསེར་བུམ་གཅིག་བདེན་པར་ཞེན་པའི་དབང་གིས་དེ་ལ་སྲེད་པ་སྐྱེ། དེ་དོན་དུ་གཉེར་བའི་འདུན་པ་དང༌། སེམས་པ་སྐྱེ། དེ་ཐོབ་པའི་ཆེད་དུ་ལས་བསགས་པས་བདེ་འགྲོའམ་ངན་འགྲོར་སྐྱེ་བ་མཐོང་བའི་ཕྱིར་རོ། །དེ་ལྟར་ཤེས་པར་བྱས་ནས་དེ་ལྟར་ན་སྲིད་པའི་ཡན་ལག་ཅེས་སོགས་ཀྱི་དོན་ནི་སོ་སོ་སྐྱེ་བོའི་མ་རིག་པ་ལ་དགོངས་ནས་གསུངས་པ་ཡིན་པས། དེའི་རྒྱུད་ཀྱི་མ་རིག་པ་ཙམ་ལ་ཡང༌། སྲིད་པའི་ཞེས་བརྗོད་པ་མི་འགལ་བ་ཡིན་ནོ། །འདི་ནི་བདེན་འཛིན་ཙམ་ལ་བྱ་དགོས་པ་ཡིན་ཏེ། ཀུན་རྫོབ་བདེན་པར་འཇོག་བྱེད་ཀྱི་ཀུན་རྫོབ་དེ་སྟོན་པའི་ངེས་པར་བཟུང་བ་ཡིན་པའི་ཕྱིར། ད་ནི་འདིར་ཞར་ལས་བྱུང་བའི་དོན་ཡང་བརྗོད་པར་བྱ་སྟེ། འཇུག་པར་གཞན་སྐྱེ་བཀག་པ་ལ་ལོ་ཀའི་མངོན་སུམ་དང་འགལ་བ་སྤང་བའི་དུས་དེར་ཉོན་མོངས་པ་ཅན་གྱི་མ་རིག་པ་ལོག་པས་དེས་ན་བྱིས་པ་ལ་ཉོན་མོངས་པ་ཅན་གྱི་མ་རིག་པ་བདེན་སྣང་བསྐྱེད་པའི་རྒྱུར་གསུངས་ལ། འཕགས་པ་སློབ་པ་ལ་ཤེས་སྒྲིབ་ཀྱི་མ་རིག་པའི་བག་ཆགས་དང་བཅས་པ་ཀུན་རྫོབ་ཀྱི་སྣང་བ་བསྐྱེད་པའི་རྒྱུར་གསུངས་ལ། སངས་རྒྱས་ཀྱིས་ནི་མ་རིག་པ་བག་ཆགས་དང་བཅས་པ་སྤངས་པས་མ་རིག་པས་བསྐྱེད་པའི་ཡུལ་སྣང་མི་མངའ་བར་བཤད་པས། ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཀུན་རྫོབ་འདི་བདེན་འཛིན་ཙམ་དང༌། དེ་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་སུ་འབྱེད་དགོས་པར་འགལ་ལོ། །དེ་ཡང་བྱིས་པ་རྣམས་ཀྱི་གཟུགས་སྒྲ་སོགས་བདེན་པར་རྟོག་པའི་རྒྱུའི་གཙོ་བོ་ནི། སྲིད་པའི་ཡན་ལག་གིས་བསྡུས་པའི་བདེན་འཛིན་ཉིད་ལ་བྱ་དགོས་ཏེ། དེ་རྣམས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ལ་མི་ལྟོས་པ་གང་ཞིག བདག་ཏུ་རྨོངས་པ་ཉིད་ལས་ཡུལ་རྣམས་ཀྱང་བདེན་པར་ཞེན་པའི་ཕྱིར། དང་པོར་ངའོ་ཞེས་རྨོངས་པས། ཕྱིས་བདག་གི་བའི་དངོས་པོ་ལ་ཆགས་པར་གསུངས་པ་ཉིད་དོ། །གང་ཟག་གི་བདག་མེད་པར་རྟོགས་པའི་རྟེན་འབྱུང་ཆུ་ཤིང་ལྟ་བུར་གཟིགས་པ་རྣམས་ལ་ནི། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཉིད་གཉིས་སྣང་འཁྲུལ་པ་སྐྱེ་བའི་རྒྱུར་དགོས་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པས་བདག་ཏུ་འཛིན་པའི་དབང་གིས་ཕྱི་རོལ་གྱི་དངོས་པོ་ལ་བདེན་པར་ཞེན་པའི་གོ་སྐབས་མ་རྙེད། ཕྱི་རོལ་གྱི་དངོས་པོ་ཡང་བདེན་མེད་དུ་རྟོགས་པས་དེ་ལ་དམིགས་པའི་བདེན་ཞེན་མངོན་གྱུར་བ་སྐྱེ་བའི་གོ་སྐབས་མ་རྙེད། ཕྱི་རོལ་གྱི་དངོས་པོ་ལ་བདེན་པར་ཞེན་པའི་མ་རིག་པའི་བསླད་པ་ཞུགས་པ་ལ་བརྟེན་ནས་ཡུལ་སྣ་ཚོགས་ཀྱི་རྣམ་པ་ཤར་བའི་ཕྱིར་རོ། །རྫོགས་པའི་སངས་རྒྱས་ཀྱིས་ནི་གཉིས་སྣང་དང་བྲལ་བའི་ཆོས་ཉིད་ལ་རྟག་ཏུ་མཉམ་པར་འཇོག་ནུས་ཏེ། མ་རིག་པའི་བག་ཆགས་ཀྱང་ལོག་པའི་ཕྱིར། དེ་ལྟར་ན་དངོས་པོ་ལ་ངོ་བོ་གཉིས་ཏེ། སོ་སྐྱེས་རྙེད་པའི་ངོ་བོ་དང༌། འཕགས་པས་རྙེད་པའི་ངོ་བོ་གཉིས་སོ། །དང་པོ་ནི་བདེན་པར་རྙེད་པའི་ངོ་བོ་སྟེ། འདི་ལ་སྣང་གཞི་ཐ་སྙད་དུ་ཡང་མེད་བཞིན་དུ་བདེན་པར་སྣང་བ་དང༌། སྣང་གཞི་ཐ་སྙད་དུ་ཡོད་པ་ལ་བདེན་པར་སྣང་བ་གཉིས། དེ་ནི་སོ་སོ་སྐྱེ་བོ་ཉིད་ལ་ལྟོས་པའི་བདེན་རྫུན་ནོ། །དེ་དག་ནི་མཐོང་བརྫུན་པ་ཀུན་རྫོབ་བདེན་པར་གསུངས་པ་དང༌། གཏི་མུག་རང་བཞིན་ཞེས་པས་བསྟན། གཉིས་པ་ལ། རེས་འགའ་བ་འཕགས་པ་སློབ་པའི་གཟིགས་ཚུལ། རེས་འགའ་བ་མ་ཡིན་པ་སངས་རྒྱས་ཀྱི་གཟིགས་ཚུལ་ལོ། །འདི་གཉིས་ནི། མདོར་བསྟན་དུ། ཡང་དག་མཐོང་ཡུལ། ཞེས་དང༌། རྒྱས་བཤད་དུ། བཅོས་མར་གྱུར་པའི། ཞེས་དང༌། རབ་རིབ་ཅེས་སོ། །སློབ་པའི་གཟིགས་ཚུལ་ལ་ཡང༌། རྗེས་ཐོབ་ཏུ་གཟིགས་ཚུལ་དང༌། མཉམ་གཞག་ཏུ་གཟིགས་ཚུལ་ལོ། །འདི་ནི་འཕགས་པ་ལ་ལྟོས་པའི་ཡང་ལོག་གོ །དང་པོ་དེ་ཀུན་རྫོབ་ཡིན་པར་བཅོས་མར་ཞེས་པས་དངོས་སུ་བསྟན། ཕྱི་མ་དེ་དོན་དམ་དུ་ཤུགས་ལ་བསྟན་པར་འགྲེལ་པ་ལས་ཤེས་སོ། །དེའི་ཕྱིར་ཡང་དག་མཐོང་ཡུལ་ཞེས་པས་བསྟན་པའི་ཀུན་རྫོབ་ཀྱི་མཐོང་ཚུལ་ཡང་དག་པ་ཞེས་པ་ཅིག་ཁས་བླངས་ནས། དེ་ནི་བཅོས་མར་གྱུར་ཅེས་པས་སྟོན་པར་འགལ་ལོ། །དེ་ཡང་འགྲེལ་པར། སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ནི་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་ནི། དེ་རྣམས་ཀྱི་དོན་དམ་པའོ། །སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི། རང་བཞིན་ཉིད་ཡིན་ཞིང༌། དེ་ཡང་བསླུ་བ་མེད་པ་ཉིད་ཀྱི་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ་ཞེས་གསུངས་པས་ཤེས་སོ། །གོང་དུ་ཡིན་ལུགས་མ་རིག་པ་དང་ལྡན་པ་རྣམས་ལ་མི་སྣང་བར་གསུངས་པ་དང༌། སངས་རྒྱས་ཀྱི་དོན་དམ་ལ་དགོངས་པར་འགལ་ལོ། །དེས་ན་སློབ་པས་གཟིགས་པ་གནས་སྐབས་ཀྱི་དོན་དམ་དང༌། སངས་རྒྱས་ཀྱིས་གཟིགས་པ་མཐར་ཐུག་གི་དོན་དམ་གཉིས་བཞེད་དེ། ཕྱི་མ་དེ་ནི་རང་བཞིན་མི་བསླུ་བས་དོན་དམ་མཐར་ཐུག་ཡིན་ལ། སློབ་པས་གཟིགས་པ་དེ་ནི་རེས་འགའ་བ་ཡིན་པས་བསླུ་བའོ། །དེས་ན་མྱང་འདས་ཁོ་ན་མི་བསླུ་བར་བཤད་ན་ལེགས་སོ། །འདིའི་སྐབས་སུ། གཏི་མུག་རང་བཞིན་སྒྲིབ་ཕྱིར། ཞེས་སོགས་ཀྱི་དགོངས་པ་ནི། ཀུན་རྫོབ་བདེན་པའི་སྣང་ཚུལ་དང༌། དོན་དམ་བདེན་པའི་སྣང་ཚུལ་གཉིས། དང་པོ་ལ་ཡང་སོ་སོ་སྐྱེ་བོའི་སྣང་ཚུལ་དང༌། འཕགས་པའི་སྣང་ཚུལ་གཉིས། དང་པོ་ལ་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་དེ་ཆོས་ཅན། ཀུན་རྫོབ་ཅེས་བྱ་སྟེ། རང་བཞིན་ནམ་དེ་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར། སོ་སོ་སྐྱེ་བོ་རྣམས་ཆོས་ཅན། ཁྱོད་ལ་གཟུགས་སྒྲ་སོགས་བདེན་པར་སྣང་བ་ཡིན་ཏེ། རང་རྒྱུད་ཀྱི་མ་རིག་པ་བཤད་མ་ཐག་པ་དེས་གཟུགས་སྒྲ་སོགས་མི་བདེན་བཞིན་དུ་བདེན་པར་བཅོས་ནས་སྣང་བའི་ཕྱིར། ཞེས་སྟོན་པ་ནི་གཏི་མུག་རང་བཞིན་ཞེས་པ་ནས་དེས་གསུངས་ཞེས་པའི་བར་རོ། །སྣང་ཚུལ་གཉིས་པ་ནི། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་སྤངས་པའི་འཕགས་པ་འདུ་བྱེད་གཟུགས་བརྙན་སོགས་དང་འདྲ་བར་གཟིགས་པ་རྣམས་ཆོས་ཅན། ཁྱོད་ལ་དངོས་པོ་རྣམས་བདེན་པར་མི་སྣང་སྟེ། ཁྱོད་ལ་བཅོས་མར་གྱུར་པའི་དངོས་པོ་རྣམས་ཀུན་རྫོབ་ཏུ་སྣང་བའི་ཕྱིར་ཏེ། སྒྱུ་མ་ལྟ་བུར་གཟིགས་པའི་ཕྱིར། ཞེས་སྟོན་པ་ནི། བཅོས་མར་གྱུར་ཞེས་སོགས་སོ། །དེས་ན་གཞུང་འདི་འདི་ལྟར་འབྱུང་སྟེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་དང༌། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུ། །སྣང་བ་དེ་ཡང་ཀུན་རྫོབ་བདེན་པ་ཞེས། །ཐུབ་པའི་དབང་པོས་ཀུན་རྫོབ་བདེན་པ་གསུངས། །ཞེས་པར་འགྱུར་རོ། །དེ་ལྟར་ཀུན་རྫོབ་ཀྱི་སྣང་བ་གཉིས་ལས། དང་པོ་བྱིས་པའི་སྣང་ཚུལ་དེས། གཉིས་པ་འཕགས་པའི་སྣང་ཚུལ་ལ་མི་གནོད་དེ། ཆོས་ཅན་ཀུན་རྫོབ་པའི་ཡིན་ལུགས་དེ་བྱིས་པ་རྣམས་ལ་སྣང་བ་མ་ཡིན་ནོ་ཞེས་ཤུགས་ལ་སྟོན་པ་ནི། རབ་རིབ་མཐུ་ལས། ནས། དེ་བཞིན་འདིར་ཤེས་ཀྱིས། །ཞེས་པའི་བར་རོ། །བྱིས་པ་རྣམས་ལ་ཀུན་རྫོབ་ཀྱིས་དངོས་པོ་མཐའ་དག་བདེན་པར་སྣང་བས་ཁྱབ་བམ་ཞེ་ན། འགྲེལ་པར། བརྟེན་ནས་བྱུང་བ་གཟུགས་བརྙན་དང་བྲག་ཆ་སོགས་ཅུང་ཟད་གཅིག་ནི་རྫུན་པར་ཡང་མ་རིག་པ་དང་ལྡན་པ་རྣམས་ལ་སྣང་ལ། སྔོན་པོ་ལ་སོགས་པའི་གཟུགས་དང་སེམས་དང་ཚོར་བ་ལ་སོགས་པ་ཅུང་ཟད་ནི་བདེན་པར་སྣང་ཞེས་གསུངས། འོ་ན་དེས་རྫུན་པར་སྣང་བ་དེའི་རང་བཞིན་མཐོང་ངམ་ཞེ་ན། ཆོས་རྣམས་ཀྱི་ཡིན་ལུགས་ཀྱི་རང་བཞིན་ནི། དེ་ལྟར་ན་བྱིས་པའི་སྣང་ཚུལ་གཉིས། འཕགས་པའི་སྣང་ཚུལ་གཅིག་སྟེ། གསུམ་ཆར་གྱི་སྣང་བ་དེ་རྣམས་ཀུན་རྫོབ་བདེན་པར་ནི་འདྲ་བས་དེ་རྣམས་ཀུན་རྫོབ་ཙམ་དུ་བདེན་པར་འདྲའམ་ཞེ་ན། ཆོས་ཉིད་ནི་ཀུན་རྫོབ་ལ་མི་སྣང་བས། དེར་སྣང་བ་བྲག་ཆ་སོགས་དང༌། འཕགས་པའི་སྣང་ཚུལ་གཉིས་ནི། ཡུལ་ཅན་ཀུན་རྫོབ་པའི་ངོར་ཡང་རྫུན་པར་སྣང་བའི་ཕྱིར། མི་བདེན་ནོ་ཞེས་སྟོན་པ་ནི། འགྲེལ་པར། དེའི་ཕྱིར། དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་རྫུན་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ་ཞེས་གསུངས་སོ། །སྐབས་འདིར་ཉན་རང་དང་བྱང་སེམས་ལ་བདེན་པར་རློམ་པ་མེད་པར་གསུངས་པའི་ཉན་རང་ནི་དགྲ་བཅོམ་པ་དང༌། བྱང་སེམས་ནི་དག་པ་ས་ལ་གནས་པའི་བྱང་སེམས་ལ་བྱ་དགོས་ཏེ། མ་རིག་པ་སྤངས་པར་བཤད་པ་དང༌། བདེན་པར་རློམ་པ་མེད་པར་བཤད་པའི་ཕྱིར་དང༌། ཉན་རང་སློབ་པ་དང༌། མ་དག་ས་པ་རྣམས་ལ་ནི། བདེན་འཛིན་ལྷན་སྐྱེས་ཡོད་པས། དེ་རྣམས་ཀྱི་ཀུན་རྫོབ་ཀྱི་ངོར་མི་བདེན་པར་སྒྲུབ་མི་ནུས་པའི་ཕྱིར། ཞེས་གསུངས་སོ། །དེ་སྐད་དུ་གསུངས་པའང་དེར་མ་ངེས་ཏེ། དེ་རྩ་འགྲེལ་གཉིས་ཀའི་གོང་འོག་གི་འཕྲོས་དང༌། ཚིག་ཟིན་ལ་སྔ་མ་རྣམས་བྱིས་པ་དང༌། ཕྱི་མ་འཕགས་པ་ཙམ་ལ་བཤད་པའི་ཕྱིར་དང༌། འགྲེལ་པར་ཉན་རང་དང་བྱང་སེམས་ཀྱི་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པ་ཞེས་བཤད་ཀྱི། མ་རིག་པ་ཙམ་ལ་མ་བཤད། དེ་ཡང་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་ཙམ་ལ་བྱ་དགོས་ལ། དེ་ཡང་འཕགས་པ་རྣམས་ཀྱི་སྤྱི་ཙམ་ནས་སྤངས་པར་བཞག་ནུས་པའི་ཕྱིར། བདེན་པར་རློམ་པ་ཞེས་པ་ཡང་མངོན་པར་ཞེན་པ་མངོན་གྱུར་པ་ལ་བྱ་དགོས་ལ། དེ་ཡང་འདུས་བྱས་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཉན་རང་དང་བྱང་སེམས་ལ་མེད་པའི་འཐད་པ་སྒྲུབ་བྱེད་དུ་འཐད་དོ། །དེ་སྐད་དུ་ཡང༌། འདུ་བྱེད་གཟུགས་བརྙན་སོགས་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་གྱིས་བདེན་པ་མ་ཡིན་ཏེ། བདེན་པར་རློམ་པ་མེད་པའི་ཕྱིར། །ཞེས་གསུངས་སོ། །དེའི་བདེན་འཛིན་ལྷན་སྐྱེས་ཡོད་ན་སྐུ་དེའི་གཟུགས་ཀྱི་ངོར་བདེན་སྣང་མངོན་གྱུར་པ་མི་འབྱུང་སྟེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང༌། དེ་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར་རོ། །དེ་ལྟར་མ་རིག་པ་དང་ལྡན་པ་རྣམས་ལ་ཡིན་ལུགས་ཀྱི་རང་བཞིན་མི་སྣང་བར་གསུངས་པ་དང༌། ཡང་སྲིད་པའི་ཡན་ལག་གིས་བསྡུས་པ་སོ་སོ་སྐྱེ་བོའི་མ་རིག་པ་ལ་བྱས་ན་འབྲེལ་གྱི། ཁྱེད་ལྟར་ན་འདི་ཡང་མ་རིག་པ་ཙམ་ལ་བྱ་དགོས་པར་འགྱུར་ལ། མ་རིག་པས་བསླད་པའི་ཤེས་པ་ལ་ཟེར་མོད། དེ་ལྟ་ནའང༌། མ་རིག་པའི་ཤེས་པ་དང་ལྡན་པ་རྣམས་ལ། ཆོས་རྣམས་ཀྱི་ཡིན་ལུགས་མི་སྣང་བར་འདོད་ནུས་སམ། མ་རིག་པས་བསླད་པའི་ཤེས་པ་དེ་ཉིད་ལ་མི་སྣང་བར་འདོད་ནའང༌། དེ་ཁོ་ན་ཉིད་མ་རྙེད་པའི་སོ་སོ་སྐྱེ་བོ་དང༌། འཕགས་པ་སློབ་པའི་རྗེས་ཐོབ་ལ་ཡིན་ལུགས་མི་སྣང་བར་འདོད་དགོས་པར་འགྱུར་པས། དང་པོ་ཉིད་ནས་མ་རིག་པ་དེ་ཉིད་ལ་མངོན་སུམ་དུ་མི་སྣང་བའི་དོན་ཡིན། ཞེས་སྨྲས་པས་ཆོག་མོད། གཞན་གྱིས་ཅི་ཞིག་བྱ། གཞན་ཡང༌། འགྲེལ་པར། གང་ཟག་གསུམ་ལ་བཅོས་མར་སྣང་བའི་བདེན་པར་མི་སྣང་བའི་སྒྲུབ་བྱེད་བཤད་པའི་འཕྲོས་མཇུག་ཏུ་དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་དུ་སྤྱོད་པའི་ཕྱིར། མ་རིག་པ་དང་དེའི་བག་ཆགས་ཀྱིས་བསླད་པའི་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ལ་སྣང་གི འཕགས་པ་སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་མ་ཡིན་ནོ། །ཞེས་གསུངས་སོ། །དོན་ནི་ཉན་རང་དང་བྱང་སེམས་འཕགས་པ་རྣམས་ལ་ཀུན་རྫོབ་ཙམ་དེ་སྣང་བའི་རྒྱུ་མཚན་ཅི་ཞེ་ན། ཉན་རང་དང་མ་དག་པའི་བྱང་སེམས་ཀྱི་རྗེས་ཐོབ་ལ་རྟེན་འབྲེལ་སྣ་ཚོགས་འདི་སྣང་བ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་སྲིད་པའི་ཡན་ལག་གིས་བསྡུས་པ་དེ་ལོག་ཀྱང༌། དེ་མ་ཡིན་པའི་མ་རིག་པ་ཤེས་སྒྲིབ་ཀྱི་མཚན་ཉིད་ཅན་གཅིག་ཡོད་པས་དེ་བསླད་པའི་ཕྱིར་དང༌། དག་སའི་རྗེས་ཐོབ་ལ་མ་རིག་པ་མེད་ཀྱང་དེའི་བག་ཆགས་ཀྱིས་བསླད་པའི་ཕྱིར་སྣང་ངོ༌། །སངས་རྒྱས་ཀྱི་ཆོས་སྐུ་ལ་ནི་ཀུན་རྫོབ་ཙམ་ཡང་མི་སྣང་སྟེ། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བའི་ཕྱིར་ཏེ། བག་ཆགས་ཀྱི་བསླད་པ་ལོག་པའི་ཕྱིར། ཞེས་པའོ། །མ་དག་སར་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡོད་ཅེས་མ་སྨོས་པ་ནི། འདི་ལྟ་བུའི་ཉོན་མོངས་པ་ཅན་གྱི་མ་རིག་པ་དེ། རང་བྱེད་པའི་སྐྱེས་བུ་ལ་རྟོག་པའི་རྒྱུ་གཙོ་བོ་ཡིན་གྱི་ཡུལ་སྣང་བའི་རྒྱུའི་གཙོ་བོ་མ་ཡིན། བུམ་སོགས་ལ་བདེན་པར་རྟོག་པ་ལྟ་བུ་དེ་མ་ཡིན་པའི་མ་རིག་པ་རྣམས་ནི། རྟེན་འབྲེལ་སྣ་ཚོགས་སུ་སྣང་བའི་རྒྱུའི་གཙོ་བོ་ཡིན་ནོ། །དེ་ཡང་སེམས་ལ་གཟུང་འཛིན་གཉིས་སུ་སྣང་བ་འདི་ཐམས་ཅད་མ་རིག་པའི་དབང་གིས་ཡིན་ལ། དེ་ཡང་ནང་འཛིན་པར་སྣང་བའི་ཆ་ནི། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཕྱི་ཡུལ་དུ་སྣང་བའི་ཆ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པའི་མཐུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །འདིས་ཀྱང་སྔར་གྱི་གང་ཟག་གསུམ་པོ་འཕགས་པ་ཙམ་དུ་འགྲུབ་བོ། །དེ་ལས་གཞན་དུ་མ་རིག་པ་དང་དེའི་བག་ཆགས་སོ་སོར་སྨོས་ག་ལ་དགོས་ཤིང༌། སློབ་ལམ་དུ་མཉམ་རྗེས་རེས་འཇོག་ཏུ་འབྱུང་བའི་སྒྲུབ་བྱེད་དུའང༌། མ་རིག་པའི་བག་ཆགས་བཀོད་ན་མི་འགལ་ལོ། །ཡང་ཆོས་ཅན་མངོན་སུམ་དུ་སྣང་བ་དང༌། ཆོས་མངོན་སུམ་དུ་སྣང་བར་བརྗོད། དེས་ན་བདེན་པར་སྣང་ཞེས་དང༌། ཀུན་རྫོབ་ཏུའོ་ཞེས་པའི་ནུས་པ་ལ་བཏགས་ན། གང་ཟག་གསུམ་པོ་ལ་བདེན་པར་མི་སྣང་བ་ཞེས་པར་གསལ་བས། ཁྱེད་ཀྱི་ཕྱོགས་ལ་ཇི་ལྟར་མི་འགལ། བདེན་མེད་རྟོགས་པའི་རྗེས་ཐོབ་ཡེ་ཤེས་ལ་བུམ་པ་བདེན་པར་སྣང་བའང་མ་ཡིན་ཏེ། བདེན་གྲུབ་ཀྱི་རྣམ་པ་མ་ཤར་བའི་ཕྱིར་ཏེ། བདེན་མེད་ཀྱི་རྣམ་པ་ཤར་བའི་ཕྱིར་དང༌། ཡེ་ཤེས་ལ་བདེན་པར་སྣང་ན་བདེན་པར་བཟུང་དགོས་དེ་ལྟར་ན་བདེན་པར་རློམ་དགོས་པའི་ཕྱིར་རོ། །བདེན་འཛིན་མ་ལུས་པར་སྤངས་ནས་བདེན་པར་སྣང་བར་འདོད་པ་ནི། སྐབས་འདིར། ཀུན་རྫོབ་ཙམ་དུ་སྣང་གི་བདེན་པར་མི་སྣང་བའི་ཤེས་བྱེད་དུ་བདེན་འཛིན་སྤངས་པར་གསུངས་པ་དང་དངོས་སུ་འགལ་ལོ། །རྟགས་ཀྱི་དགག་བྱ་འཛིན་པའི་བློ་ས་བོན་དང་བཅས་པ་སུན་ཕྱུང་ནས། ད་དུང་རྟགས་ཀྱི་དགག་བྱའི་སྣང་བ་སྐྱེ་ན་ནི། དེ་འཛིན་གྱི་བློ་ཡང་ཡོད་པར་མཚུངས་སོ། །གཟུང་འཛིན་གཉིས་སྣང་གི་ཤེས་པ་ཙམ་ལ་ནི་བདེན་སྣང་དུ་འཇོག་ན་ནི། ཁྱེད་རང་ལྟར་ན་སངས་རྒྱས་ལའང་ཧ་ཅང་ཐལ་ལོ། །མི་མཚུངས་ཏེ། འདི་མ་རིག་པའི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་སྙམ་ན། བག་ཆགས་ཀྱིས་བསྡུས་པས་མཉམ་རྗེས་རེས་འཇོག་ཏུ་སྐྱེ་བ་ཡིན་གྱི། བདེན་སྣང་བསྐྱེད་པ་མ་ཡིན་ནོ། །འོ་ན་ཁྱེད་ཀྱི་ལུགས་ལ་ཁྱད་པར་བསྟན་དགོས་སོ། །ཞེ་ན་བརྗོད་པར་བྱ་སྟེ། སློབ་དཔོན་འདིའི་དགོངས་པས། སངས་རྒྱས་ལ་གཟུང་འཛིན་གཉིས་སུ་སྣང་བ་མི་མངའ་སྟེ། གཉིས་སྣང་གི་རྒྱུ་མ་རིག་པའི་བག་ཆགས་ལོག་པའི་ཕྱིར། དེ་སྐད་དུ་ཡང༌། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་སོགས་དང༌། ཇི་ལྟར་སྣོད་ཀྱི་ཞེས་སོགས་རྩོད་ལན་དང༌། འགྲེལ་པར། དངོས་པོ་བྱས་པ་ཅན་ལ་མ་རེག་པར། རང་བཞིན་འབའ་ཞིག་མངོན་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ། །ཞེས་གསུངས་སོ། །རང་སྣང་ལ་གཉིས་སྣང་ལོག་ཀྱང༌། སེམས་ཅན་གྱི་སྣང་ཚུལ་ནི་མངོན་སུམ་དུ་མཁྱེན་ཏེ། རང་རྒྱུད་ལ་སྒྲིབ་པ་མེད་ཀྱང་གཞན་གྱི་བག་ཆགས་ཀྱི་ངོ་བོ་མངོན་སུམ་དུ་མཁྱེན་པ་བཞིན་ནོ། །འོ་ན་ཇི་སྙེད་པའི་ཤེས་བྱ་རྣམས་མེད་པར་ཐལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པའི་ཕྱིར། ཞེ་ན་རྟགས་མ་གྲུབ་སྟེ། གཉིས་སྣང་ནུབ་པའི་ཚུལ་གྱིས་མཁྱེན་པའི་ཕྱིར། དཔེར་ན་ལྐོག་གྱུར་བཞིན་དང༌། རོ་མི་ཞིམ་པ་ཞིམ་པར་སྣང་བ་བཞིན་ནོ། །ཅི་སྟེ་ཇི་སྙེད་པའི་ཡེ་ཤེས་ལ་ཡང་གཉིས་སྣང་མི་མངའ་ན། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱི་འཇོག་མཚམས་མི་རྙེད་པར་འགྱུར་རོ། །ཞེ་ན་དེ་གཉིས་མི་འགལ་བར་མ་ཟད་ཡིན་ཁྱབ་མཉམ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་ཡེ་ཤེས་དང༌། གཟུགས་སྐུའི་ཡེ་ཤེས་སོ་སོར་འཇོག་པར་སྣང་ངོ༌། །སངས་རྒྱས་ཀྱི་གཟིགས་ངོར་ཡོད་ན་དོན་དམ་དུ་ཡོད་དགོས་ཏེ། དེ་ཡིན་ན་དོན་དམ་ཁོ་ན་ལ་མཉམ་པར་བཞག་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན་སངས་རྒྱས་ལ་མཉམ་པར་མ་བཞག་པའི་ཡེ་ཤེས་འདོད་པ་བཞད་གད་ཀྱི་གནས་སོ། །མཉམ་བཞག་གིས་ཁྱབ་ཀྱང་དོན་དམ་ཁོ་ནའི་ངེས་བཟུང་མི་འཐད་དོ་སྙམ་ན། དངོས་པོ་བྱས་པ་ཅན་ལ་མ་རེག་པའི་དོན་མ་ཤེས་པར་ཟད་དོ། །མཉམ་གཞག་ལས་མ་གཡོས་བཞིན་ཆོས་ཅན་སྣ་ཚོགས་པ་མངོན་སུམ་དུ་མཁྱེན་པ་དེ། སངས་རྒྱས་ཀྱི་ཁྱད་ཆོས་སོ་སྙམ་ན་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ། །དེ་ལྟ་ན་ཡང་གཉིས་སྣང་མེད་པར་མི་འགལ་ཏེ། གཉིས་སྣང་མེད་པར་ཇི་སྙེད་པ་མངོན་སུམ་དུ་མཁྱེན་པ་དེ་སངས་རྒྱས་ཀྱི་ཁྱད་ཆོས་སོ། །ཞེས་ཀྱང་ཁོ་བོ་ཅག་སྨྲའོ། །མདོར་ན་སངས་རྒྱས་ཀྱི་སེམས་ལ་མཉམ་གཞག་སྣང་བཅས་ཀྱིས་ཁྱབ་བོ། །འདིའི་རྩོད་ལན་འོག་ཏུ་བརྗོད་པར་བྱའོ། །ཞར་ལ་འོངས་པས་ཆོག་གོ །ཡང་རྩ་བར་ནི་ལས་དང་ཉོན་མོངས་པ་རྣམ་རྟོག་ལས་བྱུང་བར་བཤད་ཀྱང༌། རྣམ་རྟོག་ཉོན་མོངས་ཅན་དུ་མ་བཤད། དྲུག་ཅུ་པར་གང་ཡང་རུང་བའི་གནས་རྙེད་ན། ཞེས་སོགས་ཀྱིས་བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མེད་ན། ཉོན་མོངས་སྐྱེ་བའི་གནས་རྙེད་ལ། དེ་ཡོད་ན་དེ་མངོན་དུ་གྱུར་པ་དེ་སྲིད་དུ་དེའི་སྐྱབས་མི་རྙེད་ཅེས་པའི་དོན་ཡིན་གྱི། ཡུལ་གང་ལ་བདེན་འཛིན་ཡོད་པའི་ཡུལ་དེ་ལ་ཉོན་མོངས་སྐྱེ་བས་ཁྱབ་ན། མ་དག་སར་ཤེས་བྱ་ཐམས་ཅད་ལ་རེ་རེ་ལ་དམིགས་པའི་བདེན་འཛིན་ཉོན་མོངས་སྐྱེ་བར་ཐལ་ལོ། །བུད་མེད་རང་བཞིན་མེད་པར་རྟོགས་པའི་བྱང་སེམས་མཐོང་ལམ་པ་དེའི་རྒྱུད་ལ་བུད་མེད་ལ་བདེན་འཛིན་ལྷན་སྐྱེས་ཡོད་མོད། དེ་ལ་བུད་མེད་ལ་དམིགས་པའི་ཉོན་མོངས་པ་སྔ་མ་ཡོད་པ་དེ་ཉིད་མི་འབྱུང་སྟེ། དེའི་འགལ་ཟླ་མངོན་དུ་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་སྤོང་བར་འགྱུར། །ཞེས་སོ། །གཞུང་གཞན་ལས་ཀྱང༌། ལོག་པའི་རྣམ་རྟོག་མེད་པར་ནི། །བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་སོ། །བདུན་ཅུ་པ་ལས་ཀྱང༌། དངོས་པོ་ལ་བདེན་འཛིན་ལས་ཡན་ལག་བཅུ་གཉིས་འབྱུང་བར་གསུངས་ཀྱི། བདེན་འཛིན་ཡན་ལག་བཅུ་གཉིས་ཀྱི་དང་པོའི་མ་རིག་པར་མ་གསུངས་ལ། འགག་ཚུལ་སྟོན་པ་ན། དེ་འགགས་པས་ཐོག་མའི་མ་རིག་པ་འགགས་པར་གསུངས་སོ། །འདིར་འགགས་པའི་དོན་ཡང་ཆོས་ཀྱི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་སྐྱེས་པ་ལ་བྱའི། མ་ལུས་པ་སྤངས་དགོས་པ་མ་ཡིན་ཏེ། དེ་ལྟར་ན་རྒྱུན་དུ་ཞུགས་པས་མ་རིག་པའི་དབང་གིས་ཡང་སྲིད་འཕེན་པ་མ་ལུས་པ་སྤངས་པར་ཐལ་བའི་ཕྱིར་རོ། །ཡུལ་ལ་བདེན་པ་མཐོང་ནས་ནི། །ཞེས་པ་ལྟར་སྤྱོད་འཇུག་ཏུ། གལ་ཏེ་ཚོར་པོ་འགའ་མེད་ཅིང༌། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་ཟློག་མི་འགྱུར། །ཞེས་ཚོར་བ་རང་བཞིན་མེད་པར་རྟོགས་ན་དེ་སྲེད་པ་བསྐྱེད་མི་ནུས་པར་བསྟན་ནོ། །དེ་ལྟར་ན་ཁྱེད་ཀྱིས་དྲངས་པའི་གཞུང་འགྲེལ་དེ་རྣམས་ཀྱིས་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མངོན་གྱུར་དུ་ལྡན་བཞིན་པའི་འཕགས་རྒྱུད་ཀྱི་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་བདེན་འཛིན་རྣམས་ཉོན་མོངས་པ་ཅན་མ་ཡིན་པར་བསྟན་ཏེ། དེ་སྲིད་དུ་དེའི་རྒྱུད་ཀྱི་བདེན་འཛིན་རྣམས་ཆགས་སོགས་དང་མི་ལྡན་པར་བཤད་པའི་ཕྱིར། བཞི་བརྒྱ་པའི་འགྲེལ་པར་ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལོག་པས་ཞེས་སོགས་ལྟར་རོ། །དེ་ལྟར་བྱས་ན་འཕགས་པ་ལ་ཉོན་མོངས་མ་སྤངས་པ་འབྱུང་སྲིད་ཀྱང༌། ཕལ་ཆེར་མངོན་གྱུར་དུ་མི་འབྱུང་བ་ཤས་ཆེ་བས། དེའི་རྒྱུད་ཀྱི་བདེན་འཛིན་ཡིན་ན་ཉོན་མོངས་པ་དང་མཚུངས་པར་ལྡན་པས་ཁྱབ་པ་སྒྲུབ་པ་ལ་དཔུང་གི་ཚོགས་ཡན་ལག་བཞི་ངེས་པར་དགོས་སོ། །གང་ཡང་ཁྱེད་ལྟར་ན་མ་རིག་པ་ལ་བདེན་འཛིན་གྱིས་ཁྱབ་པར་ཐལ། རང་གིས་དྲངས་པའི་ལུང་གིས་མ་རིག་པ་ཐམས་ཅད་བདེན་འཛིན་དུ་བཤད་པའི་ཕྱིར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ས་བརྒྱད་པར་མ་ངེས་ཏེ། ས་དང་པོ་ནས་ཀྱང་ཉི་སྣང་དུ་བཤད་པའི་ཕྱིར་རོ། །ད་ནི་རིགས་པའི་སྒྲུབ་བྱེད་མི་འཐད་པར་བསྟན་པར་བྱ་སྟེ། བདེན་འཛིན་མ་རིག་པ་ཡིན་པར་ཁོ་བོ་ཅག་ཀྱང་འདོད་མོད། སྒྲུབ་བྱེད་དེ་ལ། བདེན་འཛིན་དུ་གྱུར་པའི་གཙོ་བོ་ཡིད་རྟོག་ཆོས་ཅན། མ་རིག་པར་ཐལ། དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། སེམས་བྱུང་དུ་ཐལ། ཉོན་མོངས་ཅན་དུ་གྱུར་པའི་མ་རིག་པ་ཡིན་པའི་ཕྱིར། ཆོས་མངོན་པ་ལས་ཉོན་མོངས་པ་ཅན་དུ་གྱུར་པའི་མ་རིག་པ་དེ་སེམས་བྱུང་དུ་བཤད་པའི་ཕྱིར། དེ་ཉིད་ཀྱི་ཕྱོགས་ལ་ཉོན་མོངས་པ་ཅན་གྱི་མ་རིག་པ་ལ་སེམས་བྱུང་དགོས་ལ། དེ་མ་ཡིན་པའི་མི་ཤེས་པ་མི་དགོས་སོ། །ཚིག་ལྟར་ན། དེ་ཁོ་ན་ཉིད་ཀྱི་དོན་རིག་པ་མ་ཡིན་པ་དེས་ཀྱང་མ་ངེས་སོ། །ཁས་བླངས་འགལ་བ་ནི། འདི་ལྟ་སྟེ། མ་རིག་པ་བདེན་འཛིན་དང་མཚུངས་པར་ལྡན་པའི་ཆགས་སོགས་ཆོས་ཅན། མ་རིག་པར་ཐལ། དེ་ཁོ་ན་ཉིད་ཀྱི་དོན་རིག་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། བདེན་འཛིན་དང་མཚུངས་པར་ལྡན་པས་དམིགས་པ་མཚུངས་པར་མ་ཟད་རྣམ་པའང་མཚུངས་དགོས་པའི་ཕྱིར། དང་པོ་ཁས་བླངས་ཏེ། བཞི་བརྒྱ་པའི་འགྲེལ་པར་གཏི་མུག་ལས་ཐ་མི་དད་པར་འཇུག་ཅིང༌། གཏི་མུག་ལ་བརྟེན་པར་ཡང་འགྱུར་རོ། །ཞེས་དང༌། འདོད་ཆགས་ལ་སོགས་པ་རྣམས་ཀྱང་གཏི་མུག་གིས་ཀུན་དུ་བཏགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པར་འགྱུར་བའི་ཕྱིར། ཞེས་པའི་དོན་འཆད་པར་ཁྱེད་ཀྱིས་ཐ་མི་དད་པར་འཇུག་པའི་དོན་མཚུངས་ལྡན་ལ་བཤད་པས་སོ། །ཅི་སྟེ་དམིགས་པ་ཙམ་མཚུངས་པ་ཡིན་གྱི་རྣམ་པ་མི་མཚུངས་སྙམ་ན། དེ་ལྟ་ན་ཡུལ་གཅིག་ལ་དམིགས་པའི་ཆགས་སྡང་གཉིས་ཀྱང་མཚུངས་ལྡན་དུ་ཐལ་ལོ། །ཁོ་བོ་ཅག་གི་ལུགས་ལ་ནི། མི་ཤེས་པ་ཉིད་ལ་བྱའི་འཛིན་སྟངས་ལ་ཁྱད་པར་མེད་དོ། །དེའི་ཕྱིར་བདེན་འཛིན་འདྲེན་བྱེད་མི་ཤེས་པ་བདེན་པར་ཞེན་པའི་ཞེན་སྟངས་ཅན་མ་ཡིན་པ་ཅིག་ཀྱང་ཁས་བླངས་དགོས་སོ། །མངོན་པ་པ་མ་རིག་པ་ལ་འཛིན་སྟངས་ལོག་པ་མེད་པས་ཀུན་དང་མཐུན་ཞེས་སྨྲའོ། །འདིར་ནི་ཚོགས་པ་ཐ་མི་དད་པ་ལ་བྱས་ཀྱང་རུང་ངོ༌། །ཉོན་མོངས་ཅན་གྱི་ཤེས་བྱེད་འདི་ཡང་མ་གྲུབ་པ་དང༌། མ་ངེས་པ་ཡིན་ནོ། །མ་གྲུབ་པ་ནི་བུམ་པ་ལ་བདེན་འཛིན་མ་ཟད་ཀྱི་བར་དུ་འཇིག་ལྟ་མི་མཛད་པའི་འབྲེལ་གང་ཡིན། རྒྱུ་ཡིན་པའམ་མཚུངས་པར་ལྡན་པ་ཡིན། དང་པོ་མི་འཐད་དེ། དེ་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་མེད་པའི་ཕྱིར་ཏེ། བུམ་པ་དང་ལྷ་སྦྱིན་གྱི་ཕུང་པོ་གཉིས་ལ་འབྲེལ་པ་མེད། ཡུལ་ཅན་འཛིན་པ་གཉིས་ལའང་འབྲེལ་པ་མེད་པའི་ཕྱིར། གཉིས་པ་ལྟར་ན་མི་འཐད་དེ། དམིགས་པ་ཙམ་ཡང་མི་མཚུངས་ན་ཇི་ལྟར་མཚུངས་པར་ལྡན། ཡང་ན་ནི་འཇིག་ལྟ་ཐུན་མོང་མ་ཡིན་པའི་འཇིག་ལྟར་འདོད་དགོས་ཤིང༌། འདོད་པ་ཡང་ཡིན་པས་དེ་ཇི་ལྟར་འདོད་བཤད་པས་སོ་སྙམ་ན་དེ་ལྟར་ན་བུམ་སོགས་ཕྱི་རོལ་གྱི་ཡུལ་ལ་བདེན་འཛིན་དང་ང་ཙམ་ལ་བདེན་འཛིན་ཅི་ཞིག་འབྲེལ་བློ་ནང་དུ་ཕྱོགས་ཤིག མ་ངེས་པ་ནི་འཇིག་ལྟའི་ས་བོན་ཀྱང་ཉོན་མོངས་ཅན་དུ་ཐལ། དེ་མ་ཟད་ཀྱི་བར་དུ་འཇིག་ལྟ་མི་མཛད་པའི་ཕྱིར། ཞེས་བསྒྲུབ་ནུས་པའི་ཕྱིར། འདོད་ན་ཉོན་མོངས་ཀྱི་དམིགས་རྣམ་འཛིན་པར་ཐལ་ལོ། །འཇིག་ལྟ་ལྷན་སྐྱེས་དང་དགག་དུས་མཉམ་པའི་མ་རིག་པ་ལུང་མ་བསྟན་ཇི་སྙེད་པ་རྣམས་ཀྱང་ཉོན་མོངས་ཅན་དུ་ཐལ་བར་འགྱུར་རོ། །རྗེས་འཇུག་མངོན་པའི་ང་རྒྱལ་ཅན་དག་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། མ་རིག་པའི་སྒྲུབ་བྱེད་ལ་ནང་འགལ་བརྗོད་པ་དང༌། འཁོར་བའི་སྒྲུབ་བྱེད་མི་འཐད་པར་བསྟན་པ་གཉིས་སོ། །དང་པོ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཞེན་པའི་བློ་ཆོས་ཅན། མ་རིག་པར་ཐལ། བདེན་མེད་རྟོགས་པའི་ཤེས་རབ་དང་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར། འདོད་ན་ཁས་བླངས་ཤིང༌། ཉོན་མོངས་པ་ཅན་དུ་ཐལ། དེ་མ་སྤངས་པར་གང་ཟག་ལ་བདེན་འཛིན་སྤོང་མི་ནུས་ཤིང༌། དེ་མ་སྤངས་པར་དེའི་དབང་གིས་ལས་བསགས་ནས་འཁོར་བ་མི་ཟློག་པའི་ཕྱིར། འདོད་ན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པར་ཐལ། དེའི་ཕྱིར། འདོད་ནའང་ཉེས་པ་གཉིས་ཏེ། དང་པོ་ནི། ཆོས་ཅན་ཁྱོད་ལ་མ་ལྟོས་པར་བདེན་འཛིན་གྱི་ལས་བསགས་ནས་འཁོར་བར་སྐྱེ་བ་མི་འགྲུབ་པར་ཐལ། ཁྱོད་འཁོར་བའི་རྩ་བ་ཡིན་པའི་ཕྱིར། ཉེས་པ་གཉིས་པ་ནི་བདེན་འཛིན་འཁོར་བའི་རྩ་བ་མ་ཡིན་པར་ཐལ། དེའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དེ་གཉིས་འཛིན་སྟངས་མཐུན་པ་གང་ཞིག འཁོར་བའི་རྩ་བ་གཉིས་འགལ་བ་ནི་འཛིན་སྟངས་མི་མཐུན་པ་ལ་བྱེད་པར་འཇུག་ཊཱིཀ་ཏུ་ཆེན་པོས་བཤད་པའི་ཕྱིར། དེར་མ་ཟད་ཀྱི་གཟུང་བ་ཆོས་ཀྱི་བདག་འཛིན་ཀྱང་འཁོར་བའི་རྩ་བར་ཐལ། ཉོན་མོངས་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར་ཏེ། སྒྲུབ་བྱེད་གཉིས་པོ་ཞུགས་པའི་ཕྱིར་དང༌། ཁྱེད་ཅག་གིས་རང་རྒྱུད་པས་འདོད་པའི་གང་ཟག་གི་བདག་འཛིན་དེ། འདིར་གང་ཟག་གི་བདག་འཛིན་ཀུན་བཏགས་དང༌། སེམས་ཙམ་པས་འདོད་པའི་ཆོས་ཀྱི་བདག་འཛིན་དེ། འདིར་ཆོས་ཀྱི་བདག་འཛིན་ཀུན་བཏགས་སུ་བཤད་པའི་ཕྱིར། འདོད་ན་ཉེས་པ་སྔ་མ་གཉིས་ཀྱི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་ཀྱང་བསྒོམ་པས་འཁོར་བ་སྤངས་པའི་གྲོལ་བ་ཐོབ་ནུས་པར་ཐལ་ལོ། །སྔ་མ་ལ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་ཙམ་བསྒོམས་པས་དགྲ་བཅོམ་ཐོབ་ནུས་པར་ཐལ་ལོ། །གསུམ་ཆར་རོ། །ཡང་ཁྱོད་ཀྱི་ཕྱོགས་ཀྱི་ལུགས་ལ་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ལ། གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་བདག་འཛིན་གཉིས་སོ། །དེ་རེ་རེ་ལ་ཡང་ཀུན་བཏགས་དང་ལྷན་སྐྱེས་གཉིས། ཀུན་བཏགས་རང་རྒྱུད་པ་མན་ཆད་ཀྱི་བཞེད་པ་ལ་འཆད་པས་ཀྱང་རིགས་པ་འདི་དང་འགལ་བ་ཁས་བླངས་སོ། །གཉིས་པ་ཉོན་མོངས་ཅན་གྱི་སྒྲུབ་བྱེད་ལ་དཔྱད་པ་ནི། ཁྱབ་པ་མ་ངེས་པ་དང༌། རྟགས་མ་གྲུབ་པ་གཉིས། སྔ་མ་དེ་རྣམས་ཀྱིས་ཀྱང་མ་ངེས་མོད། སྲེད་པ་གཉིས་ཀྱང་འཁོར་བའི་རྩ་བར་ཐལ། དེ་མ་སྤངས་པར་དེའི་དབང་གིས་ལས་བསགས་ནས་འཁོར་བ་མི་ཟློག་པའི་ཕྱིར། འཇིག་ལྟ་ཡང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པར་ཐལ། མ་རིག་པའི་རང་བཞིན་དེ་མ་སྤངས་པ་ཞེས་གང་ཟག་ལ་བདེན་འཛིན་སྤོང་མི་ནུས་པའི་ཕྱིར་རོ། །དེ་མ་སྤངས་པར་དེའི་དབང་གིས་ལས་བསགས་ནས་འཁོར་བ་མི་ཟློག་པའི་ཕྱིར། འདོད་ན་དངོས་སུ་འགལ་ཞིང༌། མཐོང་ལམ་རྣམ་གྲོལ་ལམ་སྐྱེས་པའི་ཚེ་འཁོར་བ་སྤངས་པའི་མྱང་འདས་མངོན་དུ་བྱེད་ནུས་པར་ཐལ་ལོ། །རྟགས་མ་གྲུབ་པར་བསྟན་པ་ནི། འཕགས་པ་རྣམས་ཀྱིས་བདེན་འཛིན་གྱིས་ལས་བསགས་ནས་འཁོར་བར་སྐྱེ་བར་ཐལ། གང་ཟག་ལ་བདེན་འཛིན་མ་སྤངས་པར་དེའི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བའི་ཕྱིར། དེ་ཡང་འཕགས་པ་མ་ཡིན་པའི་དབང་དུ་བྱེད་པར་སྔར་བཤད་དོ། །སྙམ་ན་དེ་ལྟར་ན་བདེན་འཛིན་གང་ཡིན་ཐམས་ཅད་ཉོན་མོངས་ཅན་གྱི་མ་རིག་པར་འདོད་པ་ཉམས་སོ། །ད་ནི་ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པའི་སྐྱེ་ཚུལ་ལ་དཔྱད་པར་བྱ་སྟེ། འདིར་སྤྱིར་ཆེན་པོ་ཉིད་ཀྱི་བཞེད་པ་ལ་དཔྱད་པ་དང༌། རྗེས་འཇུག་གི་བཞེད་པ་ལ་དཔྱད་པའོ། །དང་པོ་ནི་བདེན་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཐུན་མོང་མ་ཡིན་པ་འདི་དག་ལ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང༌། ཟག་བཅས་ཀྱི་ལས་གསོག་པ་སོགས་ཉོན་མོངས་ཀྱི་ལས་རྣམས་ཡོད་དམ་མེད་ཡོད་ན་དེ་དག་རྣམས་རང་རྒྱུད་པ་མན་ཆད་ལའང་ཉོན་མོངས་སུ་གྲགས་པར་ཐལ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང༌། ཡང་སྲིད་འཕེན་བྱེད་དང༌། འགྲུབ་བྱེད་ཀྱི་ལས་སློང་བྱེད་ཀྱི་གཞི་གང་ན་འདུག་ཀྱང༌། དེ་ལ་ཆོས་མངོན་པ་ལས་ཉོན་མོངས་སུ་འཇོག་པའི་ཕྱིར། མེད་ན་དེ་དག་ལ་ཉོན་མོངས་སུ་བཏགས་ཀྱང་ཉོན་མོངས་མ་ཡིན་པར་ཐལ། ཉོན་མོངས་ཀྱི་མཚན་ཉིད་མ་ཞུགས་པའི་ཕྱིར། ཐུན་མོང་མ་ཡིན་པའི་ལུགས་འདིའི་མཚན་ཉིད་ཞུགས་སོ་སྙམ་ན། དེ་ཞོག་ཅིག བདེན་འཛིན་བསྐྱེད་པའི་ཉོན་མོངས་ཙམ་ཞིག་ནི་དེ་མན་ཆད་ཀྱིས་ཁས་ལེན་ཏེ། ཚོ་བ་བདེ་སྡུག་ལ་ཞེན་པས་དེ་ལ་སྲེད་པའི་ཕྱིར་དང༌། ཕྱི་རོལ་གྱི་བུད་མེད་ལ་བདེན་པར་ཞེན་པས་དེ་ལ་ཆགས་པ་སྐྱེ་བར་ཁས་ལེན་པའི་ཕྱིར། འདི་ཡང་གང་ཟག་གི་བདག་ཏུ་འཛིན་པ་ལ་མ་ལྟོས་པར་མ་ཡིན་ཏེ། གང་ཟག་གི་བདག་འཛིན་སྤངས་པའི་དགྲ་བཅོམ་པ་ལ་བདེན་འཛིན་ཡོད་ཀྱང་ཆགས་པ་མི་སྐྱེ་བར་འདོད་པའི་ཕྱིར། དེ་བཞིན་དུ་ལུགས་འདི་ལ་ཡང་གང་ཟག་གི་བདག་འཛིན་ལ་མ་ལྟོས་པར་ཆོས་ཀྱི་བདག་འཛིན་རྐྱང་པས་ཉོན་མོངས་སྐྱེ་བར་མི་བཞེད་དེ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་འབྱུང་བའི་ཕྱིར་དང༌། དེ་ལྟ་ན་གང་ཟག་གི་བདག་མེད་སྒོམ་པར་མཐར་སོན་ཅིང༌། ཆོས་ཀྱི་བདག་མེད་སྒོམ་པ་མཐར་མ་སོན་པའི་གང་ཟག་གི་རྒྱུད་ལ་ཉོན་མོངས་འབྱུང་རིགས་པ་ལས་དེ་ཡང་ཁྱེད་ཀྱིས་མི་འདོད་པའི་ཕྱིར། ཡང་གང་ལ་བདེན་ཞེན་སྐྱེ་བའི་ཡུལ་དེ་ལ་དམིགས་པའི་ཆགས་སྡང་མངོན་གྱུར་བ་མེད་ཀྱང༌། དེ་ལ་འདོད་པ་དང་རྒྱབ་ཀྱིས་ཕྱོགས་པའི་རྣམ་པ་ཅན་གྱི་ཉོན་མོངས་པའི་བག་ལ་ཉལ་ལམ། ཉོན་མོངས་པའི་གནས་ངན་ལེན་ཞེན་པ་དེ་ཉིད་ཡིན་གྱི། དེ་ལ་ཉོན་མོངས་སུ་བཤད་པ་དེ་ཉིད་ཡིན་ལ། དེ་ཙམ་སྐྱེ་བ་ལ་ནི་བདེན་འཛིན་རྒྱུར་དགོས་པ་མ་ཡིན་ནོ། །བཞི་བརྒྱ་པའི་འགྲེལ་པར་བཤད་པའི་ཉོན་མོངས་སྐྱེ་ཚུལ་དེ་ནི། ཐམས་ཅད་ཐུན་མོང་དུ་ཁས་བླང་དུ་མི་རུང་བའི་རྣམ་གཞག་ཅི་ཡང་མི་སྣང་བས་ཁྱད་ཆོས་མེད་དོ། །ཐུན་མོང་མ་ཡིན་པའི་ཉོན་མོངས་ཀྱི་རྣམ་གཞག་ལ་ཇི་ལྟར་འབད་ཀྱང༌། བདེན་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཀྱི་བག་ཆགས་ཅན་གྱི་ཤེས་པ་གཅིག་ལས་འདའ་རྒྱུ་མེད་དོ། །ཁས་བླངས་ནང་འགལ་བ་འདི་ལྟ་སྟེ། མཐོང་ལམ་གྱི་སྔོན་དུ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་རྣལ་འབྱོར་མངོན་སུམ་རྒྱུད་ལ་སྐྱེས་པའི་བྱང་སེམས་ཉན་ཐོས་མཐོང་ལམ་པ་དེས་ཁམས་གསུམ་ལ་ཆག་བྲལ་བྱས་པར་ཁྱེད་ཀྱིས་ཁས་བླངས་པས། དེ་འདྲའི་རྟོགས་པ་སྔོན་དུ་སོང་བའི་མཐོང་ལམ་པ་དེ་ཆོས་ཅན། ཁྱོད་ཀྱིས་འདོད་པའི་ལོངས་སྤྱོད་དེ་ལ་དམིགས་པའི་འདོད་ཆགས་དང༌། འགའ་ཞིག་ལ་རྣམ་འཚེ་ཁྱོད་ཀྱི་རྒྱུད་ལ་འབྱུང་བར་ཐལ། ཁྱོད་ཀྱི་རྒྱུད་ལ་ཡུལ་དེ་ལ་བདེན་འཛིན་ཡོད་པའི་ཕྱིར། འདོད་ན་ཁྱོད་ཀྱི་རྒྱུད་ལ་འདོད་པའི་འདོད་ཆགས་ཡོད་པར་ཐལ། དེ་བཞིན་དུ་གཟུགས་ལ་ཡང་སྦྱར་བས་ཁམས་གསུམ་ལ་ཆགས་བྲལ་བྱས་པ་ཉམས་སོ། །དེ་འདྲ་དེ་ལམ་སྔ་མ་དེ་ལས་མ་ཉམས་ཤིང༌། མཐོང་ལམ་མ་སྐྱེས་པའི་བར་དེར་མ་རིག་པའི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བར་ཐལ་བས། འདོད་མི་ནུས་པའི་ཕྱིར། རང་རྒྱུད་པ་མན་ཆད་ཀྱིས་རྟོགས་པར་སླའོ། །ཅི་སྟེ་འདི་ནི། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །ཞེས་སོགས་ཀྱི་དོན་ཏོ་སྙམ་ན་དེ་ཡང་ཁྱེད་ལ་མི་རུང་སྟེ། གཞུང་དེའི་དོན་གདགས་གཞི་གཟུགས་སོགས་ཀྱི་དེ་ཉིད་མ་རྟོགས་ན། དེ་ལ་དམིགས་པའི་ཆགས་སོགས་སྐྱེ་སྲིད་པར་བསྟན་གྱི། དེའི་བདེན་འཛིན་ཙམ་ལས་དེ་སྐྱེ་བར་བསྟན་པ་མ་ཡིན། གལ་ཏེ་ཡིན་ན་ངར་འཛིན་ཡོད་དགོས། དེ་ཡོད་ཀྱི་སྟེང་དུ་ཡུལ་གཟུགས་ལ་ཞེན་ནས་དེ་ལ་དམིགས་པའི་ཆགས་སོགས་སྐྱེ་བའི་དོན་ཡིན་ལ། ཁྱེད་ཀྱི་འཇིག་ལྟ་ལ་མ་ལྟོས་པར་ཆགས་སོགས་འབྱུང་བའི་གཞུང་དུ་ཁས་བླངས་སོ། །སྤྱིར་གཞུང་དེས་དེའི་ངོ་བོ་བདེན་མེད་དུ་མ་རྟོགས་ན། དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་ངེས་བཟུང་ཡོད་པས་དེས་རྟོགས་ན་དེ་ལ་དམིགས་པའི་ཆགས་སོགས་མི་སྐྱེ་བར་འོས་པས་ཁྱེད་ལ། བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་བུམ་པའི་བདེན་འཛིན་ལས་བུམ་པ་ལ་དམིགས་པའི་ཆགས་སོགས་མི་སྐྱེ་བར་ཐལ། ཁྱོད་ཀྱིས་བུམ་པ་བདེན་མེད་དུ་རྟོགས་པའི་ཕྱིར། གསུམ་ཆར་གཉིས་པ་རྗེས་འཇུག་གི་འདོད་པ་ལ་དཔྱད་པ་ལ། བདེན་འཛིན་ལྷན་སྐྱེས་ཀྱིས་བསྐྱེད་པའི་ཆགས་སོགས་ཐམས་ཅད་ཉོན་སྒྲིབ་ན་སྐྱེས་སུ་ཐལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་དང༌། དེས་དྲངས་པའི་ཆགས་སོགས་ལ་ཀུན་བཏགས་ལོ་ཧེ་ཧེ། འོ་ན་ཕྱི་མ་རྣམས་ཆོས་ཅན་ལྷན་སྐྱེས་སུ་ཐལ། སྔ་མ་དེ་རྣམས་ཡིན་པའི་ཕྱིར། གསུམ་ཆར་འཁོར་བའི་རྩ་བ་འཆད་པའི་སྐབས་སུ་ཁས་བླངས་སོ། །མཚན་གཞི་ཡིན་གྱི་ཁྱབ་པ་མ་ཡིན་ནོ་སྙམ་ན་ཐམས་ཅད་དེ་དང་དེ་ཡིན་ཞེས་ཁས་བླངས་མོད། འོན་ཀྱང་བརྗོད་པར་བྱ་བ་གཞན་ཡོད་དེ། མཐོང་སྤང་དུ་གྱུར་པའི་ཉོན་སྒྲིབ་ལྷན་སྐྱེས་ཡོད་པར་ཐལ། བདེན་འཛིན་ལྷན་སྐྱེས་ཀྱིས་བསྐྱེད་པའི་ཉོན་མོངས་དང༌། མཐོང་སྤང་གི་གཞི་མཐུན་ཡོད་པའི་ཕྱིར། མ་གྲུབ་ན་བདེན་འཛིན་ལྷན་སྐྱེས་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་མ་ཡིན་པར་ཐལ། མཐོང་སྤང་ཉོན་མོངས་ཀྱི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བ་དེ་བདེན་འཛིན་ལྷན་སྐྱེས་ཀྱི་དབང་གིས་མ་ཡིན་པའི་ཕྱིར་དང༌། ས་གཉིས་པ་དང་ཉན་ཐོས་ཀྱི་སྒོམ་ལམ་སྐད་ཅིག་དང་པོ་ཡན་ཆད་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་དང༌། མངོན་པ་ལ་གྲགས་པའི་ཉོན་མོངས་གཅིག་ཀྱང་མེད་པར་སྤངས་པར་ཐལ། དེ་རྣམས་ཀུན་བཏགས་ཡིན་དེ་ལ་གྲགས་པའི་ཉོན་མོངས་དེ་ཙམ་དུ་ཟད་པར་ཁྱེད་འདོད་པའི་ཕྱིར། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གྲུབ་མཐས་བློ་མ་བསྒྱུར་བ་ལ་ཡོད། ཅེས་འཇུག་ཊཱིཀ་ཏུ་བཤད་པ་དེ་དང༌། ཁྱེད་ལ་ཇི་ལྟར་མི་འགལ། གཞན་ཡང་གང་ཟག་བདེན་པར་འཛིན་པའི་བློ་ཀུན་བཏགས་ཀྱིས་བསྐྱེད་པའི་ཆགས་སོགས་རྣམས་མཐོང་སྤང་དུ་མི་འདོད་ལས་ཆེ། མི་འདོད་ན་ནི། གྲུབ་མཐའི་འཐད་པ་སྔོན་དུ་བཏང་ནས་བདེན་གྲུབ་ཏུ་ཞེན་པ་ཀུན་བཏགས་སུ་བཤད་པ་དང་འགལ། འདོད་ན་ནི་བདེན་འཛིན་གྱིས་བསྐྱེད་པའི་ཉོན་མོངས་གང་ཡིན་མཐོང་སྤང་དུ་འདོད་པ་དང་འགལ། གཞན་ཡང་ས་དྲུག་པ་ཡན་ཆད་ན་ཤེས་བྱའི་སྒྲིབ་པ་མེད་པར་ཐལ། དེ་དག་ན་བདེན་འཛིན་གྱི་བག་ཆགས་རང་འབྲས་ཉོན་མོངས་ཕྱི་མ་སྐྱེད་བྱེད་དུ་འགྱུར་བ་མེད་པའི་ཕྱིར། ཁྱབ་པ་ནི་རང་འབྲས་ཉོན་མོངས་ཕྱི་མ་བསྐྱེད་པའི་བག་ཆགས་ཉོན་སྒྲིབ་ཀྱི་ས་བོན་དུ་ཁས་བླངས་པའི་ཕྱིར། ཅི་སྟེ་བདེན་འཛིན་གྱི་བག་ཆགས་དེ་ལ་རང་འབྲས་ཉོན་མོངས་ཕྱི་མའི་རྒྱུ་ཡིན་མིན་གཉིས་སུ་འབྱེད་ནུས་ན། བདེན་འཛིན་ལའང་ཉོན་སྒྲིབ་ཡིན་མིན་གཉིས་སུ་དབྱེར་ཡོད་པར་མཚུངས་སོ། །དེ་ལྟར་ན་འདོད་པ་འདིའི་རང་མཚན་གསལ་བར་བསྟན་ཏེ། བདེན་འཛིན་གང་ཡིན་ཉོན་མོངས་ཅན་གྱི་མ་རིག་པར་འདོད་པ་ནི། བདེན་འཛིན་ལས་རྟེན་འབྲེལ་བཅུ་གཉིས་འབྱུང་བར་གསུངས་པ་དང༌། འཁོར་བ་འགག་པ་མ་རིག་པ་འགགས་པ་ལ་ལྟོས་པར་གསུངས་པ་ལ་འཁྲུལ་པ་ཡིན་ནོ། །འདིར་འཇིག་ལྟ་ལ་མ་ལྟོས་པའི་ཉོན་མོངས་འདོད་ཆགས་སོགས་ཁས་ལེན་མི་དགོས་ཏེ། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་ལས་འཇིག་ལྟ་ངེས་པར་འབྱུང་ལ། དེས་ཉོན་མོངས་གཞན་རྣམས་བརྟེན་པའི་ཕྱིར་རོ། །དེས་ན་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་ཙམ་ནི་ཉོན་མོངས་ཅན་གྱི་མ་རིག་པར་ཁས་ལེན་པའི་ཆ། རང་རྒྱུད་པ་སོགས་དང་མི་མཐུན་པར་བྱས་ཀྱང་རུང་ཙམ་ཡིན་ལ། དེ་ལ་ནི་ཉོན་མོངས་གཞན་རྣམས་ཀྱི་རྣམ་གཞག་ཁས་ལེན་མི་དགོས་ཏེ། ཁྱེད་ཀྱིས་བདེན་འཛིན་གང་ཡིན་ཐམས་ཅད་ཀྱིས་འཇིག་ལྟ་ལ་བརྟེན་པ་ཁས་བླངས་ནས། འཇིག་ལྟ་ལ་མ་རིགས་པའི་འདོད་ཆགས་སོགས་ཀྱི་རྣམ་གཞག་བྱེད་པའང་འགལ་བ་ཡིན་ནོ། །མ་རིག་པ་དང་མི་མཐུན་པས། ཉོན་མོངས་གཞན་རྣམས་ཀྱང་མི་མཐུན་པར་བྱེད་དགོས་ན་ནི། བྱེ་བྲག་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་ཐམས་ཅད་ལ་མཚུངས་སོ། །དེ་ལྟ་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་བཤད་མ་ཐག་པའི་འཇིག་ལྟ་མ་ལུས་པ་འདི། ཉན་རང་དགྲ་བཅོམ་པ་དང༌། བྱང་སེམས་ས་བརྒྱད་པ་གཉིས་ཀྱིས་སྤངས་ལ། སྔ་རོལ་དུ་མ་ཡིན་ཞིང༌། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་ནི། མཐོང་ལམ་ནས་ཀྱང་སྤངས་ལ། ཕུང་པོ་བདེན་འཛིན་གྱི་འཇིག་ལྟ་ཀུན་བཏགས་ཁོ་ན་ལ་དེར་འཇོག་པ་དེ། སློབ་དཔོན་འདིའི་བཞེད་པར་སྣང་བའི་ཕྱིར། ཁྱད་པར་ནི་ཉན་རང་ལ་རང་རྒྱུད་ཀྱིས་མ་བསྡུས་པའི་ཕུང་པོ་ལ་བདེན་འཛིན་སྤངས་པ་མི་སྲིད་པའི་ཕྱིར་ཏེ། དེའི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་སྒོམ་པ་མ་ཡིན་པའི་ཕྱིར། འོན་ཀྱང་དེ་དག་ལ་དམིགས་པའི་ཆགས་སོགས་མི་སྐྱེད་དེ། དེ་རྣམས་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་དང༌། བདག་ཏུ་འཛིན་པ་ཟད་པའི་ཕྱིར། བྱང་སེམས་ཀྱི་ནི་ས་དང་པོ་བདུན་དུ་ངོ་སྐལ་གྱི་བདེན་འཛིན་ཀྱང་སྤངས་ཏེ། དེས་ཆོས་ཀྱི་བདག་མེད་རྒྱ་ཆེར་རྙེད་ནས་བསྒོམ་པའི་ཕྱིར། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་སྤངས་ན་བདེན་འཛིན་མ་ལུས་པ་སྤངས་མི་དགོས་ཏེ། ཉན་རང་གིས་འཇིག་ལྟ་འཁོར་བའི་རྩ་བར་མཐོང་ཞིང༌། དེའི་ཞེན་ཡུལ་འགོག་ལ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply