དབུ་མ་འཇུག་པའི་རྣམ་བཤད་ངེས་དོན་གནད་ཀྱི་ཊཱི་ཀ ཀ ༽

༼ཅ༽༄༅། །དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ངེས་དོན་གནད་ཀྱི་ཊཱི་ཀ་ཞེས་བྱ་བ་བཞུགས་སོ།།

དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ངེས་དོན་གནད་ཀྱི་ཊཱི་ཀ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་གཙུག་རྒྱན་ཐམས་ཅད་མཁྱེན་པའི་ཞབས་ཀྱི་པད་མོར་གཡོ་དང་ཟོལ་མེད་པས་ལན་གཅིག་མིན་པར་ལུས་ངག་རབ་ཏུ་གུས་པས་ཕྱག་འཚལ་ལོ། །ཕུན་ཚོགས་གསེར་གྱི་འཛིན་མར་ཞབས་བརྟན་ཞིང༌། །བགྲང་ཡས་ཡོན་ཏན་ཚོགས་ཀྱི་བང་རིམ་ཅན། །འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། །ཐུབ་དབང་ལྷུན་པོའི་དབང་པོར་རྟག་པར་རྒྱལ། །ལྷག་བསམ་དམ་པའི་ཤེལ་གྱི་གཞི་ལ་བརྩོན་འགྲུས་ལྷའི་བཟོ་བོ་སྟོང་གིས་བསྐྲུན་པའི་ཚོགས་གཉིས་གསེར་གྱི་ཁང་ཆེན་ངོ་མཚར་ཡོན་ཏན་ཚོགས་ཀུན་སྟར་ལ་བརྒྱུས་པའི་དངུལ་དཀར་བ་གམ་རབ་མཐོ་མངོན་པར་ཤེས་པའི་རིན་ཆེན་དྲྭ་མིག་ཅན། །ཕུལ་བྱུང་ཕྲིན་ལས་གདུགས་དཀར་གཡོ་བའི་བསིལ་ཡབ་ལེགས་འབབ་རྣམ་དཀར་གྲགས་པའི་རྒྱལ་མཚན་རྩེར་འཐོན་བྱམས་དང་སྙིང་རྗེའི་རྔ་ཡབ་འཁྲུག་ལྡན་སྲིད་པ་ངལ་གསོའི་བསྟི་གནས་མཆོག་གྱུར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རབ་ཕྱེ་བའི། །ཡིད་འོང་རྣམ་རྒྱལ་ཁང་རྩེགས་གང་དེ་སྙེངས་བྲལ་སེང་ཆེན་བརྒྱ་ཡིས་བཏེག་པའི་ཤེལ་གྱི་ཁྲི་ལ་ལྷུན་ཅིང་བརྗིད་པར་བསྟི་མཛད་དབྱངས་ཅན་རྒྱུད་མང་ལ་འགྲན་འགྱུར་ཁུགས་སྟོང་གིས་མཚར་དུ་དངར་བའི་ཆོས་ཀྱི་རྔ་དབྱངས་ཟབ་མོ་ལྷུར་བླངས་པས། །རྟག་ཏུ་རློམ་ཞིང་ཁེངས་པའི་གསེར་གྱི་མངལ་ལྡན་དང་ནི་ཕྱི་རོལ་སྡེ་པ་ཡོངས་ཀྱང་འཁྱོག་པོའི་ལམ་དོར་ཁྱོད་ཞབས་བསྟེན་ལ་མངོན་བརྩོན་གྱུར་ན་བྱང་ཆུབ་བར་དུ་ཁྱོད་ལ་སྐྱབས་སུ་མི་འགྲོ་སུ་ཞིང་ཡོད་ཅེས་སྙིང་ནས་སྙན་པར་སྨྲ། །རྙོག་བྲལ་ཡིད་མཚོར་དད་པའི་འདབ་སྟོང་གསེར་གྱི་གེ་སར་འཛུམ་བྱེད་སྨྲ་མཁས་བུང་བ་རོལ་པའི་པད་མ་དང་ནི་ཤེལ་དཀར་ཁུ་བས་ཡང་ཡང་བྲན་པའི་ཟླ་བའི་སྟེང༌། །མེ་ཤེལ་ལས་གྲུབ་འབུམ་ཕྲག་འོད་ཟེར་འཁྱིལ་བའི་ཉི་མའི་གདན་ལ་སྒེག་པའི་ཉམས་ལྡན་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ཁྱོད་ཐུགས་རྗེའི་འཛུམ་དཀར་ཕྲེང་བ་ཅི་ཡང་སྟོན། །རིན་ཆེན་ཕྲེང་མཛེས་གསེར་གྱི་ཉག་ཐག་ལ་བརྒྱུས་གཡུ་ཡི་ཕྲ་བཀོད་རྩེ་ཕྲན་ལྔ་པས་དབུ་བརྒྱན་སྙན་གོང་ཨུཏྤལ་སྔོན་པོས་མཛེས་བྱས་གསེར་གྱི་རྣ་ཆ་འགྲམ་པར་འཕྱང༌། །འབར་ཞིང་འཕྱུག་པའི་རལ་གྲིས་བློ་ངན་དྲྭ་བ་རབ་གཅོད་རྒྱལ་ཡུམ་གླེགས་བམ་སྙིང་པོས་འགྲོ་འདིར་གང་ལ་ཅི་དགའི་ལེགས་བཤད་སྟེར་ཁྱོད་རྟག་པར་སྙིང་ལ་གནས་མཛོད་ཅིག །མཁྱེན་རབ་ཁོར་ཡུག་ཡངས་པའི་རྭ་བར་བརྒྱ་བྱིན་གཞུ་ལྟར་རྣམ་བཀྲའི་ཕྱི་ནང་དངོས་ཀུན་ངོ་བོ་ལེགས་གཟིགས་བློ། །ཨནྡྲ་རྙིལ་ལྟར་དྭངས་ཤིང་འཇིགས་པའི་ཆུ་སྔོན་གྱིས་གང་བགྲང་ཡས་ཐེག་གསུམ་རླབས་ཀྱི་ཕྲེང་བས་ཉེ་བར་མཛེས། །ཕྲིན་ལས་ཆུ་བོ་སྟོང་ཕྲག་ངང་གིས་འབབ་པའི་ངོ་མཚར་མཛད་པ་བརྒྱ་ཕྲག་བརྒྱ་ཡི་འབབ་སྟེགས་དང་ལྡན་པའི། །ཡིད་བཞིན་མཚོ་དེར་རྟག་པར་རོལ་མཛད་རྒྱལ་བ་གཉིས་ཀ་ཀླུ་སྒྲུབ་གང་དེ་ཕྱག་དང་སྲི་ཞུའི་གནས་ཡིན་ནོ། །སངས་རྒྱས་བསྟན་སྐྱོང་བྱེད་པོའི་ཁྱབ་འཇུག་དང༌། །ཐུབ་དབང་བསྟན་པའི་ཆུ་གཏེར་གྱིས་བསྐྲུན་པའི། །མཁྱེན་བརྩེའི་ཟླ་བ་གྲགས་པའི་འོད་དཀར་ཅན། །བསྟན་འཛིན་བདེ་འབྱུང་གཙུག་ན་མཛེས་གང་ཁྱོད། །དད་པའི་ཨུཏྤལ་དགོད་པའི་འཛུམ་ཕྲེང་རྩེར། །གུས་པས་བསྟེན་ནོ་ཟླ་བར་གྲགས་པ་ཡི། །ཤིང་རྟའི་སྲོལ་འཛིན་ཉི་མར་གྲགས་ལ་སོགས། །བརྒྱུད་པའི་བཤེས་གཉེན་དེ་ཀུན་བསྔགས་པར་འོས། །ཤཱཀྱའི་བསྟན་པ་ཀུན་གྱི་ལྟ་ན་སྡུག་པའི་གྲོང་གི་ཐིག་ལེར་མི་མཐུན་ཕྱོགས་ལས་རྣམ་རྒྱལ་མཚན་ལྡན་པའི། །ཁང་བརྩེགས་ཡིད་འོང་ལེགས་བཤད་གཡེར་ཁའི་དབྱངས་སྙན་དང་ནི་ཐུགས་སྐྱེད་ཡིད་བཞིན་ནོར་བུའི་རྒྱལ་མཚན་མཐོན་པོ་ཅན། །རྣམ་དཀར་ཕྲིན་ལས་ཚོན་བརྒྱའི་རི་མོ་རྣམ་བཀྲ་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་སྒོ་གླེགས་སྟོང་ཕྲག་ཕྱེ་གང་དེར། །རིགས་པའི་རྡོ་རྗེས་ལུགས་ངན་ཕམ་བྱེད་རྣམ་དཔྱོད་མིག་སྟོང་ལྡན་ཁྱོད་བློ་བཟང་གསུམ་རྩེན་ཡོངས་ཀྱིས་ཕྱག་བྱའི་འོས། །དེ་ཉིད་གཟིགས་ནས་དེ་དོན་བསྒྲུབ་མཛད་ཅིང༌། །ཡོད་དང་མེད་སྨྲའི་མཐའ་གཉིས་དང་བྲལ་བའི། །དཔལ་ལྡན་དབུ་མའི་སྨན་ལྗོངས་ཉམས་དགའ་བར། །བློ་བཟང་རི་དྭགས་དབང་པོ་རྟག་པར་རྒྱལ། །དེ་ལས་འོངས་པའི་ཆོས་ཚུལ་ཆུ་བོ་བརྒྱ། །རྣམ་དཔྱོད་ཁོར་ཡུག་ཡངས་པར་ངལ་གསོ་ནས། །ལུང་དང་རིགས་པའི་ཡིད་བཞིན་མཚོ་ཆེན་ལས། །རྟག་ཏུ་ལེགས་པར་བཤད་པའི་དགའ་སྟོན་བྱ། །འཁོར་བའི་རྩ་བ་དངོས་འཛིན་བློ། །ཉིད་ཡིན་དེ་དྲུངས་འབྱིན་བྱེད་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །དེ་སྟོན་བྱེད་པ་དབུ་མའི་ལུང༌། །དེ་ལ་ཟབ་དང་རྒྱ་ཆེ་བས། །འཇུག་པར་བྱེད་པ་ཟླ་བའི་གཞུང༌། །གཞན་གྱིས་གཞན་དུ་བཤད་མཐོང་ནས། །དེ་འགྲེལ་ཇི་བཞིན་འདིར་བཤད་བྱ། །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་ཀྱི་སྒོ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་ལ་འཇུག་པའི་བསྟན་བཅོས་འདི་འཆད་པ་ལ་གཉིས་ཏེ། བསྒྱུར་བྱ་བསྟན་བཅོས་ཀྱི་རང་བཞིན་དང༌། སྒྱུར་བྱེད་ལོ་པཎ་ཀྱི་མཚན་སྨོས་པའོ། །དང་པོ་ལ་མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན་ནོ། །དང་པོ་ལ་མཚན་བསྒྱུར་བ་དང༌། བཤད་པ་གཉིས། དང་པོ་ནི། རྒྱ་གར་ཏེ་ལེགས་སྦྱར་གྱི་སྐད་དུ། མ་དྷྱ་མ་ཀ་ནི། དབུ་མ། ཨ་ཝ་ཏ་ར་ནི་འཇུག་པ། ནཱ་མ་ནི་ཞེས་བྱ་བའོ། །གཉིས་པ་ལ་འདིར་དབུ་མ་ནི། དབུ་མའི་གཞུང་ལ་བྱ་སྟེ། འགྲེལ་པ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པའི་བསྟན་བཅོས་རྩོམ་པར་འདོད་ཅེས་གསུངས་པས་སོ། །འཇུག་པ་ནི། དེ་ལ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་ཀྱི་སྒོ་ནས་འཇུག་པ་སྟེ། རྣམ་རིག་པས་དབུ་མའི་བསྟན་བཅོས་ཀྱི་དོན་སེམས་ཙམ་དུ་བཀྲལ་བ་བཀག་ནས། ཐལ་འགྱུར་གྱི་སྲོལ་ལ་བརྟེན་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་བའི་ཕྱིར་དང༌། རྒྱ་ཆེན་སྤྱོད་པའི་ཕྱོགས་དང་སྦྱར་ནས་བཤད་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་ཞེས་སོ། །གསུམ་པ་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པའོ། །དང་པོ་ལ། ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་རིགས་པའི་རྒྱུ་མཚན་དང༌། དེ་ལ་ཕྱག་འཚལ་བ་དངོས་སོ། །དང་པོ་ལ། བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་ངོས་བཟུང་བ། དེའི་ནང་ནས་སྙིང་རྗེ་ཆེན་པོ་ཉིད་གཙོ་བོར་བསྟན་པའོ། །དང་པོ་ལ། ཉན་རང་ཐུབ་དབང་ལས་འཁྲུངས་ཤིང༌། ཐུབ་དབང་བྱང་སེམས་ལས་འཁྲུངས་པའི་ཚུལ་དང༌། བྱང་སེམས་རང་གི་རྒྱུ་གསུམ་ལས་འཁྲུངས་པར་བསྟན་པའོ། །དང་པོ་ནི། ཉན་ཐོས་དང༌། སངས་རྒྱས་འབྲིང་རྣམས་ཆོས་ཅན། ཐུབ་དབང་ལས་སྐྱེས་པ་ཡིན་ཏེ། ཐུབ་པས་གདུལ་བྱ་རང་རང་གི་རིགས་དང་རྗེས་སུ་མཐུན་པའི་ཆོས་གསུངས་པ་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར། སངས་རྒྱས་འཕགས་པ་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། བྱང་སེམས་གཞན་གྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་པ་ལས་བྱུང་བའི་ཕྱིར། གཉིས་པ་ནི། སྙིང་རྗེའི་སེམས་དང༌། མཐའ་གཉིས་སུ་མེད་པའི་དོན་རྟོགས་པའི་བློ་ཤེས་རབ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསུམ་ནི་ཆོས་ཅན། རང་འབྲས་རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། རང་གི་རིགས་རྒྱུན་ཕྱི་མ་ལ་གནས་པའི་རྒྱལ་སྲས་འཕགས་པ་དེ་ཁྱོད་ལས་འཁྲུངས་པའི་ཕྱིར། འདིར་ཁ་ཅིག རྒྱུ་གསུམ་པོ་དེ་ལམ་མ་ཞུགས་ཀྱི་གནས་སྐབས་ཀྱི་རྗེས་མཐུན་པ་ཙམ་ལ་བྱ་དགོས་ཏེ། བྱང་སེམས་ཀྱི་སྐྱེད་བྱེད་ཀྱི་རྒྱུར་བཤད་པའི་ཕྱིར་ཞེས་གསུང་པ་ནི་མི་འཐད་དེ། འགྲེལ་པ་ལས། དེ་ལ་སྙིང་རྗེ་ནི་འདི་ཉིད་དུ་འཆད་པར་འགྱུར་བའི་རྣམ་པ་དང་རང་གི་ངོ་བོ་ཅན་ནོ། །གཉིས་སུ་མེད་པའི་བློ་ནི། དངོས་པོ་དང་དངོས་པོར་མེད་པ་སོགས་མཐའ་གཉིས་དང་བྲལ་བའི་ཤེས་རབ་བོ། །ཞེས་རྗེས་མཐུན་པ་ཙམ་མ་ཡིན་པར་བཤད་པའི་ཕྱིར་དང༌། བྱང་ཆུབ་ཀྱི་སེམས་ཀྱང་མདོ་དྲངས་ནས་མཚན་ཉིད་པ་ཁོ་ནར་བཤད་པའི་ཕྱིར་དང༌། རིན་ཆེན་ཕྲེང་བར། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་པས། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་བཤད་པའི་དགོངས་པ་འདིར་འཆད་པ་ཡིན་པར་འགྲེལ་པ་ཉིད་ལས་བཤད་ཅིང༌། ལམ་མ་ཞུགས་ཀྱི་སེམས་སྐྱེད་སོགས་ལ། རི་དབང་ལྟར་བརྟན་པ་སོགས་མི་འབྱུང་བའི་ཕྱིར་རོ། །ཡང་རྒྱུ་གསུམ་ཀ་བྱང་སེམས་ལམ་དུ་ཞུགས་མ་ཐག་པའི་སྐྱེད་བྱེད་དུ་འགྲོ་དགོས་པ་ཡང་མ་ཡིན་ཏེ། རྩ་བར་སྙིང་རྗེ་ཁོ་ན་བྱང་སེམས་སྐྱེད་པ་ལ་དང་པོར་གལ་ཆེ་བ་ས་བོན་དང་འདྲ་བར་བཤད་ཅིང༌། གཞན་གཉིས་དེར་མ་བཤད་པའི་ཕྱིར་དང༌། འགྲེལ་པ་ལས་ཀྱང་བྱང་ཆུབ་ཀྱི་སེམས་དང༌། གཉིས་སུ་མེད་པའི་ཡེ་ཤེས་གཉིས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པའི་ཕྱིར། ཞེས་རྒྱུ་གསུམ་པོ་དུས་མཉམ་ཁོ་ན་མ་ཡིན་པར་བཤད་པའི་ཕྱིར་རོ། །སྙིང་རྗེ་རྗེས་མཐུན་པ་ཙམ་ལ་འདོད་པ་དང༌། ཐ་མ་དང་བར་དུ་གལ་ཆེ་བ་ཡང་འགལ་བ་ཡིན་ནོ། །འདིར་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་སྙིང་རྗེ་དེ་ཡང་རྗེས་མཐུན་པ་ཙམ་དུ་ཧ་ཅང་ཐལ་ཞིང༌། དེར་མ་ཟད། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པས་བསྟན་པའི་རྒྱལ་སྲས་དེ། རྒྱུ་གསུམ་ལས་མ་བྱུང་བར་འགྱུར་ཏེ། དེ་འདྲ་དེའི་རྒྱུར་གྱུར་པའི་རྒྱུ་གསུམ་པོ་མཚན་ཉིད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཟླ་བ་གྲགས་པ་བདག་གིས་ཆོས་ཅན། ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་པར་བགྱི་བའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་བརྩེ་བ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི་དང་པོར་བསྐྱེད་པ་ལ་ས་བོན་དང་ནི། བར་དུ་སྤེལ་བ་ལ་ཆུ་དང་འདྲ་ཞིང་ཐ་མར་ཡུན་རིང་ལོངས་སྤྱོད་པའི་གནས་ལ་སྨིན་པ་ལྟ་བུར་འདོད་པར་གྱུར་པ་དེའི་ཕྱིར། དེ་ཡང་མདོ་ལས། ཟླ་བ་ཚེས་པ་ལ་ཕྱག་བྱའི། ཉ་བ་ལ་ཕྱག་མི་བྱ་བའི་དཔེས། དེ་བཞིན་གཤེགས་པ་ལ་ཐོག་མར་ཕྱག་མི་བྱེད་པར་བྱང་ཆུབ་སེམས་དཔའ་ལ་ཐོག་མར་ཕྱག་བྱེད་པར་གསུངས་ལ། འདིར་ནི་བྱང་ཆུབ་སེམས་དཔའ་ཡང་གཙོ་བོར་སྙིང་རྗེ་ལས་བྱུང་བའི་ཕྱིར། བྱང་སེམས་ལས་ཀྱང་ཐོག་མར་སྙིང་རྗེ་ཆེན་པོ་ལ་ཕྱག་འཚལ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི་ཞེས་གསུངས་སོ། །འདིར་ཉིད་ཀྱི་སྒྲས། དཔེ་གསུམ་པོ་སོ་སོ་བར་སོང་བ་ལྟ་བུ་མིན་པར་སྙིང་རྗེ་ཁོ་ན་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་བསྟན་ནོ། །ཞེས་འཆད་པ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། ཉིད་ཀྱི་སྒྲས་ནི། རྒྱུ་གཞན་གཉིས་བྱང་སེམས་ཀྱི་རྒྱུའི་གཙོ་བོ་ཡིན་པར་དོགས་པ་སེལ་བར་དགོངས་པའི་ཕྱིར་ཏེ། འགྲེལ་པ་ལས། སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པར་འདོད་པས། གང་ཕྱིར་བརྩེ་ཉིད་ཅེས་སྦྱར་ནས་གསུངས་པས་སོ། །དེ་ལྟ་མ་ཡིན་ན། ཐོག་མར་རྒྱུ་གཞན་གཉིས་ལའང་བསྟོད་རིགས་པར་འགྱུར་ཏེ། དེ་གཉིས་ཁོ་ན་ཡང་ཁྱེད་ལྟར་ན་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་དོན་གྱི་སྐབས་སུ་འདོད་དགོས་པའི་ཕྱིར་རོ། །གཉིས་པ་ཕྱག་འཚལ་བ་དངོས་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། དམིགས་པའི་སྒོ་ནས་ངོས་བཟུང་སྟེ་ཕྱག་འཚལ་བ་དང༌། སྙིང་རྗེ་ཕྱི་མ་གཉིས་དམིགས་རྣམ་གཉིས་ཀའི་སྒོ་ནས་ངོས་བཟུང་སྟེ་ཕྱག་འཚལ་བའོ། །དང་པོ་ནི། དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། དང་པོར་ཕུང་པོ་ལ་དམིགས་ཏེ་ངའོ་ཞེས་བདག་ཏུ་ཞེན་པར་གྱུར་ཅིང༌། དེའི་འོག་ཏུ་བདག་གི་བའི་དངོས་པོ་ལ་དམིགས་ནས་འདི་ནི་བདག་གིའོ་ཞེས་ཆགས་པ་བསྐྱེད་པས་ལས་བསགས་ནས་ཟོ་ཆུན་གྱི་འཁྲུལ་འཁོར་འཕྱན་པ་ལྟར། རང་དབང་མེད་པར་འཁོར་བའི་འགྲོ་བ་ལ་དམིགས་ནས་སྙིང་རྗེ་བར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར། འདིར་བདག་ལ་ཞེས་པ་བདག་ཏུ་ཞེས་པའི་དོན་ཡིན་གྱི། དམིགས་པར་སྟོན་པ་མ་ཡིན་ཏེ། འགྲེལ་པར་བདག་ཡོད་དོ་སྙམ་དུ་ཉེ་བར་བརྟགས་ནས་འདི་ཉིད་དུ་བདེན་པར་མངོན་པར་ཞེན་ཅིང༌། ཞེས་གསུངས་པས་སོ། །དངོས་ལ་ཞེས་པས་ནི། བདག་གི་བའི་དམིགས་པ་སྟོན་པ་ཡིན་ཏེ། འགྲེལ་བར། འདི་ནི་བདག་གིའོ་སྙམ་དུ་ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོའི་རྣམ་པ་མ་ལུས་པ་ལ་མངོན་པར་ཞེན་པ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། རླུང་གིས་ཅུང་ཟད་གཡོ་བའི་ཆུའི་ནང་གི་ཟླ་བའི་གཟུགས་བརྙན་གཡོ་བར་རྒན་པོ་འགའ་ཞིག་གིས་མངོན་སུམ་གྱིས་མཐོང་བ་ལྟར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པའི་འཇིག་ཚོགས་ལ་བལྟ་བའི་རྒྱ་མཚོར་ལས་ཀྱི་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་རྣམས་གཡོ་བ་སྟེ། མི་རྟག་པར་མཐོང་བའི་འགྲོ་བ་ལ་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར། དེ་ཆོས་ཅན། དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཏེ། རླུང་གིས་ཅུང་ཟད་གཡོ་བའི་ཆུ་ནང་གི་ཟླ་གཟུགས། རྒན་པོ་འགའ་ཞིག་གིས་ཟླ་བའི་རང་བཞིན་གྱིས་སྟོང་པར་མངོན་སུམ་གྱིས་མཐོང་བ་ལྟར། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པའི་འཇིག་ཚོགས་ལ་བལྟ་བའི་རྒྱ་མཚོར། རང་རང་གི་ལས་ཀྱི་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་རྣམས་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བའི་འགྲོ་བ་ལ་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར། འདིར་སྙིང་རྗེ་གསུམ་ཀས་དམིགས་པ་སེམས་ཅན་ཙམ་ལ་དམིགས་པར་ཁྱད་པར་མེད་ཀྱང་སྙིང་རྗེ་དང་པོ་ནི། སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ཙམ་ཡིན་ལ། སྙིང་རྗེ་གཉིས་པ་ནི། དེའི་སྟེང་དུ་སེམས་ཅན་མི་རྟག་པར་མཐོང་བའི་རྣམ་པ་ཅན་དང༌། སྙིང་རྗེ་གསུམ་པ་ནི། དེའི་སྟེང་དུ་དམིགས་ཡུལ་སེམས་ཅན་དང་བསལ་བྱ་སྡུག་བསྔལ་གཉིས་ཀ་རང་བཞིན་གྱིས་སྟོང་པར་མཐོང་བའི་རྣམ་པ་ཅན་ནོ། །འོ་ན་སྙིང་རྗེ་གསུམ་གྱི་ཁྱད་པར་རྣམ་པས་འབྱེད་པར་འགྱུར་ལ། དེ་ལྟ་ན་འགྲེལ་པར་དམིགས་པས་འབྱེད་པར་བཤད་པ་དང་འགལ་ལོ་ཞེ་ན། ཉེས་པ་མེད་དེ། གཡོ་དང་སྟོང་པར་མཐོང་བའི་སྙིང་རྗེ་ཞེས་སྦྲེལ་བས་འཛིན་སྟངས་ཀྱི་ཁྱད་པར་དུ་བཤད་པའི་ཕྱིར་དང༌། སེམས་ཅན་མི་རྟག་པ་དང་རང་བཞིན་གྱིས་སྟོང་པ་དམིགས་པར་བཤད་པ་གཞུང་འདིའི་རྩ་འགྲེལ་གང་ནའང་མི་སྣང་བའི་ཕྱིར་དང༌། མི་རྟག་པ་དང་སྟོང་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པར་འདོད་པ་ལ་ནི། སྙིང་རྗེ་གསུམ་པོ་ཕན་ཚུན་འཆོལ་བར་ཐལ་བའི་ཕྱིར་རོ། །འགྲེལ་པར་ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་ཡང་དམིགས་པའི་སྒོས་གསལ་བར་བྱ་བའི་ཕྱིར། ཞེས་གསུངས་པ་ནི། སྡུག་བསྔལ་བ་དང༌། མི་རྟག་པ་དང༌། སྟོང་པའི་རྣམ་པས་སེམས་ཅན་ལ་དམིགས་པའི་བྱེ་བྲག་གིས་འབྱེད་པ་ལ་བཤད་དགོས་ཏེ། ཇི་སྐད་བཤད་པ་དེ་ལྟ་བུ་ལ་སོགས་པ་རྟོགས་པའི་རིམ་གྱིས་དམིགས་པས་ན་ཞེས་འབྱུང་བ་ལྟར་རོ། །འདིར་ཁ་ཅིག གསུམ་པོའི་ཁྱད་པར་དམིགས་པ་ཁོ་ནས་འབྱེད་པར་འདོད་པ་དང༌། སྙིང་རྗེ་ཕྱི་མ་གཉིས་རྒྱུད་ལྡན་གྱི་གང་ཟག་དེས། སེམས་ཅན་སྐད་ཅིག་མ་དང་རང་བཞིན་མེད་པར་ངེས་ཟིན་པ་ཅིག་དགོས་སོ་ཞེས་འཆད་པ་ནི། ཐོག་མར་རང་གིས་གང་བཀག་པ་དེ་ཉིད་ཁས་ལེན་པ་ཡིན་ཏེ། དེ་ལྟར་གསུམ་པོའི་ཁྱད་པར་རང་རྒྱུད་ལྡན་གྱི་གང་ཟག་གི་འཛིན་སྟངས་ཀྱི་བྱེ་བྲག་ལས་ཕྱེ་བར་སོང་བའི་ཕྱིར་དང༌། གཡོ་དང་སྟོང་པར་མཐོང་ཞེས་པ་ཡང་རྒྱུད་ལྡན་གྱི་གང་ཟག་གི་འཛིན་སྟངས་ལ་འཆད་དགོས་ན། གཞུང་དེས་དམིགས་པའི་ཁྱད་པར་ཁོ་ན་འཆད་ཀྱི། སྙིང་རྗེ་གསུམ་གྱི་ཁྱད་པར་རྣམ་པས་མི་འབྱེད་པར་འདོད་པ་ཉམས་སོ། །ཡང་གསུམ་ཀ་སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། མི་རྟག་པ་དང་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་པར་འགལ་ལོ། །ཞེས་གསུངས་པ་ནི་ཆེས་ངོ་མཚར་ཆེ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བློ་དང༌། ཤེར་ཕྱིན་དང་མཚུངས་ལྡན་གྱི་སེམས་བསྐྱེད་སོགས་ཇི་ལྟར་ཁས་ལེན་པའི་ཚུལ་ཁྱེད་ཀྱིས་སྟོན་དགོས་སོ། །གཉིས་པ་ལ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྒྱས་པར་བཤད་པ་དང༌། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ། རྒྱུ་བྱང་སེམས་ཀྱིས་བཤད་པ་དང༌། འབྲས་བུ་སངས་རྒྱས་ཀྱིས་བཤད་པའོ། །དང་པོ་ལ། ས་སོ་སོའི་རྣམ་བཞག་སོ་སོར་བསྟན། ས་བཅུའི་ཡོན་ཏན་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། ཉོན་མོངས་ཀྱིས་མ་དག་པའི་ས་བདུན་བཤད། དེས་དག་པའི་ས་གསུམ་བཤད་པའོ། །དང་པོ་ལ། ཉན་རང་བློའི་སྟོབས་ཀྱིས་གནོན་མི་ནུས་པའི་ས་དྲུག་བཤད། དེས་གནོན་པར་ནུས་པའི་ས་བདུན་པ་བཤད་པའོ། །དང་པོ་ལ་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པའི་ས་གསུམ་བཤད། ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པའི་ས་གསུམ་བཤད་པའོ། །དང་པོ་ལ། གཞན་ལ་ཕན་པ་སྒྲུབ་པའི་ས་དང་པོ་བཤད། གཞན་ལ་གནོད་པ་སྤང་བའི་ས་ཕྱི་མ་གཉིས་བཤད་པའོ། །དང་པོ་ལ། སའི་ངོ་བོ་བཤད་པ། སའི་ཡོན་ཏན་བཤད་པའོ། །དང་པོ་ནི། ས་རབ་ཏུ་དགའ་བ་ལ་གནས་པའི་རྟོགས་པ་དེ་ནི་ཆོས་ཅན། དོན་དམ་པའི་སེམས་བསྐྱེད་དང་པོ་ཞེས་བྱ་སྟེ། ས་དང་པོ་ཡིན་པའི་ཕྱིར། འགྲོ་བ་རང་བཞིན་གྱིས་སྟོང་པར་མངོན་སུམ་གྱིས་མཐོང་བའི་རྒྱལ་བའི་སྲས་པོ་ས་དང་པོ་པ་འདིའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་གང་ཡིན་པ་དེ་ཆོས་ཅན། ས་རབ་ཏུ་དགའ་བ་ཞེས་བྱ་སྟེ། འགྲོ་བ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཅིང༌། ཀུན་ཏུ་བཟང་པོའི་སྨོན་པས་རབ་ཏུ་བསྔོས་པ་སྟེ། གཙོ་བོར་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་འདེབས་པར་བྱེད་པའི་ས་ཡིན་པའི་ཕྱིར། གཉིས་པ་ལ། ཡོན་ཏན་རྒྱས་པར་བཤད་པ་དང༌། ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཞར་བྱུང་ཡོན་ཏན་གྱི་ཁྱད་པར་གཞན་བཤད་པ། སྐབས་སུ་བབ་པ་སྦྱིན་པའི་ཡོན་ཏན་བཤད་པའོ། །དང་པོ་ལ། རང་རྒྱུད་མཛེས་པའི་ཡོན་ཏན་དང༌། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན་ནོ། །དང་པོ་ལ་ཡོན་ཏན་སོ་སོར་བཤད་པ་དང༌། དཔེའི་སྒོ་ནས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་མཚན་ཁྱད་པར་ཅན་ཐོབ་པའི་ཡོན་ཏན་དང༌། མཚན་དེ་དང་ལྡན་པའི་ཡོན་ཏན་ཉིད་བཤད་པའོ། །དང་པོ་ནི། ས་རབ་ཏུ་དགའ་བ་ཐོབ་པ་དེ་ནས་བཟུང་སྟེ། བྱང་སེམས་དེ་ནི་ཆོས་ཅན། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པར་བྱ་བ་ཡིན་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཐོབ་པར་གྱུར་པ་ཡིས། སོ་སོའི་སྐྱོ་བོའི་ས་ལས་འདས་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་ལས། འཕགས་པའི་ཡོན་ཏན་ཐོབ་པར་བསྟན། སོ་སྐྱེའི་ཉེས་པ་ཟད་པར་བསྟན་པའོ། །དང་པོ་ལ། རང་གི་ས་ལ་གནས་པའི་ཡོན་ཏན། ས་གོང་མ་གནོན་པའི་ཡོན་ཏན་ནོ། །དང་པོ་ལ། མཉམ་གཞག་གི་ཡོན་ཏན་དང༌། རྗེས་ཐོབ་ཀྱི་ཡོན་ཏན་ནོ། །དང་པོ་ལ། རྟོགས་པའི་ཡོན་ཏན་དང༌། སྤངས་པའི་ཡོན་ཏན་ནོ། །དང་པོ་ནི། ས་དང་པོ་པ་འདི་ནི་ཆོས་ཅན། ཡོན་ཏན་སྔ་མར་མ་ཟད། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་ཏེ། ཉན་རང་གི་ས་ལས་འདས་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་ནི། ས་དང་པོ་པ་འདི་ཡིས་ཆོས་ཅན། མཐོང་སྤངས་སུ་གྱུར་པའི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་འགྱུར་བ་ཡིན་ཏེ། དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། རྗེས་ཐོབ་ཀྱི་ཡོན་ཏན་ལ་དགའ་བ་མང་བའི་ཡོན་ཏན། རྫུ་འཕྲུལ་སྟོན་ནུས་པའི་ཡོན་ཏན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ས་དང་པོ་པ་དེ་ནི་ཆོས་ཅན། དགའ་བ་མཆོག་ཏུ་གྱུར་པ་འཆང་བ་ཡིན་ཏེ། སའི་སྐྱོན་དང་བྲལ་བས་ཐུན་མོང་མ་ཡིན་པའི་རབ་ཏུ་དགའ་མང་བ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན་ཏེ། རྫུ་འཕྲུལ་གྱིས་དེ་སྐྱོད་པར་ནུས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ས་ནས་སར་གནོན་པར་བྱེད་ཅིང་ས་གོང་མར་རབ་ཏུ་འགྲོ་བར་འགྱུར་ཏེ། ས་གོང་མའི་ཡོན་ཏན་མཐོང་ནས། དེ་གནོན་པ་ལ་སྤྲོ་བ་ཤས་ཆེ་བའི་ཕྱིར། གཉིས་པ་སོ་སོ་སྐྱེ་བོའི་ཉེས་པ་ཟད་པར་བསྟན་པ་ལ། བྱེ་བྲག་ངན་འགྲོའི་ལམ་འགག་པར་བསྟན་པ། སྤྱིར་སོ་སོ་སྐྱེ་བོའི་ས་སྤངས་པར་བསྟན་པའོ། །དང་པོ་ནི། ས་དང་པོ་ཐོབ་པ་དེའི་ཚེ་ཆོས་ཅན། བྱང་སེམས་འདིའི་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར་ཏེ། མི་དགེ་བའི་ལས་ཀྱི་ས་བོན་སྤངས་པའི་ཕྱིར། གཉིས་པ་ནི། དེའི་ཚེ་ཆོས་ཅན། བྱང་སེམས་འདིའི་སོ་སོ་སྐྱེ་བོའི་ས་རྣམས་ཟད་པ་ཡིན་ཏེ། ཐེག་ཆེན་གྱི་འཕགས་ལམ་ཐོབ་པའི་ཕྱིར། གཉིས་པ་ནི། ས་དང་པོ་པ་འདི་ནི་ཆོས་ཅན། མདོར་ན་འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ཇི་ལྟ་བ་དེ་ལྟར་ཉེ་བར་བསྟན་ཏེ། དེ་ལ་རང་དང་མཐུན་པའི་སྤངས་རྟོགས་ཀྱི་ཡོན་ཏན་ཡོད་པར་ཉན་ཐོས་པས་འདོད་པ་དེ་བཞིན་དུ། ཁྱོད་ལ་ཡང་རང་དང་འཚམས་པའི་ཡོན་ཏན་བཤད་མ་ཐག་པ་རྣམས་ཡོད་པའི་ཕྱིར་རོ། །འདི་ནི་ཉན་ཐོས་སྡེ་པའི་བློ་ངོར་བསྒྲུབ་དགོས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་གཞན་ཟིལ་གྱིས་གནོན་པའི་ཡོན་ཏན་ལ། བྱང་སེམས་ལས་དང་པོ་པས་ཉན་རང་བསོད་ནམས་ཀྱི་མཐུས་ཟིལ་གྱིས་གནོན་ནུས་པར་བསྟན། ཡེ་ཤེས་ཀྱི་མཐུས་ཟིལ་གྱིས་གནོན་པའི་ས་མཚམས་བསྟན་པའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྟ་བ་དང་པོ་ལ་གནས་པ་སྟེ། ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་སེམས་དེ་ཆོས་ཅན། ཁྱོད་ཀྱིས་ཀྱང་ཐུབ་དབང་གསུང་སྐྱེས་ཏེ་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་རྣམས་ནི། བསོད་ནམས་དག་གི་དབང་གིས་ཕམ་པར་བྱས་པ་ཡིན་ཏེ། ཁྱོད་ཉན་རང་ལ་ལྟོས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། སྙིང་རྗེ་རྣམ་པར་འཕེལ་བ་ཡིན་པའི་ཕྱིར། ཇི་སྐད་དུ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང༌། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི། དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་འབྱུང་བ། ནམ་མཁའ་ལྡིང་གི་དབང་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང༌། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི། བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཞེས་འགྲེལ་པར་དྲངས་སོ། །དེས་ན་འདི་བྱང་སེམས་ས་དང་པོ་པ་ལ་སྦྱོར་བ་གཞུང་གི་དགོངས་པ་མ་ཡིན་ཏེ། གཞུང་འདིས་དྲངས་མ་ཐག་པའི་མདོའི་ཚིག་དོན་འགྲེལ་པར་འགྲེལ་པ་ཉིད་ཀྱིས་བཤད་ལ། མདོ་དེ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞེས་གསུངས་ལ། བྱང་སེམས་ས་དང་པོ་པ་ཡིན་ན་དེ་འདྲ་འགལ་བའི་ཕྱིར། ཅི་སྟེ་དོན་དམ་པའི་སེམས་བསྐྱེད་མ་ཐག་པ་ལ་དགོངས་སོ་ཞེ་ན། དེ་ལྟ་ན་མདོ་དེར། ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིན་གྱིས་གནོན་ཏོ། །ཞེས་པའི་དགོངས་པ་དང་འགལ་ཏེ། མདོའི་དགོངས་པ། འདིར་བསྟན་གྱི་བྱང་སེམས་དེ་ལས་ཉན་རང་དགྲ་བཅོམ་ཚངས་སྤྱོད་ཡུན་རིང་བར་བཤད་ལ། བྱང་སེམས་ས་དང་པོ་པ་ལས་དེ་ཚངས་སྤྱོད་ཡུན་རིང་བར་མི་འགྲུབ་པའི་ཕྱིར། དཔེ་དང་ཡང་འགལ་ཏེ། རྒྱལ་པོའི་བུ་སྐྱེས་མ་ཐག་པ་དང༌། མཁའ་ལྡིང་གི་ཕྲུ་གུ་སྐྱེས་མ་ཐག་པ་དཔེར་མཛད་པའི་ཕྱིར་རོ། །འོ་ན་འདི་ས་དང་པོའི་ཡོན་ཏན་འཆད་པའི་སྐབས་མིན་ནམ་ཞེ་ན། དེ་ལྟ་ན་དེ་ནི་རིང་དུ་སོང་བ་ཞེས་པས་ཀྱང་ས་དང་པོའི་ཡོན་ཏན་བསྟན་པར་ཧ་ཅང་ཐལ་ཞིང༌། བྱང་སེམས་ས་དང་པོ་པས་ཉན་རང་བསོད་ནམས་ཀྱི་མཐུས་ཟིལ་གྱིས་གནོན་པ་ནི། ཀྱང་ཞེས་པའི་ནུས་པས་བཤད་པ་ཡིན་ནོ། །གཉིས་པ་ནི། འོ་ན་དུས་ནམ་གྱི་ཚེ་ཉན་རང་བློའི་མཐུས་གནོན་པར་བྱེད་ཅེ་ན། ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་སེམས་དེ་ནི་ཆོས་ཅན། ས་རིང་དུ་སོང་བར་བློས་ཀྱང་ཉན་རང་ལས་ལྷག་པར་འགྱུར་ཏེ། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ལས་འདས་པའི་ཤེས་རབ་ཐོབ་པའི་ཕྱིར། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱཻ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པ་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་ན་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པའི་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱཻ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་འགྲེལ་པར་གསུངས་སོ། །འདིར་ཡུལ་ཤེས་པའི་ཆེ་བ་ལ་གནས་པའི་དོན་ལ་འགྲེལ་བཤད་ལས། ས་བདུན་པར་ཁོ་བོ་ལམ་དུ་འཇུག་པར་བྱའོ། །སྙམ་པའི་བློ་རྟོག་པ་ཡོད་པས་རྩོལ་བ་དང་བཅས་ལ། མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་མངོན་སུམ་དུ་མི་བྱེད་པས་མཚན་མེད་ཀྱི་ལམ་ཐོབ་པའོ་ཞེས་བཤད། ཁ་ཅིག་ས་བདུན་པར་ཤེས་སྒྲིབ་སྤོང་བའི་ནུས་པ་ཡོད་པས། ཤེས་བཞེད་ཀྱང་བཏང་སྙོམས་སུ་བཞག་ལ། ཕྱིས་ཀྱི་མཁས་པ་དག་ན་རེ། ས་བདུན་པར་སེམས་ཀྱི་སྐད་ཅིག་རེ་རེ་ལ་དེ་བཞིན་ཉིད་ལ་འཇུག་ལྡང་ནུས་པ་ལ་བྱེད་དགོས་ཏེ། ས་བདུན་པའི་སྐབས་ནས་འཆད་པར་འགྱུར་བའི་ཕྱིར། དེ་ཡང་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བའི་མོས་སྤྱོད་ཀྱི་སྐབས་སུ་འཇུག་ལྡང་དེ་མི་དཀའ་ཡང༌། དེ་གཉིས་རོ་གཅིག་ཏུ་སོང་བའི་འཕགས་པའི་སྐབས་སུ་འཇུག་ལྡང་དེ་དཀའ་བའི་ཕྱིར། ཞེས་གསུངས་སོ། །མི་འཐད་དེ། འོ་ན་མོས་སྤྱོད་ནས་ཉན་རང་བློས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེར་འཇུག་ལྡང་གི་ཚུལ་དེ་ནུས་པའི་ཕྱིར། ཁྱེད་རང་ལྟར་ན། ཉན་ཐོས་དགྲ་བཅོམ་པས་ཀྱང་སེམས་ཀྱི་སྐད་ཅིག་རེ་རེ་ལ་དེ་བཞིན་ཉིད་ལ་འཇུག་ལྡང་ནུས་པར་འགྱུར་ཏེ། དེ་ནུས་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་བདེན་འཛིན་མ་ལུས་པར་སྤངས་པའི་ཕྱིར། འགོག་པ་ལ་སྐད་ཅིག་རེ་རེ་ལ་འཇུག་ལྡང་ནུས་པ་ཟིལ་གནོན་གྱི་ཤེས་བྱེད་དུ་འགྲོ་བའི་ཤེས་བྱེད་གང་ཞིག་ཡིན། ཉན་རང་ལ་དེ་མེད་པས་སོ་ཞེས་པ་ལས་གཞན་མེད་པས། འོ་ན་ས་དྲུག་པ་བས་ཀྱང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཏེ། དེས་འགོག་པའི་སྙོམས་འཇུག་ཐོབ་ལ་ཉན་རང་གི་མ་ཐོབ་པས་སོ། །དེས་དེ་མ་ཐོབ་སྟེ། ཤེར་ཕྱིན་ལྷག་པ་མེད་པའི་ཕྱིར། འཁོར་གསུམ་ཁས་མ་བླངས་སམ། རྫོགས་པའི་སངས་རྒྱས་དང༌། ས་བརྒྱད་པ་བ་སོགས་ལ་ཟིལ་གནོན་གྱི་ཤེས་བྱེད་དེ་མ་ཚང་བར་འགྱུར་ཏེ། དེ་བཞིན་ཉིད་ལ་སྐད་ཅིག་རེ་རེ་ལ་འཇུག་ལྡང་བྱེད་པ་དེ་མེད་པའི་ཕྱིར་ཏེ། ས་བརྒྱད་པར་སངས་རྒྱས་ཀྱིས་སློང་དགོས་པར་བཤད་པའི་ཕྱིར་དང༌། སངས་རྒྱས་ཀྱི་སར་ནི་དེ་བཞིན་ཉིད་ལས་ལྡང་བ་མེད་པའི་ཕྱིར། ཅི་སྟེ་ནུས་པ་ལ་བྱེད་ན་ནི། ས་དྲུག་པ་ནས་ཀྱང་ཅིའི་ཕྱིར་དེ་མེད་པའི་ཕྱིར་དེ་མེད་པའི་རྒྱུ་མཚན་སྟོན་ཅིག དེས་ན་དགོངས་པ་ནི། ས་བདུན་པར་ཉན་རང་གི་ཤེས་རབ་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ཏེ། དེའི་བྱ་བ་ནི། ཉོན་སྒྲིབ་ཀྱི་ས་བོན་སྤོང་བའི་བྱ་བ་ཙམ་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་སྤོང་བའི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པ་དེ་ཡིན་ལ། ས་བདུན་པར་བྱང་སེམས་རང་གིས་ཡུལ་ཤེས་པའི་ཆེ་བ་སྟེ། ཆོས་ཀྱི་བདག་མེད་རྒྱས་པར་བསྒོམ་པའི་སྟོབས་ཀྱིས་ཉོན་སྒྲིབ་མ་ལུས་པ་དྲུངས་འབྱིན་པའི་བར་ཆད་མེད་ལམ་སྐྱེས་ཤིང༌། ངོ་སྐལ་གྱི་ཤེས་སྒྲིབ་སྤོང་བའི་བྱ་བ་དང་ཡང་བཅས་པ་ཡིན་ལ། ས་སྔ་མ་རྣམས་སུ་ཤེས་སྒྲིབ་རགས་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡང་མངོན་དུ་བྱས་པས་ཉན་རང་གི་ཤེས་རབ་ཀྱི་བྱ་བ་ལས་ཤིན་ཏུ་འདས་པའི་ཕྱིར། ས་སྔ་མ་རྣམས་སུ་ནི་ཉན་རང་བློས་གནོན་པར་མི་ནུས་ཏེ། དེར་ཉོན་སྒྲིབ་མ་ལུས་པར་སྤོང་བའི་གཉེན་པོ་མ་ཐོབ་པའི་ཕྱིར། ཞེས་བྱ་བ་འདི་ཉིད་ཡིན་པར་ངེས་སོ། །ཉན་ཐོས་དགྲ་བཅོམ་པས་བདེན་འཛིན་མ་ལུས་པར་སྤངས་པ་ཁས་ལེན་པ་ལྟར་ན་ནི། ས་བདུན་པ་ནས་ཉན་རང་བློའི་སྟོབས་ཀྱིས་གནོན་པ་ཡང་མི་འཐད་དེ། དག་པ་ས་གསུམ་གྱི་བར་ཆད་མེད་ལམ་གྱིས་བདེན་འཛིན་གྱི་ས་བོན་མི་སྤོང་ན། དེར་སྤང་བྱ་མེད་པར་ཐལ་བའི་ཕྱིར་དང༌། བདེན་འཛིན་གྱི་ས་བོན་སྤངས་ནས་ཀྱང་གཉིས་སྣང་འཁྲུལ་པའི་སྣང་བ་འབྱུང་ན། སངས་རྒྱས་ཀྱི་སར་ཡང་གཉིས་སྣང་འཁྲུལ་བའི་བག་ཆགས་འབྱུང་བར་ཐལ་ལོ། །གཉིས་པ། སྐབས་སུ་བབ་པ་སྦྱིན་པའི་ཡོན་ཏན་བཤད་པ་ལ། དངོས་དང་དབྱེ་བ་གཉིས། དང་པོ་ལ། ས་འདིར་སྦྱིན་པ་ལྷག་པར་བསྟན། སྦྱིན་པའི་ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ལ། ས་འདིའི་རྗེས་ཐོབ་ཏུ་སྦྱིན་པ་གཙོ་བོར་བསྟན། དེ་ལས་མཉམ་གཞག་གི་ཡོན་ཏན་དཔོག་ནུས་པར་བསྟན་པའོ། །དང་པོ་ནི། ས་དང་པོ་ཐོབ་པ་དེའི་ཚེ། ས་དང་པོ་བ་དེ་ཆོས་ཅན། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུ་བཅུའི་ནང་ནས་དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར་ཏེ། དེ་ལ་རྗེས་ཐོབ་ཏུ་ཉམས་ལེན་གཙོ་བོར་གྱུར་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་ནི། རང་གི་ཤ་སྟེར་བ་ལའང་གུས་པར་བྱས་པའི་སྤྱོད་པ་ཁྱད་པར་ཅན་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་ཕལ་པ་ལ་སྣང་དུ་མི་རུང་བའི་ཡོན་ཏན་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་དཔོག་པའི་རྒྱུར་ཡང་འགྱུར་ཏེ། དེའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། གཉིས་པ་ལ། རྟེན་དམན་པ་རྣམས་སྦྱིན་པ་ལ་སྤྲོ་བ་བསྐྱེད་པ་དང༌། བྱང་སེམས་ཀྱི་སྦྱིན་པའི་བསྔགས་པ་བརྗོད་པའོ། །དང་པོ་ལ། བརྩེ་བདག་མ་ཡིན་པ་རྣམས་ལ་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན་དང༌། རྒྱུ་མཚན་དེ་བསྒྲུབས་པའོ། །དང་པོ་ནི། ཐུབ་པ་ཆོས་ཅན། ཁྱོད་ཀྱིས་ཕར་ཕྱིན་བཅུའི་དང་པོར་སྦྱིན་པའི་གཏམ་མཛད་པ་ཡིན་ཏེ། འཁོར་བ་པའི་སྐྱེ་བོ་འདི་ཀུན་བདེ་བ་མངོན་པར་འདོད་ཅིང་མི་རྣམས་ཀྱི་བདེ་བའང་ཚེ་འདིའི་ལོངས་སྤྱོད་མེད་པར་འབྱུང་བ་མ་ཡིན་ལ། ལོངས་སྤྱོད་ཀྱང་ནི་སྔོན་གྱི་སྦྱིན་པ་ལས་འབྱུང་བར་མཁྱེན་ནས་དེ་མཛད་པའི་ཕྱིར། གཉིས་པ་དེ་བསྒྲུབ་པ་ལ། སྦྱིན་པས་འཁོར་བའི་བདེ་བ་ཐོབ་པར་བསྟན། སྦྱིན་པས་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པའོ། །དང་པོ་ནི། འོ་ན་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་འབྱུང་བ་ལ་གཏོང་བ་པོ་སྙིང་རྗེ་དང་ཕན་སེམས་དང་ལྡན་པ་དགོས་སམ་ཞེ་ན། དེ་མི་དགོས་ཏེ། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་པོའི་སེམས་ཅན་རང་དོན་ལྷུར་ལེན་པ་གང་ཡིན་པ་དེ་དག་གིས་ཀྱང་སྦྱིན་པ་ལས་བྱུང་བའི་འདོད་པའི་ལོངས་སྤྱོད་རྣམས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་བའི་ཕྱིར། གཉིས་པ་ནི། བཤད་མ་ཐག་པའི་སྦྱིན་པ་གཏོང་བ་པོ་འདི་ཡང་ཆོས་ཅན། མཐར་ཐེག་དམན་གྱི་ཞི་བར་འགྲོ་བར་འགྱུར་ཏེ། ཁྱོད་སྦྱིན་པ་གཏོང་བའི་སྐབས་ཀྱི་དུས་ནམ་ཞིག་གི་ཚེ། འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་ཐོབ་ཅིང༌། དེ་ནས་དེས་ཆོས་བསྟན་པ་ལས་སྲིད་པའི་རྒྱུན་ཡང་དག་པར་ཏེ་རྩ་བ་ནས་བཅད་པར་བྱས་ཏེ། དེའི་རྒྱུ་ཅན་དེ་འབྲས་བུ་མངོན་དུ་བྱེད་པའི་ཕྱིར། གཉིས་པ་ལ། བྱང་སེམས་ཀྱི་ལོངས་སྤྱོད་གཏོང་བ་ལ་དགའ་བ་དེ་ཡོད་པར་བསྟན། ལུས་གཏོང་བ་ལ་སྡུག་བསྔལ་མེད་པར་བསྟན། དང་པོ་ལ། དགའ་བ་ཡོད་པར་བསྟན། བདེ་བ་ཡོད་པར་བསྟན། དང་པོ་ལ། དགའ་བ་འབྱུང་ཚུལ་དངོས་དང༌། དེས་ན་བརྩེ་བདག་བྱང་སེམས་ལའང་སྦྱིན་པའི་གཏམ་གཙོ་བོར་སྟོན་པའོ། །དང་པོ་ནི། འགྲོ་བ་ལ། ཕན་པར་དམ་བཅས་པའི་ཡིད་ཅན་བྱང་སེམས་རྣམས་ཆོས་ཅན། གཏོང་བ་པོ་སྔ་མ་ལས་སྦྱིན་འབྲས་ལ་ཐག་ཉེ་བ་ཡིན་ཏེ། ཁྱོད་ཀྱི་སྦྱིན་པས་རིང་པོར་མི་ཐོགས་པ་སྟེ། སྦྱིན་པ་དང་དུས་མཉམ་པ་ཁོ་ནར་སློང་བ་པོའི་ཡིད་ཚིམ་པར་བྱས་པ་ལས་བྱུང་བའི་དགའ་བ་ཐོབ་ནས་དེ་ལ་ལོངས་སྤྱོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕར་ཕྱིན་བཅུའི་ཐོག་མར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན་ཏེ། གང་གི་ཕྱིར་ན་བརྩེ་བདག་བྱང་སེམས་ཀྱི་དགའ་བ་དང༌། བརྩེ་བདག་མ་ཡིན་པ་ཐམས་ཅད་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྣམས་སྦྱིན་པ་ལ་རག་ལས་པའི་ཕྱིར། གཉིས་པ་ནི། གཏོང་བ་པོ་རྒྱལ་སྲས་ཆོས་ཅན། སྦྱིན་པ་གཏོང་བའི་དུས་དེ་ཉིད་དུ་སྦྱིན་འབྲས་བདེ་བ་ལ་ལོངས་སྤྱོད་པའི་སྒོ་ནས་ཀྱང་གཏོང་བ་པོ་སྔ་མ་ལས་ཁྱད་ཞུགས་པ་ཡིན་ཏེ། ཇི་ལྟར་བྱིན་ཅིག་ཅེས་པའི་སྒྲ་ཐོས་ནས་འདི་ནི་བདག་ལ་སློང་བ་པོ་ཞིག་གོ་སྙམ་དུ་བསམས་པ་ལས་ཁྱོད་ལ་བདེ་བ་འབྱུང་བ་དེ་ལྟར་དུ། ཐུབ་པ་ཉན་རང་རྣམས་ལ་ཞི་བའི་དབྱིངས་སུ་ཞུགས་པས་བདེ་བ་བསྐྱེད་པར་བྱེད་པ་མ་ཡིན་ན། བདོག་པ་ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས་པའི་ཕྱིར། གཞུང་འདི་དགའ་བ་ཐོབ་ཅེས་པའི་རྟགས་བསྒྲུབ་པ་ལ་སྦྱར་ནས། གང་ཕྱིར་བརྩེ་བདག་ཅེས་པ་འདིའི་འོག་ཏུ་སྦྱར་ནའང་རུང་ངོ༌། །གཉིས་པ་ནི། རྒྱལ་སྲས་བདེ་འབྱུང་ཞེས་པ་མི་འཐད་དེ། ལུས་གཏོང་བའི་བྱང་སེམས་ལ་ལུས་ཀྱི་སྡུག་བསྔལ་འབྱུང་བའི་ཕྱིར་ཞེ་ན། ས་ཐོབ་པའི་བྱང་སེམས་ལ་ནི་ལུས་ཀྱི་སྡུག་བསྔལ་མི་འབྱུང་ལ། ས་མ་ཐོབ་པའི་བྱང་སེམས་ལ་ལུས་བཅད་པ་ལས་སྡུག་བསྔལ་འབྱུང་ཡང༌། སྡུག་བསྔལ་དེས་སྦྱིན་པའི་གེགས་བྱེད་པར་མི་ནུས་ཏེ། བྱང་སེམས་སོ་སྐྱེ་རང་གི་ལུས་བཅད་ནས་གཞན་ལ་སྟེར་ཞིང༌། བདག་གིས་ལུས་ཀྱི་སྡུག་བསྔལ་གྱི་རྗེས་སུ་དཔག་ནས་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དམྱལ་བ་པ་རང་གིས་རིག་ཅིང་མྱོང་བ་ཉིད་དུ་མཐོང་ནས་ནི། དེ་བཅད་པར་བྱ་བའི་ཕྱིར་དུ་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་མྱུར་དུ་བརྩོན་འགྲུས་རྩོམ་པའི་དགའ་སྤྲོ་ལྷག་པར་འཕེལ་བའི་ཕྱིར། གཉིས་པ་ནི། སྦྱིན་པའི་ཕར་ཕྱིན་དེ་ཆོས་ཅན། གཉིས་སུ་དབྱེར་ཡོད་དེ། སྦྱིན་བྱ་དང༌། ལེན་པོ་དང༌། གཏོང་བ་པོར་དམིགས་པས་གཏོང་བའི་ཤེས་རབ་ཀྱིས་ཟིན་པར་གྱུར་པའི་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། འཁོར་གསུམ་པོ་དག་ལས་ཆགས་པ་སྐྱེས་པར་གྱུར་པས་བཅིངས་པའི་སྦྱིན་པ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་པའི་ཕྱིར། གཉིས་པ་ཡོན་ཏན་བསྡུས་ཏེ་བསྟན་པ་ནི། ས་རབ་ཏུ་དགའ་བ་འདི་ནི་ཆོས་ཅན། ནོར་བུ་ཆུ་ཤེལ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ཏེ། སྔར་བཤད་པ་དེ་ལྟར། རྒྱལ་བའི་སྲས་པོ་ས་དང་པོ་པའི་ཡིད་ཀྱི་ནམ་མཁའ་ལ་རབ་ཏུ་གནས་པའི་ཕྱིར་དང༌། དམ་པའི་རྟེན་ཏེ་བྱང་སེམས་ས་དང་པོ་པ་ལ་ཡེ་ཤེས་ཀྱི་འོད་ཆགས་པས་མཛེས་པ་རྙེད་པར་གྱུར་པའི་ཕྱིར་དང༌། མཐོང་སྤངས་སུ་གྱུར་པའི་མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ་བའི་ཕྱིར། དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ལས་སེམས་བསྐྱེད་པ་དང་པོའི་རྣམ་པར་བཤད་པའོ།།  །།གཉིས་པ་གཞན་ལ་གནོད་པ་མི་བསྒྲུབ་པའི་ས་བཤད་པ་ལ། ཚུལ་ཁྲིམས་ཀྱིས་གཞན་ལ་མི་གནོད་པའི་ས་བཤད། བཟོད་པས་གཞན་གྱི་གནོད་ལན་ལ་བཟོད་པའི་ས་བཤད། དང་པོ་ལ། ས་འདིར་ཚུལ་ཁྲིམས་ལྷག་པར་བསྟན། ཚུལ་ཁྲིམས་ཀྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ། འཆལ་ཚུལ་སྤངས་ཤིང་དགེ་བ་ལ་ངང་གིས་འཇུག་པའི་རྒྱུ་མཚན་གྱིས་ས་དང་པོ་ལས་ཚུལ་ཁྲིམས་ལྷག་པར་བསྟན། དེས་ན་ས་གཉིས་པར་ཚུལ་ཁྲིམས་ཀྱིས་མཛེས་པར་བཤད་པའོ། །དང་པོ་ནི། བྱང་སེམས་ས་གཉིས་པ་བ་དེ་ཆོས་ཅན། རྨི་ལམ་དུ་ཡང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་རྣམ་པར་དག་པ་དག་དང་ལྡན་པའི་ཕྱིར། ཆོས་ཅན། དེ་དང་ལྡན་པ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་སྟེ། སྒོ་གསུམ་མི་དགེ་བས་རྣམ་པར་དག་པར་གྱུར་པས་དམ་པ་སྟེ་དགེ་བའི་ལས་ལམ་བཅུ་ཆར་སོག་པར་བྱེད་པའི་ཕྱིར། དེ་ཆོས་ཅན། ས་དང་པོ་པ་ལས་ཚུལ་ཁྲིམས་ལྷག་པར་གྱུར་པ་ཡིན་ཏེ། དགེ་བའི་ལམ་འདི་ལྟ་ཞིག བཅུ་ཆར་ཡང་ཁྱོད་ལ་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར་བ་དེ་ལྟར་ས་དང་པོ་པ་ལ་མེད་པའི་ཕྱིར། གཉིས་པ་ནི། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པའི་བྱང་སེམས་ས་གཉིས་པ་བ་ཆོས་ཅན། ཚུལ་ཁྲིམས་དེ་དག་གིས་མཛད་པ་དང་ལྡན་པ་ཡིན་ཏེ། སྟོན་ཀའི་ཟླ་བ་བསིལ་བ་དང་འོད་ཆགས་པ་ལྟར་དབང་པོའི་སྒོ་བསྡམས་པའི་སྒོ་ནས་ཞི་བ་དང༌། ཡེ་ཤེས་ཀྱི་ལམ་མེར་གསལ་བའི་འོད་ཆགས་པར་གྱུར་པ་དེའི་ཕྱིར། གཉིས་པ་ལ། རང་བཞིན་རྒྱས་པར་བཤད་པ། ས་གཉིས་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ངོ་བོ་དང་དབྱེ་བ་གཉིས་སོ། །དང་པོ་ལ། ཚུལ་ཁྲིམས་ཀྱི་བསྔགས་པ་སྤྱིར་བཤད་པ་དང༌། ས་གཉིས་པར་ཚུལ་ཁྲིམས་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ་བཤད་པའོ། །དང་པོ་ལ། བྱང་སེམས་ཀྱི་ཚུལ་ཁྲིམས་བཤད། དེ་ལས་གཞན་པ་རྣམས་ཀྱི་ཚུལ་ཁྲིམས་བཤད། དང་པོ་ལ། ཚུལ་ཁྲིམས་ལ་བདེན་པར་བལྟ་བ་ཁྲིམས་འཆལ་དུ་བསྟན། བྱང་སེམས་ས་གཉིས་པ་བ་དེ་དང་བྲལ་བར་བསྟན་པའོ། །དང་པོ་ནི། འོ་ན་སྔར་བཤད་པ་དེ་ཙམ་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནམ་ཞེ་ན། གལ་ཏེ་དགེ་སློང་དེ་ནི་ཚུལ་ཁྲིམས་མི་དགེ་བས་དག་པ་ཡིན་ཀྱང༌། སོ་སྐྱེའི་དགེ་སློང་དེ་ནི་ཆོས་ཅན། ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་ཏེ། ཚུལ་ཁྲིམས་ཀྱི་འཁོར་གསུམ་ཆར་ལ་རང་བཞིན་གྱིས་གྲུབ་པར་བལྟ་བ་དེའི་ཕྱིར། གཉིས་པ་ནི། དེའི་ཕྱིར་བྱང་སེམས་ས་གཉིས་པ་བ་དེ་ནི་ཆོས་ཅན། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། རྟག་ཏུ་ཚུལ་ཁྲིམས་ཀྱི་འཁོར་གསུམ་ཆར་ལའང་གཉིས་བློའི་རྒྱུ་བ་ཡང་དག་པར་བྲལ་བར་གྱུར་པའི་ཕྱིར། འང་ཞེས་པས་མི་དགེ་བས་དག་པར་མ་ཟད་ཅེས་པའོ། །གཉིས་པ་ལ། རྒྱས་པར་བཤད་པ་དང༌། ཚུལ་ཁྲིམས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྦྱིན་འབྲས་བདེ་འགྲོའི་རྟེན་ལ་རྒྱུན་མི་ཆད་པར་འབྱུང་བ་ཚུལ་ཁྲིམས་ལ་རག་ལས་པར་བསྟན་པ་དང༌། ཚུལ་ཁྲིམས་དང་བྲལ་ན་ངན་འགྲོ་ལས་ཐར་དཀའ་བར་བསྟན་པའོ། །དང་པོ་ནི། སྦྱིན་འབྲས་བདེ་འགྲོའི་རྟེན་ལ་འབྱུང་བ་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་པ་རྣམས་ལ་སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་བ་ངན་པ་ངན་སོང་གི་རྟེན་ལའང་འབྱུང་བའི་ཕྱིར། འང་ཞེས་པས་སྦྱིན་འབྲས་མི་འཁྲུལ་བར་བསྟན་ནོ། །སྦྱིན་འབྲས་ལ་རྒྱུད་མར་ལོངས་སྤྱོད་པའང་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། ངན་འགྲོའི་རྟེན་ལ་སྦྱིན་འབྲས་ལོངས་སྤྱོད་པས་སྐྱེད་དང་བཅས་པའི་དངོས་པོའི་འདུ་བ་ཡོངས་སུ་ཟད་པས་ན་དེ་ཕྱིན་ཆད་ལོངས་སྤྱོད་པ་པོ་དེ་ལ་ལོངས་སྤྱོད་མི་འབྱུང་བའི་ཕྱིར། གཉིས་པ་ལ། དངོས་དང༌། ཚུལ་ཁྲིམས་སྦྱིན་པའི་རྗེས་སུ་འགྲོ་དགོས་པར་བསྟན་པའོ། །དང་པོ་ནི། ཚུལ་ཁྲིམས་དང་བྲལ་ན་ངན་འགྲོ་ལས་ཐར་དཀའ་བ་ཡིན་ཏེ། གལ་ཏེ་གང་གི་ཚེ་རང་དབང་དུ་འཇུག་ཅིང་མཐུན་པའི་ཡུལ་དུ་གནས་པས་ན། འདི་རང་གི་བདག་ཉིད་ཚུལ་ཁྲིམས་བསྲུངས་པའི་སྒོ་ནས་ངན་འགྲོ་གཡང་ལས་འཛིན་པར་མི་བྱེད་ན། ངན་འགྲོའི་གཡང་སར་ལྷུང་བས་གཞན་དབང་ཁོ་ནར་འཇུག་པར་འགྱུར་ཏེ་དེ་ལས་ཕྱི་ནས་གང་གིས་སློང་བར་བྱེད་པར་འགྱུར་ཏེ་ངན་འགྲོའི་རྟེན་ལ་ཚུལ་ཁྲིམས་དཀོན་པའི་ཕྱིར། གསུམ་པ་ནི། ཚུལ་ཁྲིམས་འཆལ་ན་སྦྱིན་འབྲས་ཕུན་སུམ་ཚོགས་པར་མི་འགྱུར་བ་དེའི་ཕྱིར། རྒྱལ་བས་ཐོག་མར་སྦྱིན་པའི་གཏམ་མཛད་ནས། ཚུལ་ཁྲིམས་སྦྱིན་སོགས་ཀྱི་རྗེས་སུ་འགྲོ་བའི་གཏམ་ཉིད་མཛད་པ་ཡིན་ཏེ། སྦྱིན་སོགས་ཀྱི་ཡོན་ཏན་ཚུལ་ཁྲིམས་ཀྱི་ཞིང་དུ་རྣམ་པར་འཕེལ་ན། འབྲས་བུའི་ཚོགས་ཉེ་བར་འཕེལ་ཞིང༌། ཉེ་བར་ལོངས་སྤྱོད་པ་རྒྱུན་ཆད་པ་མེད་པར་འབྱུང་བའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོ་ལམ་མ་ཞུགས་རྣམས་དང༌། གསུང་སྐྱེས་ཉན་ཐོས་དང་རང་བྱང་ཆུབ་ཏུ་བདག་ཉིད་ངེས་པ་རྣམས་དང༌། རྒྱས་སྲས་རྣམས་ཀྱི་མངོན་མཐོ་དང་ངེས་པར་ལེགས་པར་རྣམས་ཀྱི་རྒྱུའི་གཙོ་བོ་ནི། མི་དགེ་བ་བཅུ་སྤངས་པའི་ཚུལ་ཁྲིམས་ལས་གཞན་མེད་དེ། ཚུལ་ཁྲིམས་ལ་མ་རྟེན་པར་མངོན་མཐོ་དང་ངེས་པར་ལེགས་པ་མི་ཐོབ་པར་མདོ་ལས་གསུངས་ཤིང༌། གོང་དུ་བསྟན་པའི་ཕྱིར་རོ། །གཉིས་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་པའི་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་ས་གཉིས་པ་བ་དེ་ཆོས་ཅན། ཚུལ་ཁྲིམས་འཆལ་པ་དང་ལྷན་ཅིག་ཏུ་གནས་པར་མི་འདོད་དེ། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་ཏུ་མི་གནས་པ་དང༌། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཏུ་མི་གནས་པ་དེ་བཞིན་དུ་དེ་ལྟར་ཁྱོད་ཀྱང་དེ་དང་ལྷན་ཅིག་གནས་པ་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཆོས་ཅན། གཉིས་སུ་དབྱེར་ཡོད་དེ། གང་ཟག་གང་གིས་སྤོང་བ་དང༌། སྤང་བྱ་གང་ཞིག་སྤོང་བ་དང༌། སེམས་ཅན་གང་ལ་སྤོང་བར་བྱེད་པའི་འཁོར་གསུམ་དུ་དམིགས་ཤིང་ཞེན་པ་ཡོད་ན། ཚུལ་ཁྲིམས་དེ་ལ་འཇིག་རྟེན་པའི་ཕར་ཕྱིན་ཞེས་བཤད་ལ། གསུམ་ལ་ཆགས་པས་སྟོང་པའི་ཚུལ་ཁྲིམས་དེ་ལ་འཇིག་རྟེན་ལས་འདས་པ་ཞེས་བཤད་པའི་ཕྱིར། གཉིས་པ་ནི། ས་གཉིས་པ་དྲི་མ་མེད་པ་འདི་ཡང་ཆོས་ཅན། ཇི་ལྟར་སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ་སྟེ། དེ་དང་མཚུངས་པར་གྱུར་པ་ཡིན་ཏེ། རྒྱལ་སྲས་ས་གཉིས་པ་བའི་ཟླ་བ་ལས་བྱུང་བའི་ཕྱིར་དང༌། སྲིད་པ་འཁོར་བའི་ཁོངས་སུ་གཏོགས་པ་མ་ཡིན་ཀྱང་སྲིད་པའི་དཔལ་དུ་གྱུར་པ་སྟེ། གླིང་བཞིའི་དབང་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་དང༌། མི་དགེ་བའི་ས་རྡུལ་གྱི་དྲི་མ་དང་བྲལ་བའི་ཕྱིར་དང༌། འགྲོ་བའི་རྒྱུད་ཀྱི་འཆལ་ཚུལ་གྱིས་བསྐྱེད་པའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན་པའི་ཕྱིར། དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ལས། སེམས་བསྐྱེད་པ་གཉིས་པའི་རྣམ་པར་བཤད་པའོ།།  །།གཉིས་པ། གནོད་ལན་ལ་བཟོད་པའི་ས་བཤད་པ་ལ། ཁྱད་གཞི་སའི་ངེས་ཚིག་དང༌། ཁྱད་ཆོས་སའི་ཡོན་ཏན་ནོ། །དང་པོ་ནི། ས་གསུམ་པ་འདི་ཆོས་ཅན། འོད་བྱེད་པ་ཞེས་བྱ་སྟེ། ཤེས་བྱའི་བུད་ཤིང་མ་ལུས་པ་བསྲེག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར། བདེར་གཤེགས་སྲས་པོ་ས་གསུམ་པ་བ་དེ་ཆོས་ཅན། ས་གསུམ་པ་ཐོབ་པ་དེའི་ཚེ་ཡེ་ཤེས་ཁྱད་པར་ཅན་འབྱུང་བའི་སྔ་ལྟས་འབྱུང་བ་ཡིན་ཏེ། ཟངས་མ་དང་འདྲ་བའི་སྣང་བ་ཉི་མ་ཤར་བའི་སྔ་ལྟས་འབྱུང་བ་ལྟར་ཁྱོད་ལ་ཡང་རྗེས་ཐོབ་ཏུ་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་ཕྱིར། གཉིས་པ་ལ། ཡོན་ཏན་རྒྱས་པར་བཤད་པ་དང༌། ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། བཟོད་པ་ལ་སོགས་པ་འདིར་ལྷག་པའི་ཡོན་ཏན་བཤད། ཕར་ཕྱིན་དང་པོ་གསུམ་གཟུགས་སྐུའི་རྒྱུའི་གཙོ་བོར་བསྟན་པའོ། །དང་པོ་ལ། བཟོད་པ་བཤད། བསམ་གཏན་སོགས་བཤད་པའོ། །དང་པོ་ལ། སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་སྒོ་ནས་ས་འདིར་བཟོད་པ་ལྷག་པར་བསྟན། བཟོད་པའི་རང་བཞིན་བཤད་པའོ། །དང་པོ་ལ་སྙིང་རྗེས་ལྷག་པར་བསྟན་པ་དང༌། ཤེས་རབ་ཀྱིས་ལྷག་པར་བསྟན་པའོ། །དང་པོ་ནི། བྱང་སེམས་ས་གསུམ་པ་བ་དེ་ཆོས་ཅན། ཁྱོད་ཁོང་ཁྲོའི་གནས་མ་ཡིན་ཀྱང་ཁྱོད་ལ་གལ་ཏེ་འཁྲུག་པ་འགའ་ཡིས། ཁྱོད་ཀྱི་ལུས་ལ་ཤ་ནི་རུས་པ་དང་བཅས་པ་ཡུན་རིང་དུ་སྲང་རེ་རེ་ནས་བཅད་པར་གྱུར་ཀྱང༌། ཁྱོད་ཀྱི་བཟོད་པ་ས་གཉིས་པ་སོགས་ལས་ལྷག་པར་སྐྱེ་བ་ཡིན་ཏེ། ཡུལ་གཅོད་པར་བྱེད་པ་པོ་ལ་སྡིག་པའི་ལས་དེའི་རྐྱེན་གྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་འགྱུར་རོ་སྙམ་དུ་དགོངས་ནས་སྙིང་རྗེ་ལྷག་པར་འཕེལ་བའི་ཕྱིར། རྒྱལ་བའི་སྲས་ལ་འཁྲུགས་དེ་ཡི། །རྐྱེན་ཅན་དམྱལ་སོགས་སྡུག་བསྔལ་ལ། །ལྷག་པར་དམིགས་པའི་སྙིང་རྗེ་ཡིས། གཅོད་བྱེད་དེ་ལ་ལྷག་པར་བཟོད། །ཅེས་བྱ་བའི་དོན་དུ་འགྲེལ་པར་བཤད་དོ། །གཉིས་པ་ནི། བདག་མེད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ས་གསུམ་པ་བ་དེ་ཆོས་ཅན། ཁྱོད་ལ་སྙིང་རྗེར་མ་ཟད་བཟོད་པ་ལྷག་པའི་རྒྱུ་གཞན་ཡང་ཡོད་དེ། གང་གི་ཕྱིར་ན་ཁྱོད་ཀྱི་ལུས་ལ་གང་གིས་གཅོད་པ་དང༌། གང་ཞིག་གཅོད་པ་དང༌། གང་གི་ཚེ་ཇི་ལྟར་གཅོད་པ་སྟེ། འཁོར་གསུམ་གྱི་ཆོས་རྣམས་ཀྱང་ཁྱོད་ཀྱི་ཤེས་རབ་དེ་ཡིས་གཟུགས་བརྙན་ལྟར་མཐོང་བ་དེས་ན་བདག་འཛིན་ཀུན་བརྟགས་དང་བྲལ་བའི་ཤེས་རབ་དེའི་སྒོ་ནས་ཀྱང་བཟོད་པར་འགྱུར་བའི་ཕྱིར། གཉིས་པ་ལ། བཟོད་པ་བསྟེན་པའི་ཚུལ་དང༌། བཟོད་པའི་དབྱེ་བ་གཉིས་སོ། །དང་པོ་ལ། རྒྱས་པར་བཤད་པ་དང་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཁོང་ཁྲོ་བར་མི་རིགས་པའི་རྒྱུ་མཚན། བཟོད་པ་བསྟེན་རིགས་པའི་རྒྱུ་མཚན་ནོ། །དང་པོ་ལ། དགོས་པ་མེད་ཅིང་ཉེས་དམིགས་ཆེ་བས་ཁོང་ཁྲོ་བར་མི་རིགས། འདི་དང༌། ཕྱི་མར་འབྱུང་བའི་ཉེས་དམིགས་བསམས་ནས། ཁོང་ཁྲོ་བར་མི་རིགས་པའོ། །དང་པོ་ལ། དགོས་པ་མེད་པར་བསྟན། ཉེས་དམིགས་ཆེ་བར་བསྟན། དང་པོ་ནི། གནོད་བྱེད་དེར་བཀོན་པ་སྟེ་ཁྲོ་བ་ནི་ངེས་པར་ཚེ་འདིར་དོན་མེད་དོ། །གལ་ཏེ་གནོད་པ་བྱས་པས་གནོད་བྱེད་དེར་བཀོན་པ་ཡིན་ན་དེ་ལ་བཀོན་པ་སྟེ། ཁྲོད་པས་གནོད་པ་བྱས་ཟིན་ཟློག་གམ་ཅི་སྟེ་མི་ཟློག་པ་དེའི་ཕྱིར། གཉིས་པ་ལ། སྡུག་བསྔལ་གྱི་རྒྱུར་བསྟན། དགེ་བ་འཇོམས་པར་བསྟན། དང་པོ་ལ། བསྟན་པ་དང་བཤད་པ་གཉིས། དང་པོ་ནི། ཚེ་འདིར་དོན་མེད་པར་མ་ཟད་ཁོང་ཁྲོ་ནི་འཇིག་རྟེན་ཕ་རོལ་དང་ཡང་འགལ་བར་འགྱུར་ཏེ། རྣམ་སྨིན་ཡིད་དུ་མི་རུང་བ་འཕེན་པར་བྱེད་པའི་ཕྱིར། གཉིས་པ་ནི། གཞན་ལ་གནོད་ལན་དུ་གནོད་པ་དང་ནི་ཁྲོ་བས་ཕྱིར་ཏེ་སླར་ཡང་སྡུག་བསྔལ་གྱི་ས་བོན་ཉིད་དུ་ཇི་ལྟ་བུར་ན་ཁྲིད་པར་བྱེད་དེ། སྔོན་རང་གིས་བྱས་པའི་མི་དགེ་བའི་ལས་ཀྱི་འབྲས་བུ་གང་ཟད་པར་བྱེད་པ་བརྗོད་པར་འདོད་པ་ནི། གཞན་གྱིས་རང་ལ་གནོད་པར་བྱས་པའི་སྡུག་བསྔལ་མྱོང་བ་དེ་ཉིད་ཀོ་ཡིན་པའི་ཕྱིར། དཔེར་ན་སྨན་པས་གཙག་བུ་རྣོན་པོས་གཏར་བའི་སྡུག་བསྔལ་བཟོད་དགོས་པ་དེ་བཞིན་ནོ། །གཉིས་པ་ནི། མི་བཟོད་པ་ལས་གཞན་དུ་གྱུར་པ་སྟེ། སྟོབས་ཆེ་བའི་སྡིག་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་བྱང་སེམས་བདག་ཉིད་ཆེན་པོ་དེས་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས་སྦྱིན་པ་དང༌། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་བསྐལ་པ་བརྒྱར་བསགས་པ་ཁོང་ཁྲོའི་བསམས་པ་སྐད་ཅིག་མ་གཅིག་གིས་འཇོམས་པར་བཤད་པ་དེའི་ཕྱིར། ཇི་སྐད་དུ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་པ་དེའི་ཕྱིར། ཁོང་ཁྲོ་བ་ཞེས་བྱའོ། །ཞེས་འགྲེལ་པར་དྲངས་སོ། །འདིར་ཁོང་ཁྲོའི་རྟེན་ནི་བྱང་སེམས་སོ་སྐྱེར་ངེས་ཏེ། འགྲེལ་པར་བྱང་སེམས་བདག་ཉིད་ཆེན་པོ་ཞེས་གསུངས་པའི་ཕྱིར། ཁོང་ཁྲོའི་ཡུལ་ལ་ནི་བྱང་སེམས་ཡིན་མ་ཡིན་གཉིས་སུ་ཡོད་ལ། བྱང་སེམས་ཀྱིས་བྱང་སེམས་མ་ཡིན་པ་ལ་ཁྲོས་པས་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བ་འཇོམས་མི་ནུས་ཏེ། རྒྱལ་སྲས་རྣམས་ལ་ཞེས་ཡུལ་ངེས་པར་བཟུང་བའི་ཕྱིར། ཡུལ་བྱང་སེམས་ལ་ཡང་ས་ཐོབ་མ་ཐོབ་གཉིས་ལས། དང་པོ་ལ་ཁྲོས་ན་བསྐལ་པ་བརྒྱ་དང༌། གཉིས་པ་ལ་ཡང་ས་ཐོབ་ཙམ་དང༌། སའི་ཁྱད་པར་གོང་མ་ཐོབ་པ་གཉིས་ལས། དང་པོ་ལ། ཁྲོས་ན་བསྐལ་པ་སྟོང་དང༌། གཉིས་པ་ལ་ཁྲོས་ན་དེ་བས་ཀྱང་ཆེས་ལྷག་པའི་བསྐལ་པར་བསགས་པའི་དགེ་བ་འཇོམས་པ་དང༌། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་དགེ་རྩ་འཇོམས་ཀྱི་སྟེང་དུ་ཁོང་ཁྲོའི་སེམས་ཀྱི་གྲངས་དང་མཉམ་པའི་བསྐལ་པའི་བར་དུ་དམྱལ་བར་གནས་པ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡིས། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་དང༌། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་བཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་དང༌། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱས་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་སོ། །ཡུལ་རྟེན་གཉིས་ཀ་བྱང་སེམས་མ་ཡིན་པ་ལ་བསྐལ་པ་བརྒྱ་སྟོང་སོགས་ཀྱི་ངེས་པ་མེད་ཀྱང་དགེ་རྩ་འཇོམས་པ་ཡོད་པར་བསླབ་བཏུས་ལས་གསུངས་སོ། །འཇོམས་རྒྱུའི་དགེ་རྩ་ནི། བྱང་ཆུབ་ཏུ་མ་བསྔོས་པ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པ་རྣམས་ཡིན་ལ། བཅོམ་པའི་དོན་ནི་འབྲས་བུ་འབྱིན་པའི་ནུས་པ་མེད་པར་བྱས་པ་ཡིན་ལ། ས་བོན་བཅོམ་པ་ནི་མ་ཡིན་ཏེ། འཇིག་རྟེན་པའི་ལམ་གང་གིས་ཀྱང་སྤང་བྱའི་ས་བོན་སྤོང་མི་ནུས་པའི་ཕྱིར། གཉིས་པ་ནི། ཁོང་ཁྲོའི་ཉེས་དམིགས་གཞན་ཡང་ཡོད་དེ། ཁོང་ཁྲོ་སྐྱེས་པ་ཙམ་གྱིས་མི་སྡུག་པའི་གཟུགས་སུ་བྱེད་ཅིང༌། དམ་པ་མ་ཡིན་པར་བཀྲི་བར་བྱེད་པ་དང༌། ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང༌། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་བསྐྱུར་བར་བྱེད་པའི་ཕྱིར། གཉིས་པ་ནི། བཟོད་པས་བཤད་ཟིན་པ་དང༌། འགལ་བའི་ཡོན་ཏན་རྣམས་བྱེད་པ་ཡིན་ཏེ། བཟོད་པ་སྐྱེས་པ་ཙམ་གྱིས་གཟུགས་མཛེས་ཤིང་སྐྱེ་བོ་དམ་པ་ལ་སྟེ་དེའི་ངོར་འཕངས་ཤིང༌། གཅེས་པ་དང་ལུགས་དང་ལུགས་མ་ཡིན་པ་ཤེས་པ་ལ་མཁས་པར་འགྱུར་ཞིང༌། ཚེ་རབས་དེའི་འོག་ཏུ་ནི་ལྷ་མིའི་སྐྱེ་བ་ལེན་པ་དང༌། སྡིག་པ་ཟད་པར་འགྱུར་བའི་ཕྱིར། གཉིས་པ་བསྡུས་ཏེ་བསྟན་པ་ནི། མི་བཟོད་པ་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས་བསྔགས་པའི་བཟོད་པ་རྟག་ཏུ་མྱུར་ཏུ་བསྟེན་པར་བྱ་དགོས་ཏེ། སོ་སོ་སྐྱེ་བོས་ཁྲོས་པའི་སྐྱོན་ཉེས་དམིགས་དང༌། རྒྱལ་བའི་སྲས་ཀྱི་བཟོད་པའི་ཕན་ཡོན་རིག་པར་བྱ་བ་སྟེ། གོང་དུ་བསྟན་ཟིན་པའི་ཕྱིར་རོ། །གཉིས་པ་ནི། བཟོད་པའི་ཕར་ཕྱིན་ཆོས་ཅན། གཉིས་སུ་དབྱེར་ཡོད་དེ། རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་ཕྱིར་བསྔོས་པའི་དགེ་རྩ་ཡིན་ཀྱང༌། འཁོར་གསུམ་དུ་དམིགས་པ་ཡོད་པར་ནི་འཇིག་རྟེན་པ་དང༌། དམིགས་པ་མེད་ན་བཟོད་པ་དེ་ཉིད་སངས་རྒྱས་ཀྱིས་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བསྟན་པའི་ཕྱིར། གཉིས་པ་ནི། ས་གསུམ་པ་དེར་གནས་པའི་རྒྱལ་སྲས་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་གཞན་ཡང་འབྱུང་སྟེ། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། མངོན་པར་ཤེས་པ་ལྔ། སྔ་མ་ལས་ལྷག་པ་ཐོབ་ཀྱང་དེའི་དབང་གིས་མི་སྐྱེ་བ་དང༌། ངོས་སྐལ་གྱི་འདོད་ཆགས་དང༌། ཞེ་སྡང་དང༌། འང་གི་སྒྲས་བསྟན་པ་གཏི་མུག་ཀྱང་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར། རྒྱལ་སྲས་དེས་ཀྱང་ཆོས་ཅན། འཇིག་རྟེན་པའི་འདོད་ཆགས་རྟག་ཏུ་འཇོམས་པར་ནུས་པར་འགྱུར་བ་ཡིན་ཏེ། ལྷའི་དབང་པོར་གྱུར་ནས་སེམས་ཅན་རྣམས་འདོད་པའི་འདོད་ཆགས་ཀྱི་འདམ་ནས་འདོན་པ་ལ་མཁས་པའི་ཕྱིར། གཉིས་པ་ནི། སྦྱིན་སོགས་ཆོས་གསུམ་པོ་དེ་དག་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། རྟེན་གྱི་ཁྱད་པར་ཕལ་མོ་ཆེར་བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས་ཤིང༌། ངོ་བོའི་ཁྱད་པར་བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་ཡིན་ལ། འབྲས་བུའི་ཁྱད་པར་སངས་རྒྱས་གཟུགས་ཀྱི་བདག་ཉིད་ཅན་གྱི་སྐུའི་རྒྱུའི་གཙོ་བོ་ཡང་གསུམ་པོ་དེ་དག་ཉིད་ཡིན་པའི་ཕྱིར་རོ། །དེར་མ་ཟད་བརྩོན་ཆོས་གསུམ་དེ་དག་ཕལ་མོ་ཆེར། བདེ་བར་གཤེགས་པས་རབ་བྱུང་རྣམས་ལ་བསྔགས། །ཡེ་ཤེས་ཤེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་ཀྱང་སྦྱར་རོ། །གཉིས་པ་ཡོན་ཏན་བསྡུས་ཏེ་བསྟན་པ་ལ། ཡེ་ཤེས་ཀྱི་རང་བཞིན་གྱིས་མུན་པ་འཇོམས་པར་བསྟན། སྙིང་རྗེས་གཞན་ལ་མི་ཁྲོ་བར་བསྟན། དང་པོ་ནི། རྒྱལ་བའི་སྲས་པོ་ས་གསུམ་པ་པའི་ཉི་མ་ལ་གནས་པའི་ཡེ་ཤེས་འོད་བྱེད་པ་འདི་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། རང་རྒྱུད་དུ་གཏོགས་པའི་མུན་པ་རྣམས་དང་པོ་སྐྱེ་བཞིན་པའི་ཚེ་ཡང་དག་པར་བསལ་བར་བྱས་ནས་འགྲོ་བ་གཞན་གྱི་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་པའི་ཕྱིར། གཉིས་པ་ནི། ས་འདིར་ཆོས་ཅན། ཉེས་པ་འཇོམས་པ་ལ་ཉི་མ་ལྟར་ཤིན་ཏུ་རྣོ་བར་གྱུར་ཀྱང༌། ཉེས་པ་ཅན་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལྷག་པར་གོམས་པའི་ཕྱིར། དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ལས། སེམས་བསྐྱེད་པ་གསུམ་པའི་རྣམ་པར་བཤད་པའོ།།  །།གཉིས་པ་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པའི་ས་གསུམ་བཤད་པ་ལ། ཚོགས་གཉིས་ཀྱི་རྒྱུ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ས་བཤད། ཡེ་ཤེས་ཀྱི་ཚོགས་དངོས་ཀྱི་ས་བཤད་པའོ། །དང་པོ་ལ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན། ཡེ་ཤེས་ཀྱི་སྣང་བ་ས་གསུམ་པ་ལས་ལྷག་པའི་སྒོ་ནས་ངེས་ཚིག་བསྟན་པའོ། །དང་པོ་ནི། བཞི་པ་འོད་ནི་འཕྲོ་བའི་ས་ཆོས་ཅན་གཙོ་བོར་བརྩོན་འགྲུས་གང་དུ་འབར་བའི་ས་ཡིན་ཏེ། བརྩོན་འགྲུས་ཀྱི་ཕར་ཕྱིན་གཙོ་བོར་གྱུར་པའི་ས་ཡིན་པའི་ཕྱིར། བརྩོན་འགྲུས་ཆོས་ཅན། བསོད་ནམས་དང་བློ་གྲོས་ཀྱི་ཚོགས་ནི་གཉིས་ཀྱི་རྒྱུ་ཡིན་ཏེ། སྦྱིན་སོགས་ཀྱི་ཡོན་ཏན་མ་ལུས་པ་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཞིང་ཞེས་པ་ནི། རྒྱུ་འབྲས་ཕན་ཚུན་བསྡུད་པའོ། །གཉིས་པ་ལ། དངོས་དང་སྤངས་པའི་ཁྱད་པར་རོ། །དང་པོ་ནི། ས་བཞི་པ་ཆོས་ཅན། འོད་འཕྲོ་བ་ཞེས་བྱ་སྟེ། དེར་ནི་བདེ་གཤེགས་སྲས་པོ་ལ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྷག་པར་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་སྔར་བཤད་པའི་ཟངས་ཀྱི་འོད་དང་འདྲ་བ་ལས་ལྷག་པར་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། སྤངས་པའི་ཁྱད་པར་དང་ལྡན་ཏེ། ངོ་སྐལ་གྱི་རང་དུ་བལྟ་བ་སྟེ་འཇིག་ཚོགས་ལ་ལྟ་བ་དང་འབྲེལ་བ་སྟེ་སྔོན་དུ་འགྲོ་བའི་ཞེན་པ་མཐའ་དག་ཡོངས་སུ་ཟད་པའི་ཕྱིར། དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ལས། སེམས་བསྐྱེད་པ་བཞི་པའི་རྣམ་པར་བཤད་པའོ།།  །།གཉིས་པ་ལ། བསམ་གཏན་གྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ས་བཤད། ཤེས་རབ་ཀྱི་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ས་བཤད། དང་པོ་ལ། སའི་ངེས་ཚིག་དང༌། སའི་ཡོན་ཏན་བཤད་པའོ། །དང་པོ་ནི། ས་ལྔ་པ་ལ་གནས་པའི་བདག་ཉིད་ཆེན་པོ་དེ་ཆོས་ཅན། ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང་ཕམ་པར་ནུས་པ་མ་ཡིན་ཏེ། བདུད་ཀྱིས་སྦྱང་དཀའ་བའི་ས་ལ་གནས་པ་ཡིན་པའི་ཕྱིར། དེའི་ཕྱིར་ས་འདི་ལ་སྦྱང་དཀའ་བ་ཞེས་བྱའོ། །དུར་ཛ་ཡ་ཞེས་པ་ཕམ་པར་དཀའ་བ་ལ་འཇུག་པ་ཡིན་ནོ། །གཉིས་པ་ནི་དེ་ཆོས་ཅན། གཙོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། བསམ་གཏན་གྱི་ཕར་ཕྱིན་ཆེས་ལྷག་པར་གྱུར་ཅིང༌། བློ་བཟང་འཕགས་པའི་བདེན་པ་བཞིའི་རང་བཞིན་ཞིབ་མོ་སྟེ། ཕྲ་མོ་རྟོགས་པ་ལའང་ཤིན་ཏུ་མཁས་པ་ཐོབ་པའི་ཕྱིར། དེ་ལྟར་ན། ས་གསུམ་པར་ཡེ་ཤེས་ཀྱི་སྔ་ལྟས་སུ་གྱུར་པའི་ཟངས་ཀྱི་སྣང་བ་ལྟ་བུ་འབྱུང་ཞིང༌། ས་བཞི་པ་སོགས་གསུམ་ལ་ཡེ་ཤེས་དངོས་ཀྱི་སར་བཞག་སྟེ། ས་བཞི་པར་བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ། ལྔ་པར་བདེན་བཞིར་རྟོགས་པའི་ཤེས་རབ། དྲུག་པར་རྟེན་འབྲེལ་རྟོགས་པའི་ཤེས་རབ་བཞག་པའི་ཕྱིར། དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ལས་སེམས་བསྐྱེད་པ་ལྔ་པའི་རྣམ་པར་བཤད་པའོ།།  །།གཉིས་པ་ལ་ཁྱད་གཞི་སའི་ངེས་ཚིག ཁྱད་ཆོས་སའི་ཡོན་ཏན་ནོ། །དང་པོ་ནི། ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་པར་བཞག་པའི་སེམས་བསམ་གཏན་གྱི་ཕར་ཕྱིན་ལ་གནས་ཏེ། འདིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་དེ་ཁོ་ན་ཉིད་མཐོང་བའི་བྱང་སེམས་དེ་ཆོས་ཅན། འགོག་པའི་སྙོམས་འཇུག་ཐོབ་པར་འགྱུར་ཏེ། ཤེར་ཕྱིན་ལྷག་པར་འགྱུར་བ་ལ་གནས་པའི་ཕྱིར། ས་དྲུག་པ་ཆོས་ཅན། མངོན་དུ་གྱུར་པའི་ས་ཞེས་བྱ་སྟེ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར། གཉིས་པ་ལ། ཡོན་ཏན་རྒྱས་པར་བཤད་པ་དང༌། ཡོན་ཏན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཡུལ་ཅན་ཤེར་ཕྱིན་གྱི་བསྔགས་པ་དང༌། ཡུལ་རྟེན་ཅིང་འབྲེལ་འབྱུང་གི་དེ་ཉིད་བཤད་པའོ། །དང་པོ་ནི། བློ་ཤེས་ཕྱིན་ཆོས་ཅན། མིག་བུ་དང་འདྲ་སྟེ། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ་མིག་དང་ལྡན་པའི་སྐྱེས་བུ་གཅིག་གིས་འདོད་པའི་ཡུལ་དུ་ཁྲིད་པ་དེ་བཞིན་དུ། དོན་གྱི་སྐབས་འདིར་ཡང་ཁྱོད་ཀྱིས་མིག་ཉམས་པ་ལྟ་བུའི་སྦྱིན་སོགས་ཀྱི་ཡོན་ཏན་བླངས་ཏེ། རྒྱལ་བ་སངས་རྒྱས་ཀྱི་ས་ཉིད་དུ་འགྲོ་བའི་ཕྱིར། གཉིས་པ་ལ། བཤད་པ་ལ་འཇུག་པ་དང༌། བཤད་པ་ཉིད་དགོད་པའོ། །དང་པོ་ལ། སྟོང་ཉིད་འཆད་པའི་སྣོད་ངོས་བཟུང་ནས་དེ་ལ་བཤད་པར་དམ་བཅའ་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་བའི་ཚུལ་བསྟན་ནས་ཉན་པར་བསྐུལ་བའོ། །དང་པོ་ལ། བཤད་པར་དམ་བཅའ་བ་དང༌། སྣོད་ངོས་བཟུང་བའོ། །དང་པོ་ནི། ཟླ་བ་གྲགས་པ་ཆོས་ཅན། ཟབ་མོ་སྟོང་པ་ཉིད་རང་དབང་དུ་བཤད་པ་མ་ཡིན་ཏེ། ཇི་ལྟར་ས་དྲུག་པ་བ་དེ་ཡིས་ཆེས་ཟབ་པའི་ཆོས་རྟོགས་པ་དེ་ལྟར་དུ། འཕགས་པ་ཀླུ་སྒྲུབ་ཀྱིས་མདོ་སྡེའི་ལུང་དང་གཞན་ཡང་རིགས་པ་ལ་བརྟེན་ནས་གསལ་བར་མཛད་པ་ཡིན་པས་ན། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་ཇི་ལྟར་གནས་པའི་ལུགས་བཞིན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོའི་དུས་ནའང་སྟོང་ཉིད་སྟོན་པའི་ཆོས་ཐོས་ནས་ནང་དུ་རབ་ཏུ་དགའ་བ་ཡང་ཡང་དུ་འབྱུང་ལ། རབ་ཏུ་དགའ་བ་ལས་བྱུང་བའི་མཆི་མས་མིག་བརླན་ཞིང་ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ་དེ་ཆོས་ཅན། ཁྱོད་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ་རིགས་ཏེ། དེ་ཁོ་ན་ཉིད་ཉེ་བར་བསྟན་པའི་སྣོད་ནི་ཡིན་པའི་ཕྱིར་ཏེ། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ས་བོན་ཡོད་ཅིང༌། ཡོད་པ་ལྟར་རྐྱེན་གྱིས་སད་པའི་གང་ཟག་ཡིན་པའི་ཕྱིར། གཉིས་པ་ལ། སྟོང་ཉིད་བསྟན་པ་ལས་ཡོན་ཏན་གཞན་ཡང་འབྱུང་བའི་ཚུལ་དང༌། དེས་ན་ཆོས་འདི་ཉན་པར་བསྐུལ་བའོ། །དང་པོ་ནི། ཉན་པ་པོ་དེ་ལ་སྟོང་པ་ཉིད་ཀྱི་ཆོས་བསྟན་པ་དེའི་རྗེས་སུ་འགྲོ་བ་སྟེ། དེ་དང་མཐུན་པའི་ཡོན་ཏན་གཞན་ཡང་འབྱུང་སྟེ། ངན་སོང་དུ་ལྟུང་ན་སྟོང་ཉིད་ཀྱི་ལྟ་བ་ཆད་པར་མཐོང་ནས་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་བ་དང༌། བདེ་འགྲོར་སྐྱེས་ཀྱང་དབུལ་པོར་གྱུར་ན། སྟོང་པ་ཉིད་ཀྱི་ཆོས་ཉན་པ་རྒྱུན་ཆད་པར་འགྱུར་རོ་སྙམ་ནས་སྦྱིན་པ་གཏོང་བར་འགྱུར་ཞིང༌། སྟོང་པ་ཉིད་ཀྱི་ལྟ་བ་སྙིང་རྗེས་ཡོངས་སུ་ཟིན་པ་ནི་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཡིན་ནོ་སྙམ་ནས་སྙིང་རྗེ་སྟེན་པར་བྱེད་ཅིང༌། ཁོང་ཁྲོས་ནི་གཟུགས་མི་སྡུག་པ་ཐོབ་པ་དེའི་རྐྱེན་གྱིས་འཕགས་པ་རྣམས་དགྱེས་པར་མི་འགྱུར་རོ་སྙམ་ནས་བཟོད་པར་སྒོམ་པར་བྱེད་ལ། དེའི་དགེ་བའི་རྩ་བ་འགྲོ་བ་རྣམས་སྒྲོལ་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ཅིང༌། སྟོང་པ་ཉིད་སྟོན་པའི་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་གུས་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ས་རབ་ཏུ་དགའ་བ་དེ་ནི་དོན་དུ་གཉེར་བ་ཆོས་ཅན། འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་ལམ་འདི་ནི་ཉན་པར་གྱིས་ཤིག་སྟེ། བྱ་རིགས་པ་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས། བཤད་མ་ཐག་པའི་རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་པར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ལ། བདག་མེད་རིགས་པས་བསྒྲུབ་པ། དེས་གྲུབ་པའི་སྟོང་ཉིད་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ། ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ། གང་ཟག་གི་བདག་མེད་རིགས་པས་བསྒྲུབ། དང་པོ་ལ། ཆོས་ཀྱི་བདག་མེད་བསྒྲུབ་པའི་རིགས་པ་བཤད། རིགས་པས་རྣམ་དཔྱད་བྱས་པའི་འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་དགག རྟེན་འབྱུང་གིས་སྐྱེ་བ་ཐ་སྙད་ཉིད་དུ་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ནི། མཐའ་བཞིའི་སྐྱེ་བ་དགག བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། མཐའ་བཞིའི་སྐྱེ་བ་འགོག་བྱེད་ཀྱི་རིགས་པར་རྒྱས་པར་བཤད། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། དམ་བཅའ་བཞག དེ་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། མྱུ་གུ་དེ་ཉིད་རང་གི་ངོ་བོ་དེ་ལས་བྱུང་བ་མ་ཡིན་ཞིང༌། རང་བཞིན་གྱིས་གྲུབ་པའི་རྒྱུ་གཞན་དག་ལས་འབྱུང་བ་ལྟ་ག་ལ་ཞིག གཉིས་ཀ་ལས་ཀྱང་འབྱུང་བ་མ་ཡིན། རྒྱུ་མེད་པར་ནི་ག་ལ་ཡོད་དེ། མེད་དོ་ཞེས་པའི་དམ་བཅའ་བཞི་པོ་འདི། བསྟན་བཅོས་རྩ་བ་ཤེས་རབ་ཀྱི་ཐོག་མར་བཀོད་པ་ཆོས་ཅན། དགོས་པ་ཡོད་དེ། མཉམ་པ་ཉིད་རྣམ་པ་བཅུའི་སྒོ་ནས་ས་དྲུག་པ་ལ་འཇུག་པར་མདོ་སྡེ་ས་བཅུ་པར་གསུངས་པ་ལས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་དུ་རིགས་པས་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པའི་རྒྱུ་ལས་སྐྱེ་བ་དགག རྒྱུ་གཏན་མེད་ལས་སྐྱེ་བ་དགག དང་པོ་ལ། བདག་གཞན་རེ་རེ་ལས་སྐྱེ་བ་དགག གཉིས་ཀ་ལས་སྐྱེ་བ་དགག དང་པོ་ལ། བདག་ལས་སྐྱེ་བ་དགག གཞན་ལས་སྐྱེ་བ་དགག དང་པོ་ལ། སླར་ཡང་སྐྱེ་བ་དོན་མེད་ཀྱི་དམ་བཅའ་དང་སྒྲུབ་བྱེད་ཀྱི་རིགས་པ་གཉིས། དང་པོ་ནི། གྲངས་ཅན་ན་རེ། ས་བོན་གྱི་དུས་སུ་མྱུ་གུའི་རང་བཞིན་གྲུབ་ཟིན་ཏེ། རྣམ་འགྱུར་ཐམས་ཅད་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་ཟེར་རོ། །མྱུ་གུ་དེ་ནི་རང་གི་ངོ་བོ་གྲུབ་ཟིན་དེ་ལས་འབྱུང་ན། ཡོན་ཏན་ལྷག་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། སྐྱེས་པར་འགྱུར་བ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་སྐྱེ་ན་རིགས་པ་དང་ཡང་འགལ་བའི་ཕྱིར། གཉིས་པ་རིགས་པ་ལ། འགྲེལ་པ་མཛད་པའི་རིགས་པས་དགག རྩ་བ་ཤེས་རབ་ཀྱི་རིགས་པས་དགག དང་པོ་ལ། བདག་སྐྱེ་བདེན་པ་གཉིས་ཆར་དུ་དགག དེ་ལྟར་བཀག་པའི་དོན་བསྡུ་བའོ། །དང་པོ་ལ། དོན་དམ་པར་དགག་ཐ་སྙད་དུ་དགག དང་པོ་ལ། རང་དང་བདག་ཉིད་གཅིག་ཡིན་པའི་རྒྱུ་ལས་སྐྱེ་བ་དགག རྒྱུ་འབྲས་ངོ་བོ་གཅིག་པ་དགག དང་པོ་ལ། རིགས་པ་དང་འགལ་བར་བསྟན། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ། མྱུ་གུ་སྐྱེ་བ་མི་སྲིད་པར་ཐལ་བ་དང༌། ས་བོན་སྐྱེ་བ་ཐུག་མེད་དུ་ཐལ་བའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། མྱུ་གུ་དང་སྡོང་བུ་སོགས་ཀྱི་སྐྱེ་བ་འཇིག་རྟེན་འདིར་རྙེད་པར་མི་འགྱུར་བར་ཐལ། སྐྱེས་ཟིན་པའི་ས་བོན་སླར་ཡང་སྐྱེ་བ་ཡོངས་སུ་རྟོག་པར་འགྱུར་བར་འདོད་པའི་ཕྱིར། གཉིས་པ་ནི། ས་བོན་དེ་ཉིད་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་ཏེ། རྟགས་སྔ་མ་དེའི་ཕྱིར། ངག་དོན། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་རྒྱུའི་དུས་གྲུབ་ཟིན་པའི་ཕྱིར། ཁྱབ་པ་མེད་དེ། མངོན་པར་གསལ་བའི་ཚུལ་གྱིས་སྐྱེ་བ་དོན་ཡོད་དོ་ཞེ་ན། དེ་ཆོས་ཅན། སྐྱེ་བ་ཐུག་མེད་དུ་ཐལ། རྒྱུའི་དུས་སུ་གྲུབ་ཟིན་སླར་ཡང་སྐྱེ་དགོས་པའི་ཕྱིར། ཞེས་པའི་དོན་ནོ། །གཉིས་པ་ནི། གྲངས་ཅན་ན་རེ། རྐྱེན་ཆུ་ལུད་དྲོད་བཤེར་དང་མྱུ་གུ་གཉིས་ཀས་ས་བོན་གྱི་གནས་སྐབས་འཇིག་པར་བྱེད། མྱུ་གུའི་གནས་སྐབས་འཛིན་པར་བྱེད་པའི་ཕྱིར། ཇི་སྐད་བཤད་པའི་ཉེས་པ་མེད་ཅིང༌། ས་མྱུག་རང་བཞིན་གཅིག་ཡིན་པའི་ཕྱིར། བདག་ལས་མི་སྐྱེ་བ་ཡང་མ་ཡིན་ནོ་ཞེ་ན། མྱུ་གུ་དེ་ཉིད་ཆོས་ཅན། ཁྱོད་ཀྱིས་ཇི་ལྟར་ས་བོན་རྣམ་པར་འཇིག་པར་བྱེད་པར་འགྱུར་ཏེ། ས་བོན་དང་རང་བཞིན་གཅིག་ཡིན་པའི་ཕྱིར། གཉིས་པ་རྒྱུ་འབྲས་ངོ་བོ་གཅིག་ཡིན་པ་དགག་པ་ལ། དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགག གནས་སྐབས་རྟག་ཏུ་བཟུང་དུ་ཡོད་མེད་མཚུངས་པར་ཐལ་བས་དགག་པའོ། །དང་པོ་ལ། དངོས་དང༌། དེའི་ཉེས་སྤོང་དགག དང་པོ་ནི། གྲངས་ཅན་ཁྱོད་ཀྱི་ལུགས་ལ་ཆོས་ཅན། མྱུ་གུའི་བྱེད་རྒྱུ་ས་བོན་གྱི་དབྱིབས་སོགས་ལས་ཐ་དད་པའི་མྱུ་གུའི་དབྱིབས་དང་ནི། ཁ་དོག་དང་རོ་དང་ནུས་པ་དང་སྨིན་པའི་ཐ་དད་མེད་པར་འགྱུར་ཏེ། ས་མྱུག་གཉིས་པོ་ངོ་བོ་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། ས་བོན་གྱི་གནས་སྐབས་བཏང་ནས་མྱུ་གུའི་གནས་སྐབས་སུ་འགྱུར་བའི་ཕྱིར། ཉེས་པ་མེད་དོ་ཞེ་ན། དེའི་ཚེ་ས་བོན་དེའི་རང་བཞིན་དེ་ཉིད་མྱུ་གུའི་རང་བཞིན་དུ་ཇི་ལྟར་འགྱུར་ཏེ། གལ་ཏེ་སྔར་གྱི་ས་བོན་གྱི་བདག་ཉིད་ཀྱི་དངོས་པོ་བསལ་ནས་དེ་ལས་གཞན་མྱུ་གུའི་ངོ་བོར་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གྲངས་ཅན་ཁྱེད་ཀྱི་ལྟར་ན། ས་བོན་དང་མྱུ་གུ་འཇིག་རྟེན་འདིར་གཞན་མ་ཡིན་ན། མྱུ་གུ་ཞེས་བྱ་བའི་གནས་སྐབས་དེར་ཆོས་ཅན། ས་བོན་བཞིན་དུ་མྱུ་གུ་ཡང་བཟུང་དུ་མེད་པའམ། ཡང་ན་ཇི་ལྟར་མྱུ་གུ་འདི་བཞིན་དུ་ས་བོན་དེ་ཡང་བཟུང་དུ་ཡོད་པར་འགྱུར་ཏེ། ས་མྱུག་དེ་དག་རང་བཞིན་གཅིག་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་དེ་ཕྱིར། ས་མྱུག་གཉིས་རང་བཞིན་གཅིག་ཡིན་པ་འདི་ནི་ཁས་མི་བློང༌། གཉིས་པ་ནི། ས་མྱུག་དེ་དག་རང་བཞིན་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ཏེ། གང་གི་ཕྱིར་ན་འཇིག་རྟེན་གྱིས་རྒྱུ་ས་བོན་ཞིག་ན་ཡང་དེའི་འབྲས་བུ་མྱུ་གུ་མཐོང་བའི་ཕྱིར། གཉིས་པ་ནི། དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟགས་པ་འདི་ཆོས་ཅན། དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ཏེ། ཕྱོགས་གཉིས་ཀ་དང་འགལ་བ་དེའི་ཕྱིར། གཉིས་པ་རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པ་ནི། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མ་ཡིན་ཏེ། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་བ་དང༌། སྐྱེད་བྱེད་དང༌། ལས་དང༌། བྱེད་པ་པོ་ཡང་གཅིག་ཉིད་དུ་ཐལ་བར་འགྱུར་ན། དེ་དག་ནི་གཅིག་ཉིད་མ་ཡིན་པས་ནའོ། །དེའི་རྒྱུ་མཚན་ཡང་གལ་ཏེ་ཡིན་ན། རྩ་བ་ཤེས་རབ་ལས་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཉིད་འགྱུར། །ཞེས་དང༌། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་སོ། །གཉིས་པ་གཞན་སྐྱེ་དགག་པ་ལ། གཞན་སྐྱེ་འདོད་པའི་ལུགས་འཐུན་མོང་དུ་དགག སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག དང་པོ་ལ། གཞན་སྐྱེ་བཀག་ནས་དེ་ལ་གནོད་པ་མེད་པར་བསྟན། རང་བཞིན་གྱིས་གྲུབ་པའི་སྐྱེ་བ་སྤྱིར་དགག་ནས་དེ་ལས་ཡོན་ཏན་འབྱུང་བར་བསྟན་པའོ། །དང་པོ་ལ། དངོས་དང༌། དེ་ལ་འཇིག་རྟེན་དང་རིགས་པས་མི་གནོད་པར་བསྟན་པའོ། །དང་པོ་ལ། རྩ་ཤེའི་རིགས་པས་ཧ་ཅང་ཐལ་བས་དགག རང་གི་རིགས་པས་རྣམ་པར་བརྟགས་ནས་དགག དང་པོ་ལ། ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། རང་སྡེ་དངོས་སྨྲ་བ་ན་རེ། བདག་ལས་སྐྱེ་བ་མེད་མོད། གཞན་སྐྱེ་ནི་ཡོད་དེ། རྒྱུ་འབྲས་རྫས་གཞན་ཡོད་པའི་ཕྱིར། ཞེ་ན། གལ་ཏེ་རྒྱུ་རྫས་གཞན་ལ་བརྟེན་ནས་འབྲས་བུ་རྫས་གཞན་ཞིག་འབྱུང་བར་འགྱུར་ན་ནི། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཞིང་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ན་སྐྱེད་པར་བྱེད་པ་མ་ཡིན་པ་སྟེ། རྒྱུ་འབྲས་མ་ཡིན་པར་འདོད་པའི་དངོས་པོ་མ་ལུས་པ་ལའང་རྫས་གཞན་ཉིད་དེ་མཚུངས་པའི་ཕྱིར། ཇི་སྐད་དུ། རྩ་ཤེ་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས། འདིར་ནི་ཐོག་མར་འགལ་བ་བརྗོད་པའི་ཐལ་འགྱུར་འཕེན་ཏེ། འདི་ལྟར་ས་མྱུག་གཉིས་ཆོས་ཅན། འབྲེལ་མེད་དུ་ཐལ། རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཅི་སྟེ་གཞན་ཡིན་ཀྱང་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར། ས་མྱུག་གཉིས་པོ་འབྲེལ་ལོ་ཞེ་ན། དེ་གཉིས་ཆོས་ཅན། རྒྱུན་གཅིག་ཏུ་གཏོགས་པ་མིན་པར་ཐལ། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར། འབྲེལ་མེད་དུ་འཕུལ་ཐུབ་པ་ན། མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་ཐལ། ས་མྱུག་གཉིས་དང་མེ་ལྕེ་དང་མུན་པ་གཉིས་རང་བཞིན་གྱིས་གཞན་དུ་མཚུངས་པར་གང་ཞིག ས་བོན་ལས་མྱུ་གུ་འབྱུང་བའི་ཕྱིར། འདི་ནི་རྒྱུ་མཚན་མཚུངས་པའི་མགོ་སྙོམས་སོ། །དེ་ལྟར་ཐལ་བ་ལས། དངོས་པོ་རྣམས་ཆོས་ཅན། གཞན་ལས་སྐྱེ་བ་མེད་དེ། རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར། འདི་ནི་གཞན་ལ་གྲགས་ཀྱི་གཏན་ཚིགས་སོ། །གཉིས་པ་ནི། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཉེས་པ་མེད་དེ། རྒྱུ་གང་གིས་རབ་ཏུ་བྱ་བར་ནུས་པ་དེའི་རྒྱུ་མཚན་གྱིས་རྒྱུ་དེའི་འབྲས་བུར་ངེས་པར་བརྗོད་ཅིང༌། གང་ཞིག་འབྲས་བུ་དེ་བསྐྱེད་ནུས་པ་དེ་ལས་གཞན་ཡིན་ནའང༌། དེའི་རྒྱུ་ཡིན་ལ། དེའང་གཞན་ཙམ་ཞིག་གིས་མི་ཆོག་པར་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་དང༌། སྐྱེད་པར་བྱེད་པའི་ནུས་པ་ཡོད་པ་ལས་སྐྱེ་བ་དེའི་ཕྱིར། ས་ལུའི་མྱུ་གུ་ནི་ནས་ལ་སོགས་པ་ལས་རང་བཞིན་གྱིས་གཞན་ཡིན་ཡང༌། རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་ལ་སོགས་པ་དེ་ལྟ་མ་ཡིན་པའི་ཕྱིར་ཞེ་ན། ས་ལུའི་ས་བོན་ཡང་ནི་ཆོས་ཅན། ས་ལུའི་མྱུ་གུ་དེའི་རྒྱུད་གཅིག་ཏུ་ཁོངས་སུ་གཏོགས་པ་ལ་སོགས་པའི་ཁྱད་ཆོས་བཞི་དང་ལྡན་པ་མ་ཡིན་ཏེ། དེ་ལས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན། ནས་དང་གེ་སར་དང་ནི་ཀེང་ཤུ་ཀ་ལ་སོགས་ས་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་པ་ཡང་མ་ཡིན། དེ་བསྐྱེད་པའི་ནུས་པ་དང་ལྡན་པ་ཡང་མ་ཡིན། དེ་དང་རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་ཡང་མ་ཡིན། དེ་དང་འདྲ་བ་སྟེ་དེའི་རིགས་འདྲ་སྔ་མ་ཡང་མ་ཡིན་པ་དེ་ཉིད་དེ་བཞིན་ནོ། །གཉིས་པ་ལ། རྒྱུ་འབྲས་དུས་མཉམ་མི་སྙམ་ལ་བརྟགས་ནས་དགག འབྲས་བུ་ལ་མུ་བཞིར་བརྟགས་ནས་དགག དང་པོ་ལ། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག དང་པོ་ནི། གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་ནི་བཏང་བར་བྱོས་ཤིང་སྟེ། མྱུ་གུ་རང་ལས་རྫས་གཞན་པའི་ས་བོན་ལས་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་པའི་ཕྱིར། དེ་བསྒྲུབ་པ་ནི། ས་བོན་ཆོས་ཅན། མྱུ་གུ་ལས་རྫས་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ། ཁྱོད་ཀྱི་དུས་སུ་གཞན་མྱུ་གུ་ཉིད་མེད་པར་གྱུར་པའི་ཕྱིར། རྟགས་གྲུབ་སྟེ། མྱུ་གུ་ས་བོན་དང་ནི་དུས་མཉམ་དུ་ཡོད་པ་མ་ཡིན་པའི་ཕྱིར། ངག་དོན་ས་མྱུག་གཉིས་ཆོས་ཅན་དུས་མཉམ་ཡིན་པར་ཐལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར། ཞེས་པ་འགལ་བ་བརྗོད་པའི་ཐལ་འགྱུར་དང༌། དེ་ལྟར་ཐལ་བ་ལས། ས་མྱུག་གཉིས་ཆོས་ཅན། རང་བཞིན་གྱིས་གཞན་མ་ཡིན་ཏེ། དུས་མཉམ་མ་ཡིན་པའི་ཕྱིར། ཞེས་པ་ནི་གཞན་ལ་གྲགས་ཀྱི་གཏན་ཚིགས་སོ། །གཉིས་པ་ལ། སྤྱིར་དགག བྱེ་བྲག་ཏུ་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ལ་གཞན་སྐྱེ་དགག དང་པོ་ལ་རྒྱུ་འབྲས་དངོས་ཀྱི་དུས་མཉམ་དགག བྱ་བ་ལ་དུས་མཉམ་དགག་པའོ། །དང་པོ་ནི། ས་མྱུག་གཉིས་དུས་མཉམ་པ་ཡིན་ཏེ། བསྐྱེད་པར་བྱ་བ་མྱུ་གུ་སྐྱེ་བ་དང༌། སྐྱེད་པར་བྱེད་པ་ས་བོན་དག་གི་འགག་པ་དུས་མཉམ་པར་འགྱུར་བའི་ཕྱིར། ཇི་ལྟར་ཏེ་དཔེར་ན། སྲང་གི་མགོ་མཇུག་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག་དུས་མཉམ་མ་ཡིན་པ་ནི་མ་ཡིན་པར་མཐོང་བ་དེ་བཞིན་དུའོ། །ཞེ་ན། ཤེས་བྱ་ཆོས་ཅན། དཔེ་དོན་མཚུངས་པ་དེ་ཡོད་པ་མ་ཡིན་ཏེ། གལ་ཏེ་དཔེའི་སྐབས་སུ་མཐོ་དམན་གཉིས་དུས་གཅིག་གི་ཚེ་ཡོད་པ་ཡིན་ན། དོན་གྱི་སྐབས་འདིར་མྱུ་གུ་སྐྱེ་བ་དང༌། ས་བོན་འགག་པ་དུས་གཅིག་ཏུ་མེད་པའི་ཕྱིར། དེ་བསྒྲུབ་པ་ནི། མྱུ་གུ་སྐྱེ་བ་དང༌། ས་བོན་འགག་པ་འདི་ནི་ཇི་ལྟ་བུར་ན་སྲང་གི་མཐོ་དམན་གཉིས་དང་མཚུངས་པ་ཡིན་ཏེ་མ་ཡིན་པར་ཐལ། གལ་ཏེ་སྐྱེ་བཞིན་པའི་མྱུ་གུ་དེ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་སྟེ། མ་འོངས་པ་ཡིན་པས། དེ་ལྟར་ཡོད་པ་མ་ཡིན་ཞིང་ས་བོན་འགག་བཞིན་པ་ནི་ཡོད་ཀྱང༌། འཇིག་པ་ལ་མངོན་པར་ཕྱོགས་པར་འདོད་པར་གྱུར་པ་སྟེ། སྐད་ཅིག་གཉིས་པར་མི་སྡོད་པ་དེའི་ཚེ་སྟེ་དེའི་ཕྱིར། གཉིས་པ་ནི། ས་མྱུག་གཉིས་པོ་དུས་མི་མཉམ་ཡང་གཞན་སྐྱེ་འཐད་དེ། དེ་གཉིས་ཀྱི་སྐྱེ་འགག་གི་བྱ་བ་དུས་མཉམ་པའི་ཕྱིར་ཞེ་ན། མྱུ་གུ་སྐྱེ་བ་འདི་ནི་ཆོས་ཅན། ས་བོན་དང་དུས་མཉམ་དུ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། བྱེད་པ་པོ་མྱུ་གུ་མེད་པར་རང་བཞིན་གྱིས་ཡོད་པར་རིགས་པའི་ངོ་བོ་ཡང་མིན་པའི་ཕྱིར། གཉིས་པ་ནི་རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་མེད་ཀྱང་སྤྱིར་གཞན་སྐྱེ་ཡོད་དེ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ལ་གཞན་སྐྱེ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་མིག་གི་བློ་ཆོས་ཅན། ཁྱོད་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ཡོད་ལས་འབྱུང་བ་དགོས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། རང་གི་ལྷན་ཅིག་འབྱུང་རྒྱུའི་དུས་སུ་ཡོད་པའི་ཕྱིར་ཏེ། དེ་ལས་རྫས་གཞན་ཉིད་དུ་ཡོད་པར་ཁས་བླངས་པའི་ཕྱིར། ཉེས་པ་དེ་སྤང་བར་འདོད་ནས་ཅི་སྟེ་རྒྱུ་དུས་ན་དེ་མེད་དོ་ཞེ་ན། འོ་ན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ལ་གཞན་སྐྱེ་མི་འཐད་པར་ཐལ། དུས་མ་མཉམ་པ་འདི་ལ་རང་བཞིན་གྱིས་གྲུབ་པའི་གཞན་ཉིད་མེད་དོ་ཞེས་ཉེས་པ་བཤད་ཟིན་པའི་ཕྱིར། གཉིས་པ་ནི། སྐྱེད་པར་བྱེད་པ་བསྐྱེད་བྱ་རྫས་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན་འབྲས་བུ་རང་བཞིན་གྱིས་ཡོད་པའམ། འོན་ཏེ་རང་བཞིན་གྱིས་མེད་པ་ཞིག་བསྐྱེད་པ་དང༌། རང་བཞིན་གྱིས་ཡོད་མེད་གཉིས་ཀ་བསྐྱེད་པ་དང༌། གཉིས་བྲལ་ཞིག་བསྐྱེད་པ་གང་ཡིན་བརྟག་གྲང་ན། དང་པོ་ལྟར་ན་མྱུ་གུ་ཆོས་ཅན། སྐྱེད་བྱེད་ཅི་དགོས་ཏེ། རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན། མྱུ་གུ་ཆོས་ཅན། ཁྱོད་ལ་རྒྱུ་རྫས་གཞན་དེས་ཅི་བྱ་སྟེ། རང་བཞིན་གྱིས་མེད་པའི་ཕྱིར། གསུམ་པ་ལྟར་ན། དེ་ཆོས་ཅན། རྒྱུ་རྫས་གཞན་དེས་ཅི་བྱ་སྟེ། རང་བཞིན་གྱིས་ཡོད་མེད་གཉིས་ཉིད་ཡིན་ནའང་གཉིས་ཀའི་ཉེས་པར་འགྱུར་བའི་ཕྱིར། བཞི་པ་ལྟར་ན། མྱུ་གུ་དེ་ཆོས་ཅན། རྒྱུ་རྫས་གཞན་དེས་ཅི་བྱ་སྟེ་ཡོད་མེད་གཉིས་ཀ་དང་བྲལ་བའི་ཕྱིར། འང་ཞེས་པ་ནི་ཕན་ཚུན་བསྡུད་པའོ། །དེ་ལ་འཇིག་རྟེན་དང་རིགས་པས་མི་གནོད་པར་བསྟན་པ་ལ། འཇིག་རྟེན་གྱི་མངོན་སུམ་གྱིས་མི་གནོད་པར་བསྟན། རྟག་ཆད་དུ་ཐལ་བའི་རིགས་པས་མི་གནོད་པར་བསྟན། དང་པོ་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། གཞན་ལས་སྐྱེ་བ་ཡོད་པ་འདིར་ནི། སྒྲུབ་བྱེད་ཀྱི་རིགས་པ་ཅི་ཞིག་དགོས་ཏེ། འཇིག་རྟེན་པ་གང་གིས་རང་གི་ལྟ་བ་ལ་གནས་ནས་འཇིག་རྟེན་གྱི་མཐོང་བ་ཚད་མར་འདོད་པས་ན། རྒྱུ་རྫས་གཞན་ལས་འབྲས་བུ་རྫས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་པར་འགྱུར་བ་སྟེ། འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་བརྟག་གོ་ཅི་ཞིག་བྱ་སྟེ། དགོས་པ་མེད་པ་དེས་ནའོ། །ཞེ་ན། ལན་ལ་འཇིག་རྟེན་གྱི་མཐོང་བ་ཚད་མ་མིན་པས་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱིས་མི་གནོད་པར་བསྟན། འཇིག་རྟེན་གྱི་མཐོང་བ་ཚད་མ་ཡིན་དུ་ཆུག་ཀྱང་དེས་གཞན་སྐྱེ་མི་འགྲུབ་པར་བསྟན། དང་པོ་ལ། དངོས་དང༌། འཇིག་རྟེན་གྱི་གནོད་ཡུལ་ངོས་བཟུང་བ་གཉིས། དང་པོ་ལ། དེ་ཁོ་ན་ཉིད་ལ་སྤྱོད་པའི་སྐབས་སུ་འཇིག་རྟེན་གྱིས་མཐོང་བ་ཚད་མ་མ་ཡིན་པར་བསྟན། ཡིན་པ་ལ་གནོད་བྱེད་ཀྱི་རིགས་པ་བརྗོད་པའོ། །དང་པོ་ལ། མཐོང་བ་ཡང་ལོག་སོ་སོར་དབྱེ་བའི་སྒོ་ནས་སྐབས་སུ་བབ་པའི་རྩོད་ལན་གདབ་པ། དེས་ན་བདེན་པ་གཉིས་ཀྱི་ཡུལ་ཅན་སོ་སོར་ངེས་པར་བསྟན། དང་པོ་ལ། མཐོང་བ་ཡང་ལོག་གཉིས་ཡོད་པའི་རྒྱུ་མཚན་གྱིས། དངོས་པོ་རྣམས་ལ་ངོ་བོ་གཉིས་གཉིས་འཛིན་པའི་ཚུལ། དེས་ན་མཐོང་བ་བརྫུན་པས་མཐོང་བ་བདེན་པ་ལ་མི་གནོད་པར་བསྟན། དང་པོ་ལ། དངོས་དང༌། མཐོང་བ་བརྫུན་པ་ལའང་ཡང་ལོག་སོ་སོར་ཕྱེ་བའོ། །ཕྱི་ནང་གི་དངོས་པོ་ཀུན་ཆོས་ཅན། ངོ་བོ་གཉིས་ནི་འཛིན་པར་འགྱུར་ཏེ། ཡང་དག་པ་མཐོང་བ་སྟེ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དངོས་པོ་རྙེད་པའི་ངོ་བོ་གཅིག་དང༌། བརྫུན་པ་མཐོང་བ་སྟེ། བྱིས་པའམ་འཕགས་པའི་རྗེས་ཐོབ་ཀྱི་དངོས་པོ་རྙེད་པའི་སྣང་ཚུལ་གཅིག་རྣམས་སུ་ཡོད་པའི་ཕྱིར། དེ་ལྟར་གཉིས་ཀྱི་ནང་ནས་ཡང་དག་པ་མཐོང་བའི་ཡེ་ཤེས་ཀྱི་ཡུལ་གྱི་གཙོ་བོ་གང་ཡིན་པ་དེ་ཆོས་ཅན། དོན་དམ་བདེན་པ་ཡིན་ཏེ། དེ་ཁོ་ན་ཉིད་ཡིན་པའི་ཕྱིར། མཐོང་བ་བརྫུན་པའི་ཡུལ་གང་ཡིན་པ་དེ་ཆོས་ཅན། མདོ་ལས་ཀུན་རྫོབ་ཀྱི་བདེན་པར་གསུངས་ཏེ། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་ཡིན་པའི་ཕྱིར། གཉིས་པ་ལ། ཡུལ་ཅན་གྱི་ཡང་ལོག་སོ་སོར་ཕྱེ་བ་དང༌། ཡུལ་གྱི་ཡང་ལོག་སོ་སོར་ཕྱེ་བའོ། །དང་པོ་ནི། མཐོང་བ་བརྫུན་པའང་ཆོས་ཅན། རྣམ་པ་གཉིས་སུ་འདོད་དེ། དབང་པོ་གསལ་བ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་དང༌། དབང་པོ་སྐྱོན་ལྡན་ཏེ་འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་གཉིས་སུ་ཡོད་པའི་ཕྱིར། སྐྱོན་དང་ལྡན་པའི་དབང་ཅན་རྣམས་ཀྱི་ཤེས་པ་ནི་ཆོས་ཅན། དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལ་ལྟོས་ནས་ལོག་པར་འདོད་དེ། དེ་ལ་ལྟོས་ནས་ལོག་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། གནོད་པ་མེད་པའི་དབང་པོ་སྟེ་འཇུག་ཤེས་དྲུག་པོ་རྣམས་ཀྱིས་བཟུང་བའི་དོན་གང་ཞིག་ཆོས་ཅན། འཕགས་པའི་གཟིགས་ངོར་བདེན་པ་མ་ཡིན་ཡང་འཇིག་རྟེན་ཉིད་ལས་བདེན་པར་རྣམ་པར་བཞག་པ་ཡིན་ཏེ། འཇིག་རྟེན་གྱི་ཚད་མས་རྟོགས་པའི་ཕྱིར། ལྷག་མིན་ཆོས་ཅན། འཕགས་པའི་གཟིགས་པ་ལ་མི་ལྟོས་པར་འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག་པ་ཡིན་ཏེ། ཁྱོད་ལ་འཇིག་རྟེན་གྱི་ཚད་མས་གནོད་པའི་ཕྱིར་ལྷག་མ་དེ་གང་ལ་བྱ་ཞེ་ན། མི་ཤེས་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་རྣམས་ཀྱི་གཙོ་བོ་ལ་སོགས་པའི་བདག་ཉིད་རང་རང་གི་གཞུང་ལུགས་ཇི་ལྟ་བ་བཞིན་བརྟགས་པ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། གཟུགས་བརྙན་སོགས་ལ་བརྟགས་པའི་རྟ་གླང་དང་ཆུ་དང་བྱད་བཞིན་ལ་སོགས་པ་གང་ཡིན་པ་དེ་དག་ཆོས་ཅན། ཁྱོད་ལ་འཇིག་རྟེན་གྱི་ཚད་མས་གནོད་པ་ཡིན་ཏེ། རིག་ཤེས་ལ་མི་ལྟོས་པར་འཇིག་རྟེན་ལས་ཀྱང་ཡོད་པ་མིན་པ་ཉིད་དུ་རྟོགས་པའི་ཕྱིར། དོན་ནི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། ལོག་པའི་ཀུན་རྫོབ་ཡིན་ཏེ་ཀུན་རྫོབ་ཀྱི་བདེན་པ་གང་ཞིག སྣང་བ་ལྟར་དོན་བྱེད་མི་ནུས་པར་འཇིག་རྟེན་གྱི་ཚད་མས་ཀྱང་རྟོགས་ནུས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱིས་མི་གནོད་དེ། དྲི་མ་མེད་པའི་ཡེ་ཤེས་སྤངས་པ་སྟེ། མ་རིགས་པའི་བསླད་པ་ཞུགས་པའི་བློས་དྲི་མ་མེད་པ་སྟེ་མ་རིག་པའི་བསླད་པ་དང་བྲལ་བའི་བློ་ལ་གནོད་པ་མ་ཡིན་པའི་ཕྱིར། ཇི་ལྟར་དེ་དཔེར་ན་མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས་རབ་རིབ་མེད་པའི་ཤེས་པ་ལ་གནོད་པ་མིན་པ་དེ་བཞིན་ནོ། །གཉིས་པ་ལ། ཀུན་རྫོབ་བདེན་པར་འཇོག་བྱེད་བདེན་འཛིན་ཡིན་པར་བསྟན། དོན་དམ་བདེན་པར་འཇོག་བྱེད་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཡིན་པར་བསྟན་པའོ། །དང་པོ་ནི། གཏི་མུག་བདེན་འཛིན་ཆོས་ཅན། ཀུན་རྫོབ་ཡིན་ཏེ། རང་བཞིན་ཏེ་གནས་ཚུལ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར། གང་ཟག་གི་བཅོས་མ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ཆོས་ཅན། འཇིག་རྟེན་ཕལ་པའི་ངོར་ཀུན་རྫོབ་ཀྱི་བདེན་པ་ཡིན་ཞེས་ཐུབ་པ་དེས་གསུངས་པ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་དེའི་དབང་གིས་སོ་སོ་སྐྱེ་བོ་རྣམས་ཀྱི་ངོར་བདེན་པར་སྣང་བའི་རྒྱུ་མཚན་གྱིས་ཀུན་རྫོབ་ཀྱི་བདེན་པར་བཞག་པའི་ཕྱིར། བཅོས་མར་གྱུར་པའི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཆོས་ཅན། འཕགས་པའི་རྗེས་ཐོབ་ཀྱི་གཟིགས་ངོར་ཀུན་རྫོབ་ཙམ་དུ་ཐུབ་པ་དེས་གསུངས་པ་ཡིན་ཏེ། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་བདེན་འཛིན་དེའི་དབང་གིས་འཕགས་པ་སློབ་པའི་རྗེས་ཐོབ་ཡེ་ཤེས་ལ་ཀུན་རྫོབ་ཙམ་དུ་སྣང་བའི་རྒྱུ་མཚན་གྱིས་ཀུན་རྫོབ་ཙམ་དུ་བཞག་པའི་ཕྱིར། འདིར་གཏི་མུག་ནི་བདེན་འཛིན་ལ་བྱ་ལ། བདེན་འཛིན་ལ་གཉིས་ཏེ། ཉོན་མོངས་པ་ཅན་གྱི་བདེན་འཛིན་དང༌། ཉོན་མོངས་ཅན་མ་ཡིན་པའི་བདེན་འཛིན་ནོ། །དང་པོ་ནི། སོ་སོ་སྐྱེ་བོས་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ལ་བྱ་སྟེ། དེ་ཉིད་ངར་འཛིན་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་ཞིང༌། དེས་ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་ནུས་པའི་ཕྱིར། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་སོགས་དང༌། གནས་དང་བཅས་པའི་སེམས་ཡོད་ན། །ཉོན་མོངས་དུག་ཆེན་ཅིས་མི་འགྱུར། །ཞེས་པ་ལྟར་རོ། །འཕགས་པའི་མཉམ་གཞག་ཏུ་ནི་བདེན་འཛིན་མི་འབྱུང་ལ། རྗེས་ཐོབ་དག་པ་འཇིག་རྟེན་པ་ལ་གནས་པའི་འཕགས་རྒྱུད་ཀྱི་བུམ་སོགས་ལ་བདེན་པར་འཛིན་པའི་བདེན་འཛིན་ལ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་བདེན་འཛིན་ཞེས་བྱ་སྟེ། འཕགས་པ་དེས་བུམ་སོགས་བདེན་སྟོང་དུ་མངོན་སུམ་དུ་གཟིགས་པས། རྗེས་ཐོབ་དག་པ་འཇིག་རྟེན་པ་ལ་གནས་པའི་འཕགས་པ་དེའི་རྒྱུད་ལ། བུམ་སོགས་ལ་དམིགས་པའི་ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་བདེ་འཛིན་མི་འབྱུང་བའི་ཕྱིར་དང༌། འཕགས་པ་དེའི་རྒྱུད་ལ་རང་གི་ཕུང་པོ་ལ་བདེན་པར་འཛིན་པའི་མ་རིག་པ་དབང་ལྡན་དུ་ཡོད་ཀྱང༌། དེ་དང་ངར་འཛིན་མཚུངས་པར་ལྡན་པ་མི་སྲིད་དེ། དེས་རང་གི་ཕུང་པོ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། ཇི་སྐད་དུ། དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཞེས་དང༌། ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཏེ། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུངས་སོ། །གཞན་དུ་ན་འཕགས་པ་དེས་གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པར་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་བདེན་པར་དམིགས་པའི་ཕྱིར། ཞེས་པའི་ཉེས་པར་འགྱུར་རོ། །དེ་ལྟར་ནའང༌། ཉན་རང་སློབ་པ་དང༌། མ་དག་སའི་རྗེས་ཐོབ་ཏུ་ཉོན་མོངས་པ་ཅན་གྱི་མ་རིག་པ་མེད་པ་ནི་མ་ཡིན་ཏེ། དེར་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་གྱུར་རྒྱུན་ཆད་པའི་སྐབས་སྲིད་པས། ཕུང་པོ་ལ་བདེན་པར་འཛིན་པའི་མཚན་འཛིན་མངོན་གྱུར་འབྱུང་སྲིད་ལ། དེའི་ཚེ་དེ་དང་མཚུངས་ལྡན་དུ་འཇིག་ལྟའང་འབྱུང་ལ། དེ་ལས་ཆགས་སོགས་ཉོན་མོངས་གཞན་འབྱུང་སྲིད་པའི་ཕྱིར། དག་པ་སར་ནི་མཚན་འཛིན་མངོན་དུ་གྱུར་པའི་སྐབས་མི་སྲིད་ཀྱང༌། མཚན་འཛིན་གྱི་ས་བོན་སྤངས་པ་ནི་མ་ཡིན་ཏེ། དེ་སྤངས་པ་སངས་རྒྱས་ལས་གཞན་ལ་མི་སྲིད་པའི་ཕྱིར། དེ་ལྟར་ན་གཞུང་འདི་ལ། འདི་ལྟར་བྱ་སྟེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཀུན་རྫོབ་དེས་གང་བཅོས་མར་གྱུར་པ་ཡི། །དངོས་ནི་ཀུན་རྫོབ་ཏུ་སྣང་དེ་ཡི་ཕྱིར། །ཀུན་རྫོབ་ཙམ་དུ་ཐུབ་པ་དེས་གསུངས་ཏེ། །ཞེས་སྦྱར་རོ། །དེ་ལྟར་ན་བུམ་སོགས་རྟེན་འབྲེལ་འདི་ཆོས་ཅན། ཁྱོད་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཁྱོད་སོ་སྐྱེའི་ཀུན་རྫོབ་ཀྱི་ངོར་བདེན་པར་སྣང་བས་ཀུན་རྫོབ་བདེན་པར་བཞག འཕགས་པའི་རྗེས་ཐོབ་ཀྱི་ངོར་བདེན་པར་མི་སྣང་ཡང་ཀུན་རྫོབ་ཙམ་དུ་སྣང་བས་ཀུན་རྫོབ་ཀྱི་བདེན་པར་བཞག་པའི་ཕྱིར། དེའང་སོ་སོ་སྐྱེ་བོའི་ཀུན་རྫོབ་ནི། ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ཞིང༌། ཁྱད་པར་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་གཙོ་བོ་ཡིན་ཏེ། སྐྱེ་འཕགས་གཉིས་ཀྱི་མ་རིག་པའི་ཁྱད་པར་ནི། གཙོ་བོར་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་ཡིན་མིན་ལས་བྱེད་པའི་ཕྱིར། དེ་སྐད་དུ། འགྲེལ་པ་ལས། དེ་ལྟར་ན་སྲིད་པའི་ཡན་ལག་གིས་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་བཞག་གོ །ཞེས་གསུངས་པས་སོ། །འཕགས་པའི་ཀུན་རྫོབ་ནི་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ལ་བྱ་བ་ཡིན་ལ། དེ་ཡང་གཞན་དག་འདོད་པ་ལྟར་མ་རིག་པའི་བག་ཆགས་ལ་མི་བྱ་ཡི། ཉོན་མོངས་པ་དང་མངོན་གྱུར་དུ་མཚུངས་པར་མི་ལྡན་པའི་བདེན་འཛིན་ལ་བྱ་དགོས་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་པར། བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། ཞེས་གསུངས་སོ༌། །འདིར་ཁ་ཅིག་ན་རེ། ཉན་རང་དང་བྱང་སེམས་ལ་ཀུན་རྫོབ་ཙམ་དུ་སྣང་བར་གསུངས་པ་དེ་ཡང་ཉན་རང་དགྲ་བཅོམ་དང་དག་སའི་བྱང་སེམས་ལ་འཆད་དགོས་ཏེ། འགྲེལ་པར། དེ་ཡང་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་རྣམ་ཤེས་གསུངས་པས་སོ། །ཞེས་ཟེར་རོ། །འོ་ན་ཉན་རང་འཕགས་པ་སློབ་པ་དང༌། མ་དག་སའི་བྱང་སེམས་ལ་དོན་དམ་བདེན་པ་མི་སྣང་བར་འགྱུར་ཏེ། འགྲེལ་པར། རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་སྟེ། ཞེས་གསུངས་པའི་ཕྱིར། ཅི་སྟེ་མ་རིག་པས་བསླད་པའི་ཤེས་པ་ལ་དོན་དམ་བདེན་པར་མི་སྣང་བ་ལ་དགོངས་སོ་ཞེ་ན། ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་ཤེས་པ་ཡང༌། མ་རིག་པས་བསླད་པའི་ཤེས་པ་སྤངས་པ་ལ་འདོད་དགོས་ལ། དེ་ལྟར་ན་ཉན་ཐོས་དགྲ་བཅོམ་དང་དག་སའི་བྱང་སེམས་ཀྱིས་ཀྱང་མ་རིག་པའི་བསླད་པ་སྤངས་པར་འགྱུར་ལ། དེ་ལྟ་ན་མ་རིག་པའི་བག་ཆགས་ཤེས་སྒྲིབ་ཏུ་འདོད་པ་སོགས་དང་འགལ་ལོ། །ཡང་དག་པ་སར་བདེན་སྣང་ཡོད་པར་འདོད་པ་ལ། འདིར་འཕགས་པ་གསུམ་དང༌། སོ་སོ་སྐྱེ་བོ་ལ་བདེན་སྣང་ཡོད་མེད་ཀྱིས། ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་དུ་འཇོག་པའི་ཁྱད་པར་འབྱེད་པའང་འགལ་ལོ། །དེར་མ་ཟད་མ་རིག་པ་དང་བདེན་འཛིན་ཁྱབ་མཉམ་དུ་འདོད་པ་དང༌། བདེན་འཛིན་གང་ཡིན་ཉོན་མོངས་ཅན་གྱི་མ་རིག་པར་འདོད་པ་དང༌། འདིར་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པར་བཤད་པ་བཞིན་དུ་ཁས་ལེན་པ་ནི་ནང་འགལ་ལོ། །དེ་ལྟར་ན་འདིར་མ་རིག་པ་དང་ལྡན་པ་ལ་རང་བཞིན་མི་སྣང་བར་བཤད་པ་དེ་སོ་སོ་སྐྱེ་བོ་ལ་དགོངས་ཤིང༌། དེ་ཡང་ཡང་སྲིད་འཕེན་བྱེད་ཀྱི་མ་རིག་པ་ཉིད་ཡིན་པར་བཤད་ལ། དེ་སྤངས་པར་བཤད་པ་དེ་ཡང་འཕགས་པ་ཙམ་ལ་བྱེད་པར་གོང་འོག་གི་འགྲེལ་པ་ལ་བསམས་ན་ཤིན་ཏུ་གསལ་བས། སྤངས་པའི་དོན་ཡང་བདེན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་བྱ་བ་ཡིན་གྱི་བདེན་འཛིན་གྱི་ས་བོན་སྤངས་པ་ལ་བྱ་དགོས་པ་མ་ཡིན་ཏེ། རྟེན་འབྲེལ་གཟུགས་བརྙན་དང་འདྲ་བར་བཅོས་མའི་རང་བཞིན་དུ་གཟིགས་པ་ལ་བདེན་སྟོང་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཙམ་གྱིས་ཆོག་པ་ཡིན་གྱི། བདེན་འཛིན་གྱི་ས་བོན་སྤངས་མི་དགོས་པའི་ཕྱིར། དཔེར་ན་དྲི་མེད་ཡེ་ཤེས་སྤངས་པའི་བློས་ཤེས་སྒྲིབ་བདེན་འཛིན་གྱིས་ཡེ་ཤེས་སྤངས་པར་བཤད་པ་བཞིན་དུ། ཡེ་ཤེས་ལའང་མ་རིག་པ་སྤངས་པའི་སྒྲ་སྦྱར་དུ་རུང་བའི་ཕྱིར་དང༌། ཚ་གྲང་གཉིས་ཕན་ཚུན་སྤངས་འགལ་དུ་བཤད་པ་ལྟ་བུ་དང༌། བླུན་པོ་ཚད་མར་རིག་པའང་མ་ཡིན་ནོ་ཞེས་པའི་འགྲེལ་པར། འཇིག་རྟེན་ཚད་མ་ཉིད་དུ་ཁས་བླངས་པ་ཡིན་ན། དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ཡིན་པའི་ཕྱིར། མ་རིག་པ་སྤངས་པ་ཡིན་པར་བྱ་དགོས་ན། གང་གི་ཕྱིར་བླུན་པོ་ཚད་མར་རིག་པའང་མ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཡང་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་སྤངས་པ་ཞེས་བཤད་ན་ཤིན་ཏུ་འགྲིག་གོ །གཉིས་པ་ནི། དོན་གྱི་སྐབས་འདིར་ཆོས་ཅན། མ་རིག་པའི་མཐུ་ཡིས་བུམ་སོགས་ཀྱི་སྟེང་དུ་བདེན་པར་གྲུབ་པའི་ངོ་བོ་ལོག་པ་གང་ཞིག་རྣམ་པར་བརྟགས་པ་དང༌། བུམ་སོགས་ཀྱི་དེ་ཉིད་བདག་ཉིད་གང་དུ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཅིར་ཡང་མ་གཟིགས་པ་གཉིས་ཀྱི་ནང་ནས་ཕྱི་མ་ལ་བུམ་སོགས་ཀྱི་གནས་ཚུལ་གཟིགས་པ་ཞེས་བྱ་ཞིང༌། བུམ་པ་བདེན་པས་སྟོང་པ་དེ་དོན་དམ་བདེན་པ་ཡིན་པར་ཤེས་པར་གྱིས་ཤིག་སྟེ། ཇི་ལྟར་ཏེ་དཔེར་ན། རབ་རིབ་ཀྱི་མཐུ་ཡིས་བསེ་རུ་ལ་སོགས་པའི་སྣོད་ཀྱི་ནང་དུ་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་གང་ཞིག་རྣམ་པར་བརྟགས་པ་དེ་དང༌། བདག་ཉིད་གཞི་གང་དུ་སྐྲ་ཤད་དེ་ཉིད་མིག་དག་པས་མ་མཐོང་བའི་ཚུལ་གྱིས་སྐྲ་ཤད་མེད་པར་མཐོང་བ་སྟེ། གཉིས་པོ་དེའི་ནང་ནས་སྐྲ་ཤད་དུ་སྣང་བ་དེའི་དེ་ཁོ་ན་ཉིད་ནི། རབ་རིབ་མེད་པས་མཐོང་བ་དེ་ཡིན་གྱི་རབ་རིབ་ཅན་གྱི་མཐོང་བ་དེ་མ་ཡིན་པ་བཞིན་ནོ། །མ་རིག་མཐུ་ཡིས་ཕུང་པོ་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་བློ་དག་པས། །མཐོང་སྟེ་དེ་ཉིད་དོན་དམ་ཡིན་ཤེས་གྱིས། །མདོར་ན། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པས། རབ་རིབ་ཅན་ལ་འཁར་གཞོང་གི་ནང་དུ་སྐྲ་ཤད་སྣང་བ་ལྟར་སོ་སོ་སྐྱེ་བོ་ལ་རྟེན་འབྲེལ་བདེན་གྲུབ་ཏུ་སྣང་བར་བཤད། གཞུང་འདིས་རབ་རིབ་དང་བྲལ་བའི་གང་ཟག་ལ་འཁར་གཞོང་དུ་སྐྲ་ཤད་མི་སྣང་བའི་དཔེས་འཕགས་པའི་མཉམ་གཞག་ཡེ་ཤེས་ལ། རྟེན་འབྲེལ་བདེན་སྟོང་དུ་སྣང་བར་བཤད་ནས་བདེན་སྟོང་དེ་ཉིད་དོན་དམ་བདེན་པར་བཤད་པ་ཡིན་ནོ། །ཡང་བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པས་རབ་རིབ་ཅན་ལ་སྐྲ་ཤད་སྣང་བའི་དཔེས། འཕགས་པ་སློབ་པའི་རྗེས་ཀྱི་ཤེས་པ་ལ། ཀུན་རྫོབ་ཙམ་གྱི་སྣང་བ་འཆར་བར་བཤད་ཅིང༌། གཞུང་འདིས་འཕགས་པ་སློབ་པའི་མཉམ་གཞག་ཡེ་ཤེས་དང༌། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་གཟིགས་ངོར་ཀུན་རྫོབ་ཀྱི་སྣང་བ་མེད་པར་བཤད་ནས། དེ་དག་གིས་གང་དུ་ཡང་མ་གཟིགས་པ་དེ་ཉིད་དོན་དམ་པའི་བདེན་པར་བཤད་པ་ཡིན་ནོ། །མདོར་ན་གཞུང་ཕྱི་མ་གཉིས་ཀྱི། དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་པའི་གཞུང་འཛུགས་པར་བྱེད་དོ། །དེ་ལྟར་བྱས་ན་གཞུང་གི་དགོངས་པ་ནི། ཇི་སྲིད་རབ་རིབ་མ་བསལ་བ་དེ་སྲིད་སྐྲ་ཤད་ཀྱི་སྣང་བ་མི་ཟློག་པ་དེ་བཞིན་དུ། ཇི་སྲིད་མ་རིག་པའི་བག་ཆགས་མ་སྤངས་པ་དེ་སྲིད་དུ་ཀུན་རྫོབ་ཀྱི་སྣང་བ་འཆར་ལ། རབ་རིབ་བསལ་བ་ན་སྐྲ་ཤད་ཀྱི་སྣང་བ་བཟློག་པ་དེ་བཞིན་དུ། མ་རིག་པའི་བག་ཆགས་སྤངས་པའི་སངས་རྒྱས་ཀྱི་གཟིགས་ངོར་ཀུན་རྫོབ་སྣ་ཚོགས་ཀྱི་སྣང་བ་འདི་མི་འཆར་བར་བཞེད་པ་ཡིན་ནོ། །འདིར་ལ་ཁ་ཅིག་ན་རེ། ཀུན་རྫོབ་ཀྱི་བདེན་པ་རྣམས་ཆོས་ཅན། མེད་པར་ཐལ། སངས་རྒྱས་ཀྱི་གཟིགས་ངོར་མེད་པའི་ཕྱིར། ཞེས་ཟེར་བ་ལ། འགའ་ཞིག་ལན་འདེབས་པའི་ངལ་བ་བརྒྱ་ཕྲག་དུ་མ་བྱེད་མོད་ཀྱང༌། སངས་རྒྱས་ཀྱི་གཟིགས་ངོར་ཀུན་རྫོབ་ཀྱི་སྣང་བ་ཡོད་པར་བཤད་ན། གཞུང་འདིའི་ཕྱོགས་སྔ་མར་འགྱུར་ལ། དེ་ལྟར་ན་ཡང་སངས་རྒྱས་ཀྱིས་ཇི་སྙེད་པ་མི་མཁྱེན་པར་ཐལ་བའི་ཉེས་པ་མེད་དེ། སེམས་ཅན་གྱི་བློ་ལ་སྣང་ཚུལ་མཁྱེན་པས་ཇི་སྙེད་པ་མཁྱེན་པར་འཇོག་པའི་ཕྱིར། གཞན་དུ་ན་སྐྲ་ཤད་དུ་སྣང་བ་ཆོས་ཅན། མེད་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བའི་ཕྱིར། མ་གྲུབ་ན་སངས་རྒྱས་ཀྱི་ཡེ་ཤེས་དང་རབ་རིབ་ཅན་གྱི་མིག་ཤེས་ལ་སྣང་ཚུལ་མཚུངས་པར་འགྱུར་ཏེ། རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་དེ་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བའི་ཕྱིར། དེ་བཞིན་དུ་ལྐོག་གྱུར་དང༌། དོན་སྤྱི་དང༌། སེམས་ཅན་དམྱལ་བའི་སྡུག་བསྔལ་དང༌། རྟེན་ནས་བཏགས་པའི་ང་ཙམ་སོགས་ཀྱང་མེད་པར་འགྱུར་ཏེ། སངས་རྒྱས་ཀྱི་གཟིགས་ངོར་མི་སྣང་བའི་ཕྱིར། དེས་ན། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་འོག་ནས་འཆད་པར་འགྱུར་བ་ལྟར་ཁས་བླང་བར་བྱའོ། །གཉིས་པ་འཇིག་རྟེན་གྱི་མཐོང་བ་ཚད་མ་ཡིན་པ་ལ་གནོད་བྱེད་བསྟན་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་དེ་ཁོ་ན་ཉིད་ལ་སྤྱོད་པའི་སྐབས་སུ། འཇིག་རྟེན་ཚད་མ་ཡིན་ན་ནི། དེ་ཁོ་ན་ཉིད་གཟིགས་པའི་འཕགས་པ་གཞན་གྱིས་ཅི་ཞིག་བྱ་སྟེ་དགོས་པ་མེད་པར་ཐལ། འཇིག་རྟེན་གྱི་མིག་ལ་སོགས་པས་དེ་ཁོ་ན་ཉིད་མཐོང་བའི་ཕྱིར། མདོར་ན་འཕགས་པའི་ལམ་གྱིས་ཅི་ཞིག་བྱ་སྟེ། དེ་ཚོལ་བ་ལ་ངལ་བ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟར་ཐལ་བ་ལས། འཕགས་ལམ་སྤངས་པའི་འཇིག་རྟེན་པ་ཆོས་ཅན། དེ་ཁོ་ན་ཉིད་ལྟ་བ་ལ་ཚད་མར་རིག་པའང་མ་ཡིན་ཏེ། དེ་ཁོ་ན་ཉིད་མི་ཤེས་པའི་བླུན་པོ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་སྐབས་སུ་འཇིག་རྟེན་གྱི་མཐོང་བ་དང་འགལ་ཡང་འཇིག་རྟེན་གྱིས་གནོད་པ་མེད་དེ། དེའི་སྐབས་སུ་རྣམ་པ་ཀུན་ཏུ་འཇིག་རྟེན་ཚད་མ་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་ནའང་འཇིག་རྟེན་གྱི་གནོད་ཡུལ་མེད་པ་མ་ཡིན་ཏེ། འཇིག་རྟེན་ལ་གྲགས་པའི་དོན་ནི་འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་གལ་ཏེ་སེལ་ན། འཇིག་རྟེན་གྱིས་གནོད་པར་འགྱུར་བའི་ཕྱིར། དཔེར་ན་བུམ་པ་ནི་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་བུམ་པ་བཞིན་ནོ། །ཞེས་ཟེར་བ་ལ་འཇིག་རྟེན་གྱི་གྲགས་པས་གནོད་པ་བཞིན་ནོ། །སྐབས་འདིའི་འགྲེལ་པར། མཁས་པས་ཕྱོགས་འདིས་གཞན་ཡང་དཔྱད་པར་བྱའོ་ཞེས་གསུངས། དེའི་དོན་ནི། སངས་རྒྱས་ཀྱི་གཟིགས་ངོར་ཀུན་རྫོབ་མི་སྣང་བར་ཁས་བླངས་པ་ལ་འཇིག་རྟེན་གྱི་གྲགས་པས་མི་གནོད་པར་ཡང་བསྟན་ནོ། །གཉིས་པ་ནི། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད་དེ། གང་གི་ཕྱིར་ན་འཇིག་རྟེན་པ་བུའི་ས་བོན་ཙམ་བཏབ་ནས་བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད་ཅིང༌། ཤིང་གི་ས་བོན་ཙམ་བཙུགས་ནས་ཤིང་གི་སྡོང་པོ་འདི་ཡང་བདག་གིས་བཙུགས་སོ་སྙམ་དུ་རྟོག་པ་དེས་ན་སྟེ། དེའི་ཕྱིར། འོ་ན་གཞུང་འདི་ལྟར་ན། འཇིག་རྟེན་གྱི་གྲགས་པས་གཞན་སྐྱེ་འགོག་ནུས་པར་འགྱུར་རོ་ཞེ་ན། གཞན་སྐྱེ་འཇིག་རྟེན་ལ་མ་གྲགས་པས་གཞན་སྐྱེ་མེད་ཅེས་པ་གཞུང་གི་དགོངས་པར་འཆད་ན། དེ་ལྟར་འགྱུར་མོད། གཞུང་འདིས་ནི་གཞན་སྐྱེ་འཇིག་རྟེན་ན་མ་གྲགས་པའི་རྟགས་ཀྱིས་ཐ་སྙད་དུ་ཡང་གཞན་སྐྱེ་མེད་པར་བཤད་པ་ཡིན་ནོ། །གཉིས་པ་རིགས་པས་མི་གནོད་པར་བསྟན་པ་ནི། དེ་ལྟར་སྐྱེ་བ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་ཆོས་ཅན། མྱུ་གུའི་དུས་སུ་ས་བོན་གྱི་རིགས་འདྲ་རྒྱུན་ཆད་པར་ཐལ་བའི་ཉེས་པ་མེད་དེ། གང་གི་ཕྱིར་ན་མྱུ་གུ་ས་བོན་ལས་རང་བཞིན་གྱིས་གཞན་མ་ཡིན་པ་དེའི་ཕྱིར་རམ་རྒྱུ་མཚན་གྱིས་མྱུ་གུ་སྐྱེས་པ་དེའི་ཚེ་ས་བོན་གྱི་རིགས་འདྲ་ཞིག་པ་དེ་རྒྱུན་ཆད་པ་མེད་པའི་ཕྱིར། ཆོས་ཅན། ས་བོན་རྟག་པར་ཐལ་བའི་ཉེས་པ་མེད་དེ། གང་གི་ཕྱིར་ས་མྱུག་གཉིས་པོ་རང་བཞིན་གྱིས་གྲུབ་པའི་གཅིག་ཉིད་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཡང་སྟེ། རྒྱུ་མཚན་གྱིས་མྱུ་གུའི་ཚེ་ན་ས་བོན་ཡོད་ཅེས་བརྗོད་པར་མི་བྱ་བ་ཡིན་པའི་ཕྱིར། མདོར་ན་ས་མྱུག་གཉིས་རང་བཞིན་གྱིས་གཞན་མ་ཡིན་ན། གཅིག་ཡིན་དགོས་ཏེ། དེ་ལྟ་ན་ས་བོན་གྱི་དུས་སུ་མྱུ་གུ་ཡོད་པ་དང༌། མྱུ་གུའི་དུས་སུ་ས་བོན་ཡོད་དགོས་པས། ས་མྱུག་གཉིས་རྟག་པར་ཐལ་བ་དང༌། གལ་ཏེ་མེད་ན་མྱུ་གུའི་དུས་སུ་ས་བོན་གྱི་རིགས་འདྲ་རྒྱུན་ཆད་པར་ཐལ་བའི་ཉེས་པ་ཡོད་དོ་སྙམ་པའི་དོགས་པ་ཤུགས་ལ་གནས་པ་གཞུང་འདིས་བསལ་ལོ། །གཉིས་པ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་སྤྱིར་བཀག་ནས། དེ་ལས་ཡོན་ཏན་འབྱུང་བའི་ཚུལ་བཤད་པ་ལ། དངོས་དང་རང་བཞིན་མེད་པར་བསྟན་པའི་ཡོན་ཏན་ནོ། །དང་པོ་ལ་རང་བཞིན་ཡོད་པ་ལ་གནོད་བྱེད་དང༌། མེད་པའི་སྒྲུབ་བྱེད་བཤད་པ། དེ་ལ་མངོན་སུམ་དང་འགལ་བ་སྤང་བའོ། །དང་པོ་ལ། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། ཐ་སྙད་བདེན་པ་ཉམས་པར་ཐལ་བ་སྤང་བའོ། །དང་པོ་ནི། སེམས་ཙམ་པ་ན་རེ། རང་བཞིན་གྱིས་སྐྱེ་བ་ཡོད་དེ། གཞན་དབང་རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེ་ན། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་དང་རྐྱེན་ལ་ལྟོས་ནས་སྐྱེ་བར་འགྱུར་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པར་ཐལ། དངོས་པོ་རང་བཞིན་གྱིས་གྲུབ་པ་གང་ཞིག་ཁྱོད་ཀྱིས་དེ་མེད་པར་མཐོང་བའི་ཕྱིར། དེ་འདོད་ན། སྟོང་པ་ཉིད་དེ་དངོས་པོ་འཇིག་པའི་རྒྱུར་ཐལ་བར་འགྱུར་ཏེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་དེས་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པའི་རྒྱུ་མཚན་གྱིས་སྟོང་པ་ཉིད་ཀྱིས་དངོས་པོ་འཇིག་པར་བྱེད་པའི་ཕྱིར། དེ་ལྟར་ཐལ་བ་ལས་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་དངོས་པོའི་རང་བཞིན་ལ་སྐུར་པ་འདེབས་པ་དང༌། སྟོང་ཉིད་དངོས་པོའི་འཇིག་རྒྱུ་ཡིན་པ་དེ་ནི་རིགས་པ་མ་ཡིན་པ་དེའི་ཕྱིར། དེའི་ཤེས་བྱེད་ནི་ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུང་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད། མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། ཞེས་སོགས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཞེས་འགྲེལ་པར་དྲངས་སོ། །ལུང་དེའི་དོན་ནི། སྟོང་པ་ཉིད་ཀྱིས་དངོས་པོའི་རང་བཞིན་འཇིག་པར་བྱེད་པ་མ་ཡིན་གྱི། དངོས་པོ་རྣམས་ཉིད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཞེས་པའི་དོན་ཡིན་ལ། དོན་དེ་ཉིད་སྟོན་པའི་དབང་དུ་བྱས་ནས། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན་ཞེས་པའི་གཞུང་འདི་གསུངས་པ་ཡིན་པས། གཞུང་འདིས་ནི་རྣམ་རིག་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་དང༌། དེ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང༌། དེ་འདྲའི་སྟོང་ཉིད་དེ་ཆོས་ཅན། གཞན་དབང་དང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདེན་གྲུབ་ཏུ་འདོད་པ་དེ་དགག་བྱའི་གཙོ་བོར་བྱས་ནས་འགོག་པ་ཡིན་ཏེ། འདིའི་ཐད་ཀྱི་འགྲེལ་པར། གང་ཞིག་གཞན་གྱི་དབང་གི་ངོ་བོ་ཁས་བླངས་ནས་དེ་ལ་བརྟེན་པའི་སྟོང་པ་ཉིད་གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་ཅན། མི་རྟག་པ་ཉིད་ལ་སོགས་པ་ལྟར་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པར་སེམས་པ་དེའི་ལྟར་ན། སྟོང་པ་ཉིད་ཁོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་གྱི། རང་བཞིན་གྱིས་ནི་མ་ཡིན་ནོ། །ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་སེམས་ཙམ་པས་གཞན་དབང་བདེན་གྲུབ་ཏུ་ཁས་བླངས་པ་ལ། འཇིག་པ་རྒྱུ་བཅས་སུ་འདོད་པ་ལྟར་ན། བུམ་པ་དེ་རང་ལས་དོན་གཞན་དུ་གྱུར་པའི་ཐོ་བས་འཇིག་པར་བྱེད་ཀྱི། རང་བཞིན་གྱིས་འཇིག་པར་མི་འདོད་པ་དེ་བཞིན་དུ། རྣམ་རིག་པ་ཁྱོད་ལྟར་ན་ཡང་ཆོས་ཅན་གཞན་དབང་གི་སྟེང་གི་སྟོང་ཉིད་དེ་གཞན་དབང་གི་རང་བཞིན་དུ་ཡོད་པ་མ་ཡིན་པར་ཆོས་ཅན་གཞན་དབང་གི་གཟུང་བ་ཀུན་བརྟགས་དང་འཛིན་པ་ཀུན་བརྟགས་གཉིས་ཀྱིས་སྟོང་པའི་སྟོང་ཉིད་ལ་འདོད་ན། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། གཞན་དབང་གི་འཇིག་རྒྱུར་ཐལ། གཞན་དབང་རང་བཞིན་གྱིས་གྲུབ་པ་གང་ཞིག ཁྱོད་ཀྱིས་གཞན་དབང་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། ཞེས་པའི་གནོད་བྱེད་འཕེན་པར་གསལ་ལོ། །གཉིས་པ་ནི། འོ་ན་ཁྱོད་དབུ་མ་པས་དོན་དམ་པར་གཞན་སྐྱེ་བཀག་མོད། ཐ་སྙད་དུ་གཞན་སྐྱེ་ཁས་ལེན་དགོས་ཏེ། ཐ་སྙད་དུ་སྐྱེ་བ་ཁས་ལེན་པའི་ཕྱིར། དེ་ལྟ་མ་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། མྱུ་གུ་སྐྱེ་ན་གཞན་སྐྱེ་ཡོད་མི་དགོས་ཏེ། བདག་སྐྱེ་དང་གཞན་སྐྱེ་སོགས་ནི་རིགས་པས་དཔྱད་པ་བྱས་པའི་རྣམ་གཞག་ཡིན་ལ། ངེད་དབུ་མ་པ་ལྟར་ན། འཇིག་རྟེན་ཀྱི་ཐ་སྙད་ཀྱི་བདེན་པ་ལ་ནི། རྣམ་པར་དཔྱད་ནས་ཁས་ལེན་པར་མི་བྱ་བའི་ཕྱིར། གང་གི་ཕྱིར་ན་དངོས་པོ་འདི་དག་མཐའ་བཞི་པོ་གང་ལས་སྐྱེ་ཞེས་རྣམ་པར་དཔྱད་ན། དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་དངོས་པོ་སྟེ། མ་སྐྱེས་པ་དང་མ་འགགས་པ་ལས། ཚུ་རོལ་དུ་སྐྱེ་བ་དང༌། འགག་པ་སོགས་ཀྱི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར། ཁ་ཅིག དབུ་མ་རང་རྒྱུད་པས་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་པ་ལ་གཞུང་འདིས་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་སུན་འབྱིན་བརྗོད་པ་ཡིན་པར་འདོད་པ་མི་འཐད་དེ། གཞུང་འདི་དང་བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་པ་གཉིས་དོན་སྟོན་ཚུལ་ལ་ཁྱད་པར་མི་སྣང་བས། འདི་གཉིས་ཀ་དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་བདེན་པའི་འཇོག་ཚུལ་སྟོན་པའི་ཕྱིར། གཞུང་འདིའི་དོན་བསྡུར། ཅི་སྟེ་ཡང་དེ་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ཀུན་ནས་གཅོད་པ་ན། བྲེད་ཤ་ཐོན་པ་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་འདི་གང་ཞིག ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་འགྱུར་བ་རྫས་ཀྱི་བདག་ཉིད་འགའ་ཞིག་ཏུ་སྐྱེ་བར་འགྱུར་བར་བྱ་དགོས་སོ། །ཞེས་སྨྲ་ན། དེ་ལྟ་ན་ཡང་དེ་སྐད་དུ་སྨྲ་བ་ལ་ཚིག་ཙམ་ཞིག་ལྷག་མ་ལུས་པར་འགྱུར་རོ་ཞེས་དངོས་སྨྲ་བ་ལ་གསལ་བར་བཤད་པའི་ཕྱིར་དང༌། བྲེད་ཤ་ཐོན་པའི་དོན་ཡང་ཐ་སྙད་དུ་ཡང་བདེན་གྲུབ་མེད་ན་ཀུན་རྫོབ་བདེན་པ་ཉམས་པར་འགྱུར་རོ་སྙམ་ནས་འཇིགས་པ་ལ་བཤད་དགོས་པའི་ཕྱིར། གཉིས་པ་རང་བཞིན་མེད་པའི་སྒྲུབ་བྱེད་ནི། སེམས་ཙམ་པ་ན་རེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། མཐའ་བཞིའི་སྐྱེ་བ་བཀག་པ་དེ་ཀུན་བརྟགས་ཀྱི་དབང་དུ་བྱས་པ་ཡིན་གྱི། གཞན་དབང་གི་སྐྱེ་བ་མ་བཀག་པས་འཆིང་གྲོལ་གྱི་གཞིར་གྱུར་པའི་གཞན་དབང་རང་བཞིན་གྱིས་སྐྱེ་བ་ཡོད་དོ་ཞེ་ན། སེམས་ཙམ་པ་ཁྱེད་ཀྱིས་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་རིགས་པ་གང་གིས་གྲུབ་པ་ཡིན་པར་འགྱུར་ཏེ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ། རིགས་པ་གང་ཞིག་གིས་ཀུན་བརྟགས་སུ་གྱུར་པའི་བདག་དང༌། གཞན་ལས་སྐྱེ་བ་སོགས་རིགས་པ་མ་ཡིན་པའི་རིགས་པ་དེས་ཐ་སྙད་དུའང་གཞན་དབང་རང་བཞིན་གྱིས་སྐྱེ་བར་རིགས་པ་མ་ཡིན་པའི་ཕྱིར། དེ་སྐད་དུའང་འདིའི་ཐད་ཀྱི་འགྲེལ་པ་ལས། གང་དག་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བརྟགས་པའི་ངོ་བོ་ཉིད་ཁོ་ན་བཀག་པ་ཡིན་གྱི། གཞན་གྱི་དབང་གི་ངོ་བོ་ཉིད་མ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་འདོད་པ་འདི་ཡང༌། གཏན་ཚིགས་མེད་པར་མི་འགྲུབ་པས། དེ་སྐད་དུ་སྨྲ་བ་དེ་དག་ནི་བརྒལ་ཞིང་བརྟག་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལྟར་ན་གཞུང་འདིའི་ཕྱོགས་སྔ་སྨྲ་བ་པོ་རང་རྒྱུད་པ་ལ་སྦྱོར་བ་ནི་ཆེས་ཤིན་ཏུ་རྣམ་པར་འཁྱམས་སོ། །གསུམ་པ་དེ་ལ་མངོན་སུམ་དང་འགལ་བ་སྤང་བ་ནི། དངོས་པོ་རང་བཞིན་གྱིས་སྐྱེ་བ་མེད་ན་མངོན་སུམ་ལ་སྣང་བ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ན་ཡང་རང་བཞིན་གྱིས་སྟོང་པའི་རྒྱུ་ཉིད་དག་ལས། དེའི་རྣམ་པ་ཅན་གྱི་ཤེས་པ་རབ་ཏུ་སྐྱེ་བར་འགྱུར་བའི་ཕྱིར། ཇི་ལྟར་ཏེ་དཔེར་ན། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པ་རྣམས་འཇིག་རྟེན་ན་སྐྱེ་བར་མ་གྲགས་པའང་མ་ཡིན་ལ། འཇིག་རྟེན་དེར་ནི་གཟུགས་བརྙན་ལ་སོགས་པ་སྟོང་པའི་དངོས་པོ་དག་ལས། དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་བ་ལྟར། དོན་གྱི་སྐབས་སུ་ཡང་དེ་བཞིན་ནོ། །གཉིས་པ་ལ་རྟག་ཆད་ལས་གྲོལ་བའི་ཡོན་ཏན་དང༌། ལས་འབྲས་ཀྱི་འབྲེལ་པ་འཐད་པའི་ཡོན་ཏན་ནོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་ཕྱོགས་འདི་ལ་ཆོས་ཅན། རྟག་ཆད་དུ་ཐལ་བའི་ཉེས་པ་སྤང་དགོས་ཏེ། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར་རམ། རྒྱུ་མཚན་གྱིས་དངོས་པོ་དེ་དག་རྟག་པའང་མ་ཡིན་ཆད་པའང་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། འགགས་པའི་ལས་ཀྱི་འབྲས་བུ་འབྱིན་ཚུལ་དཔེ་དང་བཅས། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་མ་གྲུབ་པའི་ཕྱོགས་འདིར་ཆོས་ཅན། འགགས་ཤིང་རང་བཞིན་ཡོད་པ་མ་ཡིན་པའི་ལས་ལས་ཀྱང་ནི་འབྲས་བུ་འབྱུང་བ་ཡིན་ཏེ། ཀུན་གཞི་རྫས་གྲུབ་མེད་ཀྱང་འཆི་ཁའི་སེམས་ལ་སྔར་བྱས་ཀྱི་ལས་ཀྱི་དྲན་སྣང་ཤར་ནས་འབྲས་བུ་འབྱིན་པའི་ཕྱིར། དཔེར་ན་རྨི་ལམ་རྨིས་པའི་ཡུལ་དག་མཐོང་ནས་ནི་སད་ཀྱང་བླུན་པོ་ལ་དྲན་པ་འབྱུང་ལ། དེ་ལས་ཆགས་པ་སྐྱེ་བར་འགྱུར་བ་དེ་བཞིན་ནོ། །གནས་སྐབས་ལ་ལར་འགགས་ནས་ཡུན་རིང་དུ་ལོན་པའི་ལས་ལས་ཀྱང་འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས་ཤིག་སྟེ། གང་གི་ཕྱིར་ན་ལས་དེ་རང་བཞིན་གྱིས་སྐྱེ་བ་མེད་པར་རང་བཞིན་གྱིས་མི་འགག་པ་དེའི་ཕྱིར་རམ། རྒྱུ་མཚན་གྱིས་མ་འགགས་པའི་ལས་འདི་འབྲས་བུ་འབྱིན་པའི་ནུས་པ་དང་ལྡན་པའི་ཕྱིར། གཉིས་པ་ལ། འགགས་པའི་ལས་ཀྱི་འབྲས་བུ་འབྱིན་ན་ཐུག་མེད་དུ་ཐལ་བའི་རྩོད་པ་སྤང༌། ཀུན་གཞི་བདེན་གྲུབ་གསུངས་པའི་ལུང་དང་འགལ་བ་སྤང༌། དང་པོ་ལ། རྣམ་སྨིན་བྱུང་ཟིན་པའི་ལས་ཀྱིས་རྣམ་སྨིན་མི་འབྱིན་པ་དཔེ་དང་བཅས། དེ་ལ་བརྟེན་ནས་ལས་ཀྱི་རྣམ་སྨིན་ངེས་པར་གྲུབ་པའོ། །དང་པོ་ནི། འོ་ན་རྣམ་སྨིན་བྱུང་ཟིན་པའི་ལས་ཀྱིས་ཀྱང་རྣམ་སྨིན་འབྱིན་པར་འགྱུར་ཏེ། རྣམ་སྨིན་བྱུང་ཟིན་པའི་ལས་དེ་ཡང་རང་བཞིན་གྱིས་མ་འགགས་པའི་ཕྱིར་ཞེ་ན། ལས་རང་བཞིན་གྱི་མ་འགགས་ཀྱང་འབྲས་བུ་སྨིན་ཟིན་པ་ལས་སླར་ཡང་འབྲས་བུ་སྨིན་པ་མ་ཡིན་པར་ཤེས་པར་གྱིས་ཤིག་སྟེ། ལས་རང་བཞིན་གྱིས་མ་གྲུབ་ཀྱང་རྣམ་སྨིན་ལན་གཅིག་ཁོ་ནར་ངེས་པའི་ཕྱིར། ཇི་ལྟར་དེ་དཔེར་ན། ཡུལ་སྐྲ་ཤད་དང་བོང་བུའི་རྭ་ལ་སོགས་པ་ནི་ཡོད་པ་ཉིད་མ་ཡིན་པར་མཚུངས་ཀྱང༌། རབ་རིབ་ཅན་གྱིས་སྐྲ་ཤད་ཀྱི་རྣམ་པར་ནི་མཐོང་གི དངོས་པོ་གཞན་བོང་བུའི་རྭ་ལ་སོགས་པའི་རྣམ་པར་མཐོང་བ་མ་ཡིན་པ་ལྟར་དོན་གྱི་སྐབས་སུ་ཡང་དེ་བཞིན་ནོ། །གཉིས་པ་ནི། བཤད་མ་ཐག་པའི་དཔེ་དེ་ཆོས་ཅན། དོན་གཞན་ཡང་མཚོན་པར་ནུས་ཏེ། དཔེ་དེའི་ཕྱིར་རམ་དེ་དང་འདྲ་བར་རྣམ་སྨིན་མི་དགེ་བ་སྟེ། མི་བདེ་བ་ནི་ནག་པོའི་ལས་ལས་ཡིན་པར་མཐོང་ཞིང༌། རྣམ་སྨིན་དགེ་བ་སྟེ་བདེ་བ་ཉིད་ནི་དགེ་བ་ཟག་བཅས་ལས་འབྱུང་བར་མཐོང་བའི་ཕྱིར། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི། བསམ་གྱིས་མི་ཁྱབ་བོ། །ཞེས་སོ་སོ་སྐྱེ་བོས་ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད་པ་ཆོས་ཅན། རྒྱུ་མཚན་ཡོད་དེ། དགེ་མི་དགེ་རང་བཞིན་མེད་པར་རྟོགས་པའི་བློ་ཅན་དེས་ལས་དགེ་མི་དགེ་ལ་སྤང་བླང་བྱས་པས་འཁོར་བ་ལས་ཐར་བར་འགྱུར་དགོས་པའི་ཕྱིར། དེ་ཆོས་ཅན། དགོས་པ་ཡོད་དེ། སོ་སྐྱེ་ལས་འབྲས་ལ་སྐུར་པ་འདེབས་པ་དགག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། དངོས་སྨྲ་བ་དང་མཐུན་པའི་ཀུན་གཞིའི་རྣམ་གཞག་གསུངས་པ་དགོངས་པ་ཅན་དུ་བསྟན། ཞར་ལ་དགོངས་པ་ཅན་གཞན་ཡང་གསུངས་པའི་ཚུལ་ལོ། །དང་པོ་ནི། འོ་ན་ལས་ཀྱི་འབྲས་བུ་འབྱིན་ཚུལ་རྨི་ལམ་དང་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་མཚུངས་ན། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པར་ཀུན་གཞིའི་སྟེང་དུ་ལས་ཀྱི་བག་ཆགས་ཀྱི་ནུས་པ་ཡོངས་སུ་སྨིན་པ་ལས། འབྲས་བུ་འབྱུང་བར་གསུངས་པ་དང་འགལ་ལོ་ཞེ་ན། མདོ་སྡེ་འགའ་ཞིག་ཏུ་ཀུན་གཞི་རྫས་སུ་ཡོད་ཅིང༌། གང་ཟག་ཉིད་རྫས་སུ་ཡོད་ལ། ཕུང་པོ་འདི་དག་འབའ་ཞིག་རང་བཞིན་གྱིས་ཡོད་པ་ཉིད་དོ་ཞེས་བསྟན་པ་འདི་ནི་ཆོས་ཅན། དགོས་པ་ཡོད་དེ། སྔར་བཤད་པ་དེ་ལྟར་ཆེས་ཤིན་ཏུ་ཟབ་པའི་དོན་རིག་པར་མི་འགྱུར་བའི་གདུལ་བྱ་གང་ཡིན་པ་དེ་ལ་དགོངས་ནས་དེ་ཁོ་ན་ཉིད་ལ་རིམ་གྱིས་དྲང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། དེར་མ་ཟད། དངོས་པོ་རྣམས་རང་བཞིན་གྱིས་མེད་མོད་ཀྱི། ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་རྣམས་དེ་ཁོ་ན་ཉིད་ལ་དྲང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན། འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་སངས་རྒྱས་ཀྱིས་ང་དང་ང་ཡི་ཞེས་བསྟན་པ་ལྟར། དོན་གྱི་སྐབས་སུ་ཡང་དེ་བཞིན་ནོ། །གཉིས་པ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ལ། ཤེས་པ་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག སེམས་ཙམ་དུ་གསུངས་པའི་ཙམ་སྒྲས་ཕྱི་རོལ་གྱི་དོན་འགོག་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ། བསྒྲུབ་བྱ་དགག སྒྲུབ་བྱེད་དགག དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག དང་པོ་ལ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་བདེན་གྲུབ་དེ་ཁོ་ན་ཉིད་དུ་འདོད་པའི་ཕྱོགས་སྔ་བརྗོད། ཕྱི་དོན་མེད་ཀྱང་ཀུན་གཞི་ལས་གཟུང་འཛིན་གཉིས་སྣང་འབྱུང་བའི་ཕྱོགས་སྔ་བརྗོད། དང་པོ་ནི། སེམས་ཙམ་པ་ན་རེ། ཤེས་རབ་ཀྱི་ཕར་ཕྱིན་ལ་གནས་པའི་བྱང་སེམས་ས་དྲུག་པ་བ་དེ་ཆོས་ཅན། སྲིད་པ་གསུམ་པོ་རྣམ་པར་ཤེས་པ་ཙམ་དུ་རིག་པའི་སྒོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ཏེ། གཟུང་བ་རྫས་གཞན་མེད་པར་འཛིན་པ་རྫས་གཞན་མ་མཐོང་ཞིང༌། སྲིད་པ་གསུམ་སྣང་བ་རྣམ་པར་ཤེས་པ་ཙམ་དུ་བདེན་པར་རབ་ཏུ་རྟོགས་པའི་ཕྱིར། གཉིས་པ་ནི། འོ་ན་ཕྱི་རོལ་གྱི་དོན་མེད་པར་དེའི་རྣམ་པ་ཅན་གྱི་སེམས་ཇི་ལྟར་སྐྱེ་ཞེ་ན། ཇི་ལྟར་རླུང་གིས་བསྐུལ་བའི་རྒྱ་མཚོ་ནི་ཆེ་བ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ་དངོས་པོ་ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་བ་ལས་ཏེ་དེའི་སྟེང་དུ་རང་རང་གི་ནུས་པ་སྨིན་པ་ལས་ཁམས་གསུམ་དུ་སྣང་བའི་རྣམ་པར་ཤེས་པ་ཙམ་ཞིག་འབྱུང་བར་འགྱུར་རོ། །དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་ཡིན་པ་དེ་ཆོས་ཅན་ཁྱད་པར་གསུམ་ལྡན་དུ་ཡོད་པ་ཡིན་ཏེ། གཟུང་འཛིན་གྱི་དངོས་པོ་རྟག་པར་ཡོད་པའི་རྒྱུར་འགྱུར་ཞིང༌། ཕྱི་རོལ་གྱི་གཟུང་བ་མེད་པར་རང་གི་བག་ཆགས་སྨིན་པ་ལས་འབྱུང་བར་འགྱུར་ལ། རང་བཞིན་གྱིས་ཡོད་པ་དང་སྤྲོས་པ་ཀུན་གྱི་ཡུལ་མ་ཡིན་པའི་རང་བཞིན་ཅན་དུ་ཡོད་པ་ཡིན་པའི་ཕྱིར་ཞེ་ན། ལན་ལ། དགག་པ་རྒྱས་པར་བཤད། བསྡུས་ཏེ་བསྟན། དང་པོ་ལ་དཔེ་དོན་སོ་སོར་དགག བཀག་པ་དང་མི་སྡུག་པ་བསྒོམ་པ་འགལ་བ་སྤང་བའོ། །དང་པོ་ལ་དཔེ་དགག དོན་དགག དང་པོ་ལ། རྨི་ལམ་གྱི་དཔེ་དགག སྐྲ་ཤད་དུ་སྣང་བའི་དཔེ་དགག དང་པོ་ལ། རྨི་ལམ་ཁྱེད་ཀྱི་དཔེར་མི་རུང་བར་བསྟན། ངེད་ཀྱི་དཔེར་རུང་བར་བསྟན། དང་པོ་ལ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པ་མི་འགྲུབ་པར་བསྟན། དཔེ་དེས་ཕྱི་དོན་ཐ་སྙད་དུ་མེད་པ་མི་འགྲུབ་པར་བསྟན། དང་པོ་ནི། སེམས་ཙམ་པ་ཁྱོད་ཀྱི་ལུགས་ལ། ཕྱི་དོན་མེད་པའི་སེམས་བདེན་པར་ཡོད་པའི་དཔེ་ནི་གང་དུ་ཡོད། ཁོ་ན་རེ། རྨི་ལམ་ཇི་བཞིན་ཞེ་ན། དེ་བསམ་པར་བྱ་སྟེ་སེམས་ཙམ་པ་ཁྱོད་ཀྱི་དཔེ་དེ་ངེད་ལ་མཐུན་སྣང་དུ་ཡོད་པ་མ་ཡིན་པར་ཐལ། གང་གི་ཚེ་ང་ལ་རྨི་ལམ་ན་ཡང་སེམས་བདེན་གྲུབ་ཡོད་པ་མ་ཡིན་པ་དེའི་ཚེ་སྟེ་དེའི་ཕྱིར་གལ་ཏེ་རྨི་ལམ་ན་ཡིད་བདེན་པར་ཡོད་དེ། སད་པའི་ཚེ་རྨི་ལམ་གྱི་མྱོང་བ་དྲན་པའི་རྟགས་ལས་གྲུབ་པའི་ཕྱིར་ཞེ་ན། རྨི་ལམ་ན་ཕྱི་རོལ་གྱི་ཡུལ་ཡང་དེ་བཞིན་དུ་འགྱུར་ཏེ། ཇི་ལྟར་ཁྱོད་ཀྱི་རྨི་ལམ་དུ་ངས་མཐོང་ངོ་སྙམ་པའི་ཡུལ་ཅན་དྲན་པ་དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཉིད་ནང་མིག་བློ་མི་སྲིད་པས། གཟུགས་ཀྱི་སྐྱེ་མཆེད་ཀྱང་ཡོད་པ་མིན་ལ། ཡིད་ཀྱི་ཤེས་པ་ཁོ་ན་ཡོད་པ་ལ་ཕྱི་རོལ་གྱི་དོན་དེའི་རྣམ་པ་སྣང་བ་ལ། ཕྱི་རོལ་གྱི་དོན་ཉིད་དུ་ཞེན་པ་སྐྱེ་བའི་རྨི་ལམ་ཇི་བཞིན། སད་པའི་སྐབས་འདིར་ཡང་དེ་བཞིན་དུ་འདོད་ན། ཇི་ལྟར་ཁྱོད་ཀྱི་ལུགས་ལ་རྨི་ལམ་དུ་ཕྱི་རོལ་གྱི་ཡུལ་རང་བཞིན་གྱིས་མ་སྐྱེས་པ་དེ་བཞིན་དུ། ཡིད་ཀྱང་རང་བཞིན་གྱིས་སྐྱེས་པ་མ་ཡིན་པར་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། སད་པའི་གནས་སྐབས་འདིར་ཡང་ཆོས་ཅན། ཕྱི་རོལ་ཡུལ་གྱི་དངོས་པོ་རྣམས་བརྫུན་པ་ཡིན་ཞིང༌། སེམས་དེ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པའི་སྤྱོད་ཡུལ་བདེན་པར་མེད་ཅིང༌། དབང་པོ་རྣམས་ཀྱང་བདེན་པར་མེད་ལ། དེས་བསྐྱེད་པའི་རྣམ་པར་ཤེས་པ་ཡང་བདེན་པར་མེད་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་རྨི་ལམ་གྱི་མིག་དང༌། དེའི་ཡུལ་དང༌། དེས་བསྐྱེད་པའི་སེམས་གསུམ་པོ་ཐམས་ཅད་ཀྱང་ནི་བརྫུན་པ་ཡིན་པ་དེ་བཞིན་དུ། རྣ་བ་ལ་སོགས་པ་ལྷག་མ་ལྔའི་ཡུལ་དབང་ཡིད་བྱེད་གསུམ་པོ་ཐམས་ཅད་ཀྱང་སྐྱེ་བ་མེད་པ་དེ་བཞིན་ནོ། །མདོར་ན་ཡུལ་ཤེས་གཉིས་ཐ་སྙད་དུ་ཡོད་མཉམ་དང༌། དོན་དམ་པར་མེད་མཉམ་ཡིན་ཏེ། འཇིག་རྟེན་འདི་ན་ཇི་ལྟར་ཐ་མལ་པའི་གཉིད་སད་ཅིང༌། མ་རིག་པའི་གཉིད་ཀྱིས་ནོན་པའི་ངོར་ཡུལ་སེམས་གཉིས་ཀ་ཡོད་པ་དེ་བཞིན་དུ། ཇི་སྲིད་དུ་ཐ་མལ་པའི་གཉིད་མ་སད་པ་དེ་སྲིད་རྨི་ལམ་དེ་ལ་ཡུལ་དབང་སེམས་གསུམ་པོ་ཡོད་ཅིང༌། ཐ་མལ་པའི་གཉིད་སད་པར་གྱུར་པ་ན། རྨི་ལམ་གྱི་ཡུལ་དབང་སེམས་གསུམ་ཆར་ཡོད་པ་མ་ཡིན་པར་ལྟར། གཏི་མུག་གི་གཉིད་སད་པའི་ཡེ་ཤེས་ལས་ཏེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ངོར་མ་རིག་པའི་གཉིད་ཀྱིས་བསླད་པའི་ཡུལ་དབང་སེམས་གསུམ་པོ་དེ་ཡོད་པ་མ་ཡིན་པ་ནི་དཔེ་དེ་བཞིན་ནོ་སྟེ་དེ་དང་མཚུངས་པའི་ཕྱིར། གཞུང་འདིས་སངས་རྒྱས་ཀྱི་ཡེ་ཤེས་ལ་འཁྲུལ་སྣང་ཐམས་ཅད་མི་སྣང་བར་བསྟེན་ཞིང༌། དེ་ལྟ་ན་འཁྲུལ་སྣང་དེ་ཆོས་ཅན། མེད་པ་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་རྣམ་པར་ཕྱེ་ནས་ལན་འདེབས་པའི་ཚུལ་ཡང་བསྟན་ཏེ། དེ་འདྲའི་འཁྲུལ་སྣང་དེ་མ་རིག་པའི་གཉིད་མ་སད་པའི་ངོར་ཡོད་སད་པའི་ངོར་མེད་ཅེས་ལན་འདེབས་དགོས་པར་བསྟན་པའི་ཕྱིར་རོ། །གཉིས་པ་སྐྲ་ཤད་ཀྱི་དཔེ་དགག་པ་ལ། དཔེར་མི་རུང་བར་བསྟན། རུང་བའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཕྱི་དོན་མེད་པའི་ཤེས་པ་བདེན་གྲུབ་ཀྱི་དཔེ་ཡོད་དེ། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་ནོ་ཞེ་ན། དེ་གཉིས་དཔེ་དོན་མཚུངས་པ་དེ་ཡོད་པ་མ་ཡིན་པར་ཐལ། མིག་གི་དབང་པོ་རབ་རིབ་དང་བཅས་པའི་བློ་གང་གིས་རབ་རིབ་ཀྱི་མཐུ་ལས་སྐྲ་རྣམས་གང་མཐོང་བ་ན་སྐྲ་ཤད་དེ་སྣང་བའི་བློ་ལ་ལྟོས་ནས་ཡུལ་དབང་གཉིས་ཆར་བདེན་པ་སྟེ། རང་བཞིན་གྱིས་ཡོད་མཚུངས་ཡིན་ལ། དོན་གསལ་མཐོང་བ་ལ་ལྟོས་ནས་སྐྲ་ཤད་དུ་སྣང་བའི་ཡུལ་ཤེས་གཉིས་ཀའང་བརྫུན་པ་སྟེ་མེད་མཚུངས་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། གལ་ཏེ་ཤེས་བྱ་སྐྲ་ཤད་མེད་པར་དེར་སྣང་བའི་བློ་བདེན་པར་ཡོད་ན། སྐྲ་ཤད་དུ་སྣང་བ་དེའི་ཡུལ་དང་མིག་ནི་རྗེས་སུ་འབྲེལ་བ་སྟེ། དེར་མིག་གཏད་པའི་རབ་རིབ་མེད་པའི་གང་ཟག་ལའང་སྐྲ་ཤད་དུ་སྣང་བའི་བློར་འགྱུར་བ་རིགས་ན་དེ་ལྟར་ཡང་མིན་པ་དེའི་ཕྱིར། གཉིས་པ་ནི། སྐྲ་ཤད་དུ་སྣང་བའི་ཤེས་པ་བདེན་པར་གྲུབ་ཀྱང༌། རབ་རིབ་མེད་པ་ལ་སྐྲ་ཤད་དུ་སྣང་མི་དགོས་ཏེ། གང་གི་ཕྱིར་རབ་རིབ་མེད་པར་མཐོང་བ་དག་ལ། སྐྲ་ཤད་དུ་སྣང་བའི་བློའི་ནུས་པ་ནི་སྨིན་པ་མེད་པ་དེའི་ཕྱིར་རམ་རྒྱུ་མཚན་གྱིས་རབ་རིབ་མེད་པ་དེ་ལ་སྐྲ་ཤད་དུ་སྣང་བའི་བློ་མི་འབྱུང་བ་ཡིན་གྱི། ཤེས་བྱ་སྐྲ་ཤད་ཡོད་པའི་དངོས་པོ་དང་བྲལ་བ་ཙམ་གྱིས་སྐྲ་ཤད་དུ་མི་སྣང་བ་ནི་མ་ཡིན་པའི་ཕྱིར་ཞེ་ན། ནུས་པ་སྨིན་པ་ལས་བག་ཆགས་ཅན་གྱི་ཤེས་པ་བདེན་གྲུབ་སྐྱེ་བ་འདི་ནི་འགྲུབ་པ་མ་ཡིན་པར་ཐལ། ནུས་པ་རང་བཞིན་གྱིས་གྲུབ་པ་དེ་མེད་པའི་ཕྱིར། གཉིས་པ་དོན་དགག་པ་ལ། དངོས་དང་ལུང་འགལ་སྤང་བ་གཉིས། དང་པོ་ལ། བག་ཆགས་རང་བཞིན་གྱིས་གྲུབ་པ་སྤྱིར་དགག དེ་ལས་རྐྱེན་དུ་འཇོག་ཚུལ་སོ་སོར་དགག དང་པོ་ལ། ད་ལྟར་བ་དང་མ་འོངས་པའི་ནུས་པ་རང་བཞིན་གྱིས་གྲུབ་པ་དགག འདས་པའི་ནུས་པ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ་དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ནུས་པ་བདེན་གྲུབ་ཡོད་པ་མ་ཡིན་ཏེ། རྣམ་ཤེས་སྐྱེས་པ་སྟེ། ད་ལྟར་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་སྲིད་པ་ཡོད་པ་མིན། རྣམ་ཤེས་མ་སྐྱེས་པའི་ངོ་བོ་ལའང་ནུས་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན། རྣམ་ཤེས་འདས་པ་ལའང་ནུས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར། ཅི་སྟེ་དང་པོ་ལ་ཡོད་ན་འབྲས་བུའི་དུས་སུ་རྒྱུ་ཡོད་པར་ཐལ་ལོ། །གཉིས་པ་ལ་ཡོད་ན། ཁྱད་པར་རྣམ་ཤེས་མ་འོངས་པ་མེད་པར་ཁྱད་པར་ཅན་དེའི་ནུས་པ་རང་བཞིན་གྱིས་ཡོད་པ་མིན་ཏེ། ཡོད་ན་མོ་གཤམ་གྱི་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་རྣམ་ཤེས་མ་འོངས་པ་འབྱུང་བར་འགྱུར་བ་ལ་བསམས་ནས་རྣམ་པར་ཤེས་པའི་ནུས་པ་ཞེས་བསྙད་པར་འདོད་དེ། འཇིག་རྟེན་ན་འབྲས་ཚོས་ཤིག སྣལ་མ་འདི་ལ་རས་ཡུག་ཐོགས་ཤིག་ཅེས་སྙད་པ་བཞིན་ནོ་ཞེ་ན། ཁྱད་གཞི་ནུས་པ་འདིའི་ཁྱད་ཆོས་རྣམ་ཤེས་འབྱུང་འགྱུར་མེད་དེ། ཁྱད་གཞི་ནུས་པ་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཞན་ཡང་རྣམ་ཤེས་དང་ནུས་པ་གཉིས་ཕན་ཚུན་དུ་གཅིག་འགྲུབ་པ་ཅིག་ཤོས་ལ་བརྟེན་པར་ཐལ། ནུས་པ་རང་བཞིན་གྱིས་ཡོད་པའི་ཤེས་བྱེད་དུ། རྣམ་ཤེས་མ་འོངས་པའི་ནུས་པ་རང་བཞིན་གྱིས་ཡོད་པར་འདོད། ཁྱད་ཆོས་རྣམ་ཤེས་མ་འོངས་པ་རང་བཞིན་གྱིས་ཡོད་པའི་ཤེས་བྱེད་དུ་དེ་འབྱུང་བའི་ནུས་པ་རང་བཞིན་གྱིས་ཡོད་པར་ཁས་བླངས་པའི་ཕྱིར། འདོད་ན། དེ་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པར་ཐལ། དེ་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི་རང་བཞིན་གྱིས་གྲུབ་པ་མ་ཡིན་པ་ཉིད་དོ། །ཞེས་དམ་པ་སངས་རྒྱས་ཀྱིས་གསུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྣམ་ཤེས་འགགས་པའི་ནུས་པ་སྨིན་པ་ལས་རྣམ་ཤེས་ཕྱི་མ་འབྱུང་བར་འགྱུར་རོ་ཞེ་ན། འབྲེལ་མེད་ཀྱིས་རྣམ་ཤེས་གཞན་གྱི་ནུས་པ་ལས། རྣམ་ཤེས་གཞན་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་ན། རྒྱུན་ཅན་གྱི་དངོས་པོ་རྣམས་དེར་སྐད་ཅིག་སྔ་ཕྱི་ཕན་ཚུན་རང་བཞིན་གྱིས་ཐ་དད་དུ་ཡོད་པར་ཁས་བླངས་པའི་ཕྱིར། ཅི་སྟེ་འདོད་ན། འབྲས་བུ་ཡིན་མིན་ཐམས་ཅད་རྒྱུ་ཡིན་མིན་ཀུན་ལས་འབྱུང་བར་འགྱུར་ཏེ། འདོད་པ་དེའི་ཕྱིར། གལ་ཏེ་ཉེས་པ་མེད་དེ། སྐད་ཅིག་སྔ་ཕྱི་དེར་ནི་རྒྱུན་ཅན་རྫས་ཐ་དད་ཡིན་གྱི། རྒྱུན་ཅན་དེ་དག་ལ་རྒྱུན་རྫས་ཐ་དད་མེད་པ་གཅིག་ཡོད་པ་དེའི་ཕྱིར་ཞེ་ན། རྒྱུན་ཅན་རྫས་ཐ་དད་ལ་རྒྱུན་རྫས་གཅིག་ཡོད་པ་འདི་ནི་བསྒྲུབ་བྱ་ཞིག་སྟེ། རང་བཞིན་གྱིས་གྲུབ་པའི་ཐ་དད་ལ། རྒྱུན་ཐ་མི་དད་པའི་གོ་སྐབས་མི་རིགས་པའི་ཕྱིར། ཇི་ལྟར་མི་རིགས་ཤེ་ན། དངོས་པོ་གང་དག་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་དེ་དག་ཆོས་ཅན། རྒྱུད་གཅིག་ཏུ་གཏོགས་པར་རིགས་པ་མིན་ཏེ། རང་བཞིན་གྱིས་གྲུབ་པའི་གཞན་ཉིད་ཡིན་པའི་ཕྱིར། དཔེར་ན་བྱམས་པ་དང༌། ཉེར་སྦས་ལ་བརྟེན་པའི་ཆོས་རྣམས་ནི་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་བཞིན་ནོ། །གཉིས་པ་ལ། འདོད་པ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ལ། ནུས་པ་བདག་རྐྱེན་དུ་འགྱུར་བའི་ཕྱོགས་སྔ་བརྗོད། ནུས་པ་རྒྱུའི་རྐྱེན་དུ་འགྱུར་བའི་ཕྱོགས་སྔ་བརྗོད་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། མིག་རང་གི་རྣམ་པར་ཤེས་པའི་རྟེན་ཀུན་གཞིའི་སྟེང་གི་མིག་གི་རྣམ་པར་ཤེས་པ་དེ་མ་ཐག་ཏུ་བསྐྱེད་པའི་ནུས་པ་དེ་ལ། མིག་གི་དབང་པོ་གཟུགས་ཅན་ཞེས་བྱ་བར་འཇིག་རྟེན་གྱིས་རྟོགས་པ་ཡིན་ཏེ། མིག་བློ་སྐྱེ་བ་ནི་རང་གི་ནུས་པའམ་བག་ཆགས་ཀུན་གཞིའི་སྟེང་དུ་བཞག་པ་གང་ཞིག སྨིན་པ་ལས་དེ་མ་ཐག་ཏུ་ཀུན་ནས་སྐྱེ་བར་འགྱུར་བའི་ཕྱིར། དེ་ལྟར་ན་རྣམ་པར་ཤེས་པ་ལས་ཐ་དད་པའི་མིག་གི་དབང་པོ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། ཀུན་གཞིའི་ནུས་པ་ལས་ཐ་དད་པའི་གཟུགས་ཀྱང་ཡོད་པ་མ་ཡིན་ཏེ། འཇིག་རྟེན་འདི་ན་བཤད་མ་ཐག་པའི་བདག་རྐྱེན་དབང་པོ་ལས་བྱུང་བའི་མིག་གི་རྣམ་པར་རིག་པ་ནི། ཕྱིའི་གཟུང་བ་མེད་པར་རང་གི་ས་བོན་སྨིན་པ་ལས་སྔོ་སོགས་སུ་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས་སྐྱེ་བོས་ཕྱི་རོལ་གྱི་དོན་གཟུང་བར་སེམས་ཤིང༌། ཁས་ལེན་ནོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པ་ནི། དཔེར་ན་རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར་རང་གི་རྟེན་ཀུན་གཞིའི་ས་བོན་གྱི་ནུས་པ་སྨིན་པ་ལས་དེའི་རྣམ་པ་ཅན་གྱི་སེམས་འབྱུང་བ་དེ་ཇི་ལྟ་བ་བཞིན་དུ། སད་པ་ལའང་འཇིག་རྟེན་འདིར་ཕྱི་རོལ་མེད་པར་ཡིད་ནི་ཡོད་དོ་ཞེ་ན། གཉིས་པ་ལ་ཧ་ཅང་ཐལ་བ་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། འཇིག་རྟེན་འདིར་ཆོས་ཅན། སད་པའི་ལོང་བ་ལའང་མིག་དབང་མེད་པར་རང་གི་ས་བོན་ནི་སྨིན་པ་ལས་གཟུགས་གསལ་བར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཅིས་མི་སྐྱེ་སྟེ་སྐྱེ་བར་ཐལ། ཇི་ལྟར་མིག་དབང་མེད་པར་ནི་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་སེམས་བདེན་གྲུབ་འབྱུང་བ་དེ་ལྟར་ཏེ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར། མཚུངས་པའི་ཚུལ་ཡང་རྨི་ལམ་དང་ལོང་བ་གཉིས་ཀ་ལ་མིག་མེད་པར་ནི་མཚུངས། ཀུན་གཞིའི་སྟེང་ན་གཟུགས་སྣང་གི་བག་ཆགས་ཡོད་པར་ནི་མཚུངས་པའི་ཕྱིར། གཉིས་པ་ལ། ཉེས་སྤོང་དགག་པ་དངོས་དང༌། དེས་རིགས་པ་གཞན་ཡང་ཁེགས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་མི་མཚུངས་ཏེ། རྨི་ལམ་ན་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པ་ཡོད་ལ། སད་པའི་ལོང་བ་ལ་དྲུག་པ་ཡིད་ཤེས་ཀྱི་སྟེང་དུ་གཟུགས་གསལ་སྣང་གི་ནུས་པ་སྨིན་པ་མེད་པར་འགྱུར་བའི་ཕྱིར་ཞེ་ན། སེམས་ཙམ་པ་ཁྱོད་ལྟར་ན་ཆོས་ཅན། རྨི་ལམ་རྨི་བའི་ཚེ་ཡིད་ཤེས་ལ་གཟུགས་གསལ་སྣང་གི་ནུས་པ་སྨིན་པ་མེད་ཅེས་ཅིས་མི་རིགས་ཏེ་རིགས་པར་ཐལ། ཇི་ལྟར་སད་པའི་ལོང་བ་འདིར་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་གཟུགས་གསལ་སྣང་གི་ནུས་པ་སྨིན་པ་མེད་པ་དེ་ལྟར་ཏེ་དེ་དང་ཆོས་མཚུངས་པའི་ཕྱིར། གཞན་ཡང་ཇི་ལྟར་མིག་མེད་པ་ལོང་བ་དེ་གཟུགས་གསལ་སྣང་གི་ཡིད་ཤེས་སྐྱེ་བའི་རྒྱུ་མ་ཡིན་པ་དེ་ལྟར་རྨི་ལམ་དུ་ཡང་གཉིད་ནི་གཟུགས་གསལ་སྣང་གི་ཡིད་ཤེས་སྐྱེ་བའི་རྒྱུ་མ་ཡིན་པར་མཚུངས་ཏེ། ལོང་བ་དང་གཉིས་ཀ་ལ་མིག་མེད་པར་ནི་མཚུངས། ཀུན་གཞིའི་སྟེང་ན་གཟུགས་གསལ་སྣང་གི་བག་ཆགས་ཡོད་པར་ནི་མཚུངས་པའི་ཕྱིར་རྒྱུ་མཚན་དེའི་ཕྱིར་རྨི་ལམ་དུ་ཡང་རྨི་ལམ་དེའི་དངོས་པོ་གཟུགས་སོགས་དང༌། མིག་གཉིས་ཀ་བརྫུན་པའི་ཡུལ་རྟོགས་པ་ཅན་གྱི་མིག་གི་རྣམ་པར་ཤེས་པའི་རྒྱུར་ཁས་བླང་པར་བྱ་སྟེ། རྨི་ལམ་ན་བརྫུན་པར་གྱུར་པའི་ཡུལ་དབང་རྣམ་ཤེས་གསུམ་ཀ་ཡོད་པའི་ཕྱིར། དཔེར་ན་སད་པའི་གནས་སྐབས་བཞིན་ནོ། །གཉིས་པ་ནི། ཕྱི་དོན་མེད་པའི་རྣམ་ཤེས་བདེན་གྲུབ་ཙམ་དུ་སྨྲ་བའི་རྩོད་པ་འདི་ཆོས་ཅན། མཁས་པ་དབུ་མ་པས་ཁྱོད་སེལ་བར་བྱེད་ནུས་ཏེ། སེམས་ཙམ་པ་འདི་ཡིས་ཁྱོད་ཀྱི་ལན་ནི་གང་དང་གང་བཏབ་པ་དེ་ནི་རྩ་བའི་དམ་བཅའ་དང་མཚུངས་པར་མཁས་པ་དབུ་མ་པས་མཐོང་བའི་ཕྱིར། ཇི་ལྟར་མཐོང་ཞེ་ན། སེམས་ཙམ་པ་ན་རེ། སད་པའི་རྣམ་ཤེས་ཆོས་ཅན། ཕྱི་རོལ་གྱི་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེས་པ་དང༌། སད་པའི་གནས་སྐབས་ཀྱི་ཡུལ་ཆོས་ཅན་བརྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར། རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ནི་ཆོས་ཅན། མེད་པར་ཐལ། རྟེན་གཞན་དབང་རྫས་སུ་མེད་པའི་ཕྱིར། དཔེར་ན། རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ནི་སེམས་ཙམ་པས་སྨྲས་པའི་ལན་ཡིན་ལ། དེ་ལ་ནི་དབུ་མ་པས་སད་པའི་གནས་སྐབས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་ཀ་ཆོས་ཅན། རང་བཞིན་གྱིས་སྟོང་པ་ཡིན་ཏེ། མ་དམིགས་པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ནོ། །ཞེས་པའི་ལན་གྱིས་བཟློག་པར་ནུས་པ་ཡིན་ནོ། །གཉིས་པ་ལུང་དང་འགལ་བ་སྤང་བ་ནི། རྣམ་ཤེས་བདེན་གྲུབ་མེད་པ་ལ་སངས་རྒྱས་ཀྱི་ལུང་གིས་གནོད་པ་མ་ཡིན་ཏེ། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ལུང་གི་གནས་སྐབས་འགར་ཡང་ནི་རང་བཞིན་གྱིས་གྲུབ་པའི་དངོས་པོ་ཡོད་ཅེས་མ་བསྟན་པའི་ཕྱིར། ལང་ཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བརྟགས་པ་ཙམ། །ངོ་བོ་ཉིད་ཀྱི་དངོས་པོར་མེད། །བརྟགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་ངན་པས་རྟོགས་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་སོ། །གཉིས་པ་དེ་ལྟར་བཀག་པ་ལ་མི་སྡུག་པ་བསྒོམ་པ་དང་འགལ་བ་སྤང་བ་ལ། དངོས་དང༌། རིགས་ཅན་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ནི། ཕྱི་རོལ་གྱི་ཡུལ་མེད་པའི་ཤེས་པ་བདེན་གྲུབ་མེད་ན། མི་སྡུག་པ་བསྒོམ་པའི་ཏིང་ངེ་འཛིན་ལ་ཀེང་རུས་སུ་སྣང་བ་དང་འགལ་ལོ་ཞེ་ན། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས་ཀེང་རུས་ཀྱིས་ས་གཞི་གང་བར་མཐོང་བ་གང་ཡིན་པ་དེ་ཡང་ཆོས་ཅན། ཡུལ་དབང་རྣམ་ཤེས་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་སྟེ། ལོག་པ་ཡིད་ལ་བྱེད་པའི་ཤེས་པར་བསྟན་པའི་ཕྱིར། ཅི་སྟེ་ལོག་ཤེས་མ་ཡིན་ནོ་ཞེ་ན། སེམས་ཙམ་པ་ཁྱོད་ཀྱི་དབང་བློ་མ་འཁྲུལ་བའི་ཡུལ་རྣམས་ཇི་ལྟ་བ་དེ་ལྟར་མི་སྡུག་པ་བསྒོམ་པའི་ཡིད་ཀྱི་ཡུལ་ཡང་ཡོད་པར་འགྱུར་ན། རྣལ་འབྱོར་པ་དེ་བཞིན་དུ་ཀེང་རུས་ཀྱིས་གང་བའི་ཡུལ་དེར་བློ་གཏད་པའི་ཅིག་ཤོས་རྣལ་འབྱོར་པ་མ་ཡིན་པས་ཀྱང་ཀེང་རུས་རྟོགས་པར་འགྱུར་ཞིང༌། འདོད་ན་མི་སྡུག་པའི་ཏིང་ངེ་འཛིན་དེ་ནི་བརྫུན་པ་སྟེ་འཁྲུལ་པའི་ཤེས་པར་ཡང་མི་འགྱུར་རོ། །གཉིས་པ་ནི། ཕྱི་དོན་མེད་ཀྱང་དོན་སྣང་གི་ཤེས་པ་བདེན་པར་ཡོད་དེ། ཡི་དྭགས་ཀྱིས་འབབ་ཆུ་གཙང་མ་ལ་རྣག་ཁྲག་ཏུ་མཐོང་བའི་ཕྱིར་ཞེ་ན། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློའང་ཆོས་ཅན། ཕྱི་དོན་མེད་པའི་ཤེས་པ་བདེན་གྲུབ་ཀྱི་དཔེར་མི་རུང་བར་ཐལ། རབ་རིབ་དང་ལྡན་པའི་དབང་པོ་ཅན་ལ་སྐྲ་ཤད་དུ་སྣང་བའི་ཤེས་པ་དེ་དེ་འདྲའི་དཔེ་ཡིན་པ་བཀག་པ་དང་རིགས་པ་མཚུངས་པའི་ཕྱིར། གཉིས་པ་བསྡུས་ཏེ་བསྟན་པ་ནི། མདོར་ན་ཇི་ལྟར་ཤེས་བྱ་ཕྱི་རོལ་གྱི་དོན་རང་བཞིན་གྱིས་མེད་པ་དེ་བཞིན་དུ། བློ་ཡང་རང་བཞིན་གྱིས་མེད་ཅེས་པའི་དོན་འདི་ཤེས་པར་གྱིས་ཤིག་སྟེ། དེ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར། གཉིས་པ་སྒྲུབ་བྱེད་དགག་པ་ལ། ཤེས་པ་རང་བཞིན་གྱིས་གྲུབ་པའི་རིགས་པའི་སྒྲུབ་བྱེད་དགག་པ་དང༌། ལུང་གི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། དངོས་དང༌། དེ་ལྟར་བཀག་པ་དང་འཇིག་རྟེན་གྱི་ཐ་སྙད་འགོག་པ་མི་མཚུངས་པར་བསྟན་པའོ། །དང་པོ་ལ། སྒྲུབ་བྱེད་མེད་པར་བསྟན། གནོད་བྱེད་ཡོད་པར་བསྟན། དང་པོ་ལ་སྒྲུབ་བྱེད་མེད་པར་བསྟན་པ་དངོས་དང༌། སྒྲུབ་བྱེད་མེད་ཀྱང་ཁས་ལེན་ན་ཧ་ཅང་ཐལ་བ་དེས་ན་གཞན་དབང་བདེན་གྲུབ་དངོས་པོར་བཏགས་པར་ཡོད་པའི་རྒྱུ་མ་ཡིན་པར་བསྟན་པའོ། །དང་པོ་ལ། སྒྲུབ་བྱེད་དྲི་བ་དང༌། དྲིས་པའི་སྒྲུབ་བྱེད་མི་རིགས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་ཕྱི་རོལ་གྱི་གཟུང་བ་མེད་པས་དེ་ལ་ལྟོས་པའི་འཛིན་པ་ཉིད་བྲལ་ཞིང༌། དེ་ལྟར་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་དེ་དངོས་པོར་ཡོད་ན། དེ་དངོས་པོར་འཇལ་བྱེད་ཀྱི་ཚད་མ་ཡོད་དམ་མེད། མེད་ན་གཟུང་འཛིན་གཉིས་སྟོང་གི་གཞན་དབང་དེ་ཆོས་ཅན། དངོས་པོར་མེད་པར་ཐལ། ཁྱོད་དངོས་པོར་ཚད་མས་མ་བཟུང་བར་ཡང་དངོས་པོར་ཡོད་ཅེས་བྱར་མི་རུང་བའི་ཕྱིར། དང་པོ་ལྟར་ན། འདི་ནི་དངོས་པོར་ཡོད་པར་ཚད་མ་གང་གིས་ཤེས་པར་འགྱུར་ཞེས་དྲིའོ། །གཉིས་པ་ལ། གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དུ་བཀོད་པའི་རང་རིག་ཉིད་ལའང་སྒྲུབ་བྱེད་མེད་པར་བསྟན། གནོད་བྱེད་ཡོད་པར་བསྟན། དང་པོ་ལ། རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་ཤེས་པ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་མྱོང་དྲན་གཉིས་མི་འཐད་པར་བསྟན། དེ་ལྟར་མི་འདོད་པའི་ཕྱོགས་ལ་མྱོང་དྲན་གཉིས་ཀ་འཐད་པར་བསྟན་པའོ། །དང་པོ་ལ་ཕྱོགས་དེ་ལ་མྱོང་བ་མི་འཐད་པར་བསྟན། ཕྱོགས་དེ་ལ་དྲན་པ་མི་འཐད་པར་བསྟན་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། ཤེས་པ་ཐམས་ཅད་ལ་མྱོང་བྱེད་རང་རིག་རེ་རེ་ཡོད་པ་ཡིན་ཏེ། དེ་ཡིན་པའམ་ཤེས་པ་ཕྱི་མ་གཞན་གྱིས་རིག་པ་གང་རུང་གང་ཞིག ཕྱི་མ་ལྟར་ན་མྱོང་བྱེད་ཐུག་མེད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཞེས་མདོ་སྡེ་པའི་རིགས་པ་དང༌། དེར་མ་ཟད་ཤེས་པ་རྣམས་ལ་མྱོང་བྱེད་རྫས་གཞན་རེ་ཡོད་ན་གཟུང་འཛིན་རྫས་གཞན་དུ་ཐལ་བའི་ཕྱིར། ཞེས་སེམས་ཙམ་པ་རང་གི་རིགས་པས་ཀྱང་རང་རིག་གྲུབ་ལ། དེ་ལྟར་གྲུབ་པ་ན། རང་བཞིན་གྱིས་གྲུབ་པའི་གཞན་དབང་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་ཚད་མ་ཡོད་དེ། ཁྱོད་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཚད་མས་ཁྱོད་འགྲུབ་པའི་ཕྱིར་ཞེ་ན། རང་བཞིན་གྱིས་གྲུབ་པའི་གཞན་དབང་དེ་ཉིད་ཆོས་ཅན། ཁྱོད་ཀྱིས་རང་བཞིན་གྱིས་གྲུབ་པའི་གཞན་དབང་དེ་མྱོང་བར་གྲུབ་པ་མ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་གཅིག་ཏུ་བདེན་པའི་ཕྱིར། དཔེར་ན་རལ་གྲིའི་སོས་རང་མི་གཅོད་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་པ་དང༌། སྐྱེས་བུ་ཡང་ཟོར་ཅན་གྱིས་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་པ་བཞིན་ནོ། །ཁོ་ན་རེ། གལ་ཏེ་སྔོ་སྣང་དབང་ཤེས་ཆོས་ཅན། རང་དུས་ན་མྱོང་བྱེད་ཡོད་དེ། ངས་སྔོན་པོ་མཐོང་ངོ་སྙམ་དུ་དུས་ཕྱིས་ཡུལ་ཅན་དྲན་པའི་དྲན་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། ཞེས་པའི་རྟགས་ལས་རང་རིག་ཡོད་པར་གྲུབ་བོ་ཞེ་ན། རང་བཞིན་གྱིས་གྲུབ་པའི་གཞན་དབང་རང་གིས་རང་རིག་པ་མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར་དུ་བརྗོད་པའི་གཏན་ཚིགས་དྲན་པ་འདི་ནི་ཆོས་ཅན། གཞི་འགའ་ཞིག་ཏུ་རང་རིག་བདེན་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་ཕྱོགས་ཁྱབ་མ་གྲུབ་པའི་ཕྱིར། ཇི་ལྟར་མ་གྲུབ་ཅེ་ན། རྫས་སུ་གྲུབ་པའི་དྲན་པ་རྟགས་སུ་འགོད་དམ། ཐ་སྙད་ཙམ་དུ་གྲུབ་པའི་དྲན་པ་རྟགས་སུ་འགོད། དང་པོ་ལྟར་ན་ཕྱོགས་ཆོས་མི་འགྲུབ་སྟེ། དྲན་པ་ཆོས་ཅན། རྫས་སུ་གྲུབ་པ་མེད་དེ། མཐའ་བཞིའི་སྐྱེ་བ་དང་བྲལ་བའི་ཕྱིར། གཉིས་པ་ལྟར་ན། ཁྱབ་པ་མི་འགྲུབ་སྟེ། དྲན་པའི་རྟགས་ཀྱིས་རང་རིག་བདེན་པ་བ་མི་འགྲུབ་པར་ཐལ། དྲན་པ་དང་རང་རིག་བདེན་པ་བ་གཉིས་ཀྱི་འབྲེལ་པ་ངེས་པ་མི་སྲིད་པའི་ཕྱིར། དཔེར་ན་ཆུ་ཙམ་ལས་ཆུ་ཤེལ་དང༌། མེ་ཙམ་མཐོང་བ་ལས་ནོར་བུ་མེ་ཤེལ་དཔོག་པ་བཞིན་ནོ། །གཉིས་པ་ནི། ཐ་སྙད་དུ་རང་རིག་པ་ནི་གྲུབ་པ་ལ་རག་མོད་ཀྱི་དེ་ལྟ་ནའང༌། སྔོ་སྣང་དབང་ཤེས་དྲན་པའི་བློ་ཆོས་ཅན། ཁྱོད་ཀྱིས་སྔོ་སྣང་དབང་ཤེས་དྲན་པར་རིགས་པ་མ་ཡིན་པ་སྟེ་དེར་ཐལ། ཁྱོད་དང་སྔོ་སྣང་དབང་ཤེས་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར། དཔེར་ན། མིག་ཤེས་པ་སྟེ་མ་མྱོང་བའི་རྒྱུད་ལ་སྐྱེས་པའི་དྲན་པ་བཞིན་ནོ། །ཅི་སྟེ་མ་ཁྱབ་སྟེ། ལྷ་སྦྱིན་གྱི་མྱོང་དྲན་གཉིས་པོ་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར་ཞེ་ན། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་བསྟན་ཏེ། ལྷ་སྦྱིན་གྱི་མྱོང་དྲན་གཉིས་རྒྱུད་གཅིག་པའི་ཁྱད་པར་དག་ཀྱང་འཇོམས་པའི་ཕྱིར། གཉིས་པ་ནི། འོ་ན་ཁྱོད་ཀྱི་ལུགས་ལ། དྲན་པ་སྐྱེ་བའི་ཚུལ་ཇི་ལྟ་བུ་ཞེ་ན། རང་རིག་བདེན་པ་བ་མེད་ཀྱང༌། ང་ཡིས་སྔོན་པོ་མཐོང་ངོ་སྙམ་དུ་ཡུལ་ཅན་དྲན་པའི་བློ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ན། ངེད་དབུ་མ་པའི་ལུགས་ལ་ཤེས་པ་གང་གིས་ཡུལ་སྔོན་པོ་མྱོང་བར་གྱུར་པའི་སྔོ་སྣང་དབང་ཤེས་དེ་ལས། ཕྱིས་ཀྱི་དྲན་པ་འདི་རང་བཞིན་གྱིས་གཞན་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར། མྱོང་བ་ལས་དྲན་པ་སྐྱེ་བ་འདི་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་ནོ། །གཉིས་པ་ནི། དེའི་ཕྱིར་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་བདེན་གྲུབ་ཏུ་ཚད་མ་གང་གིས་འཛིན་པར་འགྱུར་ཏེ། གཞན་དབང་བདེན་པ་བ་རང་གིས་རང་རིག་པ་ཡོད་པ་མིན། ཚད་མ་གཞན་གྱིས་རིག་པ་ཡང་མ་ཡིན་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ཡོད་པར་བསྟན་པ་ནི། གཞན་དབང་བདེན་པ་བ་དེ་ཉིད་ཀྱིས་དེ་ཉིད་འཛིན་པ་རིགས་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ལས་དང་བྱེད་པ་པོ་གཅིག་ཏུ་ཐལ་བ་ལས། བྱེད་པ་པོ་དང༌། ལས་དང་བྱ་བ་རྣམས་བདེན་པའི་གཅིག་མ་ཡིན་པའི་ཕྱིར། གཉིས་པ་སྒྲུབ་བྱེད་མེད་ཀྱང་ཁས་ལེན་ན་ཧ་ཅང་ཐལ་བ་ནི། གལ་ཏེ་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་གི་ངོ་བོའི་དངོས་པོ་རང་བཞིན་གྱིས་ཡོད་ན། མོ་གཤམ་གྱི་བུ་འདི་ཆོས་ཅན། ཁྱོད་ཀྱིས་གཞན་སེམས་ཙམ་པ་ལ་གནོད་པ་ཅི་ཞིག་བསྐྱལ་ནས་སེམས་ཙམ་པས་ཡོད་པར་ཁས་མི་ལེན་ཏེ། དེས་ཁྱོད་ཡོད་པར་ཁས་ལེན་རིགས་པར་ཐལ། རྒྱུ་མཚན་གང་གིས་ནི་ཁྱོད་ཡོད་པར་མི་རིགས་ཏེ། སྐྱེད་བྱེད་ཀྱི་རྒྱུ་དང་ཤེས་བྱེད་ཀྱི་ཚད་མ་གཉིས་ཀ་མེད་བཞིན་དུ་ཡོད་པར་ཁས་བླངས་ཆོག་པའི་ཕྱིར། མོ་གཤམ་གྱི་བུ་ཞེས་བྱ་བ་སྤྲོས་པ་ཐམས་ཅད་ལས་འདས་ཤིང་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དངོས་པོ་བཏགས་པར་ཡོད་པའི་རྒྱུར་གྱུར་ཅིང༌། བརྗོད་དུ་མེད་པའི་རང་བཞིན་ཅན་ཞིག་ཡོད་དོ་ཞེས་འདོད་པར་གྱིས་ཤིག་ཅེས་འགྲེལ་པར་གསུངས་སོ། །གསུམ་པ་གཞན་དབང་བདེན་གྲུབ་གཟུང་འཛིན་ཀུན་བརྟགས་ཀྱི་རྒྱུ་མ་ཡིན་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། ཀུན་རྫོབ་གཟུང་འཛིན་དུ་བཏགས་པའི་རྒྱུར་ནི་གཞན་དབང་རྫས་གྲུབ་གང་ཞིག་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེའམ་ཕྱིར་ན་རྫས་སུ་གྲུབ་པའི་གཞན་དབང་ཅུང་ཟད་ཡོད་པ་མིན་པའི་ཕྱིར་རོ། །གཞུང་འདི་དག་གིས་ཐ་སྙད་དུ་རང་རིག་བཀག་པར་འདོད་པ་ནི་ཆེས་བཞད་གད་ཀྱི་གནས་ཏེ། དེ་ལྟ་ན་རང་ལུགས་ལ། སྔོ་སྣང་དབང་ཤེས་སོགས་ཤེས་པ་ཐམས་ཅད་མེད་པར་ཐལ། ཤེས་པ་རང་གིས་ཀྱང་མི་འགྲུབ་གཞན་གྱིས་ཀྱང་མི་འགྲུབ་པའི་ཕྱིར། མ་བཟུང་བར་ནི་ཡོད་ཅེས་བྱར་མི་རུང་ཞེས་པར་འཁོར་གསུམ་ཁྱོད་ཀྱི་ལུགས་ལ་ཁས་ཇི་ལྟར་མ་བླངས། དེ་ཡང་རྟགས་དང་པོ་དང་ཁྱབ་པ་སྐབས་དེར་ཁས་བླངས་ལ། རྟགས་ཕྱི་མ་ནི། སྔོ་སྣང་སོགས་ཤེས་པ་དོན་གཞན་གྱིས་མི་འཛིན་པར་ཡུལ་སྔོན་པོ་འགྲུབ་པ་ཉིད་ཀྱིས་ཡུལ་ཅན་སྔོ་སྣང་དབང་ཤེས་གྲུབ་པར་ཁྱེད་ཅག་བཞེད་པའི་ཕྱིར། ཐ་སྙད་དུ་ཡང་རང་རིག་མེད་ན་རང་འབྲེལ་ལས། ཅི་སྟེ་དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་རང་རིག་པ་ནི་གྲུབ་པ་ལ་རག་མོད་ཀྱི་ཞེས་དང༌། གལ་ཏེ་ཡང་ཤེས་པ་རང་གི་བདག་ཉིད་དང་ཡུལ་རིག་པར་བྱེད་མོད་ཀྱི་དེ་ལྟ་ན་ཡང་དྲན་པའི་ཤེས་པ་དེ་དག་དྲན་པར་ནི་མི་རིགས་ཏེ། དྲན་པའི་ཤེས་པ་ནི་ཡུལ་ཉམས་སུ་མྱོང་བའི་ཤེས་པ་ལས་གཞན་ཉིད་དུ་ཁས་བླངས་པའི་ཕྱིར། ཞེས་གསུངས་ལ། དེའི་དོན་ནི་ཐ་སྙད་དུ་རང་རིག་ཡོད་མོད་ཁྱེད་དངོས་སྨྲ་བའི་ལུགས་ལ་མྱོང་དྲན་གཉིས་རྒྱུ་འབྲས་སུ་མི་རུང་སྟེ། རང་བཞིན་གྱིས་གཞན་ཡིན་པར་ཁས་བླངས་པའི་ཕྱིར། དབུ་མ་པའི་ལུགས་ལ་ཐ་སྙད་དུ་མྱོང་དྲན་གཉིས་རྒྱུ་འབྲས་སུ་གྲུབ་སྟེ། དེ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་མ་ཡིན་པའི་ཕྱིར། ཞེས་པ་སྟེ། གཞན་ཕྱིར་མ་ཤེས་ཤེས་པ་དང༌། རང་ལུགས་འཇོག་པ་ན། དྲན་པ་འདི་གཞན་ང་ལ་ཡོད་མིན་པ་ཞེས་པའི་འགྲེལ་པ་ལས་ཤེས་སོ། །འོ་ན་འགྲེལ་པ་ལས། འོན་ཏེ་འཇིག་རྟེན་པའི་ཐ་སྙད་ཀྱི་དབང་དུ་བྱེད་པ་ཡིན་ན་ནི། དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་ཉིད་དོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་མི་སྲིད་པ་ཚད་གྲུབ་ཏུ་བྱེད་པ་མིན་ཏེ། ཁྱོད་ཀྱི་ལུགས་ལ་མི་སྲིད་པར་ཐལ། དེ་གཉིས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཞེས་པའོ། །འོ་ན་འགྲེལ་པ་འདིར་ཡང་རང་རིག་པ་མེད་པར་དྲན་པ་ཇི་ལྟར་འབྱུང་བ་དེ་ལྟར་སྟོན་པར་འགྱུར་རོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། འདི་ནི་རང་རིག་རྫས་གྲུབ་མེད་པར་དྲན་པ་སྐྱེ་ཞེས་པ་སྟེ། འདི་ཡང་ཐ་སྙད་ཚུལ་ལུགས་ཡིན་ཞེས་ཐ་སྙད་དུ་མྱོང་བ་ལས་དྲན་པ་གཅིག་འབྱུང་བར་བཤད་པའི་ཕྱིར། ཁྱེད་ལྟར་ན་ཐ་སྙད་དུ་དྲན་པ་ཡང་མེད་པར་འགྱུར་ཏེ། མ་གྲུབ་འདི་ནི་བསྒྲུབ་པར་བྱེད་པ་མིན། །ཞེས་དང༌། འགྲེལ་པར། རྣམ་པ་ཐམས་ཅད་དུ་དྲན་པ་མི་སྲིད་པས་མ་གྲུབ་པའི་དྲན་པས་ཇི་ལྟར་མ་གྲུབ་པའི་རང་རིག་པ་གྲུབ་པར་འགྱུར་ཞེས་བཤད་པའི་ཕྱིར། ཞར་ལ་འོངས་པས་ཆོག་གོ །གཉིས་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་ལ་གནོད་བྱེད་ཡོད་པར་བསྟན་པ་ལ། གཞན་དབང་རང་བཞིན་གྱིས་གྲུབ་པར་ཁས་བླངས་ན་བདེན་པ་གཉིས་ལས་ཉམས་པར་བསྟན། དེ་ལས་ཉམས་པའི་ཉེས་དམིགས་བསྟན་པའོ། །དང་པོ་ནི། སེམས་ཙམ་པ་གཞན་གྱི་ལྟར་ན། འཇིག་རྟེན་ན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག་པར་འགྱུར་ཏེ། གཞན་དབང་གིས་རྫས་ལ་ཆགས་པ་ཡིས་ཚད་མས་གྲུབ་པའི་གཞན་དབང་རྫས་གྲུབ་ཀུན་རྫོབ་ཀྱི་གདགས་གཞིར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལ། ཐར་པ་ལ་མི་འཇུག་པའི་ཉེས་པ་དང༌། འཁོར་བ་ལ་འཇུག་པའི་ཉེས་པའོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་སྲོལ་ལས་ནི་ཕྱི་རོལ་ཏུ་གྱུར་པའི་སེམས་ཙམ་པ་དེ་དག་ཆོས་ཅན། ཁྱོད་ལ་ཞི་བ་མྱང་འདས་ཀྱི་ཐབས་མེད་པ་ཡིན་ཏེ། ཁྱོད་ཀུན་རྫོབ་དང་དེ་ཁོ་ན་ཉིད་ཀྱི་བདེན་པ་ལས་ཉམས་ཤིང༌། དེ་ལས་ཉམས་པས་ཐར་པ་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དེའི་རྒྱུ་མཚན་ཅི་ཞེ་ན། བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་གིས་མི་ཤེས་པའི་སེམས་ཙམ་པ་དེ་ནི་ཆོས་ཅན། ལམ་ངན་པ་འཁོར་བའི་ལམ་དུ་ཞུགས་པ་ཡིན་ཏེ། རྣམ་རྟོག་ལོག་པས་བདེན་གཉིས་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར། ཁྱབ་སྟེ། ཐ་སྙད་ཀྱི་བདེན་པ་ནི་དོན་དམ་རྟོགས་པའི་ཐབས་སུ་གྱུར་པ་དང༌། དོན་དམ་བདེན་པ་རྟོགས་པ་ནི་ཐབས་བྱུང་དུ་གྱུར་པ་ཡིན་པའི་ཕྱིར། གཉིས་པ་གཞན་དབང་བདེན་གྲུབ་བཀག་པ་དང༌། འཇིག་རྟེན་གྱི་ཀུན་རྫོབ་བཀག་པ་མི་མཚུངས་པར་བསྟན་པ་ལ། ཀུན་རྫོབ་འཇིག་རྟེན་ལ་ལྟོས་ནས་ཁས་ལེན་དགོས་པར་བསྟན། ཁས་མ་བླངས་ན་འཇིག་རྟེན་དང་འགལ་བར་བསྟན་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། དབུ་མ་པ་ཁྱོད་ལ་གྲགས་པའི་ཀུན་རྫོབ་ཀྱང་མེད་པར་འགྱུར་ཏེ། རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཤེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། གཞན་དབང་བདེན་གྲུབ་ཁས་བླངས་པ་དང༌། འཇིག་རྟེན་གྱི་ངོར་ཀུན་རྫོབ་ཁས་བླངས་པ་གཉིས་འགོག་བྱེད་ཀྱི་རིགས་པ་མི་མཚུངས་ཏེ། ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་བདེན་དངོས་འདོད་པ་ལྟར། ཀུན་རྫོབ་ཀྱང་ནི་ཚད་གྲུབ་ཏུ་དབུ་མ་པ་བདག་གིས་ཁས་མ་བླངས་པའི་ཕྱིར། ཀུན་རྫོབ་འདི་དག་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་དོ་ཞེས་འཇིག་རྟེན་གྱི་ངོར་ཏེ། དེ་དང་མཐུན་པར་བྱས་ནས་དབུ་མ་པ་བདག་གིས་སྨྲ་བར་བྱེད་པ་ཆོས་ཅན། དགོས་པ་ཡོད་དེ། འཇིག་རྟེན་པ་རྣམས་དོན་དམ་བདེན་པ་ལ་གཞུག་པའི་འབྲས་བུའམ་དགོས་པ་ཡོད་པའི་ཕྱིར། འོ་ན་ཀུན་རྫོབ་ཐ་སྙད་དུ་ཁས་བླངས་པའི་དགོས་པ་དེ་ལྟར་ཡོད་ན། ཐ་སྙད་དུ་ཁས་ལེན་པའི་རྒྱུ་མཚན་ཅི་ཞེ་ན། དབུ་མ་པ་ཆོས་ཅན། འཇིག་རྟེན་ན་གྲགས་པའི་རྒྱུ་མཚན་གྱིས་ཀུན་རྫོབ་ཁས་བླངས་པ་ཡིན་ཏེ། ཇི་ལྟར་དངོས་སྨྲ་བ་རང་གི་ལུགས་ལ་ཕུང་པོ་སྤངས་ནས་ཞི་བར་ཞུགས་པའི་དགྲ་བཅོམ་པ་རྣམས་ལ་ཀུན་རྫོབ་ཡོད་པ་མ་ཡིན་པ་དེ་ལྟར་འཇིག་རྟེན་ལ་ཡང་ཀུན་རྫོབ་འདི་མེད་ན། དཔེ་དེ་བཞིན་དུ་འཇིག་རྟེན་ལས་ཀྱང་ཡོད་ཅེས་དབུ་མ་པ་བདག་གིས་མི་སྨྲ་བའི་ཕྱིར། གཉིས་པ་ནི། གལ་ཏེ་སེམས་ཙམ་པ་ཁྱོད་ལ་འཇིག་རྟེན་གྱི་གྲགས་པས་མི་གནོད་ན། འཇིག་རྟེན་ཉིད་ལ་ལྟོས་ནས་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་འདི་ནི་དགག་པར་གྱིས་ལ། སེམས་ཙམ་པ་ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་པ་གྱིས་ཤིག་དང༌། ཕྱི་ནས་གང་སྟོབས་དང་ལྡན་པ་དེ་དབུ་མ་པ་བདག་གིས་བསྟན་པར་བྱ་སྟེ། ཁོ་བོ་ཅག་ནི་འཇིག་རྟེན་པའི་ཀུན་རྫོབ་བཟློག་པའི་ཆེད་དུ་ཤིན་ཏུ་ཚེགས་ཆེ་བར་གནས་པའི་ཕྱིར། གཉིས་པ་ལུང་གི་སྒྲུབ་བྱེད་དགག་པ་ལ། ས་བཅུ་པའི་མདོའི་དགོངས་པས། ཕྱི་དོན་བཀག་པ་མ་ཡིན་པར་བསྟན། ལང་ཀར་གཤེགས་པའི་མདོའི་སྒྲས་ཟིན་ལ་ཕྱི་དོན་བཀག་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། མདོའི་དགོངས་པ་བཤད་པ་དང༌། དེས་ན་གཟུགས་སེམས་གཉིས་ཡོད་མེད་མཚུངས་པར་བསྟན་པའོ། །དང་པོ་ལ། བདག་རྟག་པ་བྱེད་པོ་ཡིན་པ་བཀག་ནས་སེམས་ཙམ་གཙོ་བོར་སྟོན་པ་མདོའི་དགོངས་པར་བསྟན། གཟུགས་སོགས་ཙམ་འགོག་པ་མདོའི་དགོངས་པ་མ་ཡིན་པར་བསྟན། དང་པོ་ལ་རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་དངོས་དང༌། དེ་ཉིད་ལང་ཀར་གཤེགས་པའི་མདོ་ལ་བརྟེན་ནས་བསྒྲུབ་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། འཐད་པ་དང་བྲལ་ཡང་འཇིག་རྟེན་གྱི་གནོད་པས་འཇིགས་ནས་ཀུན་རྫོབ་ཁས་ལེན་ན། སེམས་ཙམ་དུ་ཡང་ཁས་ལེན་དགོས་ཏེ། དེ་ལྟར་ཁས་མ་བླངས་ན་ལུང་གི་གནོད་པའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ཀྱཻ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་ཙམ་སྒྲས་གཟུགས་སྒྲ་སོགས་བཀག་ནས། རྣམ་ཤེས་མཚུངས་ལྡན་དང་བཅས་པ་བདེན་གྲུབ་ཏུ་བསྟན་པའི་ཕྱིར་ཞེ་ན། དེ་འདྲའི་མདོ་དེ་ཆོས་ཅན། ཐ་སྙད་དུ་ཕྱི་དོན་འགོག་པ་ཁྱོད་ཀྱི་དགོངས་པ་མ་ཡིན་ཏེ། མངོན་འགྱུར་མངོན་ཕྱོགས་ཏེ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་པ་གསུམ་པོ་རྣམ་པར་ཤེས་པ་ཙམ་དུ་གང་རྟོགས་པ་དེ་བསྟན་པའི་ཕྱིར་དུ་ཁྱོད་གསུངས་པའི་ཕྱིར། བྱང་སེམས་ས་དྲུག་པ་བ་དེ་ཆོས་ཅན། འཇིག་རྟེན་གྱི་བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས་ཏེ། བདག་རྟག་པ་བྱེད་པོ་ཡིན་པ་བཀག་ནས། ཐ་སྙད་དུ་སེམས་ཙམ་བྱེད་པ་པོར་རྟོགས་པའི་ཕྱིར། གཉིས་པ་ནི། དེ་ལྟར་ཡིན་པ་དེའི་ཕྱིར། ལང་ཀར་གཤེགས་པའི་མདོ་སྡེ་དེ་ལས། ཀུན་མཁྱེན་གྱིས་མུ་སྟེགས་པ་རྣམས་ཀྱི་བདག་བྱེད་པོར་ཞེན་པའི་རི་བོའི་སྤོ་མཐོན་པོ་འཇོམས་པར་བྱེད་པའི་ངག་གི་རང་བཞིན་དུ་གྱུར་པའི་རྡོ་རྗེ། གང་ཟག་རྒྱུན་དང་ཕུང་པོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོར་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པ་འདི་ནི་ཆོས་ཅན། དགོས་པ་ཡོད་དེ། ས་བཅུ་པར་ཁམས་གསུམ་པོ་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་ཅིང༌། རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མདོ་འདིས་མདོ་སྔ་མ་དེའི་དགོངས་པ་འཆད་པ་ཆོས་ཅན། དགོས་པ་ཡོད་དེ། བློ་ལྡན་བྱང་སེམས་ཀྱི་བློ་གྲོས་ནི་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། རྒྱལ་བས་མདོ་དེ་དག་ལས་སེམས་ཙམ་འཇིག་རྟེན་གྱི་བྱེད་པོར་གསུངས་པ་ཆོས་ཅན། དགོངས་གཞི་ཡོད་དེ། ཇི་ལྟར་རང་རང་གི་བསྟན་བཅོས་དེ་དང་དེ་ལས་ཕྱི་ནང་གི་མུ་སྟེགས་བྱེད་རྣམས་ཀྱི་གང་ཟག་ལ་སོགས་པ་བྱེད་པ་པོར་སྨོས་པ་དེ་དག་བྱེད་པ་པོར་མ་གཟིགས་ནས་ཐ་སྙད་དུ་འཇིག་རྟེན་གྱི་བྱེད་པ་པོ་བསྟན་པར་དགོངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། འཇིག་རྟེན་པ་རྣམས་ལ་མདོ་ལས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གཙོ་བོའི་སྒྲ་མི་མངོན་པར་བྱས་ནས་གསུངས་པ་འདིར་ཆོས་ཅན། སེམས་བདེན་པར་སྟོན་ཞིང་གཟུགས་ནི་འགོག་པ་དེ་ལྟར་དུ་སྟོན་པ་མདོའི་དོན་མ་ཡིན་ཏེ། གཞན་བྱེད་པོའི་གཙོ་བོ་ཡིན་པ་བཀག་ནས་སེམས་ཙམ་སྲིད་པ་བྱེད་པ་པོའི་གཙོ་བོ་ཡིན་པ་ལ་དགོངས་པའི་ཕྱིར། དཔེར་ན་དེ་ཁོ་ན་ཉིད་ལ་བློ་གྲོས་རྒྱས་པ་ཟེར་རྒྱུ་ཡིན་པ་ལ་ཚིག་སྔ་མ་མི་མངོན་པར་བྱས་ནས་སངས་རྒྱས་ཞེས་བསྙད་པ་ཇི་ལྟ་བ་བཞིན་ནོ། །གཉིས་པ་གཟུགས་སོགས་ཙམ་འགོག་པ་མདོའི་དགོངས་པ་མ་ཡིན་པར་བསྟན་པ་ལ། གཟུགས་སོགས་འགོག་པ་མདོའི་དགོངས་པ་ཡིན་ན་མདོ་ཉིད་དང་འགལ་བར་བསྟན་པ་དང༌། སེམས་ཙམ་བྱེད་པོར་སྟོན་པ་འདིའི་དགོངས་པ་ཡིན་པར་མདོ་ཉིད་ཀྱིས་བསྒྲུབ་པའོ། །དང་པོ་ནི། ས་བཅུ་པའི་མདོ་དེ་ཆོས་ཅན། ཁྱོད་ཀྱིས་གཟུགས་བཀག་ནས་སེམས་བདེན་གྲུབ་ཏུ་བསྟན་པ་མ་ཡིན་ཏེ། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས་ས་བཅུ་པའི་མདོ་དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི་སླར་ཡང་ས་བཅུ་པའི་མདོ་དེ་ལས་བདག་ཉིད་ཆེན་པོས། སེམས་གཏི་མུག་དང་ལས་ལས་སྐྱེས་པར་ཅིའི་ཕྱིར་གསུངས་ཏེ། བདེན་པར་གྲུབ་ན་རྐྱེན་ལ་ལྟོས་པར་འགལ་བའི་ཕྱིར། གཉིས་པ་ནི། སེམས་ཉིད་ཀྱིས་ནི་སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་ལ་འགོད་ཅིང༌། བྱས་པ་ཡིན་ཏེ། སྣོད་བཅུད་ཀྱི་འགྲོ་བ་མ་ལུས་པ་འདི་ལས་ལས་སྐྱེས་པར་མདོ་ལས་གསུངས་ལ། སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་ཐ་སྙད་དུ་གཟུགས་ཡོད་མོད་ཀྱི་གཟུགས་དེ་ཆོས་ཅན། ཁྱོད་ལ་ནི་སེམས་བཞིན་དུ་བྱེད་པ་པོ་ཉིད་དུ་ཡོད་པ་མ་ཡིན་ཏེ། བེམ་པོ་ཡིན་པའི་ཕྱིར་རོ། །དེས་ན་མདོ་དེ་ཆོས་ཅན། གཟུགས་ནི་བཀག་པ་མ་ཡིན་ཏེ། སེམས་ལས་གཞན་པའི་བྱེད་པ་པོ་གཙོ་བོ་དང་དབང་ཕྱུག་སོགས་བྱེད་པོར་འདོད་པ་བཟློག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་གཟུགས་སེམས་གཉིས་ཡོད་མེད་མཚུངས་པར་བསྟན་པ་ལ། རིགས་པས་མཚུངས་པར་བསྟན། ལུང་གིས་མཚུངས་པར་བསྟན། དང་པོ་ནི། འཇིག་རྟེན་པའི་དེ་ཉིད་དེ་ལྟ་བ་ལ་གནས་པའི་སྐྱེས་བུ་ལ་ཕུང་པོ་དེ་ལྔ་ཆར་ཡོད་དེ། ཕུང་པོ་ལྔ་ཆར་འཇིག་རྟེན་ལ་གྲགས་པས་སོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འཆར་བར་འདོད་པ་ན་རྣལ་འབྱོར་པ་ལ་ཕུང་པོ་དེ་ལྔ་ཆར་གྱི་སྣང་བ་འབྱུང་བར་མི་འགྱུར་ཏེ། དོན་དམ་དཔྱོད་པའི་རིགས་ངོར་ཕུང་པོ་ལྔ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་གཟུགས་མེད་ན་སེམས་ཡོད་པར་མ་འཛིན་ཅིག སེམས་ཡོད་པ་ཉིད་ནའང་གཟུགས་མེད་པར་མ་འཛིན་ཅིག་སྟེ། གཉིས་ཀ་རང་བཞིན་གྱིས་མེད་པའི་རིགས་པ་མཚུངས་ཤིང༌། འཇིག་རྟེན་ལ་གཉིས་ཀ་ཡང་གྲགས་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་སེམས་གཉིས་པོ་དེ་དག་ཆོས་ཅན། དོན་དམ་དང་ཐ་སྙད་གཉིས་ཀར་དུ་ཡོད་མེད་མཚུངས་ཏེ། ཤེས་རབ་ཀྱི་ཚུལ་མདོར་སངས་རྒྱས་ཀྱིས་མཚུངས་པར་སྤངས་ཤིང༌། མངོན་པའི་ཆོས་ལས་ཡོད་མཉམ་དུ་གསུངས་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། བཤད་མ་ཐག་པའི་བདེན་གཉིས་ཀྱི་རིམ་པ་འདི་དག་བཤིག་ནས་ཀྱང༌། སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་གི་རྫས་ནི་འགྲུབ་པར་མི་འགྱུར་ཏེ། དེ་འདྲ་ཚད་མས་བཀག་པའི་ཕྱིར། དེའི་ཕྱིར་གཟུགས་སེམས་ཀྱི་དངོས་པོ་རྣམས་ཆོས་ཅན། གདོད་མ་ནས་དེ་ཉིད་དུ་མ་སྐྱེས་ཤིང༌། འཇིག་རྟེན་གྱི་ངོར་སྐྱེས་པར་རིག་པར་བྱ་དགོས་ཏེ། དོན་དམ་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་གྱི་རིམ་པ་དེ་ལྟ་བུས་སོ། །གཉིས་པ་ལང་ཀར་གཤེགས་པའི་སྒྲས་ཟིན་ལ་ཕྱི་དོན་མེད་པར་བཤད་ཀྱང་དེ་ཉིད་དགོངས་པ་ཅན་དུ་བཤད་པ་ལ། དངོས་དང༌། མདོའི་དྲང་ངེས་རྟོགས་པའི་ཐབས་བཤད་པའོ། །དང་པོ་ལ། མདོ་དེ་དྲང་དོན་ཡིན་པར་ལུང་གིས་བསྒྲུབ་པ་དང༌། རིགས་པས་བསྒྲུབ་པའོ། །དང་པོ་ལ། ཕྱི་དོན་མེད་པར་བཤད་པའི་མདོ་དྲང་དོན་དུ་བསྟན་པ་དངོས་དང༌། སེམས་ཙམ་པས་ངེས་དོན་དུ་འདོད་པའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། སེམས་ཙམ་གྱི་ཚུལ་འཐད་དེ། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང༌། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པས་སོ་ཞེ་ན། ལང་ཀར་གཤེགས་པའི་མདོ་དེ་གང་ལས་ཕྱི་རོལ་སྣང་བ་ཡོད་མིན་ཏེ། སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ་ཆོས་ཅན། དྲང་དོན་དགོངས་པ་ཅན་ཉིད་ཡིན་ཏེ། གཟུགས་ལ་ཤིན་ཏུ་ཆགས་པ་གང་ཡིན་པའི་གདུལ་བྱ་དེ་དག་ལ། གཟུགས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་བཟློག་པའི་དོན་ལ་དགོངས་པ་ཡིན་པའི་ཕྱིར། ལང་ཀར་གཤེགས་པའི་ལུང་འདི་ནི་ཆོས་ཅན། དགོངས་པ་ཅན་ཡིན་ཏེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཉིད་དུ་གསུངས་པའི་ཕྱིར་ཏེ། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ནི་སྟོན་པར་མཛད། །ཅེས་གསུངས་པའི་ཕྱིར། འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད་ཅེས་པ་འོག་ཏུ་བཤད་པར་བྱའོ། །གཉིས་པ་ནི། སེམས་ཙམ་དུ་བཤད་པ་རྣམ་པ་དེ་ལྟ་བུའི་མདོ་དེ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང༌། དགོངས་འགྲེལ་ལས། གཞན་དབང་དང་ཡོངས་གྲུབ་བདེན་པར་བཤད་པ་སོགས། སེམས་ཙམ་པས་ངེས་དོན་དུ་འདོད་པ་གཞན་ནི་ཆོས་ཅན། དགོངས་པ་ཅན་ཡིན་ཏེ། ཁྱོད་དྲང་དོན་དགོངས་པ་ཅན་ཉིད་དུ་ཇི་ལྟར་ནད་པ་ཞེས་སོགས་དང༌། བློ་གྲོས་ཆེན་པོ་ང་ཡིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཅན་གྱིས་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་སོགས་དང༌། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང༌། མི་སྐྱེ་བ་དང༌། མི་གཉིས་པ་དང༌། རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོའི་ནང་དུ་ཆུད་པ་འདི་ཞེས་སོགས་ལང་ཀར་གཤེགས་པའི་ལུང་གསུམ་པོ་འདིས་གསལ་བར་བྱེད་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཀྱི་ལུང་འདི་ནི་ཆོས་ཅན། དྲང་དོན་ཉིད་དུ་རིགས་པས་འཐད་དེ། ཤེས་བྱ་ཕྱི་དོན་བདེན་གྲུབ་མེད་ན། ཤེས་པ་བདེན་གྲུབ་བཀག་པ་མྱུར་དུ་འགྲུབ་པས་དང་པོར་ཤེས་བྱ་བདེན་གྲུབ་དགག་པར་མཛད་པ་ཡིན་པའི་ཕྱིར། དེས་དེ་འགྲུབ་པ་ཡིན་ཏེ། ཤེས་བྱའི་བདག་མེད་པ་སྟེ་ཁེགས་ན་ཤེས་པའི་བདག་ཉིད་བསལ་བ་ནི་བདེ་བླག་ཏུ་རྙེད་ཅེས་སངས་རྒྱས་རྣམས་ཀྱི་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལྟར་ལུང་གི་ལོ་རྒྱུས་སམ་དྲང་ངེས་ཤེས་པར་བྱ་བ་སྟེ། ཇི་ལྟར་ཞེ་ན། མདོ་གང་དེ་ཁོ་ན་ཉིད་མ་ཡིན་པ་ཀུན་རྫོབ་ཀྱི་བདེན་པ་དངོས་སུ་བཤད་པའི་དོན་ཅན་གདུལ་བྱ་རིམ་གྱིས་དྲང་བའི་དོན་དུ་གསུངས་པའང༌། རང་བཞིན་མེད་པ་ལ་རིམ་གྱིས་འཇུག་པའི་རྒྱུར་རྟོགས་ནས་དེར་དྲང་བར་བྱ་དགོས་ཤིང༌། སྟོང་པ་ཉིད་ཀྱི་དོན་དངོས་སུ་སྟོན་པ་ཅན་རྣམས་ངེས་དོན་གྱི་མདོ་ཡིན་པར་ཡང་ཤེས་པར་གྱིས་ཤིག་སྟེ། ཤེས་པར་བྱ་དགོས་པའི་ཕྱིར། འདིར་ཡང་སྒྲས་དྲང་ངེས་ཀྱི་བཤད་ཚུལ་གཉིས་པ་ཞིག་སྟོན་པར་འཆད་པ་ནི་འབྲེལ་པ་མེད་དོ། །གཉིས་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ལ། གཅེར་བུ་པ་ན་རེ། རྫ་བུམ་སོགས་རང་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། འཇིམ་པའི་བདག་ཉིད་དུ་ཡོད་པ་དང༌། ཕྱིས་རྫ་མཁན་སོགས་ཀྱིས་ཀྱང་བྱས་པའི་ཕྱིར་ཞེས་ཟེར་རོ། །འདི་དགག་པ་ལ། སྔར་བཤད་ཀྱི་རིགས་པས་དགག སྔར་མ་བཤད་པའི་རིགས་པས་དགག དང་པོ་ནི། དངོས་པོ་རྣམས་ཆོས་ཅན། བདག་གཞན་གཉིས་ཀ་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་ཏེ། གང་གི་ཕྱིར་ན། སྔར་བཤད་ཟིན་པའི་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་བདག་གཞན་གཉིས་ཀ་ལས་སྐྱེ་བ་འདི་ནི་ཆོས་ཅན། འཇིག་རྟེན་ལ་སྟེ་ཐ་སྙད་དུ་ཡང་ཡོད་པ་མ་ཡིན། དེ་ཁོ་ན་ཉིད་དུའང་ཡོད་པར་འདོད་པ་མ་ཡིན་ཏེ། གོང་དུ་བཤད་པའི་རིགས་པས་ཁེགས་པའི་ཕྱིར། གཉིས་པ་ནི། དངོས་པོ་རྣམས་ཆོས་ཅན། བདག་གཞན་གཉིས་ཀ་ལས་སྐྱེས་པ་མ་ཡིན་ཏེ། གང་གི་ཕྱིར་ན། བདག་གཞན་རེ་རེ་བ་ལས་སྐྱེ་བ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། དེ་ཡང་ཕྱིར་རྒོལ་གྱི་ངོར་མི་འགྲུབ་པ་ལ་བྱེད་པ་ཡིན་ནོ། །གཉིས་པ་རྒྱུ་མེད་དགག་པ་ལ། ཧ་ཅང་ཐལ་བ་དངོས་དང༌། རྒྱང་འཕན་གྱིས་མངོན་གྱུར་མི་རྟོགས་པར་དཔེར་བྱས་ནས་ལྐོག་གྱུར་མི་རྟོགས་པ་བསྒྲུབ་པའོ། །དང་པོ་ནི། རྒྱང་འཕན་ན་རེ། དངོས་པོ་རྣམས་རྒྱུ་མེད་དུ་སྐྱེ་བ་ཡིན་ཏེ། རྨ་བྱའི་མདོངས་ལ་སོགས་པ་སུས་ཀྱང་ཆེད་དུ་མ་བྱས་པ་བཞིན་ནོ། །ཞེས་ཟེར་རོ། །གལ་ཏེ་དངོས་པོ་རྣམས་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། དངོས་པོ་མཐའ་དག་ཆོས་ཅན། དུས་རྟག་ཏུ་རྒྱུ་མིན་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་ཞིང༌། འབྲས་བུ་མྱུ་གུ་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་ཡིས་ས་བོན་ལ་སོགས་ནི་བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར་བ་སྟེ་འབད་པར་བྱེད་མི་དགོས་པར་ཐལ། ངོ་བོ་ཉིད་ལས་བྱུང་བ་དེའི་ཚེ་ན་སྟེ། དེའི་ཕྱིར། སྔ་མས་རིགས་པ་དང་འགལ་བ་དང༌། ཐལ་འགྱུར་ཕྱི་མས་མངོན་སུམ་དང་འགལ་བ་སོ་སོར་སྟོན་ནོ། །གཞན་ཡང་གལ་ཏེ་ཕྱི་ནང་གི་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན། ནམ་མཁའི་ཨུཏྤ་ལའི་དྲི་མདོག་ཇི་བཞིན་དུ་བཟུང་དུ་མེད་པ་ཉིད་ཡིན་དགོས་ན། འཇིག་རྟེན་རང་གི་རྒྱུ་ལས་སྐྱེ་བ་ཡིན་པར་ཤེས་པར་གྱིས་ཤིག་སྟེ། ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་མངོན་སུམ་གྱིས་གསལ་བར་འཛིན་པའང་ཡིན་པ་དེའི་ཕྱིར། དཔེར་ན་ཁྱོད་རང་གི་ལུགས་ལ། སྔོན་པོར་སྣང་བའི་བློ་དབང་ཤེས་ནི་སྔོན་པོ་ལས་སྐྱེ་བ་ཡིན་གྱི། ངོ་བོ་ཉིད་ལས་མ་ཡིན་པར་ཁས་བླང་དགོས་པ་བཞིན་ནོ། །དེ་ཡང་རྒྱང་ཕན་ནི་མཐོང་བའི་རྒྱུ་འབྲས་ལ་མི་བསྙོན་ཞིང༌། མ་མཐོང་བའི་རྒྱུ་འབྲས་ལ་སྐུར་བ་འདེབས་པ་ཡིན་པས་འདི་སྐད་ཅེས་ཟེར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་ལ་གྲགས་པ་འདི་ཡོད་པ་ཡིན་ཏེ། མངོན་སུམ་གྱིས་མཐོང་བའི་ཕྱིར་དང༌། མེད་ན་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར། རྒྱུ་དེ་ཡང་འབྱུང་བ་བཞི་པོ་ཁོ་ན་ཡིན་ལ། དེའི་ནུས་པ་ཡོངས་སུ་སྨིན་པ་ལ། ཕྱིའི་འཇིག་རྟེན་སྣ་ཚོགས་དང༌། ནང་བློའི་དངོས་པོ་རྣམས་འབྱུང་བ་ཡིན་གྱི། གོང་དུ་ལས་བྱས་པའི་རྣམ་པར་སྨིན་པ་འདིར་སྨིན་པ་དང༌། འདིར་ལས་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་ཡོད་པ་མ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ལ་དངོས་དང༌། དེས་ན་ལྟ་བ་ཕྱིན་ཅི་ལོག་དང་ལྡན་པར་བསྒྲུབ་པའོ། །དང་པོ་ནི། རྒྱང་འཕན་དེས་ནི་ཆོས་ཅན། ཇི་ལྟར་ཤིན་ཏུ་རྟོགས་པར་དཀའ་བའི་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར་ཏེ། འཇིག་རྟེན་ཤིན་ཏུ་རྟོགས་པར་དཀའ་བའི་འཇིག་རྟེན་འདི་ཉིད་དུ་དོན་རྟོག་པ་གང་ལ་ཡིད་ཀྱི་མུན་པ་འཐུག་པོ་ཡོད་པའི་གང་ཟག་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ནི་འབྱུང་བ་དེ་དག་སེམས་ཀྱི་ཉེར་ལེན་གྱི་བདག་ཉིད་གང་དུའང་རྒྱུ་མཚན་གང་གིས་ནི་ཁྱོད་ཀྱི་བློའི་ཡུལ་དུ་ཇི་ལྟར་གྱུར་པ་དེའི་བདག་ཉིད་ཅན་ནི་མ་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་ནོ། །གཉིས་པ་ལ། རྟགས་དགོད་པ་དང༌། དཔེ་བསྒྲུབ་པའོ། །དང་པོ་ནི། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་རྒྱང་འཕན་བདག་ཉིད་ནི་ཆོས་ཅན། ཤེས་བྱའི་རང་བཞིན་ཕྱིར་ཅི་ལོག་ཏུ་ལྟ་བ་རྟོགས་པར་བྱ་སྟེ། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཀྱི་ཕྱིར། དཔེ་གང་གི་ཚེ། འབྱུང་བའི་བདག་ཉིད་སེམས་ཀྱི་ཉེར་ལེན་དུ་ཡོད་པ་ཉིད་དེ་ཁས་ལེན་པ་དེའི་ཚེ་བཞིན་ནོ། །གཉིས་པ་ནི། དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་ངོ་ཞེ་ན། རང་བཞིན་གྱིས་སྐྱེ་བ་མེད་པར་མ་བཤད་པའི་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ་སྟེ། རང་བཞིན་གྱིས་གྲུབ་པའི་འབྱུང་བ་དེ་དག་ཇི་ལྟར་སེམས་ཀྱི་ཉེར་ལེན་དུ་གྱུར་པ་མ་ཡིན་པར་དེ་ལྟར་བཤད་ཟིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་གོང་དུ་རང་གཞན་རེ་རེ་བ་ལས་སྐྱེ་བ་དང༌། གཉིས་ཀ་ལས་སྐྱེ་བ་དང༌། རྒྱུ་མེད་དུ་སྐྱེ་བ་དངོས་པོ་ཐམས་ཅད་ལ་ཐུན་མོང་དུ་ནི་བཀག་ཟིན་པ་དེའི་ཕྱིར་རོ། །རིགས་པ་འདི་ནི་ཐམས་ཅད་མཁྱེན་པ་མེད་པར་འདོད་པ་དང༌། ཕྱི་དོན་བདེན་པར་ཁས་ལེན་པ་དང༌། ཕྱི་དོན་ཐ་སྙད་དུ་ཡང་མེད་པར་འདོད་པ་དང༌། དབང་ཕྱུག་རྒྱུར་སྨྲ་བ་སོགས་ལ་སྦྱར་བར་བྱ་སྟེ། དེ་ལྟར། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་རྟོགས་བྱ་སྟེ། །དེའི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་མཐའ་གཉིས་སུ་ལྟ་བ་ཐམས་ཅད་ལ་སྦྱར་བར་འགྲེལ་པ་ལས་གསུངས་ཤིང༌། དབུ་མ་པ་རང་ལ་ཡང་ཐལ་བར་འགྱུར་བ་འདི་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དཔེ་མེད་པའི་ཕྱིར། རིགས་པ་འདི་རང་ལུགས་ཀྱི་སྒྲུབ་བྱེད་དུ་འགྱུར་བ་ཡིན་ཏེ། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །«བདག་གི་ཕྱིར།་་་་་»དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་དང༌། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོག་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །གཏན་ཚིགས་དང་དཔེ་ནི་སྔ་མ་ཁོ་ནའོ། །ཞེས་འགྲེལ་པར་གསུངས་སོ། །གཉིས་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང༌། རྒྱུ་ལ་མ་ལྟོས་པར་སྐྱེ་བ་ཡོད་པ་མ་ཡིན་པས་ན། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་དང་བྲལ་ལོ་ཞེས་པ་ནི། མཐའ་བཞི་ལས་སྐྱེ་བ་བཀག་པའི་གྲུབ་དོན་དུ་རྗེས་དཔག་སྐྱེས་པའོ། །གང་དག་གཞུང་འདི་རྟགས་དགོད་པ་ལ་སྦྱོར་བ་ནི་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་པར་ཚིག་གསལ་ལས་འབྱུང་ངོ༌། །གཉིས་པ་མཐའ་བཞིའི་སྐྱེ་བ་བཀག་པ་ལ་རྩོད་པ་སྤང་བ་ལ། རང་བཞིན་གྱིས་སྐྱེ་མེད་ཡིན་ན་མི་མཁས་པས་ཀྱང་རྟོགས་པར་ཐལ་བའི་རྩོད་པ་སྤང་བ་དང༌། རང་བཞིན་གྱིས་མེད་ན་ཐ་སྙད་དུ་མེད་པར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ལ། རྟགས་དགོད་པ་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། ཁོ་ན་རེ། དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཡིན་ན། འཇིག་རྟེན་པ་རྣམས་ལ་མི་སྐྱེ་བར་མི་སྣང་བ་ཅི་ཞེ་ན། འཇིག་རྟེན་བྱིས་པ་རྣམས་ལ་ཆོས་ཅན། ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར་ཏེ། སྒྲིབ་བྱེད་དུ་གྱུར་པ་གང་གི་ཕྱིར་སྤྲིན་ཚོགས་དང་མཚུངས་པའི་གཏི་མུག་སྟུག་པོ་རང་རྒྱུད་ལ་ཡོད་པ་དེས་ན་སྟེ་དེའི་ཕྱིར་རོ། །གཉིས་པ་ལ་འཇིག་རྟེན་གྱི་དཔེས་བསྒྲུབ་པ་དང༌། སངས་རྒྱས་ཀྱི་ལུང་གིས་བསྒྲུབ་པའོ། །དང་པོ་ནི། མི་མཁས་པས་ཆོས་ཅན། གཏི་མུག་གི་སྐྱོན་གྱི་དབང་གིས་འདུས་བྱས་ལྟ་ཞིག་སྣ་ཚོགས་པ་རྣམས་བློ་གྲོས་ངན་པས་ནི་ཕྱིན་ཅི་ལོག་ཏུ་རྟོགས་ཤིང་འཛིན་པར་འགྱུར་ཏེ། ཇི་ལྟར་རབ་རིབ་མཐུ་ཡིས་སྐྲ་ཤད་དང༌། ཟླ་གཉིས་དང༌། སྦྲང་མ་དང༌། རྨ་བྱའི་མདོངས་ལ་སོགས་པ་མེད་བཞིན་དུ་ལོག་པར་འཛིན་པར་བྱེད་པ་དེ་བཞིན་དུ་སྟེ་དེ་དང་མཚུངས་པའི་ཕྱིར། གཉིས་པ་ནི་བྱིས་པ་རྣམས་ལ་མ་རིག་པའི་དབང་གིས་ཡུལ་རྣམས་ལོག་པར་སྣང་བ་ཡིན་ཏེ། མདོ་ལས་གལ་ཏེ་གཏི་མུག་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་འབྱུང་ཞིང༌། གཏི་མུག་མེད་པར་ཡང་སྲིད་འཕེན་བྱེད་ཀྱི་ལས་དེ་མི་འབྱུང་ཞེས་བྱ་བར་གསུངས་ཏེ། མི་མཁས་པ་སོ་སོ་སྐྱེ་བོ་ཁོ་ནས་རྟོགས་པར་གོར་མ་ཆག་སྟེ། མ་རིག་པས་འཕེན་བྱེད་ཀྱི་ལས་སོག་པ་དེ་སོ་སྐྱེ་ཁོ་ནའི་དབང་དུ་བྱས་པའི་ཕྱིར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་དེ་འཕགས་པའི་དབང་དུ་བྱས་པ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་གཟིགས་པའི་བློ་གྲོས་བཟང་པོའི་ཉི་མས་མི་ཤེས་པའི་མུན་པ་སྟུག་པོ་སྟེ། རགས་པ་རྣམ་པར་བསལ་བའི་མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང༌། དེའི་རྒྱུ་མཚན་གྱིས་ལས་མ་བསགས་པར་འཁོར་བ་ལས་གྲོལ་བར་འགྱུར་བའི་ཕྱིར། གཉིས་པ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། ཁོ་ན་རེ། གལ་ཏེ་དངོས་པོ་རྣམས་དེ་དག་ཆོས་ཅན། ཐ་སྙད་དུ་ཡང་མེད་པ་ཉིད་དུ་འགྱུར་ཏེ། དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་ཇི་བཞིན་ནོ། །དེ་ལྟར་ཐལ་བ་དེའི་ཕྱིར། དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད་དོ་ཞེ་ན། ལན་ལ་ཉེས་པ་དེ་དོན་སྨྲ་བ་འདོད་པའི་ཐ་སྙད་ཀྱི་དཔེ་གཞན་ལ་མཚུངས་པར་བསྟན་པའི་སྒོ་ནས་མགོ་མཚུངས་ཀྱི་ལན་གདབ་པ་དང༌། དབུ་མ་པ་ལ་མི་མཚུངས་ཤིང༌། དངོས་སྨྲ་བ་ལ་ཐལ་བ་དེ་མཚུངས་པར་བསྟན་པའི་སྒོ་ནས་རྒལ་ལན་གདབ་པའོ། །དང་པོ་ལ། གཞན་ལ་མཚུངས་ཚུལ་རྒྱས་པར་བསྟན་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ། དངོས་སྨྲ་བ་ཆོས་ཅན། རེ་ཞིག་དང་པོར་མིག་རབ་རིབ་ཅན་ལ་བརྩད་པར་བྱ་དགོས་ཏེ། དེ་ལ་ཁྱོད་ཀྱི་རྩོད་པའི་གོ་སྐབས་དང་པོར་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། སྐྲ་ཤད་ལ་སོགས་པ་གང་དག་རབ་རིབ་ཅན་གྱི་མིག་སོགས་ཡུལ་དུ་སྣང་བར་འགྱུར་བ་སྐྲ་ཤད་སོགས་དེ་དག་ཆོས་ཅན། ཐ་སྙད་དུ་ཡང་མིག་རབ་རིབ་ཅན་ལ་མི་སྣང་བར་ཐལ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། དེ་ལྟར་ཐལ་བ་དེའི་ཕྱིར་སྐྲ་ཤད་ལ་སོགས་པར་སྣང་བ་དེ་དག་རང་བཞིན་གྱིས་ཡོད་པ་ཉིད་དོ་ཞེས་རྩོད་པར་གྱིས་ལ། དེའི་ཕྱིར་ཕྱི་ནས་མ་རིག་པའི་རབ་རིབ་དང་རྗེས་སུ་འབྲེལ་བའི་སོ་སོ་སྐྱེ་བོ་རྣམས་ལ་རྒོལ་བར་གྱིས་ཤིག ཡང་དངོས་སྨྲ་བ་དེ་ཆོས་ཅན། ང་དབུ་མ་པ་ལ་རྒོལ་བའི་སྔར་ཁྱོད་ཉིད་ལ་ཁྱོད་ཀྱིས་བརྩད་པར་བྱ་དགོས་ཏེ། ཁྱོད་ཉིད་ལ་ཁྱོད་ཀྱིས་རྩོད་པའི་གོ་སྐབས་དང་པོར་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། དངོས་སྨྲ་བ་ཁྱོད་ལ་རྨི་ལམ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྨིག་རྒྱུ་དང་གཟུགས་བརྙན་སོགས་ཇི་ལྟར་སྣང་བ་དེར་འགྱུར་ལ། མོ་གཤམ་གྱི་བུ་མི་སྣང་བ་དེ་མི་རིགས་པར་ཐལ། གལ་ཏེ་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་བཅས་པ་དང༌། སྨིག་རྒྱུའི་ཆུ་དང༌། མིག་འཁྲུལ་དང༌། གཟུགས་བརྙན་སོགས་ཁྱོད་ཀྱིས་སྐྱེ་མེད་དུ་མཐོང་ནས་མོ་གཤམ་བུ་དང་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་པར་མཚུངས་པའི་ཕྱིར། ཞེས་རྩོད་པར་གྱིས་ལ་དེའི་རྗེས་སུ་ང་དབུ་མ་པ་ལ་རྩོད་པར་གྱིས་ཤིག གཉིས་པ་ནི། དངོས་སྨྲ་བས་གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། ཞེས་སོགས་སྨྲ་བ་འདི་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་མ་ངེས་པ་ཡིན་ཏེ། ཇི་ལྟར་གོང་ཏུ་བཤད་པའི་དཔེ་འདི་རྣམས་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་ཀྱང༌། གང་གི་ཕྱིར་མོ་གཤམ་གྱི་བུ་ལྟར་འཇིག་རྟེན་གྱི་མཐོང་བ་འཁྲུལ་པའི་ཡུལ་དུ་མི་འགྱུར་བ་ཡང་མ་ཡིན། མོ་གཤམ་གྱི་བུ་མཐོང་བ་འཁྲུལ་པའི་ཡུལ་དུ་འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་རམ་རྒྱུ་མཚན་གྱིས་ནི་ཁྱོད་ཀྱི་ཁྱབ་པ་མ་ངེས་པའི་ཕྱིར། གཉིས་པ་ལ་དབུ་མ་པ་ལ་མི་མཚུངས་པའི་སྒོ་ནས་རྒལ་ལན་གདབ་པ་དང༌། དངོས་སྨྲ་བ་ལ་མཚུངས་པའི་སྒོ་ནས་རྒལ་ལན་གདབ་པའོ། །དང་པོ་ནི། དངོས་པོ་འདི་ཀུན་ཆོས་ཅན། རྟག་ཏུ་རང་བཞིན་གྱིས་སྐྱེ་བ་ཡོད་པ་མ་ཡིན་སྟེ། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱི་སྐྱེ་བ་དེ་ཁོ་ན་ཉིད་དུ་མེད་ཅིང༌། འཇིག་རྟེན་དུའང་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཁྱོད་ཀྱང་ངོ་བོ་ཉིད་ཀྱིས་འཇིག་རྟེན་དུའང་མ་སྐྱེས་པ་དེ་ཁོ་ན་ཉིད་དུའང་མ་སྐྱེས་པ་དེའི་ཕྱིར་དང༌། ལུང་གི་སྒྲུབ་བྱེད་འདི་ལྟར་སྟོན་པས་ཆོས་རྣམས་ཀུན་གདོད་མ་ནས་ཞི་ཞིང༌། སྐྱེ་བ་དང་བྲལ་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་གསུངས་པར་གྱུར་པ་དེའི་ཕྱིར། མདོ་སྡེ་དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡིས། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས་བསྟོད་པར་གསུངས་ཞེས་འགྲེལ་པར་དྲངས་སོ། །གཉིས་པ་དངོས་སྨྲ་བ་ལ་མཚུངས་པར་བསྟན་པའི་སྒོ་ནས་རྒལ་ལན་གདབ་པ་ནི། དངོས་པོ་ཐམས་ཅད་ཆོས་ཅན། རང་བཞིན་གྱིས་མེད་ཀྱང་མོ་གཤམ་བུ་དང་མཚུངས་པར་ཐལ་བར་མི་འགྱུར་ཏེ། དངོས་སྨྲ་བ་རང་གི་ལུགས་ལ་བུམ་སོགས་འདི་དག་དེ་ཉིད་དུ་སྟེ་དོན་དམ་པའི་དངོས་པོར་མེད་ཅིང་འཇིག་རྟེན་ན་རབ་ཏུ་གྲགས་ཏེ། ཀུན་རྫོབ་ཀྱི་དངོས་པོར་ཡོད་པ་ཇི་བཞིན་དུ་ཁྱོད་ཀྱང་དེ་བཞིན་དུ་འགྱུར་བ་ཡིན་པའི་ཕྱིར། དེ་ཡང་གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་རྟེན་འབྱུང་གི་སྐྱེ་བ་ཁས་ལེན་དགོས་པར་བསྟན་པ་ལ། བསྟན་པ་དངོས་དང་དེ་ལྟར་ཁས་བླངས་པས་མཐར་འཛིན་གྱི་རྟོག་པ་མཐའ་དག་གཅོད་ནུས་པར་བསྟན་པའོ། །དང་པོ་ནི། ཁོ་ན་རེ། འོ་ན་མཐའ་བཞིའི་སྐྱེ་བ་མེད་ན་མ་རིག་པ་ལས་འདུ་བྱེད་སོགས་དང༌། ས་བོན་ལས་མྱུ་གུ་སྐྱེ་བ་འདི་ཇི་ལྟར་ངེས་པར་བྱ་ཞེ་ན། དངོས་པོ་རྣམས་ཆོས་ཅན། ཀུན་རྫོབ་ཏུ་རང་གི་རྒྱུ་ལ་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ན་རྒྱུ་མེད་པ་དང༌། རྒྱུ་རིགས་མི་མཐུན་པ་དབང་ཕྱུག་གི་རྒྱུ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*