དབུ་མ་རྩ་བའི་རྣམ་བཤད་སྐལ་བཟང་འཇུག་ངོགས། ག ༽

མོ་གཤམ་གྱི་བུ་གཉིས་ཀྱང་ཕན་ཚུན་སྐྱེད་པར་ཐལ་ལོ། །གསུམ་པ་ནི། གལ་ཏེ་འབྲས་བུ་སྟོང་པའི་རྒྱུས་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ། ཆུ་ལས་མར་མི་འབྱུང་བ་བཞིན་ནོ། །གལ་ཏེ་འབྲས་བུ་མི་སྟོང་པའི་རྒྱུས་ཀྱང་ཇི་ལྟར་སྐྱེད་པར་བྱེད་དེ། འབྲས་བུ་ཡོད་པ་སླར་ཡང་མི་སྐྱེ་བའི་ཕྱིར། གཉིས་པ་འབྲས་ཕྱོགས་ནས་དགག་པ་ལ། རང་བཞིན་གྱིས་སྟོང་མི་སྟོང་གི་འབྲས་བུ་གང་རྒྱུས་སྐྱེད་པའི་ནུས་པ་དགག འབྲས་བུ་རྒྱུས་ཇི་ལྟར་སྐྱེད་པའི་ཚུལ་ལ་བརྟགས་ནས་དགག སླར་ཡང་ངོ་བོ་ཉིད་ཀྱིས་ཡོད་མེད་ཀྱིས་འབྲས་བུ་གང་རྒྱུས་སྐྱེད་པ་དགག དང་པོ་ནི། འབྲས་བུ་དེ་རང་བཞིན་གྱིས་མི་སྟོང་པའམ་སྟོང་པ་ཞིག་སྐྱེ། དང་པོ་ལྟར་ན། འབྲས་བུ་ཆོས་ཅན། སྐྱེ་བར་མི་འགྱུར་ཏེ། རང་བཞིན་གྱིས་མི་སྟོང་པས་རྟེན་འབྲེལ་དུ་མི་རུང་བའི་ཕྱིར། འབྲས་བུ་ཆོས་ཅན། འགག་པར་ཡང་མི་འགྱུར་རོ་སྟེ། རང་བཞིན་གྱིས་མི་སྟོང་པས་གཞན་དུ་འགྱུར་བ་མེད་པའི་ཕྱིར། དེས་ན་རང་བཞིན་གྱིས་མི་སྟོང་བའི་འབྲས་བུ་དེ་ནི་མ་འགག་པ་དང༌། མ་སྐྱེས་པར་ཡང་ཐལ་བར་འགྱུར་བ་ཡིན་པ་ལས་དེ་ལྟར་ཡང་ཁྱོད་ཀྱིས་འདོད་པ་མ་ཡིན་ནོ། །གཉིས་པ་ལྟར་ན། འབྲས་བུ་ཆོས་ཅན། ཇི་ལྟར་རང་བཞིན་གྱིས་སྐྱེ་བར་འགྱུར་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར། འབྲས་བུ་ཆོས་ཅན། ཇི་ལྟར་རང་བཞིན་གྱིས་འགག་པར་འགྱུར་ཏེ། རང་བཞིན་གྱིས་སྟོང་པའི་ཕྱིར། དེའི་ཕྱིར་རང་བཞིན་གྱིས་སྟོང་པ་དེ་ཡང་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་རོ། །གཉིས་པ་ལ། རྒྱུ་འབྲས་རང་བཞིན་གཅིག་པའི་ཚུལ་དུ་སྐྱེ་བ་དགག རྒྱུ་འབྲས་ངོ་བོ་ཐ་དད་པའི་ཚུལ་དུ་སྐྱེ་བ་དགག དང་པོ་ནི། རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་ན། རྒྱུ་འབྲས་རང་བཞིན་གྱིས་གཅིག་གམ་ཐ་དད། དང་པོ་ལྟར་ན། རྒྱུ་དང་འབྲས་བུ་རང་བཞིན་གྱིས་གཅིག་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་རོ་སྟེ། རྒྱུ་དང་འབྲས་བུ་རང་བཞིན་གཅིག་ཉིད་ཡིན་ན་བསྐྱེད་བྱ་མྱུ་གུ་དང་སྐྱེད་བྱེད་ས་བོན་རང་བཞིན་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། གལ་ཏེ་གཉིས་པ་ལྟར་ན། རྒྱུ་དང་འབྲས་བུ་རང་བཞིན་གཞན་ཉིད་དུ་ནམ་ཡང་འཐད་པར་མི་འགྱུར་རོ་སྟེ། རྒྱུ་དང་འབྲས་བུ་རང་བཞིན་གྱིས་གཞན་ཉིད་ཡིན་ན་རྒྱུ་དང་རྒྱུ་མིན་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། གཞན་ཡང༌། འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པའམ། མེད་པ་གང་སྐྱེད། དང་པོ་ལྟར་ན། འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་ན་རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད་དེ། སྐྱེད་མི་དགོས་པའི་ཕྱིར་རོ། །འབྲས་བུ་ངོ་བོ་ཉིད་ཀྱིས་མེད་ནའང་རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད་དེ། བོང་བུའི་རྭ་བཞིན་ནོ། །ཅི་སྟེ་གཟུགས་བརྙན་གྱིས་མ་ངེས་སོ་ཞེ་ན། དེ་ལྟ་ཡིན་ན་དངོས་པོ་རང་བཞིན་གྱིས་མེད་པར་གྲུབ་བོ་ཞེས་འགྲེལ་པར་གསུངས་སོ། །འདི་དང་སྔ་མ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །ཞེས་པ་མི་ཟློས་པ་ནི་འདི་རྒྱུ་ཕྱོགས་དང༌། སྔ་མ་འབྲས་ཕྱོགས་ཀྱིས་ཁྱད་པར་ཡོད་པས་མི་ཟློས་སོ་ཞེས་འགྲེལ་པས་འཆད་དོ། །གཉིས་པ་རྒྱུ་ཉིད་མི་འཐད་པར་བསྟན་པ་ལ། དངོས་དང༌། རྒྱུའི་སྒྲུབ་བྱེད་དུ་འབྲས་བུ་རང་བཞིན་གྱིས་གྲུབ་པ་མི་འཐད་པར་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱུས་འབྲས་བུ་སྐྱེད་པ་བཀག་མོད། རྒྱུ་ནི་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར་ཞེ་ན། དེ་ལྟ་ན་རྒྱུར་འདོད་པ་དེ་ཆོས་ཅན། རྒྱུ་ཉིད་དུ་འཐད་པར་མི་འགྱུར་ཏེ། འབྲས་བུ་སྐྱེད་པར་བྱེད་པ་མིན་ན་སྟེ་དེའི་ཕྱིར། གཉིས་པ་ནི། འབྲས་བུ་ནི་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར། དེས་ན་རྒྱུ་ཡང་ཡོད་དོ་ཞེ་ན། འབྲས་བུ་ཆོས་ཅན། རྒྱུ་གང་གི་འབྲས་བུ་ཡིན་པར་འགྱུར་ཏེ། རྒྱུ་ཉིད་འཐད་པ་ཡོད་པ་མ་ཡིན་ན་སྟེ་དེའི་ཕྱིར་རོ། །གཉིས་པ་རིགས་པ་གཞན་བསྟན་པ་ལ། ཚོགས་པས་རང་གི་བདག་ཉིད་མི་སྐྱེད་པ་ལ་བརྟགས་ནས་འབྲས་བུ་སྐྱེད་པ་དགག འབྲས་བུ་སྐྱེད་པའི་བྱ་བ་ཁེགས་པ་ན་ཚོགས་པ་ཉིད་ཀྱང་ཁེགས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱུ་འབའ་ཞིག་འབྲས་བུ་སྐྱེད་པ་པོ་མ་ཡིན་གྱིས་རྒྱུ་དང་རྐྱེན་ཚོགས་པས་འབྲས་བུ་སྐྱེད་དོ་ཞེ་ན། རྒྱུ་རྣམས་དང་ནི་རྐྱེན་དག་གི་ཚོགས་པ་གང་ཡིན་དེ་ཡིས་ནི་རང་གིས་རང་སྐྱེད་དམ་མི་སྐྱེད། ཚོགས་པ་བདག་གིས་བདག་ཉིད་ནི་མི་སྐྱེད་དེ། དོན་མེད་པའི་ཕྱིར་དང༌། རང་ལ་བྱེད་པ་འགལ་བའི་ཕྱིར། ཚོགས་པ་ཆོས་ཅན། རང་གི་བདག་ཉིད་མི་སྐྱེད་ན་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ། མོ་གཤམ་གྱིས་བུས་རང་གི་སྐྱེད་ན་གཞན་མི་སྐྱེད་པ་བཞིན་ནོ། །དེའི་ཕྱིར་ཚོགས་པས་བྱས་པའི་འབྲས་བུ་མེད་དོ། །གལ་ཏེ་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡོད་དོ་ཞེ་ན། ཚོགས་མིན་གྱིས་བྱས་པའི་འབྲས་བུ་ཡང་མེད་དེ། གང་གི་ཚེ་ཚོགས་པས་བྱས་པའི་འབྲས་བུ་མེད་པ་དེའི་ཚེ་ནའོ། །གཉིས་པ་ནི། གལ་ཏེ་འབྲས་བུ་མེད་མོད་རྒྱུ་རྐྱེན་ཚོགས་པ་ཉིད་ཡོད་ལ། དེ་ཡོད་པ་ན་འབྲས་བུ་ཡང་ཡོད་པར་འགྱུར་རོ་ཞེ་ན། འབྲས་བུ་ཡོད་པ་མ་ཡིན་ན་རྒྱུ་རྐྱེན་གྱི་ཚོགས་པ་ག་ལ་ཡོད་དེ། རྐྱེན་དུ་འཇོག་བྱེད་མེད་དགོས་པས་སོ། །གཉིས་པ་ནི། ཚོགས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉི་ཤུ་པ་རྣམ་པར་བཤད་པའོ།།  །།ཚོགས་པ་དང་ནི་རྒྱུ་ཉིད་ཀྱིས། །འབྲས་བུ་ཇི་ལྟར་སྐྱེད་པ་ལ། །རྣམ་པར་བརྟགས་ན་བྱ་བ་དང༌། །རྒྱུ་ཚོགས་ཉིད་ཀྱང་ཡོད་མིན་པའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་སྒྲུབ་བྱེད་དགག་པ་ལ། དུས་ཚོགས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དུ་འབྱུང་འཇིག་དང་དེའི་རྒྱུན་རང་བཞིན་གྱིས་གྲུབ་པ་དགག དེའི་ཡང་སྒྲུབ་བྱེད་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ་རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ནི། གལ་ཏེ་དུས་རང་བཞིན་གྱིས་ཡོད་དེ། འབྲས་བུ་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། དེ་དགག་པ་ལ། འབྱུང་འཇིག་རང་བཞིན་གྱིས་གྲུབ་པའི་བསྒྲུབ་བྱ་དང་སྒྲུབ་བྱེད་ལ་བརྟགས་ནས་དགག མ་བརྟགས་པར་འབྱུང་འཇིག་རང་བཞིན་གྱིས་གྲུབ་པ་ལ་གནོད་བྱེད་བསྟན་པའོ། །དང་པོ་ལ། བསྒྲུབ་བྱ་ལ་བརྟགས་ནས་དགག སྒྲུབ་བྱེད་ལ་བརྟགས་ནས་དགག དང་པོ་ལ། འབྱུང་འཇིག་ལྷན་ཅིག་ཡིན་མིན་བརྟགས་ནས་དགག འབྱུང་འཇིག་གང་ལ་ཡོད་བརྟགས་ནས་དགག འབྱུང་འཇིག་གཅིག་དང་ཐ་དད་བརྟགས་ནས་དགག དང་པོ་ལ། དམ་བཅའ་བཞག སྒྲུབ་བྱེད་བཤད། དོན་བསྡུ་བའོ། །དང་པོ་ནི། འཇིག་པ་ནི་འབྱུང་བ་མེད་པར་རམ་ལྷན་ཅིག་ཏུ་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ཡང་འཇིག་པ་མེད་པར་རམ་ལྷན་ཅིག་ཏུ་ཡོད་པ་ཉིད་མ་ཡིན་ནོ། །གཉིས་པ་ལ། འཇིག་པ་འབྱུང་བ་དང་ལྷན་ཅིག་ཡིན་མིན་བརྟགས་ནས་དགག འབྱུང་བ་འཇིག་པ་དང་ལྷན་ཅིག་ཡིན་མིན་བརྟགས་ནས་དགག དང་པོ་ལ་དམ་བཅའ་དང་པོ་སྒྲུབ་པ་ནི། འཇིག་པ་ཆོས་ཅན། འབྱུང་བ་སྟེ་སྐྱེ་བ་མེད་པར་ནི་ཁྱོད་ཇི་ལྟར་བུར་ན་ཡོད་པར་འགྱུར་ཏེ། དེ་མེད་པར་ཁྱོད་ཡོད་ན་སྐྱེ་བ་མེད་པར་འཆི་བར་འགྱུར་དགོས་པ་ཡིན་པའི་ཕྱིར། དེས་ན་འཇིག་པ་ནི་འབྱུང་བ་མེད་པར་མེད་དོ། །དམ་བཅའ་གཉིས་པ་སྒྲུབ་པ་ནི་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། འཆི་བ་དང་སྐྱེ་བ་དུས་གཅིག་ཏུ་ཡོད་པ་ཉིད་ནི་མ་ཡིན་ནོ་སྟེ་དེའི་ཕྱིར། གཉིས་པ་ལ། དམ་བཅའ་དང་པོ་སྒྲུབ་པ་ནི། འཇིག་པ་མེད་པར་ནི་འབྱུང་བ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་ནོ་སྟེ་དེའི་ཕྱིར། དམ་བཅའ་གཉིས་པ་སྒྲུབ་པ་ནི་འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། སྐྱེ་བ་དང་འཆི་བ་དུས་གཅིག་ཏུ་ནི་ཡོད་པ་མ་ཡིན་ནོ་སྟེ་དེའི་ཕྱིར་རོ། །གསུམ་པ་ནི། འབྱུང་འཇིག་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ། གང་དག་ཕན་ཚུན་ལྷན་ཅིག་གམ་ལྷན་ཅིག་མ་ཡིན་པ་སྔ་ཕྱིར་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། ཟད་མ་ཟད་ཀྱི་རྟེན་ལ་འབྱུང་འཇིག་དགག དངོས་པོའི་རྟེན་ལ་འབྱུང་འཇིག་དགག སྟོང་མི་སྟོང་གི་རྟེན་ལ་འབྱུང་འཇིག་དགག་པའོ། །དང་པོ་ནི། འབྱུང་འཇིག་རང་བཞིན་གྱིས་གྲུབ་ན་དངོས་པོ་ཟད་པའི་ཆོས་ཅན་ལ་ཡོད་དམ། མ་ཟད་པའི་ཆོས་ཅན་ལ་ཡོད། དང་པོ་ལྟར་ན། དངོས་པོ་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་ཏེ། ཟད་ན་འབྱུང་བ་འགལ་བའི་ཕྱིར། དངོས་པོ་ཟད་པ་ལ་འཇིག་པའང་ཡོད་པ་མ་ཡིན་ཏེ། འཇིག་པའི་རྟེན་མེད་པའི་ཕྱིར། གཉིས་པ་ལྟར་ན། དངོས་པོ་མ་ཟད་པ་ལའང་འབྱུང་བ་མེད་དེ། དངོས་པོ་མ་ཟད་པ་རང་བཞིན་གྱིས་གྲུབ་པ་ནི་དང་པོ་ནས་མི་འཇིག་པ་ཡིན་དགོས་ལ་དེ་ལྟ་ན་དངོས་པོར་མེད་པའི་ཕྱིར། དངོས་པོ་མ་ཟད་པ་ལའང་འཇིག་པ་མེད་དེ། དངོས་པོར་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། དེ་གཉིས་ཀྱི་རྟེན་དངོས་པོ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། འབྱུང་བ་དང་འཇིག་པ་དང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྟེན་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་བྱ་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །དེའི་རྒྱུ་མཚན་ནི། ཁྱབ་བྱེད་འབྱུང་བ་དང་འཇིག་པ་རང་བཞིན་གྱིས་མེད་པར་ནི་གོང་དུ་བསྟན་ཟིན་པས་སོ། །ཤེས་རབ་སྒྲོན་མར། འབྱུང་འཇིག་དོན་དམ་པར་མེད་པར་དངོས་པོ་དོན་དམ་པར་ཡོད་པ་མ་ཡིན་ཏེ། དངོས་པོ་ནི་འབྱུང་འཇིག་གི་བདག་ཉིད་ཡིན་པའི་ཕྱིར། དེ་བཞིན་དུ། དངོས་པོ་ཡོད་པ་མ་ཡིན་པར་འབྱུང་འཇིག་ཡོད་པ་མ་ཡིན་ཏེ། རྟེན་བརྟེན་པ་ཡིན་པའི་ཕྱིར། ཞེས་ཕྱེད་གོང་མ་འོག་ཏུ་འཆད་དོ། །གསུམ་པ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་ན། རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ལ་བརྟེན་ནམ། མི་སྟོང་པ་ལ་བརྟེན་ཞེས་བརྟགས་ནས་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ། འབྱུང་བ་དང་འཇིག་པ་རང་བཞིན་གྱིས་གྲུབ་པ་དག་འཐད་པ་ཉིད་ནི་མ་ཡིན་ནོ་སྟེ་རྟེན་མེད་པའི་ཕྱིར། རང་བཞིན་གྱིས་མི་སྟོང་པ་ལ་ཡང་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་ནི་མ་ཡིན་ནོ་སྟེ། རང་བཞིན་གྱིས་གྲུབ་པ་ནི་འབྱུང་འཇིག་གི་རྟེན་དུ་མི་རུང་བའི་ཕྱིར། གསུམ་པ་ནི། རང་བཞིན་གྱིས་ཡོད་ན་ཡོད་ཚུལ་གཉིས་ལས་མི་འདའ་བས་འབྱུང་བ་དང་ནི་འཇིག་པ་དག་ངོ་བོ་གཅིག་པ་ཉིད་དུ་ནི་མི་འཐད་དོ་སྟེ། འགལ་བའི་ཕྱིར། སྣང་མུན་བཞིན་ནོ། །འབྱུང་བ་དང་ནི་འཇིག་པ་དག་རང་བཞིན་གཞན་ཉིད་དུ་ཡང་མི་འཐད་དོ་སྟེ་ཕན་ཚུན་མི་འགྲུལ་བའི་ཕྱིར། གཉིས་པ་ལ། མཐོང་བ་སྒྲུབ་བྱེད་མིན་པར་བསྟན། དེའི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། གལ་ཏེ་ཞིབ་མོར་དཔྱད་པ་འདིས་ཅི་ཞིག་བྱ། འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། བ་ལང་རྫི་དང་བུད་མེད་ཡན་ཆད་ཀྱི་འབྱུང་འཇིག་རང་བཞིན་གྱིས་གྲུབ་པར་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེ་ན། འབྱུང་བ་དང་ནི་འཇིག་པ་དག་རང་བཞིན་གྱིས་གྲུབ་པར་འཇིག་རྟེན་པས་མཐོང་ངོ་སྙམ་དུ་ཁྱོད་སེམས་ན་སྒྲུབ་བྱེད་མ་ངེས་ཏེ། འབྱུང་བ་དང་ནི་འཇིག་པ་དག་གཏི་མུག་ཉིད་ཀྱིས་བློ་འཁྲུལ་ནས་མཐོང་བ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་ལ་སོགས་མཐོང་བ་བཞིན་ནོ། །གཉིས་པ་ལ། འབྱུང་འཇིག་རྒྱུ་རིགས་མཐུན་མི་མཐུན་གཉིས་ཀ་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་མཐོང་བ་སྒྲུབ་བྱེད་མ་ཡིན་པར་བསྟན། དངོས་པོ་རང་གཞན་ལས་མི་སྐྱེ་བའི་རྒྱུ་མཚན་གྱིས་མཐོང་བ་སྒྲུབ་བྱེད་མ་ཡིན་པར་བསྟན་པའོ། །དང་པོ་ནི། འབྱུང་འཇིག་རང་བཞིན་གྱིས་གྲུབ་པར་སྣང་བ་འདི་གཏི་མུག་གིས་སླད་པས་སྣང་བར་ཅིས་གྲུབ་ཅེ་ན། རིགས་པ་ལས་སོ། །རིགས་པ་གང་ཞེ་ན། འདིར་འབྱུང་བ། རང་བཞིན་གྱིས་ཡོད་ན་དངོས་པོ་སྟེ་སྐྱེ་བའམ་དངོས་པོ་མེད་པ་སྟེ་འཇིག་པ་གང་རུང་ལས་སྐྱེ་དགོས་ལ། འཇིག་པ་རང་བཞིན་གྱིས་ཡོད་ནའང་དེ་ལྟར་སྐྱེ་དགོས་སོ། །རེ་ཞིག་དངོས་པོ་སྟེ་འབྱུང་བ་ནི་དངོས་པོ་སྟེ་འབྱུང་བ་ལས་མི་སྐྱེ་སྟེ། རྒྱུ་འབྲས་དུས་གཅིག་ཏུ་མེད་པའི་ཕྱིར་དང༌། ཡང་སྐྱེ་བ་དགོས་པ་མེད་པའི་ཕྱིར། དངོས་པོ་འབྱུང་བ་ནི་དངོས་མེད་འཇིག་པ་ལས་མི་སྐྱེ་སྟེ། ཕྱོགས་སྔ་སྨྲ་བས་ཞིག་འཇིག་དོན་གཅིག་པར་འདོད་པས་དངོས་མེད་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། དངོས་མེད་འཇིག་པ་ནི་དངོས་མེད་འཇིག་པ་ལས་མི་སྐྱེ་སྟེ། དངོས་པོ་མེད་པ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། དངོས་མེད་ནི་དངོས་པོ་ལས་མི་སྐྱེའོ་སྟེ། འགལ་བའི་ཕྱིར། གཞན་དུ་སྒྲོན་མ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ལོ། །གཉིས་པ་ནི། དངོས་པོ་འགའ་ཡང་རང་བཞིན་གྱིས་མེད་དེ། བོང་བུའི་རྭ་ལྟར་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དེ་སྒྲུབ་པ་ནི། དངོས་པོ་ཆོས་ཅན། ཇི་ལྟར་རང་བཞིན་གྱིས་སྐྱེ་བར་འགྱུར་ཏེ། བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་ཡོད་པ་མ་ཡིན་ལ་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་ནི་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ་རྟག་པར་འབྱུང་འཇིག་རང་བཞིན་གྱིས་གྲུབ་པ་ལ་གནོད་བྱེད་བསྟན་པ་ལ། དགག་པ་རྒྱས་པར་བཤད། དགག་པ་བསྡུས་ཏེ་བཤད། དང་པོ་ལ། འབྱུང་འཇིག་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་རྟག་ཆད་ཀྱི་ལྟ་བ་ཁས་བླངས་པར་བསྟན། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟ་བར་ནི་ཐལ་བར་འགྱུར་ཏེ་དངོས་པོ་དེ་ནི་རྟག་པ་དང་མི་རྟག་པ་གང་རུང་དུ་འགྱུར་དགོས་པའི་ཕྱིར་དང༌། དེའི་ཚེ་རྟག་པར་ཁས་བླངས་ན་རྟག་པར་ལྟ་བར་འགྱུར་ཏེ། རྟག་པ་རང་བཞིན་གྱིས་གྲུབ་པར་ཁས་བླངས་པའི་ཕྱིར། མི་རྟག་ན་ཆད་པར་ལྟ་བར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་མི་རྟག་པར་ཁས་བླངས་པའི་ཕྱིར། གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ཀྱང་ཆད་པར་མི་འགྱུར་ཞིང་རྟག་པར་ཡང་མི་འགྱུར་ཏེ། གང་གི་ཕྱིར་ན། འབྲས་བུའི་འབྱུང་བ་སྟེ་སྐྱེས་པ་དང༌། རྒྱུའི་འཇིག་པ་སྟེ་ཞིག་པ་གཉིས་རྒྱུན་བརྟན་དུ་འབྱུང་བའི་རྒྱུན་དེ་སྲིད་པ་འཁོར་བ་ཡིན་པའི་ཕྱིར་རོ། །འདིར་རྒྱུ་འགགས་ནས་དེའི་འབྲས་བུ་མི་སྐྱེ་ན་ཆད་པ་དང༌། རྒྱུ་མི་འགག་པར་རྟག་པར་གནས་ན་རྟག་པའི་སྐྱོན་ཡོད་ཀྱང་དེ་ལྟར་མི་འདོད་དོ་ཞེ་ན། དེ་དགག་པ་ལ། རྒྱུན་ཁས་བླངས་ཀྱང་རྟག་ཆད་སྤོང་མི་ནུས་པ་དང་རྒྱུན་ཉིད་མ་གྲུབ་པར་བསྟན་པའོ། །དང་པོ་ལ། རང་བཞིན་ཡོད་ན་རྒྱུ་ལས་འབྲས་བུ་སྐྱེ་བ་དང་འབྲས་བུའི་དུས་སུ་རྒྱུ་འགག་པ་མི་འཐད་པའི་རྒྱུ་མཚན་གྱིས་རྟག་ཆད་སྤོང་མི་ནུས་པར་བསྟན། ལྷག་མེད་ཀྱི་དུས་སུ་ཕུང་པོ་རང་བཞིན་གྱིས་ཆད་པས་རྟག་ཆད་སྤོང་མི་ནུས་པར་བསྟན། དང་པོ་ནི། འབྲས་བུ་དང་རྒྱུའི་འབྱུང་འཇིག་གི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན། རྒྱུའི་རྒྱུན་ནི་ཆད་པར་ཐལ་བར་འགྱུར་ཏེ། རྒྱུའི་སྐད་ཅིག་འཇིག་པ་སྟེ་འབྲས་བུ་སྐྱེད་པའི་བྱ་བ་བྱས་ནས་འགགས་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར། དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་ན་རྟག་པར་འགྱུར་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་ནས་དངོས་མེད་འགྱུར་བ་མི་རིགས་སོ་སྟེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། གཉིས་པ་ནི། ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་དུས་ན་ཆད་པར་ཐལ་བར་འགྱུར་ཏེ། ཁྱེད་རང་གི་ལུགས་ཀྱི་ཆད་ལྟ་སྤོང་བྱེད་སྲིད་པ་ཕུང་པོའི་རྒྱུན་དེ་དུས་དེར་རབ་ཏུ་ཞི་བའི་ཕྱིར་རོ། །འདོད་མི་ནུས་ཏེ། བཅོམ་ལྡན་འདས་ཀྱི་ནི་དུས་དེར་ཆད་ལྟ་སྤང་བར་གསུངས་པས་སོ། །གཉིས་པ་ལ། བཤད་པ་དང༌། བསྡུ་བའོ། །དང་པོ་ནི། སྐྱེ་བ་འདིའི་སྐྱེ་སྲིད་དེ་སྐྱེ་བ་སྔ་མའི་འཆི་སྲིད་འགགས་མ་ཐག་པའམ། འགག་བཞིན་པ་ན་སྐྱེ་ཞེས་བརྟག་གྲང་ན། ཚེ་སྔ་མའི་སྲིད་པ་ཐ་མ་འགགས་པར་གྱུར་ཟིན་པ་ན་ཚེ་འདིའི་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ། རང་གི་སྔ་རོལ་དུ་འགགས་ཟིན་པས་རྒྱུ་མེད་པའི་ཕྱིར་དང༌། ས་བོན་ཚིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་ཐལ་བས་སོ། །སྲིད་པ་ཐ་མ་འགགས་པར་མ་གྱུར་པའི་ཚེ་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ། ཉེས་པ་དུ་མར་འགྱུར་བའི་ཕྱིར་ཏེ། རྒྱུ་མེད་པའི་ཉེས་པ་དང༌། རྒྱུད་གཅིག་ལ་གནས་པའི་སེམས་ཅན་གཉིས་སྲིད་པར་ཐལ་བ་དང༌། སྔོན་མེད་པའི་སེམས་ཅན་སྲིད་པ་དང༌། སྲིད་པ་སྔ་མ་རྟག་པར་ཐལ་བ་དང༌། ས་བོན་མ་ཞིག་པ་ལས་མྱུ་གུ་སྐྱེ་བར་ཐལ་བ་རྣམས་འགྲེལ་པར་གསུངས་སོ། །གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་ན་སྲིད་པ་དང་པོ་སྐྱེ་བར་འགྱུར་ན་ནི། སེམས་ཅན་གཅིག་ལ་སྲིད་པ་མི་མཐུན་པ་གཉིས་དུས་ཅིག་ཆར་དུ་ཡོད་པར་འགྱུར་ཏེ། མི་ནས་ལྷར་སྐྱེ་བའི་ཚེ་མིའི་སྲིད་པ་འགག་བཞིན་པ་ནི་སྲིད་པ་རིགས་མི་མཐུན་པ་གཅིག་ཏུ་འགྱུར་ཞིང༌། ལྷའི་སྲིད་པ་སྐྱེ་བཞིན་པ་ཡང་སྲིད་པ་གཞན་དུ་འགྱུར་བའི་ཕྱིར། དེ་ལྟར་ན། ཕུང་པོ་གང་ལ་གནས་ནས་འཆི་བར་འགྱུར་བའི་ཕུང་པོ་དེ་ལ་སྐྱེ་བ་འབྱུང་བར་འགྱུར་རམ་སྟེ་མི་འགྱུར་བར་ཐལ། གལ་ཏེ་འགག་བཞིན་པ་དང་སྐྱེ་བཞིན་པ་དག་ལྷན་ཅིག་ཏུ་ཡང་རིགས་པ་མ་ཡིན་པའི་ཕྱིར། ཡང་གི་སྒྲས་ནི་སྔ་མ་གཉིས་བསྡུད་དོ། །གཉིས་པ་དོན་བསྡུ་བ་ནི། སྲིད་པའི་རྒྱུན་ནི་ཆོས་ཅན། རང་བཞིན་གྱིས་མ་གྲུབ་པར་ཐལ། དེ་ལྟར་དུས་གསུམ་དག་ཏུ་ཡང་རིགས་པར་དཔྱད་པ་ན་མི་རིགས་པའི་ཕྱིར། ཁྱབ་པ་ཁས་བླངས་པའི་རྒྱུ་མཚན་ནི་དུས་གསུམ་དག་ཏུ་གང་མེད་པ་དེ་ནི་ཇི་ལྟར་སྲིད་པའི་རྒྱུན་ཡིན་ཏེ། འཇིག་རྟེན་ན་དེ་ལྟར་མ་གྲགས་པའི་ཕྱིར་རོ། །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི་འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་གཅིག་གི་བདག་ཉིད་ཅན་གྱིས་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།  །།འབྱུང་འཇིག་དུས་དང་རྟེན་པ་ལ། །རྣམ་པར་བརྟགས་ན་མི་རྙེད་ཅིང༌། །འབྱུང་འཇིག་རང་བཞིན་གྱིས་གྲུབ་ན། །རྟག་དང་ཆད་པར་ལྟ་བའོ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་སྒྲུབ་བྱེད་དགག་པ་ལ། །སྲིད་པ་འཇིག་པའི་སྒྲུབ་བྱེད་དུ་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དགག སྲིད་པ་འབྱུང་བའི་སྒྲུབ་བྱེད་ཉོན་མོངས་པ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་དང་པོ་བརྗོད་པ་ནི། གལ་ཏེ་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར། ཁྱབ་པའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པ་ནི་སྐལ་པ་གྲངས་མེད་པ་གསུམ་མམ་བདུན་དུ་ཚོགས་བསགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཞེས་ཟེར་རོ། །དེ་དགག་པ་ལ། དེ་བཞིན་གཤེགས་པ་སྤྲོས་བྲལ་དུ་གཏན་ལ་དབབ། རིགས་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ། དངོས་དང༌། དེ་བཞིན་གཤེགས་པ་ལ་སྤྲོས་པར་བཟུང་བའི་ཉེས་པའོ། །དང་པོ་ལ། དེ་དེར་སྒྲུབ་པའི་རིགས་པ་དང༌། དེ་ལྟར་གྲུབ་པ་ན་མཐར་འཛིན་གྱི་གནས་མི་རྙེད་པར་བསྟན་པའོ། །དང་པོ་ལ། ལེན་པ་པོ་དགག བླང་བྱ་དགག དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ། དེ་བཞིན་གཤེགས་པ་རྫས་ཡོད་དུ་བདེན་པ་དགག བཏགས་ཡོད་དུ་བདེན་པ་དགག དེ་གཉིས་ཀྱིས་དོན་བསྡུ་བའོ། །དང་པོ་ནི། རིགས་པས་དཔྱད་པའི་ཚེ་དེ་བཞིན་གཤེགས་པ་གང་ཞིག་ཡིན་ཏེ་དེའི་ཚེ་དེ་མི་རྙེད་པ་ཡིན་ཏེ། དེ་བཞིན་གཤེགས་པ་རང་གདགས་གཞི་ཕུང་པོ་དང་གཅིག་པ་མིན། ཕུང་པོ་ལས་གཞན་པ་མ་ཡིན། དེ་བཞིན་གཤེགས་པ་དེ་ཕུང་པོར་རྟེན་པར་མེད། ཕུང་པོ་དེར་དེ་བཞིན་གཤེགས་པ་དེ་བརྟེན་པར་མེད། ལྷས་སྦྱིན་ནོར་དང་ལྡན་པ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་མིན་པའི་ཕྱིར། རྟགས་དང་པོ་ནི། ཉེར་ལེན་གང་དེ་སངས་རྒྱས་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་དང༌། གལ་ཏེ་ཕུང་པོ་སངས་རྒྱས་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་པའི་རིགས་པ་སྦྱར་བར་ཚིག་གསལ་ལས་འབྱུང་ངོ༌། །འདོད་མི་ནུས་པའི་རྒྱུ་མཚན་ནི། རང་བཞིན་གྱིས་གྲུབ་པར་འདོད་པ་ཡིན་པས་སོ། །རིན་པོ་ཆེ་པའི་ཞལ་སྔ་ནས། སྐྱེ་འཇིག་ཅན་ཡིན་པ་འདོད་ན། འཇུག་པར། མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །གང་དག་རང་བཞིན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་རྟོགས་པར་རིགས་མ་ཡིན། །ཞེས་པའི་ཉེས་པ་བརྗོད་པར་མཛད་པ་དེ་ནི་དངོས་སྨྲ་བ་ལ་འཇུག་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ལས་བྱེད་པ་པོར་འདོད་པའི་རང་སྡེ་དངོས་སྨྲ་བ་སུ་ཡང་མེད་པའི་ཕྱིར་དང༌། སྲིད་པའི་རྒྱུན་ཁས་ལེན་བཞིན་པ་ཡིན་པས་ལས་བྱས་པ་ཆུད་ཟ་བའི་དང༌། མ་བྱས་པ་དང་ཕྲད་པའི་ཉེས་པ་མི་འཇུག་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་སྐད་ཅིག་སྔ་མ་ལས་བྱེད་པ་པོར་དངོས་སྨྲ་བས་ཁས་བླངས་ན། གང་དག་རང་བཞིན་ཉིད་ཀྱིས་སོ་སོ་བ། །ཞེས་པའི་ཉེས་པ་དེ་འཇུག་ཀྱང་དེར་ཁས་མི་ལེན་པའི་ཕྱིར་དང༌། ཕུང་པོ་བདག་ཡིན་པ་ལ་རྩ་ཤེའི་རིགས་པས་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་ཐལ་བ་དང༌། འཇུག་པའི་རིགས་པ། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །ཞེས་སོགས་ནུས་པ་འདོན་ཚུལ་སོ་སོ་བ་ཡིན་གྱི། གལ་ཏེ་ཕུང་པོ་བདག་ན་ཞེས་སོགས་ཀྱི་བདག་སྐད་ཅིག་གིས་འཇིག་པ་ལ་ཉེས་པ་བརྗོད་པ་མ་ཡིན་པའི་ཕྱིར་དང༌། ཚིག་གསལ་དུའང༌། སྐད་ཅིག་གིས་འཇིག་པར་ཐལ་བ་དང༌། མྱང་འདས་སྔོན་ཞེས་སོགས་རིགས་པ་རྣམ་གྲངས་པར་གསུངས་ཀྱི་ནུས་པ་འདོན་ཚུལ་གཅིག་མ་གསུངས་སོ། །རྣམ་པ་གཅིག་ཏུ་ན། དངོས་སྨྲ་བས་དེ་བཞིན་གཤེགས་པ་གང་ཟག་ཏུ་བཞེད་ན་དེ་ལྟར་ཡིན་དུ་ཆུག་ཀྱང་དེའི་ངེས་པའང་མེད་དེ། ཇི་སྐད་དུ། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་དང༌། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་འབྱུང་བ་ལྟར་རོ། །རྟགས་གཉིས་པ་ནི། དེ་བཞིན་གཤེགས་པ་ཕུང་པོ་ལས་རང་བཞིན་གཞན་པ་ཡང་མ་ཡིན་ཏེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་དང༌། གལ་ཏེ་ཉེར་ལེན་སངས་རྒྱས་གཞན། །ཉེར་ལེན་མེད་པར་འབྱུང་བར་འགྱུར། །ཞེས་སོགས་ཀྱི་རིགས་པས་ཤེས་སོ། །དེ་བཞིན་གཤེགས་པ་དང་ཕུང་པོ་རང་བཞིན་གྱིས་གཞན་དུ་མ་གྲུབ་པའི་ཕྱིར་དེ་གཉིས་རྟེན་བརྟེན་པ་མ་ཡིན་པར་གྲུབ་ཅིང༌། དེ་བཞིན་གཤེགས་པ་ལ་ཕུང་པོ་ལྡན་པ་མ་ཡིན་པར་ཡང་གྲུབ་བོ། །དེ་ལྟར་ན་ཕྱོགས་ལྷག་མ་གསུམ་ཕྱོགས་གཞན་གྱི་ནང་དུ་འདུས་ཀྱང་འཇིག་ལྟས་འཛིན་ཚུལ་ལ་ལྟོས་ནས་ཕྱོགས་སྔར་གསུངས་སོ་ཞེས་འགྲེལ་པར་གསུངས་སོ། །གཉིས་པ་ལ། བླང་བྱ་ཕུང་པོ་ལ་བརྟེན་ནས་བཏགས་པའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་དགག དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་པའི་ཤེས་བྱེད་དུ་ཉེ་བར་ལེན་པ་པོ་དང་བླང་བྱར་འདོད་པ་དགག དང་པོ་ལ། ཕུང་པོ་ལ་བརྟེན་ནས་བཏགས་པའི་རྒྱུ་མཚན་གྱིས་རང་བཞིན་མེད་པར་བསྟན། རང་དངོས་མ་གྲུབ་ན་གཞན་དངོས་མི་འགྲུབ་པའི་རྒྱུ་མཚན་གྱིས་རང་བཞིན་མེད་པར་བསྟན་པའོ། །དང་པོ་ལ། དངོས་དང༌། དེ་གཉིས་མི་འགལ་བའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་ཕྱོགས་སྔ་བཀག་ཀྱང༌། དེ་བཞིན་གཤེགས་པ་ལ་རང་བཞིན་མི་ཁེགས་ཏེ། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་འཇོག་པས་སོ་ཞེ་ན། སངས་རྒྱས་ཆོས་ཅན། རང་བཞིན་ལས་ཡོད་པ་མིན་ཏེ། ཕུང་པོ་ལ་བརྟེན་ནས་བཏགས་པའི་ཕྱིར། དེ་ལྟར་གྲུབ་པ་ན། སངས་རྒྱས་དེ་ཆོས་ཅན། གཞན་ཕུང་པོའི་དངོས་པོ་ལས་ག་ལ་ཡོད་དེ། རང་བཞིན་ལས་ནི་གང་མེད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བྱད་བཞིན་གྱི་གཟུགས་བརྙན་རང་བཞིན་ལས་ཡོད་པ་མ་ཡིན་ཡང༌། མེ་ལོང་ལ་སོགས་པ་གཞན་གྱི་དངོས་པོ་ལ་ལྟོས་ནས་ཡོད་པ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ངོ་ཞེ་ན། དེ་བཞིན་གཤེགས་པ་གང་ཞིག་དེ་ཆོས་ཅན། བདག་གི་ངོ་བོ་ཉིད་དུ་གྲུབ་པ་མི་འཐད་དོ་སྟེ། གཞན་གྱི་དངོས་པོ་ལ་བརྟེན་ནས་ཡོད་པར་བཏགས་པའི་ཕྱིར། གང་ཞིག་དེ་བཞིན་གཤེགས་པ་དེ་ཆོས་ཅན། ཇི་ལྟར་རང་ངོས་ནས་དེ་བཞིན་གཤེགས་པར་འགྱུར་ཏེ། རང་གི་བདག་ཉིད་དུ་མེད་པའི་ཕྱིར། གཉིས་པ་ལ། བསྟན་པ་དངོས་དང༌། དེས་ན་རང་བཞིན་མེད་པ་བསྟན་པའོ། །དང་པོ་ནི། གལ་ཏེ་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ན། དེ་ལ་ལྟོས་ནས་ཕུང་པོ་གཞན་དུ་འགྱུར་བ་དང་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། ཕུང་པོ་ཆོས་ཅན། དེ་བཞིན་གཤེགས་པ་ལ་ལྟོས་ནས་གཞན་དངོས་སུ་ཡོད་པར་ཇི་ལྟར་འགྱུར་ཏེ། དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་སྟེ་མ་ཡིན་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པ་དེ་ཆོས་ཅན། ངོ་བོ་ཉིད་ཀྱིས་གང་དུ་གྲུབ་སྟེ། རང་བཞིན་དང་ནི་གཞན་དངོས་དག་ཏུ་མ་གཏོགས་པའི་ཕྱིར། གཉིས་པ་ནི། དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་འདོགས་པར་སྨྲ་བའི་ཉན་ཐོས་མང་བཀུར་བ་དག་གིས་ནི་དེ་གཉིས་ཉེ་བར་བླངས་བྱ་དང༌། ལེན་པ་པོར་རང་བཞིན་གྱིས་གྲུབ་པར་འདོད་དོ། །དེ་ལྟར་འདོད་པ་འགོག་པ་ནི། གལ་ཏེ་ཕུང་པོ་ལ་མ་བརྟེན་པར་ཕུང་པོའི་སྔར་དེ་བཞིན་གཤེགས་པ་འགའ་ཞིག་ཡོད་ན་དེ་འདྲ་དེ་ན་དེ་གདོང་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་ཕུང་པོ་ལ་བརྟེན་ནས་དེ་ནས་དེ་བཞིན་གཤེགས་པར་འགྱུར་ལ་རག་སྟེ། ནོར་གྱིས་སྔར་ནོར་ལེན་པ་པོ་ཡོད་དགོས་པ་བཞིན་ནོ། །དེས་ལྡོག་ཁྱབ་བློ་ངོར་བསྒྲུབ་ཟིན་ནས་ཕྱོགས་ཆོས་སྒྲུབ་པ་ནི། ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡང་མེད་དེ། གལ་ཏེ་ཡོད་ན་དེར་གདགས་པའི་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །གཏན་ཚིགས་བརྗོད་པ་ནི། གང་ཞིག་ཕུང་པོ་ལ་མ་བརྟེན་པའི་དེ་བཞིན་གཤེགས་པ་དེས་ནི་ཆོས་ཅན། ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ། ཡོད་མིན་ན་སྟེ་ཡོད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གྲུབ་པ་ནི་ཕུང་པོ་རྣམས་ཆོས་ཅན། ཉེ་བར་ལེན་པར་ཇི་ལྟར་འགྱུར་ཏེ། སུས་ཀྱང་ཉེ་བར་བླངས་པ་མ་ཡིན་པའི་ཕྱིར། དེ་ལྟར་གྲུབ་པ་ན་ལེན་པ་པོ་དེ་བཞིན་གཤེགས་པ་ཅི་ཡང་མེད་དེ། ཉེ་བར་ལེན་པ་མེད་པའི་ཕྱིར་རོ། །གཉིས་ཀའི་དོན་བསྡུ་བ་ནི། དེ་བཞིན་གཤེགས་པ་དེ་ཆོས་ཅན། ཉེ་བར་ལེན་པ་ལ་བརྟེན་ནས་ཇི་ལྟར་རང་བཞིན་གྱིས་གྲུབ་པར་གདགས་ཏེ། ཚོལ་བྱེད་ཀྱི་རིགས་པ་རྣམ་པ་ལྔས་ནི་བཙལ་བར་བྱས་པའི་ཚེ་ན་གང་ཞིག་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་མེད་པའི་ཕྱིར་དང་དེར་མེད་པ་ན་རྟེན་སོགས་གསུམ་དུའང་མེད་དགོས་པའི་ཕྱིར། གཉིས་པ་ཉེ་བར་བླང་བྱ་དགག་པ་ནི། གང་ཞིག་ཉེ་བར་བླང་བྱ་ཕུང་པོ་ལྔ་པོ་དེ་ནི་ཆོས་ཅན། རང་བཞིན་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། ཅི་སྟེ་གཞན་གྱི་དངོས་པོར་ཡོད་དོ་ཞེ་ན། བླང་བྱ་དེ་ཆོས་ཅན། རྒྱུ་རྐྱེན་གཞན་གྱི་དངོས་པོ་ལས་ཡོད་རེ་སྐན་ཏེ། བདག་གི་དངོས་པོ་ལས་གང་མེད་པའི་ཕྱིར། གསུམ་པ་གཉིས་ཀའི་དོན་བསྡུ་བ་ནི། ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་ཆོས་ཅན། རིགས་པས་གྲུབ་པའི་རྣམ་པ་ཀུན་གྱིས་སྟོང་པ་ཡིན་ཏེ། གོང་དུ་བསྟན་པ་དེ་ལྟར་ནའོ། །རང་བཞིན་གྱིས་སྟོང་པའི་དེ་བཞིན་གཤེགས་པ་ཆོས་ཅན། ཇི་ལྟ་བུར་ན་ངོ་བོ་ཉིད་ཀྱིས་འདོགས་པར་འགྱུར་ཏེ། རང་བཞིན་གྱིས་སྟོང་པས་སོ། །གཉིས་པ་དེ་ལྟར་གྲུབ་པ་ན་མཐར་འཛིན་གྱི་གནས་མི་རྙེད་པར་བསྟན་པ་ནི་དངོས་སྨྲ་བ་རང་སྡེ་ན་རེ། ཁོ་བོ་ཅག་ནི་སྟོན་པ་གཞན་སྤངས་པ་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ན་ཁྱོད་ཀྱིས་རང་བཞིན་མེད་པར་བསྟན་པས་ཁོ་བོ་ཅག་གི་རེ་ཐག་བཅད་དོ་ཞེ་ན། དབུ་མ་པ་ཆོས་ཅན། དོན་དམ་པར་དེ་བཞིན་གཤེགས་པ་སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། དེ་ལྟར་བརྗོད་ན། སྤྲོས་པར་འགྱུར་པའི་ཕྱིར་དང་མི་སྟོང་ཞེས་ཀྱང་མི་བྱ་ཞིང་གཉིས་ཀ་དང་གཉིས་ཀ་མིན་ཞེས་ཀྱང་མི་བྱ་སྟེ། དེ་ལྟར་བརྗོད་པ་དང་རྟོག་པས་བཟུང་ན་སྤྲོས་པར་འགྱུར་བའི་ཕྱིར། འོན་ཀྱང་ཐ་སྙད་དུ་དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པའི་ཉེས་པར་མི་འགྱུར་ཏེ། སྒྲོ་བཏགས་ནས་ཐ་སྙད་གདགས་པའི་དོན་དུ་བདེན་པས་སྟོང་ངོ་ཞེས་དང༌། ཐ་སྙད་དུ་གྲུབ་པས་མི་སྟོང་ངོ་ཞེས་བྱ་བ་དང༌། བདེན་པས་སྟོང་པ་ཡང་ཡིན་ལ་ཐ་སྙད་ཀྱིས་མི་སྟོང་པ་ཡང་ཡིན་ནོ་ཞེས་དང༌། གདུལ་བྱ་མཆོག་ལ་གཉིས་ཀ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱ་བ་ཡིན་པའི་ཕྱིར། དགོས་པ་གང་གི་དོན་དུ་དེ་ལྟར་གསུངས་པ་ནི། སྔར་བདག་རྟག་པར་གསུངས་པ་ལྟར་རོ། །གཞན་ཡང༌། དེ་བཞིན་གཤེགས་པ་འདི་ལ་ཆོས་ཅན། དོན་དམ་པར་སྟོང་མི་སྟོང་བཞི་མི་མངའ་བར་མ་ཟད་རྟག་དང་མི་རྟག་ལ་སོགས་བཞི་ག་ལ་ཡོད་དེ། རང་བཞིན་གྱིས་ཞི་བའི་ཕྱིར། ཡང་དེ་བཞིན་གཤེགས་པ་འདི་ལ་ཆོས་ཅན། མཐའ་དང་མཐའ་མེད་ལ་སོགས་བཞི་ག་ལ་ཡོད་དེ། རང་བཞིན་གྱིས་ཞི་བའི་ཕྱིར། གཞན་ཡང༌། རྒོལ་བ་གང་གིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་དོ་ཞེས་འཛིན་པ་སྡུག་པོས་བཟུང་བར་གྱུར་པ་དེ་ནི་ཆོས་ཅན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་སྟེ་གྲོངས་ཕན་ཆད་མེད་དོ་ཞེས་རྣམ་པར་རྟོག་པར་བྱེད་མོད་དེ་ནི་མི་རིགས་ཏེ། དེ་ལྟར་རྟོག་ན་ལྟ་བས་བྱས་པར་འགྱུར་བའི་ཕྱིར། རྒོལ་བ་གང་གིས་དེ་བཞིན་གཤེགས་པ་རང་བཞིན་གྱིས་སྟོང་པར་སྨྲ་བའི་ཕྱོགས་དེ་ལ་ཆོས་ཅན། སངས་རྒྱས་མྱ་ངན་འདས་ན་ནི་ཡོད་དོ་ཞེའམ་མེད་དོ་ཞེས་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་ཞེས་བསམ་ཞིང་རྟོག་པ་འཐད་པ་ཉིད་དུ་མི་འགྱུར་ཏེ། དེ་བཞིན་གཤེགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བུདྡྷ་པ་ལི་ཏཱ་དང༌། ཚིག་གསལ་དུའང༌། མྱང་འདས་བརྟག་པར། གང་གིས་འཛིན་སྡུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེའམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །ཅེས་འབྱུང་བ་ལྟར་འགྱུར་བ་དེའོ་ཞེས་གསུང་ངོ༌། །འདིར་ལུང་མ་བསྟན་གྱིས་ལྟ་བ་བཅུ་བཞིའི་ནང་ནས་ལུས་སྲོག་གཅིག་དང་ཐ་དད་དུ་བལྟ་བ་ནི་བདག་ཕུང་གཅིག་དང་ཐ་དད་བཀག་པར་འདུ་བ་ལ་དགོངས་ནས་འདིར་མ་བཤད་དོ། །གཉིས་པ་དེ་བཞིན་གཤེགས་པ་ལ་སྤྲོས་པར་བཟུང་བའི་ཉེས་པ་ནི། གང་དག་སངས་རྒྱས་སྤྲོས་པ་ཐམས་ཅད་ལས་འདས་ཤིང་རང་བཞིན་གཞན་དུ་འགྲོ་བའི་ཟད་པ་མེད་པ་ལ་རྟོག་པས་རྟག་སོགས་སུ་སྤྲོས་པར་བྱེད་པ་དེ་ཀུན་གྱིས་ཆོས་ཅན། དེ་བཞིན་གཤེགས་པ་མཐོང་བ་དང་ཐོབ་པར་མི་འགྱུར་ཏེ། སྤྲོས་པས་ཉམས་པའི་ཕྱིར་རོ། །ཇི་སྐད་དུ། ཤེར་ཕྱིན་སུམ་བརྒྱ་པ་རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ཞེས་པ་ནས། ཆོས་ཉིད་ཤེས་པར་བྱ་མིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རིགས་པ་དེ་གཞན་ལ་སྦྱར་བ་ནི། དེ་བཞིན་གཤེགས་པས་མཚོན་ནས་སེམས་ཅན་གྱི་འཇིག་རྟེན་ལ་རང་བཞིན་མེད་པ་ལྟར་སྣོད་ཀྱི་འཇིག་རྟེན་ལ་ཡང་རང་བཞིན་མེད་དེ། དེ་བཞིན་གཤེགས་པའི་རང་བཞིན་གང་ཡིན་པ་དེ་ཕྱི་ནང་གི་འགྲོ་བ་འདི་ཡི་རང་བཞིན་ཡང་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གང་ཞེ་ན། དེ་བཞིན་གཤེགས་པ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཡིན་གྱི་རང་བཞིན་གྱིས་གྲུབ་པ་མེད་པ་བཞིན་དུ་འགྲོ་བ་འདིའི་རང་བཞིན་ཀྱང་མེད་པས། རང་བཞིན་མེད་པ་ཉིད་དེ་བཞིན་གཤེགས་པ་དང་འགྲོ་བ་འདི་ཡི་རང་བཞིན་ནོ། །གཉིས་པ་ནི། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་དྲུག་གི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉིད་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།།  །།དེ་བཞིན་གཤེགས་པ་རང་བཞིན་གྱིས། །གྲུབ་ན་དེ་བཞིན་གཤེགས་མི་ཐོབ། །དེ་བཞིན་གཤེགས་པ་སྤྲོས་བྲལ་བར། །ཤེས་པས་དེ་བཞིན་གཤེགས་མཐོང་འགྱུར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་སྲིད་པ་འབྱུང་བའི་སྒྲུབ་བྱེད་ཉོན་མོངས་རང་བཞིན་གྱིས་གྲུབ་པ་དགག་པ་ལ། རབ་བྱེད་ཀྱི་གཞུང་བཤད། མཚན་བསྟན་པའོ། །དང་པོ་ནི། གལ་ཏེ་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་ཉོན་མོངས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། ཉོན་མོངས་རང་བཞིན་གྱིས་མེད་པའི་སྒྲུབ་བྱེད། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། འགལ་ཟླ་དམིགས་པའི་རྟགས་ཀྱིས་དགག འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱིས་སྒྲུབ། དང་པོ་ལ། ཕྱོགས་ཆོས་སྒྲུབ། རྟགས་འགོད་པའོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཆོས་ཅན་རྟེན་ནས་འབྱུང་བ་ཡིན་ཏེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང༌། །ཞེས་ཐུན་མོང་གི་རྒྱུ་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་པ་དང་ཁྱད་པར་གྱི་རྒྱུ་སྡུག་པ་དང་མི་སྡུག་པའི་རྣམ་པ་དང༌། ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་བས་སོ། །སློབ་དཔོན་གཞན་གཉིས་ཀྱིས་ཕྱེད་སྔ་མ་ཕྱོགས་སྔར་མཛད་དོ། །གཉིས་པ་ནི། ཉོན་མོངས་པ་དུག་གསུམ་ཆོས་ཅན་ཡང་དག་པར་གྲུབ་པ་མེད་དེ། རྟེན་འབྲེལ་ཡིན་པ་དེའི་ཕྱིར། ཁྱབ་པ་རྒོལ་བའི་བློ་ངོར་གྲུབ་པའི་རྒྱུ་མཚན་ནི། ཉོན་མོངས་པ་གང་དག་སྡུག་པ་དང་མི་སྡུག་པ་དག ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་དེ་དག་རང་བཞིན་ལས་མེད་དེ། རང་བཞིན་གྱིས་གྲུབ་ན་གཞན་ལ་ལྟོས་པ་མེད་པའི་ཕྱིར། གཉིས་པ་ལ་བརྟེན་ནས་རང་བཞིན་གྱིས་མེད་པའི་རྟགས་དང༌། རྒྱུ་རང་བཞིན་གྱིས་མེད་པའི་རྟགས་སོ། །དང་པོ་ལ། བདག་རྟེན་དུ་མེད་པའི་རྟགས་དང༌། སེམས་རྟེན་དུ་མེད་པའི་རྟགས་སོ། །དང་པོ་ནི། བདག་གིས་ཡོད་པ་ཉིད་དང་མེད་པ་ཉིད་ནི་ཇི་ལྟ་བུར་ཡང་རང་བཞིན་གྱིས་གྲུབ་པ་མེད་དེ། སྔར་བདག་རྟག་པར་བཀག་ཟིན་པའི་ཕྱིར། ཕྱོགས་ཆོས་བསྒྲུབ་ནས་རྟགས་དགོད་པ་ནི། ཉོན་མོངས་པ་རྣམས་ཆོས་ཅན། ཁྱོད་ཀྱི་ཡོད་པ་ཉིད་དང་མེད་ཉིད་ནི་ཇི་ལྟར་རང་བཞིན་གྱིས་གྲུབ་སྟེ། རྟེན་བདག་དེ་མེད་པའི་ཕྱིར། ཁྱབ་པ་སྒྲུབ་པ་ནི། ཉོན་མོངས་པ་དེ་དག་ནི་རྩིག་ངོས་ཀྱི་རི་མོ་བཞིན་དུ་རྟེན་གང་གི་ཡིན་པར་འདོད་པའི་རྟེན་དེ་ལ་བརྟེན་པས་ཁྱབ་པ་ལས་རྟེན་བདག་གམ་སེམས་དེ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པར་ནི་སྔར་བཤད་ཟིན་ལ། རྟེན་འགའ་མེད་པར་ནི་རྟེན་གང་གི་ཡང་བརྟེན་པ་ཉོན་མོངས་པ་དག་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། རྟེན་བདག་མེད་ཀྱང༌། རྟེན་སེམས་ལ་བརྟེན་ནས་ཉོན་མོངས་པ་རྣམས་སྐྱེ་ལ། སེམས་དེ་ཡང་ཉོན་མོངས་པ་དང་ལྷན་ཅིག་སྐྱེའོ་ཞེ་ན། ཉོན་མོངས་པ་རྣམས་ཆོས་ཅན། ཉོན་མོངས་པ་ཅན་གྱི་སེམས་ལ་རྣམ་པ་ལྔར་མེད་དེ། རང་ལུས་ལ་ལྟ་བ་སྟེ་འཇིག་ལྟས་བཟུང་བའི་བདག་དེ་རྣམ་པ་ལྔར་དཔྱད་པ་ན་ཡོད་པ་མ་ཡིན་པ་དེ་བཞིན་ཏེ་དེ་དང་མཚུངས་པའི་ཕྱིར། ཉོན་མོངས་པ་ཅན་གྱི་སེམས་ཆོས་ཅན། ཉོན་མོངས་པ་ལ་རྣམ་པ་ལྔར་མེད་དེ། རང་ལུས་ལ་ལྟ་བའི་འཇིག་ལྟས་བཟུང་བའི་བདག་དེ་རྣམ་པ་ལྔར་དཔྱད་ན་ཡོད་པ་མ་ཡིན་པ་བཞིན་ཏེ་དེ་དང་མཚུངས་པའི་ཕྱིར། གཞུང་འདིས་འཇིག་ལྟའི་དམིགས་པ་རང་གི་ཕུང་པོ་ཡིན་པར་བསྟན་ནོ། །གཉིས་པ་ལ། དུས་གསུམ་སོ་སོར་མ་ཕྱེ་བའི་རྒྱུ་དགག སོ་སོར་ཕྱེ་བའི་རྒྱུ་དགག དང་པོ་ལ། རྒྱུ་རྐྱེན་རང་བཞིན་གྱིས་མེད་པའི་རྟགས། དམིགས་རྐྱེན་རང་བཞིན་གྱིས་མེད་པའི་རྟགས་དགོད་པའོ། །དང་པོ་ནི། གལ་ཏེ་ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་སྡུག་མི་སྡུག་ཕྱིན་ཅི་ལོག་རྣམས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། ཡུལ་སྡུག་པ་དང་མི་སྡུག་པ་དང་རྒྱུ་ཕྱིན་ཅི་ལོག་རྣམས་ཆོས་ཅན། རང་བཞིན་ལས་ནི་ཡོད་མིན་ན་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། ཕྱོགས་ཆོས་སྒྲུབ་ནས་རྟགས་འགོད་པ་ནི། སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བའི་ཉོན་མོངས་པ་ཆོས་ཅན། རང་བཞིན་གྱིས་གྲུབ་པ་གང་དག་ཡིན་ཏེ། རྒྱུ་མེད་པའི་ཕྱིར། གཉིས་པ་ནི། ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། དེ་དག་གི་དམིགས་པ་གཟུགས་སྒྲ་ལ་སོགས་པ་ཡོད་པའི་ཕྱིར་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་དྲི་དང་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་དག་དང་རྣམ་པ་དྲུག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ནི་གཞི་སྟེ་དམིགས་པ་ཡིན་པར་ཁྱོད་ཀྱིས་བཏགས་པ་བདེན་མོད་གཟུགས་སྒྲ་རོ་དང་རེག་པ་དང་དྲི་དང་ཆོས་དག་ཆོས་ཅན། རང་བཞིན་མེད་དེ། འབའ་ཞིག་པ་སྟེ་བཏགས་པ་ཙམ་ཡིན་པའི་ཕྱིར། རང་བཞིན་མེད་ན་དམིགས་པ་ཇི་ལྟར་ཡིན་ཞེ་ན། རང་བཞིན་མེད་ཀྱང་ཐ་སྙད་དུ་དམིགས་པར་འཐད་དེ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་འདྲ་བར་རང་བཞིན་མེད་དུ་སྣང་བའི་ཕྱིར། གཉིས་པ་སོ་སོར་དགག་པ་ལ། ཆགས་སྡང་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག གཏི་མུག་གི་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ། ཕྱོགས་ཆོས་སྒྲུབ། རྩ་བའི་རྟགས་འགོད། དང་པོ་ལ། རྟེན་ལོག་པ་ཡིན་པའི་རྒྱུ་མཚན་དང༌། ཕན་ཚུན་ལྟོས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཡུལ་དྲུག་པོ་དེ་དག་ལ་ཆོས་ཅན། སྡུག་པའི་མཚན་མ་དང་མི་སྡུག་པའི་མཚན་མ་རང་བཞིན་གྱིས་འབྱུང་བར་ཡང་ནི་ག་ལ་འགྱུར་ཏེ། སྒྱུ་མའི་སྐྱེས་བུ་དང་གཟུགས་བརྙན་འདྲ་བ་ཡིན་པའི་ཕྱིར། གཉིས་པ་ནི། ཡུལ་སྡུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མ་ཡིན་ཏེ། ཡུལ་མི་སྡུག་པ་ག་ལ་རྟེན་ནས་ཏེ་ལྟོས་ནས་སྡུག་པ་ཞེས་ཐ་སྙད་གདགས་པར་བྱ་བའི་ལྟོས་ས་མི་སྡུག་པ་ནི་སྡུག་པ་ལ་མི་ལྟོས་པར་ཡོད་པ་མིན་པས་སོ། །དེའི་ཕྱིར་ལྟོས་ས་ངོ་བོ་ཉིད་ཀྱིས་མེད་ན་དེ་ལ་ལྟོས་པ་ངོ་བོ་ཉིད་ཀྱིས་ཡོད་པར་འགལ་ལོ། །དེ་བཞིན་དུ་མི་སྡུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མ་ཡིན་ཏེ། ཡུལ་སྡུག་པ་གང་ལ་བརྟེན་ནས་སམ་ལྟོས་ནས་མི་སྡུག་པ་ཞེས་ཐ་སྙད་གདགས་པར་བྱ་བའི་ལྟོས་པ་སྡུག་པ་ནི་མི་སྡུག་པ་ལ་མི་ལྟོས་པར་ཡོད་པ་མ་ཡིན་པས་སོ། །དེའི་ཕྱིར་ལྟོས་ན་ངོ་བོ་ཉིད་ཀྱིས་ཡོད་པར་འགལ་ལོ། །གཉིས་པ་ནི། འབྲས་བུ་འདོད་ཆགས་ཡོད་པ་ག་ལ་འགྱུར་ཏེ། རྒྱུ་སྡུག་པ་ཡོད་པ་མ་ཡིན་ན་སྟེ་དེའི་ཕྱིར། འབྲས་བུ་ཞེ་སྡང་འབྱུང་བར་ག་ལ་འགྱུར་ཏེ། རྒྱུ་མི་སྡུག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཕྱོགས་ཆོས་སྒྲུབ། རྩ་བའི་རྟགས་དགོད་པའོ། །དང་པོ་ལ། ཡུལ་ཅན་ཕྱིན་ཅི་ལོག་དགག ཕྱིན་ཅི་ལོག་གི་ཡུལ་ཡོད་མེད་བརྟགས་ནས་དགག དང་པོ་ལ། ཕྱིན་ཅི་ལོག་རང་བཞིན་གྱིས་གྲུབ་པ་དགག དེའི་སྒྲུབ་བྱེད་ཕྱིན་ཅི་ལོག་དང་ལྡན་པ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ། རྟག་འཛིན་དང་མི་རྟག་པར་འཛིན་པ་སོ་སོར་ཕྱེ་ནས་དགག མ་ཕྱེ་བར་འཛིན་པ་ཙམ་དགག དང་པོ་ལ། རྟག་འཛིན་ཕྱིན་ཅི་ལོག་པར་རང་བཞིན་གྱིས་གྲུབ་པ་དགག མི་རྟག་པའི་འཛིན་པ་ཕྱིན་ཅི་མ་ལོག་པར་གྲུབ་པ་དགག དང་པོ་ལ། སྔར་གཏི་མུག་རྒྱུར་བཤད་པའི་ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་ཏུ་འཛིན་པ་བཞི་ཡིན་ལ། དེ་ཡང་རང་བཞིན་གྱིས་མ་གྲུབ་བོ་ཞེས་སྟོན་པ་ནི། ཕུང་པོ་རྟག་པར་འཛིན་པའི་བློ་ཕྱིན་ཅི་ལོག་ཏུ་ཇི་ལྟར་གྲུབ་པ་ཡིན་ཏེ། ཕུང་པོ་ངོ་བོ་ཉིད་ཀྱིས་སྟོང་པ་ལ་མི་རྟག་པར་ངོ་བོ་ཉིད་ཡོད་པ་མིན་པས་སོ། །ཁྱབ་པ་རྒོལ་བའི་བློ་ངོར་སྟོན་པ་ནི། གལ་ཏེ་ཕུང་པོ་མི་རྟག་པར་གནས་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ན་སྟེ། དེ་ལྟར་ཁས་ལེན་པའི་ཕྱིར། འགྲེལ་པ་གཉིས་སུ། གལ་ཏེ་མི་རྟག་རྟག་པའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་བསྒྱུར་བ་ལྟར་བདེའོ། །རིགས་པ་དེ་ཕྱིན་ཅི་ལོག་གཞན་གསུམ་དགག་པ་ལ་སྦྱར་བར་བྱ་སྟེ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་པ་ཡིན། །ཞེས་སམ། འགྲེལ་པ་གཉིས་པོ་ལྟར་ན། སྔ་མའི་རིགས་པ་སྦྱར་རོ། །གཉིས་པ་ནི། ཕུང་པོ་མི་རྟག་གོ་ཞེས་འཛིན་པའི་བློའང་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ་ཡིན་པར་ཐལ། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་སྟེ་སྟོང་པ་ཡིན་པའི་ཕྱིར། ཁྱབ་པ་ནི། ཕུང་པོ་མི་རྟག་པ་ལ་རྟག་གོ་ཞེས་དེ་ལྟར་འཛིན་པ་དེ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པའི་རྒྱུ་མཚན་གྱིས་ཕྱིན་ཅི་ལོག་དུ་འཇོག་པ་ཡིན་ནའོ། །དེ་བཞིན་དུ་གཞན་གསུམ་ལའང་སྦྱར་བར་བྱ་སྟེ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཉིད་དོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་སོ། །གཉིས་པ་ནི། གལ་ཏེ་དེ་ལྟར་སོ་སོར་བཀག་མོད་འཛིན་པ་ཙམ་རང་བཞིན་གྱིས་ཡོད་དོ་ཞེ་ན། རྟག་པ་ལ་སོགས་པའི་འཛིན་སྟངས་གང་གིས་འཛིན་པ་དང༌། འཛིན་པའི་བྱ་བ་གང་ཡིན་པ་དང༌། བདག་གམ་སེམས་ཀྱི་འཛིན་པ་པོ་དང༌། གང་གཟུང་བར་བྱ་བའི་ཡུལ་གཟུགས་སོགས་ཐམས་ཅད་ཆོས་ཅན། ཉེ་བར་ཞི་བ་ཡིན་ཏེ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དེའི་ཕྱིར་འཛིན་པ་ཙམ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་ཕྱིན་ཅི་ལོག་རང་བཞིན་གྱིས་ཡོད་དེ། དེ་དང་ལྡན་པའི་ལྷས་སྦྱིན་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ་ལྡན་ཆོས་རང་བཞིན་གྱིས་མེད་པའི་རྟགས་དང༌། ཕྱིན་ཅི་ལོག་གི་རྟེན་རང་བཞིན་གྱིས་མེད་པའི་རྟགས་དང༌། ཕྱིན་ཅི་ལོག་མ་སྐྱེས་པའི་རྟགས་ཀྱིས་ལྡན་པ་པོ་དགག་པའོ། །དང་པོ་དང༌། གང་ཟག་གང་ལ་ཕྱིན་ཅི་ལོག་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་ཡོད་དེ་མེད་པར་ཐལ། ལོག་པའམ་ཡང་དག་པ་ཉིད་དུ་འཛིན་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་བསྟན་ཟིན་པ་དེས་ནའོ། །གཉིས་པ་ནི། རྟེན་གང་ལ་ཕྱིན་ཅི་ལོག་སྲིད་པ་བདག་ཉིད་ཀྱིས་ནི་ཤེས་རབ་ཀྱིས་ནི་རྣམ་པར་དཔྱོད་ཅིག་དེ་ལྟར་དཔྱད་པ་ན་མི་སྲིད་དེ། རྟེན་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་དོ་སྟེ། བྱ་བ་འདས་ཟིན་པའི་ཕྱིར་དང༌། བྱ་བ་གཉིས་པ་མི་དགོས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་དོ་སྟེ། སྲིད་ན་སངས་རྒྱས་ལ་ཡང་ཕྱིན་ཅི་ལོག་ཡོད་པར་ཐལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ་ཕྱིན་ཅི་ལོག་དག་མ་སྲིད་དོ་སྟེ། དེ་གཉིས་ལས་མ་གཏོགས་པའི་དེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། རྟགས་དགོད། དེ་སྒྲུབ་པའོ། །དང་པོ་ནི། ཕྱིན་ཅི་ལོག་རྣམས་ཆོས་ཅན། ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན་ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། ཕྱིན་ཅི་ལོག་གི་དངོས་པོ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བདག་ལས་མི་སྐྱེ་སྟེ་གཞན་ལས་སྐྱེ་བ་ཉིད་ཀྱང་མ་ཡིན་ལ། བདག་གཞན་གཉིས་ག་ལས་ཀྱང་སྐྱེ་བ་མ་ཡིན་ནའོ། །དེའི་ཕྱིར། ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ་མེད་དོ། །གཉིས་པ་ཡུལ་ཡོད་མེད་བརྟགས་ནས་དགག་པ་ལ། དཔེ་སྒྲུབ་པ་དང༌། དོན་ལ་སྦྱར་བའོ། །དང་པོ་ནི། གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་ཡོད་ན་ནི་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རྣམས་ཕྱིན་ཅི་ལོག་མ་ཡིན་དགོས་ཏེ། བདག་མེད་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་རང་བཞིན་གྱིས་མེད་ན་ནི་བདག་མེད་པ་དང་མི་གཙང་བ་དང་མི་རྟག་པ་དང་སྡུག་བསྔལ་བ་ཡང་རང་བཞིན་གྱི་ཡོད་པ་མ་ཡིན་ནོ་སྟེ། དགག་བྱ་མེད་ན་དེ་བཀག་པ་བདེན་པར་མི་འགྲུབ་པའི་ཕྱིར། དེ་ཡོད་པ་མ་ཡིན་པ་ན་བདག་མེད་པ་སོགས་བཞི་རང་བཞིན་གྱིས་ཡོད་པ་ཡང་ཤེས་བྱ་ཕྱིན་ཅི་ལོག་ཏུ་འགྱུར་དགོས་ཏེ། བདག་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ཐར་པ་འདོད་པས་ཕྱིན་ཅི་ལོག་བརྒྱད་ཆར་ཡང་སྤང་བར་བྱའོ། །གཉིས་པ་རྟགས་དགོད་པ་ནི་དེ་ལྟར་ཡུལ་ལ་དཔྱད་པས་ཡུལ་ཅན་ཕྱིན་ཅི་ལོག་འགག་ལ། དེ་འགགས་པས་མ་རིག་པ་འགག་པར་འགྱུར་ཏེ། རྒྱུ་མ་དམིགས་པའི་ཕྱིར། མ་རིག་པ་འགགས་པར་གྱུར་ན་ནི་འདུ་བྱེད་ལ་སོགས་འགག་པར་འགྱུར་ཏེ། དེའི་ཚེ་དེའི་རྒྱུ་མ་དམིགས་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ། གལ་ཏེ་ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། དེ་སྤོང་བ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་དག་རང་བཞིན་གྱིས་ཡོད་ན་ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ། རང་བཞིན་གྱིས་ཡོད་པ་སུ་ཞིག་སྤོང་བར་འགྱུར་ཏེ་སྤོང་མི་ནུས་པའི་ཕྱིར་རོ། །གལ་ཏེ་ལ་ལའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་མེད་ན་ཇི་ལྟ་བུར་ན་སྤོང་བ་རང་བཞིན་གྱིས་གྲུབ་པར་འགྱུར་ཏེ། རང་བཞིན་གྱི་མེད་པ་སུ་ཞིག་ལ་ཡོད་པ་རང་བཞིན་གྱིས་གྲུབ་པར་བྱེད་དེ་མེད་པའི་ཕྱིར། དཔེར་ན་མེའི་གྲང་བ་མི་སྤོང་བ་བཞིན་ནོ། །གཉིས་པ་ནི། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་ལྔའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པ་རྣམ་པར་བཤད་པའོ།།  །།དམིགས་པའི་རྐྱེན་དང་ཉེར་ལེན་རྒྱུ། །མེད་ན་ཆགས་སྡང་རྨོངས་པ་གསུམ། །རང་བཞིན་གྱིས་ཡོད་ག་ལ་འགྱུར། །དེ་མི་སྲིད་པའི་རྒྱུན་མི་འབྱུང༌། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་རྩོད་པ་སྤང་བ་ལ། རང་བཞིན་མེད་ན་དམིགས་ཡུལ་བདེན་པ་བཞི་མི་འཐད་པའི་རྩོད་པ་སྤང་བ། རང་བཞིན་མེད་ན་འབྲས་བུ་མྱང་འདས་མི་འཐད་པའི་རྩོད་སྤོང་ངོ༌། །དང་པོ་ལ། རྩོད་པ་དང༌། དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། དང་པོ་ལ། དཀོན་མཆོག་གསུམ་མི་འཐད་པའི་རྩོད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པའི་རྩོད་པ། དང་པོ་ལ། དམིགས་ཡུལ་བདེན་བཞི་མི་འཐད་པའི་རྩོད་པ། དེ་མེད་ན་སྐྱབས་གནས་དཀོན་མཆོག་གསུམ་མི་འཐད་པའི་རྩོད་པའོ། །དང་པོ་ལ། འབྱུང་འཇིག་མི་འཐད་པར་ཐལ་བ་དང༌། དེ་ལས་བདེན་བཞི་ཡང་མི་འཐད་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་ངོ་བོས་སྟོང་ན་དངོས་པོ་འགའ་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །གཉིས་པ་ནི། དེ་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་དབུ་མ་པ་ཁྱོད་ལ་མེད་པར་ཐལ་བར་འགྱུར་ཏེ། སྐྱེ་བ་མེད་ན་སྡུག་ཀུན་གྱི་བདེན་པ་མེད་དགོས་ལ། འགག་པ་མེད་ན་འགོག་ལམ་གྱི་བདེན་པ་མེད་དགོས་པས་སོ། །གཉིས་པ་ལ། བདེན་པ་བཞི་མེད་ན་དགེ་འདུན་དཀོན་མཆོག་མེད་པར་ཐལ་བ། དེ་ལས་ཆོས་དང་སངས་རྒྱས་ཀྱང་མེད་པར་ཐལ་བའོ། །དང་པོ་ལ། བདེན་པ་བཞི་མེད་ན་སྡུག་བསྔལ་ཤེས་པ་སོགས་མེད་པར་ཐལ་བ། དེ་མེད་ན་དགེ་སྦྱོང་ཚུལ་གྱི་འབྲས་བུ་མེད་པར་ཐལ་བ། དེ་མེད་ན་འབྲས་གནས་མེད་པར་ཐལ་བའོ། །དང་པོ་ནི། འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བ་དང༌། ལམ་སྒོམ་པ་དང་འགོག་པ་སྔོན་དུ་བྱ་བ་དག་འཐད་པར་འགྱུར་བ་མ་ཡིན་ཏེ། བྱ་བ་བཞི་མེད་ན་བྱེད་པ་བཞི་མི་འབྱུང་བའི་ཕྱིར་ཏེ། བྱེད་པ་ནི་བྱ་བ་ལ་མི་འཁྲུལ་བའི་ཕྱིར། གཉིས་པ་ནི། སྡུག་བསྔལ་ཤེས་པ་སོགས་དེ་དག་ཡོད་པ་མ་ཡིན་པས་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་ནོ་སྟེ། དེ་མེད་ན་སེམས་ཀྱི་སྐད་ཅིག་བཅུ་དྲུག་མི་འབྱུང་བའི་ཕྱིར། གསུམ་པ་ནི། འབྲས་བུ་བཞི་པོ་དེ་དག་མེད་ན་དེ་དག་ལ་གནས་པའི་འཕགས་པའི་གང་ཟག་འབྲས་བུ་ལ་གནས་པ་བཞི་ཡང་མེད་དོ། །དེ་མེད་པའི་ཕྱིར་འཕགས་པའི་གང་ཟག་ཞུགས་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་དཀོན་མཆོག་མེད་དོ། །གཉིས་པ་ནི། འཕགས་པའི་བདེན་རྣམས་མེད་པའི་ཕྱིར་དམ་པའི་ཆོས་ཀྱང་ཡོད་མ་ཡིན་ཏེ། འགོག་ལམ་གཉིས་ནི་རྟོགས་པའི་ཆོས་ཡིན་ལ། དེ་མེད་ན་དེ་གསལ་བར་བྱེད་པའི་ལུང་གི་ཆོས་ཀྱང་མེད་དགོས་པའི་ཕྱིར། ཆོས་དང་དགེ་འདུན་ཡོད་པ་མ་ཡིན་ན་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ། དགེ་འདུན་གྱིས་དམ་པའི་ཆོས་ལ་ནན་ཏན་བྱས་པས་རིམ་གྱིས་རྫོགས་པའི་སངས་རྒྱས་སུ་འགྱུར་དགོས་པའི་ཕྱིར། མདོར་ན། དེ་སྐད་སྟོང་པ་ཉིད་སྨྲ་ན་དཀོན་མཆོག་གསུམ་ལ་གནོད་པ་ནི་བྱེད་ཅིང་སྟེ་བྱེད་པ་ཡིན་ནོ། །གཉིས་པ་ནི། དེ་སྐད་སྟོང་པ་ཉིད་སྨྲ་ན་འབྲས་བུ་ཡིད་དུ་འོང་མི་འོང་དང༌། རྒྱུ་ཆོས་མ་ཡིན་པ་དང༌། ཆོས་དགེ་བ་བཅུ་དང༌། འདུག་ཅིག་དང་སོང་ཞིག་སོགས་འཇིག་རྟེན་པ་ཡི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ལ། རྟེན་འབྲེལ་གྱི་དོན་མ་རྟོགས་པ་ལ་བདེན་བཞི་མི་འཐད་པ་སོགས་ཀྱི་རྩོད་པ་འཇུག་པར་བསྟན། རྟེན་འབྲེལ་རྟོགས་ན་བདེན་བཞིའི་དེ་ཁོ་ན་ཉིད་རྟོགས་པར་བསྟན། དང་པོ་ལ་དེ་འདྲའི་རྩོད་པ་དབུ་མ་པ་ལ་མི་འཇུག་པར་བསྟན། དངོས་སྨྲ་བ་ལ་རྒྱ་ཆེར་འཇུག་པར་བསྟན། དང་པོ་ལ། དངོས་སྨྲ་བས་རྟེན་འབྲེལ་གྱི་དོན་སྟོང་ཉིད་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་རྩོད་ཅིང་རྩོད་པ་དེ་རྩོད་པ་པོ་དེ་ཉིད་ལ་འཇུག་པར་བསྟན། དབུ་མ་པས་རྟེན་འབྲེལ་གྱི་དོན་སྟོང་ཉིད་དུ་རྟོགས་པ་བསྟན་པའོ། །དང་པོ་ལ། རྩོད་པའི་རྒྱུ་མཚན། སྐྱོན་དེ་རང་ལ་མི་འཇུག་པར་བསྟན། སྐྱོན་བརྗོད་པ་པོ་ཉིད་ལ་འཇུག་པར་བསྟན། དང་པོ་ལ། དོན་གསུམ་མ་རྟོགས་པའི་རྒྱུ་མཚན་གྱིས་རྩོད་པར་བསྟན། དེ་ལྟར་རྩོད་པ་དེས་བདེན་གཉིས་མི་ཤེས་པར་བསྟན་པའོ། །དང་པོ་ནི། དེ་ལ་ལན་བཤད་པར་བྱ་སྟེ། དེ་ལྟར་རྩོད་པ་དེས་ནི་རྩོད་པ་པོ་ཁྱོད་ཉིད་ལ་གནོད་པ་ཡིན་ཏེ། རྩོད་པ་པོ་ཁྱོད་ཀྱིས་ནི་སྟོང་པ་ཉིད་བསྟན་པའི་དགོས་པ་དང༌། སྟོང་པ་ཉིད་ཀྱི་རང་གི་ངོ་བོ་དང༌། སྟོང་པ་ཉིད་ཀྱི་སྒྲ་འཇུག་པའི་དོན་ནི་མ་རྟོགས་པས་ཏེ་མ་རྟོགས་བཞིན་དུ་སྟོང་པ་ཉིད་ཀྱི་དོན་ཅི་ཡང་མེད་པ་ལ་བཟུང་ནས་རྩོད་པའི་ཕྱིར་རོ། །རྩོད་པ་དེ་ནི་དངོས་པོ་རྣམས་མེད་ངེས་དང་བདེན་གྲུབ་ཏུ་ཁས་བླངས་པ་ལ་གཉིས་ཀ་འཇུག་པ་མཚུངས་ཤེས་པའི་དོན་ནོ། །དེ་ལ་སྟོང་པ་ཉིད་བསྟན་པའི་དགོས་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོགས་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པས་བསྟན་ནོ། །སྟོང་པ་ཉིད་ཀྱི་ངོ་བོ་ནི། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པར་བཤད་པར་ལྟར་རོ། །སྟོང་པ་ཉིད་ཀྱི་སྒྲ་དོན་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་དང༌། མདོ་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་པ་ནས། གང་གི་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པས་བཤད་དོ། །གཉིས་པ་ལ། བསྟན་བྱ་བདེན་པ་གཉིས་ངོས་བཟུང༌། དེ་མ་ཤེས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ནི་ཆོས་ཅན། བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་འཇུག་སྟེ། ཁྱོད་ཀྱི་བསྟན་བྱའི་དོན་ནི་སྣང་ཚུལ་དང་གནས་པའི་ཚུལ་གཉིས་ལ་བརྟེན་པའི་ཕྱིར། བདེན་པ་གཉིས་པོ་གང་ཞེ་ན། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། དམ་པའི་དོན་གྱི་བདེན་པའོ།།  །།སྐབས་འདིར་རེ་ཞིག་སྤྱིའི་དོན་ནི། བདེན་པ་གཉིས་ཀྱི་མཚན་ཉིད། མཚན་གཞིའི་དབྱེ་བ། རྣམ་པར་གཞག་པ་བསྟན་ལ་དབབ་པའོ། །དང་པོ་ལ། བཞེད་པའི་རྣམ་གྲངས་དང༌། རང་གི་ལུགས་སོ། །དང་པོ་ནི། རྔོག་ལོ་ཙཱ་བ་ཆེན་པོས། ཤེས་བྱའམ་གཞལ་བྱའམ་བརྗོད་བྱ་ཙམ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། ཤེས་བྱའི་མཚན་མ་ལས་འདས་པའི་སྤྲོས་བྲལ་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་པར་བཞེད་དོ། །རྨ་བྱ་བྱང་བརྩོན་ནི། བློ་འཁྲུལ་པའི་ཡུལ་དུ་བདེན་པ་དང༌། བློ་མ་འཁྲུལ་བའི་ཡུལ་དུ་བདེན་པ་ཞེས་བཞེད། ཨར་བྱང་ཡེས། སྣང་ལ་རང་བཞིན་མེད་པ་དང༌། སྣང་བ་བཀག་པའི་དེ་ཁོ་ན་ཉིད་ལ་བཞེད། ཕྱྭ་པ། མ་དཔྱད་པའི་བསམ་ངོར་བདེན་པ་དང༌། མཐར་ཐུག་འཇལ་བའི་ཚད་མའི་ཡུལ་དུ་བདེན་པ་ཞེས་བཞེད། བུ་སྟོན་རིན་པོ་ཆེ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དང༌། རང་བཞིན་སྤྲོས་བྲལ་གང་ཞིག་ཡོངས་གཅོད་དུ་ཤེས་བརྗོད་གཞལ་བྱ་ལས་འདས་པའི་དེ་ཁོ་ན་ཉིད་ཅེས་བཞེད། ཕྱི་རབས་པ་ཕལ་ཆེ་བ། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་དང༌། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་རྙེད་པའི་རྙེད་དོན་ཞེས་བཞེད་པར་སྣང་ངོ༌། །གཉིས་པ་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་ནི། ཡུལ་ཅན་རྫུན་པའི་ཤེས་བྱར་གྲུབ་པའོ། །ཡུལ་ཅན་རྫུན་པ་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་རྣམས་ཏེ། ཇི་སྐད་དུ། ཚིག་གསལ་ལས། ཀུན་རྫོབ་ནི་བརྡ་སྟེ་འཇིག་རྟེན་གྱི་ཐ་སྙད་ཅེས་བྱའི་ཐ་ཚིག་གོ །དེ་ཡང་བརྗོད་པ་དང༌། བརྗོད་བྱ་དང༌། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཞེས་དང་བརྗོད་བྱ་དང་རྗོད་བྱེད་དང༌། ཤེས་པ་དང་ཤེས་བྱ་ལ་སོགས་པའི་ཐ་སྙད་མ་ལུས་པ་འདི་དག་ཐམས་ཅད་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པ་ལ་ནི་འདི་དག་ཡོད་པ་མ་ཡིན་ཏེ། དེར་ནི། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །མ་སྐྱེས་པ་དང་མ་འགགས་དང༌། །ཆོས་ཉིད་མྱ་ངན་འདས་དང་མཚུངས་པ་དེའི་ཕྱིར། །དོན་དམ་པ་དེ་ལ་ཚིག་གམ་ཤེས་པ་འཇུག་པ་ག་ལ་ཡོད། །ཅེས་བཤད་པའོ། །དོན་དམ་བདེན་པའི་མཚན་ཉིད་ནི། ཐ་སྙད་ཀྱི་སྤྲོས་པ་མ་ལུས་པ་འདས་པའི་དེ་ཁོ་ན་ཉིད་དོ། །ཇི་སྐད་དུ་ཚིག་གསལ་ལས། དོན་དམ་པ་དེ་ནི་གཞན་ལས་ཤེས་པ་མ་ཡིན་ཞིང༌། ཞི་བ་དང་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དང༌། སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་གྱི་དེ་ནི་བསྟན་པར་བྱ་བ་མ་ཡིན་ཞིང་ཤེས་པ་ཡང་མ་ཡིན་ཏེ། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བཤད་ཟིན་ཏོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ་ཀུན་རྫོབ་བདེན་པ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་ཀུན་རྫོབ་བདེན་པ་དང༌། འཕགས་པའི་ཀུན་རྫོབ་བདེན་པའོ། །དེ་ཡང༌། ཇི་ལྟར་སྣང་བའི་ངོ་བོ་གཅིག་ཉིད་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་ལྡན་པའི་བྱིས་པའི་བློ་ལ་ལྟོས་ནས་བདེན་པས་ན་བྱིས་པའི་ཀུན་རྫོབ་བདེན་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་མངའ་བའི་འཕགས་པའི་རྗེས་ཀྱི་ཤེས་ངོར་སྒྱུ་མ་ལྟ་བུ་སྣང་བས་ན་འཕགས་པའི་ཀུན་རྫོབ་ཅེས་བྱ་སྟེ། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་གསུངས་སོ། །སྔ་མ་ལ་ཡང་ལོག་གཉིས་སུ་ཕྱེ་ཞིང༌། དེ་ལའང༌། ཡུལ་ཅན་དང་ཡུལ་གྱི་ཡང་ལོག་གཉིས་སུ་འབྱེད་པ་ཟླ་བའི་ཞབས་ཀྱི་ལུགས་སོ། །ཕྱི་མ་ལ་ཡང་ལོག་གཉིས་སུ་མི་འབྱེད་པ་ཡིན་ཏེ། འཕགས་པའི་རྗེས་ཀྱི་ཤེས་པ་ལ། ཤེས་བྱ་གང་དང་གང་ཡིན་པ་དེ་དག་རྫུན་པ་སྒྱུ་མ་ཙམ་དུ་སྣང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཇི་སྐད་དུ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫབ་ཏུའོ། །ཞེས་གསུངས་སོ། །རྨ་བྱ་ན་རེ། འདི་ལ་ཡང་ལོག་དབྱེར་མེད་པས་ཀུན་རྫོབ་ཙམ་པོ་ཞེས་ཀྱང་བྱ་ལ། དབུ་མ་པའི་ཀུན་རྫོབ་ཅེས་ཀྱང་བྱ་ལ། འཕགས་པའི་རྗེས་ཀྱི་ཤེས་ངོར་བདེན་པར་སྣང་བས་འཕགས་པའི་ཀུན་རྫོབ་ཅེས་ཀྱང་བྱའོ། །ཞེས་གསུང་ངོ༌། །ཟླ་བའི་ཞབས་ཀྱིས་ཚིག་གསལ་འཇུག་ཏུ། །འཕགས་པའི་ཀུན་རྫོབ་ལ་བདེན་པ་ཞེས་མི་སྦྱར་བ་དང༌། ལོག་པའི་ཀུན་རྫོབ་ལ་འཇིག་རྟེན་གྱི་ཞེས་པའི་ཁྱད་པར་དང༌། བདེན་པ་ཞེས་པའི་ཁྱད་པར་གཉིས་ཀ་མི་སྦྱོར་བ་ལྟ་བུར་གསུངས་མོད། དེ་དག་ལ་འཇིག་རྟེན་གྱི་ཀུན་རྫོབ་བདེན་པའི་སྒྲ་བཤད་མ་ཚང་བ་ལ་དགོངས་པ་ཡིན་གྱི་དེ་དག་ཀུན་རྫོབ་བདེན་པར་མི་བཞེད་ན་བདེན་པ་གཉིས་ཀྱི་གྲངས་ངེས་ཉམས་པར་འགྱུར་རོ། །གྲངས་ངེས་པ་ཡང་ཡིན་ཏེ། བསླུ་མི་སླུ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡིན་པས་སོ། །རིན་པོ་ཆེ་པ། ཆོས་རྣམས་ཀུན་རྫོབ་ཏུ་ཡོད་པར་འཇོག་པའི་ཀུན་རྫོབ་དེ་ཡིན་ན་ཉོན་མོངས་པ་ཅན་གྱི་མ་རིག་པ་མིན་དགོས་ཏེ། མ་རིག་པ་དེས་བཟུང་བའི་དོན་ཐ་སྙད་དུ་ཡང་མི་སྲིད་པའི་ཕྱིར་ཞེས་གསུངས་མོད། དེ་ལྟ་ན་ལུང་དང་རིགས་པ་དང་ཁས་བླངས་པ་གསུམ་ཆར་དང་འགལ་ཏེ། ཇི་སྐད་དུ། རེ་ཞིག་སྲིད་པའི་ཡན་ལག་གིས་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར་དང༌། མ་རིག་པ་དེས་ཀུན་རྫོབ་ཀྱི་བདེན་པར་བཞག་པ་ཡིན་གྱི་ཀུན་རྫོབ་ཏུ་ཡོད་པར་མ་བཞག་ན། བློ་དེས་ཀུན་རྫོབ་ཏུ་ཡོད་པར་མ་བཞག་དགོས་པར་འགྱུར་ཏེ། ཀུན་རྫོབ་བདེན་པར་འཇོག་བྱེད་ཀྱི་ཀུན་རྫོབ་དེ་ཡིན་ན་ནི་བདེན་འཛིན་ཡིན་དགོས་པར་ཁས་བླངས་ཤིང༌། དེ་ཡིན་ན་ཀུན་རྫོབ་ཏུ་ཡོད་པར་འཇོག་བྱེད་ཀྱི་ཀུན་རྫོབ་དེ་ཡིན་པར་འགལ་དགོས་པས་སོ། །དེ་ཡང་འདོད་ན། བུམ་པ་ལ་བདེན་པར་འཛིན་པའི་བདེན་འཛིན་དེས་བུམ་པ་ཀུན་རྫོབ་ཀྱི་བདེན་པར་བཞག་ན་བུམ་པ་ཀུན་རྫོབ་ཏུ་ཡོད་པར་མ་བཞག་པ་འགལ་ལོ། །དེར་མ་ཟད་ཀྱི་ཁས་བླངས་པ་དང་ཡང་འགལ་ཏེ། ཇི་སྐད་དུ། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བས་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པར་མ་རིག་པས་བདག་དེ་ཐ་སྙད་ཙམ་དུ་ཡོད་པར་འཇོག་པ་གཅིག་ཀྱང་ཁྱེད་ཀྱིས་ཁས་བླངས་པས་སོ། །གཉིས་པ་དོན་དམ་བདེན་པའི་དབྱེ་བ་ནི། དངོས་པོ་ལ་དབྱེ་བ་ཡོད་པ་མ་ཡིན་ཏེ། དབྱེ་བའི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར། ཇི་སྐད་དུ། དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེའི་ཕྱིར། །ཞེས་གསུངས་སོ། །ཆོས་ཅན་གྱིས་དབྱེ་ན་སྟོང་ཉིད་ཉི་ཤུ་དང་བཅུ་དྲུག་ལ་སོགས་པས་ཕྱེའོ། །རྒྱ་དམར་དང་ཕྱྭ་པ། རྣམ་གྲངས་ཀྱི་དོན་དམ་བདེན་པ་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་སུ་བྱས་ནས་བུམ་པ་བདེན་སྟོང་ལྟ་བུ་སྤྲོས་པ་ཕྱོགས་རེ་བཀག་པ་དང༌། སྤྲོས་པ་མ་ལུས་པ་བཀག་པའི་དབྱིངས་ལ་བཞེད་དོ། །འདི་ཉིད་རང་རྒྱུད་པའི་སློབ་དཔོན་རྣམས་ཀྱི་བཞེད་པ་ཕྱོགས་མཐུན་པ་ཡིན་ཏེ། དབུ་མ་རྒྱན་དང༌། བདེན་གཉིས་དང༌། སྣང་བ་རྣམས་སུ་དོན་དམ་ལ། དོན་དམ་དངོས་དང༌། མཐུན་པའི་དོན་དམ་གཉིས་སུ་ཕྱེ་ནས་གསུངས་པའི་ཕྱིར་རོ། །རྒྱན་དང༌། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་དང༌། སྣང་བ་ལས། དེ་ལྟར་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་བྱ་ཡི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པའི་ཕྱིར། ཞེས་གསུངས་སོ། །དབུ་མ་རྒྱན་གྱི་རང་འགྲེལ་ལས། སྐྱེ་བ་མེད་པ་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་ཏུ་ཟིན་ཀྱང༌། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཅེས་བྱ། །ཡང་དག་ཏུ་ན་སྤྲོས་པའི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །དོན་དམ་པར་ནི། དངོས་པོ་དང་དངོས་པོ་མེད་པ་དང༌། སྐྱེ་བ་དང་མི་སྐྱེ་བ་དང༌། སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་དངོས་སུ་དོན་དམ་མ་ཡིན་པར་བསྟན་པ། སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེའི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་རྟེན་ན་ཡང༌། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །སྐྱེ་བ་ལ་སོགས་པ་མེད་ན་ནི་དེའི་རྗོད་པའི་སྒྲའི་སྦྱོར་བ་མི་འཐད་དོ། །དེ་བས་ན་ཡུལ་མེད་པ་ལ་དགག་པའི་སྒྲ་སྦྱོར་བ་ཡང་མེད་པས་སྐྱེ་བ་མེད་པ་ལ་སོགས་པ་ཡང་མི་སྲིད་དོ། །ཅི་སྟེ་རང་གི་མཚན་ཉིད་ནི་སྒྲ་འདི་དག་གི་ཡུལ་མ་ཡིན་མོད་ཀྱི། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཚུལ་ཅན་གྱི་དོན་ཡུལ་ཉིད་དུ་བདག་གིར་བྱེད་དོ་ཞེ་ན། རྣམ་པར་རྟོག་པ་ཡང་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པས་དེ་དཔྱད་པ་ཉིད་ཀྱི་བསལ་ཟིན་པ་མ་ཡིན་ནམ། གཞན་ཡང་དེ་ལྟར་ན་ཡང་ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་རྟེན་པའི་ཕྱིར་མི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ཏེ། ཤིང་ལ་སོགས་པའི་སྒྲ་བཞིན་ནོ། །གཞན་ཡང་དངོས་པོར་མ་གྲུབ་ན་དེ་ལ་ལྟོས་པས་རབ་ཏུ་བཏགས་པ་བདག་གི་དེ་ཁོ་ན་དངོས་པོ་མེད་པ་ལ་སོགས་པ་ཡང་མེད་པ་ཉིད་དོ། །འདི་སྐད་ཅེས་གསུངས་ཏེ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པར་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་གསུངས་པ་ཡིན་ནོ། །ཞེས་རང་བཞིན་སྐྱེ་མེད་ཡང་དག་ཀུན་རྫོབ་ཡིན་པ་དང༌། དེ་འདྲ་དེ་དོན་དམ་བདེན་པ་ལ་འཛེག་པའི་སྐས་སུ་བཤད། དེའི་འགྲེལ་བཤད་དུ་ཀ་མ་ལ་ཤི་ལས། སྐྱེ་བ་མེད་པ་ལ་སོགས་པའི་སྒྲས་ནི་འགོག་པ་དང་ཞི་བ་ལ་སོགས་པ་བསྡུའོ། །དེ་མེད་པར་དོན་དམ་པ་ལ་གཟེག་མི་ནུས་སམ་ཞེ་ན། གང་གི་ཕྱིར་དེ་སྐད་ཅེས་བྱ་སྙམ་པ་ལ། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དག་པ་ཉིད་ཁང་པ་ཡིན་ནོ། །དེའི་སྟེང་ནི་རབ་ཀྱི་མཐའ་སྟེ་དེར་འགྲོ་བ་ཞེས་བསྡུའོ། །ཡང་དག་ཀུན་རྫོབ་ཉིད་ཐེམ་སྐས་བཞིན་དུ་སྐས་ཡིན་ཏེ་གོམ་པའི་རྟེན་ཅེས་བྱ་བའི་ཐ་ཚིག་གོ །འདི་ནི་སློབ་དཔོན་སྣང་བྲལ་གྱིས་དབུ་མའི་སྙིང་པོ་ལས་གསུངས་པ་ཡིན་ནོ། །དེས་ན་གང་ལ་ལ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་བློ་དོན་དམ་པའི་སྒྲར་བརྗོད་ན་ནི། དེའི་ཚེ་དེ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་ན་དོན་དམ་པ་ཉིད་ཡིན། གལ་ཏེ་ཡང་དེའི་དབང་གིས་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་འཇོག་ན། དེ་ཡང་གང་གིས་རྣམ་པར་བཞག་བྱ་དེ་ཉིད་ཀྱིས་བཞག་ཏུ་རིགས་པ་མ་ཡིན་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར། ཚད་མ་གཞན་གྱིས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་བློ་དེ་གཅིག་པུ་མ་གཏོགས་པ་འཇོག་གོ་ཞེ་ན། འོ་ན་ནི་ཡུལ་ཐམས་ཅད་བདག་མེད་པར་མ་སྒྲུབ་པར་འགྱུར་རོ། །ཞེས་རྒོལ་བ་གང་ཡིན་པ་དེ་ཡང་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ཏེ། དེ་ཡང་དོན་དམ་དང་མཐུན་པའི་ཕྱིར་དོན་དམ་པ་ཉིད་ཡིན་ལ། རང་བཞིན་མེད་པར་ཡང་དེ་ཉིད་ཀྱིས་རྣམ་པར་འཇོག་གོ །རང་གི་བདག་ཉིད་ལ་བྱེད་པ་འགལ་བ་ཡང་མ་ཡིན་ཏེ། སྤྱིའི་ངོ་བོར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྣམ་པར་དམིགས་ལ། བློའི་རང་གི་ངོ་བོ་ཡང་སྤྱིའི་མཚན་ཉིད་དེར་འདུ་བའི་ཕྱིར་རོ། །ཞེས་དང༌། རྣམ་པར་རྟོག་ལ་རྟེན་པ་ཡང༌། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་རྟོག་པ་ལ་རྟེན་པ་ཉིད་དུ་ཁས་ལེན་ན་སྐྱེ་བ་མེད་པ་ལ་སོགས་པ་དེ་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་དོན་དམ་པར་འགྱུར། ཞེས་གསུངས་སོ། །བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་རྟེན་ནས་གང་སྐྱེས་དེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཡང་དག་མིན་ནི་ཀུན་བརྟགས་ཡིན། །ཞེས་པ་དེའི་འགྲེལ་པར། རྒྱུ་དང་རྐྱེན་ལ་རྟེན་ནས་སྐྱེས་པ་གང་ཡིན་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་པར་བྱ་སྟེ། བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོར་གནས་པའི་ཕྱིར། ཡང་དག་པ་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ་གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་རྟོག་པའི་གཟོས་སྦྱར་བ་སྟེ་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །འོ་ན། ཡང་དག་པར་སྐྱེ་བ་ལ་སོགས་པ་བཀག་པ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་ཏེ། དེའི་དངོས་པོ་སྣང་བ་ན་ཡང་དག་པར་སྐྱེ་བ་ལ་སོགས་པ་བཞིན་དུ་མི་སྣང་ངོ་ཞེ་ན། དང་པོའི་ངོ་བོ་དང་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །ཆོས་གཞན་ཞིག་ཡིན་པར་ཡོངས་སུ་བརྟག་ན་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་ཡང་འགྱུར་རོ། །གང་གི་སྐྱེ་བ་ལ་སོགས་བཀག་པ་ཡང་ཡང་དག་པར་སྐྱེ་བ་ལ་སོགས་པར་རྟོག་པའི་དངོས་པོ་བཀག་པའི་གཏན་ཚིགས་ཀྱི་ཡང་དག་པ་དང་མཐུན་པའི་ཕྱིར། དོན་དམ་ཡིན་པར་ཁོ་བོ་འདོད། །གཞན་དག་ནི་ཡང་དག་པ་ཁོ་ནར་འཛིན་པས་ཡང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དགག་བྱ་བཏགས་པ་ཡིན་ན་བཀག་པ་ཡང་བཏགས་པ་ཉིད་དུ་འགྱུར་ཏེ། མོ་གཤམ་གྱི་བུའི་སྔོ་སངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ། །ཞེས་གསུངས་པས། རིན་པོ་ཆེ་དགག་གཞི་སྔོ་སེར་འཛིན་པའི་མིག་ཤེས་ལ་སྣང་བའི་མ་ཡིན་དགག་སྐབས་འདིའི་སྐྱེ་མེད་ཀྱི་མཚན་གཞིར་འདོད་པ་མི་རིགས་སོ། །དེ་ལྟར་བཤད་པ་ན། སྔར་བཤད་པ་ལྟར། སྟོང་པ་ཉིད་དང་བདེན་པར་མེད་པ་དང༌། རང་བཞིན་གྱིས་སྐྱེ་བ་མེད་པ་སོགས་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་མེད་པར་དགག་པ་ཉིད་དུ་བརྗོད་ཅིང་ཞེན་པའི་གཞིར་སྣང་བ་དེ་དག་ནི་དོན་ལ་དངོས་མ་ཡིན་ཏེ། སྤྲོས་པའམ་མཚན་མར་སྣང་བའི་ཕྱིར། དོན་དམ་པའི་བདེན་པ་སྒྲ་དང་རྟོག་པས་སྤྱིའི་ཚུལ་གྱིས་བརྗོད་པ་དང་བཟུང་བར་ནུས་པ་མ་ཡིན་ནམ་ཞེ་ན། གང་སྤྱིའི་ཚུལ་གྱིས་ཡུལ་དུ་བྱས་པ་དེ་ཡིན་ན་དོན་དམ་པའི་བདེན་པ་མ་ཡིན་པས་ཁྱབ། དཔེར་ན། བུམ་པའི་དོན་སྤྱི་བུམ་པ་མ་ཡིན་པ་བཞིན། དོན་དམ་བདེན་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་བཟུང་བ་དེ་ཡིན་ཡང་དོན་དམ་པའི་བདེན་པ་མ་ཡིན་དགོས་སོ་ཞེས་པ་རང་བཞིན་འགལ་དམིགས་ཀྱི་གཏན་ཚིགས་སོ། །མདོར་ན་མཐུན་པའི་དོན་དམ་ནི། སྤྲོས་པ་ཕྱོགས་རེ་བཀག་པ་རྣམས་སམ། སྤྲོས་པ་མ་ལུས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ཅེས་སོགས་སྒྲས་བརྗོད་རྒྱུ་དང་རྟོག་པ་ལ་འཆར་རྒྱུ་གང་འབྱུང་བ་དེ་ཐམས་ཅད་དོ། །དོན་དམ་པའི་བདེན་པ་དངོས་ལ་ནི་རྗོད་བྱེད་བཅུའི་མཚན་གཞི་བཟུང་རྒྱུ་ཅི་ཡང་མེད་དེ། དེ་སྐད་དུ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ཞེས་རབ་རིབ་མེད་པའི་མིག་གི་སྐྲ་ཤད་མ་མཐོང་བ་དཔེར་བྱས་ཀྱི་མཚན་གཞི་འདི་ཡིན་ནོ་ཞེས་གསུངས་པ་མེད་ཅིང༌། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པའང་དོན་འདི་ཉིད་དོ། །འོ་ན་ཡོད་ན་དོན་དམ་བདེན་པར་འགལ་དགོས་པར་འགྱུར་ཏེ། དེའི་མཚན་གཞི་བཟུང་རྒྱུ་མེད་པའི་ཕྱིར་ཞེ་ན། དེ་ལྟར་ན། ཡོད་ན་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ཐོག་མའི་དུས་དེ་མ་ཡིན་དགོས་པར་ཐལ་བ་དང༌། ཡོད་ན་ཤཱཀྱ་ཐུབ་པའི་ཡོན་ཏན་གྱིས་ཚད་མ་མ་ཡིན་དགོས་པར་ཐལ་བ་དང༌། ཡོད་ན་ལྷ་བྱིན་གྱི་བུ་མིན་དགོས་པར་ཐལ་བ་དང༌། ཡོད་ན་དེ་རིང་གི་དུས་ཀྱི་རྒྱ་གར་རྡོ་རྗེའི་གདན་གྱི་གཙུག་ལག་ཁང་སྐྱོང་མིན་དགོས་པར་ཐལ་བ་དང༌། ཡོད་ན་སེམས་ཅན་ཐམས་ཅད་སངས་རྒྱས་པའི་དུས་ཀྱི་སངས་རྒྱས་དེ་མི་ཡིན་དགོས་པར་ཐལ་བ་སོགས་ཁྱེད་ལ་འཇུག་གོ །ཁོ་རང་ཉིད་ཁོའི་མཚན་གཞི་འོ་ན་ཞེ་ན། དེ་ལྟ་ན་མོ་གཤམ་གྱི་བུའང་དེ་ཉིད་ཀྱི་མཚན་གཞིའོ་ཞེས་སྨྲས་ན་ཅིས་འགོག དེས་ན་འདི་ལྟར་ཁས་ལེན་དགོས་ཏེ། ཐོས་བསམ་གྱི་ཤེས་པས་བདེན་པ་གཉིས་ཀྱི་རྣམ་གཞག་བྱེད་དུས་ཀྱི་དོན་དམ་བདེན་པ་ལྟ་བུ་འཇིག་རྟེན་ལ་གྲགས་པའི་དོན་དམ་བདེན་པ་དང༌། སྒོམ་བྱུང་གི་ཤེས་རབ་ཀྱིས་ཉམས་སུ་མྱོང་བའི་དུས་ཀྱི་དོན་དམ་བདེན་པ་ལྟ་བུ་འཕགས་པའི་དོན་དམ་བདེན་པའོ། །ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚེ་ནི། དང་པོས་ཀྱང་དོན་དམ་པ་གོ་ཆོད་ཅིང་དེ་གཏན་ལ་བེབས་པས་དོན་དམ་བདེན་པ་གཏན་ལ་ཕེབས་པར་ཡང་འགྱུར་ཞིང༌། མཚན་གཞི་ཡང་བུམ་པ་བདེན་སྟོང་དང༌། མྱང་འདས་སོགས་མཚན་གཞིར་བཟུང་ནས། དོན་དམ་བདེན་པར་སྒྲུབ་བྱེད་ཀྱི་མཚན་ཉིད་སྔར་བཤད་པ་དེ་དག་ཞུགས་པ་ཡིན་ནོ། །གཏན་ལ་ཕེབས་ནས་བསྒོམ་པའི་ཚེ་ནི་དེ་དག་དེར་མི་རུང་སྟེ། དེ་དང་དེའོ་སྙམ་དུ་མཚན་མ་དང་མངོན་རྟགས་སུ་འཛིན་པའི་བློ་ཡིན་ན་དོན་དམ་རྟོགས་པའི་སྒོམ་བྱུང་དུ་འགལ་བས་སོ། །དེ་ཡང་ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །ཞེས་དང༌། དེའི་འགྲེལ་པར། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང་དོན་དམ་པ་མ་རྟོགས་པར་མྱ་ངན་ལས་འདའ་བའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ། །ཞེས་གསུངས་སོ། །ཡང་ཚིག་གསལ་དུ། འཕགས་པའི་དེ་ཁོ་ན་ཉིད་དང་འཇིག་རྟེན་པའི་དེ་ཁོ་ན་ཉིད་གཉིས་སུ་ཕྱེ་ནས་དང་པོ་ནི་ཆོས་ཀྱི་དབྱིངས་མེད་དགག་དང༌། གཉིས་པ་ནི་རྟག་ཆད་དང་བྲལ་བའི་མྱུ་གུ་ལྟ་བུ་ལ་བཤད་ཅིང་དེ་གཉིས་ཀྱང་རིམ་པ་བཞིན། གཞན་ལས་ཤེས་མིན་ཞི་བ་དང༌། །ཞེས་སོགས་དང༌། དེ་ནི་རེ་ཞིག་དེ་ཉིད་མིན། །ཞེས་པའི་གཞུང་གིས་འཆད་པར་བཞེད་པས། མཐུན་པའི་དོན་དམ་གྱིས་དོན་དམ་བདེན་པའི་གོ་ཆོད་ན་འཇིག་རྟེན་པའི་དོན་དམ་གྱིས་ཀྱང་དེའི་གོ་ཆོད་པར་འགྱུར་རོ། །གཞན་ཡང་སྔ་རབས་པ་དག་གིས་ནི། སྤྲོས་པ་ཕྱོགས་རེ་བཀག་པའི་མེད་དགག ཁོ་ན་ལ་མཐུན་པའི་དོན་དམ་པའི་གོ་དོན་དུ་བཤད་པས་ཁྱབ་ཆུང་པར་སྣང་ངོ༌། །རིན་པོ་ཆེ་པ། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཞེས་སོགས་ཀྱི་དགོངས་པ་སྐྱེ་སོགས་བཀག་པའི་མེད་དགག་ལ་མི་འཆད་པར་མ་ཡིན་དགག མྱུ་གུ་དང་བུམ་པ་སོགས་དགག་གཞི་འཛིན་པའི་མིག་ཤེས་ལ་སྣང་བ་ལ་འཆད་པ་ནི་གཞུང་གི་འཕྲོས་དང་མི་འགྲིག་སྟེ། རྣམ་རིག་པས། སྐྱེ་འགག་ཏུ་སྒྲོ་བཏགས་པའི་ཆ་ཀུན་རྫོབ་དང༌། སྐྱེ་སོགས་བཀག་པ་ཡོངས་གྲུབ་དང་དོན་དམ་བདེན་པར་འདོད་པ་ལ། དབུ་མ་པས། དེར་མ་ཟད། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཀུན་རྫོབ་ཅེས་ཡང་གི་ཁོངས་ནས་འདོན་པར་གཞུང་དེ་དག་གི་ཕྲོས་ལ་གསལ་བའི་ཕྱིར། སྐྱེ་སོགས་བཀག་པའི་མ་ཡིན་དགག་ནི། དེ་བཀག་པས་ཁྱད་པར་དུ་བྱས་པའི་ཀུན་རྫོབ་བདེན་པ་ཉིད་ལ་འདོད་དགོས་པས་དེ་ལྟ་ན། ཀུན་རྫོབ་བདེན་པ་གང་ཡིན་ཐམས་ཅད་ཀྱང་མཐུན་པའི་དོན་དམ་དུ་ཧ་ཅང་ཐལ་བར་འགྱུར་རོ།།  །།གསུམ་པ་རྣམ་གཞག་ལ། ཟླ་བས་ཀུན་རྫོབ་ཀྱི་སྒྲ་བཤད་ཚུལ་གསུམ་མཛད་དེ། སཾ་བྷྲི་ཏི་ཞེས་སྦྱར་ན་ཡང་དག་པར་སྒྲིབ་པར་བྱེད་པས་ཀུན་རྫོབ་སྟེ། མ་རིག་པ་ལ་བྱ་ལ། དེ་ལ་ཡང་ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་ཅན་མིན་པའི་མ་རིག་པ་གཉིས་བཤད། སཾ་ཀེ་དུ་ཞེས་སྦྱར་ན། ཡང་དག་པར་ཕན་ཚུན་བརྟེན་པས་ཀུན་རྫོབ་ཅེས་བྱ། སཾ་བྷ་ར་ཞེས་སྦྱར་ན། བརྡ་དང་ཐ་སྙད་ལ་ཀུན་རྫོབ་ཅེས་བྱ་སྟེ། ཡང་དག་པར་བརྟན་པས་ཀུན་རྫོབ་ཅེས་བྱའོ། །ཞེས་གསུང༌། དོན་དམ་བདེན་པའི་སྒྲ་བཤད་ཚུལ་ནི། དོན་ཡང་དེ་ཡིན། དམ་པ་ཡང་དེ་ཡིན། དེ་ཉིད་བདེན་པ་ཡང་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་བཤད་ལ། ཡེ་ཤེས་སྙིང་པོས། དམ་པ་ནི་འཕགས་པའི་མཉམ་གཞག་ཟག་མེད་ལ་བྱ་ལ། དེའི་ཡུལ་གྱི་དོན་ཡིན་པས་དམ་པའི་དོན་དང་དེ་ཉིད་བདེན་པ་ཡིན་པར་བཞེད་དོ། །དེ་ལྟར་བཤད་ན་བདེན་པའི་སྒྲ་ནི་མི་སླུ་བ་ལ་འཇུག་ལ། མི་སླུ་བ་ཡང་གཉིས་ཏེ། འཇིག་རྟེན་གྱི་ཐ་སྙད་ཙམ་གྱིས་མི་སླུ་བར་བཞག་པ་དང༌། གནས་ཚུལ་ལ་མི་སླུ་བར་གནས་པའོ། །དང་པོ་ནི། བུམ་སྣམ་སོགས་ཏེ་ཀུན་རྫོབ་ཀྱི་བཤད་ཚུལ་གསུམ་པོ་གང་རུང་གི་ངོར་བདེན་པ་དང་མི་སླུ་བར་སྣང་བའི་ཕྱིར། དེ་དེ་ལྟར་སྣང་ཡང་མི་སླུ་བ་མ་ཡིན་ནོ། །སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་ཕྱིར་ཏེ། གནས་ཚུལ་ལ་བདེན་མེད་དུ་གནས་སྣང་ཚུལ་ལ་བདེན་པར་སྣང་བའི་ཕྱིར། གཉིས་པ་ནི། བུམ་པ་བདེན་སྟོང་ལྟ་བུ་ལ་བྱ་སྟེ། ཡུལ་གྱི་གནས་ཚུལ་ཉིད་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་པའི་ཟུར་གྱི་བདེན་པ་གཉིས་ནི། མིང་མཐུན་ཡང་དོན་ནི་མི་མཐུན་ཏེ། གཅིག་ནི་བདེན་གྲུབ་ལ་སྒྲ་བཤད་དགོས་ལ། གཅིག་ནི་བདེན་གྲུབ་ཀྱི་སྟོང་པ་ལ་བཤད་དགོས་པའི་ཕྱིར་རོ། །སྐབས་འདིར། རིན་པོ་ཆེ་པའི་ཞལ་སྔ་ནས་དབུ་མ་རྩ་བའི་རྣམ་བཤད་དང༌། འཇུག་པའི་རྣམ་བཤད་གཉིས་ཀྱི་ཐོག་མ་མཛད་པ་ན། དེ་ཁོ་ན་ཉིད་མཐོང་བའི་རིགས་ཤེས་ཀྱིས་རྙེད་པའི་རྙེད་དོན་དང༌། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་དེ་རིམ་པ་བཞིན་བདེན་པ་གཉིས་ཀྱི་མཚན་ཉིད་ཡོངས་རྫོགས་སུ་བཞེད་ཅིང་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཇི་སྙེད་པ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་མི་མཁྱེན་པར་བཞེད་དོ། །འཇུག་བཤད་ཀྱི་རྫོགས་མཚམས་ན། གཉིས་ཀས་གཉིས་ཀ་མཁྱེན་པ་དང༌། སྔར་གྱི་མཚན་ཉིད་ཀྱི་ཟུར་དུ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཁྱོད་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ་ཁྱོད་ལ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་བ་ཞེས་སྦྱར་བར་བྱའོ་ཞེས་གསུངས་པས། ཐུགས་ཀྱི་བཞེད་པས་ཏིང་མ་ཚུགས་པར་སྣང་ཞིང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རང་ངོས་ནས་མ་དག་པའི་སྣོད་བཅུད་སོགས་མི་སྣང་བར་རྩ་ཤེའི་ཊཱི་ཀར་བཤད་ཅིང༌། དེ་ཉིད་ཀྱི་རྒྱལ་ཚབ་དང་པོས་ཕར་ཕྱིན་གྱི་ཊཱི་ཀར། སངས་རྒྱས་རང་སྣང་ལ་མ་དག་པའི་སྣོད་བཅུད་མི་སྣང་བ་སྐད་བྱེད་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་འཇོག་ཚུལ་རྣལ་མ་མི་ཤེས་པའི་གཏམ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པ་ནི་གཏན་མེད་པ་གོ་བར་བྱེད་དོ་ཞེས་གསུངས་པས་སོ། །ཞེས་གསུངས་པར་སྣང་ངོ༌། །དེ་ལྟར་ན་རིན་པོ་ཆེ་པ་ཉིད་ཀྱི་གསུང་ལ་སྔ་ཕྱི་གཉིས་སྣང་བའི་ཕྱི་མ་དེ་མི་འཐད་དེ། ཤེས་བྱ་ཐམས་ཅད་ལ་མཚན་ཉིད་འཇོག་ཚུལ་གཅིག་གིས་ཆོག་པར་ཐལ་བའི་ཕྱིར་དང༌། གཞུང་ལས་གསུངས་པའི་བདེན་གཉིས་ཀྱི་མཚན་ཉིད་དེ་དགོས་པ་མེད་པར་ཐལ་བའི་ཕྱིར་དང༌། དོན་དམ་བདེན་པ་མཐོང་བ་རྫུན་པའི་རྙེད་དོན་དང་ཀུན་རྫོབ་ཀྱི་བདེན་པ་རྣམས་མཐོང་བ་ཡང་དག་པའི་རྙེད་དོན་དུ་འདོད་པ་ཟླ་བའི་ཞབས་ཀྱི་དགོངས་པར་མི་སྣང་བའི་ཕྱིར་དང༌། དེ་ལྟར་ཡིན་ན། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡི། །ཞེས་སོགས་ཀྱི་རྩ་འགྲེལ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །རང་གི་ལུགས་ལ་ཟླ་བའི་ཞབས་ཀྱི་དགོངས་པ་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་མཁྱེན་བཞིན་པའི་དུས་དེར། ཇི་སྙེད་པ་མི་སྣང་བ་ཡིན་ཏེ། ཇི་སྐད་དུ་འཇུག་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པ་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་དང་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་པ་ནས་སྐུ་ཡིས་མངོན་སུམ་མཛད་ཅེས་དང༌། དེའི་འགྲེལ་པར་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་རྣམ་པར་བཞག་གོ །ཞེས་པ་རྩ་འགྲེལ་གྱིས་ཇི་ལྟ་བ་མཁྱེན་པའི་ཆོས་ཀྱི་སྐུ་ལ་ཤེས་བྱ་གཟུང་འཛིན་གཉིས་སྣང་མི་མངའ་བ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སྣང་ཅན་དེ་ཇི་ལྟ་བ་ལ་དངོས་སུ་མི་འཇུག་པར་བཤད་ནས། དེ་འདྲའི་ཡེ་ཤེས་ཀྱི་སྐུ་དེ་གཟུགས་ཀྱི་སྐུས་མངོན་དུ་མཛད་པར་བཤད་པ་ཡིན་ནོ། །འདིར་སངས་རྒྱས་ཀྱི་སར། སེམས་སེམས་བྱུང་གི་རྒྱུ་བ་འགགས་པར་བཤད་པ་ནི། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དང༌། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་ལྟར། ཀུན་རྟོག་འགགས་པ་ལ་འཆད་དགོས་ཏེ། རྣམ་རྟོག་མེད་དོན་ཅེས་པའི་འགྲེལ་པ་ཚིག་གསལ་དུ། ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གསུངས་སོ། །དེ་ལྟར་ན་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཞེས་གསུངས་པས་སོ། །ཡེ་ཤེས་སྙིང་པོའི་ཞབས་ཀྱིས། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་པའང་སེམས་འགགས་པ་སྟེ་ཞེས་པ་དང་དོན་གཅིག་པར་སྣང་ངོ༌། །ཅི་སྟེ་འོ་ན། ཇི་ལྟ་བའམ་ཇི་སྙེད་པ་སྣང་ནས་མི་མཁྱེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པར་འགྱུར་རོ་ཞེས་ཀྱང་མི་བསམ་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་མེ་ལོང་ཡེ་ཤེས་དང༌། གཟུགས་ཀྱི་སྐུའི་བྱ་གྲུབ་ཡེ་ཤེས་གཉིས་གཅིག་ཆར་འབྱུང་བའི་ཕྱིར། མེས་བུད་ཤིང་དེ་དངོས་སུ་བསྲེག་པ་བཞིན་མ་ཡིན་ཀྱང་བུད་ཤིང་དེ་སྲེག་པར་འཇོག་པ་བཞིན་དུ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ། ཇི་སྙེད་པ་དངོས་སུ་མི་སྣང་ཡང་དེས་དེ་མཁྱེན་པར་འཇོག་ནུས་ཏེ། མེའི་ཁ་དོག་མཐོང་བའི་མིག་ཤེས་ཀྱིས་མེ་དངོས་སུ་མི་མཐོང་ཡང༌། མེ་དང་ཚོགས་པ་གཅིག་པ་གཅིག་ལ་རག་ལས་ཀྱི་མེའི་ཁ་དོག་མཐོང་བ་ན་མེ་མཐོང་བར་འཇོག་པ་བཞིན་ནོ། །ཇི་སྐད་དུ། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་གཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པའི་ཕྱིར་དང༌། མཁྱེན་ཡང་དངོས་སུ་མི་སྣང་ན་ཤུགས་རྟོགས་ཁས་ལེན་དགོས་པར་འགྱུར་ཞེ་ན། མ་ཡིན་ཏེ་སངས་རྒྱས་འཕགས་པ་ལ་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་མི་འབྲལ་པའི་ཚུལ་གྱིས་ཅིག་ཆར་འབྱུང་ལ་དེའི་རྒྱུ་མཚན་གྱིས་སངས་རྒྱས་འཕགས་པ་ཐམས་ཅད་མཁྱེན་པར་འཇོག་ཅིང་དེའི་མཁྱེན་པ་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འཇོག་པའི་ཕྱིར། ལྷ་སྦྱིན་དང་གྲུབ་བདེ་ཐ་མི་དད་པའི་མིག་ཤེས་ཀྱིས་མཐོང་བ་ལ་ལྷ་སྦྱིན་གྱིས་མཐོང་བར་འཇོག་པ་དང༌། མིག་ཤེས་ཀྱིས་གཟུགས་དང་ཉན་ཤེས་ཀྱི་སྒྲ་ཐོས་པའི་ཚེ་དེ་གཉིས་ཆར་རང་རྒྱུད་ལ་ལྡན་པའི་གང་ཟག་དེས་གཟུགས་སྒྲ་ཅིག་ཆར་དུ་མཐོང་བར་འཇོག་པ་བཞིན་ནོ། །དེ་ལྟ་ན་ཡང་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་པའི་གཞལ་བྱ་ཡིན་ན་དེས་རྙེད་པའི་རྙེད་དོན་ཡིན་མི་དགོས་ཏེ། དེའི་རྙེད་དོན་ཡིན་ན་དེ་ལ་སྣང་དགོས་པས་སོ། །རིན་པོ་ཆེ་པ། རིགས་པ་དྲུག་ཅུ་པའི་འགྲེལ་པར། མྱ་ངན་ལས་འདས་ཀུན་རྫོབ་བདེན་པ་ཡིན་ནམ་ཞེ་ན། དེ་བཞིན་ཏེ་ཞེས་པའི་དགོངས་པ་མྱང་འདས་ཡོད་པ་ཀུན་རྫོབ་བདེན་པ་ཡིན་པ་ལ་དགོངས་སོ་ཞེས་གསུང་པ་ནི་མ་ཡིན་ཏེ། གཞུང་འགྲེལ་གྱི་འཕྲོས་དང་མི་མཐུན་པའི་ཕྱིར། ཇི་ལྟར་མི་མཐུན་ཞེ་ན། འབྲེལ་པ་དེ་དག་གོང་དུ་མྱང་འདས་ཀུན་རྫོབ་བདེན་པར་བཤད་པ་ལ་འཕྲོས་ནས། གལ་ཏེ་དེ་ལྟར་ན་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པར་གསུངས་ཤེ་ན། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དེ་དོན་དམ་པའི་བདེན་པར་གསུངས་སོ་ཞེས་དང༌། ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་བདེན་པ་ཡིན་ནམ་ཅེ་ན་འདི་ནི་དེ་བཞིན་ཏེ། འཁོར་བར་ཡོངས་སུ་རྟོག་པ་ཡོད་ན་མྱ་ངན་ལས་འདས་པར་ཡོངས་སུ་རྟོག་པའི་ཕྱིར་དང༌། དེ་གཉིས་ཀ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། ཡང་འགྲེལ་པ་དེར། འོ་ན་ནི་བཅོམ་ལྡན་འདས་ཀྱི་དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ་ཞེས་གང་གསུངས་པ་དེ་ཇི་ལྟར་ཞེ་ན། ཇི་ལྟར་འདུས་བྱས་ལོག་པར་སྣང་བའི་བྱིས་པ་རྣམས་སླུ་བར་བྱེད་པ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། རྟག་ཏུ་སྐྱེ་བ་མེད་པའི་རང་བཞིན་གྱི་ངོ་བོ་ཁོ་ནར་གནས་པའི་ཕྱིར་རོ། །དེ་ནི་བྱིས་པ་རྣམས་ལ་ཡང་འདུས་བྱས་ལྟར་སྐྱེ་བའི་ངོ་བོ་ནམ་ཡང་མི་སྣང་ངོ༌། །དེའི་ཕྱིར་མྱ་ངན་ལས་འདས་པ་ནི་རྟག་ཏུ་ཁོ་ནར་མྱ་ངན་ལས་འདས་པར་གནས་པའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་བདེན་པ་དམ་པར་གསུངས་ཀྱི་ཞེས་སོགས་ཀྱང་མྱ་ངན་ལས་འདས་པ་ཡོད་པ་ལ་དགོངས་པར་འགྱུར་ལ། དེ་ལྟ་ན། དེ་ཡོད་པ་དོན་དམ་བདེན་པར་ཐ་སྙད་དུ་ཁས་ལེན་དགོས་པར་འགྱུར་རོ། །ཁོ་བོ་ཅག་ལ་ནི་གནོད་བྱེད་མ་ཡིན་པར་མ་ཟད་སྒྲུབ་བྱེད་དུ་འགྱུར་བ་ཡིན་ཏེ། མྱང་འདས་མི་སླུ་བ་དང་དོན་དམ་བདེན་པར་བཞག་པ་ནི་འཇིག་རྟེན་གྱི་ཐ་སྙད་བྱེད་པའི་ཚེ་ཡིན་གྱི་གནས་ཚུལ་ལ་ནི་མྱང་འདས་སུ་མ་ཟད། དེ་ལས་ཁྱད་འཕགས་པའི་ཆོས་གཞན་སྒྲས་བརྗོད་རྒྱུ་དང་རྟོག་པ་ལ་འཆར་རྒྱུ་ཅི་བྱུང་བ་དེ་ཐམས་ཅད་རྫུན་པ་སླུ་བའི་ཆོས་ཅན་ཡིན་པས་ཀུན་རྫོབ་ཀྱི་བདེན་པར་བཞག་ཅེས་པའི་དོན་ནོ། །རྣམ་པར་སྤྲོས་པས་ཆོག་གོ།  །།གཉིས་པ་བདེན་གཉིས་མ་ཤེས་པའི་ཉེས་དམིགས་ལ། སངས་རྒྱས་ཀྱི་བསྟན་པ་མི་ཤེས་པའི་ཉེས་དམིགས། ཐར་པ་མི་ཐོབ་པའི་ཉེས་དམིགས། རྒྱུད་གསོར་མི་རུང་དུ་བྱེད་པའི་ཉེས་དམིགས། ཐུབ་པས་ཆོས་ཟབ་མོ་གསུང་བའི་ཉེས་དམིགས་སོ། །དང་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་བདེན་པ་གཉིས་ལ་རྟེན་པ་ལྟར་བསྟན་པའི་སྙིང་པོ་ཤེས་པར་འདོད་པས་བདེན་པ་གཉིས་ཤེས་དགོས་ཏེ། དངོས་པོར་སྨྲ་བ་གང་དག་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ནི་ཟབ་མོ་སྟོང་པ་དང་རྟེན་འབྱུང་དོན་གཅིག་པ་དེ་ཉིད་མི་ཤེས་པས་མཐར་འཛིན་དུ་འགྱུར་བས་སོ། །གཉིས་པ་ནི། དོན་དམ་བདེན་པ་བསྟན་པས་ཆོག་མོད། ཀུན་རྫོབ་བསྟན་པས་ཅི་བྱ་ཞེ་ན། སངས་རྒྱས་ཀྱིས་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་དང་ཐར་པ་དོན་གཉེར་གྱིས་ཀུན་རྫོབ་ཐོག་མར་ཁས་བླང་དགོས་ཏེ། འཕགས་པ་ལ་སྤྲོས་པའི་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ལ་ནི་མ་བརྟེན་པར་དམ་པའི་དོན་ནི་བསྟན་པར་མི་ནུས་ལ་དམ་པའི་དོན་ནི་མ་རྟོགས་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བས་སོ། །གསུམ་པ་ནི། ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཤེས་ནས་དོན་དམ་པའི་བདེན་པ་ལ་བསླབ་དགོས་ཏེ། བདེན་གཉིས་ཀྱི་རྣམ་དབྱེ་མི་ཤེས་པར་འདུ་བྱེད་སྟོང་པར་མཐོང་བ་དེས་ནི། ཡང་ན་འདུ་བྱེད་རྣམས་མེད་པར་རྟོག་པའམ། ཡང་ན་སྟོང་པ་ཉིད་འགའ་ཞིག་བདེན་པར་སྒྲོ་འདོགས་པར་བྱེད་ལ། དེ་གཉིས་ཀ་ཡང་སྟོང་པ་ཉིད་ལ་བལྟ་ཉེས་པ་ཡིན་ཅིང་དེ་ལྟ་ན་ཤེས་རབ་ཆུང་རྣམས་ཕུང་བར་འགྱུར་བའི་ཕྱིར་རོ། །ཕུང་ཚུལ་ནི། རིན་ཆེན་ཕྲེང་བར། ཆོས་འདི་ལོག་པར་བཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡིས། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་མེད་པར་ལྟ་བས་ཕུང་ཚུལ་དང༌། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །ཡོད་པས་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་སྟོང་ཉིད་བདེན་པར་བཟུང་བས་ཕུང་ཚུལ་གསུངས་སོ། །གལ་ཏེ་སྟོང་པ་ཉིད་ལ་ལྟ་ཉེས་ན་ཕན་མི་དགོས་མོད། གནོད་པ་བྱེད་པ་མི་འཐད་དེ། འབྲས་བུ་རྣམས་གོ་རིམ་ལོག་པར་བཏབ་ན་ལོ་ཐོག་མི་འབྱུང་ཡང་འདེབས་པ་པོ་བརླག་པར་བྱེད་པ་མ་ཡིན་པ་བཞིན་ནོ་ཞེ་ན། དེ་ལ་ལྟ་ཉེས་ན་གནོད་པ་བྱེད་པའི་དཔེ་ཡོད་དེ། ཇི་ལྟར་སྦྲུལ་ལ་གསུང་ཉེས་པ་དང་རིགས་སྔགས་ཉེས་པར་བསྒྲུབས་པ་ན་སྒྲུབ་པ་པོ་ཕུང་བ་བཞིན་ནོ། །བཞི་པ་ནི། ཐར་པ་འདོད་པས་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་ཏེ། མི་ཤེས་པར་སྟོང་པ་ཉིད་བཟུང་ན་ཕུང་བ་དེའི་ཕྱིར། རྣམ་དབྱེ་མི་ཤེས་པའི་ཤེས་རབ་ཞན་པས་སྟོང་པ་དང་རྟེན་འབྲེལ་ཟུང་དུ་འཇུག་པའི་ཆོས་འདིའི་གཏིང་རྟོགས་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པ་ཆེན་པོའི་ཐུགས་ནི་ཞག་བདུན་ཕྲག་བདུན་དུ་ཆོས་བསྟན་པ་ལས་རབ་ཏུ་ལོག་པར་འགྱུར་པ་ཡིན་པས་སོ། །གཉིས་པ་རང་ལ་སྐྱོན་མི་འཇུག་པར་བསྟན་པ་ལ། སྐྱོན་མི་འཇུག་པ་དང༌། ཡོན་ཏན་ཡོད་པའོ། །དང་པོ་ནི། གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་སོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་བ་ནི་ཁོ་བོ་ཅག་གི་སྟོང་ཉིད་ཀྱི་དོན་རྟེན་འབྲེལ་དུ་སྨྲ་བ་ལ་འཐད་པ་མ་ཡིན་པས་དངོས་སྨྲ་བ་ཁྱེད་ནི་སྟོང་པ་ཉིད་ཀྱི་དོན་མེད་པ་ལ་བཟུང་ནས་སྟོང་ཉིད་སྤོང་བར་བྱེད་པ་གང་ཡིན་པ་དེ་ང་ལ་མི་འཐད་དོ། །གཉིས་པ་ནི། སྐྱོན་མི་འཇུག་པར་མ་ཟད་འཕགས་པའི་བདེན་པ་ལ་སོགས་པའི་རྣམ་གཞག་ཐམས་ཅད་ཤིན་ཏུ་འཐད་པ་ཡིན་ཏེ། གང་ལ་རང་བཞིན་སྟོང་པ་ཉིད་རུང་བ་དེ་ལ་རྟེན་འབྲེལ་རུང་ལ་དེ་རུང་ན་བདེན་པ་དང་དཀོན་མཆོག་གསུམ་དང་ལས་འབྲས་ལ་སོགས་པ་ཐམས་ཅད་རུང་བ་འགྱུར་བའི་ཕྱིར། གསུམ་པ། སྐྱོན་བརྗོད་པ་པོ་ཉིད་ལ་ཉེས་པ་དེ་འཇུག་པར་བསྟན་པ་ལ། དེ་ལ་དེ་འཇུག་པའི་རྒྱུ་མཚན། དེས་རང་གི་སྐྱོན་ལ་གཞན་གྱི་སྐྱོན་དུ་བཟུང་བའི་ཚུལ། སྐྱོན་དེ་རྣམས་གསལ་བར་བསྟན་པའོ། །དང་པོ་ནི། དངོས་སྨྲ་བ་གང་ལ་རང་བཞིན་གྱིས་སྟོང་པ་ཉིད་མི་རུང་བ་དེ་ལ་རྣམ་གཞག་ཐམས་ཅད་མི་རུང་བར་འགྱུར་ཏེ། དེ་ལ་རྟེན་འབྲེལ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། ཁྱོད་ནི་རང་གི་སྐྱོན་རྣམས་ནི་ང་ལ་ཡོངས་སུ་བསྒྱུར་བར་བྱེད་པ་ཡིན་ཏེ། དཔེར་ན་འགའ་ཞིག་རྟ་ལ་མངོན་པར་ཞོན་བཞིན་དུ་རྟ་ཉིད་རྗེད་པར་གྱུར་པའི་ཚེ་རྟ་དེ་གཞན་གྱིས་ཕྲོགས་སོ་སྙམ་པའི་ཉེས་པས་གཞན་ལ་ཀླན་ཀ་ཚོལ་བ་དེ་བཞིན་དུ་སྟོང་པ་རྟེན་འབྱུང་གི་དོན་ཅན་གྱི་རྟ་ལ་མངོན་པར་ཞོན་བཞིན་དུ་སེམས་གཡེངས་པས་ཁོ་བོ་ཅག་ལ་རྩོད་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་བསྒྱུར་རྒྱུའི་སྐྱོན་དེ་རྣམས་གང་ཞེ་ན། གལ་ཏེ་དངོས་པོ་རྣམས་རང་བཞིན་ལས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན་དངོས་པོ་རྣམས་ཆོས་ཅན། རྒྱུ་རྐྱེན་མེད་པར་རྒོལ་བ་ཁྱོད་ཀྱིས་ལྟ་བ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་དེར་ལྟ་བ་ཡིན་པའི་ཕྱིར། རྒྱུ་རྐྱེན་མེད་པར་ཁས་ལེན་ན། འབྲས་བུ་བུམ་པ་དང༌། དེའི་རྒྱུ་ཉིད་དང༌། བྱེད་པ་པོ་རྫ་མཁན་དང༌། བྱེད་པ་འཁོར་ལོ་ལ་སོགས་དང༌། བུམ་པ་བྱེད་པའི་བྱ་བ་ཡང་མེད་པར་འགྱུར་ལ། དེ་མེད་ན་སྐྱེ་བ་དང་འགག་པ་མེད་དགོས་ལ། དེ་མེད་ན་འབྲས་བུ་ལ་ཡོད་པ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་དབུ་མ་པས་རྟེན་འབྲེལ་གྱི་དོན་སྟོང་ཉིད་དུ་རྟོག་པར་བསྟན་པ་ནི། དབུ་མ་པ་ཆོས་ཅན། དངོས་པོ་རྣམས་རྟེན་འབྲེལ་དུ་ཁས་ལེན་པ་དང་སྟོང་པར་ཁས་ལེན་པ་གཉིས་མི་འགལ་ཏེ། རྒྱུ་རྐྱེན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་དེ་ཁོ་ནར་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་ཀྱིས་བཤད་ལ། རང་བཞིན་སྟོང་པ་དེ་ནི། ཤིང་ཡན་ལག་ལ་བརྟེན་ནས་འདོགས་པ་བཞིན་དུ། ཆོས་ཅན་ལ་བརྟེན་ནས་གདགས་པ་སྟེ། རྟེན་འབྲེལ་དང་རང་བཞིན་སྟོང་པ་དོན་གཅིག་ལ་འདུ་བའི་ཕྱིར། སྟོང་པ་རྟེན་འབྲེལ་ཟུང་དུ་འཇུག་པ་དེ་ནི་ཆོས་ཅན་དབུ་མའི་ལམ་ཞེས་བཏགས་པའང་ཡིན་ཏེ། དབུ་མ་པས་བསྒྲོད་པའི་ཤུལ་ཡིན་པས་སོ། །ཇི་སྐད་དུ། རྩོད་བཟློག་ལས། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་སྟོང་པ་དང་རྟེན་འབྱུང་དང་དབུ་མའི་ལམ་གསུམ་པོ་དོན་གཅིག་པར་གསུངས་སོ། །མདོར་ན་རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །འདིར་རིན་པོ་ཆེ་པ། སྟོང་པ་ཉིད་ཀྱི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཁེགས་པའི་དབུ་མ་པ་ལ་ཡིན་གྱི་གཞན་ལ་མ་ཡིན་ཏེ། ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུའི་དོན་ཡིན་ན། འབྲས་བུ་རྒྱུ་རྐྱེན་ལ་རྟེན་ནས་འབྱུང་བར་ངེས་པའི་བློ་དེ་ཉིད་ཀྱིས་སྟོང་པའི་དོན་ཡང་ངེས་པར་ཐལ་བས་སོ་ཞེས་གསུང་ངོ༌། །འདི་ནི་མི་རིགས་ཏེ། མཚན་མཚོན་གྱི་རྟོགས་ཚུལ་གོ་བཟློག་པའི་ཕྱིར་དང༌། སྟོང་ཉིད་དོན་ནི་མ་རྟོགས་པས། །ཞེས་པར་སྟོང་པའི་དོན་རྟེན་འབྲེལ་དུ་གསུངས་ལ། དེ་ལ་ནི་དངོས་པོ་རྣམས་སྟོང་པར་རྟོགས་ན་རྟེན་འབྲེལ་དུ་རྟོགས་དགོས་ཀྱི་ཅིག་ཤོས་སུ་རྟོགས་དགོས་པ་མ་ཡིན་པའི་ཕྱིར་དང༌། རྟེན་འབྲེལ་གྱི་དོན་སྟོང་པར་འཆད་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་དང༌། དོན་གཅིག་པར་གསུངས་པ་ཙམ་གྱིས་དེ་དེའི་དོན་ཡིན་ན། བྱས་པ་ཡང་མི་རྟག་པའི་དོན་དང༌། མི་རྟག་པ་ཡང་བྱས་པའི་དོན་དུ་ཧ་ཅང་ཐལ་བའི་ཕྱིར་དང༌། དབུ་མ་པ་མ་ཡིན་པ་རྟེན་འབྲེལ་སྟོང་པའི་དོན་དུ་མི་རུང་ན། རྟེན་འབྲེལ་གྱི་རྟགས་ཀྱིས་མྱུ་གུ་བདེན་སྟོང་དུ་སྒྲུབ་པའི་རྟགས་རྣམས་གྲུབ་ཟིན་པའི་རྟགས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་དངོས་སྨྲ་བ་ལ་སྐྱོན་དེ་དག་རྒྱ་ཆེར་འཇུག་པར་བསྟན་པ་ལ། དཀོན་མཆོག་གསུམ་མི་རུང་བར་ཐལ་བ་དང༌། ལས་འབྲས་མི་རུང་བར་ཐལ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་རུང་བར་ཐལ་བའོ། །དང་པོ་ལ། དགེ་འདུན་མི་འཐད་པར་ཐལ་བ། དེ་ལས་ཆོས་དང་སངས་རྒྱས་ཀྱང་མི་འཐད་པར་ཐལ་བ། དང་པོ་ལ། ཤེས་བྱ་བདེན་པ་བཞི་མི་རུང་བར་ཐལ་བ། ཤེས་བྱེད་འབྲས་གནས་བཞི་མི་རུང་བར་ཐལ་བ། དང་པོ་ལ་འབྱུང་འཇིག་མེད་པར་ཐལ་བ། དེ་ལས་བདེན་པ་བཞི་མེད་པར་ཐལ་བ། དང་པོ་ནི་གལ་ཏེ་དངོས་པོ་འདི་ཀུན་རང་བཞིན་གྱིས་མི་སྟོང་ན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །གཉིས་པ་ནི། འདོད་པ་དེའི་ཚེ། འཕགས་པའི་བདེན་པ་བཞི་པོ་རྣམས་དངོས་སྨྲ་བ་ཁྱོད་ལ་མེད་པར་འགྱུར་རོ། །དེར་འགྱུར་བའི་རྒྱུ་མཚན་ནི། སྡུག་བསྔལ་གྱི་བདེན་པ་ཡོད་པར་ག་ལ་འགྱུར་ཏེ། གང་ཞིག་རང་བཞིན་གྱིས་གྲུབ་པ་དེ་ནི་རྟེན་འབྱུང་མ་ཡིན་ལ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། ནམ་མཁའི་མེ་ཏོག་བཞིན་དུ་མི་རྟག་པ་མ་ཡིན་དགོས་ལ་གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་མདོ་ལས་གསུངས་པ་དེ་རང་བཞིན་གྱིས་གྲུབ་པ་ཉིད་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བདེན་པས་སྟོང་པ་ཉིད་དེ། དེ་ཁོ་ན་ལ་གནོད་པ་བྱེད་པ་ལ་ཀུན་འབྱུང་གི་བདེན་པ་ཡོད་པ་མ་ཡིན་ནོ། །དེའི་རྒྱུ་མཚན་ནི་སྡུག་བསྔལ་ཆོས་ཅན། ལས་དང་ཉོན་མོངས་པ་ཅི་ཞིག་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་རང་བཞིན་ལས་ནི་ཡོད་པ་ཡིན་ཏེ་དེའི་ཕྱིར། སྡུག་བསྔལ་རང་བཞིན་ཡོད་པར་འདོད་པའི་ཕྱོགས་ལ་འགོག་པ་ཡོད་པ་མ་ཡིན་ནོ་དེའི་རྒྱུ་མཚན་ནི། དངོས་པོར་སྨྲ་བ་ཆོས་ཅན། འགོག་པ་ལ་གནོད་པ་བྱེད་པ་ཡིན་ཏེ། སྡུག་བསྔལ་དང་དེས་མཚོན་ནས་ལས་ཉོན་རང་བཞིན་གྱིས་གྲུབ་ན་རྟག་ཏུ་མི་འགྱུར་བ་ཡོངས་སུ་གནས་དགོས་པའི་ཕྱིར། ལམ་ཆོས་ཅན་ཁྱོད་ལ་སྒོམ་པ་འཐད་པར་མི་འགྱུར་རོ་སྟེ་དེར་ཐལ། ཁྱོད་མ་སྒོམ་ཀྱང་རང་བཞིན་གྱིས་ཡོད་ན་ནི་སྟེ་ཡོད་པའི་ཕྱིར། ཁྱབ་པ་མ་ངེས་སོ་ཞེ་ན། ཅི་སྟེ་ལམ་དེ་བསྒོམ་བྱར་ཁས་ལེན་ན། ཁྱོད་ཀྱི་འཕགས་པའི་ལམ་ཆོས་ཅན་རང་བཞིན་གྱིས་ཡོད་པ་མ་ཡིན་པར་འགྱུར་ཏེ། བསྒོམ་པར་བྱ་བ་ཡིན་པའི་ཕྱིར། ལམ་བདེན་མི་འཐད་པར་ཐལ་བའི་རིགས་པ་གཞན་ཡང་སྟོན་པ་ནི། ལམ་གྱིས་སྡུག་བསྔལ་འགོག་པ་ནི་གང་ཞིག་ཐོབ་པར་འདོད་དེ་དགོས་པ་མེད་པར་ཐལ། གང་གི་ཚེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ཡོད་པ་མ་ཡིན་ནའོ། །སྔ་མ་ནི་ལམ་སྒོམ་མི་ནུས་པར་ཐལ་བ་དང༌། ཕྱི་མ་ནི་ལམ་སྒོམ་པ་དགོས་མེད་དུ་ཐལ་བའོ། །གཉིས་པ་ལ། ཁྱད་པར་བྱེད་ཆོས་འབྲས་བུ་བཞི་མི་སྲིད་པར་ཐལ་བ། བྱས་ཆོས་གནས་པ་བཞི་མི་སྲིད་པར་ཐལ་བ། དང་པོའི་བདེན་པ་མངོན་སུམ་དུ་མཐོང་བ་མི་སྲིད་པར་ཐལ་བ། དེ་ལས་འབྲས་བུ་བཞི་མི་སྲིད་པར་ཐལ་བའོ། །དང་པོ་ནི། སྡུག་བསྔལ་དེ་ནི་ཆོས་ཅན། ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ། གལ་ཏེ་རང་བཞིན་ཉིད་ཀྱིས་ནི་ཡོངས་སུ་ཤེས་བྱ་མ་ཡིན་པའི་རང་བཞིན་དུ་གནས་ན་སྟེ་གནས་པའི་ཕྱིར། ཁྱབ་པ་ཁས་ལེན་དགོས་པའི་རྒྱུ་མཚན་ནི། རང་བཞིན་གང་ཡིན་པ་དེ་ནི་མེའི་ཚ་བ་ལྟར་གཞན་དུ་མི་འགྱུར་བར་གནས་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། སྡུག་བསྔལ་ཤེས་པ་མི་སྲིད་པའི་ཐལ་བ་དེ་བཞིན་དུ་ནི་ཁྱོད་ཀྱི་ལྟར་ན་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་སྒོམ་པ་ཡང་མི་རུང་བར་འགྱུར་ཏེ། སྔར་མ་སྤངས་དང༌། མངོན་དུ་མ་བྱས་པ་དང་མ་སྒོམ་པའི་རང་བཞིན་ནི་ཕྱིས་སྤང་པ་ལ་སོགས་མི་འཐད་པའི་ཕྱིར་ཏེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། གཉིས་པ་ནི། འབྲས་བུ་བཞི་དང་དེ་ཐོབ་པ་དག་ཀྱང་ཡོངས་ཤེས་བཞིན་དུ་མི་རུང་ངོ༌། །ཇི་ལྟར་མི་རུང་ཞེ་ན། འབྲས་བུ་སྔར་འཐོབ་པ་མ་ཡིན་པའི་རང་བཞིན་གྱིས་གནས་པ་གང་ཡིན་པ་དེ་ནི་ཕྱིས་ཇི་ལྟར་ཐོབ་ནུས་པར་འགྱུར་ཏེ་རང་བཞིན་ཡོངས་སུ་འཛིན་པ་སྟེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར། གཉིས་པ་ནི། འབྲས་བུ་མེད་ན་འབྲས་གནས་མེད་དགོས་ལ་དེ་མེད་ན་དེའི་ཕྱིར་དུ་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་དགོས་སོ། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན། དགེ་འདུན་དཀོན་མཆོག་མེད་པར་འགྱུར་རོ། །གཉིས་པ་ནི། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པའི་ཆོས་དཀོན་མཆོག་ཀྱང་ཡོད་པ་མ་ཡིན་ནོ། །ཆོས་དང་དགེ་འདུན་དཀོན་མཆོག་ཡོད་པ་མ་ཡིན་ན་སངས་རྒྱས་དཀོན་མཆོག་ཇི་ལྟར་ཡོད་པར་འགྱུར་ཏེ། མི་འགྱུར་རོ། །སངས་རྒྱས་དཀོན་མཆོག་མེད་པར་ཐལ་བའི་རིགས་པ་གཞན་ཡང་སྟོན་པ་ནི། ཁྱོད་ཀྱི་ལུགས་ལ་སངས་རྒྱས་ཆོས་ཅན། བྱང་ཆུབ་སྟེ་རྣམ་མཁྱེན་ལ་མ་རྟེན་པར་ཐལ་བར་འགྱུར་ཏེ་རང་བཞིན་གྱིས་གྲུབ་པའི་ཕྱིར། ཁྱོད་ཀྱི་ལུགས་ལ་བྱང་ཆུབ་ཆོས་ཅན། སངས་རྒྱས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ཏེ་དེའི་ཕྱིར་རོ། །ཁྱོད་ཀྱི་ལྟར་ན་རང་བཞིན་ཉིད་ཀྱིས་སངས་རྒྱས་མ་ཡིན་པའི་གང་ཟག་གང་ཡིན་པ་དེས་ཆོས་ཅན། བྱང་ཆུབ་ཀྱི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཙལ་ཀྱང་བྱུང་ཆུབ་ཐོབ་པར་མི་འགྱུར་རོ་སྟེ་སངས་རྒྱས་མ་ཡིན་པའི་རང་བཞིན་དེ་ལ་ལྡོག་པ་མེད་པའི་ཕྱིར། གཉིས་པ་ནི། གང་ཟག་འགའ་ཡང་ཆོས་དང་ཆོས་མ་ཡིན་པ་དུས་ནམ་ཡང་བྱེད་པར་མི་འགྱུར་ཏེ་རང་བཞིན་གྱིས་གྲུབ་པས་མི་སྟོང་བ་ལ་ཅི་ཞིག་བྱ་སྟེ་རང་བཞིན་ལ་ནི་བྱ་བ་མེད་པའི་ཕྱིར། དེ་ནི་རྒྱུ་ཕྱོགས་ནས་དགག་པའོ། །འབྲས་ཕྱོགས་ནས་དགག་པ་ནི། ཁྱོད་ཀྱི་ལུགས་ལ་འབྲས་བུ་ཡིད་དུ་འོང་མི་འོང་ཆོས་ཅན། རྒྱུ་ཆོས་དང་ཆོས་མིན་པ་མེད་པར་ཡང་ཡོད་པར་འགྱུར་ཏེ། རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། རྒོལ་བ་ཁྱོད་ཀྱི་ལུགས་ལ་ཆོས་ཅན། ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་ཡོད་པ་མ་ཡིན་པར་ཐལ། འདོད་པ་དེའི་ཚེ་རྒྱུ་ཆོས་དང་ཆོས་མ་ཡིན་པའི་ལས་སོག་པ་དོན་མེད་པར་འགྱུར་བས་སོ། །ཅི་སྟེ་ཁྱབ་པ་མ་ངེས་སོ་ཞེ་ན། རྒྱུ་ཆོས་དང་ཆོས་མིན་ལས་བྱུང་བའི་འབྲས་བུ་ཅིའི་ཕྱིར་རང་བཞིན་གྱིས་སྟོང་པ་མིན་ཏེ། ཁྱོད་ཀྱི་ལུགས་ལ་གལ་ཏེ་ཆོས་དང་ཆོས་མིན་པ་ལས་འབྲས་བུ་ཡིད་དུ་འོང་མི་འོང་ཡོད་ན། དེ་ཉིད་རྟེན་འབྲེལ་ཡིན་དགོས་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །གསུམ་པ་ལ་གཉིས་ལས་འཇིག་རྟེན་པའི་ཐ་སྙད་མི་རུང་བར་ཐལ་བ་ནི། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོང་པ་ཉིད་ལ་གནོད་པ་བྱེད་པ་ཡིན་ལ། དེ་ལྟར་བྱེད་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཐ་སྙད་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་ཏེ། རྟེན་འབྲེལ་མིན་པ་ལ་ཡང་དེ་དག་མི་རུང་བའི་ཕྱིར། གཞན་ཡང་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ལ་གནོད་པ་བྱེད་ན། བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་བྱེད་བཞིན་པའི་རྩོམ་པ་མེད་པར་ཡང་བྱ་བར་འགྱུར་བ་དང༌། ལས་མི་བྱེད་པ་ཡང་བྱེད་པ་པོར་འགྱུར་ཏེ། མ་བྱས་པར་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པའི་ཕྱིར། གཞན་ཡང་འགྲོ་བ་རྣམས་ཆོས་ཅན། མ་སྐྱེས་པ་དང་མ་འགགས་པར་འགྱུར་ཏེ། རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན་ཐེར་ཟུག་ཏུ་གནས་པར་གྱུར་ཅིང༌། གནས་སྐབས་སྣ་ཚོགས་དང་བྲལ་བར་ཡང་འགྱུར་རོ། །འདི་ནི་ཐ་སྙད་དུ་ཡང་མ་སྐྱེས་པར་ཡོད་ན་དེར་འགྱུར་དགོས་ཤེས་པའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་རུང་བར་ཐལ་བ་ནི། གལ་ཏེ་རང་བཞིན་གྱིས་སྟོང་པ་ཡོད་པ་མ་ཡིན་ན། འབྲས་བུ་མ་ཐོབ་པ་ཐོབ་པར་བྱ་བ་དང༌། སྡུག་བསྔལ་སྔར་མཐར་མ་བྱས་པ་ཕྱིས་ཟད་པའི་མཐར་བྱེད་པ་དང༌། ལས་དང་ཉོན་མོངས་པ་ཅིར་སྤོང་བའང་མེད་པར་འགྱུར་ཏེ། རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གཉིས་པ་རྟེན་འབྲེལ་མཐོང་ན་བདེན་བཞིའི་དེ་ཁོ་ན་ཉིད་ལ་མཐོང་བར་བསྟན་པ་ནི། རྣལ་འབྱོར་པ་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ནི་སྡུག་བསྔལ་དང་ཀུན་འབྱུང་དང་ནི་འགོག་པ་དང་ལམ་གྱི་དེ་ཁོ་ན་ཉིད་དེ་དག་མཐོང་བ་ཡིན་ཏེ། རང་བཞིན་དང་བཅས་པར་ཁས་བླངས་ན་རྣམ་གཞག་ཐམས་ཅད་མི་རུང་བ་དེའི་ཕྱིར་རོ། །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཞི་བཅུའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ། །རྟེན་འབྲེལ་སྟོང་པའི་དོན་ཉིད་དུ། །གཟིགས་ན་རྣམ་གཞག་ཀུན་རུང་ཞིང༌། །ཆོས་ཀུན་རང་བཞིན་གྱིས་གྲུབ་ལ། །རྣམ་པར་གཞག་ཀུན་མི་འཐད་པའོ། །ཞེས་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་ཐོབ་བྱ་མྱང་འདས་མི་འཐད་པའི་རྩོད་པ་སྤོང་བ་ལ། རབ་བྱེད་ཀྱི་གཞུང་བཤད་མཚན་བསྟན་པའོ། །དང་པོ་ལ་རྩོད་པ་དང་ལན་ནོ། །དང་པོ་ནི། ཕྱི་ནང་གི་ཆོས་འདི་དག་ཀུན་སྟོང་ན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་འདོད་ན་རྒྱུ་ལས་དང་ཉོན་མོངས་པ་གང་སྤོང་བ་སྟེ་སྤངས་པ་དང་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་གང་ཞིག་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད་ཅེས་པ་དེ་ལྟར་འདོད་མི་རིགས་ཏེ་ཕུང་པོ་དང་ཉོན་མོང་པ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ཞེ་ན། གཉིས་པ་ལ། དངོས་སྨྲ་བའི་ཕྱོགས་ལ་མྱང་འདས་མི་འཐད་ཅིང༌། རང་ཕྱོགས་ཀྱི་མྱང་འདས་ངོས་བཟུང༌། མྱང་འདས་རང་བཞིན་གྱི་སྒྲུབ་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ། རང་བཞིན་གྱིས་གྲུབ་ན་མྱང་འདས་མི་འཐད་པར་བསྟན། དེས་ན་རང་བཞིན་གྱིས་མེད་པ་ཉིད་མྱང་འདས་སུ་བསྟན་པའོ། །དང་པོ་ནི། གལ་ཏེ་དངོས་པོ་འདི་ཀུན་རང་བཞིན་གྱིས་མ་སྟོང་ན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་འདོད་ན། ལས་དང་ཉོན་མོངས་པ་གང་ཞིག་སྤོང་བ་དང༌། སྡུག་བསྔལ་གྱི་ཕུང་པོ་གང་ཞིག་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་འདོད་ཅེས་པ་མི་རིགས་པར་ཐལ། འདོད་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། རང་བཞིན་གྱིས་གྲུབ་ན་ལྡོག་པ་མེད་པའི་ཕྱིར། གཉིས་པ་ནི། མྱང་འདས་རང་བཞིན་གྱིས་མ་གྲུབ་ན། ཇི་ལྟར་གྲུབ་ཅེ་ན། ཆགས་སོགས་སྔར་ཡོད་སྤངས་པ་མེད་པ་དང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་སྔར་མེད་གསར་དུ་ཐོབ་པ་མེད་པ་དང༌། ཕུང་པོའི་རྒྱུན་ཆད་ཆད་པ་མེད་པ་དང༌། ཐེར་ཟུག་ཏུ་གནས་པའི་རྟག་པ་མེད་པ་དང༌། འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། སྤྲོས་པའི་མཐའ་དྲུག་དང་བྲལ་བའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་དེ་ནི་མྱ་ངན་ལས་འདས་པར་བརྗོད་པའི་ཕྱིར། གཉིས་པ་ལ། དངོས་དང༌། དེ་ལ་ལུང་འགལ་སྤོང་བའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དེས་གྲུབ་པའི་དོན་ནོ། །དང་པོ་ལ་མྱང་འདས་མཐའ་བཞིར་གྲུབ་པ་དགག མྱང་འདས་ཐུགས་སུ་ཆུད་པ་པོ་མཐའ་བཞིར་གྲུབ་པ་དགག དང་པོ་ལ་མྱང་འདས་དངོས་པོར་ཡོད་མེད་རེ་རེ་བའི་མཐའ་དགག གཉིས་ཀའི་མཐར་འདོད་པ་དགག གཉིས་ཀ་མ་ཡིན་པའི་མཐར་འདོད་པ་དགག དང་པོ་ལ་དངོས་དང༌། དེ་ཉིད་ལུང་དང་སྦྱར་བ། དང་པོ་ལ། དངོས་པོའི་མཐར་འདོད་པ་དགག དངོས་མེད་ཀྱི་མཐར་འདོད་པ་དགག མཐའ་གཉིས་སྤངས་པའི་མྱང་འདས་ངོས་བཟུང་བའོ། །དང་པོ་ནི་བྱེ་བྲག་སྨྲ་བ་ན་རེ། མྱང་འདས་ནི་ལས་ཉོན་དང༌། སྐྱེ་བའི་རྒྱུན་ཕྱི་མ་ལ་འགོག་བྱེད་ཆུ་ལོན་ལྟ་བུ་ཡིན་པས་དངོས་པོ་ཡིན་ཏེ་དངོས་མེད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར་རོ་ཞེ་ན། རེ་ཞིག་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཏེ། གལ་ཏེ་ཡིན་ན། རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་ཏེ། གཞན་དུ་འགྱུར་བའི་དགའ་བ་དང་འཇིག་པའི་མཚན་ཉིད་ཅན་གྱི་འཆི་བ་མེད་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །གཞན་ཡང༌། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་ཐལ་བར་འགྱུར་ཏེ། འདུས་བྱས་མ་ཡིན་པའི་ཕྱི་ནང་གི་དངོས་པོ་རྟེན་པ་འགའ་ཡང་ཡུལ་དུས་གྲུབ་པའི་མཐའ་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར། གཞན་ཡང༌། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན། མྱ་ངན་ལས་འདས་པ་དེ་ཇི་ལྟར་བརྟེན་ནས་སྐྱེ་བ་ཡིན་ཏེ་བརྟེན་ནས་སྐྱེ་བ་མ་ཡིན་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ལས་དང་ཉོན་མོངས་པ་དང་སྐྱེ་བ་ལོག་ཙམ་ནི་མྱང་འདས་ཡིན་པས། མྱ་ངན་ལས་འདས་པ་དངོས་མེད་དུ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ནོ་ཞེ་ན། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ན་དངོས་མེད་དུ་རང་བཞིན་གྱིས་གྲུབ་པ་ཇི་ལྟར་རུང་བར་འགྱུར་ཏེ། ཕྱོགས་གང་ལ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པའི་ཕྱོགས་དེ་ལ་དངོས་པོ་བཀག་པའི་དངོས་མེད་ཀྱང་རང་གི་ངོ་བོས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་གཞན་དུ་གྱུར་པ་ལ་དངོས་མེད་དུ་འདོད་དགོས་པའི་ཕྱིར། གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་ངོ་བོས་གྲུབ་ན། ཇི་ལྟར་མྱ་ངན་ལས་འདས་པ་དེ་དངོས་པོ་ལ་བརྟེན་པ་མ་ཡིན་ཏེ། གང་ཞིག་དངོས་པོ་ཞིག་པ་ལ་བརྟེན་ནས་འདོགས་པ་མ་ཡིན་པའི་དངོས་མེད་ཡོད་པ་མ་ཡིན་པའི་ཕྱིར། སྐབས་འདིར་འགྲེལ་པར་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་དངོས་མེད་མ་ཡིན་པར་གསུངས་སོ། །སྐབས་འདིར་དངོས་མེད་ཀྱི་མཚན་གཞི་དངོས་པོ་ཞིག་པ་ལ་བཤད་པས་ཞིག་པ་དངོས་པོ་མ་ཡིན་པར་འགྱུར་ཞིང༌། དངོས་མེད་འདུས་བྱས་ཡིན་པའི་འགྲེལ་པར། ཞིག་པ་དངོས་པོ་མ་ཡིན་པ་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སོགས་འབྱུང་བའི་ཕྱིར་འདུས་བྱས་ཡིན་ནོ་ཞེས་བཤད་དོ། །གསུམ་པ་ནི། འོ་ན་མྱ་ངན་འདས་པ་ཇི་ལྟ་བུ་ཞེ་ན། མྱ་ངན་ལས་འདས་པ་དངོས་པོ་དང་དངོས་མེད་དུ་ངོ་བོས་མ་གྲུབ་ཀྱང༌། མྱ་ངན་འདས་ཀྱི་ཐ་སྙད་བཞག་ཏུ་ཡོད་དེ། འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང༌། འདི་ནས་ཕྱི་མར་འགྲོ་བའི་དངོས་པོ་རིང་ཐུང་ལྟ་བུ་རང་གི་རྒྱུ་རྐྱེན་ལ་རྟེན་ནས་འདོགས་པའི་མར་མེ་ལས་འོད་སྐྱེ་བ་ལྟར་རང་གི་རྒྱུ་རྐྱེན་གྱི་ཚོགས་པ་རྒྱུར་བྱས་ནས་འདོགས་པ་གང་ཡིན་པའི་འཁོར་བ་དེ་ནི། རྟེན་པ་ཙམ་ཡང་མ་ཡིན་པ་དང༌། རྒྱུར་བྱས་པ་ཙམ་མ་ཡིན་པར་རང་བཞིན་གྱིས་མི་འཁོར་བ་དེ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་ལ། དེ་ཙམ་ནི་དངོས་པོ་དང་དངོས་པོ་མེད་པ་གང་དུ་ཡང་བརྟག་པར་མི་ནུས་པའི་ཕྱིར། གཉིས་པ་དེ་ཉིད་ལུང་དང་སྦྱར་བ་ནི། མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ཞིང༌། དངོས་པོ་མེད་པར་ངོ་བོས་གྲུབ་པ་མ་ཡིན་པར་རིགས་ཏེ། མདོ་ལས་དགེ་སློང་དག་འབྱུང་བའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་དག་གི་ཡོངས་སུ་མི་ཤེས་པ་ཡིན་ནོ་ཞེས་འབྱུང་བའི་སྲིད་པ་དང་འཇིག་པའི་སྲིད་པ་གཉིས་ཀ་སྤང་བྱར་སྟོན་པས་བཀའ་སྩལ་ལ། མྱང་འདས་ནི་སྤང་བྱར་མ་གསུངས་པའི་ཕྱིར་རོ། །གཉིས་པ་གཉིས་ཀའི་མཐར་འདོད་པ་དགག་པ་ནི། གལ་ཏེ་མྱང་འདས་ནི། ཉོན་མོངས་པ་དང་སྐྱེ་བ་ལེན་པ་གཉིས་ཀྱི་དངོས་པོ་མེད་པ་དང༌། རང་ཉིད་དངོས་པོའི་ངོ་བོ་ཡིན་པས་ཇི་སྐད་བཤད་པའི་སྐྱོན་མེད་དོ་ཞེས་མུ་སྟེགས་འོས་པ་པ་འདོད་པར་སྤྱན་རས་གཟིགས་བརྟུལ་ཞུགས་འཆད་དོ། །གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་རང་བཞིན་ཅན་ཡིན་ན། དངོས་པོ་དང་དངོས་པོ་མེད་པ་དག་ཐར་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་པ་དེ་ཡང་མི་རིགས་སོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་རང་བཞིན་ཅན་ཡིན་ན། མྱ་ངན་ལས་འདས་པ་ནི་རྒྱུ་རྐྱེན་ལ་མ་རྟེན་པ་མ་ཡིན་པར་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་ནི། རྒྱུ་རྐྱེན་ལ་རྟེན་ནས་འདོགས་པ་ཡིན་པའི་ཕྱིར། གཞན་ཡང༌། ཇི་ལྟར་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཡིན་ཏེ། དེ་ལྟ་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་ཐལ་བའི་ཕྱིར། འདོད་མི་ནུས་ཏེ་མྱ་ངན་ལས་འདས་པ་ནི་འདུས་མ་བྱས་སུ་ཁྱོད་ཀྱིས་འདོད་པའི་ཕྱིར། སྔ་མ་ལ་ཁྱབ་པའི་རྒྱུ་མཚན་ནི། དངོས་པོ་དང་དེ་ཞིག་པའི་དངོས་མེད་ནི་འདུས་བྱས་ཡིན་པས་སོ། །འགྲེལ་པར། དངོས་པོ་ནི་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཕྱིར་འདུས་བྱས་ཡིན་ལ། དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་ཕྱིར། འདུས་བྱས་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་མེད་གཉིས་མ་ཡིན་ཀྱང༌། དེ་ལ་དེ་གཉིས་རང་བཞིན་གྱིས་ཡོད་དོ་ཞེ་ན། ཇི་ལྟར་མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་རང་བཞིན་གྱིས་ཡོད་དེ་མེད་དོ། །དེ་སྒྲུབ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་གཞི་གཅིག་ལ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་འགལ་བའི་ཕྱིར། སྣང་བ་དང་ནི་མུན་པ་བཞིན་ནོ། །གསུམ་པ་གཉིས་ཀ་མ་ཡིན་པའི་མཐར་འདོད་པ་དགག་པ་ནི། མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་པ་དང༌། དངོས་པོ་མེད་པ་ཡང་མ་ཡིན་པར་གང་སྟོན་པ་དེ་ཡང་མི་རིགས་ཏེ་དགག་བྱ་དངོས་མེད་དང་དངོས་པོ་དག་གྲུབ་ན་དེ་ནི་གྲུབ་པར་འགྱུར་ན་ཡང་དེ་དག་མ་གྲུབ་པར་གོང་དུ་བཤད་ཟིན་པའི་ཕྱིར། གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པའང་མ་ཡིན་པའི་རང་བཞིན་དུ་གྲུབ་ན། དེ་གཉིས་དེ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པའི་རང་བཞིན་ཡང་མ་ཡིན་ནོ་ཞེས་སུ་ཞིག་གིས་ནི་མངོན་དུ་བྱེད་དེ་སུ་ཞིག་གིས་འཛིན་པ་དང་འགལ་བར་བྱེད་དེ་དེ་ལྟ་ན་ལྷག་མེད་ཀྱི་ཚེ་བདག་ཡོད་པར་ཐལ་བའི་ཕྱིར། འདོད་ན་མྱང་འདས་དེ་དེ་འདྲའི་ངོ་བོར་ཡོད་པ་མ་ཡིན་པར་ཐལ། དེ་འདྲའི་ངོ་བོར་འཛིན་མཁན་མེད་པའི་ཕྱིར། སྐབས་འདིའི་འཆད་ཚུལ་བཤད་མ་ཐག་པ་དེ་ལྟར་བྱས་ནས་དགག་བྱ་སྦྱོར་ན་སྐྱོང་རེ་ཞིག་བདེ་བས་དེ་ལྟར་འཆད་ཀྱང་འགལ་བ་མེད་ལ་ཡང་ན། མྱང་འདས་དོན་དམ་པར་སྤྲོས་བྲལ་དུ་སྟོན་པ་ཡིན་པས་དགག་བྱ་སྦྱོར་མི་དགོས་སོ། །གཉིས་པ་ལ། སྐུ་ཚེའི་འདུ་བྱེད་བཏང་བའི་དུས་ཀྱི་དང༌། མ་བཏང་བའི་བཅོམ་ལྡན་འདས་སྤྲོས་བྲལ་དུ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་ནས་ཡོད་པར་མི་མངོན་པ་སྟེ་གཟུགས་སུ་མེད་པ་དེ་བཞིན་དུ་མེད་དོ་ཞེས་པའམ་གཉིས་ཀ་ཞེས་པ་འམ་གཉིས་མིན་ཞེས་ཀྱང་མི་མངོན་ཏེ། དེ་ལྟར་འཛིན་པ་དེ་ནི་སྔར་དེ་བཞིན་གཤེགས་པ་ཡང་དག་པར་ན་བཀག་ཟིན་པས་སོ། །གཉིས་པ་ནི་བཅོམ་ལྡན་འདས་བཞུགས་པར་གྱུར་ན་ཡང་ཡོད་པར་མི་མངོན་པ་སྟེ་མི་འཛིན་པར་དེ་བཞིན་དུ་མེད་དོ་ཞེས་པའམ་གཉིས་ཀ་ཞེས་པའམ་གཉིས་མིན་ཞེས་ཀྱང་མི་མངོན་པ་སྟེ་མི་འཛིན་པར་རིགས་ཏེ་དེ་ཡང་སྔར་དེ་བཞིན་གཤེགས་པ་བརྟག་པར་བཤད་ཟིན་པས་སོ། །གཉིས་པ་གྲུབ་དོན་ལ་སྲིད་ཞི་མཉམ་ཉིད་དུ་གྲུབ་པ་དང༌། ལུང་མ་བསྟན་གྱི་ལྟ་བ་བཀག་པར་གྲུབ་པའོ། །དང་པོ་ནི། རིགས་པ་དེའི་ངོར། མྱ་ངན་ལས་འདས་པ་རང་བཞིན་གྱིས་གྲུབ་པ་ཁེགས་པ་ན་འཁོར་བ་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ལ་མྱ་ངན་ལས་འདས་པ་འཁོར་བ་ལས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་སྟེ་ཆོས་ཉིད་ཡིན་ཏེ་དེ་གཉིས་ཀྱི་ཆོས་ཉིད་ལ་ཁྱད་པར་ཅུང་ཟད་ནི་ཤིན་ཏུ་ཕྲ་བའང་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། སྲིད་ཞི་རང་བཞིན་མེད་པར་གྲུབ་པ་ནི། སྔོན་དང་ཕྱི་མའི་མཐར་རྟོག་པ་མི་རུང་བར་གྲུབ་ལ། དེ་ལྟར་གྲུབ་པ་ན་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་མི་འཐད་པར་གྲུབ་སྟེ། དེ་བཞིན་གཤེགས་པ་གང་འདས་པ་སྟེ་གྲོངས་ཕན་ཆད་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་དག་ནི་མྱ་ངན་ལས་འདས་པར་འཛིན་པ་ལ་རྟེན་ནས་ལོག་པར་ཞུགས་པ་ཡིན་ལ་འཁོར་བར་འཛིན་པ་ལ་བརྟེན་ནས་ལོག་པར་ཞུགས་པ་ལའང༌། སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པ་གཉིས་ལས། འཇིག་རྟེན་མཐའ་དང་ལྡན་པ་དང་སོགས་ཀྱིས་བསྡུས་པ་མི་ལྡན་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་ནི། ཕྱི་མའི་མཐའ་ལ་རྟེན་པ་ཡིན་ལ། བདག་དང་འཇིག་རྟེན་རྟག་པ་དང་སོགས་ཀྱིས་བསྡུས་པ་མི་རྟག་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་དང་བཞི་སྔོན་གྱི་མཐར་རྟོག་པ་ལ་བརྟེན་པ་ཡིན་ལ། རྟོག་པ་དེ་དག་ཀྱང་མི་འཐད་པར་བསྟན་ཟིན་པའི་ཕྱིར་རོ། །བདག་དང་འཇིག་རྟེན་ལ་མ་འོངས་པའི་སྐྱེ་བ་མཐོང་མ་མཐོང་ལས་མཐའ་དང་ལྡན་མི་ལྡན་སོགས་སུ་རྟོག་པ་སྐྱེ་བ་བདག་དང་འཇིག་རྟེན་སྔོན་འདས་པའི་དུས་སུ་སྐྱེ་བ་མཐོང་བ་དང་མ་མཐོང་བ་དང་གཉིས་ཀ་དང་གཉིས་མིན་དུ་མཐོང་བ་ལས་རྟག་མི་རྟག་ལ་སོགས་པར་རྟོག་པར་སྐྱེ་བ་ཡིན་ནོ། །དངོས་པོ་རང་བཞིན་གྱིས་གྲུབ་ན་ལྟ་བ་འདི་དག་འཐད་མོད་ཀྱང༌། དངོས་པོ་རང་བཞིན་གྱིས་སྟོང་པ་ལ་མཐའ་ཡོད་ཅི་ཞིག་མཐའ་མེད་ཅིང༌། མཐའ་དང་མཐའ་མེད་གཉིས་ཀ་ཡིན་པ་ཅི་ཞིག་ཡིན། མཐའ་དང་མཐའ་མེད་མིན་པར་ལྟ་བ་ཅི། ལུས་སྲོག་གཅིག་ཡིན་པ་དེ་ཉིད་ཅི་ཞིག་ལུས་སྲོག གཞན་ཡིན་པ་ཅི་ཞིག རྟག་པ་ཅི་ཞིག་མི་རྟག་པ་ཅི། རྟག་དང་མི་རྟག་གཉིས་ཀ་ཅི། གཉིས་ཀ་མིན་པའང་ཅི་ཞིག་ཡིན་ཏེ། སྤྲོས་པ་དང་བྲལ་བའི་ཕྱིར་རོ། །གཉིས་པ་ལུང་འགལ་སྤང་བ་ནི། གལ་ཏེ་མྱང་འདས་རང་བཞིན་གྱིས་མ་གྲུབ་ན། སེམས་ཅན་རྣམས་མྱ་ངན་ལས་འདའ་བའི་དོན་དུ་སྟོན་པས་ཆོས་བསྟན་པ་དོན་མེད་པར་འགྱུར་རོ། །ཞེ་ན། སངས་རྒྱས་རྣམས་ཀྱིས་ནི་ཡུལ་གང་དུ་ཡང་གང་ཟག་སུ་ལ་ཡང་མྱ་ངན་ལས་འདས་པའི་ཆེད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་འགའ་མ་བསྟན་ཏོ་སྟེ། མྱང་འདས་ནི་མཚན་མར་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་རྗོད་བྱེད་སྒྲའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ལ་ཉེ་བར་ཞི་བ་དེ་ཉིད་ནི་རང་བཞིན་གྱིས་ཞི་བ་ཡིན་པའི་ཕྱིར། འདིར་དོན་ནི། དེ་ཁོ་ནར་ཆོས་བསྟན་པ་མེད་ཅིང༌། ཐ་སྙད་དུ་ཡིན་ལ་དེའི་ཚེ་ཡང༌། མྱང་འདས་རང་གི་ངོ་བོ་བསྟན་པར་མི་ནུས་ཀྱི་སྒྲོ་བཏགས་ནས་བརྗོད་པ་ཡིན་ལ། དེ་ཡང་སྟོན་པ་རང་གི་ངོས་ནས་མ་ཡིན་གྱིས་འཁོར་གྱི་གདུལ་བྱ་བློ་འཁྲུལ་བའི་ངོར་ཆོས་བསྟན་པར་སྣང་བ་ཡིན་ནོ། །འདིར་རིན་པོ་ཆེ་པའི་ཊཱི་ཀར། རང་ལུགས་ལ་དམན་པའི་ལྷག་མེད་ཀྱི་མྱང་འདས་ལ་ཕུང་པོའི་ལྷག་ཡོད་མེད་ཇི་ལྟར་བཞེད་ཅེ་ན། རིགས་པ་དྲུག་ཅུ་པའི་འགྲེལ་པར། མདོ་ལས་ནི། གང་ཕུང་པོ་འདི་མ་ལུས་པར་སྤངས་པ་ངེས་པར་སྤང་པ་བྱང་བར་གྱུར་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་ལ་ཉེ་བར་ཞི་བ། ནུབ་པ་སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང་སྐྱེ་བ་འདི་ནི་ཞི་བ་འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ། སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་ལ་འགོག་པ་མྱ་ངན་ལས་འདས་པའོ། །ཞེས་ཕུང་པོ་འགགས་པ་ལས་མྱ་ངན་ལས་འདས་པར་རྣམ་པར་བཞག་གོ་ཞེས་གསུངས་ཤིང༌། དེ་ཡང་ཕུང་པོའི་ཕྱོགས་ཅིར་ཉོན་མོངས་ཟད་པ་ལ་འཆད་པ་བཀག་ནས་སྡུག་བསྔལ་གྱི་ཕུང་པོ་སྤྱི་ཟད་པ་ལ་འཆད་དགོས་པར་གསུངས་སོ། །དེ་ཡང་ཕུང་པོའི་རྒྱུན་ཟད་པ་ལ་བྱས་ན། ཕུང་པོ་མ་ལུས་ཟད་པའི་ཚེ་ཐོབ་བྱ་མྱང་འདས་མེད་པ་དང༌། ཟད་པའི་ཚེ་ཐོབ་མཁན་མེད་པས་མྱང་འདས་ཐོབ་པ་མི་སྲིད་པའི་སྐྱོན་བསྟན་ནས། གལ་ཏེ་སྡུག་བསྔལ་གྱི་རང་བཞིན་སྐྱེ་བ་མེད་པར་མཐོང་ན་ནི་དེའི་ཚེ་གནས་སྐབས་དེར་ཡང་སྐྱེ་བ་དེ་མི་དམིགས་པའི་ཕྱིར། སྡུག་བསྔལ་དེ་ཟད་པ་ཁོ་ནར་འགྱུར་ན། ཞེས་ཕུང་པོ་ལྔ་ཆར་རང་བཞིན་གྱི་སྐྱེ་བ་མེད་པར་མཐོང་བ་དེའི་ཚེ་དེའི་ངོ་ན་ཕུང་པོ་མེད་པ། ཕུང་པོ་འདི་མ་ལུས་པ་སྤངས་ཞེས་གསུངས་པའི་དོན་དུ་བཞེད་དོ། །དེས་ཐེག་དམན་གྱིས་ཉོན་མོངས་ཟད་པར་སྤངས་པའི་ཚེ། མཉམ་བཞག་གི་ངོ་ན་ཕུང་པོའི་ལྷག་མ་མེད་པར་ནུབ་པའི་འགོག་པ་ནི་དེའི་ལྷག་མེད་ཀྱི་མྱང་འདས་དང༌། དེའི་སྣང་བ་མ་ནུབ་པའི་རྗེས་ཀྱི་ཚེ། དེའི་ལྷག་བཅས་ཀྱི་མྱང་འདས་སུ་འཇོག་པ་ཡིན་ནོ། །ཞེས་བཤད་དོ། །འདི་མི་འཐད་པར་སྟོན་པ་ལ། ལུང་དང་རིགས་པས་མི་འཐད་པར་བསྟན་པ་དང༌། དྲུག་ཅུ་པ་རྩ་འགྲེལ་གྱི་གཞུང་དོན་བཤད་པའོ། །དང་པོ་ནི། ཇི་སྐད་བཤད་པ་འདི་ནི་རིགས་པ་མ་ཡིན་ཏེ། སྡུག་བསྔལ་ཕུང་པོ་ཟད་པ་དང་སྤངས་པའི་དོན། སྡུག་བསྔལ་གྱི་ཕུང་པོ་རང་བཞིན་མེད་པར་རྟོགས་པ་ལ་བྱེད་ན། ཉན་ཐོས་ཀྱི་མཐོང་ལམ་ནས་ཀྱང་ལྷག་མེད་ཀྱི་མྱང་འདས་ཐོབ་ཟིན་པར་ཧ་ཅང་ཐལ་བའི་ཕྱིར་དང༌། ཅི་སྟེ་མྱང་འདས་སུ་འཇོག་པ་ལ་ཉོན་མོངས་སྤངས་པ་ཁྱད་པར་དུ་དགོས་པར་འདོད་ན་ཉན་ཐོས་ཀྱི་མཐོང་ལམ་ནས་སྡུག་བསྔལ་གྱི་ཕུང་པོ་ཟད་པར་སྤངས་པ་ཁྱེད་ཀྱིས་ཟློག་ཏུ་མེད་པའི་ཕྱིར་དང༌། དེ་ཡང་འདོད་པར་མི་ནུས་པ་ནི་རྒྱུ་ཉོན་མོངས་སྤངས་མ་ཟིན་ན་དེའི་འབྲས་བུ་སྡུག་བསྔལ་སྤངས་པ་མི་འབྱུང་བའི་ཕྱིར་དང༌། མཉམ་གཞག་དང་རྗེས་ཀྱི་ཚེའི་འགོག་པའི་ཁྱད་པར་ལས་ལྷག་མེད་དང་ལྷག་བཅས་སུ་འཇོག་ན་ལྷག་བཅས་ཀྱི་མྱང་འདས་མངོན་དུ་མ་བྱས་པར་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པར་ཐལ་བའི་ཕྱིར་དང༌། མཉམ་གཞག་གི་ངོ་ན་ཕུང་པོ་སྣང་བ་ནུབ་པའི་འགོག་པ་དེ་རང་འཐོབ་བྱེད་ཀྱི་བར་ཆད་མེད་ལམ་གྱིས་བཞག་པའི་ལག་རྗེས་མ་ཡིན་པས་མྱང་འདས་སུ་མི་རུང་བའི་ཕྱིར་དང༌། དེ་འདྲ་དེས་བཞག་པའི་ལག་རྗེས་ཡིན་ན་རྗེས་ཀྱི་ཚེ་ཕུང་པོའི་སྣང་བ་འབྱུང་བས་སྤང་བྱར་བཟློག་པར་ཐལ་བའི་ཕྱིར་དང༌། སངས་རྒྱས་གཉིས་ལ་སྤངས་པའི་ཁྱད་པར་མེད་པར་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར་དང༌། རང་ལུགས་ལ་ལྷག་བཅས་ཀྱི་མྱང་འདས་དེ་མྱང་འདས་མེད་པ་མ་ཡིན་པར་ཁྱོད་ཀྱི་ཁས་ལེན་དགོས་ཏེ། དྲུག་ཅུ་པའི་འགྲེལ་པར་ཕུང་པོ་འགགས་པ་ལས་མྱང་འདས་སུ་འཇོག་དགོས་པར་བཤད་ཅིང༌། ལྷག་བཅས་ཀྱི་ཚེ་ཕུང་པོ་མ་འགགས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་དང༌། དྲུག་ཅུ་པའི་འགྲེལ་པར། གལ་ཏེ་ཕུང་པོ་ལྷག་མ་དང་བཅས་པ་ནི་མྱ་ངན་ལས་འདས་པར་མི་འདོད་དོ་ཞེ་ན། གང་མདོ་སྡེ་ལས། རྗེས་བཟླས་ཞེས་གསུངས་མདོ་འདི་ནི། ཤཱ་རིའི་བུའི་མྱང་འདས། མངོན་སུམ་བྱས་ནས་བཤད་པ་ཡིན། ཞེས་གསུངས་པ་ཇི་ལྟར་མྱང་འདས་དེ་ཉོན་མོངས་པ་ལོག་པ་མངོན་དུ་བྱས་པའི་དབང་དུ་མཛད་ནས་གསུངས་སོ། །ཞེས་བྱ་བར་ངེས་ཀྱི་ཕུང་པོ་ལོག་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་སྡུག་བསྔལ་གྱིས་ཕུང་པོ་འདི་མ་ལུས་པར་སྤངས་པ་ངེས་པར་སྤངས་པ་ཞེས་གསུངས་པར་མི་འགྱུར་གྱི་ཉོན་མོངས་པ་འདི་དག་མ་ལུས་པར་སྤངས་པ་ནས་ནུབ་པ་ཞེས་བྱ་བའི་བར་དེ་སྐད་གསུངས་པར་འགྱུར་བ་ཞིག་ན་ཞེས་ལྷག་བཅས་མྱང་འདས་མཚན་ཉིད་པ་དང་དེར་སྡུག་བསྔལ་སྤངས་པར་བཤད་པའི་ཕྱིར། གང་ཡང་ཁྱེད་ཀྱིས། སྡུག་བསྔལ་གྱི་ཕུང་པོའི་རྒྱུན་ཟད་པའི་ཚེ། ཐོབ་མཁན་མེད་ནས་མྱང་འདས་མི་འཇོག་པར་འདོད་པ། ཞེས་ལེགས་པར་མ་བརྟགས་པ་ཡིན་ཏེ། སྐུ་ཚེའི་འདུ་བྱེད་བཏང་བའི་དུས་ཀྱི་ཉན་ཐོས་དགྲ་བཅོམ་པ་དེ་ལྷག་མེད་ཀྱི་མྱང་འདས་ལ་མི་གནས་པར་ཐལ་བའི་ཕྱིར་དང༌། དེ་ཡང་དེ་ལྟར་འདོད་ན་དེ་ལྷག་བཅས་ཀྱི་མྱང་འདས་ལ་གནས་པར་ནི་མི་རིགས་པས་དེ་ཕྱིར་མྱང་འདས་ལ་མི་གནས་པར་ཐལ་བའི་ཕྱིར་དང༌། དེའི་དུས་ཀྱི་དགྲ་བཅོམ་པ་དེ་མེད་པར་འདོད་ན་ནི་དེ་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་ཐལ་བའི་ཕྱིར་དང༌། མཐར་ཐུག་ཐེག་པ་གསུམ་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ལུང་དོན་བཤད་པ་ནི། དྲུག་ཅུ་པར། དེ་ཉིད་གཟིགས་རྣམས་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་པ་ཡོངས་སུ་ཤེས་པ་སྲིད། །མྱ་ངན་འདས་ཞེས་བྱ་བར་བརྗོད། །དངོས་པོ་བྱུང་བའི་ཞིག་པ་ལ། །ཇི་ལྟར་འགོག་པ་བརྟག་པ་བཞིན། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང༌། །རྒྱུ་མ་བྱས་ལྟའི་འགོག་པ་བཞེད། །རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཡོངས་སུ་ཤེས་པས་མིན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཤེས་པ་དེ་ཇི་ལྟར་འགྱུར། །གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །གང་ཚེ་ཕུང་པོ་འགགས་གྱུར་པ། །དེའི་ཚེ་ན་གྲོལ་བར་འགྱུར། །མ་རིག་རྐྱེན་ཅན་འབྱུང་བ་ལ། །ཡང་དག་ཡེ་ཤེས་ཀྱིས་གཟིགས་ན། །སྐྱེ་བ་དང་ནི་འགག་པའང་རུང༌། །འགའ་ཡང་དམིགས་པར་མི་འགྱུར་རོ། །དེ་ཉིད་མཐོང་ཆོས་མྱ་ངན་ལས། །འདས་ཤིང་བྱ་བ་བྱས་པའང་ཡིན། །ཞེས་གསུངས་སོ། །དེ་ལ་བཞེད་ཅེས་པ་ཡིན་གྱིས་འཁོར་འདས་རང་བཞིན་གྱིས་མ་གྲུབ་པར་བསྟན་ནས། དེར་མ་གྲུབ་པའི་དབྱིངས་དེ་ཉིད་མྱང་འདས་ཀྱི་ངོ་བོར་དེ་ལྟར་ཤེས་པ་ན་མྱང་འདས་མངོན་དུ་བྱས་པར་བསྟན་ནས། གལ་ཏེ་འདུས་བྱས་རང་བཞིན་མེད་པར་ཤེས་པས་མྱང་འདས་ཐོབ་པར་འགྱུར་བ་མ་ཡིན་པར། ཕུང་པོ་དང་ལས་དང་ཉོན་མོངས་པ་བཀག་པ་དང་རྒྱུན་ཆད་པ་ཙམ་གྱིས་མྱང་འདས་སུ་འཇོག་ན། དེ་མངོན་དུ་བྱས་པ་མི་སྲིད་པར་འགྱུར་ཏེ། ཕུང་པོ་མ་འགགས་པའི་གནས་སྐབས་ན་ཕུང་པོ་རྒྱུན་ཆད་པའི་འགོག་པ་དེ་མེད་པའི་ཕྱིར་དང༌། རྒྱུན་ཆད་པ་ན་མངོན་དུ་བྱེད་པ་པོ་འགའ་ཡང་མེད་པར་ཁས་བླངས་པའི་ཕྱིར། འདོད་མི་ནུས་ཏེ་ཕུང་པོ་རྒྱུན་ཆད་པའི་གནས་སྐབས་ན། དེ་ཁོ་ན་ཉིད་མཐོང་བའི་གང་ཟག་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡོད་པའི་ཕྱིར། འོ་ན་ཁྱོད་རང་གི་ལྟར་ནའང་མྱང་འདས་མངོན་དུ་བྱས་པའི་གང་ཟག་དེས་ཅི་ཞིག་མཐོང་བར་འགྱུར་ཏེ། སྤྲོས་པ་ཅི་ཡང་མ་མཐོང་བའི་ཕྱིར་ཞེ་ན། ཅི་ཡང་མ་མཐོང་བ་དེ་ཉིད་ལ། མྱང་འདས་མཐོང་བར་བརྗོད་དེ། ཡུལ་ཅན་གྱི་ཤེས་པ་དེ་ཉིད་སྤྲོས་བྲལ་གྱི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར། དཔེར་ན་སྔོན་པོའི་རྣམ་པ་ཤར་བ་ན་སྔོན་པོ་རྟོགས་པར་འཇོག་པ་བཞིན་ཞེས་སྟོན་པ་ནི། རྣམ་པར་འཇིག་པས་འགོག་གྱུར་གྱི་ནས། ཇི་ལྟར་འགྱུར་གྱི་བར་རོ། །འོ་ན་ཕུང་པོ་རྒྱུན་ཆད་པ་ཙམ་ལ་མྱང་འདས་མི་འཇོག་ན། མདོ་ལས་གང་ཡང་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས། །གསུངས་པ་དང་འགལ་ཏེ། ཇི་སྲིད་ཕུང་པོའི་རྒྱུན་འབྱུང་བ་དེ་སྲིད་དུ་སྲིད་པ་ཟད་པར་ཁོང་དུ་ཆུད་མི་ནུས་པའི་ཕྱིར་ཏེ་སྐྱེ་བ་དང་ལྡན་པའི་ཕྱིར་ཞེ་ན། འདིའི་ལན་ལ་མགོ་མཚུངས་དང་རྣལ་མའི་ལན་ནོ། །དང་པོ་ནི། ཁྱོད་ཀྱི་ལུགས་ལའང་ཕུང་པོ་མ་འགགས་ན་ཉོན་མོངས་པ་ཟད་ཀྱང་མྱང་འདས་སུ་མི་འགྱུར་ཏེ། མདོ་ལས་སྡུག་བསྔལ་འདི་མ་ལུས་པར་སྤངས་པ་ངེས་པར་སྤངས་པ་ཞེས་པ་ནས། མྱ་ངན་ལས་འདས་པའོ། །ཞེས་ཕུང་པོ་འགགས་པ་ལ་མྱང་འདས་སུ་བཤད་པའི་ཕྱིར། ཞེས་སྟོན་པ་ནི་གལ་ཏེ་ཕུང་པོ་མ་འགགས་ན་ཞེས་པའོ། །ཅི་སྟེ་ལྷག་བཅས་ཀྱི་མྱང་འདས་དེ་མྱང་འདས་མཚན་ཉིད་པར་མི་འདོད་ཅེ་ན། འོ་ན་མདོ་སྡེ་ལས། རྗེས་བཟླས་ཞེས་བྱ་མདོ་འདི་ནི། །ཤཱ་རི་བུ་ཡིས་མྱ་ངན་འདས། །མངོན་སུམ་བྱས་ནས་བཤད་པ་ཡིན། །ཞེས་གསུངས་པ་དང་འགལ་ལོ། །ཅི་སྟེ་དེ་སྐད་གསུང་པ་དེ་ཉོན་མོངས་ལོག་པའི་མྱང་འདས་ཀྱི་དབང་དུ་བྱས་སོ་ཞེ་ན། ཉོན་མོངས་པ་ལོག་པ་ཙམ་ལ་མྱང་འདས་སུ་འཐད་ན། མདོ་ལས་སྡུག་བསྔལ་འདི་མ་ལུས་པར་སྤངས་པ་ཞེས་སོགས་གསུངས་བར་མི་འགྱུར་གྱི་ཉོན་མོངས་པ་འདི་དག་མ་ལུས་པར་སྤངས་པ་ཞེས་སོགས་གསུང་རིགས་པར་འགྱུར་རོ། །གཞན་ཡང་དངོས་པོ་རང་བཞིན་གྱིས་མ་གྲུབ་ན་ཉོན་མོངས་སྤངས་པའི་མྱང་འདས་ཀྱང་མི་འཐད་དེ། ཆགས་སོགས་ཐམས་ཅད་ཕུང་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྩ་བ་ཅན་ཡིན་པའི་ཕྱིར། ཕུང་པོ་རྣམས་འགག་པ་ཡང་མི་སྲིད་པར་འགྱུར་ཏེ། ཕུང་པོར་དམིགས་པས་དེའི་རྒྱུ་ཅན་ཉོན་མོངས་པ་རྒྱུན་མི་འཆད་པའི་ཕྱིར། ཡང་ཅི་སྟེ་ཁོ་ན་རེ། མདོ་དང་འགལ་བ་མེད་དེ། མ་འོངས་པའི་ཕུང་པོ་དང་སྐྱེ་བ་ཟད་པ་ལ་དགོངས་སོ་ཞེ་ན་ཞིག་ཤེས་པ་དེ་ཇི་ལྟར་འགྱུར་ཞེས་གསུངས་སོ། །གཉིས་པ་རྣལ་མའི་ལན་ནི། རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ་མྱང་འདས་མི་སྲིད་པར་བསྟན་ནས། སྟོང་པ་ཉིད་དུ་སྨྲ་བ་ལ་རྣམ་གྲོལ་སྲིད་པར་སྟོན་པ་ནི་མ་རིག་རྐྱེན་ཅན་ཞེས་སོགས་ནས། དེ་ཉིད་མཐོང་ཆོས་མྱ་ངན་ལས་འདས་ཤིང་བྱ་བ་བྱས་པ་ཡིན་གྱི་བར་རོ། །མདོར་ན་མྱང་འདས་ནི་སྡུག་བསྔལ་མ་ལུས་པར་སྤངས་པའི་འགོག་པ་གཅིག་ཡིན་ལ། ཉན་ཐོས་སྡེ་པའི་ལྷག་བཅས་སུ་འདོད་པའི་མྱང་འདས་ཀྱི་ཚེ་ནའང༌། སྡུག་བསྔལ་སྤངས་པ་ཡིན་ཏེ། སྐུ་ཚེའི་འདུ་བྱེད་མ་བཏང་པའི་ཉན་ཐོས་དགྲ་བཅོམ་པ་དེས་ཕུང་པོ་རང་བཞིན་མེད་པར་གོམས་པའི་སྟོབས་ཀྱིས་འཇིག་ལྟ་སྤངས་ཤིང་དེ་སྤངས་པས་དེའི་རྒྱུ་ཅན་གྱི་ཉོན་མོངས་པ་སྤངས། དེ་སྤངས་པ་ན་དེའི་རྒྱུ་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་སྤངས་དགོས་པའི་ཕྱིར། ཇི་སྐད་དུ་འགྲེལ་པར། གལ་ཏེ་སྡུག་བསྔལ་གྱི་རང་བཞིན་སྐྱེ་བ་མེད་པར་མཐོང་ན་ནི་དེའི་ཚེ་གནས་སྐབས་དེར་ཡང་སྐྱེ་བ་དེ་མི་དམིགས་པའི་ཕྱིར། སྡུག་བསྔལ་དེ་ཟད་པ་ཁོ་ནར་འགྱུར་ན་ཞེས་པ་ལྟར་རོ། །དེ་ལྟ་ན་ཡང་ལྷག་བཅས་དང་ལྷག་མེད་ཀྱི་ཁྱད་པར་ནི་ལས་ཉོན་སྔ་མས་འཕངས་པའི་ཕུང་པོའི་རྒྱུན་དང་བྲལ་མ་བྲལ་ལ་བྱེད་དགོས་ཀྱི་མཉམ་གཞག་དང་རྗེས་ཐོབ་ལ་ལྷག་བཅས་ལྷག་མེད་ཀྱི་དོན་དུ་བྱེད་པ་དབུ་མའི་གཞུང་ཁུངས་ཐུབ་གང་ནས་མི་འབྱུང་བར་ངེས་སོ། །མདོར་ན་རིགས་པ་དྲུག་ཅུ་པའི་འགྲེལ་པ་དང༌། ཚིག་གསལ་དུ། འཁོར་འདས་རང་བཞིན་གྱིས་གྲུབ་ན། མྱང་འདས་ཀྱི་འཇོག་ཚུལ་མི་སྲིད་པ་དང༌། དེ་མངོན་དུ་བྱས་པ་མི་སྲིད་པར་གསུངས་ཀྱི་དངོས་སྨྲའི་ལྷག་བཅས་ལྷག་མེད་ཀྱི་འཇོག་མཚམས་བཀག་པ་ཅུང་ཟད་ཀྱང་མེད་དོ། །རྣམ་པར་སྤྲོས་པས་ཆོག་གོ །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་བཞིའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉེར་ལྔ་པའི་རྣམ་པར་བཤད་པའོ། །ཆོས་ཀུན་རང་བཞིན་མེད་ཉིད་ལ། །མྱ་ངན་འདས་དང་དེ་མངོན་བྱེད། །འཐད་ཅིང་རང་བཞིན་གྱིས་གྲུབ་ན། །ཉོན་མོངས་སྡུག་བསྔལ་ཇི་ལྟར་སྤང༌། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་དེ་ལྟར་བསྟན་དགོས་པའི་རྒྱུ་མཚན་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། མཚན་བསྟན་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་དང༌། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །མཐོང་བ་དེ་ནི་སྡུག་བསྔལ་དང༌། །ཞེས་སོགས་གསུངས་པའི་རྟེན་འབྱུང་དེ་གང་ཞེ་ན། འདིའི་ལན་ལ། རྟེན་འབྱུང་མ་རྟོགས་ན་འཁོར་བར་འཇུག་ཚུལ་ལུགས་འབྱུང་གི་རྟེན་འབྲེལ་དང༌། དེ་རྟོགས་ན་འཁོར་བ་བཟློག་ཚུལ་ལུགས་བཟློག་གི་རྟེན་འབྲེལ་གཉིས་ལས་དང་པོ་ནི། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་མ་རིག་པས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས་ཡང་སྲིད་ཕྱི་མའི་ཕྱིར་དུ་འདུ་བྱེད་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་པ་གང་ཡིན་པའི་ལས་གསུམ་པོ་དེ་དག་གིས་ལས་གསོག་པའི་གང་ཟག་དེ་འགྲོ་བ་འཁོར་བར་འགྲོ་བར་འགྱུར་རོ། །དེ་ནས་གང་ཟག་དེའི་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་དེ་འདུ་བྱེད་དང་མཐུན་པའི་འགྲོ་བ་རྣམས་སུ་འཇུག་པར་འགྱུར་རོ། །འདིར་རིན་པོ་ཆེ་པས་དེ་ཡང་འཆི་སྲིད་འགགས་པ་ན་སྐད་ཅིག་གཅིག་ཁོ་ན་ལ་སྲང་འདའི་མཐོ་དམན་གྱི་ཚུལ་དུ་སྐྱེ་སྲིད་ཀྱི་ཕུང་པོ་རྣམས་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེའོ་ཞེས་འཆད་པ་ནི། འགྲེལ་པ་གང་ནས་ཀྱང་མི་འབྱུང་ཞིང༌། བར་སྲིད་ཆད་པས་ཉེས་པར་བཤད་པའོ། །དེ་ལྟར་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་གྱུར་ནས་མིང་གཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་ཆགས་པར་འགྱུར་རོ། །དེ་ལྟར་མིང་དང་གཟུགས་ནི་ཆགས་པར་གྱུར་ན་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར་རོ། །དུས་ཕྱིས་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི་རེག་པ་ཡང་དག་འབྱུང་བར་འགྱུར་རོ། །རེག་པ་དེ་གང་ཞིག་ཡིན་དེ་ཇི་ལྟར་སྐྱེ་ཞེ་ན་བདག་རྐྱེན་མིག་དང་དམིགས་རྐྱེན་གཟུགས་དེ་མ་ཐག་རྐྱེན་དྲན་བྱེད་དེ་ཡིད་ལ་བྱེད་པ་སྔ་མ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་མིག་དང་གཟུགས་ལ་བརྟེན་ནས་ནི་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ནི་སྐྱེ་ཚུལ་ལོ། །ངོ་བོ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་ནས། ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་དུ་ཡོངས་སུ་གཅོད་པའོ། །རེག་པ་དང་ཕྲད་པ་དོན་གཅིག་གོ །དེ་ནས་རེག་པ་དེ་ལས་ཚོར་བ་ཀུན་དུ་འབྱུང་བར་འགྱུར་རོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། གང་གི་ཕྱིར་སྲེད་ན། ཚོར་བའི་དོན་དུ་སྲེད་པར་འགྱུར་རོ། །དེ་ལྟར་སྲེད་པར་གྱུར་ན་སྲེད་ལྡན་དེས་ཉེ་བར་ལེན་པ་རྣམ་པ་བཞི་པོ་ཉེ་བར་ལེན་པར་འགྱུར་རོ། །ཉེར་ལེན་ཡོད་ན་ཉེ་བར་ལེན་པ་པོ་དེའི་སྲིད་པ་རབ་ཏུ་འབྱུང་བར་འགྱུར་ཏེ། གལ་ཏེ་ཚོར་བ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཉེ་བར་ལེན་པ་མེད་པར་གྱུར་ན་གྲོལ་བར་འགྱུར་ཏེ་དེའི་སྲིད་པ་ཡོད་པ་མི་འགྱུར་རོ། །སྲིད་པ་དེ་ཡང༌། འདིར་སྐྱེ་བ་ཕྱི་མའི་ཕུང་པོ་ལྔ་ལ་འདོད་ལ། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་ནས་ཚེ་འདིའི་ལུས་ངག་ཡིད་ཀྱིས་ལས་གསུམ་ལ་སྲིད་པ་ཞེས་བྱའོ། །ཞེས་འགྲེལ་པར་འབྱུང་ཞིང་ལུས་ངག་གི་ལས་གཟུགས་ཅན་ཡིན་པར་ཡང་ཚིག་གསལ་དུ་བཤད་དེ། ཉན་ཐོས་པ་དང་སྒོ་བསྟུན་པའོ། །དེ་ལྟ་བུའི་ལས་ནུས་པ་མཐུ་ཅན་ལ་སྲིད་པའི་མིང་གིས་བཏགས་པ་དེ་ལས་ཚེ་ཕྱི་མའི་སྐྱེ་བ་ལེན་པ་འབྱུང་བར་འགྱུར་ཏེ། དེ་ལས་དགའ་བ་དང་ཤི་བ་དང་འཆི་བཞིན་པའི་དུས་ཀྱི་འཇིག་རྟེན་ལ་ཆགས་པའི་སྙིང་གི་གདུང་བ་ལ་མྱ་ངན་ཞེས་མིང་བཏགས་པ་དང༌། ངག་ཏུ་སྨྲེ་སྔགས་འདོན་པ་དང་བཅས་པ་དང༌། དབང་ཤེས་འཁོར་གྱི་སྡུག་བསྔལ་དང༌། ཡིད་མི་བདེ་བ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་འབྱུང་བའི་འཁྲུག་པ་དང༌། དེ་དག་རྣམས་ནི་སྐྱེ་བ་ལས་རབ་ཏུ་འབྱུང་ངོ༌། །དོན་བསྡུ་བ་ནི། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །འབའ་ཞིག་པ་ཞེས་པ་ནི། བདེ་བ་དང་མ་འདྲེས་པ་ཞེས་པའི་དོན་དུ་འགྲེལ་པར་བཤད་དོ། །འདིར་རིན་པོ་ཆེ་པ་ཡན་ལག་བཅུ་གཉིས་པོ་འཕེན་འགྲུབ་ཡན་ལག་བཞིར་བསྡུད་པ་དང༌། རྒྱུ་དུས་ཀྱི་རྣམ་པར་ཤེས་པ་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་འཕངས་པ་དང༌། བག་ཆགས་དེ་ཉིད་ནུས་པ་མཐུ་ཅན་དུ་བྱས་པ་ལ་ལས་ཀྱི་སྲིད་པ་ཞེས་བྱ་བ་དེ་ཉིད་ཀྱི་འགྲུབ་པའི་ཚུལ་དུ་འཆད་པ་ལ་ནི། ཐོགས་མེད་ཀྱི་གཞུང་ལ་འཐད་ཀྱང་འདིར་མི་འཐད་དེ་ལུང་དང་རིགས་པ་དང་ཁས་བླངས་པ་གསུམ་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། འཕངས་ཚུལ་དང་འགྲུབ་ཚུལ་དེ་ལྟར་འཆད་ན་རྣམ་པར་ཤེས་པ་རྒྱུའི་ཆ་འཛིན་དགོས་ལ་དེ་ཡང་དེ་ལྟར་འདོད་ན། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །ཞེས་འབྲས་བུའི་ཆ་བཟུང་བ་དང་འགལ་བས་སོ། །རྣམ་པར་ཤེས་པ་ཡང་རྒྱུའི་ཆ་ཁོ་ན་ལ་ཁྱོད་ཀྱིས་བཤད་དགོས་ཏེ། རྣམ་པར་ཤེས་པ་དང༌། སྲིད་པ་གཉིས་ཇི་ལྟར་འཕངས་ཚུལ་དང༌། འགྲུབ་ཚུལ་དུ་ཁྱེད་ཀྱིས་བཤད་པའི་ཕྱིར། དེར་མ་ཟད། འདིའི་སྲིད་པ་ལས་ཀྱི་སྲིད་པ་ལ་འཆད་པའང༌། སྲིད་པ་དེ་ཡང་ཕུང་པོ་ལྔ་ཞེས་སྐྱེ་སྲིད་དང་སྔོན་དུས་ཀྱི་སྲིད་པ་གང་རུང་ལ་བཤད་པ་དང་ཇི་ལྟར་མི་འགལ། གཉིས་པ་རིགས་པ་དང་འགལ་བ་ནི། འདིར་བཅུ་གཉིས་པོ་ཡན་ལག་བཞིར་བསྡུ་བའི་ཚུལ་དབུ་མའི་རང་ལུགས་ཀྱི་གཞུང་འགྲེལ་གང་ནས་ཀྱང་མ་བཤད་པའི་ཕྱིར་དང༌། དེར་བསྡུད་པའི་ཚེ་བཅུ་གཉིས་པོ་འཕེན་བྱེད་ཀྱི་རྒྱུ་འབྲས་ཆ་གཅིག་གི་དབང་དུ་བྱས་དགོས་པ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་དགོངས་པ་ཡིན་པ་ལྟར་ཁྱེད་རང་ཡང་འཕེན་འགྲུབ་ཀྱི་རྒྱུ་འབྲས་ནི་སྐྱེ་ཐེབས་གཅིག་གི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཁས་བླངས་ལ་དེ་ལྟར་ན་འདིར་གཞུང་ཉིད་དང་འགྲེལ་པར་ཡང་ཡན་ལག་བཅུ་གཉིས་པོ་སྐྱེ་བ་ལེན་ཐེབས་གཉིས་ཀྱི་དབང་དུ་བྱས་པ་གསལ་བར་བཤད་པ་དང་འགལ་ལོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ནི་འདིར་ཀུན་གཞི་ཁས་མི་ལེན་པ་དང༌། རྣམ་པར་ཤེས་པ་བག་ཆགས་བསྒོ་གཞིར་ཁས་ལེན་པ་འགལ། རྣམ་པར་ཤེས་པ་བག་ཆགས་ཀྱི་རྟེན་དུ་འདོད་པ་དང༌། ང་ཙམ་བག་ཆགས་བསྒོ་བའི་གཞིར་འདོད་ཀྱི་ཡིད་ཀྱི་རྣམ་ཤེས་སྒྲིབ་པའི་བག་ཆགས་ཀྱི་རྟེན་དུ་མི་འདོད་པར་ཁྱེད་ཀྱིས་ཁས་བླངས་པ་དང་ཇི་ལྟར་མི་འགལ། འོན་ཀྱང་སྤྱིར་འཕེན་འགྲུབ་ཁས་མི་ལེན་པ་མ་ཡིན་ནོ། །གཉིས་པ་ལུགས་བཟློག་བཤད་པ་ནི། དེ་ལྟར་འཁོར་བའི་རྩ་བ་ནི། འདུ་བྱེད་དེ་དེའི་ཕྱིར་མཁས་པ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་རྣམས་འཕེན་བྱེད་ཀྱི་ལས་འདུ་མི་བྱེད་པ་དེའི་ཕྱིར། མི་མཁས་པ་དེ་ཉིད་མངོན་སུམ་དུ་མ་མཐོང་བ་རྣམས་འཕེན་བྱེད་ཀྱི་ལས་མངོན་པར་འདུ་བྱེད་པ་པོ་ཡིན་ཏེ། མདོ་ལས་དགེ་སློང་དག་མ་རིག་པ་དང་རྗེས་སུ་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པའི་ཕྱིར། མདོར་ན་མཁས་པས་འཕེན་བྱེད་ཀྱི་ལས་མངོན་པར་འདུ་བྱེད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །མ་རིག་པ་འགགས་པར་གྱུར་ན་ནི་འདུ་བྱེད་རྣམས་ཀུན་དུ་འབྱུང་བར་མི་འགྱུར་ཏེ་རྒྱུ་མ་ཚང་བའི་ཕྱིར་རོ། །མ་རིག་པ་དེ་གང་གིས་འགོག་ཅེ་ན། དོ་ཁོ་ན་ཉིད་མངོན་སུམ་དུ་ཤེས་པས་དེ་ཉིད་བསྒོམ་པས་སོ། །མ་རིག་པ་འགགས་པས་འདུ་བྱེད་འདུ་བྱེད་འགགས་པ་དེ་བཞིན་དུ་འདུ་བྱེད་ལ་སོགས་པའི་ཡན་ལག་སྔ་མ་དེ་དང་དེ་ནི་འགགས་པར་གྱུར་པས་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འགྱུར་རོ། །དོན་བསྡུ་བ་ནི་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ནི་དེ་ལྟར་ཡང་དག་པར་འགག་པར་འགྱུར་རོ། །གཉིས་པ་ནི། སྲིད་པའི་ཡན་ལག་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ། །ཆོས་ཀུན་རང་བཞིན་གྱིས་སྟོང་པར། །ཤེས་པས་འཁོར་བ་བཟློག་འགྱུར་ཞིང༌། །ཆོས་རྣམ་རང་བཞིན་གྱིས་གྲུབ་པར། །ཞེན་པས་འཁོར་བ་ཉིད་དུ་འཇུག །ཅེས་དོན་བསྡུས་པའི་ཚིགས་སུ་བཅད་པ་རང་གི་བློས་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་རྟེན་འབྲེལ་རྟོགས་ན་ལྟ་ངན་བཟློག་པའི་ཚུལ་ལ། རབ་བྱེད་ཀྱི་འབྲེལ་བསྟན། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ནི། ས་ལུ་སྦྱང་པའི་མདོ་ལས་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད། ཕྱི་མའི་མཐའ་ལ་བརྟེན་པར་མི་བྱེད་ཅེས་གསུངས་ན། སྔོན་དང་ཕྱི་མའི་མཐའ་ནི་གང་དེ་ལ་བརྟེན་པར་མི་བྱེད་པའི་ཚུལ་ཅི་ཞེ་ན། གཉིས་པ་ལ། ལྟ་ངན་བཅུ་དྲུག་ངོས་བཟུང༌། རྟེན་འབྲེལ་རྟོགས་ན་ལྟ་ངན་བཟློག་པའི་ཚུལ་ལོ། །དང་པོ་ནི། ཅི་བདག་འདས་པའི་བྱུང་བ་དང་མ་བྱུང་བ་དང༌། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའོ། །ཞེས་ལྟ་བ་བཞི་དང༌། འཇིག་རྟེན་རྟག་པ་དང༌། མི་རྟག་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་སྟེ། བརྒྱད་པོ་གང་ཡིན་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ཏེ། དེ་ལ་དམིགས་པའི་ཕྱིར། སྔོན་གྱི་མཐའ་ནི་ད་ལྟར་གྱི་ལུས་འདི་ལ་ལྟོས་ཏེ། འདས་པའི་ལུས་ལ་སྔོན་ཞེས་བྱ་ལ། དེའི་མཐའ་ནི། དེའི་ཆ་སྔ་མ་ལ་བྱའོ། །འདིར་བྱུང་སོགས་བཞི་ནི་བདག་ཁོ་ན་ལ་དམིགས་པ་དང༌། རྟག་སོགས་བཞི་ནི་སྤྱིར་སྔོན་གྱི་མཐའ་ཙམ་ལ་དམིགས་པ་དང་འོག་ནས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་འགྲེལ་པར་འབྱུང་ངོ༌། །བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་དང་མི་འབྱུང་བ་དང་དེས་མཚོན་ནས་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་སྟེ་བཞི་དང༌། འཇིག་རྟེན་མཐའ་དང་ལྡན་པ་དང་སོགས་པ་ཞེས་པའི་ཚིག་གིས་བསྡུས་པ་འཇིག་རྟེན་མཐའ་དང་མི་ལྡན་པ་དང༌། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་དང་བརྒྱད་པོ་གང་དག་ཡིན་པ་དེ་དག་ནི་ད་ལྟར་གྱིས་ལུས་འདི་ལ་ལྟོས་པའི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ཏེ། དེ་ལ་དམིགས་པའི་ཕྱིར། གཉིས་པ་ལ་ཐ་སྙད་ཀྱི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་གནས་ནས་ལྟ་ངན་དགག དོན་དམ་སྤྲོས་བྲལ་ལ་གནས་ནས་ལྟ་ངན་དགག དང་པོ་ལ། ལྟ་བ་བཞི་ཚན་དང་པོ་དགག བཞི་ཚན་གཉིས་པ་དགག དང་པོ་ལ། སྔོན་གྱི་མཐའ་ལ་རྟེན་པའི་བཞི་ཚན་དང་པོ་དགག དེས་ཕྱི་མའི་མཐའ་ལ་བརྟེན་པའི་བཞི་ཚན་དང་པོ་ཡང་ཁེགས་པར་བསྟན། དང་པོ་ལ་འདས་དུས་བྱུང་མ་བྱུང་དུ་ལྟ་བ་དགག དོན་བསྡུས་ཏེ་ལྟ་བ་གཞན་གཉིས་ཀྱང་མི་འཐད་པར་བསྟན་པའོ། །དང་པོ་ལ་འདས་དུས་བྱུང་བར་ལྟ་བ་དགག མ་བྱུང་བ་ལྟ་བ་དགག དང་པོ་ལ། དགག་པ་དངོས་དང༌། མཇུག་བསྡུ་བའོ། །དང་པོ་ནི། བདག་འདས་པའི་དུས་ན་བྱུང་བར་གྱུར་ཏོ་ཞེས་བྱ་བ་དེ་ནི་འཛིན་སྟངས་དོན་མཐུན་པར་མི་འཐད་དེ། སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བའི་བདག་དེ་ཉིད་ད་ལྟར་གྱི་འདི་ཉིད་མ་ཡིན་ནོ་སྟེ་མ་ཡིན་པའི་ཕྱིར། གལ་ཏེ་སྔར་གྱི་བདག་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་རོ་སྙམ་ན་དེ་ལྟ་ན་དུས་གཉིས་ཀྱི་ཕུང་པོ་གཉིས་ཀྱང་གཅིག་ཏུ་འགྱུར་ལ་འདོད་མི་ནུས་ཏེ་དུས་སྔ་ཕྱིའི་ཉེ་བར་ལེན་པ་ཕུང་པོ་ཐ་དད་པའི་ཕྱིར། གལ་ཏེ་ཉེ་བར་ལེན་པ་ཐ་དད་ཀྱང་བདག་གཅིག་ཉིད་ཡིན་ནོ་སྙམ་ན། དེ་ཡང་མི་འཐད་དེ། ཉེ་བར་ལེན་པ་མ་གཏོགས་པར་སྟེ་དེ་ལས་དོན་གཞན་པའི་ཁྱེད་ཀྱི་བདག་ནི་གང་ཞིག་ཡོད་པ་ཡིན་ཏེ་མེད་པས་སོ། །ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ནོ་ཞེས་བྱས་པའི་ཚེ་ཉེ་བར་ལེན་པའི་ཕུང་པོ་ཉིད་བདག་ཡིན་ནོ་སྙམ་ན། ཁྱོད་འདོད་པའི་བདག་མེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཉེ་བར་ལེན་པ་ཉིད་བདག་མ་ཡིན་ཏེ། དེ་ལྟ་ན་བདག་དེ་འབྱུང་བ་དང་འཇིག་པར་འགྱུར་ལ། དེ་ལྟ་ན་བདག་ཡོད་པར་སྨྲ་བར་འགྱུར་ཏེ། བདག་སྐད་ཅིག་སྔ་ཕྱི་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པར་འགྱུར་བས་རྒྱུན་ཆད་པར་འགྱུར་བའི་ཕྱིར། གཞན་ཡང་ཉེ་བར་ལེན་པ་ཇི་ལྟ་བུར་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ། དེ་ལྟ་ན་ལས་དང་བྱེད་པོ་གཅིག་ཏུ་ཐལ་བ་ལ་སོགས་པའི་ཕྱིར་རོ། །གལ་ཏེ་ཉེ་བར་ལེན་པ་ཉིད་བདག་མ་ཡིན་ཀྱང༌། བདག་ཕུང་པོ་ངོ་བོ་ཉིད་ཀྱིས་ཐ་དད་དུ་ཡོད་ཅེ་ན། བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་གཞན་དུ་འཐད་པ་མ་ཡིན་ཏེ། གལ་ཏེ་གཞན་ཡིན་ན་ཉེ་བར་ལེན་པ་མེད་པར་བདག་གཟུང་དུ་ཡོད་པར་རིགས་ན་ཡང་དེ་ལྟར་གཟུང་དུ་མེད་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ན་བདག་ནི་ཉེ་བར་ལེན་པ་ལས་རང་བཞིན་གྱིས་གཞན་མ་ཡིན། བདག་དེ་ནི་ཉེ་བར་ལེན་པ་ཉིད་ཀྱང་མིན་ལ། བདག་ནི་ཉེ་བར་ལེན་པ་ལ་ལྟོས་པ་མེད་པར་ཡོད་པའང་མ་ཡིན་ནོ། །འོ་ན་ཐ་སྙད་དུ་ཡང་མེད་པར་འགྱུར་རོ་ཞེ་ན། བདག་དེ་མེད་པ་ཉིད་དུའང་མ་ངེས་ཏེ། བདག་དེ་ནི་ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར་དང་མོ་གཤམ་གྱི་བུ་ལ་སོགས་པ་ནི་ཕུང་པོ་ལ་བརྟེན་ནས་མི་འདོགས་པའི་ཕྱིར་རོ། །ཤླཽ་ཀ་གཅིག་པོ་འདིས། བདག་འཛིན་ལྷན་སྐྱེས་ཀྱིས་ཕུང་པོ་ལ་ཇི་ལྟར་བདག་ཏུ་བཟུང་བའི་ཚུལ་སྟོན་པ་ཡིན་པས། དེ་མ་ངེས་ཞེས་པ། བདག་འཛིན་གྱི་དེར་མ་ངེས་ཏེ་དེས་ཕུང་པོ་ལ་བརྟེན་ནས་དེར་འདོགས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། བདག་ནི་འདས་པའི་དུས་ན་མ་བྱུང་ཞེས་བྱ་བར་ལྟ་བ། དེ་ཡང་མི་འཐད་དེ། དེ་ལྟ་ན་སྔོན་གྱི་དུས་ཀྱིས་བདག་དང་ཚེ་རབས་འདིའི་བདག་རང་བཞིན་གཞན་དུ་འགྱུར་ན་སྔོན་གྱི་ཚེ་རབས་རྣམས་སུ་གང་བྱུང་བའི་བདག་དེ་ནི་ད་ལྟར་གྱི་འདི་ལས་རང་བཞིན་གཞན་མ་ཡིན་ནོ་སྟེ་དེའི་ཕྱིར་རོ། །གཞན་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་བདག་འདི་ནི་སྔར་གྱི་དེ་ལས་རང་བཞིན་གྱིས་གཞན་དུ་གྱུར་ན། སྔར་གྱི་བདག་དེ་ལ་ལྟོས་པ་མེད་པར་ཡང་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྔར་གྱི་བདག་དེ་ནི་བདག་ཕྱི་མ་སྐྱེས་ནས་ཀྱང་མེད་པར་འགག་པར་གནས་པར་འགྱུར་ཞིང༌། སྔ་མ་དེར་མ་ཤི་བར་ཚེ་འདིར་སྐྱེ་བར་ཡང་འགྱུར་རོ། །གལ་ཏེ་དེ་མེད་པར་འབྱུང་བར་འགྱུར་བ་ལ་འདོད་ན་ཉེས་པ་ཅི་ཡོད་ཅེ་ན། བདག་ཆད་པ་དང༌། དེ་ལྟ་ན་ལས་བྱས་པ་ཆུད་ཟོས་པ་དང༌། གཞན་གྱིས་བྱས་པའི་ལས་རྣམས་ནི། དེ་ལས་རྒྱུད་གཞན་གྱི་སོ་སོར་མྱོང་བ་དང་ལ་སོགས་པའི་སྒྲས་བསྟན་པ་མ་བྱས་པ་དང་ཕྲད་འཇིག་འགྱུར་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཉེས་པར་འགྱུར་རོ། །གཞན་ཡང་སྔ་ཕྱིའི་བདག་གཉིས་རང་བཞིན་གྱིས་གཞན་ཡིན་ན། སྔར་མ་བྱུང་བ་ལས་ཕྱིས་འབྱུང་དགོས་པ་ལས། བདག་ནི་སྔར་མ་བྱུང་བ་ལས་ཕྱིས་གསར་དུ་འབྱུང་བ་མ་ཡིན་ཏེ། དེ་ལྟར་འདོད་པ་འདི་ལ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར། ཇི་ལྟར་ཞེ་ན། བདག་ནི་བྱས་པར་འགྱུར་བ་དང༌། བདག་སྔ་མ་མེད་ན་བདག་ཕྱི་མ་འབྱུང་བ་རྒྱུ་མེད་པ་ཅན་དུའང་འགྱུར་རོ། །ཡང་གི་སྒྲ་ནི་སྔ་མ་བསྡུད་པའོ། །བདག་བྱས་ན་མི་རྟག་པར་འགྱུར་ལ། དེ་ལྟར་མི་འདོད་པའི་རྒྱུ་མཚན་ནི་བདག་རྫས་ཡོད་དུ་འདོད་པ་དག་གིས་བདག་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་འདོད་དོ། །ཞེས་བླ་མ་སྔ་མ་རྣམས་གསུང་ངོ༌། །གཞན་ཡང་བདག་དེ་ལ་རང་ལས་ཐ་དད་པའི་བྱེད་པོ་མེད་པས་བྱས་པར་ག་ལ་འགྱུར། གཉིས་པ་ནི། རེ་རེ་བ་མི་འཐད་པ་དེ་ལྟར་ན་འདས་པའི་དུས་ན་བྱུང་མ་བྱུང་གཉིས་ཀར་ལྟ་བ་མི་འཐད་ལ་དེ་མི་འཐད་པ་ན་གཉིས་ཀ་མ་ཡིན་པར་ལྟ་བ་གང་ཡིན་དེ་དག་ཀྱང༌། མི་འཐད་དོ། །དེའི་རྒྱུ་མཚན་ནི་དགག་པའི་དགག་བྱ་ལ་ལྟོས་པའི་ཕྱིར། གཉིས་པ་དེས་ཕྱི་མའི་མཐའ་ལ་བརྟེན་པའི་བཞི་ཚན་དང་པོ་ཡང་ཁེགས་པ་ནི། བདག་མ་འོངས་པའི་དུས་གཞན་ན་འབྱུང་བར་འགྱུར་བ་དང་འབྱུང་བར་མི་འགྱུར་ཞེས་བྱ་བར་ལྟ་བ་གང་ཡིན་པ་དེ་དགག་པ་ནི། བདག་འདས་པའི་དུས་བྱུང་མ་བྱུང་དུ་ལྟ་བ་དགག་པ་དང་རིགས་པ་མཚུངས་པ་ཡིན་པས་འདོན་པ་བསྒྱུར་བར་བྱའོ། །ཇི་ལྟར་ཞེ་ན་མ་འོངས་དུས་གཞན་འབྱུང་འགྱུར་ཞེས་བྱ་བ་དེ་ནི་མི་འཐད་དོ། །ཞེས་སོགས་གཅིག་དགག་པ་དང༌། མ་འོངས་དུས་ན་མི་འབྱུང་ཞེས། །ཞེས་སོགས་གཞན་དགག་པའི་རིགས་པ་དང༌། གལ་ཏེ་འདི་ནི་གཞན་གྱུར་ན་འདི་ནི་ནང་པར་ཡང་འབྱུང་བར་གྱུར་ཞེས་སོགས་མངོན་སུམ་དུ་གྱུར་པ་དང་ལྐོག་ཏུ་གྱུར་པ་དགག་པར་བྱའོ། །བཞི་ཚན་གཉིས་པ་དགག་པ་ལ། སྔོན་མཐའ་ལ་བརྟེན་པའི་བཞི་ཚན་གཉིས་པ་དགག ཕྱི་མཐའ་ལ་བརྟེན་པའི་བཞི་ཚན་གཉིས་པ་དགག དང་པོ་ལ་རིགས་པའི་རྣམ་གྲངས་དངོས་རྟག་སོགས་སོ་སོར་དགག རྣམ་གྲངས་གཉིས་པས་རྟག་པ་ཁེགས་པ་ན་གཞན་གསུམ་ཡང་ཁེགས་པར་བསྟན། དང་པོ་ལ། རྟག་མ་རྟག་གི་མཐར་ལྟ་བ་དགག མཐར་ལྟ་ཕྱི་མ་གཉིས་ཀྱང་དགག དང་པོ་ནི། འཇིག་རྟེན་འདི་ན་མིའི་འགྲོ་བར་གནས་པ་ཁ་ཅིག་དགེ་བའི་ལས་བྱས་ནས་ལྷའི་འགྲོ་བར་འགྱུར་རོ། །དེའི་ཚེ་ན་དེ་གཉིས་གཅིག་གམ་ཐ་དད་བརྟག གལ་ཏེ་ད་ལྟར་གྱི་ལྷ་དེ་སྔར་གྱི་མི་དེ་ཡིན་ན། དེ་ལྟ་ན་ནི། མི་དེ་རྟག་པར་འགྱུར་ཏེ། མིའི་དངོས་པོ་མ་དོར་བར་ལྷའི་སྐྱེ་བ་ལེན་པའི་ཕྱིར་རོ། །དེ་ལྟ་ན་ཕྱིས་ཀྱི་ལྷ་ནི་མ་སྐྱེས་པ་ཉིད་དུ་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །དེས་རྟག་པ་བཀག་ནས་མི་རྟག་པ་དགག་པ་ནི་གལ་ཏེ་ད་ལྟར་གྱིས་ལྷ་ལས་སྔར་གྱི་མི་གཞན་ཡིན་ན། དེ་ལྟ་ན་ནི་མི་རྟག་པར་འགྱུར་ཏེ། སྔར་གྱི་མིའི་རྒྱུན་ཆད་པར་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་ལྷ་མི་གཞན་ཡིན་ན་ལྷ་མི་གཉིས་རྒྱུད་གཅིག་ཏུ་ནི་འཐད་པར་མི་འགྱུར་ཏེ། ཨ་སྨྲའི་ཤིང་ནིམ་པའི་རྒྱུད་མ་ཡིན་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་མི་འདི་ཆ་ཤས་ཀྱིས་མིའི་ལུས་གཏོང་ལ་ཆ་ཤས་ཀྱིས་ལྷའི་ལུས་ལེན་པས་དེའི་ཚེ་ཕྱོགས་གཅིག་ཞིག་པས་མི་རྟག་པ་དང༌། ཕྱོགས་གཅིག་གནས་པས་རྟག་པར་འདོད་དོ་ཞེ་ན། གལ་ཏེ་མི་འདི་ཕྱོགས་གཅིག་སྟེ་བདག་གི་ངོས་ནས་ལྷ་ཡིན་ལ། ཕྱོགས་གཅིག་སྟེ་ལུས་ཀྱི་ངོས་ནས་མི་ནི་ཡིན་པར་གྱུར་ན། དེའི་ཚེ་ལྷའི་ཕྱོགས་གཅིག་མིའི་དུས་སུ་གནས་པས་རྟག་པ་དང༌། མིའི་ཕྱོགས་གཅིག་ལྷའི་དུས་སུ་ཞིག་པས་མི་རྟག་པར་ཡང་འགྱུར་ན་དེ་ཡང་མི་རིགས་ཏེ། མིའི་འགྲོ་བའི་ཆ་གཅིག་ལྷས་བསྡུས་པ་དང་ཆ་གཅིག་མིས་བསྡུས་པ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་རྟག་དང་མི་རྟག་པ་གཉིས་ཀ་གྲུབ་པར་གྱུར་ན་ནི། དེ་བཀག་པའི་རྟག་པ་མ་ཡིན་པ་དང་མི་རྟག་པ་ཡང་མ་ཡིན་པའི་ངོ་བོ་ཞིག་གྲུབ་པར་འགྱུར་བར་འདོད་ལ་རག་ན་དེ་མ་གྲུབ་པའི་ཕྱིར། གཉིས་མིན་ཀྱི་ངོ་བོ་ཡང་མ་གྲུབ་བོ། །འདིར་འགྲེལ་པར་གཉིས་མིན་འགོག་པ་ན། གལ་ཏེ་རྟག་པ་ཅུང་ཟད་ཅིག་ཡོད་ན་ནི་དེ་ཕྱིས་མི་རྟག་པར་མཐོང་བ་ལས་རྟག་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་ལ། དེ་བཞིན་དུ་གལ་ཏེ་མི་རྟག་པ་ཅུང་ཟད་གཅིག་ཡོད་ན་ནི། དེ་ཕྱིས་རྟག་པར་འགྱུར་བ་ལས་མི་རྟག་པ་མ་ཡིན་པར་འགྱུར་བ་ཞིག་ན། གང་གི་ཚེ་རྟག་པ་དང་མི་རྟག་པ་ཉིད་མ་གྲུབ་པ་དེའི་ཚེ་དེ་དག་བཀག་པའི་སྒོ་ནས་རྟག་པ་ཡང་མ་ཡིན་པ་ག་ལ་ཡོད་ཅེས་གསུངས་འདིའི་དོན་ལ། རིན་པོ་ཆེ་པའི་ཞལ་སྔ་ནས། མི་ལྷར་སྐྱེ་བ་ལྟ་བུ་ལ་མིའི་བདག་རྟག་པ་གཅིག་ཡོད་ན་དེས་ལྷའི་ལུས་བླངས་པའི་ཚེ་མིའི་ཕུང་པོ་དོར་བའི་ཆ་དེ་ནས་རྟག་པ་དང་མ་ཡིན་པ་དང༌། མིའི་ཕུང་པོ་འདོར་རྒྱུ་མི་རྟག་པ་ཞིག་ཡོད་ན། ལྷའི་ལུས་བླངས་པའི་ཚེ་ཕུང་པོ་དེ་ཞིག་ཀྱང་འདོར་བ་པོ་རྟག་པ་ཡོད་པས་ཆ་དེ་ནས་མི་རྟག་པ་མ་ཡིན་པའི་གཉིས་མིན་གྱི་མཐར་ལྟ་བའི་ལྟ་བ་དེ་རིགས་ནའང་དེ་གཉིས་མེད་ཅེས་པའི་དོན་ནོ། །ཞེས་གསུང་ངོ༌། །དེ་ནི་གྱི་ན་སྟེ། དེ་ལྟ་ན་གཉིས་མིན་གྱི་མུ་དེ་ཉིད་གཉིས་མིན་གྱི་མུར་འདོད་དགོས་ཆེས་པར་སོང་བའི་ཕྱིར་དང༌། དེ་ལྟར་ནན་གྱིས་ཕུལ་ཀྱང་ཕྱོགས་སྔ་མས་མི་འདོད་པའི་ཕྱིར་དང༌། འདོད་པ་མིན་བཀག་པས་གཉིས་མིན་གྱི་ལྟ་བ་མི་ཁེགས་པའི་ཕྱིར་དང༌། གལ་ཏེ་རྟག་པ་ཅུང་ཟད་གཅིག་ཡོད་རྒྱུ་དེ་དང༌། ཕྱིས་མི་རྟག་པར་མཐོང་བ་ལས་ཞེས་མཐོང་རྒྱུ་དེ་དང༌། རྟག་པ་མ་ཡིན་ཅེས་བྱ་བར་འགྱུར་ཞེས་པའི་འགྱུར་རྒྱུ་དེ་མཚན་གཞི་གཅིག་གི་སྟེང་ནས་ཁས་ལེན་དགོས་པས། ཁྱོད་ཀྱིས་སོ་སོར་ཁས་བླངས་པས་ནོངས་པའི་ཕྱིར་དང༌། ཕྱོགས་གཅིག་ནས་རྟག་པ་མ་ཡིན་པ་དང༌། ཕྱོགས་གཅིག་ནས་མི་རྟག་པ་མ་ཡིན་པ་ཞེས་པ་ཙམ་གཉིས་མིན་གྱི་མུར་འཆད་ན། དབུ་མའི་སྐབས་ཀྱི་མུ་བཞི་འཆད་པའི་སྐབས་ཐམས་ཅད་དུའང་དེ་ལྟར་ཐལ་ལ། དེ་ལྟ་ན་ཁྱབ་ཆུང་པས་སྤྲོས་པའི་མཐའ་འགོག་པར་མི་ནུས་པའི་ཕྱིར་དང༌། བདག་དེ་རྟག་མི་རྟག་གང་དུ་ཡང་བརྗོད་མེད་དུ་འདོད་པའི་ཚེའང༌། བདག་གི་ཕྱོགས་གཅིག་རྟག་པ་ཡིན་པས་མི་རྟག་པར་བརྗོད་དུ་མེད་པ་དང༌། ཕྱོགས་གཅིག་མི་རྟག་པ་ཡིན་པས་རྟག་པར་བརྗོད་དུ་མེད་པ་ཁས་ལེན་དགོས་པར་ཧ་ཅང་ཐལ་བའི་ཕྱིར་དང༌། འགྲེལ་ཚིག་གི་དེ་ཕྱི་མི་རྟག་པར་མཐོང་བ་ལས་ཞེས་དང་དེ་ཕྱིས་རྟག་པར་མཐོང་བ་ལས་ཞེས་པའི་ཚིག་གི་འབྲས་བུ་སྟོར་བའི་ཕྱིར་རོ། །དེས་ན་བདག་རྟག་མི་རྟག་གཉིས་ཀ་དགག་པ་ན། དེ་བཀག་པའི་གཉིས་མིན་ཇི་ལྟར་ཡང་མི་འབྱུང་སྟེ། དགག་བྱ་མ་གྲུབ་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་རིགས་པའི་རྣམ་གྲངས་གཉིས་པས་རྟག་པ་ཁེགས་པ་ན། གཞན་གསུམ་ཡང་ཁེགས་པར་བསྟན་པ་ལ། བདག་རྟག་པ་དགག དེས་མི་རྟག་པ་སོགས་ཀྱང་ཁེགས་པའོ། །དང་པོ་ནི། གལ་ཏེ་འཁོར་བར་འཁྱམས་པ་པོ་གཅིག་ཁས་ལེན་དགོས་པས་བདག་རྟག་པ་ཡོད་དོ་ཞེ་ན། གལ་ཏེ་བདག་གམ་ཕུང་པོ་གང་ཞིག སྐྱེ་བ་སྔ་མ་གང་ནས་སྐྱེ་བ་ཕྱི་མ་གར་འོངས་ཤིང་སླར་ཡང་འགྲོ་བ་གཞན་དུ་འགྲོ་བར་འགྱུར་ན་དེའི་ཕྱིར་རམ། རྒྱུ་མཚན་གྱིས་འཁོར་བ་མེད་པར་འཁོར་བ་པོ་རང་བཞིན་གྱིས་གྲུབ་པར་འགྱུར་ན་དེ་ནི་ཡོད་པ་མ་ཡིན་ཏེ། རྟག་པའམ་མི་རྟག་པ་འོངས་པ་དང་འགྲོ་བ་མི་འཐད་པའི་ཕྱིར་རོ། །འདི་ནི་སྔར་རབ་བྱེད་བཅུ་དྲུག་པར་བཤད་ཟིན་ཏོ། །གཉིས་པ་ནི། གལ་ཏེ་དངོས་པོ་རྟག་པ་འགའ་མེད་ན། དེ་ཞིག་པའི་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ཏེ། མེད་དོ། །དེ་གཉིས་སོ་སོ་བ་མེད་པ་ན། རྟག་པ་དང་མི་རྟག་པ་གཉིས་ཀ་དང༌། དེ་གཉིས་བསལ་བར་གྱུར་པའོ་སྟེ་གཉིས་མ་ཡིན་ཀྱང་ཁེགས་པ་ཡིན་ནོ། །གཉིས་པ་ཕྱི་མཐའ་ལ་བརྟེན་པའི་བཞི་ཚན་དགག་པ་ལ། མཐའ་དང་ལྡན་མི་ལྡན་གྱི་མཐར་ལྟ་བ་དགག མཐར་ལྟ་ཕྱི་མ་གཉིས་དགག་པའོ། །དང་པོ་ལ། རིགས་པའི་རྣམ་གྲངས་དང་པོ་དང༌། གཉིས་པའོ། །དང་པོ་ནི། གལ་ཏེ་འཇིག་རྟེན་གྱི་མཐའ་ཡོད་པ་སྟེ་སྔ་མ་ཞི་གནས་ཕྱི་མ་མི་འབྱུང་ན། འཇིག་རྟེན་ཕ་རོལ་ཇི་ལྟར་ཡོད་པར་འགྱུར་ཏེ་མེད་པར་འགྱུར་རོ། །ཡང་གལ་ཏེ་འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར་ཏེ། ཚེ་འདིའི་སེམས་ཅན་མ་ཤི་བར་དེར་སྐྱེ་བ་མེད་པའི་ཕྱིར་རོ། །རྣམ་གྲངས་གཉིས་པ་ནི་གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་སྔ་མ་འཇིག་ཅིང་ཕྱི་མ་སྐྱེ་བ་འདི་ནི་མར་མེའི་འོད་དང་མཚུངས་པ་དེའི་ཕྱིར། འཇིག་རྟེན་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། །ཇི་ལྟར་མི་རིགས་ཞེ་ན། གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་པར་འགྱུར་ཞིང་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན་དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་ན་ཡང༌། དེ་ལས་དེ་འབྱུང་བའི་ཕྱིར་མཐའ་ཡོད་པར་མི་རིགས་སོ། །གལ་ཏེ་ཕུང་པོ་སྔ་མ་མི་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན། དེས་ན་འཇིག་རྟེན་མཐའ་མེད་པར་འགྱུར་ན་ཡང༌། སྔ་མ་འཇིག་པ་དེའི་ཕྱིར། མཐའ་མེད་པར་མི་འཐད་དོ། །གཉིས་པ་ལྟ་བ་ཕྱི་མ་གཉིས་དགག་པ་ནི། གལ་ཏེ་འཇིག་རྟེན་གྱི་ཕྱོགས་གཅིག་མཐའ་ཡོད་པ་སྟེ་འཇིག་ལ་ཕྱོགས་གཅིག་མཐའ་མེད་པ་སྟེ་མི་འཇིག་ན་འཇིག་རྟེན་མཐའ་ཡོད་མཐའ་མེད་གཉིས་ཀར་འགྱུར་ན་ཡང༌། ཕྱོགས་གཅིག་འཇིག་པ་དང༌། ཕྱོགས་གཅིག་མི་འཇིག་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཇི་ལྟར་མི་རིགས་ཞེ་ན། འོ་ན་དེ་འདྲ་དེ་བདག་གམ་ཕུང་པོ་ལ་རྟོག དང་པོ་ལྟར་ན། ཇི་ལྟ་བུར་ན་ཉེ་བར་ལེན་པ་པོ། བདག་དེ་ནི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འབྱུང་བ་དེ་ལྟར་མི་རིགས་སོ། །མི་རིགས་པའི་ཤེས་བྱེད་དུ་འགྲེལ་པར་རིགས་པ་མི་འདྲ་བ་གསུམ་གསུངས་སོ། །གཉིས་པ་ལྟར་ན། ཇི་ལྟ་བུར་ཉེ་བར་བླང་བར་བྱ་བ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ་ཕྱོགས་གཅིག་རྣམ་པ་འཇིག་པར་མི་འགྱུར་བ་དེ་ལྟར་ཡང་མི་རིགས་སོ་སྟེ། དེ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། གཉིས་མིན་གྱི་མཐའ་དགག་པ་ནི། གལ་ཏེ་མཐའ་ཡོད་མཐའ་མེད་པ་གཉིས་ཀ་གྲུབ་པར་གྱུར་ན་ནི། མཐའ་ཡོད་ཀྱང་མ་ཡིན་མཐའ་མེད་ཀྱང་མ་ཡིན་པར་འགྲུབ་པར་འགྱུར་བར་འདོད་ལ་རག་ན་སྟེ། དགག་བྱ་མ་གྲུབ་པ་ན་དེ་བཀག་པ་ངོ་བོས་གྲུབ་པ་མེད་དོ། །གཉིས་པ་དོན་དམ་སྤྲོས་བྲལ་ལ་གནས་ནས་ལྟ་ངན་དགག་པ་ནི། ཀུན་རྫོབ་གཟུགས་བརྙན་ལྟ་བུར་ཞལ་གྱིས་བཞེས་ནས་ལྟ་བ་ངན་པ་བཀག་པ་ལས་ཡང་ན་བྱ་བ་བརྟག་པ་ལ་སོགས་པར་ལྟ་བ་དག་ཡུལ་གང་དུ་རྟེན་གྱི་གང་ཟག་ག་ལ་ནི་རྒྱུ་མཚན་ཅི་ལས་ཀུན་ཏུ་འབྱུང་སྟེ། དེ་སོ་སོ་ཐམས་ཅད་དག རྟེན་འབྲེལ་ཡིན་པའི་རྟགས་ཀྱི་རང་བཞིན་སྟོང་པར་དབུ་མའི་བསྟན་བཅོས་མཐའ་དག་གིས་བསྟན་པ་དེའི་ཕྱིར་རོ། །གཉིས་པ་རབ་བྱེད་ཀྱི་མཚན་མ་ནི་ལྟ་བ་བརྟག་པ་ཞེས་བྱ་བ། ཚིགས་སུ་བཅད་པ་སུམ་ཅུའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པ་རྣམ་པར་བཤད་པའོ།།  །།དངོས་ཀུན་རང་བཞིན་གྱིས་སྟོང་ལ། །མཚན་འཛིན་ལྟ་བའི་གནས་མེད་པར། །མ་ཟད་རྟེན་འབྲེལ་སྣང་ཙམ་ལའང༌། །ལྟ་བ་ངན་པས་ཀླགས་མི་རྙེད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་བཀའ་དྲིན་རྗེས་དྲན་པའི་ཕྱག་མཛད་པ་ནི། ཕྱག་འཚལ་ལོ། །གང་ལ་ན་གཽ་ཏ་མ་དེ་ལའོ། །གོ་ཨུ་ཞེས་པ་བླ་མའི་རིག་ཞེས་པ་སྟེ། གོ་ཞེས་པ་རིགས་དང༌། ཨུད་ར་བླ་མའོ། །དེ་ཡང་གུ་ན་ཏ་ར་ཞེས་སྦྱར་ན་ཡོན་ཏན་སྒྲོལ་བའམ་འཛིན་པས་རིགས་སོ། །གཽ་ཏ་མ་ཞེས་པ་སྤྱི་སྒྲ་ཡིན་ཀྱང༌། དེ་ལ་ཞེས་པ་རང་ཅག་གི་སྟོན་པ་ཉིད་དོ། །ཡོན་ཏན་གྱི་ཁྱད་པར་ནི། གང་གིས་དམ་པའི་ཆོས་སྟོན་པར་མཛད་པའོ། །དམ་པ་ནི་འཕགས་རྣམས་ཡིན་ལ། དེའི་ཆོས་ལ་དམ་པའི་ཆོས་ཞེས་བྱ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་གཡང་ས་ལས་འཛིན་པའི་ཕྱིར་རོ་དང༌། དམ་པས་བསྔགས་པར་འོས་པའི་ཕྱིར་རོ། །འདིས་ནི་མདོ་དང་བསྟན་བཅོས་གཉིས་ཀའི་དགོས་པ་ཡང་བསྟན་ནོ། །ཡང་ན་ཆོས་བཟང་པོ་ལ་དམ་པའི་ཆོས་ཞེས་བྱ་ལ། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་ནོ། །དགོས་པ་ནི། ལྟ་བ་ངན་པ་ཐམས་ཅད་སྤང་བའི་ཕྱིར་དུའོ། །ཀུན་སློང་ནི་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་བའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་སོ། །གསུམ་པ་འཇུག་གི་དོན་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་མིང་ལ་ཤེས་རབ་ཅེས་བྱ་བ་བརྗོད་བྱ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ། དེའི་རྒྱུ་མཚན་དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་གསལ་བར་བྱེད་པས་མདོ་སྡེའི་ནང་དུའང་གཏོགས་པ་མཛད་པ་པོ་སློབ་དཔོན་བདག་ཉིད་ཆེན་པོ་ས་དང་པོ་བརྙེས་པས། འཕགས་པ། མཚན་གྱིས་ཁྱད་པར་ཀླུ་དང་སྲིད་སྒྲུབ་ཀྱི་སྒོ་ནས་སྒྲ་བཤད་པས་ཀླུ་གྲུབ་རྟོགས་པའི་ཡོན་ཏན་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེས་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པར་ལུང་བསྟན་པ། རབ་ཏུ་དགའ་བའི་ས་སྒྲུབ་ནས། བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པ། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བ། ངེས་པའི་དོན་དུ་ན་ཟུང་འཇུག་གི་སྐུ་མངོན་དུ་མཛད་པ་དེས་མཛད་པ་རྫོགས་སོ།།  །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་སྟེ། ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙ་ན་གརྦྦ་སྟེ་ཡེ་ཤེས་སྙིང་པོ་དང༌། ཞུས་ཆེན་གྱི་ལོ་ཙཱ་བ། དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།  །།སླད་ཀྱིས་ཁ་ཆེའི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་དཔུང་སྟེ་དབུས་སམ། ཁ་ཅིག་ན་རེ། གྲོང་ཁྱེར་དེའི་ཤར་ཕྱོགས་ན། སློབ་དཔོན་རིན་ཆེན་སྦས་པ་ཞེས་བྱ་བས་བརྩིགས་པའི་གཙུག་ལག་ཁང་གི་དབུས་སུ། ཡུལ་ཁ་ཆེའི་མཁན་པོ་རྟོག་གེ་པ་ཆེན་པོ། ཧ་སུ་མ་ཏི་ཞེས་པ་བཞད་པའི་བློ་གྲོས་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་རྒྱལ་པོ། མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ། འགྲེལ་པ་ཚིག་གསལ་ཁ་ཆེའི་དཔེ་དང་མཐུན་པ་བསྒྱུར། ཕྱིས་ར་ས་ར་མོ་ཆེའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་ཀན་ཀ་ཝརྨཱ་ཞེས་པ་གསེར་གྱི་གོ་ཆ་དང༌། ལོ་ཙཱ་བ་པ་ཚབ་དེ་ཉིད་ཀྱིས་ཉི་འོག་ཤེར་ཕྱོགས་པའི་དཔེ་དང་གཏུགས་ཤིང་དག་པར་བཅོས་པའོ།།  །།འདི་ན་ཁ་ཅིག་དཔལ་ལྡན་ཟླ་བ་ཞབས་ཀྱིས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ལ་དངོས་སུ་མཇལ་བར་བཞེད་པ་ནི་ཟླ་བའི་ཞབས་ཉིད་ཀྱི་གསུང་དང་འགལ་ཏེ། ཚིག་གསལ་ལས་དབུ་ནི་དོན་དུ་ཉེ་བར་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་གསལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེའི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ནས་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དིང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས། ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ་རྣམས་གཤེགས་ནས་ཡུན་རིང་པོ་ལོན་པ་དང་རྩ་ཤེའི་གཞུང་དག་པོ་དུས་དེར་མེད་པར་བཤད་པའི་ཕྱིར་དང༌། ཡང་ཇི་སྐད་དུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང༌། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེའུར་བྱས་དེ་དང༌། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང༌། །གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང༌། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང༌། །སངས་རྒྱས་སྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་གྱིས་ལེགས་བཤད་གང་དང༌། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གི་རྣམ་པར་ཕྱེ་ལས་རྙེད་པ་གང༌། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་བསྟན་བཅོས་དེ་དག་མཐོང་ནས་ཚིག་གསལ་བརྩམས་པར་བཤད་ཀྱི་སློབ་དཔོན་ཉིད་དང་དངོས་སུ་མཇལ་བར་མ་བཤད་པའི་ཕྱིར་དང༌། སློབ་དཔོན་གྱི་མན་ངག་བརྒྱུད་པར་བཤད་ཀྱི་མན་ངག་དངོས་སུ་བླངས་པར་མ་བཤད་པའི་ཕྱིར་དང༌། འཇུག་འགྲེལ་དུའང་ཟླ་བའི་ཞབས་ཀྱི་དུས་སུ། ཕྱོགས་ཀྱི་གླང་པོ་བྱོན་ནས་ཡུན་རིང་པོ་སོང་བར་བཤད་པའི་ཕྱིར་རོ། །སྟོང་ཉིད་ཀུན་གསལ་དཔལ་མོའི་དགོངས་པ་ཡིན། །མ་ཁྱབ་སྒྱུ་མའི་ཐིག་ཕྲེང་དེ་ཀོ་ཅི། །ཀུན་རྫོབ་རྒྱ་མཚོའི་གོས་ཀྱི་བླ་བྲེས་ནི། །མ་བྲེས་སྟོང་པའི་ཀུན་ཁྱབ་འདི་ཅི་ཞིག །རང་བཞིན་སྟོང་ཉིད་ཨིནྡྲ་ནི་ལའི་མཚོ། །སྣ་ཚོགས་སྒྱུ་མའི་ཤེལ་དཀར་ལྦུ་ཕྲེང་ཅན། །བདེན་གཉིས་ཆུ་བོས་འཕོངས་པ་ཉེར་སེལ་བའི། །དབུ་མའི་རྒྱ་མཚོར་ངེས་བཞུགས་ཀླུ་དབང་པོས། །ཚོགས་གཉིས་ཆུ་བོ་ངོམ་པ་མེད་འཐུངས་པས། །འཕྲིན་ལས་རྒྱ་མཚོ་འཕྱུར་ཞིང་ལུད་པ་ནི། །འཇིག་རྟེན་མེས་པོའི་གཙུག་རྒྱན་ལ་འགོངས་ཀྱང༌། །སྟོང་གསུམ་འཁོར་ཡུག་ཁོངས་ལས་རྒལ་མ་ནུས། །དེ་ལྟར་ཀླུ་སྒྲུབ་གཞུང་ལུགས་ཆུ་གཏེར་ནི། །དཔལ་ལྡན་ཟླ་བའི་ཞལ་གྱིས་ཉེར་སྤེལ་བ། །ལུང་དང་རིགས་པའི་ལམ་གསུམ་བགྲོད་མང་ཞིག །ཉི་མར་གྲགས་པའི་རྣམ་དཔྱོད་རལ་པར་བླངས། །ཞང་ཐང་སོགས་ལ་ཤིང་རྟའི་སྲོལ་ཆེན་བབས། །སྲོལ་དེ་འཛིན་མཛད་རོང་སྟོན་ཆོས་ཀྱི་རྗེའི། །ཞབས་སེན་ཟླ་བའི་རྡུལ་གང་ལན་མང་པོར། །རྙོག་བྲལ་སྤྱི་བོའི་ཨུཏྤལ་གྱིས་བླངས་ཏེ། །རིགས་པའི་ཚོགས་ལྔ་བཤེས་པའི་སྤྲིང་ཡིག་དང༌། །བྱང་ཆུབ་སེམས་འགྲེལ་རྣམས་ཀྱི་གཞུང་བཤད་དང༌། །ཟབ་མོ་དབུ་མའི་གདམས་པ་ཇི་སྙེད་པ། །ཞལ་གྱི་སྒོ་ནས་རྣ་བའི་སྙིམ་པས་འཐུངས། །ཉིད་འགྲེལ་འཇིགས་མེད་སེང་གེའི་ང་རོ་དང༌། །སྲོལ་འབྱེད་དང་པོ་སངས་རྒྱས་བསྟན་སྐྱོང་དང༌། །གཉིས་པ་ཤེས་རབ་རིགས་པའི་སྒྲོན་མ་ཡི། །ཕྱོགས་ཙམ་ངས་མཐོང་ཟླ་བར་གང་གྲགས་པའི། །ལེགས་བཤད་གསལ་འཇུག་གཉིས་དང་དྲུག་ཅུ་པའི། །རྒྱ་ཆེར་འགྲེལ་དང་རྣལ་འབྱོར་བཞི་བརྒྱ་པའི། །འགྲེལ་པ་མཐོང་ཞིང་རིང་དུ་གོམས་པ་དང༌། །རྒྱན་དང་དེ་འགྲེལ་དེ་ཡི་དཀའ་འགྲེལ་དང༌། །བདེན་པ་གཉིས་ལ་འཇུག་པར་བཅས་གང་དང༌། །དབུ་མའི་སྣང་བར་ལན་མང་གོམས་བྱས་ནས། །སྐལ་བཟང་འཇུག་པའི་ངོགས་སུ་འདི་སྦྱར་གྱི། །རང་བཟོའི་ཟེར་སྒྲོས་རི་མོར་བྲིས་པ་མིན། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་རྔོག་ལོའི་ཞལ། །ཡོངས་རྫོགས་བསྟན་པའི་བདག་པོ་གྲོ་ལུང་པ། །ལུང་དང་རིགས་པའི་དབང་ཕྱུག་ཕྱྭ་པའི་ཞབས། །ཟབ་མོའི་དོན་གཟིགས་རྨ་བྱའི་མཚན་ལྡན་པ། །རྣམས་ཀྱི་ལེགས་བཤད་རྒྱ་མཚོ་མཐོང་བ་དང༌། །གངས་ཅན་བསྟན་པའི་བདག་པོ་ས་སྐྱ་པའི། །ལྟ་བའི་གནད་དང་མཐུན་པར་འདི་བྱས་སོ། །རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་ཙོང་ཁ་པའི། །གསུང་རབ་ཡང་ཡང་མཐོང་ཞིང་བརྟགས་དཔྱད་ནས། །དགག་སྒྲུབ་ཅུང་ཟད་བགྱིས་པ་རང་གི་བློ། །ལེགས་བཤད་གོམས་པ་སྤེལ་བའི་ཆེད་ཡིན་གྱི། །ཆགས་དང་སྡང་བའི་རྟོག་པས་ཡིན་རེ་སྐན། །ལུང་དང་རིགས་པའི་འགྱུར་ཁུགས་སྟོང་ལྡན་པའི། །ལེགས་བཤད་མགྲིན་པའི་རྔ་སྒྲ་གསར་པ་འདིས། །བློ་གསལ་རྣ་བའི་བདུད་རྩི་སྤྲོ་བྱེད་ཀྱི། །རང་བཟོའི་རྣམ་བཤད་གཞན་དག་ངལ་གསོ་ཞིག །བསྡུས་དོན་གསེར་གྱི་ཉག་ཐག་བཟང་པོ་ལ། །ཚིག་དོན་མུ་ཏིག་ཕྲེང་བ་མཚར་དུ་དངར། །སྤྱི་དོན་ནོར་བུའི་ཚོམས་གང་ཉེར་སྤེལ་བའི། །ཡིད་འཕྲོག་རྣམ་བཤད་རིན་ཆེན་དོ་ཤལ་འདི། །རྣམ་དཔྱོད་མགྲིན་པའི་ངོགས་སུ་མི་འཆང་བའི། །བློ་གྲོས་སྐྱེ་མཆེད་མཚར་པོའི་གཞོན་ནུ་སུ། །གང་འདིའི་སྙན་གྲགས་གསེར་གྱི་མེ་ཏོག་ནི། །ཕྱོགས་བྲལ་སྐྱེ་བོའི་རྣ་བའི་རྒྱན་དུ་འབབ། །ལུང་རིགས་བཞིན་གྱི་ཨུཏྤལ་ཆུན་པོ་ནི། །ཕྱོགས་ཀྱི་མཛའ་བོའི་གདོང་པར་མ་བཀོད་མེད། །འདིར་འབྱུང་ལེགས་བཤད་འདོད་ལྷའི་ཞགས་པ་ཡིས། །མ་བཅིང་ཆོས་ཀྱི་འདོད་ལྡན་གང་ཞིག་ཡོད། །གང་འདིར་ལུང་རིགས་དགྲ་ཐབས་བཤམས་པ་ལས། །གཏན་ཚིགས་སྒྱིངས་འགྲོ་ཁྲོས་པའི་རྩེ་བརྒྱ་ཡིས། །གཞན་འདོད་དྲེགས་པའི་རི་བོ་མ་སྐྱེལ་བའི། །ཕྱི་རྒོལ་སྦྱིན་མའི་བུ་གང་འདི་ན་མེད། །འོན་ཀྱང་སྤྲོས་བྲལ་ཧ་རི་ཙནྡན་གྱི། །ལྗོན་པའི་ངོས་ལ་རང་བཟོའི་འཁྲིལ་ཤིང་གི །དགའ་མས་དམ་དུ་འཁྲིལ་བས་དབུ་མའི་ལུགས། །དིང་སང་འཇོག་པོའི་གཙུག་རྒྱན་བཞིན་དུ་གནས། །འདི་ན་ཆོས་འདོད་གཞོན་ནུ་ཕལ་ཆེར་ཡང༌། །ཡིད་ཀྱི་སྲུབས་ཤིང་སྙིང་ལ་ཞུགས་གྱུར་པའི། །གྲགས་འདོད་བཤེས་གཉེན་མང་པོས་གཡོ་སྒྱུ་ཡི། །འབྲེལ་མེད་ཚིག་གི་རི་མོ་འབུམ་ཕྲག་ཙམ། །ཀུན་རྟོག་པིར་གྱིས་བྲིས་པའི་འདུ་བྱེད་ཀྱི། །ཕྲག་དོག་དུག་གི་གྲིབ་བསིལ་ལ་བརྟེན་ནོ། །སངས་རྒྱས་གསུང་གི་ལོ་མའི་གུར་ཁང་ན། །མང་ཐོས་འབིགས་བྱེད་རླུང་གིས་རོལ་རྩེ་བའི། །ཡིད་ཕྲོག་ལུང་རིགས་དཔག་བསམ་ལྗོན་པ་འདི། །ཤེས་ལྡན་མགྲོན་པོ་བསྟི་ཞིང་ངལ་གསོའི་གནས། །གོང་མའི་གསུང་གི་མཚོ་ཆེན་ལས་འབབ་ཅིང༌། །ལེགས་བཤད་ཆུ་ཕྲན་སྟོང་གི་གཡོག་འཁོར་ཅན། །ཟབ་དོན་པད་མོའི་རྩ་བས་ཀུན་དགའ་བ། །བློ་བཟང་ལག་ལྡན་ཡོངས་ཀྱི་འཇུག་ངོགས་སོ། །ཀླུ་སྒྲུབ་གཞུང་གི་དགོངས་པ་འདི་ཡིན་ཞེས། །ཕྱི་རབས་རང་བཟོ་མཁན་པོའི་ལུགས་སྤངས་ཏེ། །རྒན་རབས་མཁས་པའི་ཡི་གེ་ཇི་བཞིན་དུ། །རྣམ་པར་བཤད་འདི་རང་གི་སྐལ་བ་དང༌། །ལྷག་པའི་ལྷ་དང་དགེ་བའི་བཤེས་གཉེན་དག །གཙུག་གི་ནོར་བུར་བརྟེན་པའི་བསོད་ནམས་ཀྱིས། །དགེ་བའི་བཤེས་ལ་སླར་ཡང་ཕྱག་བགྱིད་དོ། །དེ་ལྟར་བསྐྲུན་པའི་དགེ་ཚོགས་རྒྱུན་གསུམ་པས། །སྲིད་གསུམ་དངོས་འཛིན་གདུང་བ་ཀུན་ཕྲོགས་ཏེ། །མཐའ་བྲལ་དབུ་མའི་ལམ་ཆེན་གསུམ་བསྒྲོད་ནས། །ཐམས་ཅད་མཁྱེན་པའི་རྒྱ་མཚོར་རོ་གཅིག་ཤོག །ཅེས་པ་འདི་ནི་ཡུལ་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་དགེ་སློང་ཐོས་པ་འཛིན་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་དབུ་བཙུགས་ཏེ། །རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་གི་ལོ་སྨིན་དྲུག་གིས་ཉ་གང་བའི་སྔ་དྲོའི་ཆ་ལ། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཐེག་ལེ་ཆོས་འཁོར་རྒྱལ་མཚན་རྩེ་མོའི་གཞལ་མེད་ཁང་དུ་ལེགས་པར་གྲུབ་པ་འདིས་ཀྱང་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་སྒྲེང་བ་ལ་མཁས་པར་གྱུར་ཅིག །བཀྲིས།།  །།ཤུ་བྷཾ། མངྒ་ལམྦྷ་ཝནྟུ།།  །།པཎ་ཆེན་རིན་པོ་ཆེ་དགུང་ལོ་ཞེ་གསུམ་ལ་མཛད།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*