དེ་ཡང་བདག་ཏུ་ཆགས་པའི་གཞི་ཕུང་པོ་ལ་བདེན་པར་ཞེན་པ་ལས་བྱུང་བར་མཐོང་ནས་དེའི་ཞེན་སྟངས་སུན་འབྱིན་པའི་གཉེན་པོར་རང་རྒྱུད་ཀྱི་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཆེད་དུ་གཉེར་ནས་བསྒོམ་ལ། བདེན་འཛིན་གཞན་ལ་དེ་འདྲའི་འབྲེལ་པ་ཚད་མས་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་ཞེན་པ་ནི་རང་རྒྱུད་ཀྱི་སྡུག་བསྔལ་གྱི་ཕུང་པོ་སྐྱེ་བའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དང༌། རང་རྒྱུད་ཀྱི་དུ་ཁའི་ཕུང་པོ་སྤངས་པའི་ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཉོན་སྒྲིབ་ཏུ་རྣམ་པར་བཞག་གོ །བུམ་པ་ལ་བདེན་པར་འཛིན་པ་ནི། བུམ་སོགས་ཀྱི་དེ་ཉིད་རྟོགས་པ་མཐར་ཐུག་པའི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གཙོ་བོར་སྒྲིབ་པར་བྱེད་ཀྱི། འཁོར་བའི་རྒྱུའི་བག་ཆགས་ཀྱི་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་པའི་ཕྱིར། ཤེས་བྱའི་སྒྲིབ་པ་ཉིད་དུ་རྣམ་པར་བཞག་གོ །འོ་ན་རང་རྒྱུད་ཀྱི་བདེན་འཛིན་ཡང་ཤེས་སྒྲིབ་ཏུ་ཐལ། ཕུང་པོའི་དེ་ཁོ་ན་ཉིད་མཐོང་བའི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་སྙམ་ན་བདེན་མོད་ཀྱི་གཉིས་ཀས་གཉིས་ཀ་བྱེད་ཀྱང་གཙོ་མོ་མ་ཡིན་པས་ན་མ་བཞག་གོ །གཞན་དུ་ན་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་རིང་དུ་བསྒོམས་ཀྱང་ཤེས་བྱའི་སྒྲིབ་པ་ཅུང་ཟད་ཀྱང་མི་སྤོང་བ་ཅིའི་ཕྱིར་ཞེས་དྲི་བར་བྱའོ། །དེས་འདི་སྐད་སྨྲ་སྟེ། ཤེས་བྱའི་སྒྲིབ་པ་སྤོང་བ་ནི། ཐབས་ཀྱི་ཁྱད་པར་མ་ལུས་པ་དང་ཕན་ཚུན་གྲོགས་བྱས་པས་སྤང་བ་ཡིན་ལ། ཉན་ཐོས་ལ་ནི་ཐབས་ཀྱི་ཁྱད་པར་དང་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་པ་གཉིས་ཀ་མེད་པའི་ཕྱིར་ཞེ་ན་འོ་ན་ས་བདུན་པ་མན་ཆད་དུ་ཤེས་བྱའི་སྒྲིབ་པ་སྤོང་ནུས་པར་ཐལ། ཐབས་ཀྱི་ཁྱད་པར་དང་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་པ་གཉིས་ཀ་ཚང་བའི་ཕྱིར། ཞེ་འདོད་ལ་འཁོར་གསུམ་ཀ་ལ་ལན་མེད་དོ། །གཞན་ཡང་ཉན་ཐོས་དགྲ་བཅོམ་པས་བདེན་འཛིན་མ་ལུས་པ་སྤོང་མི་ནུས་པར་ཐལ། དེ་ལའང་ཐབས་ཀྱི་ཁྱད་པར་དང་ཤེས་རབ་ཀྱི་ཁྱད་པར་དེ་གཉིས་དགོས་ལ། དེ་ཉན་ཐོས་ལ་མེད་པའི་ཕྱིར། གསུམ་ཆར་རོ། །དེ་ལྟ་ན་རང་གི་ལུགས་མདོར་བསྡུས་པ་ནི། རང་རྒྱུད་ཀྱི་སྲོལ་ཆེན་རྣམས་ཀྱི་བཞེད་པ་ནི། ཐེག་པ་དམན་པའི་ཐར་པ་ཙམ་མངོན་དུ་བྱེད་པ་ལ་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ཀྱང་ཕུང་པོའི་སྟེང་ན་ངའོ་སྙམ་པའི་ཞེན་སྟངས་ཀྱི་གཟུང་བྱ་ང་མེད་པར་ནི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་ནས་བསྒོམས་པས་རྟོགས་ནུས་ལ། དེ་གོམས་པ་མཐར་ཕྱིན་པ་ན་འཇིག་ལྟ་ས་བོན་དང་བཅས་པ་ཟད་པས་ན། ཉོན་མོངས་མ་ལུས་པ་སྤངས་པའི་ཐར་པ་ཙམ་མངོན་དུ་བྱེད་པ་ཡིན་ནོ། །རང་གི་ཕུང་པོ་ལ་བདེན་པར་འཛིན་པ་ནི་ཕུང་པོའི་དེ་ཁོ་ན་ཉིད་ཤེས་པ་ལ་སྒྲིབ་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་ཡིན་གྱི། སྡུག་བསྔལ་སྤངས་པའི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་མ་ཡིན་ནོ། །དེའི་ཕྱིར་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ཀྱང་འཇིག་ལྟ་སྤོང་ནུས་ཏེ། ཐག་ཁྲ་རང་བཞིན་མེད་པར་མ་རྟོགས་ཀྱང༌། ཐག་ཁྲའི་སྟེང་ན་སྦྲུལ་འཛིན་གྱི་བློ་སྤོང་ནུས་པ་བཞིན་ནོ། །ཞེས་བཞེད། དཔལ་ལྡན་ཟླ་བའི་བཞེད་པ་ནི་སྔར་ལྟར་ཇི་སྲིད་ཐག་ཁྲའི་རང་བཞིན་ངོས་མ་ཟིན་པ་དེ་སྲིད་དུ་སྦྲུལ་འཛིན་གྱི་བློ་ངང་གིས་སྐྱེ་བ་བཞིན། ཇི་སྲིད་དུ་གདགས་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པ་དེ་སྲིད་དུ་དེ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེ་བར་བཞེད་དོ། །འཕགས་པ་ཞི་བ་ལྷས་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་ཚུལ་སོགས། ཟླ་བ་གྲགས་པ་དང་མཐུན་པར་མི་བཞེད་ལ། འོན་ཀྱང་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པས་ཉོན་མོངས་མངོན་གྱུར་ཙམ་སྤངས་པ་ཡོད་ཀྱང༌། རང་རྒྱུ་ལས་དང་ཉོན་མོངས་པའི་བག་ཆགས་ཀྱང་དགྲ་བཅོམ་ལ་ཡོད་ལ། འབྲས་བུ་དུཿཁ་ཡང་ལྷག་བཅས་ལ་ཡོད་ལ། རེ་ཤིག་ལྷག་མེད་ཀྱི་མྱང་འདས་ཐོབ་ཀྱང༌། མ་རིག་པ་དང་སྲེད་པའི་བག་ཆགས་ཀྱིས་ཉེར་ལེན་གྱི་ཕུང་པོ་ལེན་པར་བཞེད་དོ། །གསུམ་ཀ་ཡང་ལུགས་ཤིན་ཏུ་བཟང་མོད། ཀླུ་སྒྲུབ་ཀྱི་དགོངས་པ་ནི། ཞི་བ་ལྷའི་དགོངས་པས་བསྙོགས་མོད། ཇི་སྐད་བཤད་པའི་ཚུལ་སོགས་རྒྱས་པར་བཤད་དུ་ཡོད་དེ། འཆད་པར་འགྱུར་རོ། །བཞི་པ་རྩོད་པ་སྤང་བ་ནི། འདི་སྐད་དུ་རང་རྒྱུད་པ་ལྟར་ན་ནི། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་ཙམ་རྟོགས་པས་གང་ཟག་གི་བདག་འཛིན་ལྷན་སྐྱེས་འཇོམས་པར་བཞེད་ལ། དེ་ལ་དཔལ་ལྡན་ཟླ་བས། བདག་མེད་རྟོགས་ཚེ་ཞེས་སོགས་ཀྱི་དགག་པ་མཛད་པ་ཡིན་ཞིང༌། རིགས་པས་ཀྱང་མི་འཐད་དོ་ཞེས་སོགས་དགག་པ་ལྟར་སྣང་དུ་མ་བྱེད་དོ། །འདི་ལྟར་རྟོགས་ཏེ། ཉན་ཐོས་སྡེ་གཉིས་ཀྱི་གཞུང་ལས་རྫོགས་བྱང་ཐོབ་པའི་ཐབས་སུ་བཤད་པ་དེ་རྐྱང་པས་ཐོབ་མི་ནུས་པས། ཐེག་པ་ཆེན་པོ་བསྟན་པ་དོན་དང་བཅས་པ་ཡིན་ལ། དེ་ནས་དམན་པའི་བྱང་ཆུབ་ཐོབ་པའི་ཐབས་ཚང་བར་བསྟན་པ་ཙམ་གྱིས་ཐར་པ་ཐོབ་པར་ནུས་པའང་ཡིན་ཏེ། གཞན་དུ་ན་སངས་རྒྱས་ཀྱི་གྲུབ་མཐའ་བཞི་པོ་རེ་རེས་གང་ཟག་གཅིག་གི་ཐར་ལམ་རྫོགས་པ་མི་སྟོན་པར་འགྱུར་ལ། དེ་ལྟ་ན་ལུང་དང་རིགས་པ་དང་འགལ། ཉན་ཐོས་ཀྱི་སྡེ་སྣོད་ཀྱང་དེར་ཐལ་ལོ། །དེས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང༌། དམན་པའི་རིགས་ཅན་གཅིག་གིས་ཉན་ཐོས་སྡེ་པའི་གཞུང་ནས་འབྱུང་བ་ཁོ་ན་ལྟར་ཉམས་སུ་བླངས་ན་མི་རྟག་སོགས་རྟོགས་པ་ཙམ་ཞིག་བསྒོམས་པས་དེ་མངོན་སུམ་དུ་གསར་དུ་མཐོང་བའི་མཐོང་ལམ་དང༌། མཐོང་ཟིན་རྒྱུན་ལྡན་དུ་གོམས་པ་དང༌། དེ་མཐར་ཐུག་པའི་མི་སློབ་ལམ་འབྱུང་བར་ངེས་སོ། །དེའི་ཚེ་ཐར་པ་ཐོབ་པ་ཞེས་བྱ་སྟེ། ཟག་བཅས་ཀྱི་ལས་མ་ལུས་པ་སྤངས་པའི་འགོག་བདེན་མངོན་དུ་བྱས་པའི་ཕྱིར། འོན་ཀྱང་དེ་འདྲའི་དགྲ་བཅོམ་དེས་ཉོན་མོངས་ཀྱི་བག་ཆགས་ནི་མ་སྤངས་ཏེ། ལུས་ངག་སེམས་ཀྱི་གནས་ངན་ལེན་ཞེས་བཤད་པ་ལྟར། ཆོས་ཀྱི་བདག་མེད་མ་རྟོགས་པའི་སྟོབས་ཀྱིས། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པས་འདོད་ཆགས་དང་ངར་འཛིན་སོགས་ཀྱི་བག་ཆགས་བརྟན་པའི་ཕྱིར་རོ། །འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ས་བོན་དང་བཅས་པ་སྤངས་པས། འཁོར་བ་ལས་གྲོལ་བའི་ཐར་པ་མཚན་ཉིད་པ་ཡིན་ནོ། །སེམས་ཙམ་པ་དང༌། མངོན་པར་རྟོགས་པའི་རྒྱན་ལ་སོགས་པ་དབུ་མའི་གཞུང་ལུགས་ཆེན་པོ་འདི་དག་གིས་ཉན་ཐོས་ཀྱི་ལམ་བསྒྲོད་ཚུལ་ཡང་དེ་ཙམ་མོ། །ཡང་དཔལ་ལྡན་ཟླ་བ་ལ་སོགས་པའི་གཞུང་གི་རྗེས་སུ་འབྲངས་ནས། དབུ་མའི་ལྟ་བ་བསྐྱེད་པའི་སྣོད་དུ་རུང་ཞིང༌། ཐེག་པ་ཆེན་པོའི་སྐབས་ཀྱི་ཆ་ལ་མི་ལྟོས་པའི་ཉན་ཐོས་འགའ་ཞིག་ལ། ཆོས་ཀྱི་བདག་མེད་པའི་མཚན་ཉིད་ཅན་གྱི་གང་ཟག་གི་བདག་མེད་བསྒོམ་པ་མཐར་ཐུག་པ་ན། ཉོན་སྒྲིབ་བག་ཆགས་དང་བཅས་པ་སྤངས་པའི་ཐར་པ་མངོན་དུ་བྱེད་པར་ངེས་སོ། །དེ་ལ་དགོངས་ནས་དཔལ་ལྡན་ཟླ་བས་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་དོ་ཞེས་ལུང་དང་རིགས་པས་སྒྲུབ་པར་མཛད་ཀྱི་ཁྱབ་པར་མ་བཤད་དོ། །དེ་ལྟ་ན་རང་རྒྱལ་ལའང་གཟུང་བ་ཆོས་ཀྱི་བདག་མེད་དང་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་གཉིས་འབྱུང་བར་ངེས་སོ། །དེ་ལྟ་ན་རིགས་ཅན་གསུམ་ལ་གྲུབ་མཐའ་བཞིའི་རིམ་པས་རིགས་ཅན་བདུན་དུ་འབྱེད་པར་ངེས་སོ། །ཐེག་པ་ཆེན་པོའི་གཞུང་ལས་ནི། ཐེག་པ་གསུམ་ལ་ལམ་ཆ་ཚང་བར་བསྟན་པ་ལ། མི་མཐུན་པ་དུ་མ་འབྱུང་སྟེ། གསུམ་ཀ་ལ་སྟོང་ཉིད་ཀྱི་ལྟ་བ་དགོས་པར་བཞེད་པའི་ལུགས་དང༌། ཐེག་ཆེན་ལ་དགོས། ཉན་ཐོས་ཀྱི་ཐེག་པར་བསྒྲོད་པ་ལ་མི་དགོས་པའི་ལུགས་དང༌། ཐེག་ཆེན་ལའང་སེམས་ཙམ་པ་གཟུང་བ་ཆོས་ཀྱི་བདག་མེད་ཙམ་གྱིས་ཆོག་པར་བཞེད་པ་དང༌། དབུ་མ་པ་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པ་དགོས་པར་བཞེད་པ་རྣམས་སུ་ཡོད་དོ། །འདི་གང་དགོས་པར་སྦྱར་རོ། །མ་རིག་པ་ཞེས་བྱ་བ་ནི། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་རྨོངས་པ་ཅིག་ཡིན་ལ། འདི་ལ་གང་ཟག་བདག་མེད་རྟོགས་པའི་འགལ་ཟླ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་མ་རིག་པ་གཉིས། དང་པོ་ལ་ཀུན་བཏགས་དང༌། ལྷན་སྐྱེས་གཉིས། དང་པོ་ནི་རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པའི་སེམས་འབྱུང་ལྟ་བུའོ། །གཉིས་པ་ནི། ང་དང་ངའོ་སྙམ་པའི་འཇིག་ལྟ་ལྷན་སྐྱེས་ལྟ་བུའོ། །གཉིས་པ་ལ་ཆོས་ཀྱི་བདག་མེད་རགས་པ་རྟོགས་པའི་འགལ་ཟླ་དང༌། ཕྲ་བ་རྟོགས་པའི་འགལ་ཟླ་གཉིས། དང་པོ་ནི་བཟུང་བ་ཆོས་ཀྱི་བདག་འཛིན་ལྟ་བུ་ཡིན་ལ། དེ་ལའང་ཀུན་བཏགས་དང་ལྷན་སྐྱེས་གཉིས། གཉིས་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས། དང་པོ་ནི་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བདེན་པར་འཛིན་པའི་སེམས་འབྱུང་འདི་ལ་ཡང་ཀུན་རྟགས་དང་ལྷན་སྐྱེས་གཉིས། གཉིས་པ་ནི་རང་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་སོགས་ལ་བདེན་པར་ཞེན་པ་དེ་ཡིན་ལ། འཁོར་བའི་རྩ་བ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་དེ་དང༌། འཇིག་ལྟ་གཉིས་སོ། །དེ་གཉིས་དང་འཛིན་སྟངས་དངོས་སུ་འགལ་བའི་ཡེ་ཤེས་དེ་འཁོར་བའི་རྩ་བ་གཅོད་ནུས་ཡིན་པའི་ཕྱིར། གང་ཟག་གི་བདག་ཏུ་འཛིན་པ་ནི། ངའོ་སྙམ་པའི་ངར་འཛིན་ནམ། འཇིག་ལྟ་ཉིད་ཡིན་གྱི། དེ་ལ་དམིགས་རྣམ་ཟུར་པ་མེད་དེ། དེས་ཕུང་པོའི་སྟེང་དུ་གང་ཟག་རང་དབང་ཅན་ཅིག་ཡོད་པར་བཟུང་བ་ཡིན་ལ། གཞན་ལ་དམིགས་པའི་ཚེ་ནའང༌། གཞན་གྱི་ཕུང་པོའི་སྟེང་ན་གང་ཟག་གམ། ལྷ་སྦྱིན་ཞེས་པ་ལྟ་བུ་རང་དབང་ཅན་ཅིག་བཟུང་བ་ཡིན་གྱི། རང་དང་གཞན་དམིགས་པར་བྱས་ནས་བདེན་པར་འཛིན་པའི་འཛིན་སྟངས་ག་ལ་ཡོད། འདི་ངའོ་འདི་ནི་ལྷ་སྦྱིན་ནོ་ཞེས་འཛིན་གྱི་འདི་ནི་ང་རང་བཞིན་གྱིས་གྲུབ་པ་ཡིན། འདི་ནི་ལྷ་སྦྱིན་རང་བཞིན་གྱིས་གྲུབ་པ་ཡིན་སྙམ་པའི་འཛིན་སྟངས་སུ་ཇི་ལྟར་འོང༌། དེ་གཉིས་ཡིན་ན་ཐོག་མར་ང་བཟུང་ནས་དེའི་རྗེས་སུ་བདེན་པར་འཛིན་དགོས། ཐོག་མར་ངར་འཛིན་པ་འདི་རང་འཛིན་ལྷན་སྐྱེས་ཡིན་ནམ། མིན་ཞེས་བརྟགས་ན་འཇིག་གོ །ངའོ་སྙམ་པ་དང༌། བུམ་པའོ་སྙམ་པའི་ཞེན་སྟངས་འདི་ཉིད་ལས་ལྷག་པ་མེད་ལ། ཕུང་པོ་ལྔ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དབང་དང༌། བུམ་པའི་རྡུལ་རྫས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དབང་གིས་བསྐྱེད་པས་ན། གང་ཟག་དང་ཆོས་ཀྱི་བདག་འཛིན་དུ་འགྱུར་རམ་བརྟག བདེན་ཚད་ལ་དབུ་མ་པ་བདེན་པའི་གཅིག་དང་དུ་མ་གང་རུང་དུ་འཛིན་པ་དང༌། མྱུ་གུ་མཐའ་བཞི་ལས་སྐྱེ་བར་འཛིན་པའི་བློས་མ་ངེས་ཤིང༌། ལོག་ཕྱོགས་ལ་དེའི་ལོག་ཕྱོགས་ཀྱིས་མ་ངེས་པ་སྟོན་པའང་གལ་ཆེའོ། །བདག་མེད་རྟོགས་པའི་ཤེས་རབ་ལ་ཡང་ཕྲ་རགས་དེ་ལྟར་བྱེད་དགོས་སོ། །ཡང་འདི་སྐད་དུ། དཔལ་ལྡན་ཟླ་བའི་ཞབས་སོགས་ཐལ་འགྱུར་བ་རྣམས་ཐ་སྙད་དུའང་རང་རིག་མི་བཞེད་དེ། འཇུག་འགྲེལ་ལས། རྫས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་ལྡན་པའི་རང་རིག་བཀག་པའི་འོག་ཏུ། འོན་ཏེ་ལོ་ཀའི་ཐ་སྙད་ཀྱི་དབང་དུ་བྱས་པ་ཡིན་ན་ནི། དེ་ལྟ་ནའང་རང་རིག་པའི་རྒྱུ་མཚན་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ་ཞེས་དང༌། རང་རིག་མེད་པར་དྲན་པ་ཇི་ལྟར་སྟོན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རིགས་པའང་ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་རིག་པ་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང༌། རྟོག་པས་ཡིད་ཙམ་གཏད་ཀྱང་རིག་བྱ་རིག་བྱེད་ཀྱི་ཡུལ་སོ་སོར་འཆད་རྒྱུ་མེད་པའི་ཕྱིར། འདིར་འགོག་རྒྱུའི་རང་རིག་ཀྱང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་འགོག་པ་ཡིན་ནོ་ཞེས་ཟེར་རོ། །འདི་འགོག་པ་ལ་བཞི་སྟེ། ཁས་བླངས་ནང་འགལ་བར་བསྟན། རིགས་པ་དང་འགལ་བར་བསྟན། ལུང་དང་འགལ་བར་བསྟན། རང་ལུགས་ཀྱི་ཟླ་བའི་དགོངས་པ་བཤད་པའོ། །དང་པོ་ནི་ཤེས་བྱ་ཆོས་ཅན། ཀུན་མཁྱེན་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་མི་རིག་པར་ཐལ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང༌། རྟོག་པས་ཡིད་ཅི་ཙམ་གཏད་ཀྱང་རིག་བྱ་རིག་བྱེད་ཀྱི་ཡུལ་སོ་སོར་འཆད་རྒྱུ་མེད་པའི་ཕྱིར། འཁོར་གསུམ། གཞན་ཡང་སྔོ་འཛིན་མིག་ཤེས་དེ་ཉིད་ཀྱིས་དེ་ཉིད་མི་རིག་པར་ཐལ། རྟགས་སྔ་མ་དེའི་ཕྱིར། འདོད་ན་ཁས་བླངས་འགལ་ཏེ། དེ་འདྲའི་ཚད་མས་མི་འགྲུབ་པར་ཐལ། ཚད་མ་རང་ཉིད་ཀྱིས་མི་འགྲུབ་ཚད་མ་གཞན་གྱིས་འགྲུབ་དགོས་ན་ཐུག་མེད་དུ་འགྱུར་བའི་ཕྱིར། ཞེས་པའི་དོགས་པ་བཀོད་ནས། ལན་འདེབས་པ་ན་དེ་དེས་གྲུབ་པར་ཁས་བླངས་པའི་ཕྱིར། དོན་འདི་ལ་རྗེས་འབྲང་དག འདོད་པ་མི་མཐུན་པ་གཉིས་སུ་སྨྲ་ཏེ། ལ་ལ་ན་རེ། ཤེས་པ་དེ་ཉིད་ཀྱིས་དེ་ཉིད་རིག་ཀྱང༌། རང་རིག་བཀག་པ་དང་མི་འགལ་ཏེ། འདིར་དགག་རྒྱུའི་རང་རིག་ནི། ཡུལ་གྱི་ཁམ་བསྒྱུར་བས་ཡུལ་ཡན་གར་བསྒྲུབ་པའི་རྣམ་པ་ཅན་མྱོང་བྱ་ལ་གཉིས་སྣང་ནུབ་པ་སྟེ། འཛིན་རྣམ་ཆོས་གསུམ་ལྡན་ཡིན་ལ། དེ་ཙམ་གྱིས་རང་རིག་ཏུ་འཇོག་ནུས་ན། གཞན་སྐྱེ་ཡོད་པར་ཐལ་ལོ། །མྱུ་གུ་རང་ལས་དོན་གཞན་པའི་ས་བོན་ལས་སྐྱེ་བའི་ཕྱིར། རང་རིག་གྲུབ་པར་འགྱུར་ཏེ། ཚད་མས་ཚད་མ་རིག་པའི་ཕྱིར་དང༌། བློས་ཀྱང་བློ་རིག་པའི་ཕྱིར་ཞེས་ཟེར། གཞན་དག་ནི་སྔོ་འཛིན་མིག་ཤེས་ཀྱིས་སྔོ་འཛིན་མིག་ཤེས་ཡོད་པར་བསྒྲུབ་པ་ལ། ཚད་མ་གཞན་མི་དགོས་ལ། དེའི་དོན་ཡང་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་བའི་སྟོབས་ཀྱིས། ཚད་མ་གཞན་བརྒྱུད་མི་དགོས་པར་སྔོ་འཛིན་མིག་ཤེས་ཀྱིས་སྔོན་པོ་བཟུང་བར་དྲན་པའི་ཤེས་པ་དངོས་སུ་འདྲེན་ནུས་ལ་དེ་འདྲའི་དྲན་ཤེས་དེ་མིག་ཤེས་ཡོད་པ་ལ་ཚད་མ་ཡིན་ནོ་ཞེས་ཟེར་རོ། །ལུགས་དང་པོ་དེ་ནི་ཁྱོད་ཉིད་གང་གི་རྗེས་སུ་འབྲང་བ་དེའི་བཞེད་པར་མི་རུང་སྟེ། དེ་ཉིད་དེ་ཡིས་འཛིན་པར་རིགས་མ་ཡིན། ཞེས་པའི་རྣམ་བཤད་དང་འགལ་བའི་ཕྱིར་དང༌། རྟོག་པས་ཡིད་ཙམ་གཏད་ཀྱང་རིག་བྱ་རིག་བྱེད་ཀྱི་སྣང་བ་གཉིས་མི་འཆར་བས། ཤེས་པ་དེས་དེ་རིག་པར་མི་འཐད་པར་ཁྱེད་རང་གི་རྣམ་བཤད་ལས་བཤད་པའི་ཕྱིར། སྔོ་འཛིན་མིག་ཤེས་ཀྱིས་ཁོ་རང་རྟོགས་ན་དངོས་སམ་ཤུགས་ལ་རྟོགས། དང་པོ་ལྟར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་དེ་ཉིད་ཀྱིས་དེ་ཉིད་རྟོགས་པར་འགྱུར་བས། ཁས་བླངས་ཐམས་ཅད་ཉམས་པར་འགྱུར་རོ། །ལུགས་གཉིས་པ་ལྟར་ན། ཤེས་པ་དེ་དང་དེ་ལ་ཡུལ་གྱི་རྣམ་པ་ཤར་བའི་ཤུགས་ཀྱིས་ཤེས་པ་དེ་དང་དེ་གྲུབ་ཅེས་ཁས་ལེན་དགོས་ཤིང༌། དེ་ལྟར་ཁས་ལེན་པ་དེ་ཁྱེད་རང་གི་ཆེན་པོ་ཡང་བཞེད་པར་སྣང་བས། དེ་བརྟེན་པར་བྱ་སྟེ། འོ་ན་རང་རྒྱུད་ལ་རང་བློ་དངོས་སུ་རྟོགས་པའི་ཚད་མ་ཡོད་མེད་དཔྱོད་པའི་སྐབས་སུ་ཤུགས་རྟོགས་ཙམ་ཞིག་ཁས་བླངས་པས། གྲུབ་མཐའི་རྩ་བ་བོར་ཞིང་རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཡང་ཐལ་ལོ། །དེར་ཡང་མ་ཟད་བདེན་སྟོང་མངོན་སུམ་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་གྱི་བདེན་གསུམ་དུ་གཞལ་བའི་ཤུགས་ལ། རང་ཉིད་རྟོགས་པར་ཁས་ལེན་དགོས་པས། བདེན་སྟོང་ཆོས་ཅན། མ་ཡིན་དགག་ཏུ་ཐལ། དགག་པ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་བློ་ཡུལ་དུ་འཕེན་པའི་ཕྱིར། གཞན་ཡང་རིགས་ཤེས་ཚད་མ་དེས། རང་ཡོད་པ་གྲུབ་ན། རང་གི་ཡུལ་ཡོད་དེ་ཡང་ངེས་པར་འགྲུབ་དགོས་ལ། དེ་ལྟ་ན་ཆེན་པོ་ཉིད་ཀྱིས། རང་བཞིན་མེད་པ་ཡོད་པར་ཐ་སྙད་པའི་ཚད་མས་འགྲུབ་ཀྱི། རིགས་ཤེས་ཀྱིས་མི་འགྲུབ་པར་བཤད་པ་དང་འགལ་ལོ། །གཞན་ཡང་སྔོ་སྣང་དབང་ཤེས་ཀྱིས་སྔོན་པོ་དངོས་སུ་གཞལ་བའི་སྟོབས་ཀྱིས་སྔོ་སྣང་དབང་ཤེས་ཉིད་ཀྱང་དངོས་སུ་རྟོགས་པར་ཁས་ལེན་ན། དེ་ལ་དེའི་རྣམ་པ་ཤར་བར་ཐལ། དེའི་ཕྱིར་འཁོར་གསུམ་མོ། །ཡང་ལུགས་གཉིས་པའི་འདོད་པ་དེ། རང་གང་གིས་རྗེས་སུ་འབྲང་བའི་ལུང་དང་རིགས་པ་དང་འགལ་ཏེ། འདི་ལྟར་སྔོན་པོ་འགྲུབ་བྱེད་ཀྱི་ཚད་མ་ལས་ལོགས་སུ། སྔོན་པོ་འགྲུབ་བྱེད་ཀྱི་ཚད་མ་བཙལ་དགོས་པར་ཐལ། སྔོན་པོ་སྔོ་འཛིན་ཚད་མ་དེ་ཉིད་ཀྱིས་འགྲུབ་ལ། སྔོ་འཛིན་ཚད་མ་ནི་ཁོ་རང་གིས་མི་འགྲུབ་པར་རྗེས་ཀྱི་དྲན་པ་ལ་ལྟོས་པའི་ཕྱིར། འདོད་ན་ཉིད་ཀྱི་རྣམ་བཤད་ལས། སྔོན་པོ་འགྲུབ་ཚུལ་ལས་གཞན་པའི་སྔོན་པོ་འཇལ་བྱེད་འགྲུབ་ཚུལ་མི་དགོས་ཞེས་པ་དང་འགལ། གཞན་ཡང་སྔོ་འཛིན་མངོན་སུམ་དེ་ཁོ་རང་གིས་འགྲུབ་པ་མ་ཡིན་པར་ཐལ། དེ་རང་གིས་མི་འགྲུབ་པར་རྗེས་ཀྱི་དྲན་པ་ལ་ལྟོས་པའི་ཕྱིར། འདོད་ན་ཡང་དེ་ཉིད་ལས། སྔོ་འཛིན་ནི་གཞན་ལུགས་ལྟར་རང་རིག་གིས་མི་འགྲུབ་ཀྱི། དབང་པོའི་མངོན་སུམ་ཚད་མས་འགྲུབ་པར་བསྟན་ཏེ། དེ་ཡོད་པ་ནི་སྔོ་འཛིན་གྱིས་གཞལ་བྱ་རྟོགས་པ་དེ་ཉིད་ཀྱིས་གྲུབ་པའི་ཕྱིར། ཞེས་བཤད་པ་དང་འགལ། ཡང་ཁྱེད་ལྟར་ན་དབང་པོའི་མངོན་སུམ་འགྲུབ་པ་ཡིད་ཀྱི་མངོན་སུམ་ལ་ལྟོས་པར་ཐལ། དེ་རྗེས་ཀྱི་དྲན་པ་ལ་ལྟོས་ལ། དེ་འདྲའི་དྲན་པ་དེ་ཡིད་ཀྱི་མངོན་སུམ་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་ཚད་མ་རྣམས་འགྲུབ་བྱེད་ཐུག་མེད་དུ་འགྱུར་ཏེ། ཤེས་པ་སྔ་མ་རྣམས་འགྲུབ་པ་རྗེས་ཀྱི་དྲན་པ་ལ་ལྟོས་དྲན་པ་དེ་ཡང་དེ་ཉིད་ཀྱིས་མི་ཤེས་པར་རང་ཡོད་པར་དྲན་པའི་དྲན་ཤེས་ཕྱི་མ་ལ་ལྟོས་དགོས་པར་མཚུངས་པའི་ཕྱིར། གཞན་ཡང་སྔོ་འཛིན་དབང་པོའི་མངོན་སུམ་འགྲུབ་པ་རྗེས་ཀྱི་དྲན་ཤེས་ལ་ལྟོས་ན། སྔོན་པོ་གྲུབ་པ་ཙམ་གྱིས་སྔོ་འཛིན་ཚད་མ་འགྲུབ་མི་ནུས་པར་ཐལ། སྔོ་འཛིན་དབང་པོ་མངོན་སུམ་དེས་སྔོན་པོ་ནི་གྲུབ་ལ། སྔོ་འཛིན་ནི་འགྲུབ་པ་རྗེས་ཀྱི་ཤེས་པ་ལ་ངེས་པར་ལྟོས་པའི་ཕྱིར། འདོད་ན་ཉིད་ཀྱི་རྣམ་བཤད་ལས། ཚད་མས་འགྲུབ་པ་ལ་གཞལ་བྱ་གྲུབ་པ་ཙམ་གྱིས་མི་ཆོག་པར། ཚད་མ་རང་ལས་ཚད་མ་འགྲུབ་པ་གཞན་དག་འདོད་པ་ལྟར་ཡིན་ན་གཞལ་བྱ་ལ་མ་ལྟོས་པར་ཚད་མ་འགྲུབ་པར་འགྱུར་རོ། །ཞེས་པ་དང་འགལ། ཡུལ་དྲན་པའི་དྲན་པ་དེ་ཉིད་ཀྱིས་ཡུལ་ཅན་དྲན་པར་མི་ནུས་པར་དྲན་པ་ཟུར་པ་ཅིག་དགོས་པར་ཐལ། སྔོན་པོ་འགྲུབ་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས། སྔོན་པོ་མི་འགྲུབ་པར་རྗེས་ཀྱི་དྲན་པ་ལ་ལྟོས་དགོས་པའི་ཕྱིར། རྟགས་དངོས་འགལ། ཁྱབ་པ་ལུང་དང་འགལ་ཏེ། ཉིད་ཀྱི་རྣམ་བཤད་ལས། དེ་ལ་ཡུལ་དྲན་པ་ཉིད་ཀྱིས་ཡུལ་ཅན་ཡང་དྲན་པས་དྲན་པ་ཟུར་པ་མི་དགོས་པ་བཞིན་དུ། སྔོ་འཛིན་ལྟ་བུས་སྔོན་པོ་གྲུབ་པ་ཉིད་ཀྱི་སྔོན་པོ་འཇལ་བྱེད་འགྲུབ་ཀྱི། སྔོན་པོ་འགྲུབ་ཚུལ་ལས་གཞན་སྔོན་པོ་འཇལ་བྱེད་འགྲུབ་ཚུལ་མི་དགོས་སོ་ཞེས་པ་དང་འགལ་ལོ། །གཉིས་པ་རིགས་པ་དང་འགལ་བ་ལ་དངོས་དང༌། ཉེས་སྤོང་དགག་པ་གཉིས། དང་པོ་ནི་ཐ་སྙད་དུ་ཡང་རང་རིག་མེད་ན། སྔོ་འཛིན་ཚད་མ་ཆོས་ཅན། ཚད་མས་མི་རིག་པར་ཐལ། ཚད་མ་རང་གིས་ཀྱང་མི་རིག རང་ལས་དོན་གཞན་པའི་ཚད་མས་ཀྱང་མི་རིག་པའི་ཕྱིར། ཁྱབ་པ་ནི། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། ཞེས་པར་ཁས་བླངས། འདོད་ན་ནི་མེད་པར་ཐལ། དེའི་ཕྱིར། གསུམ་ཆར་རོ། །རྟགས་སྔ་མ་མ་གྲུབ་ན། རལ་གྲིའི་སོས་རང་གཅོད་པ་དང༌། སོར་མོའི་རྩེ་མོ་ཉིད་ཀྱིས་ཉིད་ལ་རེག་པ་དང༌། སྐྱེས་བུ་ཡང་བཟོར་ཅན་གྱིས་རང་གི་ཕྲག་པ་ལ་ཞོན་པ་དང༌། མེ་རང་གིས་བདག་ཉིད་བསྲེག་པ་དང༌། མིག་ཤེས་རང་གིས་བདག་ཉིད་ལ་བལྟ་བར་ཐལ་ལོ། །འཁོར་གསུམ་མོ། །རྟགས་གཉིས་པ་མ་གྲུབ་ན། ཐུག་མེད་དུ་ཐལ་བ་དང༌། ཡུལ་གཞན་ལ་མི་འཕོ་བར་ཐལ་བའི་ཉེས་པས་གནོད་པར་ངེས་སོ། །གཞན་ཡང་སྔོ་སྣང་དབང་ཤེས་ཆོས་ཅན། རང་དུས་སུ་རང་ལ་མྱོང་བ་ཡོད་པར་ཐལ། རྗེས་སུ་རང་དྲན་པའི་དྲན་ཤེས་ཤིག་ཡོད་པའི་ཕྱིར། འདོད་དོ་སྙམ་ན། རང་གིས་མྱོང་བ་དང་གཞན་གྱིས་མྱོང་བ་གང་རུང་དུ་ཐལ། རང་ལ་མྱོང་བ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། གཟུང་འཛིན་གཉིས་སྟོང་གི་གཞན་དབང་འཛིན་པའི་ཚད་མ་ཡོད་ན། རང་གིས་འཛིན་པ་དང་གཞན་གྱིས་འཛིན་པ་གང་རུང་ཡིན་དགོས་པའི་ཕྱིར། རྟགས་གཞན་ཡང་རང་མྱོང་མེད་པར་འདོད་པ་དང༌། ཚོར་བ་མྱོང་བའི་མཚན་ཉིད་ཅན་དུ་འདོད་པ་འགལ་ལོ། །གཉིས་པ་ནི་ཐལ་འགྱུར་དང་པོ་ལ་ལན་འདི་སྐད་འདེབས་ཏེ། ཚད་མའི་གྲངས་ངེས་འཇུག་པ་གཞལ་བྱའི་གཞན་དབང་ཅན་ཡིན་པའི་ཕྱིར་དང༌། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གིས་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་གསལ་བར་གསུངས་པས། གཞལ་བྱ་སྔོན་པོ་ཡོད་པར་གྲུབ་པ་ཉིད་ཀྱིས་སྔོ་འཛིན་ཚད་མ་ཡོད་པར་གྲུབ་པ་ཡིན་ནོ། །ཞེས་སོགས་སྤྲོས་པ་དང་བཅས་ཏེ་འཆད་པར་བྱེད་དོ། །ཐལ་བའི་ལན་ནི། འདི་ལྟ་སྟེ། མྱོང་བ་ལ་རང་མྱོང་དང་གཞན་མྱོང་གང་རུང་གིས་མ་ཁྱབ་སྟེ། མར་མེ་རང་གིས་གསལ་བར་མི་བྱེད་ཀྱང༌། དེ་ལ་གསལ་བ་མི་བཟློག་པ་བཞི་ནི། གལ་ཏེ་མར་མེ་རང་གིས་རང་གསལ་བར་བྱེད་ན། མུན་པ་རང་གིས་རང་སྒྲིབ་པར་ཐལ་ལོ་ཞེས་འཆད། ཉེས་སྤོང་དང་པོ་མི་འཐད་པར་བསྟན་པ་ལ། རིགས་པས་མི་འཐད་པ་བསྟན། ལུང་དེའི་དགོངས་པར་མ་ཡིན་པར་བསྟན་པ་གཉིས། དང་པོ་ནི་སྔོ་འཛིན་ཚད་མ་ཆོས་ཅན། ཁྱོད་སྔོ་འཛིན་ཚད་མ་ལ་ཚད་མར་ཐལ། ཁྱོད་སྔོན་པོ་ཡོད་པ་ལ་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཆོས་ཅན། དེ་ཁྱོད་ཀྱི་གཞལ་བྱར་ཐལ། ཁྱོད་དེ་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། མ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་ལ་རྟོག་པས་ཡིད་ཇི་ཙམ་གཏད་ཀྱང་གཞལ་བྱ་འཇལ་བྱེད་ཀྱི་རྣམ་པ་ཐ་དད་དུ་འཆར་རྒྱུ་མེད་པའི་ཕྱིར། གསུམ་མོ། ཚད་མ་དང་གཞལ་བྱ་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བས། གཉིས་ཀ་ངོས་མི་ཟིན་པར་ཐལ་ལོ། །གཞན་ཡང་འཁྲུལ་པའི་ཤེས་པ་རྣམས་ཡུལ་གྲུབ་པས་ཡུལ་ཅན་འགྲུབ་པར་ཐལ། ཡུལ་ཅན་འཁྲུལ་ཤེས་ལ་འགྲུབ་བྱེད་ཡོད། དེ་ལས་གཞན་མེད་པའི་ཕྱིར། འདོད་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་ཚད་མར་ཐལ། ཁྱོད་ཟླ་བ་གཉིས་སྣང་གི་དབང་ཤེས་འགྲུབ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། ཚད་མར་ཐལ། ཁྱོད་སྒྲ་རྟག་འཛིན་གྱི་རྟོག་པ་འགྲུབ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། གསུམ་མོ། །ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་དེས་ཡུལ་ཟླ་གཉིས་གྲུབ་པས་ཡུལ་ཅན་དེ་གྲུབ་པར་ཐལ། སྔོ་སྣང་དབང་ཤེས་ཀྱི་ཡུལ་སྔོན་པོ་གྲུབ་པས་ཡུལ་ཅན་དེ་གྲུབ་པའི་ཕྱིར། ཅི་སྟེ་མི་མཚུངས་ཏེ། འཁྲུལ་ཤེས་རྣམས་རང་ལ་སྣང་ཆ་དེ་ལ་ཚད་མར་སོང་བས་ཡུལ་རང་ཉིད་གྲུབ་པ་ཡིན་ནོ་ཞེ་ན། འོ་ན་སྔོ་སྣང་དབང་ཤེས་ཀྱང་སྔོན་པོར་སྣང་བ་ལ་ཚད་མར་ཐལ། དེའི་ཕྱིར་འདོད་ན། རང་གིས་རང་གྲུབ་པར་ཐལ། སྔོ་སྣང་དབང་ཤེས་དེ་རང་གི་གཟུང་རྣམ་འཇལ་བར་བྱེད་པར་བྱེད་པར་ཚད་མ་ཡིན་པའི་ཕྱིར། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱང་རང་ལ་ཆོས་ཉིད་སྣང་བ་དེ་ལ་མངོན་སུམ་དུ་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་དེ་དེ་ལ་དེའི་ཕྱིར། འདོད་ན་སྣང་བ་དོན་དམ་བདེན་པར་ཐལ་ལོ། །གསུམ་ཆར་ཁས་བླངས། གཞན་ཡང་སྒྲ་རྟག་འཛིན་གྱི་རྟོག་པ་དེ་རང་གི་སྣང་བ་ལ་མངོན་སུམ་ཡིན་ན་ནི། ཡིད་ཀྱི་མངོན་སུམ་དུ་ཁས་ལེན་དགོས་པར་ཧ་ཅང་ཐལ་ལོ། །གཉིས་པ་ལུང་གི་དགོངས་པ་མ་ཡིན་པར་བསྟན་པ་ནི། ཚད་མའི་གྲངས་ངེས་སོགས་ཀྱི་ལུང་དེ་གཞན་གྱིས་ཁས་བླངས་པ་རྟགས་སུ་བཀོད་པའི་གཞུང་ཡིན་ལ། གཞུང་དེའི་དོན་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཁྱེད་ཀྱི་ཕྱོགས་ལ་མི་རུང་བ་ཡིན་ནོ། །དེ་ཡང་འདི་ལྟར་དངོས་པོར་སྨྲ་བས། དབང་པོ་སོ་སོ་ལ་བརྟེན་པས་ན་མངོན་སུམ་ཞེས་ཡུལ་ཅན་ཁོ་ན་མངོན་སུམ་དུ་འདོད་ལ། དཔལ་ལྡན་ཟླ་བས་མངོན་སུམ་གྱི་མིང་ཡུལ་བུམ་སོགས་ཡིན་ལ། དེའི་ཡུལ་ཅན་དབང་ཤེས་ལ་ཡང་ཡུལ་མངོན་སུམ་དེ་ལས་བྱུང་བས་ན་མངོན་སུམ་ཞེས་སྒྲ་བཤད་ནས་ཡུལ་ཅན་མངོན་སུམ་བཏགས་པ་བར་འཆད་པའི་སྐབས་སུ། དངོས་སྨྲའི་ལུགས་ཀྱི་མངོན་སུམ་གྱི་སྒྲ་བཤད་འགོག་པ་ན། དངོས་སྨྲ་བ་ཁྱོད་རང་གི་ལུགས་ལའང་རྟེན་གྱི་སྒོ་ནས་མངོན་སུམ་གྱི་སྒྲ་བཤད་མི་རིགས་པར་ཡུལ་ཁོ་ནའི་སྒོ་ནས་སྒྲ་བཤད་རིགས་པར་ཐལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་ཚད་མ་གཉིས་ཀྱི་གྲངས་ངེས་གཞལ་བྱ་ལ་རག་ལས་པར་བཤད་པའི་ཕྱིར་དང༌། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། ཅེས་པ་ལྟར། གཞལ་བྱའི་རྣམ་པ་ཤར་བ་དེ་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་དུ་ཁྱེར་རང་གིས་རྣམ་པར་འཇོག་པའི་ཕྱིར་ཞེས་སྟོན་པའི་དབང་དུ་བྱས་ནས། ཚད་མའི་གྲངས་ངེས་འཇུག་པ་གཞན་དབང་ཅན་ཡིན་པའི་ཕྱིར་དང༌། གཞལ་བྱའི་རྣམ་པ་ཅན་གྱིས་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གི་རང་གི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། དབང་པོ་བསྟན་པས་ཅུང་ཟད་ཀྱང་མི་གོ་བས་རྣམ་པ་ཐམས་ཅད་ཡུལ་ཁོ་ན་བསྟན་པར་རིགས་སོ། །ཞེས་གསུངས་ཏེ། དེ་ཡིན་ཀྱང་ཁྱེད་ཀྱི་ཕྱོགས་ལ་མི་རུང་བ་ནི། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་སོགས་ཀྱི་ཐལ་འགྱུར་དེ་སེམས་ཙམ་པ་ལ་གནོད་བྱེད་ཀྱི་རིགས་པ་ཡང་དག་མ་ཡིན་པར་འགྱུར་ཏེ། ཡུལ་གཟུགས་སྒྲ་སོགས་ཡོད་པར་གྲུབ་པ་ཉིད་ཀྱིས་ཡུལ་ཅན་ཚད་མ་ཡོད་པར་འགྲུབ་བོ། །ཞེས་པའི་ལན་སེམས་ཙམ་པས་འདེབས་ནུས་པའི་ཕྱིར་ཏེ། སེམས་ཙམ་པ་རང་ལུགས་ལ་ཡུལ་གཟུགས་སྒྲ་སོགས་ཡོད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་དང༌། སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། སྔོན་པོ་རྟོགས་པའི་ཚད་མའི་སྒྲུབ་བྱེད་དུ་སེམས་ཙམ་པས་ཀྱང་ཁས་ལེན་པར་ཁྱེད་ཀྱི་བཤད་པའི་ཕྱིར་རོ། །ཉེས་སྤོང་གཉིས་པ་མི་འཐད་པར་བསྟན་པ་ནི། དེ་ལྟ་ན་ནི་མདོ་སྡེ་པ་དང་སེམས་ཙམ་པས་འདོད་པའི་རང་རིག་དེ་ཐ་སྙད་དུ་གྲུབ་པར་འགྱུར་ཏེ། དེ་དག་གི་སྔོ་སྣང་དབང་ཤེས་སོགས་མྱོང་བྱེད་དོན་གཞན་ལ་མི་ལྟོས་པར་མྱོང་བའི་ངོ་བོར་སྐྱེས་པ་ཙམ་ལ་རང་མྱོང་བ་དང༌། མར་མེ་དེ་གསལ་བྱེད་དོན་གཞན་ལ་མི་ལྟོས་པར་རང་རྒྱུ་ལས་གསལ་བའི་ངོ་བོར་སྐྱེས་པ་ཙམ་ལ་རང་གསལ་དུ་ཁས་ལེན་པའི་ཕྱིར་ཏེ། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་གསལ་བ་ན། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །ཞེས་གསུངས་སོ། །ཁས་བླངས་འགལ་བའི་སྐྱོན་ཡང་ཡོད་དེ། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་པའི་རིགས་པ་ལ་ཁྱབ་པ་མེད་པར་ཐལ། ཚད་མས་གཞལ་བ་ལ་ཚད་མ་རང་གིས་གཞལ་བ་དང༌། ཚད་མ་གཞན་གྱིས་གཞལ་བ་གཉིས་སུ་ཁ་ཚོན་མ་ཆོད་པའི་ཕྱིར། གལ་ཏེ་མ་གྲུབ་ན། ཁས་བླངས་ཤིང་དེར་ཐལ། མར་མེ་ལ་གསལ་བ་མི་བཟློག་ཀྱང༌། རང་གིས་ཀྱང་གསལ་བར་མི་བྱེད། གཞན་གྱིས་གསལ་བར་མི་བྱེད་པ་བཞིན། ཞེས་བརྗོད་པས་གསུམ་ཆར་དངོས་འགལ་ལོ། །གཞན་ཡང་ཐ་སྙད་དུ་མར་མེས་གཞན་གསལ་བར་བྱེད་དམ་མི་བྱེད། བྱེད་ན་མུན་པས་གཞན་གྱི་དངོས་པོ་སྒྲིབ་པ་དང༌། མར་མེས་གསལ་བར་བྱེད་པ་ལ་རང་གསལ་དང༌། གཞན་གསལ་གཉིས་སུ་ཁ་ཚོན་ཆོད་པར་འགྱུར་ལ། དོན་གྱི་སྐབས་སུ་ཡང་མཚུངས་སོ། །མར་མེ་རང་དང་ཞེས་སོགས་ཀྱི་དོན་ནི་དོན་དམ་དཔྱོད་པའི་སྐབས་ཡིན་གྱི་ཐ་སྙད་མར་མེ་རང་གསལ་ཙམ་ཡིན་པ་འགོག་པ་མ་ཡིན་པས་རྣམ་པ་ཀུན་དུ་འདྲ་བ་མ་ཡིན་ནོ། །གསུམ་པ་ལུང་དང་འགལ་བར་བསྟན་པ་ནི། ཐལ་འགྱུར་བས་ཐ་སྙད་དུ་ཡང་རང་རིག་མི་བཞེད་ན། གང་ཞིག་ལུགས་འདི་ལ་ཚད་མར་གྱུར་པའི་ལུང་དང་འགལ་བར་དགོས་ཏེ། ཡུམ་གྱི་མདོར་དྲན་པ་ཉེར་གཞག་གི་ངོས་འཛིན་དུ། སེམས་ལ་སེམས་ཀྱིས་རྗེས་སུ་བལྟ་ཞེས་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མར། སོ་སོ་རང་གིས་རིག་ཅེས་དང༌། འཇུག་པར། དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི་ཞེས་དང༌། འདི་ཡང་འཇིག་རྟེན་ལ་སྒྲ་བཤད་པའི་ཚུལ་ལུགས་ཡིན་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་རང་ལུགས་ཀྱི་ལུང་དོན་བཤད་པ་ལ། ཟླ་བའི་དགོངས་པ་བཤད། སྤྱོད་འཇུག་གི་དགོངས་པ་བཤད། དེའི་རྒྱབ་རྟེན་དུ་ཡེ་ཤེས་སྙིང་པོ་སོགས་ཀྱི་དགོངས་པ་བཤད་པའོ། །དང་པོ་ནི་རང་རིག་བདེན་པ་བ་འགོག་པ་འཇུག་འགྲེལ་གྱི་སྐབས་དོན་ཡིན་ཏེ། སེམས་ཙམ་པས་གཟུང་འཛིན་གཉིས་སྣང་གི་ཤེས་པ་བདེན་གྲུབ་ཡོད་པའི་སྒྲུབ་བྱེད་དུ། ཁོ་རང་གིས་ཁོ་རང་རིག་པ་དེ་འགོག་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར། སྤྱིར་གཞན་དབང་ཚད་མ་གང་གིས་འགྲུབ་དཔྱོད་པ་ནི། དབུ་མ་པ་ལ་ཤེས་འདོད་མེད་ཅིང༌། སེམས་ཙམ་པ་ལ་དཔག་འདོད་མེད་པའི་ཕྱིར། ཤེས་པ་བདེན་པར་གྲུབ་པའི་སྒྲུབ་བྱེད་དུ་ཤེས་པ་རང་གིས་རང་རིག་པ་འགོད་པ་ན། སེམས་ཙམ་པ་རང་གི་ལུགས་ལ་འབྲེལ་པ་མེད་པའི་ཕྱིར་དང༌། དེ་འདྲའི་སྒྲུབ་བྱེད་སེམས་ཙམ་པའི་གཞུང་ཚད་ལྡན་གང་དུ་ཡང་མ་བཤད་པའི་ཕྱིར། དེ་ཡང་གཞུང་གི་དོན་འདི་ལྟར་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་པ་བ་ཆོས་ཅན། རང་གིས་རང་གྲུབ་པར་ཐལ། ཁྱོད་འགྲུབ་བྱེད་ཅིག་ཡོད། ཤེས་པ་ཕྱི་མ་གཞན་གྱིས་མི་འགྲུབ་ཅིང༌། ཕྱི་རོལ་གྱི་ཡུལ་གྲུབ་པའི་སྒོ་ནས་ཤེས་པ་འགྲུབ་པར་ཡང་སེམས་ཙམ་པས་ཁས་མི་ལེན་པའི་ཕྱིར། ཞེས་སྟོན་པ་ནི། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། ཞེས་སོགས་སོ། །དབུ་མ་པ་ལ་མི་མཚུངས་ཏེ། ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་ནས་འཇོག་པའི་ཕྱིར་རོ། །འདོད་པར་ཡང་མི་ནུས་ཏེ། ལས་དང་བྱེད་པ་པོ་གཅིག་ཏུ་ཐལ་བའི་ཕྱིར། ཞེས་སྟོན་པ་ནི། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་སོ། །དེས་ནི་དོན་དམ་པའི་ཤེས་པ་རང་རིག་རང་གསལ་བཀག་པ་ཡིན་ནོ། །དེ་ལ་རྣམ་བདེན་པ་ན་རེ། བདེན་གྲུབ་ཀྱི་སྔོ་སྣང་དབང་ཤེས་ཆོས་ཅན། རང་རིག་པ་ཡིན་ཏེ། རིག་བྱེད་དོན་གཞན་མི་ལྟོས་པར་རང་རྒྱུ་ལས་རིག་པའི་ངོ་བོར་སྐྱེས་པའི་ཕྱིར། དཔེར་ན་སྒྲོན་མེ་བཞིན་ཞེས་རང་བཞིན་གྱི་རྟགས་དང༌། ཆོས་ཅན། རང་དུས་ན་མྱོང་བ་ཡོད་དེ། རྗེས་སུ་དྲན་པའི་ཤེས་པ་དམིགས་པའི་ཕྱིར་ཞེས་འབྲས་བུའི་རྟགས་འགོད་པར་བྱེད་དོ། །དེ་ལ་རང་བཞིན་གྱི་རྟགས་དེ་ནི་འབྲས་བུའི་རྟགས་འདོད་པ་དེ་འགོག་པ་ལ་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་བརྗོད་པ་ནི། མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །ཞེས་སོགས་སོ། །དེ་ཡང་རང་རིག་བདེན་པའི་རྫས་བསྒྲུབ་བྱའི་ཆོས་སུ་བྱས་ནས་སྒྲུབ་པར་བྱེད་པ་ལ། མ་གྲུབ་པའི་སྐྱོན་བརྗོད་ནས་ཐ་སྙད་བསྒྲུབ་བྱའི་ཆོས་སུ་བྱས་ནས་སྒྲུབ་པར་བྱེད་པ་ལ་དྲན་པ་རྟགས་སུ་འགོད་པ་ལ་ཁྱབ་འབྲེལ་མི་མཚུངས་ཞེས་སྟོན་པར་བྱེད་དོ། །དེ་ལ་ཡང་རང་རིག་བདེན་པ་བའི་ཐ་སྙད་བསྒྲུབ་པ་ལ་དྲན་པ་མི་འགོད་ན། ཁྱབ་པ་མ་ངེས་པ་དང༌། རང་རིག་པའི་རྒྱུ་ཅན་གྱི་དྲན་པ་འགོད་ན་ཕྱོགས་ཆོས་མི་འགྲུབ། ཅི་སྟེ་རང་རིག་བདེན་པ་བའི་རྫས་དང་ཐ་སྙད་གང་ཡང་མི་སྒྲུབ་ཀྱི་སྤྱིར་དྲན་པའི་རྟགས་ཀྱིས་སྔོ་སྣང་དབང་ཤེས་ལ་རང་རིག་ཙམ་སྒྲུབ་པར་བྱེད་དོ། །ཞེ་ན། རང་རིག་གྲུབ་མོད་ཀྱི། ཁྱེད་ཀྱི་ལུགས་ལ་གཞན་གྱི་རྟགས་མི་འགྲུབ་སྟེ། མྱོང་དྲན་གཉིས་ཡུལ་གཅིག་ལ་མི་འཇུག་པའི་ཕྱིར། རང་རིག་ཙམ་གཞན་དུ་ཁས་བླངས་པའི་ཕྱིར། ཞེས་སྟོན་པ་ནི། གྲུབ་ལ་རག་མོད་ཀྱི་ཞེས་སོ། །དེ་ཡང་དབུ་མ་པ་མྱོང་དྲན་གཉིས་རང་བཞིན་གྱིས་གཞན་དུ་མི་འདོད་པ་ལ། དྲན་པའི་རྟགས་ཀྱིས་མྱོང་ན་དཔོག་པ་འཐད་པར་སྟོན་པ་ནི། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །ཞེས་སོ། །དེས་ན་འདིར་ཐ་སྙད་དུ་རང་མྱོང་ཡོད་པར་བསྟན་ཏེ། མྱོང་བས་རང་མྱོང་བ་དེ་དྲན་པར་བཤད་ཅིང༌། དྲན་པས་ནི་ངས་མཐོང་ངོ་ཞེས་ཡུལ་ཅན་དྲན་པར་བཤད་པའི་ཕྱིར། དེས་ན་འདིར་ནི་གཞན་དབང་བདེན་གྲུབ་འགོག་པ་ལ་གཞན་དབང་ཚད་མ་གང་གིས་གྲུབ་དཔྱད་ནས་འགོག་པ་ནི་འབྲེལ་མེད་ཅིང༌། དེ་འགོག་པར་ནུས་པའང་མ་ཡིན་ནོ། །འོག་ཏུ་རྩོད་སྤང་གི་སྐབས་སུ་ཡང༌། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་གཞན་དབང་བདེན་གྲུབ་འགོག་པ་དང༌། ཀུན་རྫོབ་ཙམ་མི་མཚུངས་པར་བཤད་པའི་ཕྱིར། ཁ་ཅིག་འདིར་ཁྱད་གཞི་ཉིད་ཀྱི་ཤེས་པ་བཀག་པ་ན། དེའི་ཁྱད་ཆོས་བདེན་གྲུབ་ཁེགས་པས། ཐོག་མར་ཁྱད་གཞི་འགོག་པ་ཡིན་ནོ། །ཞེས་གསུངས་པ་ནི་མི་རིགས་ཏེ། ཁྱད་གཞི་དེ་འགོག་པ་མ་ཡིན་ཞིང༌། འགོག་བྱེད་ཀྱི་རིགས་པ་རྣམས་རང་ལ་མཚུངས་པའི་ཕྱིར། ཡང་འདི་ལྟར་བྱ་སྟེ། དོན་དམ་པའི་དྲན་པས་དོན་དམ་རང་རིག་བསྒྲུབ་པར་ནི། ཕྱོགས་ཆོས་མ་གྲུབ་ན། ཐ་སྙད་ཀྱི་དྲན་པས་ཐ་སྙད་རང་རིག་བསྒྲུབ་ན་གྲུབ་ཟིན་པས་བསྒྲུབ་མི་དགོས་ཤིང༌། དགོས་ནའང་ཁྱེད་ལྟར་ན་ཐ་སྙད་དུ་ཡང་མྱོང་དྲན་གཉིས་རང་བཞིན་གྱིས་གཞན་ཡིན་པས། འབྲེལ་པ་མེད་ལ། ངེད་ལྟར་ནའང༌། ཐ་སྙད་དུ་དྲན་པ་སྐྱེ་བ་རང་རིག་ལ་མི་ལྟོས་པའི་ཕྱིར། ཐ་སྙད་དུ་དྲན་པ་དེ་ཡུལ་མྱོང་བ་ལས་སྐྱེ་བར་གྲུབ་པའི་ཕྱིར། ཞེས་སྟོན་ནོ། །གཉིས་པ་སྤྱོད་འཇུག་གི་དགོངས་པ་ལའང༌། རང་རིག་ཙམ་འགོག་པ་མ་ཡིན་ཏེ་ཕྱི་དོན་མེད་པའི་ཤེས་པ་བདེན་གྲུབ་ཁས་ལེན་ན། ཕྱི་དོན་མེད་པའི་ཤེས་པ་བདེན་གྲུབ་དེས་ཅི་ཞིག་བཟུང༌། ཞེས་དྲི་པས། ཤེས་པ་ཕྱི་དོན་དུ་སྣང་བ་དེ་འཛིན་པར་འདོད་པ་ལ། དེ་ལུང་དང་རིགས་པས་བཀག་ནས་དེ་ལ་ཡུལ་གྱིས་ཁ་མ་བསྒྱུར་བའི་རང་རིག་བདེན་པ་བ་མེད་ན་དྲན་པ་ཇི་ལྟར་སྐྱེ་ཞེ་ན། ཡུལ་མྱོང་བ་ལས་དྲན་པ་སྐྱེ་ཚུལ་དཔེ་དང་བཅས་ནས་གསུངས་པའི་ཕྱིར། དོན་བསྡུའི་སྐབས་སུ། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་བདེན་པ་བ་འགོག་པར་གསུངས་པའི་ཕྱིར་དང༌། འགྲེལ་ཆེན་དུ་ཡང་ཤེར་བློས་རང་རིག་དགག་པ་འཇིག་རྟེན་དང་མི་འགལ་བའི་སྒྲུབ་བྱེད་དུ། ལོ་ཀ་འདིས་ཀྱང་རང་རིག་པ་དོན་དམ་པར་གྲུབ་པ་མ་ཡིན་ཏེ། ཞེས་གསུངས་སོ། །གསུམ་པ་ནི་བདེན་གཉིས་ལས། རང་རིག་རིགས་པ་མ་ཡིན་ཕྱིར། །ཞེས་པའི་རང་འགྲེལ་དུ། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་བདེན་པར་འདོད་པ་ལ། ཤེས་པ་ནི་བདག་གིས་བདག་རིག་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར། ཞེས་བདེན་གྲུབ་ཀྱི་རང་རིག་རྣམས་བཀག་པ་ཡིན་ནོ། །དེའི་ཕྱིར་དབུ་མའི་གཞུང་ལུགས་དེ་དག་ཏུ་བཀག་པའི་རང་རིག་ནི་སེམས་ཙམ་པས་དོན་སྣང་གི་ཤེས་པ་ཐམས་ཅད་ཀྱི་སྟེང་ན་ཕྱི་ལྟ་ལ་དོན་དུ་སྣང་བའི་ཆ་དང༌། ནང་ལྟ་ལ་སྣང་བ་ཐམས་ཅད་ལོག་པའི་ཤེས་པ་རང་རིག་རང་གསལ་ཤེལ་སྒོང་ཡོངས་སུ་དག་པ་ལྟ་བུ་དེ་བདེན་པར་གྲུབ་བོ་ཞེས་ཟེར་བ་དེ་འགོག་པར་བསྟན་པར་སྣང་གི སྤྱིར་རང་རིག་ཙམ་གྱི་ཐོག་ནས་བཀག་པ་གཅིག་ཀྱང་མི་སྣང་བའི་ཕྱིར། རང་གིས་རང་རིག་ན་རིག་བྱ་དང་རིག་བྱེད་ཐ་དད་དགོས་པར་བཤད་པ་དེ་ཡང་བདེན་གྲུབ་ཀྱི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་རང་གི་ལུགས་ལ་ཡང་སོ་སོ་རང་གིས་རིག་པའི་ཡེ་ཤེས་དང༌། ཚད་མས་ཚད་མ་རིག་པ་དང༌། དེ་ལྟར་ན་དབུ་མ་ཐལ་འགྱུར་བས་ཐ་སྙད་དུ་ཡང་རང་རིག་མི་འདོད་དོ་ཞེས་འདོད་པ་ནི། རང་རིག་འགོག་པའི་སྐབས་ཀྱི་དོན་བོར་ནས་ཚིག་གི་ལོ་མ་ཙམ་ལྷུར་བྱེད་པ་ཡིན་ནོ། །དེས་ན་ཡུལ་དང་ཡུལ་ཅན་གྱི་ཤེས་པ་ནི་ཕན་ཚུན་ལྟོས་ནས་གྲུབ་པས་ཡུལ་མ་རྟོགས་པའི་ཤེས་པ་ནི་འགའ་ཡང་མི་འགྲུབ་བོ་ཞེས་པ་ནི་སྐབས་ཀྱི་དོན་ནོ། །ཡང་འདིར་རང་རྒྱུད་པའི་དབུ་མ་པ་ཆེན་པོ་རྣམས་ཀྱིས་རྟགས་ཀྱི་དགག་བྱར་གྱུར་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། རྫས་སུ་གྲུབ་པ་ཇི་ལྟར་སྣང་བཞིན་ཁས་བླངས་སོ། །ཞེས་སྒྲོགས་པར་བྱེད་པའི་འདོད་པ་བརྗོད་ནས་དེ་སུན་དབྱུང་བ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ལ་དེས་དེ་ཁས་ལེན་པའི་སྒྲུབ་བྱེད། མི་ལེན་པ་དེ་ལ་གནོད་བྱེད། རྩོད་པ་སྤང་བ་དང་གསུམ་དུ་བྱེད་དོ། །དང་པོ་ནི་འདི་ལྟར། ཤེས་རབ་སྒྲོན་མ་ལས། རྣམ་རིག་པས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྨྲ་བ་དེ་སྐུར་འདེབས་སུ་བཤད་པའི་ཕྱིར་དང༌། རྟོག་གེ་འབར་བར་དངོས་པོ་རྫས་གྲུབ་ཏུ་བཤད་པའི་ཕྱིར་ཏེ་དེ་ལས། ཁོ་བོ་ཅག་ནི་ཕྲ་རབ་རིགས་མཐུན་པ་བསགས་པ་བུམ་པ་ལ་སོགས་པ་དང༌། ཕྲ་རབ་ཉིད་ཀྱང་ཀུན་རྫོབ་ཏུ་རྫས་སུ་འདོད་དེ། འདི་ལྟར་རྡུལ་ཕྲ་རབ་ནི་རྫས་འདུས་པའི་བདག་ཉིད་ཡིན་པས། དེ་ཡང་རྫས་ཉིད་ཡིན་པར་འདོད་ལ། དེ་བཞིན་དུ་བུམ་པ་ལ་སོགས་པའི་བདག་ཉིད་ཀྱང་རྫས་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར་དང༌། ལེགས་ལྡན་འབྱེད་ཀྱིས་མངོན་སུམ་གྱི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཙམ་ལ་དམིགས་པའི་རྟོག་པ་དང༌། རྗེས་སུ་དྲན་པའི་རྟོག་པ་དང་བྲལ་བས་ཞེས་གསུངས་པའི་ཕྱིར། མངོན་སུམ་ལ་དངོས་པོའི་རང་གི་མཚན་ཉིད་སྣང་བ་དང༌། མངོན་སུམ་མ་འཁྲུལ་པར་བཤད་པའི་ཕྱིར། ཞི་བ་འཚོ་ཡབ་སྲས་ཀྱིས་ཀྱང་ཚད་མ་སྡེ་བདུན་གྱི་རིགས་པ་ཕལ་ཆེར་དབུ་སེམས་ཐུན་མོང་དུ་ཞལ་གྱིས་བཞེས་པས་ཀྱང་རང་མཚན་བཞེད་པར་ངེས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་བདེན་གཉིས་ལས་དངོས་པོ་ཙམ་གང་ཡིན་པ་ནི་དོན་བྱེད་ནུས་པའི་ཕྱིར། ཞེས་མིག་ཤེས་སོགས་ལ་གཟུགས་སོགས་ཡུལ་རང་ངོས་ནས་གྲུབ་པར་སྣང་བ་འདི་ལ་སྙོན་དུ་མེད་ལ། འདི་སྣང་བ་ལྟར་དངོས་པོ་ལ་གནས་པར་བཤད་པའི་ཕྱིར། ཡང་དངོས་སྨྲ་བས་དངོས་པོའི་རང་གི་མཚན་ཉིད་དོན་དམ་དུ་འདོད་ལ། དེ་དབུ་མ་པའི་ཀུན་རྫོབ་ཏུ་བཤད་པའི་ཕྱིར། བདེན་གཉིས་ལས་འགའ་ཞིག་ནི་དོན་དམ་པ་ཉིད་དུ་འདོད་ལ། གཞན་དག་གིས་ནི་ཡང་དག་པ་ཁོ་ནར་འདོད་དེ། དེ་ལྟར་ན་མདོའི་ཚིག་འདི་ལེགས་པར་དྲངས་པ་ཁོ་ན་ཡིན་ནོ། །འདི་ལྟར། གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱིས་མར་འདོད་གང་ཡིན་དེ། །གཞན་གྱིས་ཆུང་མར་འདོད་པ་བཞིན། །ཅེས་བཤད་ཅེས་གསུངས་པས་སོ། །གཞན་ཡང་རང་རྒྱུད་པ་མཐའ་དག་ཡང་དག་ཀུན་རྫོབ་བཞེད་པས་ཀྱང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་པར་གསལ་ཏེ། ཡང་དག་ཀུན་རྫོབ་ཡིན་ན་ཡུལ་རང་ངོས་ནས་གྲུབ་དགོས་པའི་ཕྱིར། ཡུལ་རང་ངོས་ནས་མ་གྲུབ་པར་རྟོག་པས་བཏགས་པ་ཙམ་དུ་མཚུངས་པ་ལ་ཕྱིན་ཅི་ལོག་མ་ལོག་དང་ཡང་ལོག་གི་ཁྱད་པར་རིགས་པ་ལ་བློ་ཁ་ཕྱོགས་པ་སུས་ཀྱང་ཁས་མི་ལེན་པའི་ཕྱིར། གཉིས་པ་མི་ལེན་པ་ལ་གནོད་བྱེད་ཀྱང༌། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་པའི་འགྲེལ་པར། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་དེ་རང་གི་ངོ་བོ་རྒྱུ་དང་རྐྱེན་དག་གིས་བསྐྱེད་ན་ནི། དེ་གང་གི་ཚེ་རྣལ་འབྱོར་པ་འདིས་དངོས་པོ་རང་བཞིན་སྟོང་པར་མཐོང་ཞིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེའི་ཚེ་ངེས་པར་ཇི་ལྟར་སྐྱེས་པའི་རང་བཞིན་ལ་སྐུར་པ་བཏབ་པས་རྟོགས་པར་འགྱུར་ཏེ། ཇི་ལྟར་ཐོབ་ལ་སོགས་པ་དག་བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་ཡིན་པ་བཞིན་དུ། སྟོང་པ་ཉིད་ཀྱང་དངོས་པོའི་རང་བཞིན་ལ་སྐུར་པའི་རྒྱུར་འགྱུར་པ་ཞིག་ན་དེ་ནི་རུང་བ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ནི་ཐམས་ཅད་ཀྱི་ཚེ་མི་སྐྱེ་བར་ཁས་བླང་བར་བྱའོ། །ཞེས་རྣལ་འབྱོར་པས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དེ་ཆོས་ཅན། དངོས་པོ་རྣམས་ཀྱི་རང་བཞིན་ལ་སྐུར་པ་བཏབ་པའི་སྒོ་ནས་སྟོང་པ་ཉིད་རྟོགས་པར་ཐལ། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ། ཁྱེད་ཀྱིས་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་སུ་ལ་འཕངས། དངོས་པོར་སྨྲ་བ་ལ་ནི་རྩོད་གཞིའི་ཆོས་ཅན་མ་གྲུབ་ལ་ཆོས་ཅན་ངེས་པའི་ཚེ་དབུ་མའི་ལྟ་བ་རྟོགས་ཚར་བས་དངོས་སྨྲ་བའི་དོན་མེད་དོ། །ཐལ་འགྱུར་འདི་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་ཅིང༌། དངོས་པོ་བདེན་པའི་རང་བཞིན་མེད་པར་ཁས་ལེན་པའི་དབུ་མ་པ་ཞིག་ཡིན་པས་རང་རྒྱུད་པ་ལས་འོས་མེད་དོ། །ཡང༌། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །ཞེས་པའི་ཕྱོགས་སྔར་དོན་དམ་ཏུ་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བ་ཡོད་པར་འདོད་པ་ཞིག་ཡིན་པས་རང་རྒྱུད་པ་ལས་འོས་མེད་དོ། །དོན་དམ་པར་ཡོད་མེད་ཅེས་པའི་རིགས་པས་དཔྱོད་པའི་དཔྱད་ཀྱི་འཇོག་མཚམས་ཀྱང་མི་འདྲ་སྟེ། ཐལ་འགྱུར་བ་བུམ་པ་ཞེས་པའི་མིང་དེ་གང་ལ་འཇུག་པའི་གཞི་དེ་ཅི་འདྲ་ཞིག་ཏུ་གྲུབ་དཔྱོད་པ་ནི་རང་བཞིན་སེམས་པའི་རིགས་པ་ཡིན་ལ། དེ་ལྟར་བཙལ་བ་ན་འདི་འདྲ་བ་ཞིག་ཏུ་གྲུབ། རྙེད་ན་རིགས་པས་དཔྱད་བཟོད་དུ་གྲུབ་དགོས་ལ། རང་རྒྱུད་པ་ནི་དེ་ཙམ་ལ་རིགས་པས་དཔྱད་བཟོད་དུ་མི་འཇོག་ལ། བུམ་པ་ཞེས་པའི་དོན་དེ་འདྲ་ཞིག་ཏུ་གྲུབ་ན་རིགས་པས་བཅོས་ནས་འཇོག་པ་ཡིན་ཏེ། བུམ་པ་རྫས་སུ་གྲུབ་ནས་དེ་རང་གི་ཡན་ལག་རྣམས་དང་རྫས་ཐ་དད་གང་རུང་དུ་ཁས་བླངས་དགོས་པའི་ཕྱིར་རོ། །རྩོད་པ་སྤོང་བའི་ཚུལ་ནི་སུན་འབྱིན་པ་དང་མཉམ་དུ་བཤད་པར་བྱའོ། །ད་ནི་འདི་དག་རིམ་བཞིན་བཤད་པར་བྱ་སྟེ། མཚུངས་པ་བསྒྲེ་བ་དང་རྣལ་མའི་ལན་གཉིས་གཉིས་ཀྱིས་བཤད་པར་བྱའོ། །དང་པོ་ནི་ཟླ་བའི་ཞབས་ཀྱིས་ཀྱང་རང་བཞིན་གྱིས་གྲུབ་པ་ཞལ་གྱིས་བཞེས་པར་འགྱུར་ཏེ། འཇུག་འགྲེལ་ལས། སློབ་དཔོན་གྱི་བསྟན་བཅོས་ལས། རྒྱུ་རྐྱེན་ལས་མ་སྐྱེས་པའི་རང་བཞིན་ཞེས་པའི་ཁྱད་པར་དུ་མཛད་པ་དེ་ལྟ་བུའི་རང་བཞིན་ནི་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཡོད་དམ་ཅེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ། །ཞེས་གསུངས་པའི་ཆོས་ཉིད་ནི་ཡོད་དོ། །ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག་ཡིན། མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེའི་རང་བཞིན་གང་ཞིག་ཅེ་ན། མིག་ལ་སོགས་པ་འདི་དག་གི་བཅོས་མ་མ་ཡིན་པ་དང༌། སྐྱེད་བྱེད་གཞན་ལ་ལྟོས་པ་མེད་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་ངོ་བོའོ། །ཞེས་དང་དེ་ཡང་བདག་ཀུན་རྫོབ་བདེན་པ་ལ་ལྟོས་ནས་བཅོས་མ་མ་ཡིན་པ་དང༌། གཞན་ལ་ལྟོས་པ་མེད་པ་ཉིད་བརྗོད་དོ། །ཞེས་པ་དང༌། ཚིག་གསལ་ལས། དུས་གསུམ་གང་དུ་ཡང་མ་འཁྲུལ་བ་གཉུག་མའི་ངོ་བོ་མ་བཅོས་པ་གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་ཡང་མ་ཡིན་པ་གང་ཞིག ཆུ་བོའི་ཕ་རོལ་ལམ་ཚུ་རོལ་ལམ་རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལས་ལྟོས་པ་དང་བཅོས་པར་མ་གྱུར་བ་གང་ཡིན་པ་དེ་རང་བཞིན་ཡིན་པར་བརྗོད་དོ། །ཅི་མེའི་རང་གི་ངོ་བོར་གྱུར་པ་དེ་ཡོད་དམ་ཞེ་ན། དེ་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི། འོན་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བར་བྱ་བའི་ཕྱིར། སྒྲོ་བཏགས་ནས་ཀུན་རྫོབ་ཏུ་དེ་ཡོད་དོ་ཞེས་བརྗོད་པར་བྱའོ། །ཞེས་རྟེན་འབྲེལ་ལྟོས་མ་ཡིན་ཞིང༌། བཅོས་མ་ཡིན་པ་ཀུན་རྫོབ་ཏུ་ཡོད་པར་གསུངས་པའི་ཕྱིར་དང༌། འཇུག་འགྲེལ་ལས། དངོས་པོ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མི་འདོད་ཅིང༌། གཞན་ལ་ལྟོས་པ་མེད་པའི་རང་བཞིན་འདོད་པ་ཁྱོད་ནི་ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ །ཞེ་ན། ཞེས་སོགས་རྒྱས་པར་གསུངས་པའི་དགོངས་པ་ནི་མིག་སོགས་བྱིས་པས་བཟུང་བ་དེ་དེའི་རང་བཞིན་མ་ཡིན་གྱི་དེ་བདེན་པས་སྟོང་པ་དེ་དེའི་རང་བཞིན་ཡིན་པས་དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་པ་དང༌། དངོས་པོའི་ཆོས་ཉིད་ཀྱི་རང་བཞིན་ཁས་ལེན་པ་མི་འགལ་ལོ་ཞེས་པའི་དོན་དུ་གསུངས་ཤིང༌། འཇུག་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་བསྟན་པའི་ཕྱིར། དེ་ཙམ་རང་གི་མཚན་ཉིད་བསྟན་པར་མི་འགྲུབ་པའང་མིན་ཏེ། དངོས་པོར་སྨྲ་བས་ཀྱང་དེ་ནི་ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་སྟེ་རང་གི་མཚན་ཉིད་དོ་ཞེས་ཐུན་མོང་མ་ཡིན་པའི་ངོ་བོ་ཙམ་ལ་རང་གི་མཚན་ཉིད་དུ་འདོད་པའི་ཕྱིར་དང༌། ཁྱེད་རང་ལྟར་ན་ནི། དངོས་པོར་སྨྲ་བས་རང་མཚན་གྱི་འཇོག་བྱེད་དོན་བྱེད་ནུས་པ་ལ་བྱེད་པས་འདིར་ཡང་དོན་བྱེད་ནུས་པ་ཁས་བླངས་པའི་ཕྱིར། རང་མཚན་གྱི་དོན་དུ་ཁས་བླངས་སོ། །ཅི་སྟེ་རྟོག་པས་སྒྲོ་མ་བཏགས་པར་དོན་རང་གི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་དེ་རང་མཚན་གྱི་དོན་དུ་བྱེད་ན་ཡང༌། ཟླ་བས་ཀྱང་ཞལ་གྱིས་བཞེས་ཏེ་བཤད་མ་ཐག་པའི་རང་བཞིན་དེ་གཞན་ལ་མི་ལྟོས་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར། དེ་ལ་ལྷག་པ་ཅི་ཞིག་དགོས། རྫས་གྲུབ་ཀྱང་ཞལ་གྱིས་བཞེས་པར་ཐལ། བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། རྫས་ལ་འཇུག་པས་ཞེས་པར། བདག་རྫས་སུ་ཐལ་བའི་རྒྱུ་མཚན་ཕུང་པོ་དང་གཅིག་ཡིན་པའི་ཕྱིར་ཞེས་པའི་ཁྱབ་འབྲེལ་ཁས་བླངས་པ་དང༌། སྔོ་སེར་ལ་སོགས་པའི་ཤེས་པ་བཞིན་དུ་རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། ཕྱིན་ཅི་ལོག་པར་མི་འགྱུར་རོ། །ཞེས་པའི་དཔེ་ཁས་བླངས་པའི་ཕྱིར། དངོས་པོར་གྲུབ་པ་ཞལ་གྱིས་བཞེས་པ་གང་ཞིག དངོས་པོ་དང་རྫས་གཉིས་དོན་གཅིག་ཁྱབ་མཉམ་དུ་ཟླ་བས་ཞལ་གྱིས་བཞེས་པའི་ཕྱིར། དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །ཅེས་དང༌། གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ཞེས་དང་དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པ། །དེ་ཕྱིར་བདག་མེད་དངོས་དང་བྲལ་བའི་ཕྱིར། །ཅེས་དང༌། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཞེས་སོགས་རྫས་གང་དགོས་པར་དངོས་པོ་ཞེས་གསུངས་ལ། དངོས་པོ་ནི་བཞེད་པར་ཁྱོད་ཉིད་འདོད་པའི་ཕྱིར། དོན་དམ་བདེན་པ་རིགས་པས་དཔྱད་བཟོད་དུ་བཞེད་པར་ཐལ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པའི་ཤུགས་ལས་དོན་དམ་བདེན་པ་དཔྱད་བཟོད་དུ་གསུངས་པའི་ཕྱིར། ཀུན་རྫོབ་བདེན་པ་ཡིན་ན་ཀུན་རྫོབ་ཏུ་བདེན་པར་གྲུབ་དགོས་པར་ཐལ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ། །ཞེས་པའི་རྩ་འགྲེལ་དུ་དེ་ལྟར་གསུངས་པའི་ཕྱིར། ཁོ་ན་རེ་དེ་དག་ནི་རྟགས་ཀྱི་དགག་བྱར་གྱུར་པའི་རང་བཞིན་དང༌། རང་གི་མཚན་ཉིད་དང༌། ངོ་བོ་དང༌། རྫས་སོགས་ཡོད་པ་མ་ཡིན་གྱི། ཐ་སྙད་བདེན་པ་རྣམ་པར་འཇོག་པའི་དུས་ཀྱི་མིང་གི་ཐ་སྙད་དོ། །ཞེས་སྨྲ་བ་ལས་འོས་མེད་པས། དེ་ལྟ་ན་ལེགས་འབྱེད་སོགས་ཀྱི་གཞུང་ལས་རང་གི་མཚན་ཉིད་སོགས་གསུངས་པ་རྣམས་ཀྱང༌། རྟགས་ཀྱི་དགག་བྱར་གྱུར་པའི་དེ་དག་ག་ལ་ཡིན། ཟླ་བས་ཀྱང་དེ་དག་གི་རང་གི་མཚན་ཉིད་སོགས་ཁས་བླངས་པས་རྟགས་ཀྱི་དགག་བྱ་ཁས་བླངས་པར་སོང་ཚུལ་དང༌། རང་རྒྱུད་པ་རྣམས་ཀྱིས་འདོད་པའི་རིགས་པ་གཅིག་དང་དུ་བྲལ་སོགས་ཀྱིས་རྟགས་ཀྱི་དགག་བྱ་འགོག་ནུས་པའི་བཤད་པ་མ་མཛད་དོ། །གཉིས་པ་ལན་དངོས་ལ་ཤེས་རབ་སྒྲོན་མ་ལས། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྨྲ་བ་སྐུར་འདེབས་སུ་བཤད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་པར་མི་འགྲུབ་བོ། །དེ་ནི་སེམས་ཙམ་པས་ཕྱི་རོལ་གྱི་དོན་དང་གཟུགས་སྒྲ་སོགས་ཐ་སྙད་དུ་མེད་པར་འདོད་ན་ལོ་ཀའི་ཐ་སྙད་ལ་སྐུར་པ་འདེབས་པར་བཞེད་པའི་ཕྱིར། ཤེས་སྒྲོན་ལས། གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་ཚིག་ཏུ་བརྗོད་པའི་ངོ་བོ་ཀུན་བཏགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་མེད་དོ་ཞེ་ན་ནི། དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། སེམས་ཙམ་པས་དེ་ལྟར་འདོད་པ་ཡང་ཡིན་ཏེ། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །ཞེས་འབྱུང་བ་ལྟར་སྣང་བ་ཙམ་ལ་གཟུགས་སྒྲ་སོགས་ཀྱི་རྣམ་གཞག་འཇིག་རྟེན་པས་བྱེད་ཀྱི་དོན་གྱི་སྟེང་ན་མེད་པར་འདོད་པའི་ཕྱིར། དགོངས་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་རྣམ་པར་གནས་པས་མ་ཡིན་པས། དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ཡང་སེམས་ཙམ་པས་ཀུན་བཏགས་མེད་པར་མི་འདོད་མོད། ཀུན་བཏགས་རྟོག་པས་གང་ལ་ཅི་ལྟར་སྒྲོ་བཏགས་པའི་དོན་དུ་མེད་པ་ལ། ཀུན་བཏགས་བདེན་པར་མེད་ཅེས་པའི་དོན་དེ་ཉིད་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན། སེམས་ཙམ་པས་ཀུན་བཏགས་སུ་གང་འདོད་པ་དེ་ཐམས་ཅད་ལེགས་ལྡན་འབྱེད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་དགོས་པས་ཧ་ཅང་ཐལ་ལོ། །སློབ་དཔོན་འདི་ནི་ཐ་སྙད་ཀྱི་རྣམ་གཞག་མདོ་སྡེ་པ་དང་མཐུན་པར་བཞེད་པས་ཕྱི་དོན་མེད་པ་སྐུར་འདེབས་སུ་བཞེད་པའང་ཡིན་ནོ། །འོན་ཀྱང་མདོ་སྡེ་པ་གཟུགས་བདེན་གྲུབ་ཏུ་འདོད་ན། དོན་དམ་གྱི་རྣམ་གཞག་ཀྱང་མདོ་སྡེ་པ་དང་མཐུན་པར་སོང་བས་དེ་ལྟར་མི་འཐད་དོ། །སྒྲུབ་བྱེད་གཉིས་པ་ལ་ངེས་པའི་དོན་ཡང༌། རྟོག་གེ་འབར་བར། བུམ་པ་དང་རྡུལ་ཕྲན་རྫས་སུ་བཤད་པ་དེ་ཐ་སྙད་ཙམ་ཡིན་གྱི་རྫས་གཅིག་དང་ཐ་དད་ཀྱི་བརྟག་པ་འཇུག་པར་ནུས་པའི་རྫས་གྲུབ་བཞེད་པ་མ་ཡིན་ཏེ། མདོ་སྡེ་པའི་ལུགས་ལ་བུམ་སོགས་རགས་པ་རྣམས་དོན་དམ་པར་རྫས་གྲུབ་ཏུ་མི་འདོད་པའི་ཕྱིར། ཐ་སྙད་དུ་རྫས་ཁས་བླངས་པ་ཙམ་གྱིས་རྫས་གྲུབ་ཁས་བླངས་པར་འགྱུར་ན། ཟླ་བས་ཀྱང་རྫས་གྲུབ་བཞེད་པར་ཐལ། འཇུག་པར། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །ཞེས་པའི་འགྲེལ་པར། འཇིག་རྟེན་གྱི་ཚད་མས་གནོད་པའི་དཔེར། ཁ་ཅིག་གི་ངའི་རྫས་ཁྱེར་རོ་ཞེས་སྨྲས་པ་ལ། གཞན་དག་གིས་རྫས་ཅི་ཞེས་དྲིས་པ་ན། རྫས་བུམ་པའོ། །གཅིག་ཤོས་ཀྱིས་སྨྲས་པ་བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན། ཞེས་བཤད་པའི་ཕྱིར། རྣམ་པ་གཅིག་ཏུ་ན་རྫས་ཁས་བླངས་པས་རྫས་གྲུབ་ཁས་བླངས་པར་འགྱུར་ན། བདེན་པ་ཁས་བླངས་པའི་ཚེ། བདེན་གྲུབ་ཁས་བླངས་པར་འགྱུར་རོ། །སྤྱིར་རྫས་འདི་ལའང་རང་བཞིན་དུ་རྟགས་ཀྱི་དགག་བྱར་གྱུར་པའི་དུས་གཅིག་དང༌། ཐ་སྙད་ཀྱི་རྣམ་གཞག་ལ་ཁས་ལེན་པ་གཉིས་གཉིས་ཏེ། དཔེར་ན་དངོས་པོར་ཡོད་པ་ཞེས་པ་བཞིན་ནོ། །སྒྲུབ་བྱེད་གསུམ་པའང་མ་ངེས་ཏེ། སྒྲ་འཛིན་དབང་པོའི་མངོན་སུམ་དེ་སྒྲའི་རང་གི་མཚན་ཉིད་ལ་རྟོག་བྲལ་མ་འཁྲུལ་པའི་རིག་པ་ཡིན་པ་ཙམ་གྱིས་སྒྲ་རང་གི་མཚན་ཉིད་ཀྱིས་གྲུབ་མི་དགོས་ཏེ། སྒྲའི་རང་གི་མཚན་ཉིད་ནི་སྒྲའི་ཐུན་མོང་མ་ཡིན་པའི་ངོ་བོ་མཉན་བྱ་ཡིན་ལ། དེ་ལ་རྟོག་བྲལ་མ་འཁྲུལ་པའི་རིག་པ་ཡིན་པ་ཙམ་གྱིས་དེ་གྲུབ་དགོས་ན། ཁྱེད་ལ་ཡང་དེར་ཐལ། ཀུན་མཁྱེན་ཡེ་ཤེས་དེ་དེ་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་དང༌། ཁྱེད་རང་གི་ལུགས་ལ་ཡང་སྔོ་འཛིན་མངོན་སུམ་ལ་སྔོན་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་གང་ཞིག དེ་རང་གི་སྣང་བ་ལ་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ལ་ལན་མེད་དོ། །དེ་ལྟར་ན་རང་མཚན་ཁས་བླངས་པས། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་མི་དགོས་ཏེ། བདེན་པ་ཁས་བླངས་པས་བདེན་གྲུབ་ཁས་ལེན་མི་དགོས་པའི་ཕྱིར། གལ་ཏེ་དགོས་ནའང༌། དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་པར་ཐལ། གཟུགས་ཀྱི་རང་གི་མཚན་ཉིད་ཞལ་གྱིས་བཞེས་པའི་ཕྱིར། དཔེར་ན་དོན་དམ་ལ་དཔྱོད་པའི་སྐབས་སུ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་པ་དང༌། དངོས་པོར་གྲུབ་པ་མེད་དོ་ཞེས་སོགས་མང་དུ་འབྱུང་མོད། དེ་ཙམ་གྱིས་རང་མཚན་དང་དངོས་པོ་དབུ་མ་པའི་རྟགས་ཀྱི་དགག་བྱར་མཐའ་གཅིག་ཏུ་ཇི་ལྟར་འགྲུབ། སྒྲུབ་བྱེད་བཞི་པ་ཡང་མི་འཐད་དེ། འོ་ན་དཔལ་ལྡན་ཟླ་བས་ཀྱང་གང་ཟག་གི་བདག་དང་རྫས་གྲུབ་སོགས་བཞེད་པར་ཐལ། ཐ་སྙད་ཀྱི་རྣམ་བཞག་ཕལ་ཆེར་ལོ་ཀ་དང་མཐུན་པར་བཞེད་པའི་ཕྱིར། ཞི་འཚོ་ཡབ་སྲས་ཀྱིས་བདེན་གྲུབ་བཞེད་པར་ཐལ་ལོ། །རིགས་པ་ལྔ་པ་ལ། མགོ་བསྒྲེ་བ་དང༌། དངོས་པོའི་ལན་གཉིས་སོ། །དང་པོ་ནི་ཡེ་ཤེས་སྙིང་པོས་བདེན་གྲུབ་བཞེད་པར་ཐལ། གཟུགས་སོགས་བདེན་གྲུབ་ཏུ་སྣང་བ་གང་ཞིག སྣང་བ་ལྟར་དོན་བྱེད་ནུས་པར་བཤད་པའི་ཕྱིར། ཡང་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་པར་ཐལ། དེ་རྫོགས་པའི་སངས་རྒྱས་ལ་དེར་སྣང་བ་གང་ཞིག སྣང་བ་ལྟར་དོན་བྱེད་ནུས་པའི་ཕྱིར། གསུམ་ཆར་སྣང་བ་ལྟར་ཞེས་པའི་སྣང་བ་འདི། སངས་རྒྱས་ཁོ་ནའི་དབང་དུ་བྱེད་ན་རེ་ཤིག་ཁྱེད་བདེན་དུ་ཆུག་ནའང༌། སྣང་ཚུལ་འདི་ནི་བྱིས་པ་ནས་མཁས་པའི་བར་ལ་བྱས་ལ། དེ་ཐམས་ཅད་ཡུལ་རང་ངོ་ནས་གྲུབ་པར་སྣང་བ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བདེན་གཉིས་ཀྱི་རང་འགྲེལ་ལས། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་མཐུན་པར་དོན་ཇི་ལྟ་བཞིན་དུ་སྣང་བ་དེ་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ། ཞེས་གསུངས་ལ། བྱིས་པ་ཡན་ཆད་ཀྱི་ཤེས་པ་མཐའ་དག་ལ་མཐུན་པར་ཡུལ་གྱི་སྡོད་ལུགས་ཀྱི་ངོ་ནས་གྲུབ་པ་ཇི་ལྟར་འབྱུང་སོམས་ཤིག ཡེ་ཤེས་སྙིང་པོས་སྨིག་རྒྱུ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་པར་ཐལ། དེ་སྣང་བ་ལྟར་དོན་བྱེད་མི་ནུས་པར་བཞེད་པའི་ཕྱིར། འགྲེལ་པར་དེ་དེའི་དཔེར་སྨོས་པའི་ཕྱིར། གཞན་ཡང་རང་རྒྱུད་པ་རྣམས་ཀྱིས་དངོས་པོ་མཐའ་དག་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐུགས་སུ་ཆུད་པར་ཐལ། གཟུགས་བརྙན་དང་འཇའ་ཚོན་སོགས་ཚད་མས་གྲུབ་པ་ཅིག་དེར་ངེས་ལ། དེའི་བྱེད་པས་ཤེས་བྱ་མཐའ་དག་དེར་རྟོགས་ནུས་པའི་ཕྱིར། འཁོར་གསུམ། གཉིས་པ་རྣལ་མའི་ལན་ནི། དེ་དེའི་སྒྲུབ་བྱེད་དུ་མ་འབྲེལ་ཏེ། སྣང་བ་ལྟར་ཞེས་པའི་དོན་རླན་ཞིང་གཤེར་བའི་དངོས་པོ་ལ་ཆུར་སྣང་བ་དང༌། སྨིག་རྒྱུ་ལ་ཆུར་སྣང་བ་གཉིས་ཀྱི་ཚེ། སྔ་མས་ཆུར་སྣང་བ་ལྟར་ཆུའི་དོན་བྱེད་ནུས། ཕྱི་མ་ཆུར་སྣང་ཡང་དེའི་དོན་བྱེད་མི་ནུས་པའི་དོན་ཡིན་གྱི། སྔ་མ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཞིང་སྣང་བ་ལྟར་དོན་བྱེད་ནུས། ཕྱི་མ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང༌། དེའི་དོན་བྱེད་མི་ནུས་ཞེས་པའི་དོན་མ་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ཅེས་སོགས་དང་དེའི་འགྲེལ་པར་ཤེས་པ་ལ་གསལ་བའི་རྣམ་པ་སྣང་བ་ཙམ་དུ་འདྲ་ཡང་ཇི་ལྟར་དོན་བྱེད་པ་ལ་བསླུ་བ་དང་མི་སླུ་བ་ངེས་པར་བྱས་ནས། ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །ཞེས་གསུངས། འོ་ན་ཆུ་དང་སྨིག་རྒྱུ་ལ་ཐ་སྙད་དུ་ཡང་ལོག་གི་ཁྱད་པར་ཡོད་ན། རང་གི་ངོ་བོ་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་ཁྱད་པར་ཡོད་དམ་ཞེ་ན། མེད་དོ་ཞེས་སྟོན་པ་ནི་དེའི་འགྲེལ་པར་དངོས་སུ་ན་འདི་ཉིད་མེད་པ་ཉིད་དུ་ངོ་བོ་མཚུངས་པ་ཁོ་ནའོ། །ཞེས་གསུངས། སྒྲུབ་བྱེད་དྲུག་པ་ལ་ཁས་བླངས་འགལ་འདུའི་སྒོ་ནས་མགོ་བསྒྲེ་བ་དང༌། རྣལ་མའི་ལན་གཉིས། དང་པོ་ནི་ཐལ་འགྱུར་བས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་པར་ཐལ། སོ་སོ་སྐྱེ་བོའི་དོན་དམ་དེ་འཕགས་པའི་ཀུན་རྫོབ་ཏུ་བཞེད་པའི་ཕྱིར་ཏེ། འཇུག་འགྲེལ་ལས། དེ་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་གང་ཡིན་པ་དེ་འཕགས་པ་སྣང་བ་དང་བཅས་པ་རྣམས་ཀྱི་ཀུན་རྫོབ་ཡིན་ལ་ཞེས་གསུངས་པའི་ཕྱིར། འཁོར་གསུམ་རྒྱུད་མར་རོ། །ཅི་སྟེ་ལུང་དེའི་དོན་སོ་སྐྱེས་དོན་དམ་དུ་བཟུང་བའི་བུམ་སོགས་འཕགས་པའི་ཀུན་རྫོབ་ཏུ་སྟོན་པ་ཡིན་གྱི་སོ་སོ་སྐྱེ་བོས་དོན་དམ་པར་གྲུབ་པར་བཟུང་བའི་ཞེན་ཡུལ་འཕགས་པའི་ཀུན་རྫོབ་ཏུ་སྟོན་པ་མ་ཡིན་ཏེ། དེ་འདྲ་མི་སྲིད་པའི་ཕྱིར་ཞེ་ན། འོ་ན་འདིར་ཡང་དངོས་སྨྲ་བས་དོན་དམ་དུ་བཟུང་བའི་བུམ་སོགས་རྣམས་དབུ་མ་པའི་ཀུན་རྫོབ་ཏུ་སྟོན་པ་ཡིན་གྱི། དེས་རང་བཞིན་གྱིས་གྲུབ་པར་བཟུང་བའི་ཞེན་ཡུལ་དེ་དབུ་མའི་ཀུན་རྫོབ་ཏུ་སྟོན་པ་མ་ཡིན་ཏེ། དེ་འདྲ་མི་སྲིད་པའི་ཕྱིར་འཁོར་གསུམ་མོ། །གཞན་ཡང་བདེན་གཉིས་མཁན་པོས་ཐ་སྙད་བདེན་གྲུབ་བཞེད་པར་ཐལ། དངོས་སྨྲ་བས་དངོས་པོ་བདེན་གྲུབ་ཏུ་འདོད། དེ་ཁྱོད་ཀྱིས་ཀུན་རྫོབ་ཏུ་ཁས་བླངས་པའི་ཕྱིར། འཁོར་གསུམ། གཉིས་པ་རྣལ་མའི་ལན། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་ལྟར། གྲུབ་མཐའི་རིམ་པས་འོག་མ་རྣམས་ཀྱི་དོན་དམ་བདེན་པའི་མཚན་གཞིར་བཟུང་བ་དེ། གོང་མ་རྣམས་ཀྱི་ཀུན་རྫོབ་བདེན་པའི་མཚན་གཞིར་འགྱུར་ཞེས་པ་སྟེ། གཙོ་ཆེ་བའི་དབང་དུ་བྱས་སོ། །གཞན་གྱི་ཀུན་རྫོབ་འདོད་ཅེས་པ་དེ་རང་རྒྱུད་པས་འདོད་པའི་ངེས་པ་མེད་དེ། འདི་ནི་མདོ་སྡེ་པའི་དོན་དམ་དང༌། སེམས་ཙམ་པའི་ཀུན་རྫོབ་ལ་སྦྱར་དགོས་པའི་ཕྱིར་རོ། །ཡང་སྒྲུབ་བྱེད་བདུན་པ་མ་ངེས་པ་ལ། མགོ་བསྒྲེ་བ་དང༌། རྣལ་མའི་ལན་གཉིས། དང་པོ་ནི་འོ་ན་ཁྱེད་ཀྱང་རང་གི་མཚན་ཉིད་དང༌། རང་བཞིན་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་བཞེད་པར་ཐལ། ཡང་ལོག་གི་དབྱེ་བ་བཞེད་པའི་ཕྱིར་ཏེ། ཡང་དག་ཤེས་པ་དང་ལོག་ཤེས་ཀྱི་དབྱེ་བ་བཞེད་པའི་ཕྱིར་དང༌། ཕྱིན་ཅི་ལོག་མ་ལོག་བཞེད་པའི་ཕྱིར་ཏེ། ཚིག་གསལ་ལས། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པས་ཞེས་སོགས་དུ་མ་འབྱུང་བས། ཡོད་པ་གཞིར་བྱས་ལ་བདེན་རྫུན་དང༌། བསླུ་མི་སླུ་བཞེད་པའི་ཕྱིར། དེ་རྣམས་ཀྱི་ཁྱབ་པ་ཁས་བླངས་ཏེ། ཡུལ་རང་ངོ་ནས་མ་གྲུབ་པར་རྟོག་བཏགས་འབའ་ཞིག་ཏུ་མཚུངས་པ་ལ། ཕྱིན་ཅི་ལོག་མ་ལོག་དང༌། ཡང་ལོག་དང༌། ཚད་མ་དང༌། ཚད་མིན་དང༌། བསླུ་མི་སླུ་དང༌། བདེན་རྫུན་སོགས་ཀྱི་ཁྱད་པར་རིགས་པ་ལ་བློ་ཁ་ཕྱོགས་པ་སུ་ཡང་ཁས་ལེན་པ་མེད་པའི་ཕྱིར། འཁོར་གསུམ་མོ། །རྣལ་ལན་ནི། ཡང་ལོག་གི་དབྱེ་བ་མཛད་པ་ནི། མིའི་རྟ་གླང་སོགས་ཐ་སྙད་དུ་རྟ་གླང་གི་དོན་བྱེད་ནུས་པ་རྣམས་ལ་ཡང་དག་ཀུན་རྫོབ་དང༌། སྒྱུ་མའི་རྟ་གླང་སོགས་ཐ་སྙད་དུ་ཡང་རྟ་གླང་གི་དོན་བྱེད་མི་ནུས་པ་རྣམས་ལ་ཡང་དག་པ་མ་ཡིན་པ་འཇིག་རྟེན་རང་དགའ་བས་ཀྱང་བཞག་ཐུབ་པས་ལོག་པའི་ཀུན་རྫོབ་ཏུ་བཞག་པ་ཡིན་ཞིང༌། དོན་དེ་ཉིད་ཟླ་བས་ཀྱང་བཞེད་དེ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །ཞེས་གསུངས་པའི་ཕྱིར། ཁྱེད་ལྟར་ན་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་གཉིས་སུ་ཕྱེ་བར་སོང་བས་དེ་ལྟར་ན་ལོག་པའི་ཀུན་རྫོབ་ཏུ་འདོད་པའི་སྒྱུ་མའི་རྟ་གླང་སོགས་ཆོས་ཅན། ཐ་སྙད་དུ་གཞན་ལ་མི་སྐྱེ་བར་བཞེད་པར་ཐལ། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་པའི་ཕྱིར། འཁོར་གསུམ། དེ་ཡང་མ་ཡིན་ཏེ། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེ་དེ། །ཡང་དག་ཀུན་རྫོབ་མིན་པར་འདོད། །ཅེས་བཤད་པའི་ཕྱིར། དེ་ལྟར་ན་ཡང་དག་པར་ཡོད་པ་ཞེས་པ་འདི་ཡང་སྐབས་སྟོབས་ཀྱིས་གཉིས་སུ་འབྱེད་དགོས་ཏེ། དབུ་མའི་རྟགས་ཀྱི་དགག་བྱར་སོང་སྐབས་གཅིག་དང༌། ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་ཞེས་དང༌། ཡང་དག་ཉིད་ལ་ཡང་དག་ལྟ་ཞེས་པ་ལྟ་བུ་སྟེ། དཔེར་ན་དོན་དམ་པར་ཡོད་པ་ལ། རིགས་ཤེས་ཀྱི་ངོར་ཡོད་པ་གཅིག་དང༌། རྟགས་ཀྱི་དགག་བྱར་སོང་བ་གཅིག་སྟེ་གཉིས་སུ་འབྱེད་དགོས་པ་བཞིན་ནོ། །གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་སོགས་ཀྱི་གཞུང་འཆད་ཚུལ་ལ། གཞན་ལུགས་དང་རང་ལུགས་གཉིས། དང་པོ་ལ་ཁས་བླངས་འགལ་བར་བསྟན་པ་དང༌། རིགས་པས་མི་འཐད་པར་བསྟན་པའོ། །དང་པོ་ནི་འདིའི་ཕྱོགས་སྔ་སྨྲ་བ་པོ་ཆོས་ཅན། ཁྱོད་རང་རྒྱུད་པ་མ་ཡིན་པར་ཐལ། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཁས་ལེན་པའི་རྒོལ་བ་གཅིག་ཡིན་པའི་ཕྱིར། གསུམ་ཆར་མ་ཡིན་ནམ། ཡང་འདིའི་ཕྱོགས་སྔ་སྨྲ་བ་པོ་ཆོས་ཅན། དབུ་མ་རང་རྒྱུད་པ་མ་ཡིན་པར་ཐལ། དངོས་པོ་རང་བཞིན་མེད་པར་ཁས་ལེན་པའི་དབུ་མ་པ་ཡིན་པའི་ཕྱིར། འཁོར་གསུམ་མོ། །ཅི་སྟེ་བདེན་པའི་རང་བཞིན་མེད་པར་ཞེས་སྦྱོར་རོ་ཞེ་ན། དེ་ལྟ་ན་རྗེ་ཉིད་ཀྱི་འཇུག་ཊཱིཀ་ཏུ་མ་སྦྱར་ཞིང༌། རྗེས་འཇུག་གིས་ཀྱང་མ་སྦྱར་བས་གསལ་ལོ། །རང་རྒྱུད་པས་དབུ་མའི་ལྟ་བ་རྟོགས་ཚར་བར་ཐལ། འདིའི་རྩོད་གཞིའི་ཆོས་ཅན་ངོས་ཟིན་པའི་ཕྱིར། གསུམ་ཆར་མ་ཡིན་ནམ། གལ་ཏེ་ཁྱོད་ཀྱིས་འདོད་ན་དེ་ཆོས་ཅན་ཁྱོད་ཀྱིས་རྟོགས་པར་བྱ་རྒྱུའི་དབུ་མའི་ལྟ་བ་མེད་པར་ཐལ། ཁྱོད་ཀྱིས་དབུ་མའི་ལྟ་བ་རྟོགས་ཟིན་པའི་ཕྱིར། ཁྱབ་གསལ་ཁས་བླངས་སོ། །ཐལ་འགྱུར་འདི་དངོས་སྨྲ་བ་ལ་འཕེན་ན། དེས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཁས་མི་ལེན་པས་རྩོད་གཞི་མེད་པའི་ཉེས་པ་ཡོད་ཅེས་བྲིས་པས་འོ་ན་རང་རྒྱུད་པའི་ངོར་ཡང་འདིའི་སྐབས་ཀྱི་རྩོད་གཞི་མ་གྲུབ་པར་ཐལ། རང་རྒྱུད་པས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཁས་མི་ལེན་པའི་ཕྱིར། འཁོར་གསུམ་མ་ཡིན་ནམ། གཉིས་པ་རིགས་པས་མི་འཐད་པ་ནི། འདིའི་ཕྱོགས་སྔ་སྨྲ་བ་པོ་དེས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་ཁས་ལེན་ན། རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཡང་ཁས་ལེན་དགོས་པས་རང་བཞིན་གྱི་སྐྱེ་བ་ཚད་མས་ཁེགས་པའི་ཕྱིར་རྒོལ་ཅིག་ལ་འཕེན་པ་མ་ཡིན་པར་ཐལ་ལོ། །གལ་ཏེ་ཡིན་ན་རང་རྒྱུད་པར་འགལ་ལོ། །དེའི་ཕྱིར་འདི་རང་རྒྱུད་པའི་ངོར་འཕངས་པ་མ་ཡིན་པར་ཐལ། རང་རྒྱུད་པས་ཁྱོད་ཀྱིས་འཕངས་པའི་ཐལ་འགྱུར་འདི་ལ་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་ཐེབས་པར་ཁྱོད་རང་གིས་ཁས་བླངས་པའི་ཕྱིར། ཡང་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཆོས་ཅན། ཁྱོད་ཀྱིས་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པར་ཐལ། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་ཁྱོད་ཀྱིས་དངོས་པོ་བདེན་མེད་དུ་རྟོགས་པའི་ཕྱིར། ཞེས་འཕེན་ན་ནི། དེ་རང་རྒྱུད་པའི་ངོར་ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། དེ་ལ་རང་རྒྱུད་པས་ཁྱབ་པ་མ་གྲུབ་པའི་ལན་རྩ་བའི་གྲུབ་མཐའ་ལ་ཐེབས་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་ཁྱོད་ཀྱི་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པར་ཐལ། ཐ་སྙད་དུ་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ། ཁྱོད་ཀྱིས་དོན་དམ་པར་དངོས་པོ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་ཕྱིར་ཅེས་པར་སོང་བས། དེ་ལ་ནི་དཔལ་ལྡན་ཟླ་བ་ཆོས་ཅན། དེར་ཐལ། དངོས་པོ་ཐ་སྙད་དུ་ཡོད་པ་ལ་ཁྱོད་ཀྱིས་དོན་དམ་པར་མེད་པར་རྟོགས་པའི་ཕྱིར། གསུམ་ཆར་རོ། །དེས་ན་གཞུང་འདིའི་ཕྱོགས་སྔ་སྨྲ་བ་པོ་རང་རྒྱུད་པ་མ་ཡིན་པར་གཞུང་འདི་ཉིད་ཀྱིས་བསྟན་ཅིང༌། གལ་ཏེ་ཡིན་ན། རང་གྲུབ་པས་རང་བཞིན་གྱིས་གྲུབ་པའི་ཆོས་ཁས་མི་ལེན་པར་གཞུང་འདིས་བསྟན་པར་འགྱུར་རོ། །དེས་ན་འདིའི་ཕྱོགས་སྔ་སྨྲ་བ་པོས་ཆོས་ཐམས་ཅད་རང་བཞིན་མེད་པར་ཁས་ལེན་ཟེར་བ་ནི་ཤིན་ཏུ་ཡང་མི་རིགས་པའི་གཏམ་ཆེན་པོ་ཡིན་ནོ། །གཉིས་པ་རང་ལུགས་བཤད་པ་ནི་འདིའི་ཕྱོགས་སྔ་སྨྲ་བ་ནི། སྤྱིར་རང་སྡེ་དངོས་སྨྲ་བ་ཙམ་དང༌། གཙོ་བོར་སེམས་ཙམ་ཉིད་ཡིན་པར་གཞུང་གོང་འོག་གི་འཕྲོས་དང༌། རིགས་པའི་འཕེན་ཚུལ་དང༌། འགྲེལ་པ་ཉིད་ལས་གསལ་བར་ཤེས་ཏེ། སྐབས་འདིའི་འགྲེལ་པར་ཁ་ཅིག་འཕགས་པའི་ཞལ་སྔ་ནས། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་གཞུང་གི་སྐྱེ་བ་སོགས་བཀག་པ་ནི་གཟུང་འཛིན་རྫས་ཐ་དད་པའི་ཀུན་བཏགས་ཀྱི་སྐྱེ་བ་སོགས་བཀག་པ་ཡིན་གྱི། གཞན་དབང་བདེན་པ་བ་བཀག་པ་མ་ཡིན་པར་འདོད་པ་འདི་ཡང་དེ་ལྟར་འགྲེལ་བའི་གཏན་ཚིགས་མེད་པར་མི་འགྲུབ་པ་དེ་སྐད་དུ་སྨྲ་བ་དེ་ལ་བརྒལ་ཞིང་བརྟག་པར་བྱ་བ་ཁོ་ནའོ། །ཞེས་གསུངས་ཏེ། དེའི་དོན་ཡང་སློབ་དཔོན་བློ་བརྟན་དང༌། དཔལ་ལྡན་ཆོས་སྐྱོང་ལ་སོགས་པ་མང་པོ་ཀླུ་སྒྲུབ་ཀྱི་གཞན་སྐྱེ་བཀག་པ་ཡང་ཀུན་བཏགས་ཀྱི་སྐྱེ་བ་བདེན་གྲུབ་བཀག་པ་ཡིན་ལ། གཞན་དབང་ལ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཡོད་པར་འདོད་པ་དེ། འདིའི་ཕྱོགས་སྔ་མར་བྱས་ནས་འགོག་པ་ལ། རིགས་པ་དང་ལུང་གཉིས། དང་པོ་ལ་ཁས་བླངས་བརྗོད་པ་ནི། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་པ་སྟེ། གཞན་དབང་གཟུང་འཛིན་གཉིས་སྟོང་གི་རྣམ་པར་ཤེས་པ་རང་བཞིན་གྱི་སྐྱེ་བ་ཡོད་ན། ཞེས་པ་སྟེ། སེམས་ཙམ་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་གཞན་དབང་དུ་འདོད་ལ་དེ་འགོག་པ་ནི། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས་ཞེས་སོགས་སོ། །ལུང་ནི་འགྲེལ་པར་དཀོན་མཆོག་བརྩེགས་པའི་ལུང་དྲངས་ནས་གཞན་སྟོང་བཀག་གོ །དེ་ལ་ཀུན་བཏགས་ཀྱི་སྐྱེ་བ་མེད་ཀྱང༌། དེ་ལྟར་གཞན་སྐྱེ་དང་བདག་སྐྱེ་བཀག་པ་ན། རྩོད་པའི་སྒོ་གསུམ་འབྱུང་སྟེ། དེ་ལྟར་རིགས་པས་རྣམ་དཔྱད་བྱས་པའི་རིགས་ངོར་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཁེགས་མོད། རིགས་པས་རྣམ་དཔྱད་མ་བྱས་པའི་ངོར་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཡོད་དོ་ཞེས་པ་དང༌། རིགས་ངོར་གཞན་སྐྱེ་མེད་ཀྱང་ཐ་སྙད་དུ་གཞན་སྐྱེ་ཡོད་དོ་ཞེས་པ་དང༌། ཀུན་བཏགས་ཀྱི་མཐའ་བཞིའི་སྐྱེ་བ་ཁེགས་ཀྱི་གཞན་དབང་གི་སྐྱེ་བ་བདེན་གྲུབ་ཡོད་དོ་ཞེས་རྩོད་པ་གསུམ་འབྱུང་བ་རིམ་པ་བཞིན་དུ་གཞུང་ཚན་པ་གསུམ་གསུངས་པ་ཡིན་ནོ། །དང་པོ་འགོག་པ་ལ་འདོད་པ་བརྗོད་པ་ནི། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །ཞེས་སོགས་རྩ་འགྲེལ་ལོ། །རིགས་པས་རྣམ་དཔྱད་བྱས་པ་ལ་བརྟེན་ནས་རིགས་ངོར་བདེན་སྐྱེ་ཁེགས་པའི་རྣལ་འབྱོར་པ་དེ་ཆོས་ཅན། ཁྱོད་ཀྱིས་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པར་ཐལ། ཁྱོད་ཀྱིས་རིགས་པས་རྣམ་དཔྱད་མ་བྱས་པའི་ཚེ། རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཡོད། ཁྱོད་ཀྱི་རིགས་པས་རྣམ་དཔྱད་བྱས་པ་ལ་བརྟེན་ནས། བདེན་སྐྱེ་ཁེགས་པའི་ཕྱིར། འདོད་ན་སྟོང་ཉིད་རྟོགས་པའི་ཤེས་རབ་དེ། དངོས་པོའི་རང་བཞིན་འཇིག་རྒྱུར་ཐལ། ཁྱོད་ཀྱིས་དངོས་པོའི་རང་བཞིན་ལ་མ་བལྟས་པའི་སྔ་རོལ་དུ། དངོས་པོ་རང་བཞིན་གྱིས་གྲུབ། ཁྱོད་ཀྱིས་དངོས་པོའི་རང་བཞིན་མཐོང་བའི་ཚེ། དངོས་པོ་རང་བཞིན་གྱིས་མ་གྲུབ་པར་སོང་བའི་ཕྱིར། དཔེར་ན་ཐོ་བས་བུམ་པ་བཅོམ་པ་བཞིན། མདོར་ན་རིགས་པས་དཔྱད་པ་བྱས་མ་བྱས་ཐམས་ཅད་ཀྱི་ཚེ། བདེན་སྐྱེ་ཁས་བླངས་པར་མི་བྱ་སྟེ། རིགས་པས་མ་དཔྱད་པའི་ཚེ་བདེན་སྐྱེ་ཁས་བླངས་ན། རིགས་ཤེས་དངོས་པོའི་འཇིག་རྒྱུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་སྟོན་པ་ཡིན་ནོ། །དེས་ན་འདིའི་ཕྱོགས་སྔ་སྨྲ་བ་ནི་མཐའ་གཅིག་ཏུ་འདི་ཡིན་ཞེས་བརྗོད་པར་མི་ནུས་ཀྱི་བདེན་སྐྱེ་ཁས་ལེན་པ་དག་གིས། དབུ་མའི་རིགས་པ་མ་བཟོད་ནས་མཐའ་བཞིའི་སྐྱེ་བ་ནི་གྲུབ་མཐས་བཏགས་པའི་སྐྱེ་བ་ཡིན་པས་དབུ་མའི་རིགས་པས་ཁེགས་པར་ཁས་བླངས་ཤིང༌། རིགས་པ་དེ་ཉིད་རྒྱུད་ལ་སྐྱེས་ནས་དེ་ལྟ་ན་ཡང༌། བསྒྲུབ་བྱ་བདེན་པའི་སྐྱེ་བ་ནི་གྲུབ་མཐས་བཏགས་པ་མ་ཡིན་པར་ཐོག་མ་མེད་པ་ནས་གནས་པ་ཡིན་པས། རྣལ་འབྱོར་པའི་རིགས་ངོར་མེད་མོད། དེ་མ་ཡིན་པའི་ངོར་ཡོད་པ་མི་ཁེགས་སོ་ཞེ་ན་ཞེས་མཐའ་གཞན་འགོག་པའི་རིགས་པར་གསུངས་སོ། །དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་འདི། དབུ་མའི་རིགས་པས་དངོས་པོ་རྣམས་ཀྱི་སྟེང་དུ་བཟོས་པ་མ་ཡིན་གྱི་དངོས་པོ་རྣམས་གདོད་མ་ནས་སྟོང་པར་མདོ་ལས་གསུངས་པའི་ཕྱིར་ན། རིགས་ངོར་བདེན་སྐྱེ་ཁེགས་པ་འདི་དངོས་པོ་རྣམས་ཀྱི་གནས་ལུགས་ཡིན་ནོ། །ཞེས་སྟོན་ནོ། །དེ་ཡང་འགྲེལ་པར་དཀོན་བརྩེགས་ཀྱི་མདོ་དྲངས་པ་ནི། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་ཐམས་ཅད་ལ་ཡང་དག་པར་སོ་སོར་རྟོག་པ་ནི་གང་སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དང༌། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། །ཞེས་སོགས་དྲངས་སོ། །འདི་ཉིད་འདིའི་དགོངས་པར་འདིའི་སྔ་འགྲེལ་ལས་ཤེས་ཏེ། ཇི་ལྟར་རང་བཞིན་གྱི་ཆོས་རྣམས་འགའ་ཡང་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ཁས་བླངས་པར་བྱ་དགོས་སོ། །ཞེས་གསུངས་པ་ལྟར། དོན་འདི་ངེས་པར་ཁས་བླངས་དགོས་ཞེས་སྨྲ་བར་རིགས་ཀྱི་འདི་ལས་གཞན་དུ་མི་རུང་ཞེས་བཟློག་སྟེ་སྨྲ་བར་མི་བྱའོ། །ཞེས་གསུངས་པའི་དོན་ནོ། །བདེན་སྐྱེ་འདོད་པའི་ཁས་ལེན་བཞག་ཏུ་མི་རུང་ཞེས་སྨྲ་བར་མི་བྱ། གལ་ཏེ་མཐའ་བཞིའི་སྐྱེ་བ་ཁེགས་ཀྱང༌། བདེན་སྐྱེ་ཁས་ལེན་ན་སྐྱོན་འདི་ཡོད་ཅེས་འཕེན་ནོ། །ཡང་གཞན་དག་ན་རེ། དེ་ལྟར་བདེན་སྐྱེ་ཁེགས་ཀྱང་སྐྱེ་བ་ཙམ་ཞིག་ནི་ཚད་མས་གྲུབ་ལ། དེ་ཡང་བདག་དང་རྒྱུ་མེད་པར་མི་འཐད་པས་གཞན་ལས་སྐྱེ་བར་ཁས་ལེན་དགོས་སོ་ཞེ་ན། དབུ་མ་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་ཙམ་ཞིག་ཁས་ལེན་མོད། གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བར་མི་ནུས་ཏེ། བདག་དང་གཞན་ལས་སྐྱེ་བ་ནི་རིགས་པས་དཔྱད་པའི་སྐྱེ་བ་ཡིན་ལ། ཐ་སྙད་ཀྱི་བདེན་པ་ལ་རིགས་པས་དཔྱད་མི་བཟོད་པའི་ཕྱིར་ཞེས་སྟོན་པ་ནི། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། ཞེས་སོགས་སོ། །རྩོད་པ་གསུམ་པ་ནི་དེ་ལྟ་ན་ཡང༌། གཞན་དབང་རྫས་ཀྱི་སྐྱེ་བ་ཅུང་ཟད་ཅིག་ཁས་ལེན་དགོས་སོ། །ཞེ་ན། དེ་ཉིད་སྐབས་སུ་ཞེས་སོགས་གསུངས། མདོར་ན་འདི་ནི་གོང་མ་རྣམས་ཀྱི་དོན་བསྡུ་ཡིན་ལ། ཕྱོགས་སྔ་མ་འདི་རྣམས་ནི། སྤྱིར་དངོས་སྨྲ་བ་དང་ཁྱད་པར་དུ་སེམས་ཙམ་པ་གཙོ་ཆེ་བར་འགྲེལ་པ་ཉིད་ཀྱིས་གྲུབ་ལ། འོན་ཀྱང་རྩོད་པ་འདི་སྨྲ་བའི་ཚེ་དབུ་མའི་ལྟ་བ་མ་སྐྱེས་ལ་དངོས་པོར་སྨྲ་བའི་ལྟ་བ་ནི་མི་འཐད་པར་སྟོན་པའི་དབུ་མའི་རིགས་པ་མ་བཟོད་པར་གྱུར་པ་ཅི་ཟེར་འདི་ཟེར་གྱི་མཐའ་དཔྱོད་པའི་སྐབས་ཏེ། དེ་སྐད་དུ་ཡང༌། དངོས་པོ་ལ་བདེན་པར་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ཀུན་ནས་དཔྱོད་པ་ན་བྲེད་ཤ་ཐོན་པ་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་ནི། གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་གྱུར། རྫས་ཀྱི་བདག་ཉིད་འགའ་ཞིག་སྐྱེ་བར་འགྱུར་བར་བྱ་དགོས་སོ། །ཞེ་ན། དེ་སྐད་དུ་སྨྲ་བ་ལ་ནི་ཚིག་ཙམ་ཞིག་ལྷག་མར་ལུས་པར་གྱུར་ཏོ། །ཞེས་སོགས་དེ་ཉིད་སྐབས་སུ་ཞེས་པའི་སྔ་འགྲེལ་ལས་གསུངས་སོ། །དེ་ལྟར་ན་གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན་ཕྱོགས་སྔ་མ་དེས་དོན་དམ་པར་སྐྱེ་བ་མེད་ཅིང་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པས་རང་རྒྱུད་པའོ་ཟེར་བ་དེ་ཉིད་ཀྱིས་ཁེགས་མོད་སླར་ཡང་བརྟག་པར་བྱ་སྟེ། འདི་ཡང་དངོས་སྨྲ་བའི་ངོར་དོན་དམ་དུ་གཞན་སྐྱེ་སྔར་བཤད་པའི་རིགས་པས་ཁེགས་པ་ན་ཡང་དངོས་སྨྲ་བ་དེ་དག་གི་བསམ་པ་དོན་དམ་དུ་གཞན་སྐྱེ་ཁེགས་མོད་ཀུན་རྫོབ་ཏུ་དེ་ཁས་མ་བླངས་ན་ཀུན་རྫོབ་བདེན་པ་ཉམས་པར་འགྱུར་རོ་སྙམ་པའི་དོགས་པའི་མཐའ་དཔྱོད་པ་ཡིན་གྱི། དེ་ཀ་ཉིད་དང་པོ་ནས་རང་ལུགས་སུ་སྨྲ་བ་པོ་གཅིག་སྐབས་དེར་ཅི་ནས་ཡོད་དགོས་ན་མཐའ་བཞིའི་སྐྱེ་བ་ནི་རིགས་པས་ཁེགས་ལ་བདེན་སྐྱེ་ཁས་ལེན་པའི་རང་སྡེ་ཅིག་ཡོད་པར་ཐལ། དེ་ཉིད་སྐབས་སུ་ཞེས་པའི་ཕྱོགས་སྔ་མ་ལ་དེ་འདྲ་ཞིག་དགོས་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང་སྤྱིར་རང་རྒྱུད་པ་རྣམས་ཀྱིས་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་ཀྱང༌། དངོས་པོར་སྨྲ་བའི་འདོད་ལུགས་དང་ཤིན་ཏུ་མི་འདྲ་བའི་ཕྱིར། དེས་ན་རང་རྒྱུད་པས་རང་བཞིན་གྱིས་གྲུབ་པའི་ཆོས་ཁས་ལེན་པར་མི་འགྲུབ་བོ། །མི་འདྲ་བའི་ཁྱད་པར་ནི་དངོས་པོར་སྨྲ་བས་ནི། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པར་འདོད་ལ། དབུ་མ་རང་རྒྱུད་པས་ནི་རང་བཞིན་གྱིས་མ་གྲུབ་པ་བཞེད་པ་ཡིན་ནོ། །དེ་མ་ཡིན་པར་དེ་གཉིས་འདོད་ལུགས་གཅིག་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱི་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་གཞན་ལས་མི་སྐྱེ་སྟེ། གཞན་ཡིན་པའི་ཕྱིར། ཞེས་འགལ་ཁྱབ་བླ་ན་མ་མཆིས་པ་རྟགས་ཡང་དག་ཏུ་སྨྲ་བའི་སློབ་དཔོན་ལེགས་ལྡན་འབྱེད་དིང་སང་འདི་ན་རང་དབང་ཅན་གྱི་སྐྱེས་བུ་འགའ་ཞིག་གིས་མུན་པའི་གླིང་དུ་བསྐྱལ་ཏེ། གྲུབ་མཐའ་ངན་པའི་ལྕགས་དམ་པོར་བཅུག་སྟེ། སྟོན་པ་ཀླུ་སྒྲུབ་ཀྱི་རིགས་པའི་ཁྲིམས་ལ་འགལ་བ་མང་པོ་བྱས་སོ་ཞེས་ཁྲིམས་ར་རྒྱ་ཆེན་པོ་དང་བཅས་པ་ནའོ་བརྒྱལ་བར་མ་གྱུར་ལགས་སམ། དེས་ན་ལེགས་ལྡན་འབྱེད་ཀྱིས་ནི། མྱུ་གུ་ཆོས་ཅན་རང་བཞིན་གྱིས་གྲུབ་པའི་ས་བོན་དོན་གཞན་ལས་མི་སྐྱེ་སྟེ། ས་བོན་དང་ཐ་སྙད་ཀྱི་གཞན་ཙམ་དུ་གྲུབ་པའི་ཕྱིར། བུམ་སྣམ་བཞིན་ཞེས་སྟོན་པ་ཡིན་ནོ། །དེ་མ་ཡིན་པར་གཞན་སྐྱེའི་དོན་དངོས་སྨྲ་བ་དང་མཐུན་པར་ཁས་བླངས་ནས་དེ་ཐ་སྙད་དུ་ཁས་ལེན་པ་ཡིན་ན། རང་ལུགས་ལ་དོན་དམ་དུ་གཞན་སྐྱེ་ཁས་བླངས་པར་སོང་བས། རང་རྒྱུད་པས་གཞན་འགོག་པའི་རིགས་པ་ཇི་སྙེད་བརྗོད་པ་དེ་རྣམས་དེ་མ་ཐག་ཏུ་རང་ཉིད་ལ་བཟློག་ན་འཁོར་གསུམ་དངོས་འགལ་དུ་འགྱུར་རོ། །རང་རྒྱུད་པས་ཐ་སྙད་དུ་བདེན་སྐྱེ་ཁས་ལེན་པར་ཐལ། གཞན་སྐྱེའི་དོན་དངོས་སྨྲ་བ་དང་མཐུན་པར་ཁས་བླངས་ཤིང༌། དངོས་སྨྲ་བས་གཞན་སྐྱེའི་དོན་བདེན་སྐྱེ་ལ་འདོད་པའི་ཕྱིར། གསུམ་པོ་མིན་ནམ། དེས་ན་རང་རྒྱུད་པས་ཐ་སྙད་དུ་ཁས་བླངས་པའི་གཞན་སྐྱེ་དེ་མཐའ་བཞིའི་ཆ་ཤས་སུ་གྱུར་པའི་གཞན་སྐྱེ་ལ་བྱས་ན་ཁྱེད་བདེན་ཡང་རང་རྒྱུད་པས་དེ་ཐ་སྙད་དུ་ཁས་ལེན་པ་མ་ཡིན་པའི་ཕྱིར་ཏེ། དེའི་ཆ་ཤས་ཀྱི་གཞན་སྐྱེ་ནི། རང་བཞིན་གྱིས་གྲུབ་པའི་གཞན་ནམ་བདེན་པའི་གཞན་ཡིན་ལ། རང་རྒྱུད་པས་ཁས་བླངས་པ་འདི་རང་བཞིན་གྱིས་མ་གྲུབ་པའི་གཞན་ཡིན་པའི་ཕྱིར། ཁོ་ན་རེ་དེ་ལྟ་ནའང་མི་འཐད་དེ། ས་མྱུག་གཉིས་ཆོས་ཅན། རྫས་གཞན་དུ་ཐལ། རྫས་སུ་གྲུབ་ནས་རྫས་གཅིག་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན་རང་བཞིན་གྱིས་གྲུབ་པའི་གཞན་དུ་ཐལ། རྫས་གཞན་ཡིན་པའི་ཕྱིར་ཞེ་ན། དེ་ལ་མགོ་བསྒྲེ་བ་དང༌། དངོས་པོའི་ལན་གཉིས། དང་པོ་ནི་ཁྱེད་ལྟར་ནའང༌། ས་མྱུག་གཉིས་ཆོས་ཅན། དངོས་པོ་ཐ་དད་དུ་ཐལ། དངོས་པོར་གྲུབ། དངོས་པོ་གཅིག་མ་ཡིན་པའི་ཕྱིར་རྟགས་ཁས་བླངས། འདོད་ན་ཁས་བླངས་སྟོན་པ་ནི། རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་ཐལ། དངོས་པོ་ཐ་དད་ཡིན་པའི་ཕྱིར། འཁོར་གསུམ་མོ། །ཅི་སྟེ་ཁྱབ་པ་མི་མཚུངས་ཏེ། རྫས་སུ་གྲུབ་ན་རིགས་པས་དཔྱད་བཟོད་དགོས། དངོས་པོར་གྲུབ་པ་ལ་དེ་ཡིན་མི་དགོས་པའི་ཕྱིར། སྔ་མ་དེར་ཐལ། གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །ཞེས་རྫས་སུ་གྲུབ་པ་ལ་རྫས་གཅིག་དང་རྫས་ཐ་དད་ཀྱི་བརྟག་པ་འཇུག་པར་གསུངས་པའི་ཕྱིར་ཞེ་ན། དེ་ནི་ངེད་ཀྱི་ལུང་དུའང་སོང་སྟེ། འོ་ན་དངོས་པོར་གྲུབ་པ་ལའང་རྫས་གཅིག་དང་ཐ་དད་ཀྱི་བརྟག་པ་འཇུག་པར་ཐལ། གལ་ཏེ་ཞེས་དྲངས་པ་དེ་ཉིད་དང༌། དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པ། །ཞེས་གསུངས་པའི་ཕྱིར། རྫས་གྲུབ་ཡིན་ན་སྤྱིར་རིགས་པས་དཔྱད་བཟོད་ཡིན་དགོས་པའི་རྒྱུ་མཚན་གྱིས། དེ་ཁས་ལེན་མི་རིགས་པ་དེ་ཉིད་དངོས་པོར་གྲུབ་པ་ལ་མཚུངས་པ་ཡིན་པར་ཐལ། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མ་བྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་ཏེ་བཞིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དངོས་པོར་གྲུབ་པ་དང་རྫས་སུ་གྲུབ་པ་གཉིས་ཀའང་ཐ་སྙད་དུ་ཁས་ལེན་དགོས་པའི་སྐབས་དང༌། རྟགས་ཀྱི་དགག་བྱར་འགྱུར་བའི་སྐབས་གཉིས་གཉིས་ཡོད་པ་ཡིན་ནོ། །ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པའི་གཞན་དེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ལ་བྱེད་པ་མ་ཡིན་པར་ཀཱ་མ་ལ་ཤི་ལས་གསུངས་ཏེ། དེའི་ཕྱིར་སློབ་དཔོན་ཁ་ཅིག་གིས་དོན་དམ་པར་ནི་གཞན་ལས་མི་སྐྱེ་སྟེ། གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཤད་པའི་གཏན་ཚིགས་གང་ཡིན་པ་དེ་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། ཞེས་པ་ནས་དེའི་ཕྱིར་ཁ་ཅིག་འདི་ལ་མ་ངེས་པ་དང་མ་གྲུབ་པ་བརྗོད་པ་གང་ཡིན་པ་དེ། འབྲེལ་པ་མེད་པ་མ་ཡིན་ནོ། །མུ་སྟེགས་ཅན་རྣམས་རྒྱུ་གཞན་ལ་སོགས་ཐ་སྙད་ཀྱི་རྒྱུ་དངོས་སུ་གཞན་ཉིད་ཡིན་པ་ལ་སོགས་པའི་དངོས་པོ་དེ་ལྟ་ཡིན་པ་ཁོ་ནར་བརྗོད་པ་དེ་དག་ལ། སློབ་དཔོན་གྱིས། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བཤད་དེ། དེའི་ཕྱིར་འདིའི་གཞུང་ལུགས་ཀྱི་གཞན་ཉིད་མ་གྲུབ་པས། གཞན་ལ་མི་སྐྱེའོ་ཞེས་བསྟན་པར་འགྱུར་རོ། །ཞེས་གསལ་བར་གསུངས་པས་དངོས་སྨྲ་བས་འདོད་པའི་གཞན་དེ་ཐ་སྙད་ཙམ་དུ་ཡང་མི་བཞེད་དོ། །ཟླ་བས་དེ་འགོག་པའི་ཚེ་ཐ་སྙད་དུ་གཞན་སྐྱེ་ཁས་བླངས་ན། ཐ་སྙད་དུ་རིགས་པས་དཔྱད་བཟོད་ཁས་བླངས་དགོས་པར་འགྱུར། ཞེས་ཕུལ་བ་ཡིན་གྱི་དང་པོ་ནས་དེ་ལྟར་ཁས་བླངས་ན། ཟླ་བས་དགག་པ་མིག་ཕུག་ནས་མཛད་རིགས་པ་ལས་མ་མཛད་དོ། །རང་རྒྱུད་པས་སྐྱོན་སྤོང་བ་ནི། གཞན་སྐྱེད་དེ་མཐའ་བཞིའི་ཆ་ཤས་དེ་ཡིན་པར་བྱས་ནས་ཁས་བླངས་ན་བདེན་ཡང་དེ་ཁས་མི་ལེན་ནོ། །ཞེས་སྐྱོན་སྤོང་བར་གསལ་ལོ། །དེ་ལྟར་བྱས་ན་རང་མཚན། དངོས་པོ། རྫས་རྣམས་ཐ་སྙད་དུ་ཁས་ལེན་པ་གཅིག་དང་དེ་ཁོ་ན་ཉིད་ལ་དཔྱོད་པའི་དགག་བྱར་བྱེད་དགོས་པའི་སྐབས་གཉིས་ཡོད་དེ། དེ་གསུམ་ཐ་སྙད་དུ་མི་རྟག་པ་དང་ཁྱབ་མཉམ་པར་སྣང་བའི་ཕྱིར། ཡིན་ལུགས་ཀྱི་སྐབས་སུ་དངོས་སྨྲ་བ་དང་མཐུན་པར་ཁས་བླངས་ན་གཞན་སྐྱེ་འགོག་མི་ནུས་པས་དགག་བྱར་བྱེད་པའི་ཕྱིར། རང་བཞིན་དེ་ཁོ་ན་ཉིད། ངོ་བོ་ཉིད། བཅོས་མ་མ་ཡིན་པ། དོན་དམ་པ་ཞེས་པ་རྣམས་བདེན་གྲུབ་དང་དོན་དམ་བདེན་པ་གཉིས་ཀ་ལ་འཇུག་པའི་སྐབས་ཡོད་པས་རྟགས་ཀྱི་དགག་བྱར་འགྱུར་མི་འགྱུར་སྐབས་ཐོབ་ཀྱིས་ཤེས་དགོས་སོ། །བདེན་པ་ལ་ཡང་གནས་ལུགས་ལ་བྱས་པ་དང༌། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་ལ་བྱས་པ་གཉིས་ལས། དང་པོ་ལ་གསུང་རབ་ནས་འཕགས་པའི་བདེན་པ་ཞེས་གསུངས་ཤིང༌། རྟགས་ཀྱི་དགག་བྱ་མ་ཡིན་ལ། ཕྱི་མ་ལ་བྱིས་པའི་བདེན་པ་ཞེས་བྱ་ལ། རྟགས་ཀྱི་དགག་བྱར་བྱེད་པ་ཡིན་ནོ། །ཁྱད་པར་དུ་རང་བཞིན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་གཅིག་པར་འདོད་པ་ནི། ཐེག་པ་ཆེ་ཆུང་སུའི་ཡང་ལུགས་མ་ཡིན་ཏེ། དེ་ཡང་རང་མཚན་ཞེས་བསྡུས་ཀྱང༌། ཕྱེ་ན་རང་གི་མཚན་ཉིད་ཅེས་བྱ་ལ། སྤྱི་མཚན་ཞེས་པའང་དེ་བཞིན་ནོ། །མཚན་ཉིད་ཀྱི་སྒྲ་བྱ་བྱེད་གཉིས་ལ་འཇུག་པས། བྱ་བ་ལ་ཞུགས་པའི་ཚེ་རང་དང་སྤྱི་ཉིད་ལ་བྱའི་དོན་ལྡོག་ལ་མི་ཟེར་ལ་དེ་ཡང་རང་ཞེས་པ་རང་གི་ངོ་བོ་མ་འདྲེས་པར་གནས་པ་གཅིག་ལ་ཟེར་ལ། སྤྱི་ཞེས་པ་དེ་ལས་ལོག་ནས་ཡུལ་དུས་ཐུན་མོང་དུ་རྗེས་འགྲོ་བྱེད་པ་གཅིག་ལ་ཟེར་བས། ཚད་མ་སྡེ་བདུན་དུ་ཕལ་ཆེར་དེའི་སྒོས་བཤད་དོ། །མཚོན་བྱེད་ལ་བྱས་པའི་ཚེ་ནི་རང་གི་མཚན་ཉིད་ཅེས་པ་ཚ་བ་མེའི་མཚན་ཉིད་ཡིན་པ་ལྟ་བུ་ལ་བྱེད་དེ། ཐུན་མོང་མ་ཡིན་པར་མཚོན་བྱེད་ཡིན་པའི་ཕྱིར། མི་རྟག་པ་འདུས་བྱས་སྤྱིའི་མཚན་ཉིད་ཡིན་པ་ལྟ་བུ་ལ་སྤྱིའི་མཚན་ཉིད་ཡིན་ཞེས་བྱ་ལ། ཆོས་མངོན་པ་ལས་ནི་ཕལ་ཆེར་འདི་ཉིད་བཤད་དོ། །འདི་གཉིས་ཀའི་སྐབས་སུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་དོན་མི་གཅིག་གོ །རྟོག་གེ་པས་གང་ཟག་གི་བདག་མེད་དང་གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ཀྱང༌། རང་མཚན་དུ་མི་འདོད་དོ། །སེམས་ཙམ་པས་དོན་དུ་སྣང་བ་འདི་རང་མཚན་དུ་འདོད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འདོད། དཔལ་ལྡན་ཟླ་བས་ཀྱང་རང་མཚན་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་བཞེད་དེ། རྣམ་ཤེས་རང་གི་མཚན་ཉིད་འདོད། །ཕུང་པོ་སྡུག་བསྔལ་རང་བཞིན་ཉིད། །དེ་ཕྱིར་མི་འཕྲོག་རང་མཚན་ཉིད། །ཅེས་སོགས་རང་མཚན་རྒྱ་ཆེར་གསུངས་ལ། གང་དག་རང་མཚན་ཉིད་ཀྱི་སོ་སོ་བ། །ཞེས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་ཕྱིར་རོ། །དེ་ལྟར་ན་སྐབས་ཐོབ་ཤེས་པར་བྱ་དགོས་ཀྱི། རྟགས་ཀྱི་དགག་བྱ་བརྒྱད་ཀྱི་གྲངས་ངེས་དང༌། རང་རྒྱུད་པས་གཞི་ཚད་གྲུབ་ཏུ་བཞེད་པ་ལ་སོགས་པ་འཕགས་པ་ཡབ་སྲས་ཀྱི་བརྡ་ཆད་མ་ཡིན་པ་རང་བཟོ་མཁན་གྱིས་བྱས་པ་ལ། བླུན་པོ་དད་པའི་རྗེས་འབྲང་རྣམས་ལེགས་ལེགས་འདྲ་ཡང༌། དཔྱོད་ལྡན་འཇུག་པའི་ལེགས་བཤད་མ་ཡིན་ནོ། །ད་ནི་དེ་དག་གི་སྐབས་སུ་རྩོད་པ་ཇི་ལྟར་སྤོང་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ཁོ་བོ་ཅག་གི་འདྲེན་པ་དམ་པ་ཆོས་རྗེས་ནི་འདི་སྐད་དུ་གསུངས་ཏེ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་ཀྱི་རིགས་པ་ལས། སྟོང་པ་ཉིད་ཀྱང་རྫུན་པར་གྲུབ་སྟེ། ཐ་སྙད་དུ་ཡོད་ལ་བདེན་པར་མེད་པའི་ཕྱིར། རྨི་ལམ་བཞིན་དེ་བས་ཆོས་ཉིད་ཀྱང་ཀུན་རྫོབ་བདེན་པ་ཡིན་པ་ལ་དགོངས་ནས། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། ལོ་ཀའི་ཐ་སྙད་ཁོ་ནས་དོན་དམ་པའི་བདེན་པར་གསུངས་སོ། །ཞེས་པ་དང༌། ཡང་དེ་ཉིད་ལས། མྱ་ངན་ལས་འདས་པའང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ནོ་ཞེས་དང༌། མདོ་ལས་ཀྱང༌། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་གསུངས་སོ། །དེས་ན་སྟོང་པ་ཉིད་རྨི་ལམ་ལྟར་བདེན་པར་ཡོད་པ་ཁེགས་པས་ན། རྫུན་པར་གྲུབ་པས་ཀུན་རྫོབ་ཡིན་ནོ། །བདེན་པའི་སྒྲ་དོན་གཉིས་ལ་འཇུག་སྟེ། མི་སླུ་བ་དང་གནས་ཚུལ་ལ་གྲུབ་པའོ། །སྟོང་པ་ཉིད་ལ་བདེན་པའི་སྒྲས་བརྗོད་པ་ནི། དང་པོའི་དབང་དུ་བྱས་པ་ཡིན་པས། དགག་བྱ་མ་ཡིན་ལ། དགག་བྱར་བྱས་པ་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་ལ་མི་མཁས་ཤིང་མཁས་པར་རློམ་པ་ཁ་ཅིག་ན་རེ། སྟོང་ཉིད་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། འདོད་ན་གནས་ཚུལ་ལ་མ་ཞུགས་པའི་བློའི་རྙེད་དོན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་རྟགས་དངོས། མདོར་ན། གནས་ཚུལ་ལ་ཞུགས་པའི་བློའི་རྙེད་དོན་ཡིན་པར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར་འཁོར་གསུམ་ཁས་བླངས་སོ། །སྟོང་ཉིད་ཆོས་ཅན། བསླུ་བའི་ཆོས་ཡིན་པར་ཐལ། ཆོས་གང་ཞིག་མི་བསླུ་བ་མ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། ཐ་སྙད་དུ་ཡོད་ཅིང་བདེན་པར་མེད་ན་རྫུན་པས་ཁྱབ་པ་བུད། འདོད་ན་དངོས། རྟགས་ཟུར་དང་པོ་དངོས། མི་བསླུ་བ་ཡིན་ན་རྫུན་པ་ཡིན་པ་བུད། དེ་ལ་ཁྱབ་པ་མེད་ན། བཅོམ་ལྡན་འདས་ཀྱིས། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་དང༌། ཚིག་གསལ་ལས་ཀྱང༌། བསླུ་བའི་ཆོས་ཅན་ཉིད་ཡིན་པས་རྫུན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། ཞེས་སྨྲས་ཟིན་པའི་མཐར། གང་ཞིག་ཟླ་བ་འགོག་པའི་ཟོལ་སྦྱོར་གྱིས། །ཞེས་སོགས་ཚིག་རྩུབ་སྨྲས་སོ། །དེ་འགོག་པར་བྱེད་པ་ལ་འདིའི་དོན་གྱི་སྐྱོན་སྤོང་རྣམས་སྐབས་སྐབས་སུ་སོང་ཟིན་ལ་ཚིག་འདི་ཉིད་ལ་བརྟག་ན། འོ་ན་ཁྱེད་རང་གི་ལུགས་ལ་གནས་ཚུལ་ལ་མ་ཞུགས་པའི་བློས་རྙེད་པའི་དོན་ཡོད་དམ་མེད་ཡོད་ན་གང་ཡིན། མྱུ་གུའོ་ཞེ་ན། མྱུ་གུ་ཆོས་ཅན། གནས་ཚུལ་ལ་ཞུགས་པའི་བློའི་རྙེད་དོན་མ་ཡིན་པར་ཐལ། མ་ཞུགས་པའི་བློ་ཡི་རྙེད་དོན་ཡིན་པའི་ཕྱིར། འཁོར་གསུམ་མ་ཡིན་ནམ། གལ་ཏེ་འདོད་ན་བསལ་བ་སྟོན་པ་ནི། དེར་ཐལ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་དོན་ཡིན་པའི་ཕྱིར། གསུམ་ཆར་གྲུབ་པའི་མཐལ་ལ་དངོས་འགལ་ལོ། །ཁྱེད་ཀྱི་ཐལ་འགྱུར་ཕྱི་མ་འདིས་ནི་རིགས་པ་ཡེ་ནས་མི་ཤེས་པའི་ཚུལ་གསལ་བར་བསྟན་ཏེ། སྟོང་པ་ཉིད་ཆོས་ཅན། རྫུན་པ་མ་ཡིན་པར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། ཞེས་འཕངས་པས་ཆོག་པ་ལ། ཁྱོད་བསླུ་བའི་ཆོས་ཡིན་པར་ཐལ། ཆོས་གང་ཞིག་མི་བསླུ་བ་མ་ཡིན་པའི་ཕྱིར། དེའི་ཁྱབ་པ་བསྒྲིགས་ནས་རྟགས་ཕྱི་མ་མ་གྲུབ་ན་རྫུན་པ་ཡིན་པ་བུད་ཅེས་སྨྲས་སོ། །དང་པོ་ནས་གཞན་གྱི་དམ་བཅའ་དེ་འགལ་ཁྱབ་ལ་བུད་ན་ཅི་སྟེ། འོ་ན་སྟོང་ཉིད་ཆོས་ཅན། རྫུན་པ་མ་ཡིན་པར་ཐལ། མི་བསླུ་བ་ཡིན་པའི་ཕྱིར། ཁྱབ་པ་ད་ལྟ་དངོས་འགལ། འདོད་ན་དེ་ཆོས་ཅན། རྫུན་པར་ཐལ། བདེན་གྲུབ་མ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ལོ། །ཇི་ལྟར་སོང་ཞེ་ན་ཁྱོད་ཉིད་ཀྱིས་ཐལ་འགྱུར་བས་ཀུན་རྫོབ་ལ་ཡང་ལོག་མི་བཞེད་པའི་སྒྲུབ་བྱེད་དུ་ཀུན་རྫོབ་ཡིན་ན་ཐ་སྙད་དུ་ཡང་བསླུ་བའི་ཆོས་ཅན་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཐ་སྙད་དུ་ཡང་རྫུན་པས་ཁྱབ་པའི་ཕྱིར། མ་གྲུབ་ན་ཐ་སྙད་དུ་བདེན་གྲུབ་ཡིན་པར་ཐལ་ལོ། །ཁྱབ་སྟེ་བདེན་རྫུན་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་ཞེས་མ་བྲིས་སམ། དེ་ཡང་བརྒྱ་དང་བཅུ་གཅིག་པའི་སྔ་ལོགས་སུ་ངེད་ལ་སྐྱོན་བརྗོད་ནས། བརྒྱ་དང་བཅུ་དྲུག་པའི་ཕྱི་ལོགས་སུ་དེ་སྐད་བྲིས་སོ། །ཡང་མི་བསླུ་བ་ཡིན་ན་རྫུན་པར་འགལ་བའི་སྒྲུབ་བྱེད་དུ། བསླུ་བ་ཡིན་ན་རྫུན་པས་ཁྱབ་པར་སྒྲུབས་པས་ངེད་ལ་ཅི་གནོད། ངེད་ནི་གཞི་གྲུབ་ན་རྫུན་པས་ཁྱབ་པར་འདོད་པའི་ཕྱིར། འོ་ན་མི་བསླུ་བ་ཡིན་ན། བདེན་གྲུབ་མ་ཡིན་པར་འགལ་བར་ཐལ། བསླུ་ན་བདེན་གྲུབ་མ་ཡིན་དགོས་པའི་ཕྱིར། འཁོར་གསུམ། ཁྱབ་པ་བསྒྲིགས་པས་བརྟགས་ན་གཅིག་བསྟན་ཏེ། ཆོས་གང་ཞིག་མི་བསླུ་བ་ཡིན་ན། བསླུ་བ་མ་ཡིན་དགོས་པར་ཐལ། ཞེས་པའི་ཁྱབ་པ་འདི་ངེད་ཀྱི་ཁྱབ་པ་ཚད་མས་མ་གྲུབ་པ་དེའི་སྟེང་དུ་ཁྱེད་ཀྱིས་བསྒྲིགས་པའི་ཕྱིར། ཆོས་ཉིད་དོན་དམ་བདེན་པ་ཡིན་པ་དེ་ཆོས་ཅན། བསླུ་བར་ཐལ། ཀུན་རྫོབ་ཡིན་པའི་ཕྱིར། རྟགས་ནི་རིགས་པ་དྲུག་ཅུ་པའི་དོན་འཆད་པ་ན། ཆེན་པོ་ཉིད་དང་ཁྱེར་རང་གིས་དེ་སྐད་སྨྲས་པའི་ཕྱིར། ཁྱབ་པ་ནི་ཀུན་རྫོབ་བདེན་པ་བསླུ་བ་དང༌། དོན་དམ་བདེན་པ་གཅིག་པུ་མི་སླུ་བར་ཁྱེད་ཀྱིས་བཤད་དོ། །འདོད་ན་གནས་ཚུལ་ལ་གཞན་དུ་གནས་ནས་སྣང་ཚུལ་ལ་གཞན་དུ་སྣང་བར་ཐལ། བསླུ་བའི་ཕྱིར། འཁོར་གསུམ་ཁས་བླངས། འདིར་སྨྲས་པ། ཐལ་འགྱུར་མ་གཏོགས་ཤིང་རྟའི་སྲོལ་ཀུན་གྱིས། །གནས་སྐབས་མངོན་མཐོ་ཙམ་ཞིག་སྒྲུབ་ནུས་ཀྱི། །ཀུན་བཏགས་སྒྲིབ་པའི་གཉེན་པོ་མི་སྟོན་ན། །ཐམས་ཅད་མཁྱེན་དང་ཐར་པ་ལྟ་ཅི་ཞིག །གྲུབ་མཐའ་བཞི་པོ་ལོག་པའི་ལམ་དུ་བཀྲལ། །ཟླ་བའི་དགོངས་པའང་རང་བཟོའི་ལམ་ཉིད་དུ། །ལྟར་སྣང་ལུང་རིགས་བརྒྱ་ཡིས་བསྒྲུབས་བྱས་ནས། །བྱམས་དང་ཀླུ་སྒྲུབ་དགོངས་པའང་འདི་ཡིན་ཞེས། །ཡོངས་རྫོགས་བསྟན་པ་རང་བཟོའི་གླིང་དུ་བསྐྱལ། །ཀུན་མཁྱེན་ཐུབ་པའི་དབང་པོའི་བསྟན་པ་ལ། །འདི་འདྲའི་སྟོན་པ་གཉིས་པ་འཇིག་རྟེན་དུ། །བྱོན་ནས་བསྟན་པའི་གནད་ཀུན་བཅོམ་མཛད་པའི། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།ད་ནི་ཐལ་འགྱུར་བས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་ལེན་དཔྱད་པར་བྱ་སྟེ། འདི་ལ་གཞན་ལུགས་བཀོད་པ། དེ་སུན་འབྱིན་པ། རང་ལུགས་གཞག་པའོ། །དང་པོ་ནི་འདི་ན་གང་དག་ཆེན་པོར་རློམ་པ་རྗེས་འབྲང་དང་བཅས་པ་ན་རེ། ཐལ་འགྱུར་བས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་ཏེ། ཚིག་གསལ་ལས། གཞན་ཡང་རྟོག་གེ་པ་འདིས་ནི། བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་སྟོན་པར་འདོད་པས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཞེས་དང༌། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར། ཞེས་དང་ཁོ་བོ་ཅག་ནི། རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་མི་སྦྱོར་ཏེ། རྗེས་སུ་དཔག་པ་དག་ནི་གཞན་གྱི་དམ་བཅའ་སུན་འབྱིན་པའི་འབྲས་བུ་ཅན་མ་ཡིན་པའི་ཕྱིར། ཞེས་གསུངས། རིགས་པའི་སྒྲུབ་བྱེད་ནི། དབུ་མ་པས་དངོས་སྨྲ་བའི་ངོར་རང་རྒྱུད་ཀྱི་གཏན་ཚིགས་འགོད་པར་མི་རིགས་ཏེ། རྟགས་ཆོས་དོན་གསུམ་ཚད་མ་ཅི་འདྲ་ཞིག་གིས་གྲུབ་ཚུལ་དངོས་སྨྲ་བ་དང་དབུ་མ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་མི་སྲིད་པའི་ཕྱིར་ཏེ། དངོས་སྨྲ་བའི་ལུགས་ལ་གཟུགས་དེ་ཚད་མ་མ་འཁྲུལ་བའི་རྙེད་དོན་ཡིན། དབུ་མའི་ལུགས་ལ་གཟུགས་དེ་ཚད་མ་འཁྲུལ་པའི་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། དངོས་སྨྲ་བ་ལྟར་ན། གཟུགས་འཛིན་མིག་ཤེས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ལ་མ་འཁྲུལ། དབུ་མ་པ་ལྟར་ན་དེ་དེ་ལ་འཁྲུལ་པའི་ཕྱིར། དེས་ན་རང་རྒྱུད་ཀྱི་རྟགས་སུ་འགྱུར་བ་ལ་ཚུལ་གསུམ་རྒོལ་ཕྱིར་རྒོལ་གཉིས་ཀའི་ཚད་མས་གྲུབ་པ་ཙམ་གྱིས་མི་ཆོག་གི ཚུལ་གསུམ་ཚད་མ་ཅི་འདྲ་ཞིག་གིས་གྲུབ་པའི་འགྲུབ་ཚུལ་མཐུན་སྣང་ལ་གྲུབ་པ་ཅིག་དགོས་པའི་ཕྱིར། དེ་ལྟ་ན་ཡང་ཚུལ་གསུམ་སྔ་རྒོལ་གྱི་ཚད་མས་གྲུབ་པའི་གཏན་ཚིགས་ཡང་དག་ཁས་ལེན་ལ། དེ་ལ་གཞན་ལ་གྲགས་ཀྱི་རྗེས་དཔག་ཅེས་བྱ་སྟེ། ཆོས་ཅན་སོགས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་འགྲུབ་ཚུལ་མཐུན་སྣང་ལ་གྲུབ་པ་མེད་ཀྱང༌། ཚུལ་གསུམ་རྒོལ་ཕྱི་རྒོལ་གཉིས་ཀའི་ལུགས་ལ་ཚད་མས་གྲུབ་ཅིང༌། དེ་ཡང་ཆོས་ཅན་སོགས་ཕྱི་རྒོལ་རང་གིས་ཁས་བླངས་པའི་གྲུབ་མཐའ་ལ་འཁྲིས་ནས་བཀོད་པའི་ཕྱིར་རོ། །རང་རྒྱུད་ཀྱི་གཏན་ཚིགས་ལ་འདི་ལྟ་བུའི་ཁྱད་པར་དགོས་པ་ཡང་རྟོག་གེའི་གཞུང་ལུགས་ལས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ཞེས་གསུངས་པའི་ཕྱིར། རྟོག་གེའི་གཞུང་ལུགས་ཡིན་ནོ། །དོན་འདི་ཉིད་བསྟན་པར་བཞེད་ནས་ཚིག་གསལ་ལས། ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། དེ་ལ་རེ་ཤིག་གང་འདི་སྐད་དུ་སྦྱོར་བའི་ཚིག་ཏུ་གྱུར་པ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་བཞིན། ཞེས་གང་སྨྲས་པ་དང༌། ཞེས་སོགས་གསུངས་པ་ཡིན་ནོ། །དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་སོགས་ཀྱི་དོན་ཡང༌། སངས་རྒྱས་པ་དང་གྲངས་ཅན་རྩོད་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྒྲ་ཙམ་ཞིག་གཉིས་ཀ་ལ་མཐུན་སྣང་དུ་གྲུབ། དབུ་མ་པ་དང་དངོས་སྨྲ་བ་རྩོད་པའི་ཚེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་མིག་ཙམ་མཐུན་སྣང་དུ་མ་གྲུབ་པའི་ཕྱིར། ཞེས་སོགས་རྒྱ་ཆེར་སྤྲོ་བར་བྱེད་མོད། དོན་དྲིལ་ན་འདི་ཙམ་ཞིག་ལས་མ་འདས། གཉིས་པ་སུན་ཕྱུང་བ་ལ་གཉིས་ཏེ། མཚུངས་པ་བསྒྲེ་བ་དང༌། དངོས་པོའི་ལན་ནོ། །དང་པོ་ནི་སངས་རྒྱས་པས་གྲངས་ཅན་པའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པར་ཐལ། རྒོལ་བ་གཉིས་ལ་ཆོས་ཅན་སྒྲ་དེ་ཚད་མ་ཅི་འདྲ་ཞིག་གིས་འགྲུབ་པའི་ཚུལ་གསུམ་མཐུན་སྣང་དུ་གྲུབ་པ་མི་སྲིད་པའི་ཕྱིར། གསུམ་ཆར་ཁས་བླངས་ཤིང་དེར་ཐལ། གྲངས་ཅན་གྱི་ལུགས་ལ་སྒྲ་དེ་རྟག་པའི་སྒྲ་ལ་ཚད་མར་སོང་བའི་ཚད་མ་དེས་གྲུབ། སངས་རྒྱས་པའི་ལུགས་ལ་སྒྲ་དེ་མི་རྟག་པའི་སྒྲ་ལ་ཚད་མར་སོང་བའི་ཚད་མ་དེའི་རྙེད་དོན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། དབུ་མ་རང་རྒྱུད་པས་དངོས་སྨྲ་བའི་ངོར་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པར་ཐལ། དེས་དེའི་ངོར་མིག་སོགས་བདག་ལས་མི་སྐྱེ་བར་སྒྲུབ་པའི་ཆོས་ཅན་མིག་སོགས་ཚད་མ་ཅི་ཞིག་གིས་འགྲུབ་ཚུལ་མཐུན་སྣང་དུ་མ་འགྲུབ་པའི་ཕྱིར། གསུམ་ཆར་ཁས་བླངས་ཤིང་དེར་ཐལ། རང་རྒྱུད་པའི་ལུགས་ལ་མིག་དེ་འཁྲུལ་པའི་ཚད་མའི་རྙེད་དོན་ཡིན། ཅིག་ཤོས་ཀྱི་ལུགས་ལ་མ་འཁྲུལ་བའི་ཚད་མའི་རྙེད་དོན་ཡིན་པར་འདོད་པའི་ཕྱིར། ཁས་བླངས་ཤིང་དེར་ཐལ། དེའི་ལུགས་ལ་མིག་དེ་བདེན་པར་མ་གྲུབ་ཀྱང་གྲུབ་པ་ལྟར་སྣང་བའི་ཚད་མ་འཁྲུལ་པའི་རྙེད་དོན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། གཟུགས་འཛིན་མིག་ཤེས་ཀྱང་ཐལ་རང་གཉིས་ཀའི་ལུགས་ལ་འཁྲུལ་མ་འཁྲུལ་མཚུངས་པས་ཐལ་འགྱུར་བ་དང་དངོས་སྨྲ་བ་གཉིས་ལ་ཆོས་ཅན་འགྲུབ་ཚུལ་མཐུན་སྣང་བ་ཡོད་པར་ཐལ། གཟུགས་འཛིན་མིག་ཤེས་གཟུགས་ལ་ཚད་མ་ཡིན་པར་གཉིས་ཀའི་ཚད་མས་གྲུབ་པའི་ཕྱིར། རྟགས་བསལ་ཁས་བླངས། དེ་ཙམ་གྱིས་མི་ཆོག་ན་མཐུན་སྣང་དུ་གྲུབ་པའི་ཤེས་བྱེད་ཇི་ལྟར་བཙལ། ཡང་རྟོག་གེའི་གཞུང་ལས་གཏན་ཚིགས་ལ་ཆོས་ཅན་དེ་ཚད་མས་གྲུབ་པར་མཐུན་དགོས་པར་བཤད་ཀྱི་ཚད་མ་ཇི་འདྲ་ཞིག་གིས་ཚུལ་ཇི་ལྟར་གྲུབ་པ་ཐམས་ཅད་མཐུན་དགོས་པར་མ་བཤད་ལ། དེ་ལྟར་ན་སུས་ཀྱང་སུའི་ཡང་ངོར། གཏན་ཚིགས་འགོད་པར་མི་ནུས་སོ། །ཁྱེད་ལྟར་ན་སེམས་ཙམ་པས་མདོ་སྡེ་པའི་ངོར། སྔོན་པོ་སྔོ་འཛིན་ཤེས་པའི་བདག་ཉིད་ཡིན་པར་སྒྲུབ་པ་སོགས་དང༌། སེམས་ཙམ་པས་གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིག་སོགས་འགོད་མི་ནུས་པར་ཐལ། དེའི་ཚེ་ཆོས་ཅན་མཐུན་སྣང་བ་མེད་པའི་ཕྱིར། དེར་ཐལ་རྣམ་རིག་ལུགས་ཀྱི་སྔོན་པོ་དང་སྒྲ་སོགས་འཁྲུལ་ཚད་ཀྱི་རྙེད་དོན་ཡིན། ཅིག་ཤོས་ཀྱི་ངོར་དེ་དག་མ་འཁྲུལ་པའི་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། གསུམ་ཆར། ཡང་ཤེས་བྱ་ཆོས་ཅན། སྦྱོར་བ་དེ་སྐོར་གྱི་ཚུལ་གསུམ་རྒོལ་ཕྱི་རྒོལ་གཉིས་ཀའི་ཚད་མས་ཀྱང་གྲུབ། ཚད་མ་ཇི་འདྲ་བ་ཞིག་གིས་འགྲུབ་ཚུལ་ཡང་མཐུན་སྣང་དུ་གྲུབ་ན། རྒོལ་བ་དེ་དག་གི་ལུགས་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚད་མས་གྲུབ་ཅིང་སྐབས་སུ་བབ་པའི་རྒོལ་ཕྱི་རྒོལ་གྱི་འགྲུབ་ཚུལ་ཐུན་མོང་བ་ཞིག་གིས་གྲུབ་པ་དེ། རང་རྒྱུད་ཀྱི་སྦྱོར་བའི་དོན་དུ་ཁྱེད་ཀྱིས་འདོད་པའི་ཕྱིར། འདོད་ན་དབུ་མ་ཐལ་འགྱུར་བ་ནང་ཕན་ཚུན་དུ་དུ་བས་ལ་མེ་ལྡན་དུ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པར་ཐལ། ཐལ་འགྱུར་བ་ནང་ཕན་ཚུན་དུ་དུ་བས་མེ་ལྡན་དུ་སྒྲུབ་པའི་ཚུལ་གསུམ་ཚད་མས་ཀྱང་གྲུབ། ཚད་མ་ཇི་འདྲ་བ་ཞིག་གིས་འགྲུབ་པའི་འགྲུབ་ཚུལ་ཡང་མཐུན་སྣང་དུ་གྲུབ་པའི་ཕྱིར། གསུམ་ཆར་མ་ཡིན་ནམ། དེ་མེད་ན། དངོས་སྨྲ་བ་ནང་ཕན་ཚུན་དུའང་དེ་མེད་པར་མཚུངས། ཡང་རང་རྒྱུད་ཀྱི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན། རང་གི་མཚན་ཉིད་ཀྱིས་གྲུབ་དགོས་པའི་རྒྱུ་མཚན་གྱིས་ཀྱང་ཐལ་འགྱུར་བས་ཁས་མི་ལེན་ནོ་ཞེས་ཀྱང་ཁྱེད་ཅག་གསུམ་པས་འོ་ན་ཚུལ་གསུམ་སྔར་རྒོལ་གྱིས་ཚད་མས་གྲུབ་པའི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་ན། དེ་དགོས་པར་ཁས་བླངས་ན་ཅི་འགོག འོ་ན་མྱུ་གུ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། གཅིག་དང་དུ་བྲལ་གྱི་རྟགས་ཡང་དག་གི་ཆོས་ཅན་ཡིན་པའི་ཕྱིར། ཅེ་ན། འོ་ན་མྱུ་གུ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། གཅིག་དང་དུ་བྲལ་གྱི་རང་རྒྱུད་ཀྱི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་ཤིང༌། དེར་ཐལ། དེ་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁོ་ན་རེ་འོ་ན་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་གཞི་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་ཡིན་དགོས་པའི་ཕྱིར། ཅེ་ན། འོ་ན་ཁྱེད་ལ་ཡང་བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས། མྱུ་གུ་བདེན་མེད་དུ་སྒྲུབ་པའི་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་མེད་པར་ཐལ་ལོ། །བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། སྔ་རྒོལ་གྱི་ཚད་མས་གྲུབ་པའི་ཆོས་ཅན་ཡོད་དགོས་པའི་ཕྱིར། འཁོར་གསུམ་མོ། །ད་ནི་འདི་དཔྱད་དགོས་ཏེ། དེ་ལྟ་ན་ཤེས་བྱ་ཆོས་ཅན། བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མས་མྱུ་གུ་གྲུབ་པར་ཐལ། ཚད་མ་དེས་བདེན་པའི་གཅིག་དང་དུ་བྲལ་དེ་ཆོས་ཅན་མྱུ་གུའི་སྟེང་དུ་ཕན་ཚུན་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་གྲུབ་པའི་ཕྱིར། འདོད་ན། མྱུ་གུ་བདེན་པའི་གཅིག་དང་དུ་བྲལ་དུ་ངེས་པའི་རིགས་ངོར་མྱུ་གུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན་མྱུ་གུ་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། ཁྱོད་རང་གི་གནས་ལུགས་དཔྱོད་པའི་རིགས་ཤེས་ཀྱི་ངོར་ཁྱོད་ཡོད་པའི་ཕྱིར། རིགས་ངོར་དེར་མྱུ་གུ་མེད་ཀྱང་སྤྱིར་མྱུ་གུ་འཇལ་བའི་ཚད་མ་རྒོལ་བ་གཉིས་ཀའི་རྒྱུད་ལ་ཡོད་པས་སྐྱོན་མེད་དོ་སྙམ་ན། འོ་ན་མྱུ་གུའི་བཏགས་དོན་ཚོལ་བར་བྱེད་པའི་གང་ཟག་དེའི་ངོར། མྱུ་གུ་ཡོད་པར་ཐལ། མྱུ་གུའི་བཏགས་དོན་ཚོལ་བའི་རིགས་ངོར་མྱུ་གུ་མེད་ཀྱང་སྤྱིར་གང་ཟག་དེའི་རྒྱུད་ལ་དེ་འཇལ་བའི་ཚད་མ་ཡོད་པའི་ཕྱིར། རྟགས་དངོས་འགལ། འདོད་ན། དེའི་ངོར་མྱུ་གུ་དེ་མྱུ་གུ་ཡིན་པར་ཐལ། དེའི་ཕྱིར། འདོད་ན་འོ་ན་དེའི་ངོར་མྱུ་གུ་དེ་མྱུ་གུ་ཞེས་པའི་ཐ་སྙད་བཏགས་པའི་བཏགས་དོན་ཡིན་པར་ཐལ་ལོ། །འདོད་ན་དེས་མྱུ་གུའི་བཏགས་དོན་རྙེད་པར་ཐལ་ལོ། །དེ་འདྲ་ཚོལ་བའི་གང་ཟག་དེའི་ངོར་མྱུ་གུ་དེ་མྱུ་གུའི་ཐ་སྙད་བཏགས་པའི་བཏགས་དོན་ཡིན། མྱུ་གུ་དེ་མྱུ་གུའི་བཏགས་དོན་ཚོལ་བའི་དུས་སུ་དེའི་ཚན་མས་རྙེད་པའི་ཕྱིར། འདོད་ན་མྱུ་གུ་ཆོས་ཅན། བདེན་པར་གྲུབ་པར་ཐལ། ཁྱོད་ཀྱི་བཏགས་དོན་བཙལ་ནས་རྙེད་པའི་ཕྱིར། གསུམ་ཆར་རོ། །མྱུ་གུའི་རང་བཞིན་སེམས་པའི་ཚེ། གང་ཟག་དེའི་རྒྱུད་ལ་མྱུ་གུ་འཇལ་བའི་ཚད་མས་གྲུབ་ན། ཚད་མ་དེ་ཐ་སྙད་པའི་ཚད་མ་ལས་འོས་མེད་པས་གང་ཟག་དེའི་རྒྱུད་ལ་མྱུ་གུ་གཉིས་སྣང་ནུབ་པའི་ཚུལ་གྱིས་འཇལ་བའི་ཚད་མ་དང༌། དེ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་འཇལ་བའི་ཚད་མ་གཉིས་ཅིག་ཆར་དུ་གྲུབ་པར་ཐལ་ལོ། །འདོད་ན་གང་ཟག་དེ་ཆོས་ཅན། ཤེས་བྱའི་སྒྲིབ་པ་སྤངས་པར་ཐལ། ཆོས་ཅན་གཅིག་གི་བདེན་པ་གཉིས་ཅིག་ཆར་དུ་འཇལ་བའི་ཚད་མ་རྒྱུད་ལྡན་ཡིན་པའི་ཕྱིར། གསུམ་ཆར་མ་ཡིན་ནམ། དེ་ལྟར་ན། ཁས་བླངས་པར་རིགས་པ་ཐ་སྙད་སེམས་པའི་ཚེ་རང་རྒྱུད་ཀྱི་རྟགས་ཡང་དག་ཁས་མི་ལེན་ལ། ཁས་བླང་བར་མི་རིགས་པ་དོན་དམ་དཔྱོད་པའི་རིགས་ངོར་དོན་དམ་དེ་ཉིད་ཀྱི་ཆོས་ཅན་ཚད་མས་གྲུབ་པར་ཁས་ལེན་པ་ནི། ཐལ་འགྱུར་བའི་ལུགས་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ། །གཉིས་པ་དངོས་པོའི་ལན་ལ། རང་རྒྱུད་ཀྱི་དོན་མི་འཐད་པར་བསྟན་པ་དང༌། གཞན་གྲགས་ཀྱི་དོན་མི་འཐད་པར་བསྟན་པ། དེ་ཚིག་གསལ་གྱི་དགོངས་པ་མ་ཡིན་པར་བསྟན་པའོ། །དང་པོ་ནི་རང་རྒྱུད་ཀྱི་དོན་དེ་ལྟར་བྱེད་དགོས་ཤེས་པ་ནི། ཁྱེད་ཅག་གི་འདོད་པ་ཁོ་ནས་བཏགས་པ་ཡིན་ཏེ། རང་རྒྱུད་སྨྲ་བ་གཞན་སུས་ཀྱང་དེ་ལྟར་མི་འདོད་པའི་ཕྱིར། དེ་ལྟར་ན་མདོ་སྡེ་པས་རྟག་དངོས་སྨྲ་བའི་ངོར། ནམ་མཁའ་དངོས་མེད་དུ་སྒྲུབ་པ་ལ་དོན་བྱེད་ནུས་སྟོང་རྟགས་སུ་བཀོད་པའི་ཚེ། མདོ་སྡེ་པས་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པར་ཐལ། མདོ་སྡེ་པས་དེ་དེ་སྒྲུབ་ཀྱི་རང་རྒྱུད་ཀྱི་རྟགས་ཡང་དག་ཏུ་འདོད་པའི་ཕྱིར། འདོད་ན། མདོ་སྡེ་པ་ཆོས་ཅན། ཁྱོད་ཀྱིས་ནམ་མཁའ་རྟག་དངོས་སུ་ཁས་ལེན་པར་ཐལ། དེ་རང་མཚན་དང་རྟག་པའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། མདོ་སྡེ་པའི་ལུགས་ལ་བུམ་པའི་དོན་སྤྱི་དེ་ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་ཐལ། དེའི་ལུགས་ལ་བུམ་པའི་དོན་སྤྱི་དེ་རང་རྒྱུད་ཀྱི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སོགས་དང་འགལ། དབུ་མ་རང་རྒྱུད་པའི་ལུགས་ཀྱིས་ཀྱང༌། མྱུ་གུ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། དེའི་ལུགས་ལ་དེ་རང་རྒྱུད་ཀྱི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན་དེའི་ལུགས་ཀྱིས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ་ལོ། །འདོད་ན། དབུ་མ་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པ་དང་འགལ་ལོ། །ཡང་དེའི་ལུགས་ཀྱི་གཟུགས་བརྙན་ཡང་རང་བཞིན་གྱིས་གྲུབ་པར་ཐལ། དེ་རང་རྒྱུད་ཀྱི་རྟགས་ཡང་དག་གི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཡང་གཟུགས་བརྙན་དང༌། སྨིག་རྒྱུ་ལ་སོགས་པ་དང་རྨི་ལམ་སོགས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། ཁོ་རང་རྣམས་བདེན་མེད་དུ་སྒྲུབ་པའི་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན་རང་རྒྱུད་པའི་ལུགས་ཀྱི་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན་རང་རྒྱུད་པས་གཞི་གྲུབ་ན་རང་བཞིན་གྱིས་གྲུབ་པས་ཁྱབ་པ་ཁས་བླངས་པར་འགྱུར་ཞིང༌། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ་ཞེས་སོགས་རང་རྒྱུད་པའི་གཞུང་ལུགས་མཐའ་དག་དང་འགལ་ལོ། །གཞན་ཡང་རང་རྒྱུད་ཀྱི་རྟགས་ཡང་དག་ཁས་ལེན་པའི་རང་སྡེ་རྣམས་ཀྱིས་གཞི་གྲུབ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་ཁས་ལེན་པར་ཐལ། སྐབས་སྟོབས་ཀྱི་རང་རྒྱུད་ཀྱི་རྟགས་ཡང་དག་གི རྟགས་ཆོས་དོན་གསུམ་གང་རུང་དུ་མི་འགྱུར་བའི་ཆོས་མེད་པར་ཁས་བླངས་པའི་ཕྱིར། དེས་ན་རང་རྒྱུད་ཀྱི་རྟགས་ཡང་དག་གི་རྩོད་གཞིའི་ཆོས་ཅན་དེ་རྒོལ་ཕྱི་རྒོལ་གཉིས་ཀས་ཡོད་པར་མཐུན་སྣང་དུ་གྲུབ་པ་ཙམ་ཞིག་དགོས་ཀྱི། དེ་འཇལ་བྱེད་ཀྱི་ཚད་མ་ཇི་ལྟ་བུ་ཡིན་པ་དང༌། དཔེ་ཇི་ལྟར་མཐུན་པའི་ཚུལ་དང༌། ཚད་མ་དེའི་མཚན་ཉིད་སོགས་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་དགོས་པར་འདོད་ན། སངས་རྒྱས་པ་དང༌། ཕྱི་རོལ་པ་གཉིས་ཕན་ཚུན་དུ། གཅིག་གིས་ཅིག་ཤོས་ལ་རང་རྒྱུད་ཀྱི་གཏན་ཚིགས་ཇི་ལྟར་འགོད་སོམས་ཤིག དབུ་མ་རང་རྒྱུད་པའི་གཞུང་ལས་ཀྱང༌། གཞུང་གིས་བསྐྱེད་པའི་བྱེ་བྲག་གི །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ནི། །ཞེས་དང༌། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །ཅེས་མཁས་པ་ནས་བྱིས་པའི་བར་ལ་གྲགས་པའི་དོན་གཅིག་ལ་ཆོས་ཅན་བཤད་ཀྱི། མཁས་པ་ནས་བྱིས་པའི་བར་ལ་ཚད་མ་ཇི་འདྲ་བ་ཞིག་གིས་འགྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་དང༌། དེ་ནས་དེའི་བར་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་གྲགས་པ་ཞིག་དགོས་པར་མ་བཤད་པའི་ཕྱིར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་གཞི་མ་གྲུབ་ཀྱི་སྟེང་ནས་རང་རྒྱུད་ཀྱི་གཏན་ཚིགས་བཤད་པའང་ཡོད་པས། དེའི་ཚེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་དམ། མཐུན་དཔེ་གཞི་མ་གྲུབ་ཀྱི་སྟེང་ནས་བཤད་པ་ཤིན་ཏུ་མང་བས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཇི་ལྟར་འདོད། གཉིས་པ་གཞན་གྲགས་ཀྱི་འདོད་ཚུལ་མི་འཐད་པར་བསྟན་པ་ནི། གཞན་གྲགས་ཀྱི་རྟགས་ཀྱི་དོན་རྒོལ་ཕྱི་རྒོལ་གཉིས་ཀའི་ཚད་མས་རྟགས་ཆོས་དོན་གསུམ་གྲུབ་པར་འདོད་པ་ནི། རིགས་པས་མི་འཐད་ཅིང༌། ཟླ་བའི་གཞུང་དང་འགལ་ཏེ། དེ་ཡང་ཚུལ་གསུམ་སྔ་རྒོལ་གྱི་ཚད་གྲུབ་ཏུ་བྱེད་ན། གཞན་གྲགས་ཀྱི་དོན་མེད་པའི་ཕྱིར་དང༌། ལེགས་ལྡན་འབྱེད་ཀྱིས་མིག་སོགས་རྣམས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་ཞེས་བརྗོད་པ་ལ་སྐྱོན་གང་བརྗོད་པ་ཐམས་ཅད་རང་གིས་ཀྱང་དེ་འདྲའི་རྟགས་ཀྱི་ཚུལ་གསུམ་ཚད་མས་གྲུབ་པར་ཁས་བླངས་པ་ལ། ཇི་ལྟ་བ་བཞིན་དུ་མཚུངས་པའི་ཕྱིར། ངེད་དོན་དམ་གྱི་ཁྱད་པར་མི་སྦྱོར་རོ་སྙམ་ན། དེ་ལྟར་ཁས་བླངས་འགལ་ཏེ། དེ་ཕྱིར་དངོས་པོ་བདག་ལས་བྱུང་ཞེས་རབ་ཏུ་བཏགས་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །ཞེས་པ་འདི་ཟླ་བས་ཀྱང་བདག་སྐྱེ་འགོག་པའི་ཚེ་དོན་དམ་ཞེས་པའི་ཁྱད་པར་སྦྱོར་བའི་ཤེས་བྱེད་དུ་ཁྱེད་རང་གིས་གསུངས་པའི་ཕྱིར། འོ་ན་ཅི་ལྟར་མཚུངས་ཤེ་ན། ཚིག་གསལ་ཉིད་ལས་ཇི་ལྟར་གསུངས་པའི་དོན། ཁྱེད་རང་གིས་ཇི་ལྟར་འདོད་པ་བཞིན་དུ་ཀློག་པར་བྱ་སྟེ། དོན་དམ་ཞེས་པའི་ཁྱད་པར་ཅིའི་ཕྱིར་བཀོད་པ་ཡིན། གལ་ཏེ་དབུ་མ་པས་ཐ་སྙད་དུ་ཁས་བླངས་པས་དོན་དམ་པར་ཞེས་སྨོས་པ་ནི་མི་འཐད་དེ། དབུ་མ་པས་ཐ་སྙད་དུ་ཡང་བདག་སྐྱེ་མི་འདོད་པའི་ཕྱིར། གྲངས་ཅན་གྱིས་དོན་དམ་པར་བདག་སྐྱེ་འདོད་པས། ཁྱད་པར་སྨོས་པ་ཡིན་ན་ནི་མི་འཐད་དེ། གྲངས་ཅན་གྱི་ལུགས་དེ་བདེན་པ་གཉིས་ཆར་ལས་ཉམས་པས། བདེན་པ་གཉིས་ཆར་དུ་བདག་སྐྱེ་འགོག་པར་སྟོན་པའི་ཕྱིར། ཁོ་བོ་ཅག་བདེན་པ་གཉིས་ཆར་དུ་འགོག་གོ་སྙམ་ན། ལེགས་ལྡན་འབྱེད་ཀྱིས་སྨྲས་པ། ཁོ་བོ་ཅག་ཀྱང་འགོག་གོ །འོ་ན་དོན་དམ་གྱི་ཁྱད་པར་སྨོས་པ་མི་འཐད་དོ་སྙམ་ན། ཁྱེད་ལའང་མཚུངས་སོ། །གཞན་ཡང་དོན་དམ་པའི་མིག་སོགས་ཆོས་ཅན་དུ་འཛིན་པ་ཡིན་ནམ། ཀུན་རྫོབ་ཀྱི་མིག་སོགས་ཆོས་ཅན་དུ་འཛིན་པ་ཡིན། དང་པོ་ལྟར། ཆོས་ཅན་སྔ་རྒོལ་གྱི་ཚད་མས་གྲུབ་པ་ཉམས། གཉིས་པ་ལྟར་ན་ཕྱི་རྒོལ་གྱི་ཚད་མས་གྲུབ་པ་ཉམས། ཅི་སྟེ་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། སྒྲའི་སྤྱི་ཙམ་འཛིན་པ་བཞིན་དུ། འདིར་ཡང་མིག་སོགས་ཀྱི་སྤྱི་ཙམ་འཛིན་པ་ཡིན་ནོ་ཞེ་ན། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །མི་འདྲ་བའི་ཚུལ་ཡང༌། ཁྱེད་རང་ལྟར་ན། དཔེའི་སྐབས་སུ་སྒྲ་ཙམ་རང་གི་མཚན་ཉིད་ཀྱིས་གྲུབ་པར་མཐུན། དོན་གྱི་སྐབས་སུ་མིག་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཅིག་རྒོལ་བ་གཉིས་ཀའི་ཚད་མས་མ་གྲུབ་པའི་ཕྱིར། ངེད་ལྟར་ན་དཔེ་ནི་ཐ་སྙད་ཀྱི་སྐབས་ཡིན། འདི་ནི་དོན་གྱི་སྐབས་ཡིན་པའི་ཕྱིར། འཁོར་གསུམ་རྒྱུད་མར་ཁས་བླངས་སོ། །ངེད་ཀྱིས་ཟླ་བའི་དགོངས་པ་འཆད་པ་ན་ཉེས་པ་འདི་མི་མཚུངས་ཏེ། ཟླ་བའི་ཞབས་ཀྱིས་མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་འགོད་ཀྱི་དོན་དམ་ཞེས་མི་སྦྱོར་ལ། དེ་ལྟར་བཀོད་པ་འདི་ཡང་གཞན་གྲགས་ཡིན་གྱི། འདིའི་ཚུལ་གསུམ་རང་གི་ཚད་མས་གྲུབ་པར་ཁས་མི་ལེན་པའི་ཕྱིར། གཞན་གྲགས་ཀྱི་ཚུལ་གསུམ་སྔ་རྒོལ་གྱིས་ཀྱང་ཁས་ལེན་པར་འདོད་པ་ནི། ཚིགས་གསལ་ཉིད་དང་འགལ་ཏེ། ཚིག་གསལ་དུ་གཞན་གྲགས་དང་རང་རྒྱུད་མཚུངས་པར་རྩོད་པ་སྤོང་བའི་སྐབས་སུ། ལེགས་ལྡན་འབྱེད་ཀྱིས་མིག་སོགས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན། ཞེས་བཀོད་པ་ལ་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་ལ་བརྟགས་ནས་མ་ངེས་པ་དང༌། མ་གྲུབ་པའི་སྐྱོན་བརྗོད་པ་ཐམས་ཅད། སངས་རྒྱས་བསྐྱངས་ཀྱིས། མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་ཞེས་བཀོད་པ་འདི་ལའང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། རང་རྒྱུད་ལ་ཚུལ་གསུམ་སྔ་རྒོལ་གྱི་ཚད་མས་གྲུབ་དགོས་ལ། གཞན་གྲགས་ལ་ཕྱི་རྒོལ་གཞན་ལ་གྲགས་པ་ཙམ་གྱིས་ཆོག་པའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས་ནས། བརྗོད་པར་བྱ་སྟེ། ཞེས་པ་ནས་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་བཤད་པའི་སྐྱོན་འཇུག་པ་ག་ལ་ཡོད་ཅེས་གསུངས། འོ་ན་ཅི་རྒོལ་བ་གཉིས་ཀ་ལ་མ་གྲུབ་གང་རུང་རེ་ལ་གྲུབ་པའི་རྗེས་དཔག་གིས་གཞན་གྱིས་དམ་བཅའ་ལ་གནོད་པ་ཡོད་དམ་ཞེ་ན། ཡོད་དེ་དེ་ཡང་རྒོལ་བ་རང་ལ་གྲུབ་པའི་དམ་བཅའ་ལྟར་སྣང་གིས། རང་ལ་གྲུབ་པའི་དམ་བཅའ་ལྟར་སྣང་གི་དོན་ལ་གནོད་པ་ཡིན་གྱི། རང་ལ་མ་གྲུབ་པར་གཞན་སུན་འབྱིན་པ་པོ་ལ་གྲུབ་པ་ཙམ་གྱིས་གནོད་པ་མ་ཡིན་ཏེ། དེ་ལྟར་འཇིག་རྟེན་ན་མཐོང་བ་ཡིན་པའི་ཕྱིར། དེ་ཡང་འདི་ལྟར་འཇིག་རྟེན་ན་རེས་འགའ་ནི་དཔང་པོས་ཤན་འབྱེད་པའི་ཚིག་གིས་རྒྱལ་ཕམ་དུ་འགྱུར་ཏེ། ཚིག་དེ་རྒོལ་བ་གཉིས་ཀས་ཚད་མར་བྱས་པའི་ཕྱིར། རེས་འགའ་ནི་རང་ཉིད་ཕམ་པར་ཁས་བླངས་པའི་ཚིག་གིས་རྒྱལ་ཕམ་དུ་འགྱུར་གྱི། རྩོད་པའི་ཚིག་ནམ་ཡང་འགྱུར་བ་མ་ཡིན་ནོ། །འཇིག་རྟེན་ན་དེ་གཉིས་ཡིན་མོད། བསྟན་བཅོས་སུ་དེ་ལྟ་མ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། འཇིག་རྟེན་གྲགས་པ་ཁོ་ན་བསྟན་བཅོས་སུ་ཡང་གཏན་ལ་འབེབས་པ་སྐབས་སུ་བབ་པའི་ཕྱིར། དེ་ཡང་ལོ་ཀ་ན་མ་གྲགས་པའི་རིགས་པ་བསྟན་པས་སུ་ཡང་ཡིད་ཆེས་པར་མི་འགྱུར་བའི་ཕྱིར། དེས་ན་སློབ་དཔོན་དབྱིག་གཉེན་གྱིས། གཞན་ལ་གྲགས་ཙམ་གྱིས་ནི་གཞན་ལ་གནོད་པ་མ་ཡིན་ཏེ། གཞན་ལ་གྲགས་པ་ཉིད་དགག་པའི་སྐབས་ཡིན་པའི་ཕྱིར། ཞེས་དང༌། སློབ་དཔོན་ཕྱོགས་གླང་གིས་རྒོལ་ཕྱི་རྒོལ་གཉིས་ལ་ངེས་པའི་དོན་ཁོ་ན་རང་གི་ཕྱོགས་བསྒྲུབ་པའམ། གང་རུང་རེ་རེ་ཁོ་ན་ལ་གྲུབ་པ་ནམ་ཡང་མ་ཡིན་ནོ། །སྙམ་དུ་སེམས་པ་དེས་ཀྱང༌། རང་ལ་གྲུབ་པ་ཁོ་ན་གནོད་སྒྲུབ་ཀྱིས་ཡན་ལག་ཏུ་ཁས་བླངས་དགོས་ཏེ། འཇིག་རྟེན་གྱི་རྣམ་པར་གཞག་པ་ལ། དེ་ལྟར་གྲགས་ཤིང་གྲགས་པ་ལྟར་རིགས་པའི་བསྟན་བཅོས་སུ་ཡང་སྐབས་སུ་བབ་པའི་ཕྱིར། ཞེས་སོགས་རྩོད་ལན་རྒྱ་ཆེར་གསུངས་པ་དག་ལས། གཞན་གྲགས་ཀྱི་ཧེ་ཏུ་ཞེས་པ་ཚུལ་གསུམ་སྔ་རྒོལ་གྱིས་ཚད་མས་གྲུབ་པ་གསལ་བར་བཀག་པའི་ཕྱིར། དེ་ལྟར་ན་ཚུལ་གསུམ་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པ་ཙམ་གཞན་གྲགས་ཡིན་ན། རྟོག་གེ་པས་རང་རྒྱུད་དུ་འདོད་པ་ཐམས་ཅད་གཞན་གྲགས་སུ་ཐལ་བ་བཟློག་ཏུ་མེད་དོ། །གསུམ་པ་རང་རྒྱུད་འགོག་པའི་གཞུང་གི་དགོངས་པ་མ་ཡིན་པར་བསྟན་པ་ལ། སྤྱིར་རང་རྒྱུད་འགོག་པ་གཞུང་གི་དགོངས་པ་མ་ཡིན་ཏེ། ཡིན་ན་དཔེའི་སྐབས་སུ་རང་རྒྱུད་མི་འཐད་དེ་ཞེས་དགག་དགོས་པ་ལས། དཔེའི་སྐབས་སུ་མ་བཀག་པར་དེ་ཚད་མས་གྲུབ་པར་བྱས་ནས་དཔེ་དོན་མི་མཚུངས་པའི་ལན་མཛད་པའི་ཕྱིར་དང༌། རྟོག་གེའི་འདི་ན་ཞེས་སོགས་མཐའ་བཞིའི་སྐྱེ་བ་འགོག་པ་ལྟ་བུ་དོན་དམ་ལ་དཔྱོད་པའི་ཚེ། རང་རྒྱུད་ཀྱི་སྦྱོར་བ་འགོད་པ་ལ་བརྗོད་པར་མཛད་ཀྱི་ཐ་སྙད་ཀྱི་ཚེ་མ་ཡིན་ཞེས་དཔེ་དོན་མི་མཚུངས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་དང༌། འགྲེལ་པར་རང་རྒྱུད་དང་གཞན་གྲགས་ཀྱི་ཁྱད་པར་འབྱེད་པ་ནའང༌། ཁྱེད་ལྟར་ཆོས་ཅན་རང་གི་མཚན་ཉིད་ཀྱི་གྲུབ་མ་གྲུབ་ཀྱི་ཁྱད་པར་འགལ་ཙམ་ཡང་མ་གསུངས་པར། ཚུལ་གསུམ་རྒོལ་བ་གཉིས་ཀའི་ལུགས་ཀྱིས་གྲུབ་པ་དང༌། ཕྱི་རྒོལ་ཁོ་ནས་གྲུབ་པའི་ཁྱད་པར་ཙམ་ཞིག་གསུངས་པའི་ཕྱིར་དང༌། རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཅན་སོགས་རྒྱུ་མཚན་དུ་བྱས་ནས་རང་རྒྱུད་ཀྱི་རྟགས་ཁས་བླངས་པ་མ་ཡིན་གྱི། དོན་དམ་དཔྱོད་པའི་རང་རྒྱུད་ཀྱི་རྟགས་ཁས་བླངས་ན། རང་བཞིན་གྱིས་གྲུབ་པ་དང་རིགས་པས་དཔྱད་བཟོད་དུ་ཐལ་བར་འགྱུར་བ་ཟླ་བའི་ཞབས་ཀྱིས་འཕེན་པར་མཛད་པ་ཙམ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་སྤྱིར་སྦྱོར་ངག་ཡང་དག་ཀྱང་མི་བཞེད་པར་འགྱུར་ཏེ། ཚིག་གསལ་ལས། འོན་ཏེ་སྦྱོར་བའི་ངག་རྒྱས་པ་བརྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ། །ཞེ་ན་དེ་ཡང་ཡོད་པ་མ་ཡིན་ཏེ། རྩོད་བཟློག་གི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར། ཞེས་དང༌། སློབ་དཔོན་གྱི་ངག་རྣམས་ནི་དོན་གྱི་ངག་ཡིན་ཞིང༌། དོན་ཆེན་པོ་ཉིད་ཡིན་པས་སྦྱོར་བ་དུ་མའི་རྒྱུ་ཉིད་དུ་རྟོག་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དག་ཀྱང་ཅིའི་ཕྱིར་དེ་ལྟར་ཡོངས་སུ་མི་རྟོག་ཅེས་གསུངས་པའི་ཕྱིར་རོ། །རང་རྒྱུད་འགོག་པར་འདོད་པའི་གཞུང་གི་འབྲུ་གཉེར་བ་རྣམས་ཀྱང་ཤིན་དུ་བཀྱོགས་ནས་མི་འགྲིག་བཞིན་དུ་བསྒྲིགས་པས་བླུན་པོ་དག་ལ་འགྲིག་པར་འགྱུར་གྱི། དཔྱོད་ལྡན་དག་མགུ་བར་མི་འགྱུར་རོ། །དེ་ཡང་འཆད་པར་འགྱུར་ཏེ། རང་གི་འདོད་པ་བརྗོད་པ་ལ་གཉིས་ཏེ། དམ་བཅའ་བཞག་པ་དང༌། ཟླ་བའི་དགོངས་པར་སྦྱར་བའོ། །དང་པོ་ནི་ཐ་སྙད་ཀྱི་སྐབས་སུ་རང་ཕྱོགས་བསྒྲུབ་པ་དང༌། གཞན་ཕྱོགས་སུན་འབྱིན་པའི་སྒྲུབ་ངག་མང་དུ་གསུངས་ཤིང༌། དེའི་ཚུལ་དང་རྩོད་གཞི་སོགས་ཚད་སྒྲུབ་ཏུ་མཛད་པའི་ཕྱིར། དོན་དམ་ལ་དཔྱོད་པའི་སྐབས་སུ་ནི། སྦྱོར་བའི་ངག་མང་དུ་གསུངས་པ་ཐམས་ཅད་ཀྱང༌། གཞན་གྲགས་ཁོ་ན་ཡིན་ཞིང་དེའི་ཚུལ་གསུམ་ཚད་སྒྲུབ་ཏུ་མི་མཛད་དོ། །མཛད་ན་སྐྱོན་ཅི་ཡོད་ཅེ་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། དོན་དམ་བདེན་པ་ཉིད་དཔྱད་བཟོད་དུ་ཐལ་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི་ཐ་སྙད་ཀྱི་སྐབས་སུ་གཞན་གྲགས་ནི་ཤིན་ཏུ་མང་མོད་རང་རྒྱུད་ཀྱང་བཞེད་དེ། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱས་ཏེ། །ཞེས་དང༌། དེའི་རིགས་པས། རྫོགས་སངས་རྒྱས་པ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་ཞེས་དང༌། །འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག ཤེས་བྱའི་རང་བཞིན་དམ་པའི་དོན་ནི་སོགས་དང༌། །ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག །ཅེས་སོགས་ཇི་ལྟར་སྦྱར་བའི་ཚུལ་དང༌། རྟགས་ཕྱོགས་ཆོས་གྲུབ་པའི་ཚུལ་དང༌། དཔེ་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བའི་ཚུལ་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །ཐ་སྙད་ཀྱི་སྐབས་སུ་རང་རྒྱུད་ཁས་བླངས་ཀྱང་རིགས་པས་དཔྱད་བཟོད་དུ་ཐལ་བར་མི་འགྱུར་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་སྐབས་མ་ཡིན་པའི་ཕྱིར། ཅི་སྟེ་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་ཡོད་ན་རིགས་པས་དཔྱད་བཟོད་དུ་ཐལ་བར་བྱེད་ནུས་སམ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་དོན་དམ་བདེན་པ་མ་ལུས་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །རང་རང་གི་གནས་ཚུལ་སྤྱོད་པའི་ངོར་ཡོད་ན་རིགས་པས་དཔྱད་བཟོད་དུ་ཐལ་བར་འགྱུར་ཏེ། དེ་ལྟར་ན་ཐ་སྙད་བཏགས་པའི་བཏགས་དོན་བཙལ་པས་རྙེད་པར་སོང་བའི་ཕྱིར། དཔེར་ན་ཤིང་རྟ་བཏགས་དོན་རྣམ་པ་བདུན་གྱི་རིགས་ངོར་ཤིང་རྟ་ཡོད་པར་ཚད་མས་མ་གྲུབ་པ་བཞིན་ནོ། །ཆོས་ཉིད་ཀྱང་རིགས་ངོར་ཡོད་མོད། རང་གི་རང་བཞིན་སེམས་པའི་རིགས་ངོར་ཡོད་པ་མ་ཡིན་ནོ། །དེ་ཡང་མྱུ་གུ་མཐར་ཐུག་དཔྱོད་པའི་རིགས་ངོར་མྱུ་གུའི་ཆོས་ཉིད་ཡོད་དེ་དེས་དེ་རྙེད་པའི་ཕྱིར། རྙེད་པའི་དོན་ཡང་མྱུ་གུ་བདེན་པའི་གཅིག་དང་དུ་མ་སོགས་གང་དུའང་མ་རྙེད་པ་དེ་ལ་བྱེད་པ་ཡིན་ནོ། །མྱུ་གུའི་ཆོས་ཉིད་དེ་ཉིད་བདེན་པར་གྲུབ་མ་གྲུབ་དཔྱོད་པའི་རིགས་ངོར་ནི། དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ཡིན་ན་སྟོང་ཉིད་བདེན་གྲུབ་ཏུ་ཐལ་བའི་ཕྱིར་རོ། །དེ་ལ་དགོངས་ནས། སྟོང་པ་ཉིད་ནི་དེས་སྟོང་པ། །སྟོང་ཉིད་སྟོང་ཉིད་དུ་འདོད་དོ། །ཞེས་གསུངས་པ་ཡིན་ནོ། །ཡོད་མིན་མེད་མིན་ཞེས་སོགས་ལ། ཕྱི་མ་དག་བཞད་གད་དུ་མཛད་པ་དེ་ཡང་འདིར་འབྱུང་བ་ཡིན་ནོ། །རིགས་ངོ་དེར་ཆོས་ཅན་དེ་ཡོད་པར་ཚད་མས་མ་གྲུབ་མོད། རིགས་ངོ་དེར་ཆོས་ཅན་གང་ཡིན་པ་མེད་པར་བཞག་མི་ནུས་པས། ཡོད་མིན་མེད་མིན་གཉིས་མིན་གཉིས་ཀ་མིན་པའང་མིན་པར་གསུངས་མོད། སྤྱིར་ཡོད་པའང་མིན་མེད་པའང་མིན་ཞེས་མི་གསུང་ངོ༌། །འོན་ཀྱང་བླུན་པོ་དག་གིས་གྲུབ་མཐའ་སྐྱོང་མ་ཤེས་པ་ལ་བརྟེན་ནས་བཞད་གད་ཀྱི་གནས་སུ་འགྱུར་རོ། །དོན་འདི་དག་ལ་དགོངས་ནས། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་དང༌། ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པ། །དགྲ་བཅོམ་རྣམས་ལ་ཞེས་དང༌། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་འགྲེལ་པ་དང་སྦྱར་ན། ལེགས་ལྡན་འབྱེད་ཀྱིས་དགག་བྱ་སྦྱོར་ཚུལ་ལ་སྐྱོན་བརྗོད་པ་ནི། དོན་དམ་པ་ཞེས་བྱ་བའི་ཁྱད་པར་ཅིའི་ཕྱིར་སྨོས་ཞེས་སོགས་སོ། །ཆོས་ཅན་ཚད་སྒྲུབ་ཏུ་བྱས་པ་ལ་སྐྱོན་བརྗོད་པ་ནི་མིག་སོགས་ཀྱི་རང་བཞིན་སེམས་པའི་ཚེ་དེ་ཡོད་ན། ཀུན་རྫོབ་ཏུ་ཡོད་དམ། དོན་དམ་དུ་ཡོད། ཕྱི་མ་མི་རིགས་པས། དེ་ལྟ་ན་ཀུན་རྫོབ་པའི་མ་རིག་པ་སོགས་ཆོས་ཅན་དུ་སོང་བས་ཕྱི་རྒོལ་ལ་མ་གྲུབ་པས་ཆོས་ཅན་མ་གྲུབ་པའི་ཕྱིར། ཁོ་ན་རེ་ཀུན་རྫོབ་ཏུ་མིག་སོགས་ཡོད་པ་དེ། ཀུན་རྫོབ་སྒྱུ་མ་ལྟ་བུའི་མིག་སོགས་ཡོད་པ་ཡིན་མོད། ཆོས་ཅན་དུ་འཛིན་པ་ཀུན་རྫོབ་དང་དོན་དམ་གྱི་ཁྱད་པར་མ་སྦྱར་བའི་མིག་སོགས་ཙམ་ཅིག་འཛིན་པ་ཡིན་ཏེ། དཔེར་ན་སངས་རྒྱས་པས་གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་དེ་ལྟར་བསྒྲུབ་པའི་རིགས་ངོར་སྒྲ་དེ་མ་རྟག་པར་ཡོད་ཀྱང་ཆོས་ཅན་དུ་སྒྲའི་དོན་སྤྱི་ཙམ་ཞིག་འཛིན་པ་བཞིན་ནོ། །ཞེ་ན་དེའི་ལན་ལ་དོན་མི་འཐད་པར་བསྟན་པ་དང༌། དཔེ་དོན་མི་མཚུངས་པར་བསྟན་པ་གཉིས། དང་པོ་ལ་ཁས་བླངས་འགལ་བར་བསྟན་པ། རིགས་པ་དང་འགལ་བ་བསྟན་པའོ། །དང་པོ་ནི་མིག་སོགས་ཀྱི་མཐར་ཐུག་དཔྱོད་པའི་ཚེ། ཆོས་ཅན་མིག་སོགས་མི་རྙེད་པར་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་ཏེ། དེའི་ཚེ་མིག་སོགས་ཡོད་ན་དེ་སྐྱེ་དགོས་ལ། མིག་སོགས་ཀྱི་སྟེང་ན་མཐའ་བཞིའི་སྐྱེ་བ་འགོག་པའི་ཚེ་ཡང་མིག་སོགས་ཡོད་ན་རང་བཞིན་གྱིས་སྐྱེ་བར་འགྱུར་བས། རང་བཞིན་གྱི་སྐྱེ་བ་མེད་པ་བསྒྲུབ་བྱའི་ཆོས་སུ་བྱེད་པ་དང་འགལ་བའི་ཕྱིར། རིགས་པས་ཀྱང་མི་འཐད་དེ། ཆོས་ཅན་མིག་སོགས་ཀུན་རྫོབ་པ་རྣམས་ཡོད་དོ་ཞེས་འཇོག་པ་ནི། དེའི་རང་བཞིན་ལ་སྒྲིབ་པར་བྱེད་པའི་བློ་ཕྱིན་ཅི་ལོག་དེའི་ངོར་ཡོད་པར་འཇོག་པ་ཡིན་གྱི། ཆོས་ཅན་དེའི་རང་བཞིན་མཐོང་བ་ལ་སྒྲིབ་བྱེད་བསལ་ནས་ཆོས་ཅན་དེའི་རང་བཞིན་མཐོང་བའི་ཕྱིན་ཅི་མ་ལོག་པའི་ཤེས་པ་སྐྱེས་པའི་ཚེ་ཕྱིན་ཅི་ལོག་གི་ཤེས་པ་ལ་སྣང་བའི་དོན་དེའི་སྣང་བ་མི་འཆར་བའི་ཕྱིར། དཔེར་ན་རབ་རིབ་མ་བསལ་བ་དེ་སྲིད་དུ་སྐྲ་ཤད་དུ་སྣང་ལ། རབ་རིབ་བསལ་ན་སྐྲ་ཤད་དུ་སྣང་བ་དེ་མི་བདེན་པར་མཐོང་བ་ན་སྐྲ་ཤད་ཀྱི་སྣང་བ་ཟློག་པ་བཞིན་ནོ། །མདོར་ན་ཕྱིན་ཅི་མ་ལོག་པ་དོན་དམ་ལ་དཔྱོད་པའི་སྐབས་སུ་ཕྱིན་ཅི་ལོག་ཀུན་རྫོབ་པའི་ཆོས་ཅན་སྔ་རྒོལ་གྱི་ཚད་མས་མ་གྲུབ་སྟེ། ཕྱིན་ཅི་ལོག་གི་ཤེས་པ་དང༌། ཕྱིན་ཅི་མ་ལོག་པའི་ཤེས་པ་གཉིས་ཀྱི་སྣང་ཚུལ་ཐ་དད་པ་དེ་འགལ་བའི་ཕྱིར། གཉིས་པ་དཔེ་དོན་མི་མཚུངས་པར་བསྟན་པ་ནི་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། སྒྲའི་སྤྱི་ཙམ་ཆོས་ཅན་དུ་འཛིན་པ་དང༌། འདི་མི་མཚུངས་ཏེ། དེ་ནི་ཐ་སྙད་ཀྱི་སྐབས་ཡིན་པས་རྒོལ་ཕྱི་རྒོལ་གཉིས་ཀའི་བློ་ཀུན་རྫོབ་པ་ཕྱིན་ཅི་ལོག་དེའི་ངོར་སྒྲ་ཙམ་དང༌། བྱས་པ་ཙམ་དང་མི་རྟག་པ་ཙམ་སོགས་ཀུན་རྫོབ་ཀྱི་སྣང་བ་ཚད་མས་གྲུབ་ལ། འདིར་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཚིག་གསལ་ལས་ཇི་ལྟར་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་ཆོས་ཅན་གཉིས་ཀྱི་སྤྱི་ཉིད་བཟུང་བ་ཡིན་གྱི། ཁྱད་པར་ནི་མ་ཡིན་ཏེ་ཞེས་པ་ནས་འདིར་ཡང་ཁྱད་པར་དོར་བའི་སྤྱི་ཙམ་ཞིག་འཛིན་པར་འགྱུར་རོ། །ཞེ་ན། ཞེས་བཀོད་ནས་དེ་སུན་འབྱིན་པ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་སྐྱེ་བ་བཀག་པའི་སྒྲུབ་བྱེད་ཀྱི་ཆོས་སུ་འདོད་པ་དེའི་ཚེ། དེ་ཁོ་ན་ལྟར་དེའི་རྟེན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་འདི་ནི་ཉམས་པར་འགྱུར་བ་འདི་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཕྱིན་ཅི་ལོག་པ་དང་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་རབ་རིབ་ཅན་གྱི་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ། ཡོད་པར་གྱུར་པའི་དོན་གྱི་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་མ་ཡིན་པར་སྒྲོ་མི་འདོགས་པ་དེའི་ཚེ་ཡང༌། གང་གིས་ན་དེའི་ཚེ་ཡང་ཀུན་རྫོབ་ཏུ་གྱུར་པ་ཡོད་པ་མ་ཡིན་པར་གྱུར་པའི་དོན་གྱི་ཆ་ཙམ་ཡང་དམིགས་པར་གྱུར་པ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་མངའ་ནས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱི་འགའ་ཞིག་དམིགས་པ་ནི། །བསྒྲུབ་པའམ་ཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་ཏེ། གང་གི་ཕྱིར་དེ་ལྟར་ན་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པ་དེའི་ཕྱིར། ཕྱིན་ཅི་མ་ལོག་པའི་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར། གང་ཟག་གི་ཆོས་ཅན་ཉིད་དུ་གྱུར་པའི་མིག་སོགས་ཀུན་རྫོབ་པ་ག་ལ་ཡོད། དེའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང༌། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ལོག་པ་ཉིད་པས་འདི་ལ་མ་ཡིན་ནོ་ཞེས་གསུངས་པ་དང༌། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་དང༌། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ཏེ། དེར་ནི་སྒྲའི་སྤྱི་དང་མི་རྟག་པའི་སྤྱི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡང་ཡོད་ན། དེ་བཞིན་དུ་མིག་གི་སྤྱི་ནི་སྟོང་པ་ཉིད་དང༌། སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་ལ་དོན་དམ་པར་ཡང་མ་ཡིན་པས་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། གཞུང་འདིའི་དོན་ཡང་འདི་ཁོ་ན་ལྟར་གནས་ཀྱི། ཁྱེད་ཀྱིས་བཤད་པ་ལྟར་ཤེས་འདོད་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པས། གཞི་མ་གྲུབ་པའི་ཕྱོགས་སྐྱོན་དང༌། རྟགས་སྐྱོན་འབྱུང་བའི་འབྲེལ་གང་ཡིན། དེ་ལྟར་ན་ཚུལ་གསུམ་ཚད་མས་གྲུབ་པའི་གཏན་ཚིགས་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར། དཔེ་ལ་ཡང་འདྲ་བ་ཡོད་པར་ཐལ། དཔེ་དོན་གཉིས་ཀ་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་པར་མཚུངས་པའི་ཕྱིར། ཁྱེད་ཀྱིས་ནི་གཏན་ཚིགས་འདི་ཡང་རྣམ་རྟོག་གཏིང་མ་ཚུགས་པར་བཤད་དེ། འགྲེལ་པ་འདིའི་མདོར་བསྟན་འཆད་པ་ན། ཆོས་ཅན་ཀུན་རྫོབ་པ་གཅིག་སྣང་བའི་ཤེས་པ་གཅིག་པོ་ཉིད་ལ་དབུ་མ་པས་ཕྱིན་ཅི་ལོག་གི་ཤེས་པར་འདོད། དངོས་སྨྲ་བས་ཕྱིན་ཅི་མ་ལོག་པའི་ཤེས་པར་ཁས་ལེན་པས། དེ་འདྲའི་ཕྱིན་ཅི་ལོག་མ་ལོག་གི་ཤེས་པས་རྙེད་དོན་གཉིས་ཕན་ཚུན་སྤང་འགལ་ཡིན་པའི་ཕྱིར། ཞེས་འབྲུ་མནན་ནས་རྒྱས་བཤད་དུ་ཕྱིན་ཅི་ལོག་པ་དང་མ་ལོག་པའི་ཤེས་པ་མ་རིག་པའི་བསླད་པ་ཡོད་མེད་ལ་བཤད་ནས། ཕྱིན་ཅི་ལོག་གི་ཤེས་པས་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་རྙེད་པའི་ཤེས་བྱེད་དུ། ཕྱིན་ཅི་མ་ལོག་པའི་ཤེས་པས་དེ་ལྟར་མི་རྙེད་པའི་ཕྱིར། ཞེས་འབྲུ་མནན། དོན་བསྡུའི་ཕྱིན་ཅི་ལོག་མ་ལོག་གི་ཤེས་པ་གཉིས་པོའི་རྙེད་དོན་ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་གཟིགས་ངོར་ཕྱིན་ཅི་ལོག་གི་རྙེད་དོན་མེད་ལ། དེ་མེད་པའི་ཕྱིར་ཆོས་ཅན་མཐུན་སྣང་བ་མེད་ཅེས་སྙོན་མི་ནུས་པར་བྲིས་ཡོད་དོ་ཧེ་ཧེ། རིམ་པ་ལྟར་མྱུ་གུ་གཅིག་ཉིད་དབུ་མ་པ་དང༌། དངོས་སྨྲ་བ་གཉིས་ཀྱི་མཐུན་སྣང་དུ་མ་གྲུབ་པར་ཐལ། མྱུ་གུ་དེ་དབུ་མ་པས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད། ཅིག་ཤོས་ཀྱིས་དེར་གྲུབ་པར་འདོད། དེ་གཉིས་ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། གཉིས་པ་ལ་ཕྱིན་ཅི་ལོག་མ་ལོག་གི་ཤེས་པ་གཉིས་ཀྱི་རྙེད་དོན་ཕན་ཚུན་སྤངས་འགལ་མ་ཡིན་པར་ཐལ། དེ་གཉིས་ཀས་རང་གི་མཚན་ཉིད་ཀྱིས། མ་གྲུབ་པའི་དོན་ཉིད་རྙེད་པར་མཚུངས་པའི་ཕྱིར། རྟགས་བསལ་དངོས་འགལ། གསུམ་པ་ལ། དབུ་མ་ཐལ་འགྱུར་བ་དང༌། དངོས་སྨྲ་བ་དང༌། འཇིག་རྟེན་པ་རྣམས་ལ་མཐུན་སྣང་དུ་གྲུབ་པའི་ཆོས་པུ་ས་ལེའི་འདབ་མ་ཙམ་ཡང་མེད་པར་ཐལ། ཕྱིན་ཅི་མ་ལོག་པའི་གཟིགས་ངོར་ཕྱིན་ཅི་ལོག་གི་རྙེད་དོན་མེད་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །ཁྱེད་ལྟར་ན་གཞུང་གིས་ཆོས་ཅན་མཐུན་སྣང་བ་ཡོད་པར་བསྒྲུབ་པར་སྣང་སྟེ། དངོས་སྨྲ་བས་འདོད་པའི་ཚད་མ་དེས་ཀྱང་གཟུགས་ལྟ་བུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མི་དམིགས་ཤིང་གཟུགས་ཙམ་དམིགས་པར་བསྒྲུབ་པ་ལ་གཟུགས་ཙམ་ལ་ཚད་མར་སོང་བ་རྟགས་མཐུན་སྣང་དུ་གྲུབ་པའི་ཕྱིར། གཞན་ཡང་ཡོད་པར་གྱུར་པའི་དོན་གྱི་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར་གྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་དམིགས་པ་ལ་བྱེད་པ་ནི། རིགས་པ་དང་འགལ་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ། ཡོད་པར་གྱུར་པ་ཞེས་ཇི་ལྟར་འདོགས། དེས་དེར་མ་དམིགས་ན་གཟུགས་འཛིན་མིག་ཤེས་ལ་གཟུགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་གྲུབ་པར་སྣང་བས་འཁྲུལ་ཤེས་སུ་འདོད་པ་དང་འགལ་ལོ། །ཁྱེད་ལྟར་ན་ཆོས་ཅན་མཐུན་སྣང་གི་ཚད་མ་ཡོད་པར་ཐལ། ཀུན་རྫོབ་དང་དོན་དམ་པའི་མཚན་གཞི་ལའང་ཚད་མར་སོང་ཀྱང་མིག་ཙམ་ལ་ཚད་མར་སོང་བའི་ཚད་མ་གཅིག་གཉིས་ཀའི་ལུགས་ལ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཁྱབ་པའང་དཔེའི་སྐབས་སུ་ཆོས་ཅན་མཐུན་སྣང་བ་ཡོད་པའི་ཤེས་བྱེད་དུ་སྒྲ་འབྱུང་འགྱུར་ཡིན་པ་དང༌། ནམ་མཁའི་ཡོན་ཏན་ཡིན་པ་གང་གི་ཆ་ལའང་ཚད་མར་མ་སོང་ཀྱང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྒྲ་ཙམ་ཞིག་གཉིས་ཀའི་ལུགས་ལ་ཡོད་པའི་ཕྱིར། ཞེས་སྨོས་སོ། །ཁྱེད་ལྟར་ན་ནི་འདི་ཡང་མི་འགྲུབ་སྟེ། འབྱུང་འགྱུར་སྒྲ་ལ་ཚད་མར་སོང་ཞིང་སྒྲ་ཙམ་ལ་ཚད་མར་སོང་བ་སངས་རྒྱས་པ་ལ་མི་འགྲུབ། ཅིག་ཤོས་གྲངས་ཅན་པ་ལ་མི་འགྲུབ་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དོན་གྱི་སྐབས་སུ་ཆོས་ཅན་མཐུན་སྣང་བ་མེད་པའི་སྒྲུབ་བྱེད་དུ་བཤད་ཡོད་དོ། །འགྲེལ་པ་དེ་དག་གི་ངག་དོན་དྲིལ་ན་མཐའ་བཞིའི་སྐྱེ་བ་ཁེགས་པའི་རྟགས་ཀྱིས་བུམ་པ་རང་བཞིན་གྱིས་མི་སྐྱེ་བར་བསྒྲུབ་པའི་སྔར་རྒོལ་ཡང་དག་དེ་ཆོས་ཅན། བུམ་པ་དེ་ཁྱོད་ཀྱིས་ཚད་མས་མ་གྲུབ་པར་ཐལ། ཁྱོད་ཀྱིས་བུམ་པ་དམིགས་པའི་ཚེ། བུམ་པ་རང་བཞིན་གྱིས་སྐྱེ་མེད་མ་དམིགས། ཁྱོད་ཀྱིས་བུམ་པ་རང་བཞིན་གྱིས་སྐྱེ་མེད་དམིགས་པའི་ཚེ། བུམ་པ་མ་དམིགས་པའི་ཕྱིར། དཔེ་དོན་མི་མཚུངས་པར་ཐལ། སྒྲ་མི་རྟག་པར་དམིགས་པའི་ཚེ། སྒྲ་དང་མི་རྟག་པ་གཉིས་ཀ་དམིགས་པའི་ཕྱིར་ཅེས་ཟེར་བར་སོང་ངོ༌། །དབུ་མ་རང་རྒྱུད་པ་ལ་འདི་ལྟ་བུའི་ཐལ་བས་གནོད་མི་ནུས་ཏེ། བུམ་པ་བདེན་མེད་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་དེས། བུམ་པ་དང་བདག་མེད་ཀྱི་ཚིགས་དོན་དེ་རྟོགས་པའི་ཕྱིར་ཏེ། དེས་བུམ་པ་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར་ལེགས་སོ། །སྐབས་འདིར་ཡང་བརྗོད་པར་བྱ་སྟེ། བདག་དང་བདག་ཏུ་འཛིན་པ་ཞེས་པའི་སྒྲ་ཡངས་པར་བྱས་ན་བདེན་པ་དང་བདེན་པར་འཛིན་པ་དང་ཁྱབ་མཉམ་དུ་ཡོད་མོད། སྒྲ་དོག་པར་བྱས་ན་གང་ཟག་གི་བདག་དང་བདག་ཏུ་འཛིན་པ་ཉིད་ལ་བྱ་བ་ཡིན་ལ་འདི་ལ་ཡང་གཉིས་ཏེ། ང་རང་བཞིན་གྱིས་གྲུབ་པར་འཛིན་པ་དང༌། ངའོ་སྙམ་དུ་འཛིན་པའོ། །དང་པོ་ལ་ནི། གང་ཟག་གི་བདག་འཛིན་ཞེས་བྱའི་འཇིག་ལྟ་ཞེས་མི་བརྗོད་དོ། །དེ་ཡང་དང་པོ་ནི་དམིགས་པ་ཕུང་པོའི་སྟེང་དུ་ང་རང་བཞིན་གྱིས་གྲུབ་པའམ་ངོ་བོས་གྲུབ་པར་འཛིན་པ་ཡིན་ལ། ཕྱི་མས་ནི་དམིགས་པ་རང་གི་ཕུང་པོ་ལ་དམིགས་ནས་ངའོ་ཞེས་པའམ་ངའི་ཞེས་འཛིན་པ་ཡིན་ནོ། །དེ་གཉིས་ཀའི་ཞེན་ཡུལ་དུ་གྱུར་པའི་བདག་ནི་མེད་ལ། སྔ་མའི་དམིགས་ཡུལ་དུ་གྱུར་པའི་བདག་དེ་ཐ་སྙད་ཙམ་དུ་ཡོད་པར་བཞག་གོ །དེའི་ཕྱིར་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དམིགས་པ་ཕུང་པོ་ལ་དམིགས་ནས་རྣམ་པ་བདག་མེད་པར་རྟོགས་པས་བདག་འཛིན་དང་འཛིན་སྟངས་འགལ་བར་བཞག་པའང་དེ་ཡིན་གྱི། དེས་ཀྱང་དམིགས་པ་བདག་ལ་དམིགས་པ་ག་ལ་ཡིན། དེ་ལྟ་བུའི་འཇིག་ལྟ་དང༌། ང་རང་བཞིན་གྱིས་གྲུབ་པར་འཛིན་པ་གཉིས་ཀ་ཡང༌། ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་ཡིན་ཞིང༌། གཉིས་པོའང་ཕལ་ཆེར་འཇིག་ལྟ་སྔོན་དུ་འགྲོ་བ་ཅན་ཡིན་གྱི། འཇིག་ལྟས་ཕུང་པོའི་སྟེང་དུ་མེད་བཞིན་དུ་ཡོད་པར་བཟུང་བའི་ངའི་བ་ལ་དམིགས་ནས་བདེན་པར་ཞེན་པ་འབྱུང་བའི་ཕྱིར། དེ་ལ་དགོངས་ནས་འཇུག་འགྲེལ་དུ། ང་འཛིན་པས་ཡོད་པ་མ་ཡིན་པའི་བདག་ཡོད་དོ་སྙམ་དུ་ཉེ་བར་བཏགས་ནས་འདི་ཉིད་དུ་བདེན་པར་མངོན་པར་ཞེན་ཅིང༌། ཞེས་གསུངས། དེའི་ཕྱིར་ངར་འཛིན་ལ་འཇིག་ལྟས་ཁྱབ་པ་ཡིན་ནོ། །འདི་ནི་ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་སོགས་ཀྱི་དགོངས་པར་ཤིན་ཏུ་འགྲིག་པ་ཡིན་ནོ། །གཞུང་གཞན་ལས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེ་རྟག་ཏུ་ཞེན་པར་འགྱུར། །ཞེས་སོགས་གསུངས། ཕུང་པོའི་སྟེང་ན་བརྟེན་ནས་བཏགས་པའི་བདག་གམ་ང་ཙམ་ཞིག་ཡོད་པར་གསུངས་པའང་ཐ་སྙད་བདེ་བའི་ཕྱིར་འཇིག་རྟེན་གྱི་གྲགས་པའི་རྣམ་གཞག་ཡིན་གྱི། དབུ་མ་པ་རང་ལུགས་ནི་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྐྱེས་པའི་ཚེ། དེ་འདྲའི་བཏགས་པ་ཙམ་གྱི་བདག་དེ་ཡང་བདེན་པར་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། གཞན་དུ་ན་ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་པ་དང་འགལ་བར་དོགས་སོ། །གཞན་དུ་ན་འཇིག་ལྟ་ལ་མ་ལྟོས་པར་བདག་འཛིན་ལྷན་སྐྱེས་ཙམ་ལས་བྱུང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཡོད་པར་འདོད་པ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་སོགས་དང་འགལ་བ་ཁོ་ནར་འགྱུར་རོ། །མ་རིག་པ་ལ་ཉོན་མོངས་ཅན་གྱི་མ་རིག་པ་དང༌། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་གཉིས་ཡོད་པ་བདག་ཉིད་ཆེན་པོ་འདིའི་བཞེད་པ་ཡིན་ཞིང༌། དེ་ལྟར་བཞེད་ཀྱང་དགོས་ཏེ། མི་བཞེད་ན་གཞུང་ལུགས་ཆེན་པོ་མཐའ་དག་གི་དགོངས་པ་སུན་འབྱིན་པ་ཉིད་དུ་འགྱུར་རོ། །འདིའི་ལུང་དང་རིགས་པ་བཤད་ཟིན་ཏོ། །ཆོས་གཅིག་བདེན་མེད་དུ་རྟོགས་ན་དེའི་བྱེད་པས་ཆོས་ཐམས་ཅད་བདེན་པར་མེད་པར་རྟོགས་ཞེས་པ་འདི་ཡང༌། དབུ་མ་པའི་དབང་དུ་བྱས་པ་ཡིན་གྱི་སྤྱིར་མ་ཁྱབ་སྟེ་གྲུབ་མཐའ་ལ་ཞུགས་པ་ལ་ཡང་མ་ཁྱབ། མ་ཞུགས་པ་ཡང་མ་ཁྱབ་པའི་ཕྱིར། འདི་ལྟར་གནག་རྫི་མོ་ཆོས་ཅན། བུམ་པ་བདེན་མེད་དུ་རྟོགས་ནུས་པར་ཐལ། གཟུགས་བརྙན་བདེན་མེད་དུ་རྟོགས་པའི་ཕྱིར། དེའི་རྒྱུ་མཚན་ཡང་གསུང་རབ་ལས་དེ་དེའི་དཔེར་མཛད་པའི་ཕྱིར་རོ། །གཉིས་པ་ལ་མ་ཁྱབ་པའི་དཔེར་བརྗོད་ནི། སེམས་ཙམ་པ་ཆོས་ཅན། ཤེས་པ་བདེན་མེད་དུ་རྟོགས་པར་ཐལ། སྔོན་པོ་བདེན་མེད་དུ་རྟོགས་པའི་ཕྱིར། ཁྱོད་ཀྱིས་གཅིག་དང་དུ་བྲལ་གྱི་རིགས་པ་ལ་བརྟེན་ནས། སྔོན་པོ་བདེན་མེད་དུ་བསྒྲུབ་པའི་རིགས་པ་དེ་བས་ལྷག་པར་དབུ་མ་པ་ལ་སྟོན་རྒྱུ་མི་སྣང་བའི་ཕྱིར། འདི་ནི་ཁྱོད་ཀྱི་ངོར་ཁོ་བོ་ཅག་གིས་བཀོད་པ་ཙམ་སྟེ། ཁྱོད་ཀྱིས་སྔོན་པོ་མེད་པར་སེམས་ཙམ་པས་རྟོགས་ན། སྔོན་པོ་བདག་མེད་པར་རྟོགས་དགོས། དེ་རྟོགས་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པས་ཁྱབ་པ་དཔེར་བཀོད་པ་ཡིན་ནོ། །གཅིག་དུ་བྲལ་གྱི་རྟགས་འདི་དབུ་སེམས་ཐུན་མོང་བ་ཉིད་དོ། །དབུ་མའི་རིགས་པ་དེ་སེམས་ཙམ་གྱི་སྟེང་དུ་ཁ་སྤོ་བར་མཛད་དོ། །དེས་ན་སེམས་ཙམ་གྱི་ལྟ་བ་འདི་དབུ་མའི་ལྟ་བ་རྟོགས་པའི་ཐབས་ཆེན་པོ་ཡིན་ནོ། །དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད་ཅེས་པ་དང༌། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་ཡིན། །ཞེས་གསུངས་པའི་དོན་ནི། བུམ་པ་བདག་མེད་དུ་མངོན་སུམ་དུ་རྟོགས་ནས་ཀ་བ་ལའང་དཔྱོད་པ་ཞུགས་ན་བདག་མེད་དུ་རྟོགས་ནུས་པའི་དོན་ནོ། །དབུ་མ་རང་རྒྱུད་པ་ལྟར་ན་ཉན་ཐོས་འཕགས་པས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཀྱང་གདགས་གཞིའི་སྟེང་དུ་དཔྱད་པ་མ་ཞུགས་པས་མ་རྟོགས་པ་ཡིན་ནོ།། །།ཐལ་རང་གྲུབ་མཐའ་རྣམ་དབྱེ་གསལ་བཞེད་ནས། །རང་བཟོའི་འོད་སྟོང་བྱེད་པ་འདི་ཤར་ཚེ། །དཔལ་ལྡན་ཟླ་བའི་ལུགས་བཟང་ཉམས་བྱས་ཤིང༌། །རང་རྒྱུད་མུན་པའི་ཁུངས་ནང་འཇུག་མཁས་པ། །དེ་འདྲ་དེ་ཡིས་ཐལ་རང་ཉི་ཟླའི་འགྲོས། །ཅིག་ཆར་རང་བཟོའི་སྒྲ་གཅན་གྱིས་ཟོས་པས། །ཆད་པར་སྨྲ་བའི་འོད་དཀར་ཉམས་བྱས་ཀྱང༌། །རྟག་པར་སྨྲ་བའི་འོད་སྟོང་འབྱེད་ལ་ཉེ། །དེ་ཕྱིར་དེ་ནི་བདག་སྨྲའི་གཞུང་ཆེན་དང༌། །མཐའ་ཡས་དབུ་མའི་གཞུང་ལུགས་གཉིས་ཀས་ཀྱང༌། །བདག་ལྟའི་གཞུང་ལུགས་འཛུགས་པར་ཁས་བླངས་ནས། །ཐལ་འགྱུར་ཤིང་རྟའི་སྲོལ་ཆེན་འབྱེད་པ་མཚར། །དེ་ཡང་འདི་ལྟར་འདོད་དེ། བདག་ཅེས་བྱ་བ་རང་བཞིན་གྱིས་གྲུབ་པ་གང་ཡང་མེད་མོད། བརྟེན་ནས་བཏགས་པ་ཙམ་གྱི་བདག་ནི་ངེས་པར་འདོད་དགོས་ལ། འདི་ལ་ནི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་ཀྱང་བྱ། གང་ཟག་ཅེས་ཀྱང་བྱ། བརྟེན་ནས་བཏགས་པའི་ང་ཙམ་ཞེས་ཀྱང་བྱ། དེ་ཉིད་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ཡང་ཡིན་ཏེ། དེས་དེ་ལ་དམིགས་ནས་བདེན་པར་ཞེན་པའི་ཕྱིར། དེའི་ཕྱིར་བདག་འཛིན་ནམ་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་བདག་ནི་ངེས་པར་ཁས་ལེན་དགོས་པས་དེའི་ཕྱིར། བདག་ནི་ངེས་པ་ཁོ་ནར་ཡོད་ལ་གང་ཟག་དང་ཆོས་ཀྱི་བདག་ཅེས་བྱ་བ་ནི་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །ཞེས་སྒྲོགས་པར་བྱེད་དོ། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། མདོར་བསྟན་པས་རང་གི་དམ་བཅའ་བཞག རྒྱས་པར་བཤད་པས་གཞན་གྱི་འདོད་པ་སུན་དབྱུང༌། དེ་ལ་རྩོད་པ་སྤངས་ཏེ་དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ནི་འདི་ལྟར་རེ་ཤིག་བདག་ཅེས་བྱ་བའི་སྒྲ་ནི་གཉིས་ལ་འཇུག་སྟེ། རིགས་པས་དགག་པར་བྱ་བ་ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། འཇིག་རྟེན་ན་ཐ་སྙད་བྱེད་པའི་ང་ཙམ་དང་གང་ཟག་ཙམ་མོ། །དང་པོ་ནི་ཐ་སྙད་ཙམ་དུ་ཡོད་པར་མི་འདོད་ལ། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ལམ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སུན་དབྱུང་བར་བྱ་བ་ཡིན་ནོ། །ཕྱི་མ་ནི་བདག་འཛིན་ལྷན་སྐྱེས་ཀྱི་བཟུང་བའི་བདག་ཅེས་བྱ་བ་དེ་མ་ཡིན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་མོ། །དེའི་ཕྱིར་གང་བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་བདག་དེ་ཡིན་ན་ཐ་སྙད་དུ་ཡང་མེད་པས་ཁྱབ། དཔེར་ན་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་བདག་བཞིན། བརྟེན་ནས་བཏགས་པའི་ང་ཙམ་དེ་ཡང་ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི་བདག་ཏུ་ཁྱེད་ཀྱིས་ཁས་བླངས་པས་ཐ་སྙད་དུ་ཡང་མེད་པར་ཐལ་ཅེས་པ་ནི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་བ་དམིགས་པའི་ཐལ་འགྱུར་རོ། །དེ་ལྟར་ན་བརྟེན་ནས་བཏགས་པའི་ང་ཙམ་གྱི་ཐ་སྙད་བདག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་མོད། འདི་བདག་མཚན་ཉིད་པ་མ་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འདི་མེད་པར་མ་རྟོགས་པའི་ཕྱིར་དང༌། དེ་ལྟར་འཛིན་པའི་བློ་དེས་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་གེགས་མི་བྱེད་ཀྱི་སྟེང་དུ་ཕན་འདོགས་པའི་ཕྱིར། དེ་སྐད་དུ་ཡང༌། དཔེ་དེ་ཉིད་ལའང་བདེ་བླག་འཇུག་གྱུར་པ། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཞེས་གསུངས་སོ། །དེ་ལྟ་ན་ཕྱི་མ་ལ་ཡང་བདག་ཅེས་ཐ་སྙད་ཉེ་བར་སྦྱར་བ་ནི། དབུ་མ་པས་བདག་རྣམ་པ་ཐམས་ཅད་དུ་རིགས་པས་བཀག་པ་ན། ཕྱི་རོལ་པ་དག འདི་སྙམ་དུ། ང་དེའི་ཚེ་རྒྱལ་པོ་ང་ལ་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་དང༌། བྱིས་པ་རྣམས་ངའི་ཟས། ངའི་གོས་ངའི་རྟ་དང་གླང་པོ་ཞེས་སོགས་མཁས་པ་ནས་བྱིས་པའི་བར་གྱི་ཐ་སྙད་ཐམས་ཅད་ནུབ་པར་འགྱུར་ཏེ། བདག་ཅེས་བྱ་བ་ཐ་སྙད་ཙམ་དུ་ཡང་མེད་པའི་ཕྱིར། ཞེས་དོགས་པས་དེའི་ཉེས་པར་མི་འགྱུར་བ་ནི་འདི་ལྟ་སྟེ། བདག་ཏུ་འཛིན་པའི་གཞིར་གྱུར་པའི་བདག་ཅེས་བྱ་བ་འགའ་ཡང་མེད་མོད་ཀྱི། ཐ་སྙད་ཀྱི་གདགས་གཞིར་གྱུར་པའི་ང་ཞིག་རིགས་པས་དཔྱད་པ་མ་བྱས་པའི་ཚེ་ཁས་ལེན་ལ་འདི་ལ་དགོངས་ནས་བདག་ཅེས་དང༌། ང་ཞེས་གསུངས་པ་ཡིན་ནོ། །ཞེས་སྟོན་ནོ། །དེ་ལྟར་ཡང་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་འགྱུར་བ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འཇོག་པ་བཞིན། །དེ་བཞིན་ཕུང་པོ་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །འོ་ན་ང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ནི་ངེས་པར་ཁས་ལེན་དགོས་ལ། དེ་གང་ལ་དམིགས་ཤེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱེད་ལ་བསྟན་པར་བྱ་སྟེ། དེ་དག་ཀྱང་རང་བཞིན་ལྷན་སྐྱེས་ཀྱིས་མེད་བཞིན་དུ་སྒྲོ་བཏགས་པའི་ང་ལ་དམིགས་ནས་བདེན་པར་བཟུང་བ་ཉིད་དེ། འཇིག་ལྟ་ལྷན་སྐྱེས་དང་བདག་བདེན་པར་འཛིན་པ་གཉིས་པོ་ཕན་ཚུན་རྒྱུ་ཅན་ཡིན་པའི་ཕྱིར། དེ་སྐད་དུ་ཡང་རང་འགྲེལ་ལས། ངར་འཛིན་པས་ཡོད་པ་མ་ཡིན་པའི་བདག་ཡོད་དོ་སྙམ་དུ་ཉེ་བར་བཏགས་ནས་འདི་ཉིད་དུ་མངོན་པར་ཞེན་པར་བྱེད་ཅིང་ཅེས་གསུངས་སོ། །འོ་ན་ང་རང་བཞིན་གྱིས་གྲུབ་པར་འཛིན་ཅིང༌། འདིས་ཡོད་པ་མ་ཡིན་པའི་བདག་འཛིན་པར་བཤད་པའི་ཕྱིར། ཡང་བརྟེན་ནས་བཏགས་པའི་ང་ཙམ་འདི་ཉིད་ལ་བདག་ཏུ་འཛིན་པ་ཇི་ལྟར་འཐད། དེ་ལྟར་བྱས་ན། ཕུང་པོ་ལ་བདེན་པར་ཞེན་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ། བདག་འཛིན་གཉིས་ཀྱི་ནང་ནས་ཆོས་ཀྱི་བདག་འཛིན་ནམ། རྟེན་འབྲེལ་བཅུ་གཉིས་ཀྱི་ནང་གི་མ་རིག་པའི་རྟེན་འབྲེལ་དུ་གྱུར་པའི་མ་རིག་པ་སྟེ། ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ་ཞེས་པ་དང༌། བདུན་ཅུ་པར། རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །ཞེས་འབྱུང་བ་དེ་ཉིད་ཡིན་ལ། དེ་ལ་བརྟེན་ནས་ཕུང་པོ་ལ་དམིགས་ནས་ངའོ་ཞེས་ཞེན་པའི་འཇིག་ལྟ་འབྱུང་ཞིང༌། འདི་ཡང་ཉོན་མོངས་པ་ཅན་གྱི་མ་རིག་པ། རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ། བདག་འཛིན་གཉིས་ལས་གང་ཟག་གི་བདག་ཏུ་འཛིན་པ། དང་པོར་ང་ཞེས་འབྱུང་བ་དེ་ཡིན་ལ། འདི་ནི་གང་ཟག་གི་བདག་ཏུ་འཛིན་པ་ཡིན་ཀྱང༌། བདེན་པར་འཛིན་པ་ཞེས་མི་བྱ་སྟེ། དེའི་ཞེན་སྟངས་མ་དམིགས་པའི་ཕྱིར། དེ་ལ་བརྟེན་ནས་ངའམ་གང་ཟག་བདེན་པར་ཞེན་པའི་བློ་འབྱུང་ཞིང༌། དེ་ལ་ནི་མ་རིག་པ་དང༌། གང་ཟག་གི་བདག་འཛིན་དང༌། བདེན་འཛིན་ཞེས་བྱ་ཞིང༌། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོར་གྱུར་པ་ཡིན་པར་བཞེད་དེ། འཇུག་འགྲེལ་ལས། དེ་ལ་འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས། གཏི་མུག་སྟེ་མ་རིག་པ། དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ཀུན་རྫོབ་ཅེས་དང༌། དེ་ལྟར་ན་སྲིད་པའི་ཡན་ལག་གི་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་གོ །ཞེས་གསུངས་པ་དེ་ཡིན་ནོ། །འདི་གསུམ་དིང་སང་གི་ཐལ་འགྱུར་བའི་སྲོལ་འབྱེད་རྣམས་ཀྱི་བསྲེས་སྣང་ངོ༌། །གཉིས་པ་རྒྱས་པར་བཤད་པ་ལ། བརྟེན་ནས་བཏགས་པའི་ང་ཙམ་བདག་མ་ཡིན་པར་རིག་པས་བསྒྲུབ། ཡིན་པ་ལུང་དང་འགལ་བར་བསྟན་པའོ། །དང་པོ་ནི་དེ་ཡང་བདག་ཏུ་བཞག་པར་མི་ནུས་ཏེ། དེ་འཛིན་པའི་བློ་དེ་བདག་འཛིན་དུ་བཞག་མི་ནུས་པའི་ཕྱིར་དང༌། དེ་བདག་ཡིན་ན་ནི་བདག་མེད་རྟོགས་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དེ་མེད་པར་གཟིགས་དགོས་ལ། དེ་ལྟ་ན་མེད་པར་ཐལ་བའི་ཕྱིར་རོ། །བདེན་པ་ལ་ནི་མི་མཚུངས་ཏེ། བདེན་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་བདེན་པ་མེད་པར་གཟིགས་པ་མ་ཡིན་ལ་ཅིག་ཤོས་ཀྱིས་ནི་བདག་དེ་མེད་པར་གཟིགས་པས་སོ། །གཞན་ཡང་འདི་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་མི་འཐད་དེ། དེ་ལྟ་ན་དེས་དེ་ངེས་པར་ཐལ་བར་འགྱུར་ཏེ། དེ་ངེས་བློ་དེའི་ཡུལ་ཡིན་པའི་ཕྱིར། དེ་ཡང་འདོད་ན། དེས་གང་ཟག་གི་བདག་ཏུ་བཟུང་བ་མ་ཡིན་པར་འགྱུར་ཏེ། བདག་བརྟེན་ནས་བཏགས་པ་ཙམ་དུ་ཁོངས་སུ་ཆུད་པའི་ཕྱིར། གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་རྣམས་ཀྱིས་ཀྱང་བརྟེན་ནས་བཏགས་པ་ཙམ་གྱི་བདག་བདེན་མེད་དུ་བསྒྲུབ་དགོས་པར་འགྱུར་ལ། དེ་ལྟ་ན་ཆོས་ཅན་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །ཅིས་ཏེ་བརྟེན་ནས་བཏགས་པ་ཞེས་པའི་ཁྱད་པར་མ་སྦྱར་བར་བདག་གི་གང་ཟག་ཙམ་དེ་དམིགས་པར་ཁས་ལེན་པར་བྱེད་དོ། །ཞེ་ན། གང་ཟག་ལ་མི་རྩོད་ཀྱི། དེ་ལྟར་ན་བདག་བདེན་པར་མེད་པ་བདག་གི་གནས་ལུགས་སུ་མངོན་སུམ་དུ་མཐོང་བའི་བློ་དེ་བདེན་མེད་རྟོགས་པའི་ཡེ་ཤེས་སུ་ཁས་ལེན་དགོས་པས། བདེན་གྲུབ་ཀྱི་གནས་ལུགས་གཟིགས་པའི་བློ་དེ་བདེན་མེད་རྟོགས་པའི་མཁྱེན་པར་འགྱུར་བ་ཁོ་ནའོ། །གཞན་ཡང་གང་ཟག་གི་བདག་འགོག་པའི་རིགས་པ་རྣམས་ཀྱིས་ཕུང་པོའི་སྟེང་དུ་བདག་མི་འགོག་པར། བདག་གི་སྟེང་ན་བདག་བདེན་གྲུབ་ཡོད་ན་བདག་དང་བདེན་གྲུབ་གཅིག་གམ། ཐ་དད་སོགས་ཀྱི་བརྟག་པ་བྱས་ནས་འགོག་རིགས་པར་ཐལ་ལོ། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཀྱང་དམིགས་པ་བདག་ལ་དམིགས་ནས་བདག་མེད་རྟོགས་པར་ཐལ་ལོ། །བདག་འཛིན་གྱིས་དམིགས་པ་བདག་ལ་དམིགས་ནས་བདག་ཏུ་བཟུང་བའི་ཕྱིར་ཁྱབ་སྟེ། དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བ་ཅན་དུ་འདོད་དགོས་ཤིང་ཁྱེད་ཀྱང་འདོད་པའི་ཕྱིར། གཉིས་པ་ལུང་དང་འགལ་བར་བསྟན་པ་ནི། འདི་ལྟར་འདོད་པ་ནི་ཟླ་བའི་ཞབས་ཀྱི་དགོངས་པ་ཐུན་མོང་མ་ཡིན་པ་རིགས་པའི་ལམ་ནས་འཆད་དོ་ཞེས་གཞན་འདྲིད་པར་བྱེད་པའི་ཟོལ་གྱིས་ཟླ་བ་གྲགས་པས་གང་བཀག་པ་དེ་ཉིད་ཁོ་ནར་སྣང་བས། རྒྱས་པར་ཁྱེད་ཀྱི་དེ་ཉིད་བསྟན་པར་བྱ་སྟེ། འདི་ལྟར་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་བཟུང་བའི་བདག་དེ། རྟག་པ་ཡིན་ནམ། མི་རྟག་པ་ཡིན་ཞེས་དྲི། དང་པོ་ལྟར་ན་ནི། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཅེས་སོགས་ཕྱོགས་དང་པོ་ཁས་བླངས་པས། དེ་སུན་འབྱིན་པའི་རིགས་པ་རྣམས་འཇུག་སྟེ། འདི་ལྟར་དེ་འདྲའི་བདག་དེ་ཆོས་ཅན་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་མ་ཡིན་པར་ཐལ། མ་སྐྱེས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །བདག་དེ་ཆོས་ཅན། སྔ་མ་དེར་ཐལ། ཀུན་རྫོབ་ཙམ་དུ་ཡང་མེད་པའི་ཕྱིར། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ནམ་དམིགས་པར་ངེས་པར་མི་དགོས་པར་ཐལ། དེ་ལྟ་བུའི་བདག་མ་རིག་པའི་སེམས་ཅན་གང་དག་དུད་འགྲོར་བསྐལ་བ་མང་པོར་སྐྱེ་བ་བསྐྱལ་བར་གྱུར་པ་ད་དུང་དུད་འགྲོའི་སྐྱེ་གནས་མི་ལྡོག་པ་དེས་ཀྱང་བཏགས་པ་ཙམ་གྱི་བདག་མ་མཐོང་ལ་ངར་འཛིན་དེ་དག་ལ་ཡང་འཇུག་པར་མཐོང་བའི་ཕྱིར། དེ་སྐད་དུ། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མ་ཡིན། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུའང་ཡོད་མི་འདོད། །འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །གང་དག་དུད་འགྲོར་བསྐལ་མངས་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་ཞེས་པའི་ཚབ་ཏུ། དེས་ཀྱང་བཏགས་པ་ཙམ་འདི་མ་མཐོང་ལ། ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་དྲི་མ་མེད་པའི་ལུང་དང་བརྗོད་པ་ཁས་བླངས་སྣ་ཚོགས་འགལ་བ་ཡིན་ནོ། །ཅི་སྟེ་མི་རྟག་གོ་སྙམ་ན་དེ་ལ་ཡང་སྔ་མ་དེ་ཡང་འཇུག་མོད། གཞན་ཡང་རྒྱ་ཆེར་བརྗོད་པ་གཅིག་ལ་བདག་མང་པོ་འབྱུང་བར་ཐལ། སྐྱེ་བ་སྔ་མའི་ལྷའི་ཕུང་པོ་ལ་བཏགས་པའི་བདག་དང་ཕྱི་མའི་མིའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་སོགས་ཤེས་རྒྱུད་གཅིག་ལ་འབྱུང༌། དེ་རྣམས་དངོས་པོར་གྲུབ་པའི་སོ་སོ་བ་ཡིན་པའི་ཕྱིར། མ་གྲུབ་སྟེ། དེ་གཉིས་ཀ་གཅིག་ཡིན་ནོ་ཞེ་ན། བདག་དེ་རྟག་པར་ཐལ། རྩ་ཤེ་ལས། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ཞེས་དང༌། ཡང་བདག་དེ་ཆོས་ཅན་རྫས་སུ་ཐལ། །ངོ་བོར་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། འདོད་ན་མདོ་ལས། དགེ་སློང་དག ལྔ་པོ་འདི་དག་ནི་བཏགས་པ་ཙམ་སྟེ། འདས་པ་དང༌། མ་འོངས་པ་དང༌། ནམ་མཁའ་དང༌། མྱ་ངན་ལས་འདས་པ་དང༌། གང་ཟག་གོ་ཞེས་གསུངས་པ་དང་འགལ། བདག་འཛིན་ལྷན་སྐྱེས་དེ་ཆོས་ཅན། སྔ་སེར་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཤེས་པར་ཐལ། རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། ལས་བྱས་པ་ཆུད་ཟོས་པ་དང༌། མ་བྱས་པ་དང་ཕྲད་པ་སྲིད་པར་ཐལ། ལས་བྱེད་པ་པོའི་བདག་དང༌། རྣམ་སྨིན་མྱོང་བ་པོའི་བདག་གཉིས་དངོས་པོར་གྲུབ་པའི་གཞན་ཡིན་པའི་ཕྱིར། བདག་དང་འཇིག་རྟེན་མི་རྟག་པར་ལུང་བསྟན་རིགས་པར་ཐལ། དེ་གཉིས་མི་རྟག་པ་ཡིན་པའི་ཕྱིར། བཏགས་པ་ཙམ་གྱི་བདག་ཆོས་ཅན། བདག་མེད་མངོན་སུམ་དུ་གཟིགས་པའི་རྣལ་འབྱོར་པས་ཁྱོད་མེད་པར་མངོན་སུམ་དུ་རྟོགས་པར་ཐལ། ཁྱོད་བདག་འཛིན་ལྷན་སྐྱེས་ཀྱི་གཟུང་བར་བྱ་བའི་བདག་དེ་ཡིན་པའི་ཕྱིར། རྣལ་འབྱོར་པ་ཆོས་ཅན། བདག་མེད་ཇི་ཙམ་གོམས་པར་བྱས་ཀྱང་བདག་མེད་རྟོགས་མི་ནུས་པར་ཐལ། ཁྱོད་ཀྱི་གཟུང་བྱའི་བདག་དེ་འདོར་མི་ནུས་པ་ཁོ་ན་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཞེས་དང༌། སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་དང༌། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །ཞེས་དང༌། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་དང༌། གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེའི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུངས་སོ། །ཅི་སྟེ་མི་མཚུངས་ཏེ། འདིར་བདག་བདེན་གྲུབ་ལ་འཕངས་ན་འགྲོ་བ་ཡིན་ལ། བཏགས་པ་ཙམ་ལ་མི་འགྲོའོ་ཞེ་ན། དེ་ཡང་མ་ཡིན་ཏེ། རིགས་པ་ལ་མཚུངས་ཤིང༌། ཁྱེད་རང་གི་ཁས་བླངས་པ་དང་འགལ་བའི་ཕྱིར། མཚུངས་ཏེ་འདི་དག་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་འགྱུར་ཞིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་ཐོག་མར་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་བདག་དེ་འགོག་པ་ཡིན་ལ། ཁྱེད་ཀྱིས་འཇིག་ལྟས་བཟུང་བའི་བདག་དེ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་གཞུང་དེ་དག་གི་སྐབས་སུ། བདག་དེའི་ཞེན་ཡུལ་ཡིན་པ་བཀག་གི དམིགས་ཡུལ་ཡིན་པ་མ་བཀག་གོ་སྙམ་ན། དེ་ཡང་ཁྱེད་ཀྱི་ལུགས་ལ་མི་རིགས་ཏེ། འགོག་པར་བྱེད་ཅེས་དམ་བཅས་པ་དེ་བསྒྲུབ་ཅིང་དགག་པ་དངོས་སྟོན་པ་ན། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། ཞེས་དང༌། རྟེན་དུའང་མི་འདོད་ཅེས་དང༌། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ་ཞེས་ཕྱོགས་སྔ་བརྗོད་ནས། དེ་བཀག་པའི་ཕྱིར་དང༌། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཅེས་དང༌། ངར་འཛིན་བློ་དེ་རྣམས་ལ་མིན། །ཞེས་དམིགས་པར་བསྟན་ཏེ། དམིགས་པར་བྱེད་དགོས་ཞེས་ཁྱོད་ཀྱིས་ཀྱང་བྱེད་པར་བཤད་པའི་ཕྱིར། ཁོ་བོ་ཅག་ལ་བདག་འཛིན་གྱི་ཞེན་ཡུལ་དང༌། དམིགས་ཡུལ་ལའང་ཁྱད་པར་མེད་དོ། །དེའི་ཕྱིར་གཞུང་འདི་དག་གི་ཚོགས་དག་གིས་ནི། བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་གྱུར་པའི་བདག་དང༌། དེའི་ཞེན་སྟངས་ཀྱི་བཟུང་བྱར་གྱུར་པའི་བདག་གཉིས་ཀ་ཐུན་མོང་དུ་བཀག་པའི་ཕྱིར་རོ། །དེས་བདག་ལ་དམིགས་ཤིང་བདག་ཏུ་བཟུང་བར་འདོད་པའི་ཕྱིར། ཁྱེད་ལ་ཁས་བླངས་འགལ་ཏེ། འདི་དག་རང་སྡེ་ལ་འཕན་པ་ཡིན་ལ། རང་སྡེས་བདག་བདེན་གྲུབ་ཇི་ལྟར་ཁས་ལེན། ཅི་སྟེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་ནོ་སྙམ་ན་མི་རིགས་ཏེ། རང་སྡེ་ཕལ་ཆེར་བཏགས་ཡོད་དུ་ཁས་ལེན་པ་ཡིན་ལ་འདིར་ཡང་རྫས་སུ་འགྱུར་ཞིང་ཞེས་མི་འདོད་པ་ཐལ་བར་འཕངས་པའི་ཕྱིར། དེ་ཕྱིར་གཞུང་འདིར་བདག་བཏགས་ཡོད་ཕུང་པོ་དང་ངོ་བོ་གཅིག་ཏུ་ཁས་བླངས་ནས་དེ་བདག་ལྟའི་དམིགས་པར་ཁས་ལེན་པ་དེ་འགོག་པ་ཡིན་པས། ཁྱེད་ཀྱི་འདོད་པ་དེ་ཉིད་ཡིན་ནོ། །དེ་སྐད་དུ་མཛོད་ལས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །བཏགས་པའང་མེད་པར་འགྱུར་སོང་བས། །མེད་དོ་ཞེས་ཀྱང་ཁས་མི་བླང༌། །ཞེས་བཤད་དོ། །འོ་ན་འདིར་ངར་འཛིན་གྱི་རྟེན་ཞེས་པ་དེའི་དམིགས་པ་དང་ཞེན་སྟངས་ཀྱི་བཟུང་བྱར་གྱུར་པའི་བདག་ལ་བྱ་བ་ཡིན་གྱི། ངར་འཛིན་དམིགས་པ་ཁོ་ན་ལ་འདོད་ན་ནི། ཁྱེད་ཀྱིས་དང་པོ་རིགས་པ་དང་འགལ་ཏེ། དེ་རིག་མིན་པའང་བདག་ལྟའི་ཕྱིར་ལ། བདག་ཆོས་ཅན། བདེན་སྟོང་ལ་བདེན་པར་འཛིན་པའི་དམིགས་པ་མ་ཡིན་པར་ཐལ། དེ་རིག་པ་མ་ཡིན་པའང་བདེན་སྟོང་ལ་བདེན་པར་ཞེན་པའི་ཕྱིར། ཞེས་བརྗོད་ན་གསུམ་ཆར་ཁས་ལེན་དགོས་སོ། །ཁས་བླངས་འགལ་ཏེ། དེ་ལྟ་ན། འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་རྟོགས་པས་བདག་ལྟ་བ། །ཞེས་པའི་རྟེན་དེ་ཡང༌། དམིགས་པ་ལ་འདོད་དགོས་ལ། དེ་ལྟ་ན། ཤེས་བྱ་ཆོས་ཅན། གང་ཟག་བདག་མེད་དུ་རྟོགས་པས་ཀྱང་བདག་ལྟ་སྤོང་མི་ནུས་པར་ཐལ། གང་ཟག་བདེན་པར་གྲུབ་པས་དེ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ། འདིའི་རྟེན་རྣམ་པའི་རྟེན་ལ་འདོད་ན། སྔ་མ་རྣམས་ཀྱང་འདོད་དགོས་ལ་དེ་ལྟ་ན་གང་ཟག་བདེན་གྲུབ་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་རྟེན་མ་ཡིན་པར་ཐལ། མ་སྐྱེས་པའི་ཕྱིར། གསུམ་ཆར་རོ། །སྤྱིར་ཡང་ང་ཙམ་འགོག་པ་མ་ཡིན་ཏེ། དེའི་དམིགས་པ་འཇིག་ཚོགས་ཉིད་ཡིན་པས་དགག་མི་ནུས་པའི་ཕྱིར་དང༌། དེས་ན་ཞེན་སྟངས་ཀྱི་ཡུལ་འགོག་པ་ཡིན་ནོ། །གཞན་ཡང་བཏགས་པ་ཙམ་གྱི་བདག་དེ་དངོས་པོ་ཡིན་ན་སྐྱེ་འཇིག་ཅན་དུ་འགྱུར་ལ། དེ་ལྟ་ན་རྩ་ཤེས་ལས། སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་དང༌། དེ་འདྲའི་བདག་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་མ་ཡིན་པར་ཐལ། དངོས་པོར་གྲུབ་པའི་ཕྱིར། དེ་སྐད་དུ། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཞེས་སོ། །བདག་ཕུང་གཉིས་དེ་ཉིད་དང་གཞན་གང་རུང་ཡིན་པར་ཐལ། གཉིས་ཀ་དངོས་པོར་གྲུབ་པའི་ཕྱིར། དེ་ལྟར་ཐལ་བ་ལས། བདག་ཆོས་ཅན་དངོས་པོར་མེད་དེ། དངོས་པོའི་རྫས་གཅིག་དང་ཐ་དད་དང་བྲལ་བའི་ཕྱིར། དེ་སྐད་དུ་ཡང༌། དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །གལ་ཏེ་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །ཞེས་པ་ནས། དེ་ཕྱིར་བདག་མེད་དངོས་ཆོས་དང་བྲལ་ཕྱིར། །ཞེས་སོ། །ཅི་སྟེ་བདག་ཕུང་གཉིས་པོ་དེ་ཉིད་དང་གཞན་གང་རུང་དུ་རྟོག་གོ་ཞེ་ན། བདག་ཕུང་གཉིས་རྟེན་བརྟེན་པ་དང་ལྡན་པ་དང་ལྡན་པ་ཅན་དུ་འདོད་དགོས་ལ། དེ་ལྟ་ན་དེ་དག་འཇིག་ལྟའི་རྩེ་མོར་བཤད་པ་དང་འགལ་ལོ། །འདིར་གང་ཕྱིར་ཐུབ་པས་བདག་དེ་ཞེས་དང༌། རྫས་གཅིག་དང་ཐ་དད་གང་རུང་དུ་ཐལ་བར་འགྱུར་ཏེ། གཉིས་ཀ་དངོས་པོར་གྲུབ་པའི་ཕྱིར། འདིའི་ཤེས་བྱེད་ཀྱི་ལུང་འདྲེན་ནོ། །གསུམ་པ་རྩོད་པ་སྤངས་ཏེ་དེས་གྲུབ་པའི་དོན་བསྟན་པ་ནི། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཞེས་སོགས་དང༌། འདི་ནི་ཕུང་པོ་རྣམ་བརྟེན་འགྲུབ་པར་འགྱུར། །ཞེས་དང༌། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང༌། །ཁམས་དང་དེ་བཞིན་ཞེས་སོགས་སུ་ཤིང་རྟའི་དཔེས་བདག་དེ་ཐ་སྙད་དུ་ཁས་ལེན་དགོས་པར་བཤད་པ་ཇི་ལྟར་བཟུང་ཞེ་ན། བཤད་པར་བྱ་སྟེ། ཉེས་པ་དང་སྐྱོན་མ་ལུས་པའི་རྩ་བ་བདག་ཏུ་འཛིན་པའི་ཞེན་ཡུལ་བདག་དེ་རིགས་པས་སུན་ཕྱུང་བ་ན། བདག་ཏུ་སྨྲ་བ་དག་གིས་སྨྲས་པ་བདག་མེད་ན། ང་དང་གང་ཟག་ཀྱང་མེད་དགོས་ལ། དེ་ལྟར་ན་ལས་བྱས་པ་ཆུད་ཟོས་པ་དང༌། མ་བྱས་པ་དང་ཕྲད་པར་འགྱུར་བ་དེ་ལ་སོགས་པ་ཉེས་པ་ཡོད་པར་བརྩད་པ་ན། དེའི་སྐྱོན་མེད་དེ་ལས་རང་བཞིན་གྱིས་ཡོད་ན། དེ་བྱེད་པ་པོ་དང༌། དེའི་རྣམ་སྨིན་མྱོང་བ་པོའི་བདག་ཅེས་བྱ་བ་ཁས་ལེན་དགོས་སུ་ཆུག་ཀྱང༌། ལས་རང་བཞིན་གྱིས་མེད་པའི་ཕྱིར། བདག་ཞེས་བྱ་བ་རང་དབང་ཅན་གྱི་དོན་དེ་ལྟར་ཅུང་ཟད་ཀྱང་ཁས་མི་ལེན་ནོ། །དེ་ལྟ་ན་ཡང་རང་བཞིན་མེད་པའི་ལས་བྱེད་པ་པོའི་བདག་དང༌། ང་ཡི་མཚན་གཞི་ཡོད་པ་མ་ཡིན་ན་འདི་མེད་པར་འགྱུར། འདི་ཡོད་ན་ངར་འཛིན་དང་བདག་འཛིན་གྱི་གཟུང་བྱ་བཀག་པ་དེ་ཉིད་ཁས་ལེན་དགོས་པར་འགྱུར་རོ། །ཞེ་ན། སྒྱུ་མ་ལྟ་བུའི་བྱེད་པ་པོ་དང༌། ང་དང་གང་ཟག་དང༌། རེས་འགའ་བདག་ཅེས་བྱ་བའི་ཐ་སྙད་བྱེད་མོད། དེ་ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱའི་བདག་དེ་མ་ཡིན། དེས་ནི་ངར་འཛིན་ཅན་དུ་བཟུང་ལ། འདིར་ནི་བཏགས་པ་བ་ཡིན་པའི་ཕྱིར། དེ་འདྲའི་གང་ཟག་དེ་ཐ་སྙད་དུ་མེད་པ་མ་ཡིན་ཏེ། རང་གི་ཡན་ལག་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། དཔེར་ན་ཤིང་རྟ་བཞིན་ནོ། །ཞེས་སྟོན་པ་ཡིན་ནོ། །དེའི་ཕྱིར་གང་ཟག་གི་བདག་ཡོད་ན་གང་ཟག་རང་བཞིན་གྱིས་གྲུབ་དགོས་པའི་གོ་དོན་ཅི་ཡིན་བརྟག་ན་བདག་གི་དོན་རང་བཞིན་ལ་འདོད་པ་དང༌། ལས་འབྲས་ཀྱི་རྟེན་གྱི་བདག་ཅེས་ཐ་སྙད་བཏགས་པའི་བདག་ཏུ་འདོད་པ་འགལ་ལོ། །མདོར་བསྡུ་ན་ལས་འབྲས་ཀྱི་རྟེན་གྱི་བདག་ཡོད་ཀྱང༌། དེ་འདྲའི་བདག་དེ་བདག་མ་ཡིན་པའི་ཕྱིར། བཏགས་དོན་རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་ཅིང་རང་གི་ཡན་ལག་ལ་བཏགས་པ་ཙམ་ཡིན་པའི་ཕྱིར། ཞེས་པའོ། །དེའི་ཕྱིར་ངར་འཛིན་གྱིས་བཟུང་བྱ་དང་དོན་མི་གཅིག་སྟེ། འདི་ནི་ཐ་སྙད་དུ་ཡོད་ལ། ཅིག་ཤོས་དེ་ནི་ཐ་སྙད་དུའང་མེད་པའི་ཕྱིར། ཞེས་སྟོན་པ་ནི། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང༌། ནས། འདི་ནི་བྱེད་པ་པོའང་ཡིན་ཞེས་སོ། །འདི་དངོས་པོར་མ་གྲུབ་པའི་ཕྱིར། རྟག་མི་རྟག་སོགས་ཀྱི་དཔྱད་པ་མི་འཇུག་ཅེས་སྟོན་པ་ནི། དངོས་ཡོད་མིན་ཕྱིར་དང༌། ཅིག་ཤོས་ཐ་སྙད་དུའང་མེད་པར་སྟོན་པ་ནི། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ་ནས་མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་དང༌། དེའི་འགྲེལ་པར། རྣལ་འབྱོར་པས་དེ་འདྲའི་བདག་རྣམ་པ་ཐམས་ཅད་དུ་མ་དམིགས་ལ། ཞེས་གསུངས་སོ། །བདག་གི་སྒྲ་ཉེ་བར་སྦྱར་བ་ཙམ་གྱིས་བདག་ཏུ་རྟོག་ན་ཀུན་རྫོབ་བདེན་པ་ཡིན་ན་བདེན་པར་གྲུབ་དགོས་པར་འགྱུར་ཏེ། ཀུན་རྫོབ་བདེན་འཛིན་གྱི་ངོར་བདེན་པར་མ་གྲུབ་ན་ཀུན་རྫོབ་བདེན་པ་མ་ཡིན་པར་འཇུག་འགྲེལ་ལས་གསུངས་པའི་ཕྱིར། དེ་ལྟར་ན་གང་ཟག་དང༌། ང་དང༌། ང་ཡི་བ་ནི་ཡོད་ལ། བདག་ཅེས་བྱ་བ་ཡོད་པར་འདོད་ན། གང་ཟག་གི་བདག་ཀྱང་ཡོད་པར་མཚུངས་སོ། །སྤྲོས་པས་ཆོག་གོ །ཡང་འདི་སྐད་དུ་མདོ་སྡེ་པས་ཡིད་ཀྱི་རྣམ་པར་ཤེས་པ་བདག་གི་མཚན་གཞིར་འདོད་ཅིང་སློབ་དཔོན་ལེགས་ལྡན་འབྱེད་ཀྱང་དེ་ལྟར་བཞེད་དེ། རྟོག་གེ་འབར་བ་ལས། ཁོ་བོ་ཅག་ཀྱང་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར། བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་ལ་ཉེ་བར་འདོགས་པའི་ཕྱིར་ཞེས་དང༌། དེའི་ཤེས་བྱེད་དུ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་དང༌། མདོ་གཞན་ལས། སེམས་དུལ་བ་ནི་བདེ་བ་སྟེ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །སེམས་ཙམ་པ་ཕལ་ཆེར་བདག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཀུན་གཞི་ལ་བཞེད་དེ། དམིགས་པ་ཀུན་གཞི་ལ་དམིགས་ནས་ངར་སེམས་པ་དེ་ཉོན་ཡིད་དུ་བཤད་པའི་ཕྱིར། ཞེས་གསུངས་སོ། །འོ་ན་འདི་དག་གི་ལུགས་ལ་བདག་ཡིན་ན། རྫས་སུ་གྲུབ་པས་ཁྱབ་པར་ཐལ། བདག་གི་མཚན་གཞིར་བཟུང་བ་དེ་ཡིན་ན། རྫས་སུ་གྲུབ་པས་ཁྱབ་པའི་ཕྱིར། ཅི་སྟེ་གང་ཟག་གི་རང་ལྡོག་ནས་བཏགས་ཡོད་དུ་སྨྲས་པས་སྐྱོན་མེད་ན། དེ་ལྟ་ན་ཡང་དེའི་ལུགས་ལ་བདག་དང་རྫས་གྲུབ་ཀྱི་གཞི་མཐུན་ཡོད་པར་ཐལ་ལོ། །འདོད་ན་དེ་འདྲའི་གཞི་མཐུན་དུ་གྱུར་པའི་གང་ཟག་དེ་བཏགས་ཡོད་མ་ཡིན་ན། གང་ཟག་རང་ལྡོག་ནས་བཏགས་ཡོད་དུ་འདོད་པ་འགལ་ལོ། །ཁྱད་པར་སེམས་ཙམ་པའི་ལུགས་ལ་བདག་ཡིན་ན། བདེན་གྲུབ་ཡིན་པས་ཁྱབ་པར་ཐལ་ཏེ། བདག་ཡིན་ན་ཀུན་གཞིའི་རྣམ་ཤེས་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་སེམས་ཙམ་པས། ཀུན་གཞི་བདག་ཏུ་འདོད་པ་དང༌། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་པ་སྒྲ་དྲང་ཐད་དུ་ཁས་ལེན་པ་ཇི་ལྟར་མི་འགལ། གཞན་ཡང་མངོན་པ་ཀུན་ལས་བཏུས་པར། བདག་འགོག་གི་རིགས་པ་གསུངས་པ་དང་ཇི་ལྟར་མི་འགལ། ཉོན་ཡིད་ཀྱིས་བདག་ཏུ་སེམས་པས་བདག་ཡིན་དགོས་ན། དབུས་མཐར། དོན་དང་སེམས་ཅན་བདག་རྣམ་རིག །རབ་ཏུ་སྐྱེའོ་དེ་དོན་མེད། །ཅེས་གསུངས་པ་དང་འགལ། གཞན་ཡང་སྔོན་པོ་ཕྱི་རོལ་གྱི་དོན་དུ་ཐལ། ཀུན་གཞི་བདག་ཏུ་ཐལ། དེས་དེར་ཞེན་པའི་ཕྱིར། གང་ཟག་གི་བདག་འཛིན་གྱི་དམིགས་པ་གང་ཡིན་པ་དེ་ཡང༌། གང་ཟག་གི་བདག་ཏུ་ཐལ། དེས་དེར་ཞེན་པའི་ཕྱིར། མཁས་པ་གསུམ་པོ་དེའི་ལུགས་ལ། དེ་རྣམས་ཆོས་ཅན། སྐྱེས་བུ་དང་སེམས་ཅན་སོགས་སུ་ཐལ། ཚད་མས་གྲུབ་པའི་བདག་ཡིན་པའི་ཕྱིར། ཁྱད་པར་ལེགས་ལྡན་འབྱེད་ཀྱི་དགོངས་པ་ནི། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །ཞེས་པའི་མདོ་འདིའི་དགོངས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་སྟོན་ཏེ། མདོར་བདག་ཅེས་བྱ་བའི་དགོངས་གཞི་རྣམ་པར་ཤེས་པ་ལ་དགོངས་ཏེ། མདོ་གཞན་ལས། སེམས་དུལ་བ་ནི་བདེ་བར་འདྲེན། །ཞེས་གསུངས་པ་ཤེས་བྱེད་དུ་བྱས་པས་དེ་དེ་ལ་དགོངས་པ་ཡིན་ཏེ། རྣམ་པར་ཤེས་པ་ལ་བདག་གི་སྒྲ་འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། རྒྱུ་མཚན་ཡོད་དེ། ཡང་སྲིད་ལེན་པའི་ཕྱིར། དགོས་པ་ཡོད་དེ་བདག་ཏུ་སྨྲ་བ་རིམ་གྱིས་དྲང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི་བདག་མ་ཡིན་ཏེ། ཚད་མས་གྲུབ་པའི་ཕྱིར། དེ་ལྟར་ན། མཛོད་འགྲེལ་ལས། བདག་ཏུ་མངོན་པར་བརྗོད་པ་འདི་ནི། ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་གི་བརྗོད་པར་བྱ་བ་གཞན་ལ་མ་ཡིན་ནོ། །ཞེས་དང༌། སའི་དངོས་གཞི་ལས། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་མར་འཛིན་པ་ཆོས་ཤེས་བྱ། །ཞེས་དང༌། རྒྱུ་གསུམ་རྣམ་ངེས་ལས། ཁ་ཡར་བ་དང་ཚོགས་པ་ཞེས། །བཏགས་ཡོད་ཕུང་པོ་ལྔ་ཡི་རྒྱུན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །ས་བོན་ཀུན་གཞིའི་རྣམ་ཤེས་ཀྱི། །རྒྱུན་ནི་གང་ཟག་ཡིན་པར་འདོད། །ཅེས་དང༌། འཇུག་པར། འདི་ནི་ཕུང་པོ་རྣམ་བརྟེན་འགྲུབ་པར་འགྱུར། །ཞེས་གསུངས་པ་ཐམས་ཅད་ཀྱང་གང་ཟག་གི་བདག་བཏགས་པ་ཙམ་ཡིན་པ་དེའི་མཚན་གཞི་འཛིན་པ་ཡིན་གྱི། དེ་དག་བདག་ཡིན་པ་ཚད་གྲུབ་ཏུ་བྱེད་ན། ཕུང་པོའི་སྟེང་ན་ཕྱི་རོལ་པས་འདོད་པའི་བདག་མེད་ཀྱང་ནང་པས་འདོད་པའི་བདག་ཡོད་པར་ཁས་བླངས་པས་བདག་ཏུ་སྨྲ་བའི་གཞུང་ཆེན་བཙུགས་པ་ཁྱོད་ཀྱིས་གཞུང་ལུགས་ལ་ཐོས་བསམ་བྱས་ཀྱང་ཀུན་བཏགས་ཀྱི་བདག་འཛིན་གོང་ནས་གོང་དུ་འཕེལ་བར་འགྱུར་ཞིང༌། ལྷན་སྐྱེས་ཀྱི་བདག་འཛིན་གྱི་ཞེན་ཡུལ་འཐད་ལྡན་དུ་བསྒྲུབས་པས། དབུ་མའི་ཟོལ་གྱིས་བསྟན་པའི་བདག་མེད་རྟོགས་པའི་ཤེས་རབ་འགོག་དགོས་སོ། །ཁྱད་པར་སེམས་ཙམ་པ་ལྟར་ན། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་འབྱིན་མི་ནུས་པར་ཐལ། དེའི་ཞེན་ཡུལ་ཡོད་པའི་ཕྱིར་ཏེ། ཀུན་གཞི་དེ་ཉོན་ཡིད་ཀྱི་ཞེན་སྟངས་སུ་གྱུར་པའི་ང་དེ་ཡིན་པའི་ཕྱིར། དེའི་ཕྱིར་ཀུན་གཞི་ང་མིན་བཞིན་དུ། དེས་དེར་ཞེན་པས་ཞེན་ཡུལ་ལ་ལོག་པའི་ཤེས་པར་གྲུབ་པ་ཡིན་ནོ། །གཞན་དུ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ལ་འགོག་སྙོམས་ཀྱི་དུས་སུ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་ཡིད་ཀྱི་ཞེན་ཡུལ་བཀག་པས་ན། ཀུན་གཞིའི་རྣམ་ཤེས་བཀག་པར་ཐལ་ཆེས་སོ། །འདིར་སྨྲས་པ། བདག་ཏུ་འཛིན་པས་བདག་ལ་དམིགས་གཏད་པའི། །བདག་དེ་བཅིང་གྲོལ་ཀུན་གྱི་བྱེད་པོར་སྨྲ། །གྲངས་ཅན་གཞུང་དང་ཁྱད་པར་མ་རྙེད་པའི། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །གང་ལ་བདག་ཏུ་འཛིན་པས་བཟུང་གྱུར་པའི། །བདག་དེ་ཕུང་པོའི་སྟེང་དུ་གྲུབ་གྱུར་ན། །བདག་ལྟ་ཡུལ་གྱི་གནས་ལ་ཞུགས་པའི་ཕྱིར། །བདག་མེད་རྟོགས་པའི་ཤེས་རབ་ཇི་ལྟར་བསྐྱེད། །འཇིགས་ཚོགས་གནས་ལ་བདག་ཏུ་རྟོག་པ་དེ། །ཉེས་ཀུན་སྐྱེད་བྱེད་འཇིག་ལྟ་མིན་གྱུར་ན། །རྒྱ་ཆེན་གཞུང་ལུགས་གཞན་དང་མི་མཐུན་ཞིང༌། །བདག་ཙམ་བདེན་མེད་རྟོགས་པས་གྲོལ་ནུས་ན། །མོ་གཤམ་བུ་ལའང་ཅི་ཕྱིར་ཐལ་མི་འགྱུར། །ཟབ་མོ་དབུ་མའི་གཞུང་ལུགས་ཀུན་དང་འགལ། །བདག་ལ་བདེན་པར་རྟོག་པས་འཆིང་ནུས་ན། །བདག་ལ་བདག་ཏུ་རྟོག་པས་ཅིས་མི་འཆིང༌། །ང་དང་ང་ཡིར་ཞེན་པའི་རྣམ་པ་ཅན། །ཐོག་མེད་དུས་ནས་འཁྲུངས་པའི་རྨོངས་ཆེན་འདི། །ཉེས་པའི་རྩ་བ་མིན་པར་སྒྲོགས་བྱེད་ཅིང༌། །བརྟེན་ནས་བཏགས་པའི་བདག་འདི་བདེན་ནོ་ཞེས། །གྲུབ་མཐས་བཏགས་པའི་ཉེས་པའི་ཆ་ཤས་ཙམ། །ཉེས་པའི་ཚོགས་ཀྱི་འབྱུང་ཁུངས་ཡིན་པར་སྨྲ། །འདི་ནི་ཐར་པའི་རྩ་བ་འགོག་བྱེད་ཅིང༌། །འཁོར་བའི་རྩ་བ་སྒྲུབ་པའི་གསང་ཚིག་ལགས། །གཞན་ལ་དམིགས་ནས་བདག་ཏུ་རྟོག་པའི་བློ། །འབྱུང་ཞེས་སྒྲོགས་པ་སྨྱོན་པའི་གསང་ཚིག་སྟེ། །གཞན་ལ་བདག་མེད་བསྒོམས་པས་བདག་ལྟ་བ། །སྤོང་ཞེས་སྨྲ་བ་ཟླ་བའི་བཞེད་གད་གནས། །ཞེས་སྨྲ་བ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཟླ་བའི་ཞབས་ཀྱིས་བདག་གསུངས་པ་ལྟ་བུར་སྣང་བའི་དགོངས་པ་ནི། འདི་ལྟ་སྟེ། གོང་དུ་བདག་བཀག་པ་ལ། བདག་སྨྲ་བས། སྨྲས་པ། བདག་མེད་ན་སངས་རྒྱས་ཀྱི་མདོ་ལས་བདག་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་དགོངས་པ་ཅན་ཡིན་པའི་ཕྱིར། དགོངས་གཞི་ནི་ཕུང་པོ་ཚོགས་ཙམ་ལ་བཏགས་པའི་གང་ཟག་ལ་དགོངས་ལ། དགོངས་པ་ལྟར་བདག་ནི་མ་ཡིན་ཏེ། རང་གི་ཡན་ལག་ལ་བཏགས་པའི་བཏགས་ཡོད་ཙམ་ཡིན་པའི་ཕྱིར། རང་གི་གདགས་གཞི་དེའི་སྟེང་དུ་བཙལ་ན་མི་རྙེད་པའི་ཕྱིར། ཞེས་ཤིང་རྟའི་དཔེ་དང་བཅས་ནས་གསུངས་སོ། །ཇི་སྐད་དུ། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །ཞེས་བརྗོད་ནས། ལན། གང་ཕྱིར་སྟོན་པས་བདག་དེ་ས་ཆུ་མེ། །རླུང་དང་ནམ་མཁའ་རྣམ་ཤེས་ཞེས་བྱ་བའི། །ཁམས་དྲུག་དག་དང་མིག་སོགས་རེག་པ་ཡི། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ཉེར་བསྟན་ཅིང༌། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །དེས་གསུངས། ནས་དེ་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །ཞེས་དང༌། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །འདིའི་དཔེ་ལ་འཕྲོས་ནས། བཏགས་པ་ཙམ་གྱི་བདག་འདི་བདག་ཏུ་འཁྲུལ་གཞི་ཡིན་པ་ལ་དགོངས་ནས། བདག་ཏུ་གསུངས་པར་ཟད། བུམ་སོགས་རང་གི་ཆ་ཤས་ལ་བཏགས་པའི་དངོས་པོ་རྣམས་ཆོས་ཀྱི་བདག་ཏུ་བཟུང་བའི་གཞི་དང༌། དེ་ལ་དགོངས་ནས་གསུངས་ཚུལ། དེ་ལ་ཀུན་རྫོབ་ཀྱི་རྣམ་བཞག་འཐད་ཚུལ་རྣམས་གསུངས་སོ། །དགོས་པ་ནི་བཏགས་པ་ཙམ་གྱི་གང་ཟག་དེ་ལ་བདག་ཏུ་བཏགས་ནས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་གྱི་གྲགས་པས་འགྲུབ་པ་དང༌། དེ་ཁོ་ན་ཉིད་ལ་མྱུར་དུ་འཇུག་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །ཞེས་སོ། །དངོས་ལ་གནོད་བྱེད་བཏགས་པ་ཙམ་གྱི་ང་ཙམ་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྱི་བདག་མིན་ཏེ། རང་བཞིན་གྱིས་དངོས་པོར་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། དངོས་ཡོད་མིན་ཕྱིར་འདི་ནི་བརྟེན་མིན་ཞིང༌། །ཞེས་སོགས་སོ། །འོ་ན་བདག་མེད་ན་བདག་ཏུ་འཛིན་པ་འདི་གང་ལས་བྱུང་ཞེ་ན། གཏི་མུག་ལས་ཞེས་སྟོན་པ་ནི། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །ཞེས་སོགས་སོ། །འདི་དག་གི་ལུང་ནི་བཙལ་བར་བྱའོ། །དེའི་ཕྱིར་བདག་མེད་ཅིང་དེས་བཏགས་པའི་བདག་གི་བ་ཡང་མེད་པའི་ཕྱིར། བདག་མེད་རྟོགས་པས་གྲོལ་བར་འགྱུར་རོ་ཞེས་སྟོན་པ་ནི། དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །ཞེས་སོགས་སོ། །དེ་ལྟ་ན་བདག་གི་བ་ཡང་མེད་པར་ཁས་བླངས་དགོས་སོ། །མངོན་པའི་ང་རྒྱལ་ཅན་གྱི་སྨྲ་བ་པོ་རང་སྡེ་མཐའ་དག ལས་འབྲས་ཀྱི་རྟེན་བདག་ཡོད་པར་མཐུན་ལ། མཚན་གཞི་ལ་མི་མཐུན་པ་ཙམ་མོ། །ཞེས་ཟེར་བ་འདི་དཔྱད་དགོས་ཏེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཁས་ལེན་པ་ནི་གཙོ་བོར་ཕྱི་རོལ་པ་སྟེ། ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོ་དང་བཅིངས་གྲོལ་ཀུན་གྱི་གཞིར་གྱུར་པའི་བདག་ཁས་ལེན་པའི་ཕྱིར། རང་སྡེ་ཉན་ཐོས་པ་དག་གིས་དེ་བཀག་ནས་ཆུད་མི་འཛའ་བ་དང༌། ཐོབ་པ་ཁས་ལེན་པར་བྱེད་དོ། །སེམས་ཙམ་པས་ཀུན་གཞི་ཁས་ལེན་པར་བྱེད་དོ། །དབུ་མ་པ་ཁ་ཅིག་ཕུང་པོའི་རྒྱུན་དང༌། འགའ་ཞིག་ཡིད་ཀྱི་རྒྱུན་དང༌། འགའ་ཞིག་ཐ་སྙད་དུ་ཀུན་གཞི་དང༌། འགའ་ཞིག་ང་ཙམ་བཞེད་དོ། །མངོན་པའི་ང་རྒྱལ་ཅན་ནི། འཇིག་ཚོགས་ལ་བརྟེན་ནས་བཏགས་པའི་ང་ཙམ་ལ་དམིགས་པའི་ཕྱིར་འཇིག་ལྟའོ། །ཞེས་ཟེར། འོ་ན་གང་ཟག་གཞན་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་རོ། །ཡང་བདག་འདི་ཉིད་བདག་ལྟའི་དམིགས་པ་ཡིན་པ་སྡེ་པ་གོང་འོག་རྣམས་ཀྱིས་མ་ཐོན་ནོ། །ཞེས་གསུངས་པ་དང༌། སེམས་ཙམ་པ་སོགས་ཀྱང་བདག་འཛིན་གྱིས་གང་ལ་དམིགས་པའི་གཞི་དེ་བདག་ཏུ་འདོད་དོ། །ཞེས་གསུངས་པ་དང་འགལ་ལོ། །བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན་བདག་ཡིན་དགོས་པར་བཞེད་པ་དང༌། གང་ཟག་གི་བདག་འཛིན་ལྷན་སྐྱེས་དང༌། ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ལ་དེ་མི་དགོས་པར་འགལ་ལོ། །དེ་གཉིས་ལ་ཆོས་དང་གང་ཟག་ཆོས་དང་གང་ཟག་གི་བདག་འཛིན་གྱི་ཞེན་སྟངས་ཀྱི་གཟུང་བྱ་མ་ཡིན་ན། བདག་འཛིན་དེ་མ་ཡིན་པར་ཐལ། དེ་དེའི་རྣམ་པར་ཡང་འདོད་ན། བདག་ཆོས་ཅན། མེད་པར་ཐལ། བདག་འཛིན་གྱི་རྣམ་པའི་ཡུལ་ཡིན་པའི་ཕྱིར། གསུམ་ཆར་རོ། །འཇིག་རྟེན་ལམ་གྱི་སྲིད་པའི་རྩེ་མོ་ལ། །ཆགས་བྲལ་བྱེད་པར་འདོད་པ་ནང་པའི་གཞུང༌། །གང་ནས་མེད་ཅིང་སོ་སོ་སྐྱེ་བོ་ལ། །རྣལ་འབྱོར་མངོན་སུམ་འདོད་པ་སེར་སྐྱའི་ལུགས། །ཟག་མེད་ལམ་གྱིས་བསྡུས་པའི་འཇིག་རྟེན་པ། །འདི་འདྲ་འདི་ཡང་རྒྱལ་བ་གཞན་གྱི་ལུགས། །དགྲ་བཅོམ་ཆགས་བྲལ་སྔོན་སོང་འདོད་ཅེས་པ། །འདི་ནི་སྔོན་མེད་ཤིང་རྟའི་སྲོལ་འབྱེད་ཡིན། །འཇིག་རྟེན་ལམ་གྱིས་མཐོང་སྤང་ཀུན་སྦྱོར་གསུམ། །འགོག་ཅེས་བཤད་པ་སངས་རྒྱས་ཆོས་ལ་མེད། །བདག་འཛིན་གཉིས་དང་དེས་བསྐྱེད་ཉེས་པའི་ཚོགས། །ཉོན་མོངས་སྒྲིབ་པ་ཁོ་ནར་ཁས་བླངས་ནས། །ཤེས་བྱའི་སྒྲིབ་པ་བཟུང་དུ་མེད་པ་ཡི། །ཐལ་འགྱུར་ལུགས་མཆོག་འདི་ཡང་ངོ་མཚར་ཆེ། །གཉེན་པོའི་ཚོགས་རྣམས་མ་ལུས་གཅིག་བསྡུས་ན། །གཞོམ་པར་སླ་བའི་ཉོན་མོངས་གཞོམ་ལ་སྒྲིམ། །ཤིན་ཏུ་བརྒལ་དཀའ་ཤེས་བྱའི་སྒྲིབ་པ་ལ། །གཉེན་པོའི་ངོས་བཟུང་མེད་པ་ཉན་ཐོས་ལུགས། །ཀླུ་སྒྲུབ་ཡབ་སྲས་གཉིས་དང་ཞི་བ་ལྷ། །སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་རྣམས་ཀྱི། །གཞུང་ལས་གཞན་པའི་བསྟན་བཅོས་མ་ལུས་སུ། །ཐམས་ཅད་མཁྱེན་པའི་ལམ་བཟང་སྨོས་ཅི་དགོས། །ཐར་པ་བསྒྲོད་པའི་ལམ་ཙམ་མ་བསྟན་ཕྱིར། །སྟོང་ཉིད་རྟོགས་པ་མེད་ན་ཕྱི་རོལ་པའི། །དྲང་སྲོང་ཇི་བཞིན་སྲིད་པའི་རྩེ་མོ་ལ། །ཆགས་བྲལ་མེད་པར་དཔལ་ལྡན་ཟླ་བས་བཤད། །དེ་དང་འདི་ཡི་འགལ་བ་ཇི་ལྟར་སྤོངས། །འདི་དག་ཐར་འདོད་འཇུག་པའི་སྒོ་མིན་ཞེས། །དམ་ཆོས་ཕལ་ཆེར་སྤངས་པའི་སྡིག་ཆེན་ལེན། །འགའ་ཞིག་དམན་པའི་ཐར་པར་འཇུག་པ་ཅི། །མུ་སྟེགས་གཞུང་གི་ཐར་པའི་རྗེས་འབྲངས་ནས། །སྲིད་པའི་རྩེ་མོར་ཕྱིན་ཅིང་འོག་མ་ལ། །ཆགས་བྲལ་ནུས་པར་མཁས་པའི་གཞུང་ལས་བཤད། །བྱེ་བྲག་སྨྲ་བའི་ཐར་པའི་ལམ་ཞུགས་པས། །སྲིད་རྩེ་ཙམ་ལ་ཆགས་བྲལ་མི་ནུས་ན། །ཕྱི་རོལ་གཞུང་དང་ནང་པའི་གཞུང་ལུགས་ཀྱི། །ཐོབ་བྱའི་ཁྱད་པར་གང་ཡིན་སྨྲ་བར་རིགས། །དབུ་མའི་ཐེག་པར་མ་ཞུགས་གང་ཟག་འགས། །ཐར་པ་ཙམ་ཡང་ཐོབ་པའི་སྐབས་མེད་ན། །ཀུན་ཀྱང་ཐེག་པ་ཆེན་པོར་རིགས་གཅིག་པས། །ཡང་ན་དམན་པའི་ཐེག་པ་མེད་པར་འགྱུར། །དབུ་མའི་གཞུང་ལུགས་འགའ་དང་སེམས་ཙམ་གཞུང༌། །ཉན་ཐོས་གཞུང་ལུགས་ཀུན་གྱིས་མགྲིན་གཅིག་ཏུ། །བདག་མེད་ཐོབ་པའི་ཐབས་ཙམ་མི་སྟོན་པར། །མཚུངས་ན་གོང་འོག་ལྟ་བའི་ཁྱད་པར་གང༌། །གྲུབ་མཐའ་བཞི་པོ་ལྟ་བས་མི་བྱེད་པར། །ཐལ་རང་ལྟ་བས་འབྱེད་པར་བྱེད་དོ་ཞེས། །སྨྲ་བ་འདི་ཡིས་རང་གི་འདོད་པ་ཡི། །དེ་ཉིད་སྟོན་གྱི་ཤིང་རྟའི་སྲོལ་དང་འགལ། །རྒྱལ་བ་འདས་ཚུལ་བསྟན་ནས་རིང་ཤིག་ཏུ། །ཐེག་པ་ཆེན་པོའི་མིང་ཙམ་མེད་པར་ཡང༌། །ཉན་ཐོས་བསྟན་པ་འབའ་ཞིག་དར་ཞིང་རྒྱས། །དུས་དེར་ཐར་འདོད་རྣམས་ཀྱིས་འཇུག་ངོགས་གང༌། །གང་ཞིག་ཉམས་སུ་བླངས་པས་གྲོལ་བ་ཐོབ། །ཀླུ་སྒྲུབ་གཞུང་གི་རྟགས་ཀྱི་དགག་བྱ་ཡི། །མཐར་ཐུག་ཚད་མས་གྲུབ་ཅིང་ལོག་ཕྱོགས་ལ། །རིགས་པའི་གནོད་བྱེད་འཕེན་ཅིང་དབུ་མ་པར། །ཁས་ལེན་སེམས་ཙམ་ཡིན་གྱི་ལེགས་ལྡན་སོགས། །ཡིན་ལུགས་སྟོན་པར་རྒྱལ་བས་ལུང་བསྟན་པ། །ཚུལ་བཞིན་བརྙེས་པའི་མཁས་རྣམས་ག་ལ་ཡིན། །ཆོས་རྣམས་ངོ་བོ་ཉིད་ཀྱིས་ལེགས་གྲུབ་ཅིང༌། །རང་བཞིན་གྲུབ་ཅིང་རང་གི་མཚན་ཉིད་ཀྱིས། །རབ་ཏུ་གྲུབ་པའི་གཞུང་ཆེན་ལེགས་བཙུགས་ནས། །མཐའ་དག་བདེན་པར་ཡོད་ཅེས་འདོད་པ་ཡི། །དབུ་མའི་གཞུང་ལུགས་འདི་དང་འདི་དག་གི །ཆོས་ལྟར་བཅོས་ནས་ཆོས་མིན་སྟོན་ནོ་ཞེས། །ཡང་ཡང་སྒྲོགས་པའི་གླེགས་བམ་མང་མཐོང་ཚེ། །དཔྱོད་མེད་དང་ལྡན་མང་པོས་འཕགས་རྣམས་ལ། །སྐུར་པ་བཏབ་ཅིང་ཚད་ལྡན་མཁས་པའི་གཞུང༌། །རྩྭ་བཞིན་དོར་ནས་རང་བཟོའི་ཚོགས་ཆེན་ལ། །ཉིན་མཚན་ཀུན་དུ་འབད་པས་རབ་བསྒྲིམས་ཀྱང༌། །རང་བཞིན་གྱིས་གྲུབ་བདེན་པར་མེད་དོ་ཞེས། །ནང་འགལ་ཁུར་གྱིས་རིང་ནས་དུབ་པ་ཡི། །ཡོངས་རྫོགས་ཤིང་རྟའི་སྲོལ་འབྱེད་ག་ལ་སྲིད། །ངོ་བོ་ཉིད་དང་རང་བཞིན་རང་མཚན་སོགས། །ཐ་སྙད་སྟོན་པའི་གཞུང་གིས་ཀླུ་སྒྲུབ་ཀྱི། །རྟགས་ཀྱི་དགག་བྱ་སྟོན་པ་ག་ལ་ཡིན། །ཅི་སྟེ་ཡིན་ན་ཟླ་བའི་ཞབས་ཀྱིས་ཀྱང༌། །རང་གི་མཚན་ཉིད་རང་བཞིན་ངོ་བོ་ཉིད། །སྟོང་ཉིད་གསུམ་གྱི་སྟོང་གཞིའི་ཆོས་ཅན་ལ། །རང་བཞིན་ངོ་བོ་ཉིད་སོགས་གསུངས་རིགས་ཀྱི། །ལེགས་པར་བསྒྲུབས་ཤིང་དེའི་ལོགས་ཕྱོགས་ལ། །གནོད་བྱེད་མང་དུ་བསྟན་པ་གཟིགས་ལགས་སམ། །དེ་ཕྱིར་ཐལ་རང་གཞུང་གི་གྲུབ་མཐའ་ལ། །མི་འདྲའི་རྣམ་དབྱེ་མང་དུ་ཡོད་མོད་ཀྱང༌། །ཀླུ་སྒྲུབ་ཞབས་ཀྱིས་གཟིགས་པའི་ལྟ་བ་དེ། །རྙེད་དང་མ་རྙེད་རྣམ་དབྱེ་བྱར་མི་རུང༌། །སྟོང་ཉིད་བག་ཆགས་གོམས་པའི་སྐྱེ་བོ་ལ། །མཐར་ཐུག་ལྟ་བའི་ངེས་པ་བསྐྱེད་ཚུལ་ལ། །ཐལ་འགྱུར་ལུགས་འདི་ཤིན་ཏུ་བསྔགས་མོད་ཀྱང༌། །འགའ་ཞིག་ཆད་པའི་གནས་སུ་ལྷུང་བའི་དོགས། །མཚན་འཛིན་རིང་ནས་གོམས་པའི་སྐྱེ་བོ་འགའ། །དབུ་མར་རིམས་ཀྱིས་བཀྲི་བའི་ཐབས་ཚུལ་ལ། །རང་རྒྱུད་ལུགས་མཆོག་ཁྱད་པར་འཕགས་མོད་ཀྱང༌། །ལ་ལ་རྟག་པའི་གནས་སུ་ལྷུང་བའི་དོགས། །ད་ལྟ་མཁས་པར་རློམ་པའི་སྐྱེ་བོ་འགའ། །རང་རྒྱུད་བདེན་སྨྲའི་གནས་སུ་རབ་བསྐྱལ་ཞིང༌། །སྔོན་ཆད་ཐལ་འགྱུར་སྨྲ་རྣམས་ཆད་པར་འཕངས། །རང་གི་ཐལ་འགྱུར་རྟགས་པའི་གནས་སུ་བསྒྲུབས། །ཞེས་བྱ་བ་འདི་ནི་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་རང་ལོ་སོ་གཉིས་པ་ལ་གསང་ནེའུ་ཐོག་ཏུ་སྨྲས་པའོ།། །།མངྒ་ལཾ་བྷ་ཝནྟུ།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply