སོགས་པས་དུས་དང་རང་བཞིན་དང་སྐྱེས་བུ་དང་སྲེད་མེད་ཀྱི་བུ་སོགས་དང༌། བདག་གཞན་གཉིས་ཀ་ལས་སྐྱེ་བར་འགྱུར་བ་མ་ཡིན་པ་དེའི་ཕྱིར། གཉིས་པ་ལ། བསྟན་པ་དངོས་དང༌། དེའི་ཤེས་བྱེད་ཀྱི་དཔེ་འགོད་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་རིགས་པ་འདི་ཡིས་ནི་ཆོས་ཅན། དངོས་པོ་རྣམས་མཐའ་བཞི་ལས་སྐྱེ་བར་འཛིན་པ་དང༌། དེར་མ་ཟད་རྟག་ཆད་དུ་འཛིན་པའི་ལྟ་ངན་གྱི་དྲྭ་བ་མཐའ་དག་གཅོད་པར་བྱེད་ནུས་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་རྟེན་ནས་རབ་ཏུ་འབྱུང་བས་རྟག་ཆད་དུ་ལྟ་བའི་རྟོག་པ་འདི་དག་བརྟག་པར་མ་ནུས་པ་དེའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་རྟེན་འབྲེལ་དུ་ཤེས་པའི་གང་ཟག་ལ་མཐར་འཛིན་གྱི་རྟོག་པ་རིམ་གྱིས་འགག་པར་འགྱུར་ཏེ། མཐར་འཛིན་གྱི་རྟོག་པ་རྣམས་དངོས་པོར་འཛིན་པ་ཡོད་ན་འབྱུང་བ་དང་དངོས་པོར་འཛིན་པ་མེད་པར་མཐར་འཛིན་གྱི་རྟོག་པ་འདི་དག་མི་འབྱུང་བ་ཡིན་པ་ལས། རང་བཞིན་གྱིས་གྲུབ་པའི་དངོས་པོ་ཇི་ལྟར་མེད་པ་དེ་ལྟར་སྔར་རྣམ་པར་ཡོངས་སུ་དཔྱད་ཟིན་པའི་ཕྱིར། དཔེར་ན་བུད་ཤིང་མེད་པར་མེ་ཡོད་མ་ཡིན་པ་དེ་བཞིན་ནོ། །གཉིས་པ་རིགས་པས་དཔྱད་པ་བྱས་པའི་དགོས་པ་བཤད་པ་ལ། མཐར་འཛིན་གྱི་རྟོག་པ་ལོག་པ་དགོས་པའི་གཙོ་བོར་བསྟན་པ། རྩོད་པས་གཞན་ཕམ་པ་དགོས་པ་མ་ཡིན་པར་བསྟན། དང་པོ་ནི། མཐར་འཛིན་གྱི་རྟོག་པ་རྣམས་ལོག་པར་གྱུར་པ་གང་ཡིན་པ་དེ་དབུ་མའི་བསྟན་བཅོས་རྣམས་སུ་རིགས་པས་རྣམ་པར་དཔྱོད་པའི་འབྲས་བུར་འཕགས་པ་ཡབ་སྲས་ལ་སོགས་པའི་མཁས་པ་རྣམས་གསུངས་པའི་རྒྱུ་མཚན་ཡོད་དེ། སོ་སོ་སྐྱེ་བོ་རྣམས་ནི་མཐར་འཛིན་གྱི་རྟོག་པས་རབ་ཏུ་བཅིངས་ཤིང༌། མི་རྟོག་ཡེ་ཤེས་རྒྱུད་ལ་ཡོད་པའི་རྣལ་འབྱོར་པ་ནི་རབ་ཏུ་གྲོལ་བར་འགྱུར་བ་ཡིན་པས་དེ་ལ་དགོངས་པའི་ཕྱིར། ཇི་སྐད་དུ་བཞི་བརྒྱ་པ་ལས། དངོས་རྣམས་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་དང༌། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་དངོས་དང༌། དོགས་པ་སྤང་བའོ། །དང་པོ་ནི། སློབ་དཔོན་གྱི་དབུ་མའི་བསྟན་བཅོས་ལས་རིགས་པས་རྣམ་པར་དཔྱད་ནས་དེ་ཁོ་ན་ཉིད་བསྟན་པ་ཆོས་ཅན། རྩོད་པ་ལ་ཆགས་པའི་ཕྱིར་རམ་གཞན་ཟིལ་གྱིས་གནན་པ་བཞེད་ནས་མཛད་པ་མ་ཡིན་ཏེ། ཐུགས་རྗེས་སྐྱེ་བོ་རྣམ་པར་གྲོལ་བའི་ཕྱིར་དུ་ནི་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ངན་རྟོག་ལྡོག་པའི་ཕྱིར་བཤད་ན་ཉེས་པ་མེད་པར་བསྟན། ཆགས་སྡང་གིས་བཤད་ན་ཉེས་པ་ཡོད་པར་བསྟན། དེས་ན་ངེད་ལ་འབྲས་བུ་དང་བཅས་པར་བསྟན་པའོ། །དང་པོ་ནི། རྩོད་པའི་ཕྱིར་མ་མཛད་ན། གཞན་གྱི་གཞུང་ལུགས་འཇིག་པར་བྱེད་པ་འགལ་ལོ་ཞེ་ན། གལ་ཏེ་སློབ་དཔོན་གྱིས་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ན། གཞན་གྱི་གཞུང་ལུགས་འཇིག་པར་གྱུར་ཀྱང༌། སློབ་དཔོན་དང་དེའི་རྗེས་འཇུག་རྣམས་ཆོས་ཅན། གཞན་གྱི་གཞུང་ལུགས་བཤིག་པའི་ཉེས་པ་མེད་དེ། རང་གི་ལྟ་བ་ལ་ཆགས་པ་དང༌། གཞན་གྱི་ལྟ་བ་ལ་ཞེ་སྡང་བས་མ་ཡིན་པར། ཐུགས་རྗེས་དེ་ཉིད་རྣམ་པར་བཤད་པ་ན་གཞུང་ལུགས་ངན་པ་རང་ཤུགས་ཀྱིས་འཇིག་པར་འགྱུར་བའི་ཕྱིར། དཔེར་ན་སྣང་བ་ཉེ་བ་ན་དེའི་འགལ་ཟླར་གྱུར་པའི་མུན་པ་འཐོན་མི་འཇུག་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་ཆགས་སྡང་གིས་བསླངས་ནས་བཤད་ན་ཉེས་པ་དང་བཅས་པར་འགྱུར་ཏེ། རང་གི་ལྟ་བ་ལ་ཆགས་པ་དང༌། གཞན་གྱི་ལྟ་བ་ལ་འཁྲུག་པ་གང་ཡིན་པ་དེ་ནི་འཁོར་བར་འཆིང་བྱེད་ཀྱི་རྟོག་པ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། དེའི་ཕྱིར། འདོད་ཆགས་དང་ཁོང་ཁྲོ་རྣམ་པར་བསལ་ཏེ། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ན་དེ་ལྟར་དཔྱོད་པའི་མཁས་པ་རྣམས་ཆོས་ཅན། བཤད་པ་དང་བརྩད་པ་འབྲས་བུ་དང་བཅས་པ་ཡིན་ཏེ། མཐར་འཛིན་གྱི་སྤྱོད་པ་ལོག་ནས་མྱུར་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ། བདག་འགོག་དགོས་པའི་རྒྱུ་མཚན། བདག་རིགས་པས་དགག་པ་དངོས་བཤད་པའོ། །དང་པོ་ནི། ཐར་པ་དོན་གཉེར་གྱི་རྣལ་འབྱོར་པ་ཡིས་ཆོས་ཅན། ཐོག་མར་གང་ཟག་གི་བདག་ནི་འགོག་པར་བྱེད་དགོས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང༌། སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་རྣམས་མ་ལུས་པ་འཇིག་ཚོགས་ཕུང་པོ་ལ་བདག་ཏུ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་གྱུར་ཅིང་ངའོ་སྙམ་པའི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་བདག་ནི་འཇིག་ལྟ་འདི་ཡི་འཛིན་སྟངས་ཀྱི་ཡུལ་དུ་རྟོགས་པར་བྱས་ནས་ཏེ། དེའི་རྒྱུ་མཚན་གྱིས་དགག་དགོས་པ་ཡིན་པའི་ཕྱིར། འདིར་ཁ་ཅིག འཇིག་ལྟའི་དམིགས་པར་གྱུར་པའི་བདག་དེ་ཡོད་ཅིང༌། དེ་འདིར་མི་འགོག་གོ་ཞེས་སྨྲ་བ་མི་རིགས་ཏེ། འགྲེལ་པ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ་ཞེས་དང༌། གང་ཞིག་འཇིག་ཚོགས་ལ་ལྟ་བའི་དམིགས་པར་གྱུར་པ་བདག་ཅེས་བྱ་བ་འདི་ཅི་ཞིག དེ་རྣལ་འབྱོར་པས་ཐོག་མར་བདག་ཁོ་ན་རྣམ་པར་དཔྱོད་པར་བྱེད་དོ། །ཞེས་དང༌། རྣལ་འབྱོར་པས་བདག་ཁོ་ན་འགོག་པར་བྱེད་དོ་ཞེས་བདག་དང་བདག་གི་བ་གཉིས་འཇིག་ལྟའི་འཛིན་སྟངས་སམ་དམིགས་པའི་ཡུལ་ཡིན་པ་དང༌། དེ་གཉིས་ཀྱི་ནང་ནས་ཐོག་མར་བདག་འགོག་པར་གསུངས་ཤིང༌། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །ཞེས་པ་དམིགས་རྣམ་གཉིས་སུ་ཕྱེ་བའི་དམིགས་པ་ལ་བྱེད་ན་གང་ཟག་གི་བདག་འགོག་དགོས་པའི་ཤེས་བྱེད་དུ་མ་འབྲེལ་བའི་ཕྱིར་དང༌། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ་ཞེས་དང༌། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ་ཞེས་པའང་དམིགས་པ་འཛིན་སྟངས་ལ་མ་བཤད་ན་མི་འབྲེལ་བའི་ཕྱིར་རོ། །གཉིས་པ་བདག་དགག་པ་དངོས་ལ། བདག་དང་བདག་གི་བ་རིགས་པས་ཇི་ལྟར་འགོག་པའི་ཚུལ་རྒྱས་པར་བཤད། རིགས་པ་དེ་དངོས་པོ་གཞན་ལ་བསྒྲེ་བའོ། །དང་པོ་ལ། བདག་རིགས་པས་དགག དེས་བདག་གི་བའང་ཁེགས་པའི་ཚུལ་ལོ། །དང་པོ་ལ། རིགས་པས་རྣམ་དཔྱད་བྱས་པའི་ཚེ་བདག་མི་འགྲུབ་པར་བསྟན། རིགས་པས་མ་དཔྱད་པར་བརྟགས་པ་ཙམ་དུ་ཁས་ལེན་དགོས་པའི་དཔེ་བཤད་པའོ། །དང་པོ་ལ། བདག་ཕུང་ངོ་བོ་གཅིག་དང་ཐ་དད་ཀྱི་ཕྱོགས་དགག བརྗོད་དུ་མེད་པའི་ཕྱོགས་དགག དང་པོ་ལ་རྫས་གཅིག་དང་རྫས་ཐ་དད་སོ་སོར་དགག་པ་དང༌། རྫས་གཞན་ཁེགས་པ་ན་རྟེན་བརྟེན་པ་སོགས་ཁེགས་པར་བསྟན་པའོ། །དང་པོ་ལ། གཞན་སྡེ་བདག་ཕུང་རྫས་གཞན་དུ་འདོད་པ་དགག རང་སྡེ་བདག་ཕུང་རྫས་གཅིག་ཏུ་འདོད་པ་དགག དང་པོ་ལ། མུ་སྟེགས་ཀྱི་འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས་ཆོས་ཅན། ངར་འཛིན་གྱི་དམིགས་པར་གྱུར་པའི་བདག་དེ་ཁྱད་པར་ལྔ་ལྡན་དུ་བརྟགས་པ་ཡིན་ཏེ། ཟ་བ་པོ་སྟེ་ལོངས་སྤྱོད་པ་པོ་ཡིན་པ་དང༌། རྟག་པའི་དངོས་པོ་ཡིན་པ་དང༌། རྣམ་འགྱུར་རྣམས་ཀྱི་བྱེད་པ་པོ་མ་ཡིན་པའི་ཁྱད་པར་དང༌། རྡུལ་མུན་སྙིང་སྟོབས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་མེད་པ་དང༌། ཁྱད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན། འགྲོ་འོང་གི་བྱ་བ་མེད་པར་བཏགས་པའི་ཕྱིར། དེར་མ་ཟད་འཇིག་ལྟའི་གཟུང་བྱར་གྱུར་པའི་བདག་དེའི་འདོད་ལུགས་ཀྱི་དབྱེ་བ་ཅུང་ཟད་ལ་རྟེན་ནས་མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་པར་གྱུར་ཏེ། བྱེ་བྲག་པས་བདག་བློ་དང་བདེ་བ་དང་སྡུག་བསྔལ་དང༌། འདོད་པ་དང༌། སྡང་བ་དང༌། འབད་པ་དང༌། ཆོས་དང་ཆོས་མིན་དང༌། བྱ་བའི་ཤུགས་ཤེས་པའི་ཡོན་ཏན་དགུ་དང་ལྡན་པར་སྨྲ་བ་དང༌། རིག་བྱེད་པ་བདག་གཅིག་ཡིན་ཀྱང་འགྲོ་བ་རྣམས་ལུས་ཐ་དད་པས་སྣ་ཚོགས་སུ་སྣང་བར་འདོད་པའི་ཕྱིར་རོ། །དེ་དགག་པ་ལ། གཞན་ལ་གྲགས་ཀྱི་རྟགས་ཀྱིས་དགག་པ་དང༌། འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་དགག་པའོ། །དང་པོ་ལ། རིགས་ངོར་དགག་པ་དང༌། རིགས་པས་མ་བརྟགས་པའི་ངོར་ཡང་ཁས་ལེན་དུ་མི་རུང་བར་བསྟན་པའོ། །དང་པོ་ནི། མུ་སྟེགས་རྣམས་ཀྱིས་ཇི་ལྟར་བརྟགས་པ་དེ་ལྟར་གྱུར་པའི་བདག་ནི་ཆོས་ཅན། དངོས་པོར་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། མོ་གཤམ་གྱི་བུ་ལྟར་རོ། །འདི་ནི་གཞན་ལ་གྲགས་ཀྱི་གཏན་ཚིགས་ཏེ། ཆོས་ཅན་གཞན་གྱིས་ཁས་བླངས་པའི་ཕྱིར་རོ། །དེ་འདྲའི་བདག་འདི་ནི་ཆོས་ཅན། ངར་འཛིན་གྱི་རྟེན་ཏེ། འཛིན་སྟངས་ཀྱི་གཟུང་བྱར་ཡང་མི་རིགས་ཏེ། མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །འདི་ཡང་ཁྱབ་པ་གཞན་གྱིས་ཁས་བླངས་པའི་གཞན་གྲགས་སོ། །འདི་ཡི་རྟེན་ཞེས་པ་དམིགས་རྣམ་གཉིས་སུ་ཕྱེ་བའི་དམིགས་པ་ལ་བྱེད་གསུངས་པ་མི་འཐད་དེ། དེ་ལྟ་ན་འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུའང་མི་འདོད་ཅེས་པའང་དམིགས་པ་ལ་བྱེད་དགོས་པར་ཐལ་བའི་ཕྱིར་དང༌། དེ་དམིགས་པ་ལ་བྱེད་ན་དེ་རིག་པ་མ་ཡིན་པའང་བདག་ལྟའི་ཕྱིར་ཞེས་པའི་རྟགས་དང་མ་འབྲེལ་བའི་ཕྱིར་དང༌། རང་ལའང་མཚུངས་པའི་ཕྱིར་དང༌། སྐབས་འདིར་བདག་འཛིན་གྱི་དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་དམིགས་པ་འགོག་ན། བདེན་མེད་རྟོགས་པའི་ཤེས་རབ་ཀྱིའང་དམིགས་པ་བཀག་པར་ཧ་ཅང་ཐལ་བའི་ཕྱིར་ཏེ། དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་ཕྱིར། རང་ལ་ཇི་ལྟར་མཚུངས་ཤེ་ན། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ཡང་ངར་འཛིན་གྱི་བློའི་དམིགས་པ་མ་ཡིན་པར་ཐལ། གང་དག་བདག་རྣམ་པ་དེ་ལྟ་བུ་མི་འཛིན་པ་དག་ཀྱང་མངོན་པར་ཞེན་པའི་ཁྱད་པར་ལས་བདག་ཏུ་ལྟ་བའི་ཕྱིར། གསུམ་ཅར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཉིས་པ་ནི། མུ་སྟེགས་ཀྱིས་བརྟགས་པའི་བདག་འདི་ནི་དེ་ཁོ་ནར་མེད་པ་དང༌། དེ་ཁོ་ནར་ངར་འཛིན་གྱི་ཡུལ་མ་ཡིན་པར་མ་ཟད་ཀུན་རྫོབ་ཏུ་ཡང་ཡོད་པ་དང༌། ངར་འཛིན་གྱི་ཡུལ་དུ་མི་འདོད་དེ། ངར་འཛིན་ལྷན་སྐྱེས་ཀྱིས་ཁྱོད་དུ་མ་བཟུང་བའི་ཕྱིར། གཞན་ཡང་མུ་སྟེགས་ཀྱིས་བརྟགས་པའི་བདག་དེའི་ཁྱད་པར་ཀུན་ཀྱང་དེ་ཁོ་ན་ཉིད་དུ་ཡོད་པ་པ་མ་ཡིན་ཏེ། གང་གི་ཕྱིར་གྲངས་ཅན་གྱི་བསྟན་བཅོས་དང༌། བྱེ་བྲག་པའི་བསྟན་བཅོས་ལས་བདག་དེའི་ཁྱད་པར་མུ་སྟེགས་རྣམས་ཀྱིས་གང་བསྟན་པ་དེ་ཀུན་ལ། མུ་སྟེགས་རང་ལ་གྲགས་པའི་གཏན་ཚིགས་མ་སྐྱེས་པའི་ཕྱིར། ཞེས་པས་གནོད་པ་དེའི་ཕྱིར། གཏན་ཚིགས་འདི་ནི་གཞན་གྲགས་སུ་བཤད་པ་ནི། མ་སྐྱེས་པའི་རྟགས་དབུ་མ་པས་ཁས་ལེན་པ་མ་ཡིན་གྱི། རྟགས་འདི་ལ་རྟེན་པའི་རྗེས་དཔག་གཅིག་ཡོད་པས། རྟགས་ཡང་དག་ནི་ཡིན་ལ། རང་རྒྱུད་ཀྱི་རྟགས་ཡང་དག་ཏུ་མི་བཞེད་པ་ལ་དགོངས་སོ་སྙམ་པ་ཡིན་ནོ། །འདིར་གཞན་དག ངར་འཛིན་གྱི་དམིགས་པ་ཡུལ་དང༌། མ་སྐྱེས་པ་འགལ་ཏེ། དེའི་དམིགས་ཡུལ་ང་ཙམ་དང་གང་ཟག་སོགས་ཡིན་པས་དངོས་པོར་གྲུབ་པའི་ཕྱིར། དེའི་རྣམ་པའི་ཡུལ་ནི་གང་ཟག་གི་བདག་ཡིན་པས། དེ་ནི་ཐ་སྙད་དུ་ཡང་མ་གྲུབ་པས། མ་སྐྱེས་པ་དང་མི་འགལ་ལོ། །དེའི་རྒྱུ་མཚན་གྱིས་ངར་འཛིན་གྱི་རྟེན་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ཞེས་པ་དམིགས་པ་ལ་འདོད་དགོས་སོ། །ཞེས་གསུངས་པ་ནི་གཞུང་འདིས་གསལ་བར་བཀག་སྟེ། དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །ཞེས་པའི་འགྲེལ་པར། བདག་རྟག་པ་མ་ཡིན་ཞིང་བྱེད་པོ་མ་ཡིན་པ་ཡང་མ་ཡིན་པ་ནས་བྱ་བ་མེད་པའི་བར་ཡང་མ་ཡིན་ཏེ། རང་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་ཞེས་ཀྱང་བཤད་པས། མ་སྐྱེས་ན་རྟག་པ་མ་ཡིན་པ་དང༌། བྱེད་པ་པོ་མ་ཡིན་པས་ཁྱབ་པ་སོགས་ཀྱང་རང་ལུགས་ལ་ཁས་ལེན་པར་ནུས་སམ། ཡང་ཁྱོད་ལྟར་ན་བདག་ཆོས་ཅན། བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་མ་ཡིན་པར་ཐལ། མ་སྐྱེས་པའི་ཕྱིར། ཁྱབ་བསལ་ནི་ཁས་བླངས་རྟགས་གྲུབ་སྟེ། འགྲེལ་པར་ཕྱོགས་འདིས་ནི་བདག་ཏུ་སྨྲ་བ་ཐམས་ཅད་དུ་མ་སྐྱེས་པ་ཉིད་ཀྱི་གཏན་ཚིགས་དང༌། མོ་གཤམ་གྱི་བུའི་དཔེས་དེའི་རང་གི་ངོ་བོ་དང་ཁྱད་པར་གསལ་བར་རིག་པར་བྱའོ། །ཞེས་མ་སྐྱེས་པའི་རྟགས་དེ་བདག་ཙམ་གྱི་ངོ་བོ་ལ་ཞུགས་པར་བཤད་པའི་ཕྱིར་དང༌། དེ་ལྟར་གྱུར་པའི་བདག་ནི་ཡོད་པ་མ་ཡིན་ཞེས་པ་དེར་བདག་ཙམ་གྱི་ཆ་ནས་འགོག་པ་ཡིན་ཏེ། ཁྱད་པར་ནི། དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །ཞེས་པར་འགོག་པའི་ཕྱིར། འདིར་མ་སྐྱེས་པའི་ཕྱིར་ཞེས་པ་རང་བཞིན་གྱིས་མ་སྐྱེས་པ་རྟགས་སུ་འགོད་པ་ཡིན་ལ། དེའང་རང་བཞིན་གྱིས་མ་སྐྱེས་པ་ནི་གོང་དུ་གྲུབ་ཟིན་ཅིང༌། རང་བཞིན་གྱིས་མ་སྐྱེས་ན་སྤྱིར་ཐ་སྙད་ཙམ་དུའང་མ་སྐྱེས་དགོས་པ་དང༌། མ་སྐྱེས་ན་ཐ་སྙད་དུའང་མེད་དགོས་པ་ནི་གྲངས་ཅན་གྱིས་ཁས་བླངས་པ་ཡིན་ཏེ། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །ཞེས་སྨྲས་པའོ། །དེ་ལྟར་མ་ཡིན་པར་སྤྱིར་མ་སྐྱེས་པ་ཞེས་བཀོད་ནས་དེ་ཡང་དངོས་པོ་མ་ཡིན་པ་ལ་བློ་རྩེ་གཏོད་པ་ཁྱེད་ཀྱི་ལྟར་ན། རྟགས་དེ་གྲངས་ཅན་རང་ལ་གྲགས་པ་ཇི་ལྟར་ཡིན། ད་ལྟ་དངོས་པོར་ཁས་བླངས་མ་ཐག་ཏུ་དངོས་པོ་མ་ཡིན་པ་ཕྱིར་རྒོལ་ལ་རང་གྲགས་ཀྱི་གཏན་ཚིགས་སུ་འགྲོ་བ་ཆེས་བཞད་གད་ཀྱི་གནས་སོ། །དེས་ན་འདིར་རང་གྲགས་ཀྱི་དོན་དངོས་པོ་གཞིར་བྱས་ཀྱི་སྟེང་དུ་རང་བཞིན་གྱིས་མ་སྐྱེས་ན་ཐ་སྙད་དུའང་མེད་དགོས་པའི་ཁྱབ་པ་མོ་གཤམ་བུའི་སྟེང་དུ་གྲངས་ཅན་གྱིས་ཁས་བླངས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་རྟགས་གཞན་གྲགས་སུ་བྱས་ནས་ཁྱབ་པ་རང་ལུགས་སུ་འཇོག་ན། གང་ཟག་གི་བདག་ཆོས་ཅན། ངར་འཛིན་པའི་ཡུལ་དུའང་མི་རུང་བར་ཐལ། མ་སྐྱེས་པའི་ཕྱིར་ཞེས་བརྗོད་ན། འགྲེལ་པ་ལ་འཁོར་གསུམ་དངོས་འགལ་དུ་མི་འགྲོའམ། ཇི་སྐད་དུ། འགྲེལ་པར་འདི་ནི་ངར་འཛིན་པའི་ཡུལ་དུའང་མི་རུང་སྟེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པས་སོ། །དེ་ལྟར་གཞན་གྲགས་ཀྱི་ཕུང་པོ་ལས་རྫས་གཞན་དུ་གྱུར་པའི་བདག་གི་ངོ་བོ་དང་ཁྱད་པར་བཀག་ནས། ད་ནི་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་བདག་ཕུང་རྫས་གཞན་དགག་པ་ལ་བདག་ཕུང་རྫས་གཞན་ཡོད་པ་དགག ཕུང་པོ་ལས་རྫས་གཞན་པའི་བདག་དེ་ངར་འཛིན་གྱི་བཟུང་བྱ་ཡིན་པ་དགག་པའོ། །དང་པོ་ནི་དེའི་ཕྱིར་ཕུང་པོ་ལས་རྫས་གཞན་པའི་བདག་མེད་དེ། ཕུང་པོ་མ་གཏོགས་པ་སྟེ་མེད་པའི་སར་བདག་དེ་ཡན་གར་དུ་འཛིན་པར་མ་གྲུབ་པའི་ཕྱིར། འདི་ནི་ཐལ་འགྱུར་དུ་བྱེད་དགོས་ཏེ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པ་དང་རིགས་པ་གཅིག་པས་སོ། །གཉིས་པ་ནི། ཕུང་པོ་ལས་རྫས་གཞན་དུ་གྱུར་པའི་བདག་ཆོས་ཅན། འཇིག་རྟེན་ཐ་མལ་པ་རྣམས་ཀྱི་ངར་འཛིན་ལྷན་སྐྱེས་ཀྱི་བློའི་རྟེན་དུའང་མི་འདོད་དེ། ཁྱོད་རིག་ཅིང་གཟུང་བ་མ་ཡིན་པའང་བདག་ཏུ་བལྟ་བའི་ཕྱིར། ཁོ་ན་རེ། ཚེ་རབས་འདིར་ཁྱད་པར་ལྔ་ལྡན་གྱི་བདག་མི་ཤེས་ཀྱང་སྔོན་ཚེ་རབས་གཞན་ལ་གོམས་པས་བཟུང་བ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། སྔོན་གོམས་པའི་དབང་གིས་ཕུང་པོ་ལས་རྫས་གཞན་པའི་བདག་འགའ་ངར་འཛིན་གྱི་རྟེན་དུ་མེད་དེ། གང་དག་དུད་འགྲོར་བསྐལ་པ་མང་པོར་སྐྱེ་བ་བསྐྱལ་བར་གྱུར་པ་དེ་དག་ཀྱང་མ་སྐྱེས་པ་དང་རྟག་པས་ཁྱད་པར་དུ་བྱས་པའི་བདག་རྫས་གཞན་འདི་མ་མཐོང་ལ། ངར་འཛིན་དེ་དག་ལའང་འཇུག་པར་མཐོང་བའི་ཕྱིར། གཉིས་པ་རང་སྡེ་བདག་ཕུང་རྫས་གཅིག་ཏུ་འདོད་པ་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ། དེ་སུན་དབྱུང་བའོ། །དང་པོ་ནི། རང་སྡེ་མང་བཀུར་བ་དག་ན་རེ། ཕུང་པོ་ལས་རྫས་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར། བདག་ཏུ་ལྟ་བའི་དམིགས་པ་ནི་ཕུང་པོ་ཁོ་ནའོ། །དེའི་ཕྱིར་ཕུང་པོ་ཁོ་ན་བདག་ཡིན་ནོ་ཞེས་ཟེར་ཞིང༌། དེའི་ནང་ནས་མང་བཀུར་བ་ཁ་ཅིག་ནི། ཕུང་པོ་ལྔ་ཆར་ཡང་བདག་ལྟའི་རྟེན་དུ་གྱུར་པའི་བདག་དེ་ཡིན་པར་འདོད་ཅིང༌། མང་བཀུར་བ་ཁ་ཅིག་ནི་སེམས་གཅིག་པུ་བདག་ཏུ་འདོད་དོ། །འདིར་གཞན་དག་ན་རེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་ཤེས་པ་གང་ཟག་ཏུ་འདོད་ཅིང༌། ཀུན་གཞི་མི་འདོད་པའི་རང་རྒྱུད་པ་གཞན་ཡང་དེ་དང་འདྲ་ལ། ཀུན་གཞི་འདོད་པས་ཀུན་གཞི་ཉིད་གང་ཟག་གི་མཚན་གཞིར་འདོད་དོ་ཞེས་གསུངས་པ་ནི་མི་རིགས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ལམ་དང་གང་ཟག་མི་ཕྱེད་པར་ཐལ་བ་དང༌། སློབ་དཔོན་སེང་གེ་བཟང་པོས་ཐེག་ཆེན་གྱི་སེམས་སྐྱེད་གང་ཟག་ཏུ་བཞེད་པར་ཐལ་བ་དང༌། ཐོགས་མེད་སྐུ་མཆེད་ཀྱིས་གང་ཟག་རྫས་གྲུབ་ཏུ་བཞེད་པར་ཐལ་བ་དང༌། ཀུན་གཞི་རྒྱུན་ཆད་པའི་སངས་རྒྱས་ཀྱི་སར་གང་ཟག་གཞག་ཏུ་མེད་པར་ཐལ་བའི་ཕྱིར། དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡིད་ཀྱི་རྣམ་ཤེས་གང་ཟག་གི་གདགས་གཞིར་བཞེད་པ་ཡིན་ཏེ། རྟོག་གེ་འབར་བ་ལས། ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་ལུས་དང་དབང་པོའི་ཚོགས་པ་དག་ལ་ཉེ་བར་འདོགས་པའི་ཕྱིར་ཞེས་བདག་གི་ཐ་སྙད་འདོགས་པར་གསུངས་པའི་ཕྱིར། གཞན་དུ་ན་ལུང་འདིས་ལུས་དང་དབང་པོའི་ཚོགས་པ་བདག་ཏུ་བཞེད་པར་བསྟན་པ་ཡིན་ཞེས་སྨྲས་ན་ཅིས་འགོག དེས་ན་ལེགས་ལྡན་འབྱེད་གཞུང་འདིའི་ཕྱོགས་སྔ་མ་ཡིན་ཞེས་སྨྲ་བ་ནི་རྒྱང་རིང་དུ་དོར་བར་བྱོས་ཤིག གཉིས་པ་དེ་དགག་པ་ལ། རྒྱས་པར་བཤད་པ་དང༌། ཕུང་པོ་བདག་ཏུ་འདོད་པ་དང༌། བདག་རྟག་པ་བཀག་པས་བདག་ཁེགས་པར་འདོད་པ་ནང་འགལ་བར་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། ཕུང་པོ་བདག་ཡིན་པ་ལ་གནོད་བྱེད་བརྗོད། ཕུང་པོ་བདག་ལྟའི་དམིགས་པར་མདོ་ལས་བཤད་པས་ཕུང་པོ་བདག་ཏུ་མི་འགྲུབ་པར་བསྟན། དང་པོ་ལ་བདག་ལྟའི་འཇུག་ཚུལ་ལ་བརྟགས་ནས་དགག བདག་མེད་རྟོགས་པའི་ཡུལ་མཐོང་ཚུལ་ལ་བརྟགས་ནས་དགག་པའོ། །དང་པོ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ། ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པའོ། །ཐལ་འགྱུར་དངོས་ལ་རྟག་པར་ཐལ་བ་དང༌། ཆད་པར་ཐལ་བའོ། །དང་པོ་ལ། ཡུལ་བདག་མང་པོར་ཐལ་བ་དང༌། ཡུལ་ཅན་བདག་འཛིན་སྤོང་མི་ནུས་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ཕུང་པོ་བདག་ཡིན་ན་གང་ཟག་གཅིག་ལ་བདག་དེ་དག་ཀྱང་རྫས་གཞན་མང་པོ་ཡོད་པར་ཐལ་བར་འགྱུར་ཏེ། ཕུང་པོ་རྫས་གཞན་མང་པོ་ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཕུང་པོ་བདག་ཡིན་པ་དེའི་ཕྱིར། གཉིས་པ་ནི། བདག་ནི་རྫས་སུ་གྲུབ་པར་འགྱུར་ཏེ། ཕུང་པོ་བདག་ཡིན་པའི་ཕྱིར། བདག་དེ་བལྟ་བའི་འཇིག་ལྟ་ཆོས་ཅན། ཕྱིན་ཅི་ལོག་སྟེ་ཀུན་བརྟགས་ཡིན་པར་མི་འགྱུར་ཏེ། རྫས་ལ་འཇུག་པའི་ཡུལ་ཅན་ཡིན་པའི་ཕྱིར། དཔེར་ན་སྔོ་སེར་ལ་སོགས་པའི་ཡུལ་ཅན་གྱི་དབང་ཤེས་བཞིན། འདོད་ན་མཐོང་སྤངས་སུ་འདོད་པ་དང༌། དེ་གཞི་མེད་དུ་འདོད་པའང་འགལ། འདིར་གཞན་དག་བདག་ལྟའི་དམིགས་པ་ཡིན་ན་བདག་ཡིན་པའི་ཁྱབ་པ་རང་ལུགས་ལ་ཁས་ལེན་པ་ནི་ཆེས་འཁྲུལ་ཏེ། བདག་འཛིན་གྱིས་གང་ལ་དམིགས་ནས་བདག་ཏུ་བཟུང་བའི་དམིགས་པ་དེ་བདག་ཡིན་པ་འགོག་པ་གཞུང་འདི་དག་གི་སྐབས་ཀྱི་དོན་ཡིན་པའི་ཕྱིར། ཁྱོད་ལྟར་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཆོས་ཅན། བདག་ཡིན་པར་ཐལ། བདག་ལྟའི་དམིགས་པ་ཡིན་པའི་ཕྱིར། དེ་ལྟ་ན་བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ་རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། ཞེས་ཀྱང་མི་མཚུངས་སམ། ཡང་ཁྱེད་ཅག་ལྷ་སྦྱིན་གྱི་མིག་སྣ་སོགས་བདག་གི་བའི་མཚན་གཞིར་འདོད་པ་ལའང༌། བདག་གི་རྫས་སུ་འགྱུར་ཞིང་དེར་ལྟ་བ་དང་རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར་ཞེས་ཀྱང་མཚུངས་སོ། །ཡང་འདི་དཔྱད་དགོས་ཏེ། འདིར་ཕྱོགས་སྔ་མས་བདག་ཕུང་རྫས་གཅིག་ཏུ་ཁས་བླངས་ཀྱང་ཕུང་པོ་ལྔ་པོ་གང་རུང་ངམ་རྣམ་ཤེས་ཀྱི་ཕུང་པོ་ཡིན་ན། བདག་ཡིན་པའི་ཁྱབ་པ་ཁས་མ་བླངས་པས་བདག་མང་པོར་ཐལ་བའི་ཉེས་པ་ཇི་ལྟར་འཇུག་སྙམ་ན། གཞན་དག་ན་རེ་བདག་ཕུང་གཉིས་ཆོས་ཅན། ཐམས་ཅད་གཏན་མེད་ཀྱི་གཅིག་པར་ཐལ། བདེན་པའི་གཅིག་ཡིན་པའི་ཕྱིར། ཞེས་ཕུལ་ནས་འདོད་ན་བདག་མང་པོར་ཐལ་བ་འཕེན་ནོ་ཞེས་གསུངས་པ་ནི་མ་ཡིན་ཏེ། མང་པོ་དང་གཅིག་ཡིན་ན་མང་པོར་ཐལ་བ་འཕེན་ནུས་ཀྱང༌། བདག་ཕུང་གཉིས་གཅིག་ཡིན་པ་ལ་རང་སྡེ་སུས་ཀྱང་འདོད་ལན་མི་འདེབས་པའི་ཕྱིར་རོ། །དེས་ན་མང་པོ་དང་རྫས་གཅིག་པས་མང་པོར་ཐལ་བ་འཕེན་པ་མ་ཡིན་གྱི། ཕུང་པོ་རེ་རེ་ནས་བདག་ཡིན་ན་བདག་མང་པོར་ཐལ་བ་འཕེན་པ་ཡིན་ནོ། །གཉིས་པ་ལ། མྱང་འདས་ཀྱི་ཚེ་བདག་ཆད་པར་ཐལ་བ། འཁོར་བའི་ཚེ་ལས་འབྲས་ཀྱི་འབྲེལ་བ་ཆད་པར་ཐལ་བའོ། །དང་པ་ནི། གཞན་ཡང་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ། ངེས་པར་བདག་ཆད་པར་འགྱུར་ཏེ། དེར་ཕུང་པོ་ཆད་པར་ཁྱེད་རང་གིས་འདོད་པའི་ཕྱིར། འདོད་ན་ཆད་པའི་ལྟ་བ་ཁས་བླངས་པར་འགྱུར་ཏེ། འཇིག་ལྟས་གང་བདག་ཏུ་བཟུང་བ་དེ་ཉིད་ལ། རྟག་པའམ་ཆད་པར་འཛིན་པ་དེ་མཐར་འཛིན་གྱི་ལྟ་བར་ཁྱེད་ཀྱིས་འདོད་པས་སོ། །གཉིས་པ་ནི། མྱ་ངན་ལས་འདས་པའི་སྔོན་རོལ་དུ་བདག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་ཐལ། དེའི་ཚེ་ཕུང་པོ་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། བྱེད་པ་པོས་འབྲས་བུ་མྱོང་བ་མེད་པར་ཐལ། ལས་བྱེད་པ་པོ་དེ་འབྲས་བུ་མྱོང་བའི་དུས་སུ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོའི་བདག་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་དུ་ཁས་བླངས་པས་སོ། །ཡང་གཞན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་ཟ་བར་ཐལ། ལས་བྱེད་པ་པོའི་བདག་དང༌། རྣམ་སྨིན་མྱོང་བ་པོའི་བདག་གཉིས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། གཉིས་པ་ནི། སྐད་ཅིག་སྔ་ཕྱི་གཞན་ཡིན་ཡང་ཉེས་པ་དེ་མེད་དེ། ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་རྒྱུད་གཅིག་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དེ་ཁོ་ན་ཉིད་དུ་རྒྱུད་གཅིག་པ་དེ་ཡོད་ན་སྐྱོན་མེད་པ་བདེན་ན་ཡང༌། རྒྱུད་ཅན་རྫས་ཐ་དད་པ་རྣམས་ལ་རྒྱུད་གཅིག་དེ་མི་སྲིད་པར་ཐལ། སྔར་བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི་ཞེས་པའི་སྐབས་སུ་རྣམ་པར་དཔྱད་པའི་ཚེ་རྒྱུན་ཅན་རྫས་ཐ་དད་པ་རྣམས་རྒྱུད་གཅིག་པ་ལ་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །དོན་བསྡུ་བ་ནི། ཕུང་པོ་ལྔ་བདག་ཡིན་པ་དང༌། སེམས་བདག་ཡིན་པ་མི་རིགས་ཏེ། དེ་ལ་སྔར་བཤད་པའི་རིགས་པས་གནོད་པ་དེའི་ཕྱིར། གཉིས་པ་བདག་མེད་རྟོགས་པའི་ཡུལ་མཐོང་ཚུལ་ལ་བརྟགས་ནས་དགག་པ་ལ། ཐལ་འགྱུར་དངོས་དང༌། ཉེས་སྤོང་ལ་བརྟགས་ནས་དགག་པའོ། །དང་པོ་ལ་ལུང་མ་བསྟན་བཅུ་བཞིའི་རྣམ་གཞག་མི་འཐད་པར་ཐལ་བ་དང༌། རྣལ་འབྱོར་པས་ཕུང་པོ་མེད་ངེས་སུ་གཟིགས་པར་ཐལ་བའོ། །དང་པོ་ནི། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང༌། བདག་དང་འཇིག་རྟེན་མི་རྟག་པ་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མི་འབྱུང་བར་ལུང་བསྟན་དུ་ཡོད་པར་ཐལ། ཕུང་པོ་མི་རྟག་པ་ལ་སོགས་པར་ལུང་བསྟན་དུ་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་མི་ནུས་ཏེ། བདག་དང་འཇིག་རྟེན་མཐའ་ལྡན་ལ་སོགས་ལུང་བསྟན་དུ་མེད་པར་ཉན་ཐོས་སྡེ་པ་ཁྱོད་རང་གིས་འདོད་པའི་ཕྱིར། ཉེས་པ་འདི་ནི་བརྟེན་ནས་བཏགས་པའི་ང་ཙམ་བདག་ཡིན་པར་འདོད་པའང་མཚུངས་སོ། །གཉིས་པ་ནི། ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་ལ་དེའི་ཚེ་ངེས་པར་ཕུང་པོའི་དངོས་པོ་རྣམས་མེད་པར་མཐོང་བར་འགྱུར་ཏེ། ཕུང་པོ་བདག་ཡིན་པའི་ཕྱིར། ཉེས་པ་འདི་ནི་གཞན་དག་བརྟེན་ནས་བཏགས་པའི་ང་ཙམ་བདག་ཡིན་པ་ལའང་མཚུངས་སོ། །གཉིས་པ་ཉེས་སྤོང་ལ་བརྟགས་ནས་དགག་པ་ལ། ཁས་བླངས་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། ཁོ་ན་རེ། ཉེས་པ་དེ་དག་མེད་དེ། ལས་འབྲས་ཀྱི་འབྲེལ་པ་འཇོག་པའི་ཚེ་བདག་གི་སྒྲ་ཕུང་པོ་ལ་འཇུག་ལ། རྣལ་འབྱོར་པས་བདག་མེད་པར་མཐོང་བའི་ཚེ། བདག་རྟག་པ་ཙམ་སྤོང་བ་སྟེ་མེད་པར་མཐོང་བ་ཡིན་ནོ་ཞེ་ན། གཉིས་པ་ལ། ཁས་བླངས་འགལ་བ་བསྟན་པ་དང༌། དགྲ་བཅོམ་ལ་ཆགས་སོགས་སྐྱེ་བར་ཐལ་བའོ། །དང་པོ་ནི། ཁྱོད་ཀྱི་ལྟར་ན། སེམས་སམ་ཕུང་པོ་བདག་ཏུ་མི་འགྱུར་བར་ཐལ། བདག་གི་སྒྲ་བདག་རྟག་པ་ཉིད་ལ་འཇུག་པའི་ཕྱིར། ཉེས་པ་འདི་ཡང་གཞན་དག་ལ་འཇུག་པར་མཐོང་སྟེ། བརྟེན་ནས་བཏགས་པའི་ང་ཙམ་བདག་ཏུ་མི་འགྱུར་བར་ཐལ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་བདེན་གྲུབ་མེད་པར་གཟིགས་པའི་ཕྱིར། འདིའི་ཐད་ཀྱི་འགྲེལ་པར། འདིར་ནི་ནང་གི་བྱེད་པའི་སྐྱེས་བུ་བདག་ཡིན་ལ། གཞན་དུ་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་འདོད་དགུར་སྤྱོད་པ་རིགས་པ་མེད་པ་འདི་ཀོ་གང་ལས་རྙེད་པ་ཡིན། དེའི་ཕྱིར་ཆོས་ཐམས་ཅད་རྒྱུའི་བདག་མེད་པའོ་ཞེས་བྱ་བ་འདིར། བདག་གི་ཕུང་པོ་རྣམས་ལ་འཇུག་པར་མི་འདོད་ན། གཞན་དུ་ཡང་མི་འདོད་པར་བྱ་དགོས་སོ། །ཞེས་གསུངས་པའི་རིགས་པ་འདི་ནི། གངས་ཅན་གྱི་ཆེན་པོ་དག་འདིར་མེད་རྒྱུའི་བདག་ནི་བདེན་གྲུབ་ལ་བྱ་ལ། ཡོད་རྒྱུའི་བདག་ནི་བརྟེན་ནས་བཏགས་པའི་ང་ཙམ་ལ་བྱའོ་ཞེས་འདོད་པ་དེ་དག་ལ་ཇི་ལྟ་བ་བཞིན་མི་མཚུངས་སམ་ཞེས་ཤེས་རབ་དང་ལྡན་པ་རྣམས་ཀྱིས་ཡང་ཡང་དུ་དཔྱད་པར་བྱའོ། །ཞེས་ཁོ་བོ་སྨྲའོ། །གཉིས་པ་ནི། ཁྱོད་ཀྱི་ལྟར་ན་རྣལ་འབྱོར་པ་བདག་མེད་མངོན་སུམ་དུ་མཐོང་བ་དེ་ཆོས་ཅན། ཁྱོད་ཀྱིས་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཞིང་སྟེ་མི་རྟོགས་པར་ཐལ། ཁྱོད་ཀྱི་གཟུགས་རང་གི་སྟེང་དུ་གཞན་གྱིས་བརྟགས་པའི་བདག་བཏགས་པ་བ་ཙམ་ཞིག་མེད་པར་མཐོང་བ་ཡིན་པའི་ཕྱིར། དེ་འདོད་ན། དགྲ་བཅོམ་པ་དེ་ཆོས་ཅན། ཁྱོད་ཀྱིས་རྒྱུད་ལ་གཟུགས་སོགས་ལ་དམིགས་པའི་འདོད་ཆགས་སོགས་སྐྱེ་བར་འགྱུར་ཏེ། གཟུགས་སོགས་ལ་བདེན་པར་དམིགས་ནས་འཇུག་པའི་ཕྱིར། རྟགས་ཁས་བླངས་ཏེ། དེས་གཟུགས་སོགས་དེའི་ངོ་བོ་བདེན་མེད་དུ་རྟོགས་པ་མེད་པའི་ཕྱིར། ཕྱི་རོལ་པ་བཞིན་ནོ། །གཞུང་འདིས་ནི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པར། ཕུང་པོའི་སྟེང་དུ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པ་ཙམ་གྱིས་གང་ཟག་གི་བདག་མེད་རྟོགས་པའི་གོ་མི་ཆོད་པར་སྟོན་པ་ཡིན་གྱི། ཡོད་རྒྱུའི་བདག་གཅིག་ཁས་བླངས་ནས་དེ་བདེན་པར་མེད་པ་གང་ཟག་གི་བདག་མེད་ཀྱི་དོན་དུ་སྟོན་པ་མ་ཡིན་ནོ། །ཡང་གང་དག་ཕུང་པོ་བདག་འཛིན་གྱི་དམིགས་པར་ཁས་བླངས་པ་ལ། དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར་ཞེས་འཕེན་པར་འདོད་པ་དེ་དག་གི་ལྟར་ན། ཕྱི་ནང་གི་དངོས་པོ་རྣམས་བདེན་འཛིན་གྱིས་དམིགས་པར་ཁས་ལེན་པ་ལའང༌། དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར་ཞེས་པའི་ཐལ་བ་ཅིའི་ཕྱིར་མི་མཚུངས་ཞེས་སེམས་དགོས་སོ། །དེ་ལྟར་ན་སྔར་བཤད་པའི་རིགས་པ་རྣམས་ནི་ཕུང་པོ་བདག་ཡིན་ན། བདག་བདག་འཛིན་གྱི་འཛིན་སྟངས་ཀྱི་བཟུང་བྱ་ཡིན་དགོས་ལ། དེ་ལྟ་ན་སྔར་གྱི་ཉེས་པ་དེ་དག་ཏུ་འགྱུར་རོ་ཞེས་འཕེན་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་ཕུང་པོ་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་འདོད་པ་བཀག་ནས། བདག་དེ་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་འཆད་པ་གཞུང་འདི་དག་གི་སྐབས་ཀྱི་དོན་ཡིན་ན། སྔར་བཤད་པའི་ཉན་ཐོས་པ་ལ་གང་འཕངས་པའི་ཉེས་པ་ཐམས་ཅད་རང་ལ་ལྡོག་ཅིང་འཆད་པར་འགྱུར་བའི་ཉེས་པ་རྣམས་ཀྱང་ངོ༌། །འགྲེལ་པར་དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་པས། བདག་འཛིན་གྱི་དམིགས་པར་བསྟན་ནོ། །ཞེས་འདོད་པ་ནི་ལོག་པར་འཆད་པ་ཁོ་ན་ཡིན་ཏེ། དེ་འདྲའི་དམིགས་པར་གྱུར་པའི་བདག་དེ་ངོས་བཟུང་ནས་འགོག་པའི་དབང་དུ་བྱས་ནས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག་ཅེས་སོགས་གསུངས་པའི་ཕྱིར། དེའི་སྔ་འགྲེལ་དུ་འཇིག་ཚོགས་ལ་བལྟ་བའི་དམིགས་པར་གྱུར་པའི་བདག་དེ་ཅི་ཞིག་ཅེས་དེ་ཉིད་མི་ཤེས་སོ་ཞེ་ན། དེ་ལ་རེ་ཞིག་ཟ་པོ་ཞེས་མཚམས་སྦྱར་བའི་ཕྱིར་རོ། །སྐབས་འདིར་དམིགས་པ་དང༌། རྟེན་ཞེས་པ་འཛིན་སྟངས་ཀྱི་བཟུང་བྱ་ལ་འདོད་དགོས་སོ། །ཁྱེད་ལྟར་ན། གང་ཟག་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་གང་ཟག་འགོག་པར་བྱེད། །ཅེས་འདོན་དགོས་པར་མ་སོང་ངམ་སེམས་ཤིག་དང༌། གཉིས་པ་ཕུང་པོ་བདག་ལྟའི་དམིགས་པར་མདོ་ལས་བཤད་པས་ཕུང་པོ་བདག་ཏུ་མི་འགྲུབ་པར་བསྟན་པ་ལ། མདོའི་དགོངས་པ་བཤད་ནས། ཕུང་པོ་བདག་ཡིན་པ་ལ་གནོད་བྱེད་བརྗོད། ཐུབ་པས་བདག་དེ་ཁམས་དྲུག་སོགས་ལ་བརྟེན་ནས་འདོད་པར་གསུངས་པའི་ཚུལ་ལོ། །དང་པོ་ལ། རང་ལུགས་ཀྱི་མདོའི་དགོངས་པ་བཤད། གཞན་ལུགས་ལ་ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་དགོས་པར་བསྟན་ནས་དེ་ལྟར་འདོད་པ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། མང་བཀུར་བ་ན་རེ། ཕུང་པོ་བདག་ཏུ་འདོད་དགོས་ཏེ། གང་གི་ཕྱིར་ན། སྟོན་པས་ཕུང་པོ་བདག་གོ་ཞེས་གསུངས་པ་དེའི་ཕྱིར་ཏེ། ཇི་སྐད་དུ། དགེ་སློང་དག དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་བལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་བདག་རྟག་པ་བསལ་ནས། ཕུང་པོ་བདག་ཏུ་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ནི། དྲངས་མ་ཐག་པའི་མདོར་བསྟན་པའི་དགོངས་པ་དེ་ནི་ཆོས་ཅན། ཕུང་པོ་བདག་ཅེས་བཞེད་པ་མ་ཡིན་ཏེ། ཕུང་པོ་ལས་དོན་གཞན་པའི་བདག་འགོག་པ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཏེ། གཟུགས་བདག་མ་ཡིན་ཞེས་སོགས་མདོ་གཞན་གསུངས་པ་དེའི་ཕྱིར་རོ། །ཇི་ལྟར་གསུངས་ཤེ་ན། གང་གི་ཕྱིར་ན་གཟུགས་དང་ཚོར་བ་བདག་མ་ཡིན། འདུ་ཤེས་ཀྱང་བདག་མ་ཡིན། འདུ་བྱེད་རྣམས་བདག་མ་ཡིན། རྣམ་ཤེས་ཀྱང་བདག་མ་ཡིན་པར་མདོ་གཞན་ལས་གསུངས་པ་དེའི་ཕྱིར། མདོ་འདིས་ནི་ཕུང་པོ་བདག་ལྟའི་དམིགས་པར་བསྟན་པ་ཡིན་ཏེ། ཁོ་ནའི་སྒྲས་དམིགས་པ་བདག་ལ་དམིགས་ནས་བདག་ཏུ་བཟུང་བ་བཀག་ནས། དམིགས་པ་ཕུང་པོ་ལ་དམིགས་ནས་བདག་མེད་བཞིན་དུ་ཕུང་པོ་ལ་བརྟེན་ནས་བདག་ཏུ་བཟུང་བར་བསྟན་པའི་ཕྱིར་དང༌། བདག་ཏུ་ལྟ་བ་ཉིད་ཤུར་འདོད་ཅེས་པའི་འགྲེལ་པར་ཕུང་པོ་རྣམས་མ་བཟུང་བར་བདག་ཏུ་མངོན་པར་ཞེན་པར་མི་ནུས་པས། རྣམ་པ་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གོ་ཞེས་གསུངས་པས་སོ། །འདིར་གཞན་དག་གཞུང་དུ་ཕུང་པོ་བདག་ལྟའི་དམིགས་པ་ཡིན་པ་བཀག་ནས། བརྟེན་ནས་བཏགས་པའི་བདག་བདག་ལྟའི་དམིགས་པར་སྟོན་པ་ཆེས་བསལ་བ་ཡིན་ནོ། །ཞེས་གསུངས་པ་ནི། འདི་ཉིད་ཀྱི་ཐད་ཀྱི་འགྲེལ་པར་གང་བཀག་པ་དེ་ཉིད་ཁས་བླངས་པ་ཡིན་པར་ཤེས་པར་བྱ་དགོས་ཏེ། འདིའི་འགྲེལ་པར། གང་ལས་གཟུགས་ལ་སོགས་པ་བདག་ཉིད་ཡིན་པ་བཀག་པ་དེ་ལས་ནི། བརྟེན་ནས་བཏགས་པའི་བདག་འཇིག་ཚོགས་ལ་བལྟ་བའི་ཡུལ། ཕུང་པོའི་ཉེ་བར་ལེན་པ་ཅན་བཀག་གོ་ཞེས་བྱ་བར་རིག་པར་བྱ་སྟེ། དེ་ཁོ་ན་ཉིད་སེམས་པའི་སྐབས་སུ་བབ་པའི་ཕྱིར་རོ། །ཞེས་གསུངས་ལ། དེའི་དོན་ནི། མདོ་སྔ་མས་ཕུང་པོ་ལྔ་རེ་རེ་ནས་བདག་ཡིན་པ་བཀག་པའི་རིག་པ་དེ་ཆོས་ཅན། ཁྱོད་ཀྱི་བརྟེན་ནས་བཏགས་པའི་བདག་དེ་བདག་ཉིད་ཡིན་པ་བཀག་སྟེ། ཁྱོད་དེ་ཁོ་ན་ཉིད་སེམས་པ་སྟེ་བདག་འགོག་པའི་རིག་པ་ཡིན་པའི་ཕྱིར། ཞེས་པ་ཡིན་ལ། བཀག་པའི་ཚུལ་ཡང༌། ཉེ་བར་ལེན་པའི་ཕུང་པོ་འདི་དག་ཁོ་ན་ལ་བདག་ཏུ་བཏགས་ཞེས་གསུངས་པས། ཉེ་བར་ལེན་པ་པོ་དང༌། ཉེ་བར་བླང་བྱ་རྫས་གཞན་ཡོད་པ་བཀག་ལ། དེ་བཀག་པ་ན། རྟེན་ནས་བཏགས་པའི་བདག་དེ་འཇིག་ལྟའི་ཡུལ་དུ་གྱུར་པའི་ཕུང་པོ་ཉེ་བར་ལེན་པ་ཅན་ཡིན་པ་ཡང་བཀག་པའམ། ཁེགས་པ་ཡིན་ཏེ། ཉེ་བར་ལེན་པ་པོའི་བདག་ཁེགས་པའི་ཕྱིར་ཞེས་པའོ། །འདི་ལ་གཞན་དག་ན་རེ། ཕུང་པོ་ལྔ་ཆོས་ཅན། བདག་ཡིན་པར་ཐལ། བདག་ལྟའི་དམིགས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤེ་ན། འོ་ན་དེ་ཆོས་ཅན། བདེན་གྲུབ་ཡིན་པར་ཐལ། བདེན་འཛིན་གྱི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་འགལ་ལོ་ཞེ་ན། སྔ་མའང་ཅིའི་ཕྱིར་མི་འགལ། དེས་ན་གང་ཟག་གི་བདག་འཛིན་གྱི་དམིགས་པར་གྱུར་པའི་བདག་ཞིག་ཡོད་པར་འདོད་པ་ནི་ཕྱི་རོལ་པའི་གཞུང་ལས་མ་འདས་ཏེ། གང་གི་ཕྱིར་ན། གོང་དུ་འགྲེལ་པར་འཇིག་ལྟའི་དམིགས་པར་གྱུར་པའི་བདག་དེ་ཅི་ཞིག་ཅེས་བཀག་པ་དེ་ཉིད་ཁས་བླངས་པའི་ཕྱིར་རོ། །མདོར་ན་འགྲེལ་པར་བརྟེན་ནས་བཏགས་པའི་བདག་དེ་བདག་མ་ཡིན་པར་ཤིན་ཏུ་གསལ་བ་ལ་གཞན་དག་གིས་ནི་སྐྱོགས་བཤད་མང་དུ་བྱས་སོ། །ཞེས་བློ་གྲོས་དང་ལྡན་པ་འགའ་ཞིག་ལ་ཡང་དང་ཡང་དུ་བསྙད་པར་བྱའོ། །གཉིས་པ་ལ། མདོ་དེས་ཕུང་པོ་ཚོགས་ཙམ་བདག་ཏུ་སྟོན་པར་ཐལ་བ་དང༌། དེ་ལྟར་འདོད་པ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། མདོ་ལས་ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་མོད། ཡིན་དུ་ཆུག་ཀྱང་ཕུང་པོ་བདག་གོ་ཞེས་བརྗོད་པའི་ཚེ་ཕུང་པོ་ཚོགས་ཙམ་བདག་ཡིན་པར་ཐལ། དེ་ཡིན་པའམ་ཕུང་པོའི་རེ་རེ་ནས་བདག་ཏུ་སྟོན་པ་གང་རུང་ཞིག་ཕྱི་མ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་བསྒྲུབ་པའི་དཔེ་ནི། ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པའི་ཚེ། ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི་ཤིང་རེ་རེ་ནས་ནགས་ཚལ་དུ་མི་སྟོན་པ་བཞིན་ནོ། །གཉིས་པ་ལ་དེ་འདོད་དོ་ཞེ་ན། ཕུང་པོ་རྣམས་ཀྱི་ཚོགས་ཙམ་བདག་མ་ཡིན་པའི་ཤེས་བྱེད་དང༌། ཡིན་པ་ལ་གནོད་བྱེད་བསྟན་པའོ། །དང་པོ་ལ། རིགས་པའི་སྒྲུབ་བྱེད། ལུང་གི་སྒྲུབ་བྱེད། དང་པོ་ལ། གཞན་གྲགས་དང༌། འགལ་བ་བརྗོད་པའོ། །དང་པོ་ནི། ཕུང་པོ་ཚོགས་ཙམ་ཆོས་ཅན། བདག་མ་ཡིན་པ་ཐལ། ཁྱོད་མགོན་མ་ཡིན། འདུལ་བ་ཡང་མ་ཡིན། དཔང་པོ་ཉིད་ཀྱང་མ་ཡིན་པའི་ཕྱིར་ཏེ། རྫས་སུ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པར་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོའང་ཡིན། །ཞེས་དང༌། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བདག་འདུལ་བར་གསུངས་སོ། །རིགས་པ་འདིས་ནི། བརྟེན་ནས་བཏགས་པའི་ང་ཙམ་ཆོས་ཅན། བདག་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར། ཞེས་བརྗོད་ན་གཞན་དག་གིས་ཇི་སྐད་དུ་འདོན་བརྗོད་དགོས་སོ། །གཉིས་པ་ནི། ཤིང་རྟ་དེའི་ཡན་ལག་རྣམས་ཚོགས་ནས་ཕྱོགས་སུ་གནས་པ་རྣམས་ཤིང་རྟ་ཉིད་དུ་འགྱུར་ཏེ། ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་དེའི་ཚེ་ཤིང་རྟ་དང་བདག་གི་འཇོག་ཚུལ་མཚུངས་པར་འདོད་དགོས་པའི་ཕྱིར་རོ། །གཉིས་པ་ལ། ལུང་གི་སྒྲུབ་བྱེད་དངོས་དང༌། ལུང་དོན་གཞན་དུ་འཆད་པ་དགག་པའོ། །དང་པོ་ནི། ཕུང་པོ་འདུས་ཙམ་བདག་མིན་ཏེ། མདོ་ལས། ཕུང་པོ་ཚོགས་ཙམ་ལ་བརྟེན་ནས་སེམས་ཅན་དུ་གདགས་པར་གསུངས་པའི་ཕྱིར། ཇི་ལྟར་ཡན་ལག་ཚོགས་ཙམ་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །འདིར་འགྲེལ་པར་གང་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ནི། བཏགས་པ་ཉེ་བར་ལེན་པའི་ཚོགས་པ་ཙམ་མ་ཡིན་ཏེ་བརྟེན་ནས་བཏགས་པའི་ཕྱིར། དཔེར་ན་འབྱུང་བ་ལས་གྱུར་པ་བཞིན་ནོ། །དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་ཕུང་པོ་ཚོགས་ཙམ་ཡིན་པར་མི་རུང་ངོ༌། །ཞེས་བསྒྲུབ་བྱ་དངོས་སུ་བསྒྲུབ་པའི་གཞན་གྲགས་ཀྱི་རྗེས་དཔག་གསུངས་སོ། །གཉིས་པ་ནི། ལུང་དེའི་དོན་འཕང་ལོ་ལ་སོགས་པ་ཚོགས་ཙམ་གྱི་དབྱིབས་ཁྱད་པར་ཅན་ཤིང་རྟ་ཡིན་པ་བཞིན། ཕུང་པོ་ཚོགས་ཙམ་གྱི་དབྱིབས་དེ་བདག་ཡིན་པར་སྟོན་པ་ཡིན་ནོ་ཞེ་ན། འོ་ན་ཁྱོད་ཀྱི་ལུགས་ལ། གཟུགས་ཀྱི་སྐྱེད་བྱེད་དེ་དག་ཉིད་བདག་ཅེས་བྱ་བར་འགྱུར་གྱི། སེམས་སོགས་ཕུང་པོ་ཚོགས་པ་ནི་བདག་ཉིད་དུ་འགྱུར་བ་མ་ཡིན་ཏེ་དབྱིབས་ཀྱི་བཀོད་པ་ཁོ་ན་བདག་ཡིན་པ་གང་གི་ཕྱིར་དེ་གཟུགས་ཅན་ཁོ་ན་ཡོད་ཀྱི་སེམས་ཀྱི་ཕུང་པོ་དེ་དག་ལ་དབྱིབས་དེ་མ་ཡིན་པའི་ཕྱིར། གཉིས་པ་གནོད་བྱེད་ལ་ཐལ་འགྱུར་དངོས་དང༌། ཉེས་སྤོང་བཀག་པའོ། །དང་པོ་ནི། ཉེ་བར་ལེན་པོ་དང༌། རང་གི་ཉེ་བར་ལེན་པའི་ཕུང་པོ་གཅིག་གི་དངོས་པོར་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ལས་དང་བྱེད་པོ་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཕུང་པོ་ཚོགས་ཙམ་བདག་ཡིན་ན་ལས་དང་བྱེད་པོ་གཅིག་ཏུ་ཐལ་བའི་ཉེས་པ་མེད་དེ། ཕུང་པོ་ཚོགས་ཙམ་དེ་བྱེད་པོ་དོན་གཞན་ཉིད་དུ་མེད་པར་ལས་རྐྱང་པར་ཡོད་དོ་སྙམ་དུ་བློ་ལ་སེམས་པ་ཡིན་ནོ། །ཞེ་ན། བྱེད་པོ་མེད་པའི་ལས་རྐྱང་པ་ཡོད་པ་མ་ཡིན་པར་ཐལ། གང་གི་ཕྱིར་ན་དོན་དང་ཐ་སྙད་གཉིས་ཀར་ཡང་བྱེད་པ་པོ་མེད་ན་ལས་ཀྱང་མེད་དགོས་པའི་ཕྱིར་རོ། །གཉིས་པ་བདག་དེ་བཏགས་པར་གསུངས་པའི་ཚུལ་ལ། ངར་འཛིན་གྱི་བློ་ཆོས་ཅན། ཕུང་པོ་རེ་རེ་བ་དང་ཚོགས་པ་དེ་རྣམས་ལ་དམིགས་ནས་དེ་རྣམས་ཉིད་བདག་ཏུ་བཟུང་བ་མ་ཡིན་ཏེ། བདག་དེ་ནི་ཁམས་དྲུག་པོ་དེ་རྣམས་དང་གཅིག་པ་དེ་ཉིད་མ་ཡིན། ཁམས་དྲུག་པོ་ཚོགས་ཙམ་ཉིད་ཀྱང་མ་ཡིན་པ་སྟེ། རྒྱུ་མཚན་དེའི་ཕྱིར། དེའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། གང་གི་ཕྱིར་ན་ཐུབ་པས་བདག་དེ་ས་དང་ཆུ་དང་མེ་དང་རླུང་དང་རྣམ་ཤེས་དང༌། ནམ་མཁའ་ཞེས་བྱ་བ་ཁམས་དྲུག་དང་ནི་མིག་སོགས་རེག་པའི་སྐྱེ་མཆེད་དྲུག་གི་རྟེན་དག་ལ་བརྟེན་ནས་ཉེ་བར་བསྟན་ཞིང༌། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་གདགས་གཞིར་ཉེ་བར་བཟུང་ནས་ངར་འཛིན་གྱི་བདག་ཏུ་འདོགས་པར་ངེས་པར་གསུངས་པ་དེའི་ཕྱིར་རོ། །འདིར་གཞན་དག་གཞུང་འདིས་ངར་འཛིན་གྱི་ལྷན་སྐྱེས་ཀྱི་ཕུང་པོ་རེ་རེ་བ་དང་ཚོགས་པ་ལ་མ་དམིགས་པའི་ཤེས་བྱེད་དུ་དེ་རྣམས་བདག་མ་ཡིན་པའི་ཕྱིར་ཞེས་འཆད་པ་ནི་ཆེས་མ་འབྲེལ་ཞིང༌། འགྲེལ་པ་ཐམས་ཅད་དང་མི་མཐུན་ཏེ། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་ཀྱང་དེ་དག་ལ་མ་དམིགས་པར་ཐལ། དེ་དག་བདེན་པར་མ་གྲུབ་པའི་ཕྱིར། འདིའི་ཐད་ཀྱི་འགྲེལ་པ་ལས། ཇི་སྐད་བཤད་པའི་ཆོས་དེ་རྣམས་བདག་ཉིད་དུ་མི་རུང་བ་དེའི་ཕྱིར། ཆོས་དེ་རྣམས་ལ་ངར་འཛིན་པའི་བློ་མི་རིགས་སོ། །ཞེས་གསུངས་ཀྱི། དམིགས་པ་མ་ཡིན་པར་མ་བཤད་པའི་ཕྱིར་དང༌། འགྲེལ་པ་དེའི་དོན་ཡང༌། ཆོས་དེ་རྣམས་ཆོས་ཅན། ཁྱོད་ལ་བདག་ཏུ་འཛིན་པ་མི་རིགས་ཏེ། ཁྱོད་བདག་མིན་པའི་ཕྱིར། ཞེས་པའི་དོན་ནོ། །དེས་ན་འདིར་དོན་ནི་ཉན་ཐོས་པ་ཕུང་པོ་བདག་ཡིན་པའི་རྒྱུ་མཚན་ངར་འཛིན་གྱི་བདག་ཏུ་བཟུང་བ་ཡིན་པའི་ཕྱིར་ཞེས་པ་ལ་ཐུག་པས་དེས་ཀྱང་དེ་ལ་དེར་བཟུང་བ་མ་ཡིན་ཏེ། ཤིང་རྟ་འཛིན་པའི་བློ་ལྷན་སྐྱེས་ཀྱི་ཡན་ལག་ཚོགས་ཙམ་ཤིང་རྟར་ཞེན་པ་མ་ཡིན་གྱི། ཚོགས་པ་དེ་ལ་བརྟེན་ནས་ཤིང་རྟ་ཙམ་ཞིག་བཏགས་ནས་བཟུང་ཞིང་དེ་ཉིད་ལ་ཕྱིས་བདེན་པར་ཞེན་པ་དེ་བཞིན་དུ། ངར་འཛིན་ལྷན་སྐྱེས་ཀྱིས་དམིགས་པ་ཕུང་པོ་ལ་དམིགས་ནས་ང་ཙམ་དུ་བཏགས་ལ། དེ་འདྲའི་ང་ཙམ་དེ་ལ་བདག་ཏུ་ཞེན་པ་མེད་པའི་ཕྱིར། མདོ་ལས་དེ་ལྟར་དུ་གསུངས་པས་ཤེས་པས་སོ། །འོ་ན་དེ་ལ་བརྟེན་ནས་དེར་བཏགས་པ་དང༌། དེ་ཉིད་བདག་ཏུ་བཟུང་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། འབྱུང་བ་བཞི་ལ་བརྟེན་ནས་འབྱུང་འགྱུར་བཏགས་པ་ཡིན་ཀྱང༌། འབྱུང་བ་ཉིད་འབྱུང་འགྱུར་མ་ཡིན་པ་བཞིན་ནོ། །འདིར་ཕུང་པོ་ངར་འཛིན་གྱི་ཡུལ་ཡིན་པ་བཀག་ནས་ང་ཙམ་ངར་འཛིན་གྱི་ཡུལ་དུ་སྟོན་པ་མ་ཡིན་ཏེ། དེ་ལྟར་ན་ངར་འཛིན་གྱི་ཡུལ་ཡོད་པར་ཐལ་བ་ལས་འགྲེལ་པར། གང་གི་ཚེ་དེ་ལྟར་ཕུང་པོ་རྣམས་ངར་འཛིན་པའི་ཡུལ་ཡང་མ་ཡིན་ལ། ཕུང་པོ་ལས་ཐ་དད་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར། ངར་འཛིན་པའི་ཡུལ་ཉིད་ཡོད་པ་མ་ཡིན་པས་རྣལ་འབྱོར་པས་བདག་ལ་དམིགས་པ་ལ་བདག་གི་བ་ཡང་སྙིང་པོ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཡོངས་སུ་ཤེས་སོ། །ཞེས་གསུངས་སོ། །གཉིས་པ་ནང་འགལ་བསྟན་པས་མཇུག་བསྡུ་བ་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཚེ། རྟག་པའི་བདག་ཙམ་ཞིག་སྤོང་ཞིང་རྟག་པའི་བདག་འདི་ནི་ངར་འཛིན་གྱི་རྟེན་ཏེ་འཛིན་སྟངས་ཀྱི་བཟུང་བྱར་ཡང་མི་འདོད་པར་ཕུང་པོ་ཉིད་དེའི་འཛིན་སྟངས་ཀྱི་བཟུང་བྱར་གྱུར་པའི་བདག་ཏུ་ཁས་ལེན་པ་དེའི་ཕྱིར། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པས་བདག་ཏུ་ལྟ་བ་ཅིས་ཀྱང་དྲུངས་འབྱིན་ཞེས་སྨྲ་བ་ནི་ཤིན་ཏུ་ངོ་མཚར་བ་སྟེ་བཞད་གད་ཀྱི་གནས་སོ། །དེ་ཉིད་དཔེའི་སྒོ་ནས་བཞད་གད་ཀྱི་གནས་སུ་སྟོན་པ་ནི། རང་ཁྱིམ་གྱི་རྩིག་པའི་ཕུག་ན་སྦྲུལ་གནས་པ་མཐོང་ནས་འཇིགས་བཞིན་དུ། དེ་ལ་གཞན་ཞིག་གིས་འདི་ན་གླང་པོ་ཆེ་མེད་ཅེས་གླང་ཆེན་གྱི་འཇིགས་པའི་དོགས་པ་བསལ་ནས་ཏེ་བསལ་བས་སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མ་གཞན་གྱི་གནམ་པོར་གྱུར་པ་ཉིད་དོ་སྟེ་བླུན་པ་ཉིད་དོ། །གང་དག་གཞུང་འདི་ལ་བརྟེན་ནས་རང་རྒྱུད་པ་མན་ཆོད་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དང༌། རྟག་གཅིག་རང་དབང་ཅན་གྱི་བདག་ཁེགས་པ་ན། གང་ཟག་གི་བདག་མེད་རྟོགས་པའི་གོ་ཆོད་པར་འདོད་པ་ཡང་སྙིང་པོ་མེད་པའི་གནས་སུ་མཐོང་ངོ༌། །ཞེས་གསུངས་པ་ནི་གཞུང་དོན་ལོག་པར་བཤད་པའི་གཏམ་ཁོ་ནར་མཐོང་སྟེ། འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། ཞེས་པ་དེ་སྔར་བཤད་པ་ལྟར་གཞན་ལ་ཁས་བླངས་ནང་འགལ་སྟོན་པ་ཡིན་གྱི། ཟླ་བའི་ཞབས་རང་གིས་ཚད་གྲུབ་ཏུ་བཞེད་པ་མ་ཡིན་པའི་ཕྱིར་རོ། །སྔ་འགྲེལ་ལས། ངར་འཛིན་པའི་ཡུལ་ནི་ཕུང་པོ་རྣམས་དང་སེམས་ཡིན་ནོ་ཞེས་བྱ་བ་གང་གི་ཕྱོགས་ཡིན་པ་དེའི་ལྟར་ན། ཇི་སྲིད་དུ་ཕུང་པོ་རྣམས་འབྱུང་བ་དེ་སྲིད་དུ་ངར་འཛིན་པ་འཇུག་པར་འགྱུར་ཏེ། བདག་ཏུ་འཛིན་པའི་གཞི་དངོས་པོ་ཡོད་པའི་ཕྱིར། ཞེས་བཤད་པ་ཞེས་གསུངས་པ་དང༌། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་རིགས། །ཞེས་པ་དང་དོན་གཅིག་པའི་ཕྱིར། །དེར་མ་ཟད་ལུགས་འདིར་རྟག་གཅིག་རང་དབང་ཅན་གྱི་བདག་བཀག་པས། འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་འབྱིན་མི་ནུས་པར་བཞེད་པའང་མ་ཡིན་ཏེ། དེའི་ཞེན་ཡུལ་སུན་འབྱིན་པའི་རིགས་པ་འཆད་པ་ན། ཟ་བོ་རྟག་དངོས་ཞེས་སོགས་ནས། འདི་ནི་ཕུང་པོ་རྣམས་བརྟེན་གྲུབ་པར་འགྱུར་གྱི་བར་གྲུབ་མཐས་བཏགས་པའི་བདག་གི་འདོད་ཚུལ་ཁོ་ན་བཀག་པའི་ཕྱིར། ཆོས་ཀྱི་བདག་མེད་བསྒྲུབ་པའི་རིགས་པའི་གཙོ་བོར་ཡང༌། གྲུབ་མཐས་བརྟགས་པའི་སྐྱེ་བ་འགོག་བྱེད་ཀྱི་རིགས་པ་ཁོ་ན་གསུངས་པའི་ཕྱིར་དང༌། རྟག་གཅིག་རང་དབང་ཅན་དུ་འཛིན་པ་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་མེད་པར་འདོད་པའང་འཁྲུལ་པའི་ཕྱིར་ཏེ། འཇིག་ལྟ་ལྷན་སྐྱེས་ཀྱི་ཁ་སང་གི་ང་དང༌། དེ་རིང་གི་ང་གཅིག་ཏུ་འཛིན་པ་དང༌། ང་གཅིག་པུ་འདིར་འོང་སྙམ་པ་དང༌། རང་ཉིད་བདག་པོ་དང༌། དབང་བསྒྱུར་བ་པོར་འཛིན་པ་ཡོད་པའི་ཕྱིར། ཟླ་བའི་ཞབས་ཀྱིས་གང་བཀག་པའི་རིགས་པ་འདི་དག་ནི་ཁྱོད་ལ་འཇུག་པར་མཐོང་སྟེ། སྔ་འགྲེལ་གྱི་རིགས་པ་ངར་འཛིན་པའི་ཡུལ་ནི་བརྟེན་ནས་བཏགས་པའི་བདག་ཡིན་ནོ། །ཞེས་བྱ་བ་གང་གི་ཕྱོགས་ལྟར་ན། ཇི་སྲིད་ང་ཙམ་ཅིག་འཇུག་པ་དེ་སྲིད་དུ་ངར་འཛིན་པ་འཇུག་པར་འགྱུར་ཏེ། བདག་ཏུ་འཛིན་པའི་གཞི་དངོས་པོ་ཡོད་པའི་ཕྱིར། ཞེས་པ་འདི་ཁྱེད་ལ་འཇུག་སྟེ། ཁྱེད་དང་ཉན་ཐོས་པ་གཉིས་ཀས་ངར་འཛིན་གྱི་དམིགས་ཡུལ་དེ་དག་བདག་ཏུ་ཁས་བླངས་པའི་ཕྱིར། རྩ་བའི་རིགས་པ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཞེས་པས་བདག་ལྟ་བ། །ཅིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་པ་འདི་ཡང་ཁྱེད་ལ་མཚུངས་ཏེ། ཁྱེད་ཀྱི་རྟེན་ཞེས་པ་དམིགས་པ་ལ་འདོད་པར་ཁས་བླངས་པའི་ཕྱིར། ཅིས་ཏེ་འདིར་རྣམ་པའི་རྟེན་ལ་བྱེད་དེ་ཞེ་ན། དེ་ལྟར་དོན་ལ་རིགས་མེད་ཁྱེད་ལ་ནང་འགལ་ཏེ། འདིའི་རྟེན་རྣམ་པའི་རྟེན་ལ་བྱེད་ན། འཇིག་རྟེན་ངར་འཛིན་བློའི་རྟེན་དུའང་མི་འདོད་ཅེས་པའང་རྣམ་པ་ལ་བྱེད་དགོས་པ་ལས་ཁྱེད་ཀྱིས་དམིགས་པ་ལ་བཤད་པའི་ཕྱིར་དང༌། བདག་རང་བཞིན་གྱིས་གྲུབ་པ་དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་ཡིན་ན་རྟེན་ནས་བཏགས་པའི་ང་ཙམ་བདག་མིན་པར་ཐལ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་མེད་བདེན་གྲུབ་མེད་པར་རྟོགས་པའི་ཕྱིར། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཞེས་པའི་རིགས་པའོ། །གཞན་ཡང་བདག་རང་བཞིན་གྱིས་གྲུབ་པ་དེ་ཆོས་ཅན་ང་ཙམ་ཡིན་པར་ཐལ། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བ་ཡིན་པའི་ཕྱིར། ཞེས་པ་འདི་ནི་དོན་ལ་གནས་པའི་རིགས་པའོ། །གཉིས་པ་རྟེན་བརྟེན་པ་སོགས་ཁེགས་པར་བསྟན་པ་ལ། བརྟེན་པ་དང་ལྡན་པའི་ཕྱོགས་ལ་དགག་པ་རྒྱས་པར་བཤད། དེའི་དོན་བསྡུས་ཏེ་འཇིག་ལྟ་ཉི་ཤུ་ངོས་བཟུང་བའོ། །དང་པོ་ལ། བརྟེན་པའི་ཕྱོགས་དགག ལྡན་པའི་ཕྱོགས་དགག དང་པོ་ནི། ཁོ་ན་རེ། བདག་ཕུང་རྫས་གཅིག་དང་རྫས་གཞན་དུ་མེད་ཀྱང༌། རྟེན་བརྟེན་པར་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། ཕུང་པོར་བདག་ཡོད་པ་མ་ཡིན་ཞིང༌། བདག་ལ་ཡང་ཕུང་པོ་དེ་རྣམས་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སྐབས་འདིར་བདག་ཕུང་རྫས་གཞན་ཉིད་དུ་ཡོད་ན། རྟེན་དང་བརྟེན་པར་ཡོད་པའི་རྟོག་པ་འདིར་འགྱུར་ན། བདག་ཕུང་རྫས་གཞན་ཉིད་དེ་མེད་པ་དེའི་ཕྱིར་རམ་རྒྱུ་མཚན་གྱིས་བདག་ཕུང་གཉིས་རྟེན་དང་བརྟེན་པར་ཞེན་པ་འདི་ཕྱིན་ཅི་ལོག་གི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ནི། ཁོ་ན་རེ། བདག་ཕུང་གཉིས་ཡོན་ཏན་དང་ཡོན་ཏན་ཅན་གྱི་ཚུལ་དུ་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། བདག་ནི་གཟུགས་དང་ལྡན་པར་མི་འདོད་དེ། གང་གི་ཕྱིར་བདག་ཕུང་པོ་དང་དེ་ཉིད་གཞན་དུ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེས་ལྡན་པའི་དོན་མ་ཚང་བར་བསྟན་ནས། ཐ་སྙད་མ་ཚང་བར་སྟོན་པ་ནི། གང་ཟག་ལ་གཟུགས་དང་ལྡན་པའི་དོན་གྱི་སྒྲའམ་རྐྱེན་སྦྱོར་བ་མེད་དེ། ལྷ་སྦྱིན་གནག་གམ་བ་ལང་དང་ལྡན་པ་ལྟ་བུ་དོན་གཞན་གྱི་ལྡན་ཚུལ་དང༌། ལྷ་སྦྱིན་གཟུགས་དང་ལྡན་པ་ལྟ་བུ་དོན་གཞན་མ་ཡིན་པའི་ལྡན་ཚུལ་གཉིས་ལས་བདག་ནི་གཟུགས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཕུང་པོ་བདག་ཡིན་པ་དང༌། བདག་ཕུང་གཉིས་རྟེན་བརྟེན་པར་ཡོན་ཏན་དང་ཡོན་ཏན་ཅན་ཡིན་པ་བཀག་པའི་ལོག་ཕྱོགས་རྣམས་སྡོམས་པས་འཇིག་ལྟ་ཉི་ཤུར་འགྱུར་རོ་ཞེས་སྟོན་པ་ནི། ཤེས་བྱ་ཆོས་ཅན། བདག་ཏུ་བལྟ་བ་ཀུན་བཏགས་ལ་ཉི་ཤུར་ཡོད་པར་འདོད་དེ། གཟུགས་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བ་དང༌། བདག་ནི་གཟུགས་དང་ལྡན་པ་མ་ཡིན་པ་ལ་དེར་ལྟ་བ་དང༌། གཟུགས་ལ་བདག་མེད་པ་ལ་ཡོད་པར་ལྟ་བ་དང༌། བདག་ལའང་གཟུགས་ཡོད་པ་མ་ཡིན་པ་ལ་ཡོད་པར་ལྟ་བ་སྟེ། དེ་ལྟར་ན་རྣམ་པ་བཞི་བཞིར་ཕུང་པོ་ལྔ་པོ་ཀུན་ལ་ཤེས་པར་བྱ་སྟེ། དེ་དག་ཏུ་ཤིན་ཏུ་འགྱུར་བའི་ཕྱིར། འོ་ན་སྔར་བཤད་པ་ཐམས་ཅད་ཀྱིས་དོན་བསྡུ་བ་ཡིན་ན། བདག་གཟུགས་ཕུང་དང་ཐ་དད་པར་བལྟ་བ་ལྔ་བསྣན་པས་ཉི་ཤུ་རྩ་ལྔར་འགྱུར་བ་མ་ཡིན་ནམ་ཞེ་ན། བདག་ཕུང་རྫས་གཞན་དུ་འཛིན་པ་ནི་ཕྱི་རོལ་པ་མ་གཏོགས་པ་རང་སྡེ་ལ་མི་འབྱུང་བ་ཡིན་ཏེ། རང་གི་སྡེ་པ་རྣམས་དང་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ནི། ཕུང་པོ་རྣམས་མ་བཟུང་བར་བདག་ཏུ་མངོན་པར་ཞེན་མི་ནུས་པས། རྣམ་པ་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གོ །བསྟན་བཅོས་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་སྔ་མ་རྫས་གཞན་གྱི་ཕྱོགས་གསུངས་པ་ནི་མུ་སྟེགས་པ་དགག་པའི་ཕྱིར་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །འགྲེལ་པར་འདིར་འཇིག་ལྟས་དམིགས་པ་ཕུང་པོ་ལ་དམིགས་ནས་རྣམ་པ་མི་འདྲ་བ་ཉི་ཤུ་འབྱུང་བ་གསལ་བར་བཤད་ཅིང་འདིའི་སྔ་འགྲེལ་ལས་ཀྱང་འཇིག་ཚོགས་ལ་ལྟ་བ་དམིགས་པ་དང་རྣམ་པ་ཕྱིན་ཅི་ལོག་པ་ལ་འཇུག་པར་གྲངས་ཀྱི་སྒོ་ནས་བསྟན་པའི་ཕྱིར། བཤད་པ་ཞེས་གསུངས་སོ། །དེ་དག་གིས་འཇིག་ལྟ་ཉི་ཤུ་ངོས་བཟུང་ནས། དེས་ཉན་ཐོས་ཀྱི་མདོའི་དགོངས་པ་འགྲུབ་པར་སྟོན་པ་ནི་འཇིག་ལྟ་ཉི་ཤུ་ངོས་ཟིན་པ་ན། ལུང་ལས་འཇིག་ཚོགས་ལ་བལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་པའི་མདོའི་དགོངས་པ་ཡང་བདེ་རླག་ཏུ་རྟོགས་ནུས་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེས་མཐོང་སྤངས་སུ་གྱུར་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ་བཅོམ་པ་ན། ཀུན་བརྟགས་སུ་གྱུར་པའི་འཇིག་ཚོགས་ལ་ལྟ་བའི་རི་ལྷུན་སྟུག་ལ་གནས་པའི་རྩེ་མོ་མཐོ་བར་གྱུར་པ་ཉི་ཤུ་པོ་འདི་དག་ནི་མཐོང་ལམ་བར་ཆད་མེད་ལམ་གྱིས་བཅོམ་པའི་བདག་ཏུ་ལྟ་བ་གང་དང་ལྷན་ཅིག་འཇིག་པར་འགྱུར་བ་ལ་དགོས་ནས་གསུངས་པའི་ཕྱིར། གཞུང་འདིའི་འབྲེལ་ནི། ཉན་ཐོས་སྡེ་པ་དག་མདོ་འདི་ཁས་ལེན་བཞིན་དུ་ཕུང་པོ་བདག་ཡིན་པར་འདོད་པ་ལ་གནོད་བྱེད་སྟོན་པ་ཡིན་ཏེ། ཉན་ཐོས་པ་ཁྱོད་ཀྱི་འཇིག་ལྟ་ཉི་ཤུ་ངོས་ཟིན་པ་ན། ཕུང་པོ་བདག་ཏུ་འདོད་པའི་དོགས་པ་འབྱུང་བའི་གོ་སྐབས་མེད་དོ་ཞེས་སྟོན་པ་ཡིན་ནོ། །གཞན་དག་གི་ཕྱོགས་ལ་འདི་དྲི་བར་བྱ་སྟེ། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ཕུང་པོ་ལ་བརྟེན་པ་ཡིན་ནམ་མ་ཡིན། དང་པོ་ལྟར་ན། བདག་ཕུང་པོ་ལ་བརྟེན་པར་ཐལ། དེ་ཕུང་པོ་ལ་བརྟེན་པ་དང་བདག་གི་གཞི་མཐུན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཤིང་རྟ་རང་གི་ཡན་ལག་རྣམས་ལ་མི་བརྟེན་པར་ཐལ་ལོ། །མདོར་ན་ཟླ་བའི་ཞབས་ཀྱི་དགོངས་པ་ནི། ཕུང་པོ་བདག་ཡིན་པར་འཛིན་པ་སོགས་ཉི་ཤུ་ནི། འཇིག་ལྟ་ཀུན་བརྟགས་ཁོ་ན་ཡིན་ལ། ལྷན་སྐྱེས་ཀྱི་འཛིན་པ་ལ་འདི་ལྟ་བུ་མེད་པ་ཀུན་བརྟགས་ཀྱི་བཟུང་བ་ལྟར་ཕུང་པོ་བདག་ཡིན་པ་སོགས་ནི་ཐ་སྙད་དུའང་མེད་ན། འཇིག་ལྟ་ལྷན་སྐྱེས་ཀྱི་ཕུང་པོ་ལ་བརྟེན་ནས་ང་ཙམ་ཡོད་པར་ཞེན་པས། དེ་ཙམ་ཞིག་རིགས་པས་མི་དཔྱོད་པའི་ངོར་ཡོད་ལ། ལྷན་སྐྱེས་ཀྱི་ཞེན་ཡུལ་དེ་ལ་ཀུན་བརྟགས་ཀྱི་བདག་ཏུ་ཞེན་ནས་འཇིག་ལྟ་ཉི་ཤུའི་འཛིན་སྟངས་སུ་སྒྲོ་འདོགས་པར་བྱེད་དོ། །གཉིས་པ་བརྗོད་དུ་མེད་པའི་བདག་རྫས་ཡོད་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཉན་ཐོས་མང་པོས་བཀུར་བའི་ནང་ཚན། གནས་མ་བུའི་སྡེ་པ་ན་རེ། གང་ཟག་གི་བདག་ནི། ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཅིང༌། རྟག་པ་དང་མི་རྟག་པ་ལ་སོགས་པར་ཡང་བརྗོད་དུ་མེད་དེ། གལ་ཏེ་གཞན་དུ་ན་སྔར་བཤད་པའི་ཉེས་པར་འགྱུར་བའི་ཕྱིར། དེ་ལྟ་ནའང་རྫས་སུ་ཡོད་དེ། བྱེད་པོ་ཉིད་དང་ཟ་བ་པོ་ཉིད་ཡིན་པའི་ཕྱིར། དེ་ལྟ་བུའི་བདག་དེ་ནི་རྣམ་ཤེས་དྲུག་གི་ཤེས་བྱར་འདོད་ཅིང་ངར་འཛིན་གྱི་གཞི་སྟེ་འཛིན་སྟངས་ཀྱི་གཟུང་བྱར་ཡང་འདོད་པ་ཡིན་ཞེས་ཟེར་རོ། །གཉིས་པ་ལ། བདག་རྫས་ཡོད་དུ་ཁས་ལེན་པ་དང༌། བརྗོད་མེད་དུ་འདོད་པ་ནང་འགལ་བར་བསྟན་ནས། བདག་བཏགས་ཡོད་དུ་ཁས་ལེན་དགོས་པར་བཤད། བདག་རྫས་སུ་མེད་པ་ལ་སྒྲུབ་བྱེད་བཤད་པའི་སྒོ་ནས་བདག་བཏགས་པ་ཙམ་དུ་བསྟན་པའོ། །དང་པོ་ལ་རྫས་ཡོད་ལ་གནོད་བྱེད་བརྗོད། གཏགས་ཡོད་ལ་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། གལ་ཏེ་བདག་འགའ་དངོས་པོར་གྲུབ་པར་གྱུར་ན་བདག་དེ་ཆོས་ཅན། ཕུང་པོ་དང་རྫས་གཅིག་དང་ཐ་དད་གང་རུང་དུ་བརྗོད་མེད་པར་མི་འགྱུར་བར་ཐལ། སེམས་ལྟར་རྫས་སུ་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་པར་ཐལ། གང་གི་ཕྱིར་ན་ཉན་ཐོས་པ་ཁྱོད་ཀྱི་ལུགས་ལ། གཟུགས་སེམས་གཉིས་ཀ་རྫས་སུ་གྲུབ་པའི་རྒྱུ་མཚན་གྱིས་གཟུགས་ལས་སེམས་རྫས་གཅིག་དང་ཐ་དད་གང་རུང་དུ་བརྗོད་དུ་མེད་པར་མི་རྟོགས་པ་དེ་བཞིན་དུ། དངོས་པོར་ཡོད་ན་གཉིས་པོ་གང་རུང་དུ་བརྗོད་དུ་མེད་པར་རྟོགས་པ་མ་ཡིན་པར་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་པ་ཁྱོད་ཀྱི་ལུགས་ལ་ཆོས་ཅན། བདག་རང་བཞིན་གྱིས་ཡོད་པར་གྲུབ་པར་རྟོགས་པར་མི་བྱ་སྟེ། གང་གི་ཕྱིར་ན་བུམ་པ་དོན་དམ་པའི་དངོས་པོར་མ་གྲུབ་པའི་ངོ་བོ་དེ་བཏགས་ཡོད་ཡིན་པའི་རྒྱུ་མཚན་གྱིས་གཟུགས་སོགས་རྡུལ་རྫས་བརྒྱད་ལས་རྫས་གཅིག་དང་རྫས་གཞན་དུ་བརྗོད་དུ་མེད་པར་རྟོགས་ཤིང་ཁས་ལེན་པས་དེ་བཞིན་དུ་བདག་གང་བཏགས་ཡོད་ཡིན་པའི་རྒྱུ་མཚན་གྱིས། ཕུང་པོ་ལས་དེ་བཞིན་དུ་བརྗོད་དུ་མེད་པར་འགྱུར་དགོས་པའི་ཕྱིར། གཉིས་པ་ལ། བདག་རྫས་སུ་མེད་པ་ལ་སྒྲུབ་བྱེད་དགོད། བདག་བཏགས་པ་ཙམ་ཡིན་པ་ལ་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། བདག་ཆོས་ཅན། དངོས་པོར་མེད་དེ། དངོས་པོར་གྲུབ་པའི་ཆོས་རྫས་གཅིག་དང་རྫས་ཐ་དད་གང་རུང་དང་བྲལ་བའི་ཕྱིར། ཁྱབ་པ་ཕྱིར་རྒོལ་ཁྱོད་ཀྱི་ངོར་གྲུབ་སྟེ། ཕྱིར་རྒོལ་ཁྱོད་ཀྱི་རྣམ་པར་ཤེས་པ་རང་གི་བདག་ཉིད་ལས་རྫས་གཞན་ནི་མི་འདོད་ཅིང་གཟུགས་སོགས་ལས་རྫས་གཞན་པའི་དངོས་པོར་འདོད་པའི་སྒོ་ནས་དངོས་པོར་གྲུབ་པ་ལ་རྫས་གཅིག་དང༌། རྫས་ཐ་དད་པའི་རྣམ་པ་དེ་གཉིས་སུ་གྲངས་ངེས་པར་མཐོང་བར་གྱུར་པ་དེའི་ཕྱིར། གཉིས་པ་ནི། རིགས་པ་དེའི་ཕྱིར། ངར་འཛིན་པའི་རྟེན་བདག་ནི་དངོས་པོ་མིན་ཏེ། ཕུང་པོ་ལས་རྫས་གཞན་པའང་མ་ཡིན། ཕུང་པོའི་ངོ་བོའང་མ་ཡིན། ཕུང་པོ་དང་ཕན་ཚུན་དུ་རྟེན་བརྟེན་པའང་མ་ཡིན། བདག་འདི་ནི་ཕུང་པོ་དང་ལྡན་པའང་མ་ཡིན་པའི་ཕྱིར། དེས་ན་བདག་འདི་ནི་ཆོས་ཅན། བདེན་འཛིན་གྱི་ངོར་ཕུང་པོ་རྣམས་ལ་བརྟེན་ནས་བཏགས་པ་ཙམ་དུ་ཁས་ལེན་དགོས་ཏེ། བདག་ཐ་སྙད་དུ་བཏགས་པ་ཙམ་དུ་གྲུབ་པར་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་བདག་བཏགས་པ་ཙམ་དུ་ཁས་ལེན་པའི་ཚུལ་དཔེ་དང་བཅས་པ་ལ། རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བདག་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མི་རྙེད་པའི་ཚུལ་ཤིང་རྟ་དང་འདྲ་བར་བསྟན་པ་དང༌། ཐ་སྙད་ཀྱི་ངོར་རང་གི་ཡན་ལག་ལ་བརྟེན་ནས་འདོགས་ཚུལ་ཤིང་རྟའི་དཔེས་བསྟན་པའོ། །དང་པོ་ལ། སྤྱིར་བཤད། ཚོགས་པ་དང་དབྱིབས་ཤིང་རྟ་མ་ཡིན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཡིན་ཀྱང་བཏགས་པའི་དོན་ཙམ་བཙལ་བས་མི་རྙེད་པའི་ཚུལ་ཆོས་ཅན། བདེ་བླག་ཏུ་རྟོགས་པར་ནུས་པའི་ཐབས་ཡོད་དེ། ཤིང་རྟ་རང་གི་ཡན་ལག་ལས་རྫས་གཞན་དུ་འདོད་པའང་མ་ཡིན། རྫས་གཞན་མ་ཡིན་པ་སྟེ་རྫས་གཅིག་ཏུ་འདོད་པའང་མ་ཡིན། ཤིང་རྟ་རང་གི་ཡན་ལག་དོན་གཞན་དང་ལྡན་པའང་མ་ཡིན། ཤིང་རྟ་རང་གི་ཡན་ལག་དོན་གཞན་ལ་བརྟེན་པའང་མ་ཡིན། ཤིང་རྟ་རང་གི་ཡན་ལག་དོན་གཞན་དག་ཤིང་རྟ་དེར་བརྟེན་པའང་མ་ཡིན། ཤིང་རྟའི་ཡན་ལག་འདུས་པ་ཙམ་ཤིང་རྟ་མ་ཡིན་ཞིང༌། ཡན་ལག་གི་དབྱིབས་ཀྱང་ཤིང་རྟ་མ་ཡིན་པ་ཇི་བཞིན་ནོ། །དཔེ་དེ་ལ་བརྟེན་ནས་ཁྱོད་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། དེས་གཞན་ཡང་མཚོན་ནས་བསྟན་པའོ། །དང་པོ་ལ། ཚོགས་པ་ཤིང་རྟ་ཡིན་པ་དགག དབྱིབས་ཤིང་རྟ་ཡིན་པ་དགག་པའོ། །དང་པོ་ལ་སྔར་བཤད་པའི་རིགས་པ་དང༌། སྔར་མ་བཤད་པའི་རིགས་པས་དགག་པའོ། །དང་པོ་ནི། ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟ་མ་ཡིན་ཏེ། གལ་ཏེ་ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། ཤིང་རྟའི་ཡན་ལག་རྣམས་སིལ་བུར་གནས་པ་ལའང་ཤིང་རྟ་ཉིད་ཡོད་པར་འགྱུར་བའི་ཕྱིར། གཉིས་པ་ནི། འང་གི་ནུས་པས། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས་ཚོགས་ཙམ་ཤིང་རྟར་རིགས་མ་ཡིན། །ཞེས་པ་བཤད་ན། ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟར་བདེན་པར་རིགས་པའང་མ་ཡིན་ཏེ། གང་གི་ཕྱིར་ཤིང་རྟའི་ཡན་ལག་ཚོགས་ཙམ་དག་རྫས་སུ་མེད་པའི་ཕྱིར་ཏེ། ཡན་ལག་ཅན་ཤིང་རྟ་རྫས་སུ་མེད་པར་རང་སྡེ་དངོས་པོར་སྨྲ་བས་ཁས་བླངས་པའི་ཕྱིར། གཉིས་པ་དབྱིབས་ཤིང་རྟ་ཡིན་པ་ལ། སྔར་བཤད་པའི་རིགས་པས་དགག་པ་དང༌། རིགས་པ་གཞན་གྱིས་དགག དང་པོ་ནི། ཤིང་རྟའི་ཡན་ལག་གི་དབྱིབས་ཙམ་ཤིང་རྟར་རིགས་པའང་མ་ཡིན་ཏེ། ཡན་ལག་ལས་མ་གཏོགས་པའི་ཡན་ལག་གི་དབྱིབས་མེད་པར་རྒོལ་བ་ཁྱོད་ཀྱིས་ཁས་བླངས་པས། ཡན་ལག་མེད་ན་ཡན་ལག་གི་དབྱིབས་དག་མེད་དགོས་པའི་ཕྱིར་རོ། །བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། །ཞེས་པ་དང༌། རིགས་པ་གནད་གཅིག་གོ །གཉིས་པ་ཡན་ལག་རེ་རེ་བའི་དབྱིབས་ཤིང་རྟ་ཡིན་ནམ། ཡན་ལག་ཚོགས་པའི་དབྱིབས་ཤིང་རྟར་འདོད། དང་པོ་ལྟར་ན། ཤིང་རྟ་མ་སྒྲིགས་པའི་སྐབས་ཀྱི་ཡན་ལག་རེ་རེ་བའི་དབྱིབས་དེ་ཤིང་རྟ་ཡིན་ནམ། སྒྲིགས་པའི་ཚེ་དབྱིབས་ཀྱི་ཁྱད་པར་གཞན་ཞིག་སྐྱེས་པ་ཡིན། དང་པོ་ལྟར་ན། ཡན་ལག་སིལ་བུར་བྱེ་བར་གྱུར་པ་དེ་དག་ལ་ཤིང་རྟའི་ཐ་སྙད་ཡོད་པ་མ་ཡིན་པ་ཇི་ལྟ་བར་ད་ལྟ་ཡན་ལག་རྣམས་ཚང་བར་སྒྲིགས་པ་འདིར་ཡང་ནི་ཤིང་རྟ་ཡོད་པ་མ་ཡིན་པར་ཐལ། ཕྱིར་རྒོལ་བྱེད་ཀྱི་ལྟར་ན། ཡན་ལག་རེ་རེ་བའི་དབྱིབས་སྔར་ཡོད་པར་གྱུར་པ་ཇི་བཞིན་པ་དེ་ཤིང་རྟར་རྟོགས་པའི་དུས་ལའང་དེ་བཞིན་དུ་ཡོད་པར་འདོད་པའི་ཕྱིར། གཉིས་པ་ལྟར་ན། གལ་ཏེ་ད་ལྟར་ཤིང་རྟ་ཉིད་དུ་གྲུབ་པའི་དུས་འདིར་ཆོས་ཅན། འཕང་ལོ་སོགས་ལ་སྔར་མེད་པའི་དབྱིབས་ཀྱི་ཁྱད་པར་རྫས་གཞན་འདི་བཟུང་དུ་ཡོད་པར་འགྱུར་ཏེ། འཕང་ལོ་སོགས་ལ་སྔར་མེད་པའི་དབྱིབས་རྫས་ཐ་དད་པ་རེ་རེ་ཡོད་པའི་ཕྱིར། དེའང་ཡོད་པ་མ་ཡིན་པ་སྟེ་འདོད་པར་མི་ནུས་པ་དེའི་ཕྱིར། འཕང་ལོ་སོགས་ཡན་ལག་རེ་རེ་བའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་ནོ། །གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། དབྱིབས་དེ་ཡན་ལག་གི་ཚོགས་ཀྱི་གདགས་ཆོས་མ་ཡིན་པར་ཐལ། གང་གི་ཕྱིར་ན་རྒོལ་བ་ཁྱེད་ཀྱི་ལྟར་ན། ཡན་ལག་གི་ཚོགས་པ་དེ་རྫས་སུ་ཅང་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་པའི་ཚུལ་ནི། གང་ཟག་གི་གདགས་གཞི་ཅི་ཡང་རྫས་སུ་གྲུབ་པ་མ་ཡིན་པར་དེ་ལ་བརྟེན་ནས་འདིར་ནི་གདགས་ཆོས་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར་ཏེ། གདགས་ཆོས་བཏགས་ཡོད་ལ་གདགས་གཞི་རྫས་གྲུབ་དགོས་པར་དངོས་སྨྲ་བས་ཁས་བླངས་པའི་ཕྱིར། དེ་ཡང་གདགས་གཞི་རྫས་སུ་མེད་པའི་བཏགས་ཆོས་ནི་ཐ་སྙད་དུ་ཡང་མོ་གཤམ་བུ་དང་འདྲ་ལ། བཏགས་ཆོས་བུམ་པ་སོགས་ཀྱི་ངོ་བོ་རྫས་སུ་མེད་ཀྱང༌། དེའི་གདགས་གཞི་རྡུལ་རྫས་སུ་ཡོད་པས་བཏགས་པ་རྒྱུ་དང་བཅས་པའོ། །ཞེས་པ་དངོས་སྨྲ་བའི་འདོད་པ་ཡིན་པར་བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། ཞེས་པའི་འགྲེལ་པར་བཤད་དོ། །གཉིས་པ་དེས་གཞན་ཡང་མཚོན་པར་བསྟན་པ་ལ། འདོད་པ་བརྗོད་པ་དང༌། དེས་གཞན་ཡང་མཚོན་ནས་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ནི། ཁོ་ན་རེ། མི་བདེན་པའི་ཡན་ལག་ཚོགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་སུ་འགྱུར་ལ། དེ་ཉིད་ཤིང་རྟར་འཇོག་གོ་ཞེ་ན། གཉིས་པ་ལ། ཚོགས་པ་རྫས་སུ་མེད་པ་ལས་དབྱིབས་རྫས་སུ་འབྱུང་བའི་རིགས་པས་མི་བདེན་པའི་རྒྱུ་གཞན་ལས་མི་བདེན་པའི་འབྲས་བུ་གཞན་འབྱུང་བའང་མཚོན་པར་བསྟན་པ་དང༌། ཤིང་རྟའི་གདགས་གཞི་རྫས་སུ་མེད་པའི་རིགས་པས་བུམ་སོགས་ཀྱི་གདགས་གཞི་རྫས་སུ་མེད་པའང་མཚོན་པར་བསྟན་པའོ། །དང་པོ་ནི། རྒོལ་བ་ཁྱོད་ཀྱི་མི་བདེན་པའི་རྒྱུ་མིག་སོགས་ལ་བརྟེན་ནས། འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཅན་འདུ་ཤེས་ལ་སོགས་པ་ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས་ཤིག་སྟེ། རྒོལ་བ་ཁྱོད་ཀྱི་གདགས་གཞི་ཚོགས་པ་བཏགས་ཡོད་ལ་བརྟེན་ནས། གདགས་ཆོས་དབྱིབས་བཏགས་ཡོད་འདི་ནི་འཇོག་པའི་ཚུལ་ཇི་ལྟར་འདོད་པ་དེ་ལྟར་གཞན་ལའང་མཚུངས་པའི་ཕྱིར། གཉིས་པ་ནི། འཕང་ལོ་ལ་སོགས་པའི་ཡན་ལག་ཚོགས་པ་ཤིང་རྟ་ཡིན་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་ཁེགས་པ་ཡིན་ཏེ། བུམ་པའི་གཟུགས་སོགས་རྡུལ་རྫས་བརྒྱད་པོ་ཚོགས་ཙམ་དེ་ལྟར་གནས་པ་རྣམས་ལ་བུམ་པ་ཡིན་པར་ཞེན་པའི་བློ་ཞེས་བྱ་བའང་རིགས་པ་མ་ཡིན་པ་ཉིད་དུ་བསྟན་པ་དེའི་ཕྱིར། ཤིང་རྟའི་ཡན་ལག་གི་དབྱིབས་ཤིང་རྟར་འདོད་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། གཞན་ཡང་མཚོན་པར་ནུས་ཏེ། བུམ་པའི་གཟུགས་སོགས་རྡུལ་རྫས་བརྒྱད་པོ་དེའི་དབྱིབས་དེ་དག་བུམ་པར་འདོད་པའང་ཁེགས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། གཟུགས་སོགས་རྡུལ་རྫས་བརྒྱད་ཀྱང་ཆོས་ཅན། བདེན་པའི་དངོས་པོར་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར། རྫས་སུ་མེད་པ་རྫས་ཀྱི་ཉེར་ལེན་ཅན་དུ་འདོད་པའི་བུམ་པའི་གདགས་གཞིར་མི་རུང་ངོ༌། །གཉིས་པ་ཐ་སྙད་དུ་འཇོག་ཚུལ་ཤིང་རྟའི་དཔེས་བསྟན་པ་ལ། ཤིང་རྟའི་འཇོག་ཚུལ་བཤད། དེ་ཉིད་འཇིག་རྟེན་གྱི་གྲགས་པ་ཀུན་ལ་སྦྱར་བའོ། །དང་པོ་ནི། ཁོ་ན་རེ། ཤིང་རྟ་ཇི་སྐད་བཤད་པའི་རིགས་པ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མེད་ན། ཤིང་རྟའི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ་ཞེ་ན། དེ་ལ་ཁྱབ་པ་མེད་དེ། ཤིང་རྟ་དེ་ནི་བཙལ་ཚུལ་རྣམ་པ་བདུན་གྱིས་བཙལ་བའི་ཚེ། དེ་ཁོ་ན་ཉིད་དུ་འཇིག་རྟེན་དུའང་འགྲུབ་པར་འགྱུར་བ་མ་ཡིན་མོད་ཀྱི། རིགས་པའི་རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་ཤིང་རྟ་འདི་རང་གི་ཡན་ལག་ལ་བརྟེན་ནས་འདོད་པ་ཡིན་པའི་ཕྱིར། གཉིས་པ་ལ། དངོས་དང༌། དངོས་སྨྲ་བ་ལས་འཇིག་རྟེན་གྱི་གྲགས་པ་བརླག་པར་ཐལ་བའོ། །དང་པོ་ནི། ཤིང་རྟ་དེ་ཉིད་རང་གི་ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་དུ་འདོགས་པ་དང༌། རང་གི་ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་དང༌། ཤིང་རྟ་དེ་ཉིད་རང་གི་བྱ་བ་ལ་ལྟོས་ནས་བྱེད་པ་པོ་ཞེས་འགྲོ་བར་བསྙད་པ་དང༌། རང་གི་ཉེ་བར་ལེན་པ་འཕང་ལོ་སོགས་ལ་ལྟོས་ནས་ཉེ་བར་ལེན་པ་པོ་ཉིད་དུ་སྐྱེ་བོ་རྣམས་ལ་བཏགས་ནས་གྲུབ་པ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་གཞན་ཡང་མཚོན་པར་ནུས་ཏེ། བུམ་སྣམ་ལ་སོགས་པའི་ཡན་ལག་ཅན་རྫས་སུ་མེད་ཀྱང༌། རང་གི་ཡན་ལག་ལ་བརྟེན་ནས་ཐ་སྙད་འདོགས་པར་འགྲུབ་པའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་རྣམས་ན་རེ། ཡན་ལག་ལས་རྫས་གཞན་པའི་ཡན་ལག་ཅན་མ་དམིགས་པའི་ཕྱིར། ཡན་ལག་ཚོགས་ཙམ་ཞིག་ཡོད་ཀྱི་ཡན་ལག་ཅན་རྫས་གཞན་ནི་མེད་དོ་ཞེས་ཟེར། འདི་དགག་པ་ལ། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱི་འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་སྟེ་བརླག་པ་ཡིན་ཏེ། ཡན་ལག་ཅན་མེད་པར་ཁས་བླངས་པ་གང་ཞིག་དེ་མེད་ན་ཡན་ལག་ཀྱང་མེད་དགོས་པའི་ཕྱིར་རོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ། དཔེ་ཤིང་རྟའི་འཇོག་ཚུལ་བསྡུས་ཏེ་བསྟན། དོན་བདག་གི་འཇོག་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཤིང་རྟ་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པར་ཤེས་ན་ཤིང་རྟ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་དང༌། ཤིང་རྟ་ཚིག་ན་ཤིང་རྟའི་ཡན་ལག་ཚིག་པའི་དཔེས་ཤིང་རྟ་བཏགས་ཡོད་དུ་ཤེས་ན་ཤིང་རྟའི་ཡན་ལག་བཏགས་ཡོད་དུ་ཤེས་པའི་ཚུལ་ལོ། །དང་པོ་ནི། ཡན་ལག་ཅན་སོགས་ཁས་བླངས་ནས་ཀུན་རྫོབ་ཀྱི་བདེན་པ་མི་འཆད་པར་མ་ཟད་དེ་ཁོ་ན་ཉིད་ལ་མྱུར་དུ་འཇུག་པའི་དགོས་པ་ཡོད་ཅེས་སྟོན་པ་ནི། གཞན་གྱི་འདོད་པ་བཀག་ནས་རང་ལུགས་འཇོག་པའི་སྐབས་འདིར་ཤིང་རྟ་དེའི་གྲུབ་པ་ནི། རང་གི་ཡན་ལག་ལ་བརྟེན་ནས་འདོགས་པ་དེ་བཞིན་དུ་འདོད་པར་བྱ་བ་ཆོས་ཅན། ཀུན་རྫོབ་མ་ཉམས་པའི་དགོས་པ་ཡོད་པར་མ་ཟད་དགོས་པ་གཞན་ཡང་ཡོད་དེ། ཁྱོད་ཁོང་དུ་ཆུད་པ་དེས་དེ་ཁོ་ན་ཉིད་ལའང་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར། ཤིང་རྟའི་དེ་ཁོ་ན་ཉིད་ལ་དཔྱོད་པའི་རྣལ་འབྱོར་པ་ཆོས་ཅན། ཤིང་རྟ་འདིའི་ཡོད་པ་མི་རྙེད་དེ། རིགས་པ་རྣམ་པ་བདུན་གྱིས་བཙལ་བས་མེད་པའི་ཤིང་རྟ་གང་ཡིན་པ་དེ་ནི་ཇི་ལྟ་བུར་ཡོད་དེ་མེད་དོ་ཞེས་གཟིགས་པའི་ཕྱིར། གཉིས་པ་ནི་ཁོ་ན་རེ། ཤིང་རྟ་བདེན་པར་མེད་ཀྱང་ཤིང་རྟ་དེའི་ཡན་ལག་ཚོགས་པ་བདེན་པར་མེད་པ་མི་འགྲུབ་བོ་ཞེ་ན། ཤིང་རྟ་ཉིད་རང་བཞིན་གྱིས་ཡོད་པ་མ་ཡིན་ན་དེའི་ཚེ་ཆོས་ཅན། ཤིང་རྟའི་ཡན་ལག་བདེན་པར་མེད་དེ། ཡན་ལག་ཅན་ཤིང་རྟ་བདེན་པར་མེད་པའི་ཕྱིར། ཁྱབ་པ་ཕྱིར་རྒོལ་གྱི་ངོར་སྟོན་པ་ནི། བློ་ཤེས་རབ་ཀྱི་མེས་ཡན་ལག་ཅན་བསྲེགས་ན་དེའི་ཚེ་དེའི་ཡན་ལག་ཀྱང་བསྲེག་དགོས་པ་ཡིན་ཏེ། ཤིང་རྟ་ཐ་མལ་པའི་མེས་ཚིག་ན་དེའི་ཡན་ལག་འཕང་ལོ་སོགས་ཀྱང་ཚིག་ནས་མེད་པའི་དཔེ་བཞིན་ནོ། །གཉིས་པ་དོན་བདག་གི་འཇོག་ཚུལ་བཤད་པ་ལ། བདག་ཕུང་པོ་ལ་བརྟེན་ནས་འདོགས་ཚུལ་བཤད་ནས་བདག་ཐ་སྙད་དུ་ཇི་ལྟར་ཁས་བླངས་པའི་ཚུལ་དང༌། བདག་དང་བདག་གི་བ་མེད་བཞིན་དུ་གཏི་མུག་ཅན་ལ་སྣང་བའི་ཚུལ་ལོ། །དང་པོ་ནི། འཇིག་རྟེན་གྱི་གྲགས་ངོར་བདག་ཁས་ལེན་པར་བསྟན། ཁས་བླངས་པའི་བདག་དེ་ལ་རྟག་གཏི་མུག་སོགས་ཀྱི་དཔྱད་པ་མི་འཇུག་པར་བསྟན། དང་པོ་ནི། བདག་རིགས་ངོར་ཁེགས་ཀྱང་འཇིག་རྟེན་གྱི་གྲགས་པས་བདག་འདི་ནི་ཉེ་བར་ལེན་པ་པོ་ཉིད་དུ་འདོད་ཅིང༌། བྱེད་པ་པོ་ཡང་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་ནི་ཉེ་བར་བླང་བྱ་དང༌། ལས་ཡིན་ནོ་ཞེས་ཁས་བླང་བར་བྱ་སྟེ། ཤིང་རྟ་རིགས་ངོར་ཁེགས་ཀྱང་ཐ་སྙད་དུ་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པ་དེ་བཞིན་དུ། བདག་ཀྱང་ཕུང་པོ་དང་ཁམས་དང་དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་ཐ་སྙད་འདོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདག་དངོས་པོའི་རང་བཞིན་ཅན་འགའ་ཞིག་ཡོད་ན་ནི། བདག་དེ་ལ་བརྟན་མི་བརྟན་སོགས་སུ་འགྱུར་ནའང༌། བདག་དེ་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར། ཕུང་པོ་ལ་བརྟེན་ནས་ངར་འཛིན་གྱིས་བཏགས་པའི་བདག་འདི་ནི་ཆོས་ཅན། བརྟན་པ་མིན་ཏེ། ཡིན་ན། འདས་པའི་དུས་ན་འབྱུང་འགྱུར་ཞེས་བྱ་བ་འདི་ནི་མི་འཐད་དོ། །ཞེས་སོགས་ཀྱི་ཉེས་པར་འགྱུར་བའི་ཕྱིར་རོ། །མི་བརྟན་པ་ཉིད་མ་ཡིན་ཏེ། ཡིན་ན། ཉེ་བར་ལེན་པ་བདག་མ་ཡིན། དེ་དག་འབྱུང་དང་འཇིག་པ་ཡིན། །ཞེས་པའི་ཉེས་པར་ཐལ་བའི་ཕྱིར་རོ། །བདག་འདི་ནི་ཆོས་ཅན། སྐྱེ་འཇིག་ཅན་མ་ཡིན་ཏེ། སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་པའི་ཉེས་པར་འགྱུར་བའི་ཕྱིར། བདག་འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་པའི་རིགས་པས་ཁེགས་པའི་ཕྱིར། ཆོས་ཅན་ཕུང་པོ་དང་དེ་ཉིད་དང་གཞན་ཉིད་དུ་མེད་དེ། གལ་ཏེ་ཕུང་པོ་བདག་ཡིན་ན། །ཞེས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཕུང་པོ་གང་ལ་བརྟེན་ནས་འགྲོ་བ་རྣམས་རྟག་ཏུ་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང༌། ང་དེའི་དབང་བསྒྱུར་བྱ་གང་ཡིན་པ་དེར་ང་ཡིར་འཛིན་བློ་བྱུང་བའི་བདག་དེ་ནི་ཆོས་ཅན་མེད་བཞིན་དུ་མ་བརྟགས་གྲགས་པར་གཏི་མུག་ལས་སྣང་བ་ཡིན་ཏེ། མེད་བཞིན་དུ་ཕུང་པོ་གང་ལ་བརྟེན་ནས་འཇིག་ལྟ་ལྷན་སྐྱེས་ཀྱིས་བཏགས་པ་ཡིན་པའི་ཕྱིར། འདིར་འགྲེལ་པ་ལས། དེ་བས་ཉེ་བར་བསྟན་པ་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་པ་རྣམས་ནི་བདག་ཡོད་པ་མ་ཡིན་པ་ཉིད་དུ་མཉམ་པ་ཉིད་དུ་རིག་པར་བྱས་ནས་ཞེས་དང༌། གང་གི་ཕྱིར་འདི་ནི་ཡོད་པ་མ་ཡིན་མོད་ཀྱི་འོན་ཀྱང་གཏི་མུག་ལས་ཐ་སྙད་འདོགས་པ་ཞེས་དང༌། བདག་ནི་མེད་དེ། དེ་མེད་པ་ཁོ་ནའི་ཕྱིར་ཞེས་གསུངས་པས། བདག་དང་ཤིང་རྟ་ཡོད་མེད་མཚུངས་པར་སྟོན་པ་ག་ལ་ཡིན། དེས་ན་རང་ལུགས་ལ་བདག་ཡོད་པར་ཁས་མི་ལེན་ནོ། །གཞན་དག་བདག་དང་ཤིང་རྟ་ཡོད་མཉམ་དུ་བཞེད་པ་ནི། གཞུང་དོན་ལོག་པར་འཆད་པ་ཁོ་ནར་སྣང་སྟེ། དེ་ཡང་གཞུང་གི་དོན་ནི། ཤིང་རྟ་འཛིན་པའི་བློ་ལྷན་སྐྱེས་ཀྱིས་ཤིང་རྟའི་ཡན་ལག་ཚོགས་པ་དང༌། དབྱིབས་ཀྱི་བཀོད་པ་སོགས་ཤིང་རྟར་མི་འཛིན་པར། ཡན་ལག་ཚོགས་པ་ལ་བརྟེན་ནས་ཤིང་རྟའོ་ཞེས་བཏགས་ནས་འཛིན་པ་དཔེར་བྱས་ནས། ངར་འཛིན་ལྷན་སྐྱེས་ཀྱིས་ཕུང་པོ་བདག་ཏུ་མི་འཛིན་པར་ཕུང་པོ་ལ་བརྟེན་ནས་བདག་ཏུ་ཐ་སྙད་འདོགས་པར་སྟོན་པ་ཡིན་ནོ། །ང་ཙམ་དེ་ཉེ་བར་ལེན་པ་པོ་དང༌། བྱེད་པ་པོ་དང༌། ལས་འབྲས་ཀྱི་བརྟེན་དུ་གསུངས་པ་དེ་ཡང་ངར་འཛིན་ཅན་གྱི་ངོ་བོར་ཡིན་པ་དང༌། དེའི་ངོར་ཇི་ལྟར་ཡིན་པ་བཞིན་དེ་ལ་དཔྱད་པ་མ་བཅུག་པར། ང་དེའི་ཚེ་དེའི་དུས་ན་འདི་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་ལ་སོགས་པ་ཐ་སྙད་བྱེད་པ་པོའི་དོན་ནོ། །དེ་ལྟ་མ་ཡིན་པར་བདག་ཡོད་པར་ཁས་ལེན་ན། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་ཡོད་པར་ཁས་ལེན་དགོས་ཏེ། གཞུང་འདིར་རིགས་པས་འགོག་རྒྱུའི་བདག་དེ་དང༌། ཐ་སྙད་དུ་ཁས་ལེན་པའི་བདག་གཉིས་ལ་མི་འདྲ་བའི་ཕྱེ་བསལ་མ་མཛད་པའི་ཕྱིར་ཏེ། གང་ལ་བདག་ཏུ་འགྲོ་རྣམས་ངར་འཛིན་བློ། །ཞེས་དང༌། དེའི་འགྲེལ་པར། ཕྱི་རོལ་པས་བདག་ཕུང་པོ་དང་རྫས་གཞན་དུ་ཁས་ལེན་པ་དང༌། ཉན་ཐོས་པ་རྫས་གཅིག་ཏུ་ཁས་ལེན་པ་དང༌། དབུ་མ་པས་རིགས་པས་འགོག་རྒྱུའི་བདག་དང༌། མ་བརྟགས་གྲགས་པར་ཁས་ལེན་རྒྱུ་རྣམས་གཅིག་ཁོ་ནར་བཤད་པའི་ཕྱིར་དང༌། གཞུང་འདིའི་སྔ་ཕྱིའི་རིགས་པ་ལ་བརྟགས་ན། བརྟེན་ནས་བཏགས་པའི་ང་ཙམ་དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དེ་མེད་པར་རྟོགས་པ་ཤ་སྟག་ཏུ་སྣང་བའི་ཕྱིར། དེས་ན་བོད་རྣམས་ཀྱི་བདག་བརྟེན་ནས་བཏགས་པར་ཁས་ལེན་དགོས་པ་དང༌། བརྟེན་ནས་བརྟགས་པའི་བདག་ཡོད་པར་ཁས་ལེན་པའི་ཁྱད་པར་མ་ཕྱེད་པར་སྣང་ངོ་ཞེས་ཁོ་བོ་སྨྲའོ། །སྤྱོད་འཇུག་ལས་ཀྱང༌། གལ་ཏེ་སེམས་ཅན་ཡོད་མིན་ན། །སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བཏགས་པ་གང་ཡིན་པའོ། །ཞེས་དང༌། སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་ཏེ་འོན་ཀྱང་རྨོངས་པས་འདོད། །ཅེས་གསུངས་སོ། །གཉིས་པ་བདག་གི་བ་དགག་པ་ནི། ཤེས་བྱ་ཆོས་ཅན། བདག་མེད་པར་ཏེ་ཁེགས་པ་ན། བདག་གི་བ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་བྱེད་པ་པོ་མེད་པ་ཅན་གྱི་ལས་མེད་པ་དེའི་ཕྱིར། དེའི་ཕྱིར་བདག་དང་བདག་གི་བས་སྟོང་པར་ལྟ་ཞིང་དེའི་དོན་གོམས་པར་བྱེད་པའི་རྣལ་འབྱོར་པ་དེ་ཆོས་ཅན། འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། འཁོར་བའི་རྩ་བ་དྲུངས་འབྱིན་པར་བྱེད་པའི་ཐབས་ལ་ཞུགས་པའི་ཕྱིར། མདོར་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་ངར་འཛིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་ལ། ཇི་སྲིད་ཕུང་པོ་བདེན་མེད་དུ་མ་རྟོགས་པ་དེ་སྲིད་དུ་དེ་ལ་བརྟེན་ནས་བདག་ཏུ་འདོགས་པས་ན། ངར་འཛིན་གྱི་རྩ་བ་བདེན་འཛིན་ཡིན་ལ། དེ་འདྲའི་བདག་དེ་མེད་པར་རྟོགས་པ་ལ་ཕུང་པོ་བདེན་མེད་དུ་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ན། ཆོས་ཀྱི་བདག་མེད་མ་རྟོགས་པར་གང་ཟག་གི་བདག་མེད་རྟོག་མི་ནུས་པ་ཡིན་ནོ། །གཉིས་པ་རིགས་པ་དེས་དངོས་པོ་གཞན་ལ་སྒྲེ་བ་ལ། བདག་དང་ཤིང་རྟའི་དཔྱད་པ་བུམ་སྣམ་སོགས་ཀྱི་དངོས་པོ་ལ་སྒྲེ་བ་དང༌། རྒྱུ་འབྲས་ཀྱི་དངོས་པོ་ལ་བསྒྲེ་བའོ། །དང་པོ་ལ། དངོས་དང༌། དེ་སྒྲུབ་པའོ། །དང་པོ་ནི། བདག་དང་ཤིང་རྟའི་དཔྱད་པ་དེ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་ནུས་ཏེ། བུམ་པ་དང༌། སྣམ་བུ་དང༌། རེ་ལྡེ་དང༌། དམག་དང༌། ནགས་ཚལ་དང༌། ཕྲེང་བ་དང༌། ལྗོན་ཤིང་དང༌། ཁང་ཁྱིམ་དང༌། ཤིང་རྟ་ཕྲན་དང༌། མགྲོན་གནས་ལ་སོགས་པའི་དངོས་པོ་རྣམས་གང་དག་དང༌། དེ་བཞིན་དུ་མིང་གང་གི་སྒོ་ནས་སྐྱེ་བོ་འཇིག་རྟེན་པ་འདིས་ཐ་སྙད་བཏགས་པ་འདི་རྣམས་རྣམ་པ་བདུན་གྱི་སྒོ་ནས་ཡོད་པ་མ་ཡིན་ཞིང༌། འཇིག་རྟེན་གྱི་གྲགས་པའི་སྒོ་ནས་ཡོད་པར་རྟོགས་བྱ་སྟེ་ནུས་པའི་ཕྱིར། དེ་རྣམས་ཀྱང་ཆོས་ཅན། གྲགས་པའི་སྒོ་ནས་ཡོད་པ་ཡིན་ཏེ། གང་གི་ཕྱིར་ན། ཐུབ་དབང་དེ་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པ་མི་མཛད་པའི་ཕྱིར་རོ། །གཉིས་པ་ནི། གང་དག་སྒོ་ནས་ཤེས་པ་དེ་གང་ལ་བྱ་ཞེ་ན། ཡན་ལག་དང་ཡན་ལག་ཅན་དང༌། ཡོན་ཏན་དང་ཡོན་ཏན་ཅན་དང༌། འདོད་ཆགས་དང་ཆགས་པ་སྟེ། དེ་འདྲའི་རྟེན་ནས་ང་ཙམ་དང༌། མཚན་ཉིད་དང༌། མཚན་གཞི་དང༌། བུད་ཤིང་དང༌། མེ་ལ་སོགས་པའི་དོན་དག་དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་པ་བདུན་གྱི་སྒོ་ནས་ཡོད་པ་མ་ཡིན་ཞིང༌། དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་རྣམས་སོ། །གཉིས་པ་ལ། དངོས་སྨྲ་བ་ལ་རྒྱུ་འབྲས་ཀྱི་རྣམ་གཞག་མི་རུང་བར་ཐལ་བ་དང༌། རང་བཞིན་མེད་པར་སྨྲ་བ་ལ་འཐད་པའི་ཚུལ་ལོ། །དང་པོ་ལ། རྒྱུ་འབྲས་ལྟོས་གྲུབ་ཡིན་པ་ཤིང་རྟའི་རིགས་པས་འགྲུབ། རྒྱུ་འབྲས་ལྟོས་གྲུབ་མ་ཡིན་པ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རྒྱུ་དང་འབྲས་བུ་ཕན་ཚུན་ལྟོས་ནས་བཞག་པ་ཡིན་ཏེ། གང་གི་ཕྱིར་ན། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་བསྐྱེད་པ་དེ་ལྟ་ན་དེ་རྒྱུ་ཡིན་ཞིང༌། གལ་ཏེ་འབྲས་བུ་མ་སྐྱེ་ན་ནི་བྱ་བ་དེ་མེད་པས་རྒྱུ་མེད་པ་ཅན་དུ་འགྱུར་ལ། འབྲས་བུ་ཡང་ནི་རྒྱུ་ཡོད་ན་སྐྱེ་བར་འགྱུར་བ་དེའི་ཕྱིར། དེ་ལྟར་ན། རྒྱུ་འབྲས་ཆོས་ཅན། ཤིང་རྟའི་འཇོག་ཚུལ་ལྟར་ལྟོས་ནས་བཞག་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་མ་ཡིན་ཏེ། གལ་ཏེ་རང་བཞིན་གྱིས་གྲུབ་ན། རྒྱུ་གང་ལས་འབྲས་བུ་གང་ཞིག་སྐྱེ་བར་འགྱུར་བ་གང་ཞིག་གི་སྟེ། དེ་གཉིས་ཀྱི་སྔར་གང་ཞིག་འགྱུར་བ་སྨྲོས་ཤིང་སྟེ། དངོས་སྨྲ་བ་ཁྱོད་ཀྱིས་དེ་སྨྲ་མི་ནུས་པའི་ཕྱིར། གལ་ཏེ་རང་བཞིན་གྱིས་གྲུབ་པའི་རྒྱུ་སྔར་ཡོད་དོ་ཞེ་ན། མི་འཐད་དེ། འབྲས་བུ་ལ་མ་ལྟོས་པར་རྒྱུར་བཞག་མི་ནུས་པའི་ཕྱིར། གཉིས་པ་ནི། རྒྱུས་འབྲས་བུ་རང་བཞིན་གྱིས་བསྐྱེད་པར་བྱེད་ན། ཕྲད་ནས་བསྐྱེད་དམ་མ་ཕྲད་པར་བསྐྱེད། གལ་ཏེ་ཁྱོད་ཉིད་རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན། རྒྱུ་འབྲས་དེ་དག་ནུས་པ་གཅིག་པས་སྐྱེད་བྱེད་རྒྱུ་དང༌། འབྲས་བུ་ཐ་དད་མེད་པར་འགྱུར་ཞིང༌། སོ་སོ་སྟེ་མ་ཕྲད་པར་བསྐྱེད་ན་ནི། རྒྱུ་འདི་ལྟ་བུ་མ་ཡིན་པ་རྣམས་དང་ཁྱད་པར་མེད་པར་འགྱུར་རོ། །དེ་ལྟ་ན་རྒྱུ་འབྲས་རང་བཞིན་གྱིས་མི་སྐྱེད་པར་ཐལ། རང་བཞིན་གྱིས་བསྐྱེད་པ་ལ་མཐའ་གཉིས་པོ་འདི་དག་སྤངས་ནས་ཏེ། དེ་ལས་མ་གཏོགས་པའི་རྟོག་པར་གྱུར་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར། དེས་ན་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའང་ཡོད་པ་མ་ཡིན་ཏེ། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་མ་ཕྲད་གང་གི་སྒོ་ནས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་པ་དེའི་ཕྱིར་འབྲས་བུ་ཞེས་བྱ་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། འབྲས་བུ་དང་བྲལ་བའི་རྒྱུ་ནི་རྒྱུར་འཇོག་བྱེད་མེད་པ་ཅན་དུ་འགྱུར་བས་སོ། །གཉིས་པ་ལ། དངོས་དང༌། དངོས་སྨྲ་བ་ལ་བརྗོད་པའི་ཉེས་པ་མི་མཚུངས་པར་བསྟན་པའོ། །དང་པོ་ནི། དབུ་མ་པ་བདག་གི་ཕྱོགས་ལ་ཆོས་ཅན། ཇི་སྐད་བཤད་པའི་སྐྱོན་དུ་མེད་པར་འགྱུར་ཞིང༌། འཇིག་རྟེན་པའི་དངོས་པོ་རྒྱུ་འབྲས་རྣམས་ཀྱང་ཡོད་དེ། གང་གི་ཕྱིར་ན་རྒྱུ་འབྲས་འདི་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་བའི་དེའི་ཕྱིར། གཉིས་པ་ལ། རྩོད་པ་དང་ལན་ནོ། །དང་པོ་ནི། ཁོ་ན་རེ། དབུ་མ་པ་ཁྱོད་ཀྱི་སུན་དབྱུང་བྱ་ནི་སུན་འབྱིན་པར་མི་ནུས་པར་ཐལ། གང་གི་ཚེའམ་ཕྱིར་ན་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་པར་བྱེད་དམ་མ་ཕྲད་པར་འབྱིན་པར་བྱེད་པ་ཡིན། ཞེས་བརྟགས་པའི་ཉེས་པ་འདི་ནི་ཁྱོད་ལའང་མཚུངས་པར་འགྱུར་བ་མ་ཡིན་ནམ་སྟེ། མཚུངས་པའི་ཕྱིར་དང༌། གཉིས་པོ་འདི་དག་སྤངས་ནས་རྟོག་པར་འགྱུར་བ་གསུམ་པ་གཞན་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང༌། ངེད་དངོས་སྨྲ་བ་ལ་སུན་འབྱིན་དེ་སྐད་སྨྲ་ཞིང་སྨྲས་པ་དེས་དབུ་མ་པ་རང་གི་ཕྱོགས་ཁོ་ན་རྣམ་པར་འཇོམས་པའི་ཕྱིར། གཞན་ཡང་དབུ་མ་པ་ཁྱོད་ཀྱིས་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཞིང་སུན་འབྱིན་ཕྱིན་ཅི་ལོག་ཏུ་རྒོལ་བ་ཡང་ཡིན་ཏེ། གང་གི་ཕྱིར་ན་རང་གི་ཚིག་ལའང་རྒོལ་བ་གཞན་ལ་སྨྲས་པའི་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱི་རིགས་པ་མེད་པར་དངོས་སྨྲ་བ་མཐའ་ཐག་ལ་སྐུར་པ་འདེབས་པ་དེའི་ཕྱིར་དང༌། རྒྱུ་མཚན་གཉིས་པ་གང་གི་ཕྱིར་ན། ཁྱོད་ལ་རང་ཕྱོགས་བཞག་ཏུ་མེད་པས་སོ་ཞེ་ན། གཉིས་པ་ལན་ལ། ཉེས་པ་དེ་མི་མཚུངས་པར་བསྟན་པ་དང་འདིར་མ་བཤད་པའི་སུན་འབྱིན་གཞན་ཡང་ཤེས་དགོས་པའི་ཚུལ་ལོ། །དང་པོ་ལ། དབུ་མ་པ་རང་ལ་ཐ་སྙད་དུ་རང་ཕྱོགས་བསྒྲུབ་པ་ཡོད་པའི་རྒྱུ་མཚན་གྱིས་སུན་འབྱིན་ཕྱིན་ཅི་ལོག་ཏུ་རྒོལ་བ་མ་ཡིན་པར་བསྟན། རང་ཕྱོགས་ཁས་ལེན་ཀྱང་རང་བཞིན་གྱིས་གྲུབ་པར་ཁས་མི་ལེན་པའི་རྒྱུ་མཚན་གྱིས་ཕྲད་མ་ཕྲད་ཀྱི་རིགས་པ་མི་མཚུངས་པར་བསྟན་པའོ། །དང་པོ་ལ། རང་བཞིན་ཁས་མི་ལེན་པའི་རྒྱུ་མཚན་གྱིས་ཉེས་པ་མི་མཚུངས་པར་བསྟན་པ་དང༌། རང་བཞིན་ཁས་མི་ལེན་ཀྱང་རང་བཞིན་མེད་པའི་བསྒྲུབ་བྱ་རྟགས་ཀྱིས་བསྒྲུབ་ནུས་པ་དཔེ་དང་བཅས་པའོ། །དང་པོ་ནི། དབུ་མ་པ་ལ་ཕྲད་མ་ཕྲད་བརྟགས་པའི་ཐལ་བར་འགྱུར་བ་འདི་ནི་སྲིད་པ་མ་ཡིན་ཏེ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་པར་སུན་འབྱིན་པར་བྱེད་དམ་འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་གྱི་ཉེས་པ་ནི་རྩོད་པའི་སྐབས་འདིར་གང་ལ་ངེས་པ་རང་བཞིན་གྱིས་གྲུབ་པའི་ཕྱོགས་ཡོད་པ་དེ་ལ་འགྱུར་གྱི། བདག་ལ་དེ་ལྟ་བུའི་ཕྱོགས་འདི་ནི་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། འོན་ཀྱང་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པ་སུན་འབྱིན་ནུས་སོ་ཞེས་སྟོན་པ་ནི། རྒྱུས་འབྲས་བུ་ཕྲད་ནས་བསྐྱེད་དམ་མ་ཕྲད་པར་བསྐྱེད་ཅེས་བརྟགས་ན་འཐད་པ་དང་བྲལ་བའི་གཏན་ཚིགས་ལས་ཀྱང་ཆོས་ཅན། རྒྱུ་འབྲས་རང་བཞིན་གྱིས་མ་གྲུབ་པའི་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ་སྟེ་ཤེས་རབ་ཀྱི་གདོང་གི་དྲི་མ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་ཞེན་པ། དེ་སྦྱངས་པ་ལ་ནུས་པ་མཐོང་བར་འགྱུར་བའི་ཕྱིར། ཇི་ལྟར་ཁྱོད་ཀྱི་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་གཟས་ཟིན་པ་དང༌། མ་ཟིན་པའི་ཁྱད་པར་རྣམས་ཉི་མ་གཟའ་ཡིས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ། གཟུགས་བརྙན་ལ་བརྟེན་ནས་མཐོང་བར་འགྱུར་ལ། དེའི་ཚེ་ཉི་མ་དང་ནི་གཟུགས་བརྙན་རྣམས་ཕྲད་པ་དང་མ་ཕྲད་པ་ཞེས་བརྟགས་ན་མི་རིགས་མོད་ཀྱི་སྟེ་དཔྱད་མི་བཟོད་མོད་ཀྱང་གཟུགས་བརྙན་ལ་བརྟེན་ནས་ཉི་མ་གཟའ་ཡིས་བཟུང་བའི་ཐ་སྙད་ཙམ་ཞིག་འབྱུང་བ་སྟེ་རྟོགས་པར་འགྱུར་ཞིང༌། མེ་ལོང་གི་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་དུ་མི་བདེན་བཞིན་དུའང༌། རང་གི་བྱད་བཞིན་མཛེས་པར་བསྒྲུབ་པའི་ཕྱིར་རམ་རྒྱུ་མཚན་གྱི་ནུས་པ་དེ་ནི། སྒྲུབ་བྱེད་བཞིན་གྱ་གཟུགས་བརྙན་དེ་ལ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། དོན་གྱི་སྐབས་འདིར་ཡང་ངོ༌། །གཉིས་པ་ལ། ཕྲད་སོགས་ཀྱི་རིགས་པ་མི་མཚུངས་པ་དངོས་དང༌། རང་བཞིན་མེད་པར་རྟོགས་སླ་ཞིང་རང་བཞིན་གྱིས་གྲུབ་པ་རྟོགས་དཀའ་བར་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། དངོས་སྨྲ་བ་ཆོས་ཅན། མ་དག་པའི་ཕྱོགས་ལ་བརྗོད་པའི་ཉེས་པ་དེ་སྐྱོན་གྱིས་དག་པའི་ཕྱོགས་ལ་ཡོད་པ་འདི་ནི། ཁྱོད་ཀྱི་ཡིད་ཆད་དམ་ཡིད་འབྱུང་འབའ་ཞིག་ཡིན་ཏེ། གལ་ཏེ་ངེད་ཀྱི་ཕྱོགས་ལ་རང་གི་བསྒྲུབ་བྱ་གོ་བྱེད་དུ་གྱུར་པའི་གཏན་ཚིགས་དངོས་པོར་བདེན་པར་གྲུབ་པ་དང༌། དངོས་སུ་གོ་བྱ་ཉིད་དུ་འགྱུར་བའི་བསྒྲུབ་བྱའི་ངོ་བོ་ཡང་བདེན་གྲུབ་ཡོད་པར་གྱུར་ན་སྟེ། ངེད་ཀྱི་ཁས་བླངས་ན། ཕྲད་མ་ཕྲད་ལ་སོགས་པའི་རིགས་པ་ཉེ་བར་སྦྱོར་བ་མཚུངས་པར་འགྱུར་བ་ཞིག་ན་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དབུ་མ་པས། དངོས་སྨྲ་བ་དངོས་པོ་མཐའ་དག་རང་བཞིན་གྱིས་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པར་ཆེས་སླ་བ་ཡིན་ཏེ། དེ་ལྟར་བསྒྲུབ་པ་ལ་གཉིས་ཀའི་ཕྱོགས་ལ་མཐུན་སྣང་དུ་གྲུབ་པའི་དཔེ་ཡོད་པའི་ཕྱིར་རོ། །དེ་སླ་བ་ཇི་ལྟ་བ་དེ་ལྟར་རང་བཞིན་བདེན་གྲུབ་དེ་དབུ་མ་པ་གཞན་དག་ལ་ཁོང་དུ་ཆུད་པར་བདེ་བླག་ཏུ་ནུས་པ་མ་ཡིན་ཏེ། དབུ་མ་པའི་ངོར་བདེན་གྲུབ་སྟོན་པའི་དཔེ་མི་རྙེད་པའི་ཕྱིར་རོ། །མི་ནུས་པར་མ་ཟད་དགོས་པ་མེད་དོ་ཞེས་སྟོན་པ་ནི། དངོས་པོར་སྨྲ་བ་ཁྱོད་ལ་སུ་ཞིག་གི་བཅོལ་ནས་འདིར་འཇིག་རྟེན་པ་རྣམས་རྟོག་གེ་ངན་པའི་རྟོག་པའི་དྲྭ་བས་ཅིས་ཏེ་འཆིང་བར་བྱེད་དེ་བྱེད་མི་དགོས་པར་ཐལ། འཇིག་རྟེན་པ་རྣམས་དར་གྱི་སྲིན་བུ་ལྟར་རང་གི་ལྷན་ཅིག་སྐྱེས་པའི་རྟོག་པའི་སྦུབས་ཀྱིས་བཏུམས་པའི་ཕྱིར། གཉིས་པ་ནི། རྩ་ཤེའི་རིགས་པ་རྡོ་རྗེ་གཟེགས་མའི་ལྷག་མ་སློབ་དཔོན་རང་ཉིད་ཀྱི་རིགས་པ་རྒྱུས་འབྲས་བུ་ཕྲད་ནས་སམ་མ་ཕྲད་པར་བསྐྱེད་ཅེས་སོགས་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས་དེ་འདྲའི་རིགས་པ་གཞན་ཡང་སྦྱར་བར་བྱ་ཞིང༌། སུན་འབྱིན་གྱི་སུན་དབྱུང་བྱ་ཕྲད་ནས་སམ་མ་ཕྲད་པར་སུན་ཅི་འབྱིན་ཞེས་སོགས་རང་ལ་མཚུངས་པར་བརྩད་པའི་ཕྱོགས་ཀྱི་ལན་གྱི་ཆེད་དུ་སྨྲས་ཟིན་གྱི་ཉེས་པ་འདིར་གང་ལ་ངེས་པར་ཕྱོགས་ཡོད་པ་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི་ཡོད་མིན་པས་ཞེས་སོགས་བཏང་བ་ཤེས་པར་བྱས་ནས། དེ་འདྲའི་རིགས་ཅན་གྱི་རྩོད་ལན་གཞན་ཡང་སྦྱར་བར་བྱ་ཞིང༌། སུན་ཅི་ཕྱིན་དུ་རྒོལ་བ་ལ་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་དེ་སྐད་སྔར་བཤད་པའི་ཕྱོགས་འདི་ཉིད་ཀྱིས་ཆོས་ཅན། སྔར་མ་བཤད་པའི་ལྷག་མ་གཞན་ཡང་རྟོགས་པར་བྱ་སྟེ། གཅིག་དང་དུ་བྲལ་སོགས་ཀྱི་གཏན་ཚིགས་ཀྱིས་གཞན་ཕྱོགས་འགོག་པའི་ཚུལ་དང༌། དེ་ལ་གཞན་གྱིས་སུན་ཅི་ཕྱིན་དུ་རྒོལ་བར་ཐལ་བ་ལ་སོགས་པའི་ཉེས་པ་མི་འཇུག་པར་ཤེས་པར་བྱ་དགོས་པའི་ཕྱིར་རོ། །གཞུང་འདིའི་དོན་རྣམ་པར་དཔྱད་དགོས་པར་སྣང་ངོ༌། །གཉིས་པ་དེས་གྲུབ་པའི་སྟོང་ཉིད་ཀྱི་དབྱེ་བ་བཤད་པ་ལས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བདག་མེད་འདི་ནི་ཆོས་ཀྱི་བདག་མེད་པ་དང༌། གང་ཟག་གི་བདག་མེད་པའི་དབྱེ་བས་རྣམ་པ་གཉིས་སུ་ཕྱེ་སྟེ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འགྲོ་བ་རྣམ་པར་དགྲོལ་བའི་ཕྱིར་དུ་ཡིན་པའི་ཕྱིར་རོ། །གཞུང་འདི། སྔར་གྱི་དོན་བསྡུར་བཤད་ན་ཤིན་ཏུ་འབྲེལ་ལ། འོན་ཀྱང་འགྲེལ་པའི་དངོས་བསྟན་ལ་སྔ་མ་ལྟར་གསལ་ལོ། །དེ་ཡང་ཉན་རང་གི་རིགས་ཅན་རྣམས་དགྲོལ་བའི་ཕྱིར་དུ་གང་ཟག་གི་བདག་མེད་གསུངས་ལ། བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་དགྲོལ་བའི་ཕྱིར་དུ་བདག་མེད་པ་གཉིས་ཀ་གསུངས་སོ། །དེ་ལྟར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འདོད་དམ་ཞེ་ན། ཡོད་མོད་ཀྱང་ཐེག་དམན་གྱི་བྱང་ཆུབ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་མི་དགོས་པས། ཐེག་ཆེན་གྱི་འགྲོ་བ་རྣམས་དགྲོལ་བའི་ཕྱིར་དུ་ཆོས་ཀྱི་བདག་མེད་བསྟན་པ་ཡིན་ནོ། །འོ་ན་ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་ཆོས་ཀྱི་བདག་མེད་བསྒོམ་མི་དགོས་སམ་ཞེ་ན། མི་དགོས་པ་ནི་མ་ཡིན་ཏེ། ཉོན་མོངས་སྤོང་བའི་ཐབས་སུ་རང་གི་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་བསྒོམ་དགོས་པ་ཡིན་ནོ། །འོ་ན་ཉན་རང་ལ་གང་ཟག་གི་བདག་མེད་ཀྱང་རྫོགས་པར་བསྒོམ་པ་མེད་པར་འགྱུར་རོ་སྙམ་ན། མི་མཚུངས་ཏེ། གང་ཟག་གི་བདག་མེད་རྫོགས་པར་མ་བསྒོམས་ན་ཉོན་མོངས་མ་ལུས་པ་སྤོང་མི་ནུས་པའི་ཕྱིར་རོ། །ཞེས་པ་འགྲེལ་པའི་དགོངས་པ་ཡིན་ནོ། །འདིར་གང་དག་བདེན་འཛིན་ལ་ཉོན་གྲིབ་ཀྱིས་ཁྱབ་པར་འདོད་པ་དེའི་ལྟར་ན། གང་བདེན་འཛིན་མ་ལུས་པར་སྤངས་ན་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམས་པས་ཁྱབ། དཔེར་ན་གང་ཟག་གི་བདག་འཛིན་མ་ལུས་པར་སྤངས་པ་ལ། གང་ཟག་གི་བདག་མེད་རྫོགས་པར་བསྒོམ་དགོས་པ་བཞིན། ཉན་རང་དགྲ་བཅོམ་པས་ཀྱང་བདེན་འཛིན་མ་ལུས་པ་སྤངས་པར་ཁས་བླངས་སོ། །ཞེས་པའི་ཐལ་འགྱུར་བཟློག་པར་མི་ནུས་སོ། །ཡང་གང་དག་གཞུང་འདིས། བདག་མེད་གཉིས་པོ་དགག་བྱའི་སྒོ་ནས་མི་འབྱེད་པར་ཆོས་ཅན་གྱིས་འབྱེད་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་ནི་འགྲེལ་པ་དང་མི་མཐུན་ཞིང༌། རིགས་པས་ཀྱང་མི་འཐད་དེ། དེ་ལྟ་ན་བདག་འཛིན་གཉིས་པོའང་འཛིན་སྟངས་ཀྱིས་མི་འབྱེད་པར་ཆོས་ཅན་གྱིས་འབྱེད་དགོས་ལ། དེ་ལྟ་ན་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པ་དེ་ཆོས་ཀྱི་བདག་འཛིན་དུ་འདོད་དགོས་ལ། དེ་ལྟ་ན་རང་རྒྱུད་ཀྱི་ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། ཆོས་ཀྱི་བདག་འཛིན་མ་ཡིན་པར་ཐལ། འཇིག་ལྟ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །ཁོ་བོ་ནི་བདག་འཛིན་གཉིས་པོ་འཛིན་སྟངས་ཀྱིས་འབྱེད་པ་ཟླ་བའི་ཞབས་ཀྱི་དགོངས་པར་འཆད་དེ། གང་ཟག་གི་བདག་འཛིན་གྱིས་རང་གི་ཕུང་པོ་ལ་དམིགས་ནས་དེ་ལ་བརྟེན་པའི་བདག་ཏུ་འཛིན་ལ། ཅིག་ཤོག་ཀྱིས་ནི་ཆོས་ལ་བདེན་པར་འཛིན་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། བདག་མེད་གཉིས་པོ་ལས་ཕྱེ་ན་སྟོང་ཉིད་ཉི་ཤུར་འགྱུར་བའི་ཚུལ་དང༌། ཉི་ཤུ་ངོས་བཟུང་བའོ། །དང་པོ་ནི། དེ་ལྟར་བདག་མེད་གཉིས་པོ་འདི་ཉིད་ལ་ནི་སླར་ཡང་སྟོན་པས་རྣམ་པ་མང་པོ་ཕྱེ་སྟེ་གསུངས་པ་ཡིན་ཏེ། གདུལ་བྱའི་བསམ་པ་སྣ་ཚོགས་ལ་དགོངས་ནས་སྟོང་པ་ཉིད་ཉི་ཤུར་དབྱེ་བའི་ཕྱིར། ཇི་ལྟར་ཞེ་ན། སྤྲོས་པ་དང་བཅས་པར་སྟོང་ཉིད་བཅུ་དྲུག་བཤད་ནས། སླར་ཡང་མདོར་བསྡུས་ནས་བཞིར་བཤད་པ་དེ་དག་ནི་ཆོས་ཅན། ཐེག་ཆེན་དུ་ཡང་བཞེད་པ་ཡིན་ཏེ། ཤེས་སྒྲིབ་སྤོང་བའི་ཐབས་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །འདིས་ཐེག་དམན་ལ་སྟོང་ཉིད་ཉི་ཤུ་རྫོགས་པར་བསྒོམ་པ་མེད་པར་བསྟན་ནོ། །གཉིས་པ་ལ། བཅུ་དྲུག་ཏུ་དབྱེ་བ། བཞིར་བསྡུ་བའོ། །དང་པོ་ལ། ནང་སྟོང་པ་ཉིད་སོགས་བརྒྱད་བཤད་པ་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་སོགས་བརྒྱད་བཤད་པའོ། །དང་པོ་ལ་ནང་སྟོང་པ་ཉིད་སོགས་བཞི་བཤད། ཆེན་པོ་སྟོང་པ་ཉིད་སོགས་བཞི་བཤད། དང་པོ་ལ་བཞི་ལས། དང་པོ་ནི། མིག་ལ་སོགས་པ་དྲུག་པོ་རང་བཞིན་མེད་པ་གང་ཡིན་པ་དེ་ནི་ཆོས་ཅན། ནང་སྟོང་པ་ཉིད་དུ་འདོད་དེ། ཆོས་ཅན་ནང་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། མིག་ནི་མིག་གི་རང་བཞིན་བདེན་གྲུབ་ཀྱིས་སྟོང་སྟེ། གང་གི་ཕྱིར་ན་མིག་ནི་དེའི་རང་བཞིན་བདེན་པས་སྟོང་པ་དེ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། མིག་ཆོས་ཅན། བདེན་པས་སྟོང་སྟེ། ཐེར་ཟུག་ཏུ་གནས་པ་བདེན་པ་ཡང་མ་ཡིན། འཇིག་པར་ཡང་བདེན་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱང་བསྙད་པར་བྱའོ། ཐེར་ཟུག་ཏུ་གནས་པ་རྟག་པ་དང༌། འཇིག་པ་འཇིག་རྒྱུ་དོན་གཞན་གྱི་འཇིག་པ་ལ་བྱེད་པ་ལ་འགྲེལ་པས་བཤད་དོ། །ཕྱི་སྟོང་པ་ཉིད་བཤད་པ་ནི། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང༌། །སྒྲ་དང་དྲི་རོ་རེག་བྱ་དང༌། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་ཉིད་ནི། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །ཅེས་པ་སྟེ་སྔ་མ་བཞིན་དུ་སྦྱོར། གཉིས་ཀ་སྟོང་པ་ཉིད་བཤད་པ་ནི། ཕྱི་ནང་གཉིས་ཀ་སྡོམས་པ་རང་བཞིན་མེད་པ་ཉིད་ཀྱིས་ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཞེས་སྔ་མ་ལྟར་རོ། །བཞི་པ་ནི། ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱིས། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང༌། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱི། །འཛིན་པ་བཟློག་ཕྱིར་གསུངས་པ་ཡིན། །ཞེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་ནི། སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན། མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང༌། ནམ་མཁའ་ཚད་མེད་པའི་དཔེའི་མུ་མཐའ་ནི་མེད་ཕྱིར་ཕྱོགས་རྣམས་ནི་ཆེན་པོ་སྟོང་པ་ཉིད་ཡིན་ལ། འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་ནི་གང་ཡིན་ཏེ། །ཆེན་པོ་སྟོང་པ་ཉིད་ཡིན་ཏེ། །དགོས་པ་ནི་ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །ཞེས་པའོ། །དོན་དམ་པ་སྟོང་པ་ཉིད་ནི། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡི་སྟོང་ཉིད་གང༌། །དེ་ནི་དོན་དམ་སྟོང་ཉིད་དེ། །མྱང་འདས་དངོས་པོའི་བློ་ཅན་གྱི། །འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པ་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པ་མཛད། །ཅེས་པའོ། །འདུས་བྱས་སྟོང་པ་ཉིད་ནི། རྐྱེན་ལས་སྐྱེས་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བསྙད། །དེ་ནི་དེ་ཡི་སྟོང་ཉིད་གང༌། །དེ་ནི་འདུས་བྱས་སྟོང་ཉིད་གསུངས། །ཞེས་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི། གང་ལ་སྐྱེས་ནས་མི་རྟག་ཉིད། །དེ་དག་མེད་པས་འདུས་མ་བྱས། །དེ་ནི་དེ་ཡི་སྟོང་ཉིད་གང༌། །དེ་ནི་འདུས་མ་བྱས་སྟོང་ཉིད། །ཅེས་པའོ། །གཉིས་པ་མཐའ་ལས་འདས་པ་སྟོང་པ་ཉིད་སོགས་བརྒྱད་བཤད་པ་ལ་བརྒྱད་ལས། དང་པོ་ནི། གང་ལ་མཐའ་ནི་ཡོད་མིན་པ། །དེ་ནི་མཐའ་ལས་འདས་པར་བརྗོད། །དེ་དེ་ཁོ་ནས་སྟོང་ཉིད་གང༌། །མཐའ་ལས་འདས་པ་སྟོང་ཉིད་བསྙད། །དེའི་མཚན་གཞི་ནི། ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང༌། །དེ་ནི་ཐོག་མ་དང་ཐ་མ། །མེད་པ་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་ངེས་པར་བསྙད། །ཅེས་པའོ། །གཉིས་པ་དོར་བ་མེད་པ་སྟོང་པ་ཉིད་ནི། དོར་བ་ཞེས་བྱ་འཐོར་བ་དང༌། །བོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་སྟོང་པ་མེད་པ་སྟེ། །འགའ་ཡང་འབོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་ཉིད་གང་ཡིན། །དེ་ཡི་ཕྱིར་ན་དོར་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །ཅེས་པ་སྟེ། འདིས་ཆོས་ཅན་ནི། བྱང་ཆུབ་ཕྱོགས་མཐུན་ལ་སོགས་པ་རྟོགས་པའི་ཆོས་ལ་བྱའོ། །རང་བཞིན་སྟོང་པ་ཉིད་ནི། འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེ་ཕྱིར་འདུས་བྱས་ལས། །སོགས་པ་རྣམས་ཀྱི་ངོ་བོ་ཉིད། །རང་བཞིན་ཉིད་དུ་བསྙད་པ་སྟེ། །དེ་ཉིད་ཀྱིས་ཏེ་སྟོང་ཉིད་གང༌། །དེ་ནི་རང་བཞིན་སྟོང་པ་ཉིད། །ཅེས་པ་འདི་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་ལ་ཁྱད་པར་མེད་ཀྱང༌། དགོས་པ་ཐ་དད་དུ་བློ་ངོར་ཡོད་དེ། སྔར་ནི་སྟོང་པ་ཉིད་ལ་བདེན་པར་འཛིན་པའི་གཉེན་པོར་སྟོང་པ་ཉིད་དེ་བསྟན། འདིར་ནི་སྟོང་ཉིད་འཕགས་པའི་ཤེས་མཐོང་གིས་མཛད་དམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། རང་བཞིན་སྟོང་པ་ཉིད་བསྟན་པ་ཡིན་ནོ། །གང་དག་སྔ་མས་སྟོང་ཉིད་རིགས་ཤེས་ཀྱི་ཡུལ་ཡིན་པས། བདེན་ནམ་སྙམ་པ་དང༌། ཕྱི་མས་སྟོང་ཉིད་སུས་ཀྱང་མ་བྱས་པར་གཤིས་ལ་གྲུབ་ན་བདེན་པར་གྲུབ་བས་སྙམ་པའི་གཉེན་པོར་གསུངས་པར་འདོད་པ་ནི་མི་རིགས་ཏེ། སྔ་མར་ཁྱབ་བྱེད་སྟོང་ཉིད་བདེན་གྲུབ་ཁེགས་ན་སྟོང་ཉིད་གཤིས་ལ་གྲུབ་པས་བདེན་ནམ་སྙམ་པའང་ཁེགས་དགོས་པའི་ཕྱིར། ཆོས་རྣམས་སྟོང་པ་ཉིད་བཤད་པ་ནི། ཁམས་བཅོ་བརྒྱད་དང་རེག་དྲུག་དང༌། །དེ་ལས་བྱུང་བའི་ཚོར་དྲུག་དང༌། །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱིས། །དེ་དག་གིས་དབེན་སྟོང་ཉིད་གང༌། །ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་སྦྱར་བར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་བཤད་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། གཟུགས་རུང་ལ་སོགས་དངོས་མེད་གང༌། །དེ་ནི་རང་མཚན་སྟོང་པ་ཉིད། །ཅེས་པའོ། །གཉིས་པ་ལ་གཞིའི་དབང་དུ་བྱས་པའི་མཚན་ཉིད། ལམ་གྱི་དབང་དུ་བྱས་པའི་མཚན་ཉིད། འབྲས་བུའི་དབང་དུ་བྱས་པའི་མཚན་ཉིད། དང་པོ་ནི། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་མཚན་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ཏེ། སེམས་བྱུང་སེམས་པའི་དབང་དུ་བྱས་པའོ། །ཡུལ་དེ་དོན་གྱི་ངོ་བོ་ལ་སོ་སོར་རྣམ་པར་རིག་པ་དེ་རྣམ་ཤེས་རང་གི་མཚན་ཉིད་དོ། །ཟག་བཅས་ཀྱི་ཕུང་པོ་ནི་སྡུག་བསྔལ་བའི་རང་གི་མཚན་ཉིད་དང༌། ཁམས་ཀྱི་བདག་ཉིད་དམ་མཚན་ཉིད་ནི། སྦྲུལ་གདུག་པའི་མཚན་ཉིད་ཅན་དུ་འདོད་དེ། སྦྲུལ་དང་འཛིན་པར་ཆོས་མཚུངས་པའི་ཕྱིར། དེ་ཡང་སྦྲུལ་གྱིས་བཟུང་ནས་རྨ་འབྱིན་ལ། ཡུལ་དབང་རྣམ་ཤེས་གསུམ་གྱིས་ཉོན་མོངས་པ་འབྱིན་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི། སངས་རྒྱས་ཀྱི་སྐྱེ་བའི་སྒོ་གྱུར་ཉིད་དུ་གསུངས། །རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་འདུ་འཕྲོད་མཚན་ཉིད་དོ། །གཉིས་པ་ལམ་གྱི་དབང་དུ་བྱས་པ་ལ། གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱིས། །ཁ་ན་མ་ཐོ་མེད་ཉིད་དོ། །བསམ་གཏན་བསྡུད་པའི་མཚན་ཉིད་ཅན། །ཤེས་རབ་ཆགས་མེད་མཚན་ཉིད་ཅན། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །ཅེས་པ་སྟེ། སྦྱིན་པའི་ཕར་ཕྱིན་ནི་གཏོང་བའི་མཚན་ཉིད་ཅན་ནོ། །ཞེས་སོགས་སྦྱར་བར་བྱའོ། །གཞན་ཡང་བསམ་གཏན་རྣམས་དང་ཚད་མེད་དང༌། །དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡི། །མི་འཁྲུགས་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་དག་ནི་ཁོང་ཁྲོ་སྤངས་པས་ཐོབ་པའི་ཕྱིར། ཞེས་འགྲེལ་པར་རོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ངེས་པར་འབྱུང་བྱེད་མཚན་ཉིད་ཅན། །ཐར་པ་ཐོབ་པར་བྱེད་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི། དངོས་པོ་དམིགས་པ་མེད་པས་རྟོག་པས་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །མཚན་མ་མེད་པ་ནི། མཚན་མ་མ་དམིགས་པས་ཞི་བའི་མཚན་ཉིད་ཅན་ནོ། །གསུམ་པ་སྨོན་པ་མེད་པ་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པ་བརྒྱད་པོ་ནི། རྣམ་པར་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ཡིན་ཏེ། སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བར་བྱེད་པའི་ཕྱིར། གསུམ་པ་འབྲས་བུའི་དབང་དུ་བྱས་པའི་མཚན་ཉིད་ནི། སྟོབས་རྣམས་ཤིན་ཏུ་རྣམ་པར་ནི། གཏན་ལ་ཕེབས་པའི་མཚན་ཉིད་ཅན་ཡིན་ཏེ། ཡུལ་ལ་ཐོགས་པ་མེད་པ་འཇུག་པའི་ཕྱིར་རོ། །སྐྱོབ་པའི་མི་འཇིགས་པ་རྣམས་ནི། ཤིན་ཏུ་བརྟན་པའི་ངོ་བོ་ཡིན་ཏེ། སུས་ཀྱང་གཞན་དུ་འགྱུར་བར་བྱ་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་རིག་རྣམས་ནི་སྤོབས་སོགས་རྒྱུན་ཆད་པ་མེད་པའི་མཚན་ཉིད་ཅན་ནོ། །ཚད་མེད་བཞིའི་དབང་དུ་བྱས་པ་ནི། འགྲོ་ལ་ཕན་པ་ཉེར་བསྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ་དགའ་བ་ནི། །རབ་དགའི་མཚན་ཉིད་ཅན་ཡིན་ཏེ། ཡིད་བདེ་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར། བཏང་སྙོམས་ནི་མ་འདྲེས་པའི་མཚན་ཉིད་ཅན་ཞེས་བྱ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཕྱིར། སངས་རྒྱས་ཆོས་ནི་མ་འདྲེས་པ། བཅུ་དང་བརྒྱད་དུ་གང་འདོད་པ་དེ་དག་མི་འཕྲོག་པའི་རང་གི་མཚན་ཉིད་ཅན་ཡིན་ཏེ། གང་གི་ཕྱིར་ན་སྟོན་པ་ལ་འཁྲུལ་པ་སོགས་མི་མངའ་བས་རྒོལ་བ་དེས་མི་འཕྲོག་པར་བྱེད་པ་ཡིན་པའི་དེའི་ཕྱིར། རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་མངོན་དུ་བྱེད་པའི་མཚན་ཉིད་ཅན་དུ་འདོད་ལ། དེ་བསྒྲུབ་པ་ནི། གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན། གང་གི་འདུས་བྱས་མཚན་ཉིད་གང༌། །འདུས་མ་བྱས་པའི་མཚན་ཉིད་གང༌། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་བཞིན་སྟོང་པ་ཉིད། །ཅེས་པས་བསྟན་ནོ། །མི་དམིགས་པ་སྟོང་པ་ཉིད་བཤད་པ་ནི། ད་ལྟར་བ་འདི་སྐད་ཅིག་གཉིས་པར་མི་གནས་ཤིང༌། འདས་པ་ལ་འགག་པ་དང༌། མ་འོངས་པ་མ་སྐྱེས་ནས་ཡོད་པ་མ་ཡིན་པའི་ཕྱིར། གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །མ་དམིགས་པ་དེ་རང་ངོ་བོ། །དེ་ཡི་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་མིན་འཇིག་མིན་པས། །མ་དམིགས་ཤེས་བྱའི་སྟོང་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི། རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་ཀྱིས། །འདིར་དངོས་མེད་ཅེས་པ་རྒྱུ་རྐྱེན་འདུས་པ་ལ་བྱ་བ་ཡིན་ལ། དེ་ཡང་བདེན་པའི་དངོས་པོར་མེད་པས་དངོས་མེད་ཅེས་བྱའི། འདི་ནི་ཆོས་ཅན་དངོས་མེད་ལ་བྱེད་རྒྱུ་མ་ཡིན་ནོ། །གཉིས་པ་བཞིར་བསྡུས་པ་ལ་བཞི་ལས། དང་པོ་དངོས་པོ་སྟོང་པ་ཉིད་ནི། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡི་སྟོང་ཉིད་གང༌། །དེ་དངོས་སྟོང་པ་ཉིད་དུ་བཤད། །ཅེས་པའོ། །གཉིས་པ་དངོས་པོ་མེད་པ་སྟོང་པ་ཉིད་ནི། མདོར་བསྡུས་ནས་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ཉིད་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །ཞེས་པའོ། །རང་བཞིན་སྟོང་པ་ཉིད་ནི། རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །ཅེས་པ་སྟེ། འདི་ནི་སྔར་བཤད་པ་དེ་ཉིད་དང་གཅིག་གོ །གཞན་གྱི་ངོ་བོ་སྟོང་པ་ཉིད་ནི། སངས་རྒྱས་རྣམས་ནི་བྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་ན། །དངོས་པོ་ཀུན་གྱི་སྟོང་པ་ཉིད་དེ་ལ་ནི། གཞན་གྱི་དངོས་པོར་རབ་ཏུ་བསྒྲགས་ལ། མིང་གི་རྣམ་གྲངས་གཞན་གྱི་དངོས་པོ་དང༌། ཡང་དག་མཐའ་དང༌། དེ་བཞིན་ཉིད་ཅེས་བྱའོ། །དེ་བདེན་པས་སྟོང་པ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །ཚུ་རོལ་མཐོང་བ་ལས་གཞན་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བས་ན་གཞན་ཞེས་བྱ། ཡང་ན་མཆོག་གི་དོན་གྱིས་ན་གཞན་ཞེས་བྱ། ཡང་ན་ཕ་རོལ་ན་ཡོད་པས་གཞན་ནོ། །རྣམ་པར་འགྱུར་བ་མེད་པས་ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་ཅེས་བྱའོ། །སྟོང་པ་ཉི་ཤུར་བཤད་པ་དེ་དག་ཆོས་ཅན། རང་བཟོར་མཛད་པ་མ་ཡིན་ཏེ། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་གྱི་མདོ་ལས་དེ་སྐད་རབ་ཏུ་བསྒྲགས་པའི་ཕྱིར་རོ། །གཉིས་པ་ཡོན་ཏན་བསྡུས་ཏེ་བསྟན་པ་ལ། བདེན་གཉིས་ཟུང་དུ་འཇུག་པའི་ཤེས་རབ་དང་ལྡན་པར་བསྟན། དེ་དང་ལྡན་པས་རྒྱལ་བའི་གོ་འཕང་བསྒྲོད་ནུས་པའི་ཡོན་ཏན་ནོ། །དང་པོ་ལ། དངོས་དང༌། ཀུན་རྫོབ་མི་འདོར་བའི་ཕན་ཡོན་དང༌། དོན་དམ་རྟོགས་པའི་ཡོན་ཏན་སོ་སོར་བཤད་པའོ། །དང་པོ་ནི། བྱང་སེམས་ས་དྲུག་པ་བ་དེ་ཆོས་ཅན། ཐ་སྙད་ཀྱི་བདེན་པ་མི་འདོར་བའི་སྟོབས་ཀྱིས་འགོག་པར་འགྲོ་བ་སྟེ། སྙོམས་པར་འཇུག་པ་སྔར་བཤད་པ་དེ་ལྟར་བདེན་གཉིས་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་འོད་ཟེར་གྱིས། ཀུན་རྫོབ་ཀྱི་སྣང་བ་གསལ་བར་བྱས་པ་དང༌། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ་སྲིད་པ་གསུམ་པོ་འདི་དག་མ་ལུས་པ་གདོད་མ་ནས་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཀུན་རྫོབ་མི་འདོར་བའི་ཡོན་ཏན། དོན་དམ་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི། བྱང་སེམས་ས་དྲུག་པ་བ་དེ་ཆོས་ཅན། རྟག་ཏུ་འགོག་པར་རྟོགས་པའི་ལྷག་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་ཡོངས་སུ་འདོར་བ་ནི་མ་ཡིན་ཏེ། འགྲོ་བ་མགོན་མེད་པ་རྣམས་ལ་སྙིང་རྗེའང་སྐྱེད་པར་བྱེད་པའི་སྒོ་ནས་སྦྱོར་བ་འཁོར་བར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། ས་འདིར་འགོག་པ་ལ་སྙོམས་པར་ཞུགས་པ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་གཞན་ཡང་ཡོད་དེ། ས་དེའི་གོང་བདུན་པར་བདེ་གཤེགས་གསུང་སྐྱེས་ཉན་ཐོས་དང༌། སངས་རྒྱས་འབྲིང་དང་བཅས་པ་ནི་མ་ལུས་པ་བློ་ཡིས་ཕམ་པར་བྱེད་པའང་ཡིན་པའི་ཕྱིར། འདི་སྔར་བཤད་པ་དང་མི་ཟློས་ཏེ། སྔར་བཤད་པ་དེའི་ཁྱད་པར་ཅན་ས་འདིར་ཐོབ་ཅེས་སྟོན་པ་ཡིན་ནོ། །གཉིས་པ་ནི། ངང་པའི་རྒྱལ་པོ་བྱང་སེམས་ས་དྲུག་པ་བ་དེ་ནི་ཆོས་ཅན། སྐྱེ་བོ་ངང་པས་མདུན་དུ་བདར་ནས་རྒྱལ་བའི་ཡོན་ཏན་གྱི་རྒྱ་མཚོ་ཡང་ཡིན། ཕ་རོལ་དང་མཆོག་ཀྱང་ཡིན་པས། རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ་བར་བྱེད་པའི་ཡོན་ཏན་དང་ལྡན་ཏེ། ཀུན་རྫོབ་སྟེ་རྒྱ་ཆེན་སྤྱོད་པའི་ཕྱོགས་དང༌། དེ་ཉིད་ཀྱི་སྟེ་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ཀྱི་གཤོག་ཡངས་དཀར་པོ་རྒྱས་པར་གྱུར་པ་དང་ལྡན་ཞིང༌། དགེ་བའི་རླུང་གི་ཤུགས་ཀྱི་སྟོབས་ཀྱིས་དེར་བསྒྲོད་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་རྣམ་པར་བཤད་པ་ངེས་དོན་གནས་ཀྱི་ཊཱི་ཀ་ལས་སེམས་བསྐྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། །།གཉིས་པ་ཉན་རང་ཟིལ་གྱིས་གནོན་ནུས་པའི་ས་བདུན་པ་བཤད་པ་ལ། ཤེས་རབ་ཀྱི་ཁྱད་པར་དང༌། ཐབས་ཀྱི་ཁྱད་པར་རོ། །དང་པོ་ནི། ས་བདུན་པ་རིང་དུ་སོང་བ་འདིར་ནི་ཆོས་ཅན། ཤེས་རབ་ཀྱི་ཁྱད་པར་ས་དྲུག་པ་ལས་ལྷག་པ་ཡོད་དེ། སེམས་ཀྱི་སྐད་ཅིག་རེ་རེ་ལ་ནི་འགོག་པར་འཇུག་པར་འགྱུར་ཞིང༌། ལྡང་བར་ཡང་ནུས་ལ། འགོག་པ་མངོན་དུ་བྱེད་པ་ནི་མ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཐབས་ཀྱི་ཁྱད་པར་དང་ལྡན་ཏེ། ཐབས་ཀྱི་ཕ་རོལ་ཕྱིན་པ་ལེགས་པ་སྟེ། ཡོངས་སུ་དག་པ་འབར་བའང་ཐོབ་པའི་ཕྱིར། སེམས་སྐྱེད་པ་བདུན་པའི་རྣམ་པར་བཤད་པའོ།། །།གཉིས་པ་དག་པའི་ས་གསུམ་བཤད་པ་ལ། ཉོན་མོངས་ཀྱིས་དག་པའི་ས་བརྒྱད་པ་བཤད། མི་མཐུན་ཕྱོགས་ཀྱིས་དག་པའི་ས་ལྷག་མ་གཉིས་བཤད་པའོ། །དང་པོ་ལ། ས་འདིར་གཙོ་བོར་གྱུར་པའི་ཡོན་ཏན་བཤད། ཡོན་ཏན་གཞན་ཡང་བཤད་པའོ། །དང་པོ་ནི། ས་བརྒྱད་པ་འདིར་ཆོས་ཅན། སྨོན་ལམ་གྱི་ཕར་ཕྱིན་ལྷག་པར་གྱུར་པ་ཡིན་ཏེ། སེམས་དང་པོ་བསྐྱེད་པའི་ཚེ་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་བཏབ་པ་དེ། བྱང་སེམས་འདིས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཐོབ་པའི་ཕྱིར། དེའི་རྒྱུ་མཚན་ནི། ས་བདུན་པ་མན་ཆད་དུ་ཡང་དང་ཡང་སྔར་གྱི་དགེ་བ་དེ་ས་སྔ་མ་སྔ་མའི་དགེ་བ་ལས་ཆེས་ལྷག་པ་ཐོབ་པར་བྱ་བའི་ཕྱིར། ས་གོང་མ་གོང་མ་ལ་འཇུག་ཅིང་བདག་ཉིད་ཆེན་པོ་བྱང་སེམས་ས་བདུན་པ་དེ་གང་དུ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་བའི་ས་མི་གཡོ་བ་དེ་གང་འཇུག་པ་ཡང་སྔར་གྱི་དགེ་བ་ཐབས་ཀྱི་ཕར་ཕྱིན་ལས་ལྷག་པ་ཐོབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། འགོག་པ་ལས་སློང་བའི་ཡོན་ཏན་དང༌། ཉོན་མོངས་སྤངས་ཤིང་དབང་བཅུ་ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི། བྱང་སེམས་ས་བརྒྱད་པ་བ་འདིས་འགོག་པ་ཆོས་ཉིད་ལ་རིང་དུ་སྙོམས་པར་ཞུགས་པ་ནི། རྒྱལ་བ་རྣམས་ཀྱིས་འགོག་པ་དེ་ལས་སློང་བར་མཛད་དགོས་པ་ཡིན་ཏེ། གལ་ཏེ་མ་བསླངས་ན། གཞན་དོན་རྒྱུན་ཆད་པའི་མྱང་འདས་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །ས་བདུན་པར་སློང་མི་དགོས་ལ་འདིར་སློང་དགོས་པ་ནི། ས་དེ་དག་ཏུ་ཉོན་མོངས་སྤངས་མ་ཟིན་པས། དེའི་གཉེན་པོར་ཡང་འཇུག་ལྡང་བྱེད་ལ། ས་འདི་ན་ཉོན་མོངས་སྤངས་ཟིན་པས་མྱུར་དུ་སྙོམས་པར་འཇུག་པ་ཡིན་ནོ། །ཞེས་གསུངས་ཏེ། དཔྱད་དགོས་སོ། །གཉིས་པ་ལ་ཉོན་མོངས་པ་སྤངས་པར་བསྟན་པ་དང༌། དབང་བཅུ་ཐོབ་པར་བསྟན་པའོ། །དང་པོ་ནི། ས་བརྒྱད་པ་ལ་ཁམས་གསུམ་གྱི་ཉོན་མོངས་པ་དེ་རྩ་བ་དང་བཅས་པ་དྲི་མ་དེ་དག་ཉེ་བར་ཞི་བར་འགྱུར་བ་ཡིན་ཏེ། ཆགས་པ་མེད་པའི་བློ་ས་བརྒྱད་པའི་ཡེ་ཤེས་ནི། སྐྱོན་ཉོན་མོངས་རྣམས་དང་ལྷན་ཅིག་མི་གནས་པའི་ཕྱིར། ཉོན་མོངས་ཟད་ཅིང་ས་གསུམ་གྱི་བླ་མར་གྱུར་ཀྱང་འགོག་པ་ལས་ལངས་ནས་ཚོགས་གཉིས་ཀྱི་མཛད་པ་རྒྱ་ཆེན་པོ་བསྒྲུབ་དགོས་ཏེ། ས་བརྒྱད་པ་དེར་སངས་རྒྱས་རྣམས་ཀྱི་མཛད་པ་སྟོབས་སོགས་མཁའ་ལྟར་མཐའ་བྲལ་ཐོབ་པར་ནུས་པ་མ་ཡིན་པའི་ཕྱིར། འདིས་འགོག་པ་ལས་སློང་དགོས་པའི་ཤེས་བྱེད་བསྟན་ནོ། །དེ་ཡང་ས་འོག་མ་རྣམས་སུ་ཉོན་མོངས་སྤངས་པ་མེད་པས། འགོག་པ་ལ་རིང་དུ་སྙོམས་པར་ཞུགས་ཀྱང་མྱང་འདས་མངོན་དུ་བྱེད་མི་ནུས་པས། ས་འདིར་ཉོན་མོངས་སྤངས་ཟིན་པས་ཐོས་པ་རྒྱ་ཆེན་པོ་དང་མི་ལྡན་པའི་བྱང་སེམས་འགའ་ཞིག་ཆོས་ཉིད་ལ་ཡུན་རིང་དུ་ཞུགས་ན་དེ་ཙམ་གྱིས་ཆོག་པར་བཟུང་ནས་སྟོབས་བཅུ་དང་མི་འཇིགས་པ་སོགས་ཀྱི་ཐབས་ལ་མི་བརྩོན་པས་གཞན་དོན་རྒྱུན་ཆད་པར་འགྱུར་ཏེ། དེས་སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པས་ཆོས་ཉིད་ལ་མཉམ་པར་བཞག་བཞིན་དུ་གཞན་དོན་བྱེད་མི་ནུས་པའི་ཕྱིར་རོ། །ས་འདིར་འགོག་པ་ལས་སློང་བར་བསྟན་པས། ས་འདིར་ཉོན་མོངས་ཟད་པའི་ཤེས་བྱེད་བསྟན་པར་སློབ་དཔོན་འདི་བཞེད་དོ། །གཉིས་པ་ནི། འོ་ན་ས་འདིར་འཁོར་བ་འགག་ན། ཇི་ལྟར་འདི་ཡིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་ཅེ་ན། བྱང་སེམས་ས་བརྒྱད་པ་བ་ཆོས་ཅན། ཁྱོད་ཀྱི་འཁོར་བ་འགགས་པ་སྟེ་སྤངས་ཀྱང་སངས་རྒྱས་ཀྱི་རྒྱུ་ཚོགས་བསྒྲུབ་པ་མི་འགལ་ཏེ། ཁྱོད་ཀྱི་དབང་རྣམ་པ་བཅུ་པོ་ཐོབ་པར་གྱུར་ཅིང༌། དབང་བཅུ་པོ་དེ་དག་གི་ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པའི་སྒོ་ནས་སྲིད་པར་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར་བའི་ཕྱིར། དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།། །།གཉིས་པ་ལ། ས་དགུ་པ་སྟོབས་ཀྱི་ཕར་ཕྱིན་མི་མཐུན་ཕྱོགས་ཀྱིས་དག་པ་ཐོབ་པའི་ཚུལ་དང༌། ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་མི་མཐུན་ཕྱོགས་ཀྱིས་དག་པའི་ཚུལ་ལོ། །དང་པོ་ནི། ས་དགུ་པ་ལ་ནི། བྱང་སེམས་དེའི་ཡོན་ཏན་ཁྱད་པར་ཅན་ཡོད་དེ། སྟོབས་ཀྱི་ཕར་ཕྱིན་ལྟ་ཞིག་མཐའ་དག་རྫོགས་པར་མི་མཐུན་ཕྱོགས་ཀྱི་དག་པར་འགྱུར་ཞིང༌། དེ་བཞིན་དུ་སོ་སོ་ཡང་དག་པ་རིག་པའི་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་ཐོབ་པའི་ཕྱིར། ཐུབ་པ་དགོངས་རྒྱན་དུ་མདོ་དྲངས་པ་ལས། སྟོབས་ཀྱི་ཕར་ཕྱིན་ལ་བསམས་པའི་སྟོབས་དང༌། ལྷག་པའི་སྟོབས་དང༌། གཟུངས་ཀྱི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་སོགས་སྟོབས་བཅུ་ཚང་བར་བཤད་དོ། །དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་དགུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ནི། ས་བཅུ་པའི་ས་ལས་བྱང་སེམས་དེ་ཡི་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་ཐོབ་པ་ཡིན་ཏེ། ཀུན་ནས་སངས་རྒྱས་རྣམས་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བ་དམ་པ་ཐོབ་ཅིང༌། ཡེ་ཤེས་ཀྱི་ཕར་ཕྱིན་མཆོག་ཏུ་ལྷག་པར་མཆོག་ཏུ་འབྱུང་བར་གྱུར་པའང་ཡིན་པའི་ཕྱིར་དང༌། ཆར་སྤྲིན་རྣམས་ལས་ཆུ་ཆར་འབེབས་པ་ཇི་ལྟ་བར་དེ་བཞིན་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་གི་ཆེད་དུ་རྒྱལ་སྲས་ས་བཅུ་པ་བ་ལས་ཀྱང་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་པ་འབེབས་པའི་ཕྱིར། འོད་ཟེར་ཆེན་པོའི་དབང་བསྐུར་བའི་ཚུལ་མདོ་སྡེ་ས་བཅུ་པར་རྒྱས་པར་གསུངས་སོ། །དབུ་མ་ལ་འཇུག་པ་ལས་སེམས་བསྐྱེད་པ་བཅུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ས་བཅུ་པོའི་ཡོན་ཏན་ཐུན་མོང་དུ་བཤད་པ་ལ། མ་དག་པ་ས་བདུན་གྱི་ཡོན་ཏན་བཤད། དག་པ་ས་གསུམ་གྱི་ཡོན་ཏན་བཤད་པའོ། །དང་པོ་ལ། ས་དང་པོའི་ཡོན་ཏན་བཤད། དེ་ཉིད་ས་ལྷག་མ་རྣམས་ལ་སྟོང་འགྱུར་སོགས་སུ་བསྒྲེ་བའོ། །དང་པོ་ནི། ས་དང་པོའི་རྗེས་ཐོབ་དེའི་ཚེ་བྱང་སེམས་དེ་ཡི་ཆོས་ཅན། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ཡིན་ཏེ། སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱ་མཐོང་ཞིང་དེ་དག་གིས་རང་བྱིན་གྱིས་རློབ་པའང་བྱང་སེམས་འདི་ཡིས་རྟོགས་པ་དང༌། དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་པའི་ནུས་པ་ཐོབ་ཅིང་བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་ཡེ་ཤེས་ཀྱི་མཐོང་བ་ཡང་དག་པར་འཇུག་པ་དེ་དང༌། བློ་ལྡན་འདིས་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་པར་བྱེད་ཅིང་གཏོང་པ་སྟེ། ལྡང་བར་ཡང་བྱེད་པ་དང༌། བྱང་སེམས་འདི་ཡིས་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་འོད་ཀྱིས་སྣང་བར་བྱེད་པ་དང༌། དེ་བཞིན་དུ་རྫུ་འཕྲུལ་གྱིས་བྱང་སེམས་བརྒྱ་ཕྲག་ཅིག་སྨིན་པར་བྱེད་ཅིང་བརྒྱ་ཕྲག་གཅིག་གི་རྗེས་སུ་འབྲེལ་བའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཡང་འགྲོ་བར་འགྱུར་བ་དང༌། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་བརྒྱ་རྣམས་ཡང་དག་པར་འབྱེད་པ་དང༌། ཐུབ་དབང་གི་སྲས་པོ་འདིས་རང་གི་ལུས་ལ་ལུས་བརྒྱ་རྣམས་ཀུན་ཏུ་སྟོན་པར་བྱེད་པའང་ཡིན་པ་དང༌། ལུས་ནི་བརྒྱ་པོ་རེ་རེ་ཞིང་ཡང་རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན་པའི་སྒོ་ནས་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་པ་ཐོབ་པའི་ཕྱིར། གཉིས་པ་ནི་བློ་ལྡན་རབ་ཏུ་དགའ་བའི་ས་ལ་གནས་པས་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ནི་ཐོབ་པར་གྱུར་ནས། དེ་བཞིན་ཁོ་ནར་དྲི་མ་མེད་པའི་ས་ལ་གནས་པའི་ཚེ་ཡོན་ཏན་དེ་དག་ནི་སྟོང་ཕྲག་བཅུ་གཉིས་ཡང་དག་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་སྟེ་ས་ལྔ་པོ་འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་གོ་རིམ་བཞིན་ཡོན་ཏན་འབུམ་ཕྲག་བཅུ་གཉིས་དང་བྱེ་བ་ཕྲག་བརྒྱ་བཅུ་གཉིས་དང༌། བྱེ་བ་ཕྲག་སྟོང་བཅུ་གཉིས་དང༌། བྱེ་བ་ཕྲག་བརྒྱ་སྟོང་བཅུ་གཉིས་དང༌། བྱེ་བ་ཕྲག་ཁྲིག་བརྒྱར་རྫོགས་པར་ཡོངས་སུ་བསྒྱུར་ནས་སླར་ཡང་སྟོང་དུ་བསྒྱུར་བ་སྟེ། འགྲེལ་པར་ཕྱི་མ་འདི་གཉིས་ལ་བྱེ་བ་འབུམ་དང༌། བྱེ་བ་ཕྲག་ཁྲིག་འབུམ་ཐོབ་པར་ཤེས་པར་བྱའོ། །ཞེས་གསུངས། མདོར་ན་ས་བདུན་པས་ཡོན་ཏན་བྱེ་བ་ཕྲག་ཁྲིག་ནི་བྱེ་བ་ཕྲག་ཁྲིག་གཅིག་གི་མིང་ཡིན་ལ། དེ་བརྒྱད་འགྱུར་དུ་བསྒྲེས་ཤིང༌། དེ་ཉིད་ཀྱང་སྟོང་འགྱུར་དུ་བསྒྱུར་ཏེ་བྱེ་བ་ཕྲག་ཁྲིག་འབུམ་གྱི་མིང་ཡིན་ནོ། །གཉིས་པ་ནི། འདི་ཡན་ཆད་ཀྱི་ཡོན་ཏན་ནི། གྲངས་ཀྱི་གནས་གཞན་གྱིས་བགྲང་བར་མི་ནུས་པས། རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་བགྲང་བར་བྱ་སྟེ། ས་མི་གཡོ་བ་ལ་གནས་པའི་བྱང་སེམས་རྣམ་རྟོག་མེད་པ་དེས་སྟོང་གསུམ་བརྒྱ་ཕྲག་སྟོང་སྡོམ་པའི་འཇིག་རྟེན་ན་རྡུལ་གྱི་གྲངས་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་གྱི་སྡེ་ཚན་བཅུ་གཉིས་དག་ནི་ཐོབ་པར་འགྱུར་རོ། །ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་སྔར་བསྟན་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེ་དག་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་སྡོམ་པ་ཕྲག་བཅུའི་རྡུལ་གྱི་ཚད་དང་མཉམ་པ་ཐོབ་པར་འགྱུར་རོ། །རེ་ཞིག་ས་བཅུ་པ་འདིར་དེའི་ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དག་འཇིག་རྟེན་གྱི་ཁམས་ངག་གི་སྤྱོད་ཡུལ་ལས་ཆེས་འདས་པར་གྱུར་ཅིང༌། ངག་གི་སྤྱོད་ཡུལ་མིན་པ་སྡོམ་པ་སྟེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་འགྱུར་རོ། །རེ་ཞིག་ཅེས་པ་ནི། ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེའི་ཚད་དེ་ཙམ་པར་མ་ཟད། ཡོན་ཏན་གཞན་ཡང་བརྗོད་པའི་གོ་རིམ་སྟོན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདིས་བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་དང༌། རྫོགས་པའི་སངས་རྒྱས་ཀྱི་སྐུ་གྲངས་ལས་འདས་པ་རེ་རེ་ཞིང་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་ལྷན་ཅིག་པ་དང༌། སྐད་ཅིག་གཅིག་ལ་ནི་རྣམ་པ་གཞན་དང་གཞན་དུ་སྟོན་པར་ནུས་ལ། དེ་བཞིན་དུ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་དག་ཀྱང་བ་སྤུའི་ཁུང་བུ་རེ་རེ་སྐད་ཅིག་རེ་རེ་ལ་མ་འདྲེས་པར་གྲངས་ལས་འདས་པ་སྟོན་པར་ནུས་སོ། །གཉིས་པ་འབྲས་བུའི་ས་བཤད་པ་ལ། དང་པོ་སངས་རྒྱ་བའི་ཚུལ། སངས་རྒྱས་ཀྱི་སའི་རྣམ་གཞག་གོ །དང་པོ་ལ། ལོངས་སྐུས་ཆོས་སྐུ་མངོན་དུ་བྱས་པའི་ཚུལ་དང༌། དེས་ཤེས་བྱ་མཁྱེན་པའི་ཚུལ་ལོ། །དང་པོ་ནི་བཅོམ་ལྡན་འདས་ཆོས་ཅན། སྔོན་བསྐལ་པ་གྲངས་མེད་པ་གསུམ་དུ་གང་གི་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་ཏུ་ཞི་བ་བླ་ན་མེད་པའི་ཡེ་ཤེས་དེ་དང་པོར་འོག་མིན་དུ་ནི་ཁྱོད་ཀྱིས་བརྙེས་པ་ཡིན་ཏེ། གང་གི་ཕྱིར་ན། དཔེ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་སྣང་བ་ཡར་གྱི་ངོར་གྱུར་པས་འགྲོ་བ་རྣམས་ཇེ་གསལ་དུ་གྱུར་པའི་ཕྱིར་རམ། དེ་བཞིན་དུ། ཁྱོད་ཀྱིས་སྔོན་སྟོབས་བཅུ་བསྐྱེད་པའི་གེགས་སུ་གྱུར་པའི་མུན་པ་སེལ་བའི་ས་བཅུ་ལ། སླར་ཡང་སྟེ་ཡང་ཡང་འབད་པར་གྱུར་ཅིང་དེ་ནས་ས་བཅུ་གཅིག་པ་མངོན་དུ་མཛད་པའི་ཕྱིར། དེ་ལྟར་བརྙེས་པའི་བླ་ན་མེད་པའི་ཡེ་ཤེས་ཆོས་སྐུ་ཆོས་ཅན། ཡོན་ཏན་མཐའ་དག་གི་མཐར་ཐུག་པ་ཡིན་ཏེ། སྟོབས་སོགས་ཡོན་ཏན་མ་ལུས་པ་ཁྱེད་ལ་མཐར་ཐུག་ཅིང་ཕུལ་དུ་བྱུང་བའི་ཕྱིར། ཆོས་སྐུ་དེ་ནི་ཆོས་ཅན། མཚུངས་པ་མེད་པ་ཡིན་ཏེ། གོང་ན་མེད་པའི་ཕྱིར་རོ། །གཉིས་པ་ལ་སྐད་ཅིག་ལ་ཤེས་བྱ་མཁྱེན་པའི་ཚུལ་དང༌། མཁྱེན་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྔ་འགྲེལ་ལས། དེར་མངོན་པར་རྫོགས་པར་འཚང་རྒྱ་བ་ན། སྐད་ཅིག་གཅིག་ཁོ་ན་ལ་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་བཤད་པ་ཞེས་སོ། །མཁྱེན་བཟང་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། སྐད་ཅིག་གཅིག་ལ་ཆོས་ཐམས་ཅད་རོ་མཉམ་པ་ཉིད་དུ་ཡང་དག་པར་ཐུགས་སུ་ཆུད་པར་མཛད་གྱུར་ན་སྟེ་གྱུར་པ་དེ་ཡིན་པའི་ཕྱིར། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་ཆོས་ཅན། རོ་མཉམ་པ་ཡིན་ཏེ། ཇི་ལྟར་སྣོད་ཀྱི་དབྱེ་བས། མཁའ་ལ་དབྱེ་བ་འཇོག་ནུས་པ་མེད་པ་དེ་ལྟར། དངོས་པོ་སྟེ་ཆོས་ཅན་གྱིས་བྱས་པའི་དབྱེ་བ་འགའ་ཡང་ཁྱོད་ལ་མེད་པའི་ཕྱིར་རོ། །དེ་ཡང་རོ་མཉམ་ཉིད་དུ་ཞེས་པས་ཇི་ལྟར་མཁྱེན་ཚུལ་དང༌། སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད་ཅེས་ཇི་སྙེད་པ་མཁྱེན་ཚུལ་བསྟན་པ་ཡིན་ནོ། །གཉིས་པ་ལ། རྩོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། ཁོ་ན་རེ། རང་བཞིན་གྱིས་སྐྱེ་བ་སོགས་ཞི་བ་ནི་དེ་ཁོ་ན་ཉིད་ཡིན་ན། རང་བཞིན་སྐྱེ་མེད་དེ་ཆོས་ཅན། ཁྱོད་ལ་ཡུལ་ཅན་གྱི་བློ་གྲོས་མི་འཇུག་པར་ཐལ། ཁྱོད་ཀྱི་རྣམ་པ་འཆར་རྒྱུ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བློ་ཡུལ་དེ་ལ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་དུ་ངེས་པའང་རིགས་པ་མ་ཡིན་པའི་ཕྱིར། ཅི་སྟེ་དབུ་མ་པ་ན་རེ། ཡོངས་སུ་ཤེས་པ་མེད་པ་ཉིད་དེ་ཁོ་ན་ཡོངས་སུ་ཤེས་པ་ཡིན་ནོ། །ཟེར་ཅིང་ཡང་མ་མཐོང་བ་ཉིད་ཁོ་ན་མཐོང་བར་འདོད་པ་འདི་ནི་འགལ་བར་འགྱུར་ཏེ། ཀུན་ནས་ཤེས་པ་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ། །ཁྱེད་ཀྱི་གཞན་ལ་དེ་ཉིད་འདི་ལྟ་བུའོ་ཞེས་སུ་ཞིག་གིས་སྟོན་པར་འགྱུར་ཏེ་སྟོན་མི་ནུས་པར་ཐལ། ཡུལ་ཅན་གྱི་བློ་རང་བཞིན་གྱིས་སྐྱེ་བ་མེད་ན་དེ་ཁོ་ན་ཉིད་མཁྱེན་པ་མེད་པར་འདོད་དགོས་པའི་ཕྱིར་ཞེ་ན། ལན་ལ་ཤེས་བྱ་རང་བཞིན་གྱིས་ཞི་བ་ཡིན་ན། དེ་ལ་བློ་མི་འཇུག་པའི་རྩོད་པ་སྤང༌། མཁྱེན་པ་པོ་རང་བཞིན་གྱིས་མེད་ན་གཞན་ལ་སྟོན་པ་མི་འཐད་པའི་རྩོད་སྤོང་ངོ༌། །དང་པོ་ནི། ཡུལ་ཡུལ་ཅན་རང་བཞིན་གྱིས་ཐ་དད་མེད་ཀྱང་ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་དེ་ཁོ་ན་ཉིད་རིག་པ་ཡིན་ཞེས་བཏགས་པ་ཡིན་ཏེ། གང་གི་ཚེའམ་ཕྱིར་ན་ཡུལ་རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་ཁོ་ན་ཉིད་ཡིན་ཞིང༌། བློ་ཡང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དེ་ཚེ་དེ་ཁོ་ན་ཉིད་དེའི་རྣམ་པའི་རྗེས་སུ་བྱེད་པ་ལ་བརྟེན་པ་ལས། ཡེ་ཤེས་དེ་ཡིས་དེ་ཁོ་ན་ཉིད་རྟོགས་པ་ལྟ་བུར་ཐ་སྙད་བྱས་པའི་ཕྱིར། ཇི་ལྟར་དངོས་སྨྲ་བ་ལྟར་ན། སྔོར་སྣང་གི་སེམས་ནི་སྔོན་པོ་གང་གི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ན། སྔོ་སྣང་གི་སེམས་དེའི་ཡུལ་སྔོན་པོ་དེ་ཡོངས་སུ་ཤེས་པར་ཐ་སྙད་བྱེད་པ་དེ་བཞིན་ནོ། །འདིར་འགྲེལ་པར་དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་བཞག་གི དངོས་སུ་ནི་འགའ་ཞིག་གིས་འགའ་ཞིག་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས། དེའི་དོན་ནི་ཤེས་པ་དང་ཤེས་བྱ་གཉིས་ཀ་སྐྱེ་མེད་དུ་མཚུངས་པ་ལ། ཡུལ་ཅན་སྐྱེ་མེད་ཀྱིས་ཡུལ་སྐྱེ་མེད་ཀྱི་རྣམ་པ་བརྟེན་ཞེས་བཏགས་པ་ཡིན་གྱི། ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་ཚུལ་གྱི་རིག་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་ཚེ་ཡུལ་ཡུལ་ཅན་གཉིས་ཀའང་ཆུ་ལ་ཆུ་བཞག་པ་ལྟ་བུར་སོང་བས་ཐ་དད་དུ་མ་སྐྱེས་པའི་ཕྱིར། དཔེར་ན་མདོ་སྡེ་པས། སྔོ་སྣང་དབང་ཤེས་སྐྱེས་སྔོན་པོ་དངོས་སུ་མ་རིག་ཀྱང༌། དེ་དང་འདྲ་བ་ཙམ་ལ་དེས་དེ་རྟོགས་པའི་ཐ་སྙད་བྱེད་པ་བཞིན་ཞེས་པའི་དོན་ཡིན་གྱིས་གཞན་དག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ་ཆོས་ཉིད་ཀྱི་རྣམ་པར་ཤར་བར་འདོད་པ་ནི་མི་འཐད་དེ། དེ་ལྟ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ་ཆོས་ཉིད་རང་ལས་ཐ་དད་དུ་སྣང་བར་ཐལ་བའི་ཕྱིར། ཡོད་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ་སྣང་དགོས་པའང་མ་ཡིན་ཏེ། ཆོས་ཉིད་ཀྱི་དོན་སྤྱི་བཞིན། དེས་ན་འདིར་བཏགས་པ་ལས་གཞག་ཅེས་པ། འགའ་ཞིག་གིས་སངས་རྒྱས་ཀྱི་ཆོས་ཉིད་རྟོགས་པ་བཏགས་པ་བར་འདོད་པ་དང༌། འགའ་ཞིག་གིས་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་པར་བཏགས་པ་ཙམ་ལས་རྟོགས་ཞེས་སོགས་ཀྱི་སྤྲོས་པ་བྱེད་པ་ནི་ངལ་བ་དོན་མེད་པ་ཡིན་ཏེ། དེ་ཡང་དང་པོ་མི་འཐད་པ་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཉིད་མ་རྟོགས་ན། སྐབས་འདིའི་རྩོད་ལན་ཐམས་ཅད་དོན་མེད་ཁོ་ནར་འགྱུར་ཞིང༌། གཉིས་པའང་མི་འཐད་པ་ནི། ཡུལ་རང་གི་ངོ་བོས་མ་གྲུབ་པ་ལས་རྟོགས་ཞེས་སྨྲས་པས། སྔར་གྱི་རྩོད་པ་ལ་ལན་གང་ཡིན་མི་ཐེབས་པའི་ཕྱིར་རོ། །དེ་ཉིད་རྩོད་གཞི་ཡིན་པར་སྣང་བའི་ཕྱིར། གཉིས་པ་ལ། ཆོས་སྐུ་རང་བཞིན་གྱིས་ཞི་བ་ཡིན་ཡང་གཟུགས་སྐུས་དེ་ཉིད་སྟོན་པར་བསྟན། དེ་ཡང་སྔོན་གྱི་སྨོན་ལམ་དང༌། གདུལ་བྱའི་བསོད་ནམས་ཀྱི་ཡིན་ཚུལ་དཔེ་དང་བཅས་ཏེ་བསྟན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཆོས་ཅན། ཁྱོད་རང་བཞིན་གྱིས་ཞི་བ་ཡིན་ཡང༌། གཞན་ཡང་དེ་ཁོ་ན་ཉིད་སྟོན་མི་ནུས་པ་མ་ཡིན་ཏེ། ཁྱོད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུ་བསོད་ནམས་བརྒྱ་ཕྲག་གི་ཟིན་པ་དེས་བྱང་སེམས་ཆེན་པོ་རྣམས་ལ་ཆོས་སྟོན་པར་མཛད་པ་དང༌། ཁྱོད་ཀྱི་སྤྲུལ་པའི་སྐུས་ཉན་རང་འཕགས་སྐྱེས་ལས་དག་པ་ལ་ཆོས་སྟོན་པ་དང༌། ཁྱོད་ཀྱི་བྱིན་རླབས་ཀྱི་མཐུས་གཞན་ནམ་མཁའ་དང༌། ཤིང་དང༌། རྩིག་པ་དང༌། བྲག་ལ་སོགས་པ་ལས་ཀྱང་སྒྲ་གང་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་འབྱུང་བ་དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཁོ་ན་ཉིད་རིག་པ་ཡིན་པའི་ཕྱིར། གཉིས་པ་ལ། ཆོས་སྐུ་ལ་འབད་རྩོལ་གྱི་རྣམ་རྟོག་མེད་ན་ཇི་ལྟར་ཆོས་སྟོན་སྙམ་ན། ཆོས་ཀྱི་སྐུ་ཆོས་ཅན། རྣམ་པར་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་བྱེད་ནུས་པ་ཡིན་ཏེ། ཇི་ལྟར་འཇིག་རྟེན་འདིར་རྫ་མཁན་སྟོབས་ཆེན་ལྡན་པས་སྔོན་ཡུན་རིང་པོར་ཆེས་འབད་པས་བསྐོར་བའི་འཁོར་ལོ་ནི། རྫ་མཁན་དེའི་རྩོལ་བ་དང་ད་ལྟ་སྐྱེས་པ་མེད་བཞིན་དུའང་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུན་མཐོང་བ་ལྟར་དཔེ་དེ་བཞིན་དུ། ཁྱོད་ལ་ད་ལྟ་སྐྱེས་པའི་འབད་རྩོལ་གྱིས་རྣམ་པར་རྟོག་པ་མེད་བཞིན་དུ། ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ཉིད་ལ་བཞུགས་དེ་སེམས་ཅན་གྱི་དོན་ལ་འཇུག་པ་ནི། གདུལ་བྱའི་སྐྱེ་བོ་དགེ་བ་དང༌། སངས་རྒྱས་རང་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱིས་འཕངས་པ་ལས་བྱུང་བའི་ཆེས་བསམ་གྱིས་མི་ཁྱབ་པའི་ཕྱིར། གཉིས་པ་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་ལ། སྐུ་དང་ཡོན་ཏན་གྱི་རྣམ་གཞག་རྒྱས་པར་བཤད། མངོན་པར་བྱང་ཆུབ་པའམ་བཞུགས་ཚད་བསམ་གྱིས་མི་ཁྱབ་པར་བསྟན། དང་པོ་ལ། ཆོས་སྐུ་ངོས་བཟུང་ནས་དེ་ལས་ལོངས་སྐུ་འཆར་ཚུལ། དེ་ལས་སྤྲུལ་སྐུའི་སྣང་བ་བསྟན་ནས་ཆོས་ཇི་ལྟར་སྟོན་པའི་ཚུལ་ལོ། །དང་པོ་ལ། དངོས་དང༌། ཡོན་ཏན་གྱི་ཁྱད་པར་བཤད་པའོ། །དང་པོ་ལ། ཆོས་སྐུ་དང་དེ་ལས་ལོངས་སྐུ་ཤར་བར་བསྟན་པ་གཉིས་སོ། །དང་པོ་ནི། རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཆོས་སྐུ་ཆོས་ཅན། ཞི་བ་ཞེས་བྱ་སྟེ། ཤེས་བྱ་གཟུང་འཛིན་གཉིས་སྣང་གི་བུད་ཤིང་སྐམ་པོ་མ་ལུས་པ་ཤེས་རབ་ཀྱི་མེས་བསྲེགས་པས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །དེའི་ཚེ་དེ་འདྲའི་ཆོས་སྐུ་དེ་ཆོས་ཅན། སྐྱེ་བ་མེད་ཅིང་འགག་པ་མེད་ཅེས་བྱ་སྟེ། ལས་དང་ཉོན་མོངས་པའི་སྐྱེ་འགག་དང༌། ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་འགག་པ་དང༌། གཟུགས་ཀྱི་སྐུ་ལྟར་གདུལ་བྱའི་ངོར་སྐྱེ་འགག་ཏུ་སྣང་བ་མེད་པའི་ཕྱིར། ཇི་སྐད་དུ། འཇམ་དཔལ། སྐྱེ་བ་མེད་ཅིང་འགག་པ་མེད་ཅེས་བྱ་བ་ནི་ཆོས་ཀྱི་སྐུའི་ཚིག་བླ་དགས་སོ། །ཞེས་གསུངས་པ་ལྟར་རོ། །དེ་འདྲའི་ཆོས་སྐུ་དེ་ཆོས་ཅན། སེམས་འགགས་པ་ཞེས་བྱ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་སྤྲོས་པའི་མཐར་མི་འཇུག་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཞི་བ་སོགས་ཁྱད་པར་གསུམ་དང་ལྡན་པའི་ཆོས་ཀྱི་སྐུ་དེ་ཆོས་ཅན། དམན་པའི་ལྷག་མེད་ཀྱི་མྱང་འདས་ལྟར་རྟེན་གྱི་གང་ཟག་མེད་པ་མ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་མངོན་སུམ་དུ་མཛད་པའི་ཕྱིར། དཔེར་ན་འགོག་པ་ལུས་ཀྱིས་མངོན་དུ་མཛད་པ་བཞིན་ནོ། །འདིར་སེམས་དང་སེམས་བྱུང་ནི་སྤྲོས་པའི་མཐར་འཛིན་པའི་བློ་ལ་བྱ་བ་ཡིན་གྱི། སངས་རྒྱས་སར་ཡེ་ཤེས་མེད་པར་བཞེད་པ་ནི་མིན་ཏེ། འདིའི་ཐད་ཀྱི་འགྲེལ་པར། ཡེ་ཤེས་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་མངོན་དུ་མཛད་ན། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་གདུལ་བྱ་གཞན་ལ་མི་སྣང་ངམ་ཞེ་ན། ཞི་བ་ཆོས་སྐུ་མངོན་དུ་མཛད་པའི་ལོངས་སྤྱོད་རྫོགས་པའི་སྐུ་འདི་ནི་ཆོས་ཅན། ཆོས་ཀྱི་སྐུ་དང་འདྲ་བས་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་ཏེ། དཔག་བསམ་གྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་རྟོག་ཀྱང་འགྲོ་བ་མ་གྲོལ་གྱི་བར་དུ་འཇིག་རྟེན་གྱི་འབྱོར་བའི་སླད་དུ་རྟག་ཏུ་གསལ་བར་འགྱུར་ཞིང༌། སྤྲོས་པ་དང་བྲལ་བའི་བྱང་སེམས་རྣམས་ལ་སྣང་བར་འགྱུར་བའི་ཕྱིར། གཉིས་པ་དེའི་ཡོན་ཏན་གྱི་ཁྱད་པར་བཤད་པ་ནི། ཆོས་སྐུ་དང་ལོངས་སྐུའི་རྒྱུ་མཐུན་ཇི་ལྟར་སྟོན་པའི་ཚུལ། དེ་ལྟར་སྟོན་ནུས་པའི་རྒྱུ་སྟོབས་བཅུ་བཤད་པའོ། །དང་པོ་ལ། རང་བཞིན་གྱི་སྤྱོད་ཚུལ་མ་ལུས་པ་དུས་གཅིག་ལ་བ་སྤུའི་ཁུང་བུར་སྟོན་པའི་ཚུལ། ཇི་ལྟར་བཞེད་པ་ལ་དབང་བསྒྱུར་བའི་ཚུལ་ལོ། །དང་པོ་ལ་རང་གི་དུས་གསུམ་གྱི་མཛད་པ་ཇི་ལྟར་སྟོན་པའི་ཚུལ། གཞན་གྱི་དུས་གསུམ་གྱི་མཛད་པ་མ་ལུས་པ་ཇི་ལྟར་སྟོན་ཚུལ་ལོ། །དང་པོ་ལ། བྱིས་པའི་དུས་ཀྱི་མཛད་པ་ཇི་ལྟར་སྟོན་པའི་ཚུལ་དང༌། སྔོན་བྱང་སེམས་ཀྱི་དུས་ཀྱི་མཛད་པ་ཇི་ལྟར་སྟོན་པའི་ཚུལ་ལོ། །དང་པོ་ནི། ཐུབ་པའི་དབང་པོ་ཆོས་ཅན། ལོངས་སྐུ་ལས་གཞན་དུ་གྱུར་པའི་རྒྱུ་མཐུན་གྱི་སྐུས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ལོངས་སྐུ་དེའི་རྒྱུ་མཐུན་གྱི་གཟུགས་སྐུ་གཅིག་ལ་སྔོན་གྱི་བྱིས་པའི་དུས་ཀྱི་རང་གི་སྐྱེ་བའི་གནས་སྐབས་སྔར་འགགས་ཟིན་པ་རྣམས་གསལ་བ་དང༌། མ་འཆོལ་བ་སྟེ་མ་འདྲེས་པར་བྱུང་བའི་ཚུལ་ནི། མ་ལུས་པས་བཀྲ་བ་མཐའ་དག་གཟུགས་བརྙན་གྱི་ཚུལ་དུ་སྟོན་པར་མཛད་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཡང་དེ་ཡིན་ཏེ། སྔོན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པ་ན། སངས་རྒྱས་ཀྱི་ཞིང་གི་ཁྱད་པར་ཅི་འདྲ་བར་ཐུབ་པའི་དབང་པོ་ཅི་འདྲ་བ་ཞིག་གིས་མཛད་པ་བཅུ་གཉིས་ཚུལ་ཇི་ལྟར་བསྟན་པའི་ཚུལ་དེ། སངས་རྒྱས་དེའི་སྐུ་དང༌། སྤྱོད་པའི་ཁྱད་པར་དང༌། མཐུ་སྟོབས་ཅི་འདྲ་བ་དང༌། ཉན་ཐོས་ཀྱི་དགེ་འདུན་ཇི་སྙེད་འདུས་པ་དང༌། ཆོས་གང་ལ་ནན་ཏན་བྱས་པས་དགེ་འདུན་དེར་གྱུར་པ་ཇི་ལྟ་བ་དང༌། ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་གཟུགས་ཇི་འདྲ་བ་དང༌། ཆོས་ཇི་འདྲ་བ་བསྟན་པ་དང༌། ཞིང་དེར་བདག་ཉིད་བྲམ་ཟེ་ལ་སོགས་པ་ཇི་འདྲ་བར་གྱུར་པ་དང༌། བདག་ཉིད་ཀྱིས་ཆོས་གང་ཐོས་ནས་སྤྱོད་པ་གང་ལ་སྤྱད་པ་དང༌། སངས་རྒྱས་དེ་དང༌། བྱང་སེམས་དེ་དག་ལ་སྦྱིན་པར་བྱ་བའི་དངོས་པོ་གང་དུས་དང༌། ཚད་ཇི་ཙམ་ཕུལ་བ་དེ་ནི་མ་ལུས་པ་ཁྱོད་ཀྱི་རྒྱུ་མཐུན་གྱི་སྐུ་གཅིག་ལ་སྟོན་པར་མཛད་པའི་ཕྱིར་དང༌། སྦྱིན་པའི་ཕར་ཕྱིན་ལ་སྔོན་སྤྱད་པའི་བྱུང་བ་ཇི་ལྟར་སྟོན་པ་དེ་བཞིན་དུ། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་བསམ་གཏན་དང༌། ཤེས་རབ་ཀྱི་ཕར་ཕྱིན་ལ་སྔོན་སྤྱོད་པའི་ཚེའམ་སྔར་གྱི་གནས་སྐབས་གང་མ་ཚང་བ་མེད་པ་དེ་དག་མ་ལུས་པ་རྒྱུ་མཐུན་གྱི་སྐུ་གཅིག་ལ་སྟོན་པར་མཛད་པའི་ཚུལ་དང༌། སྐུ་གཅིག་ལ་དེ་ལྟ་བུའི་གནས་སྐབས་ཐམས་ཅད་ཅིག་ཆར་སྟོན་པ་ལྟ་ཞོག ཉིད་ཀྱི་སྔོན་གྱི་སྤྱོད་པ་ཀུན་སྐུའི་བ་སྤུའི་ཁུང་པུ་གཅིག་ཏུའང་གསལ་བར་སྟོན་པའི་ཕྱིར། གཉིས་པ་གཞན་གྱི་སྤྱོད་པ་ཇི་ལྟར་སྟོན་པའི་ཚུལ་ལ། སངས་རྒྱས་ཀྱི་མཛད་པ་ཇི་ལྟར་སྟོན་པའི་ཚུལ་དང༌། བྱང་སེམས་སོགས་ཀྱི་མཛད་པ་ཇི་ལྟར་སྟོན་པའི་ཚུལ་ལོ། །དང་པོ་ནི། ཐུབ་པའི་དབང་པོ་ཆོས་ཅན། སངས་རྒྱས་གང་དག་འདས་པ་དང༌། མ་འོངས་པ་ན་འབྱུང་བར་འགྱུར་བ་གང་དང༌། སངས་རྒྱས་གང་ད་ལྟ་ནམ་མཁའི་མཐར་ཐུག་པར་གདངས་མཐོན་པོས་ཆོས་སྟོན་པས་སྡུག་བསྔལ་གྱིས་བཟུང་བའི་འགྲོ་བ་རྣམས་དབུགས་འབྱིན་ཞིང༌། འཇིག་རྟེན་ན་བཞུགས་པ་དང༌། དང་པོའི་ཐུགས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དུས་གསུམ་གྱི་རྒྱལ་བ་དེ་དག་གི་སྤྱོད་པ་ཀུན། བདག་གི་སྤྱོད་ཚུལ་སྟོན་པ་དེ་བཞིན་དུ། བ་སྤུའི་ཁུང་བུར་དུས་གཅིག་ལ་ནི་གསལ་བ་སྟོན་ནུས་པ་ཡིན་ཏེ། ཐ་མལ་གྱི་མིག་འཕྲུལ་མཁན་དག་གིས་ཀྱང་རང་ལུས་ལ་དངོས་པོ་སྣ་ཚོགས་སྟོན་ནུས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་པོ་རྣམས་ཀྱི་རང་བཞིན་མིག་འཕྲུལ་དང་བདེན་བརྫུན་ཁྱད་པར་མེད་པར་མཁྱེན་ནས་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ལ་གོམས་པ་རྣམས་ཀྱིས་དེ་ལྟར་སྟོན་མི་ནུས་པ་མི་སྲིད་པའི་ཕྱིར། གཉིས་པ་ནི། ཐུབ་པའི་དབང་པོ་ཆོས་ཅན། སྤྲུལ་པ་གཞན་ཡང་སྟོན་པར་ནུས་པ་སྟེ། ཉིད་ཀྱི་སྤྱོད་པ་དང༌། དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་དག་བ་སྤུའི་ཁུང་བུར་སྟོན་པ་དེ་བཞིན་དུ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང༌། རང་རྒྱལ་འཕགས་པ་དང༌། ཉན་ཐོས་མ་ལུས་པའི་སྤྱོད་པ་དང༌། དེ་རྣམས་ཀྱི་ལྷག་མ་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ནི་ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་གི་ཚེ་ཅིག་ཆར་སྟོན་ནུས་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་འདི་ལ་སྔ་རབས་པ་རྣམས་ཀྱིས་སྐུ་གསུམ་པོ་གང་ཡང་མ་ཡིན་པའི་རྒྱུ་མཐུན་གྱི་སྐུ་ཞེས་འཆད་ལ། དེའི་ཤེས་བྱེད་ནི། འགྲེལ་པར། ཆོས་ཀྱི་སྐུ་ལས་བྱུང་བའམ། གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཀྱང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་འགྱུར་བ་རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་འདུལ་བའི་རྒྱུས་འབྱུང་བ་ཞེས་གསུངས་པ་ལ་བརྟེན་པར་སྣང་ལ། སྐུ་གསུམ་དུ་བསྡུ་བའི་ཚེ་སྤྲུལ་སྐུའི་ནང་དུ་བསྡུ་དགོས་སོ། །གཉིས་པ། བཞེད་པ་ལ་དབང་བསྒྱུར་བའི་ཚུལ་ནི། དྲི་མས་དག་པའི་སངས་རྒྱས་འདི་ནི་ཆོས་ཅན། བཞེད་པ་འཇུག་པའི་སྒོ་ནས་ཡུལ་དུས་ཐམས་ཅད་ལ་དབང་བསྒྱུར་ནུས་པའང་ཡིན་ཏེ། ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་རྣམས་རྡུལ་ཕྲ་རབ་གཅིག་གི་ཡུལ་གྱི་ཁྱོན་ལ་སྟོན་པར་ནུས་ལ། འཇིག་རྟེན་མཐས་གཏུགས་པ་རྡུལ་ཕྲ་རབ་གཅིག་གི་ཕྱོགས་ཀྱིས་ཁྱབ་པ་ཡང་སྟོན་མོད། དེ་ལྟར་སྟོན་པས་རྡུལ་རགས་པར་ཡང་མི་འགྱུར་ལ། འཇིག་རྟེན་ཕྲ་བར་མི་འགྱུར་བར་སྟོན་པའི་ཕྱིར་དང༌། རྣམ་པར་རྟོག་པ་མི་མངའ་བ་ཁྱོད་ཀྱིས་འཁོར་བ་སྲིད་པའི་མཐའི་བར་དུ་སྐད་ཅིག་རེ་རེ་ལ་སྤྱོད་པ་སྣ་ཚོགས་ཇི་སྙེད་སྟོན་པ་དེ་སྙེད་ཀྱི་གྲངས་ནི། འཛམ་བུ་གླིང་མ་ལུས་པ་ན་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ལ་མེད་པའི་ཕྱིར་དང༌། གཉིས་པ་དེ་ལྟར་སྟོན་ནུས་པའི་རྒྱུ་སྟོབས་སོགས་བཤད་པ་ལ། སྟོབས་ཀྱི་ཡོན་ཏན་ཙམ་ཞིག་བརྗོད་ནས་ཡོན་ཏན་གཞན་ནམ་མཁའ་ལྟར་མཐའ་ཡས་པར་བསྟན། བསྟན་བཅོས་འདིར་ཟབ་པ་དང༌། རྒྱ་ཆེ་བའི་ཡོན་ཏན་གཉིས་བསྟན་པ་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་ཐོབ་པའི་རྒྱུར་བསྟན་པའོ། །དང་པོ་ལ་དངོས་དང༌། ཡོན་ཏན་གཞན་མི་བརྗོད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད། དང་པོ་ནི། སྟོབས་ནི་ཆོས་ཅན། བཅུར་ཡོད་དེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་བློ་སྟེ་སྟོབས་དང༌། མོས་པ་སྣ་ཚོགས་པ་ཐུགས་སུ་ཆུད་པའི་སྟོབས་དང༌། ཁམས་ནི་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་དབང་པོ་མཆོག་དང་མཆོག་མ་ཡིན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་རྣམ་ཐར་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སོགས་མཁྱེན་པའི་བློའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་མཁྱེན་པའི་སྟོབས་དང༌། དེ་བཞིན་དུ་འཆི་འཕོ་བ་དང༌། སྐྱེ་བ་མཁྱེན་པའི་བློའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བཅུ་པོ་འདི་དག་ཡོད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། སྟོབས་དང་པོ་ལྔ་བཤད། སྟོབས་ཕྱི་མ་ལྔ་བཤད། དང་པོ་ནི། རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་པའི་རྒྱུ་དེ་ནི་འབྲས་བུ་དེའི་གནས་སུ་དེ་ལྟར་མཁྱེན་པ་སངས་རྒྱས་རྣམས་ཀྱིས་གསུངས་པ་དེ་ལྟར་བཤད་པ་ལས་བཟློག་པ་དེ་ལ་ནི་གནས་མ་ཡིན་པ་ཞེས་བྱ་ལ། དེ་ལྟ་བུའི་ཤེས་བྱ་མཐའ་ཡས་པ་ལ་ཆགས་ཐོགས་སྤངས་པའི་མཁྱེན་པ་ནི་ཆོས་ཅན། གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས་སུ་བཤད་པ་ཡིན་ཏེ། གནས་དང་གནས་མ་ཡིན་པ་ལ་ཐོགས་པ་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་པ་དགེ་བའི་ལས་ཟག་བཅས་དང༌། མི་འདོད་པ་མི་དགེ་བའི་ལས་དང༌། དེ་ལས་ཟློག་པ་འདོད་མི་འདོད་འདྲེས་པའི་ལས་དང༌། ཟག་བཅས་ཀྱི་ལས་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ཀྱི་དངོས་པོ་དང༌། ཟག་བཅས་ཀྱི་ལས་དེའི་རྣམ་པར་སྨིན་པ་ཤིན་ཏུ་སྣ་ཚོགས་པ་ལའང་མཁྱེན་པའི་དུས་མཐུ་ཐོགས་པ་མེད་པ་སོ་སོར་འཇུག་པར་འགྱུར་བ་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་མ་ལུས་པ་ལ་ཁྱབ་པར་མཛད་པ་དེ་ནི་ཆོས་ཅན། ལས་དང་རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་དེ། དེ་ལ་ཐོགས་པ་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། ཞེས་ལྷག་མ་རྣམས་ལའང་རིགས་བསྒྲེའོ། །འདོད་ཆགས་དང༌། དེས་མཚོན་པའི་ཞེ་སྡང་དང༌། དད་སོགས་ཀྱི་བག་ཆགས་འབྱུང་བའི་སྟོབས་ཀྱིས་བསྐྱེད་པའི་འདོད་པའམ། མོས་པ་ཤིན་ཏུ་སྣ་ཚོགས་པ་དང༌། དམན་པ་དང༌། འབྲིང་དང༌། གང་ཡང་ཁྱད་པར་དུ་འཕགས་པའི་འདོད་པ་དང༌། འདོད་ཆགས་ལ་ཞེ་སྡང་གིས་གཡོགས་ཤིང༌། སྒྲིབ་པ་ལྟ་བུ་མོས་པ་དེ་ལས་གཞན་གྱིས་གཡོགས་ཤིང་སྒྲིབ་པ་ལྟ་བུའི་མོས་པ་ལ་ཡང་ཐོགས་པ་མེད་པའི་མཁྱེན་པ་ནི། དུས་གསུམ་གྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པ་དེ་ནི་ཆོས་ཅན། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་སྟེ་དེའི་ཕྱིར་རོ། །སངས་རྒྱས་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་མཁས་པ་རྣམས་ཀྱི་མིག་དང་གཟུགས་ལ་སོགས་པའི་ཁམས་བཅོ་བརྒྱད་དང༌། སའི་ཁམས་སོགས་དང༌། འདོད་པའི་ཁམས་ལ་སོགས་པའི་རང་བཞིན་ཏེ་སྟོང་པ་ཉིད་གང་ཡིན་པ་དེ་ཁམས་སུ་གསུངས་ལ། དེ་འདྲའི་རྣམ་ཀུན་གྱི་ཁམས་ཁྱད་པར་མ་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཤིང་འཇུག་པ་ནི་ཆོས་ཅན། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་སུ་འདོད་པ་ཡིན་ཏེ། རྟགས་སྔ་མ་དང་འདྲ་བ་དེའི་ཕྱིར་རོ། །ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་ཆགས་སོགས་བསྐྱེད་པ་ལ་དབང་བྱེད་པའི་དོན་གྱི་དབང་པོ་ཞེས་བྱ་ལ། རྟོག་པའི་སྒྲས་བསྡུས་པ་དང་སོགས་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། དབང་པོ་འབྲིང་གི་གནས་སྐབས་དང༌། དབང་པོ་བརྟུལ་པོ་ཉིད་ནི་མཆོག་མིན་པར་བཤད་པ་དང༌། མིག་ལ་སོགས་པའི་དབང་པོ་རང་གི་ངོ་བོ་ཡིན་པ། ཕན་ཚུན་ནུས་པ་བསྒྲུབ་པའི་ནུས་པ་བྱང་ཆུབ་ཅིང་ཐུགས་སུ་ཆུད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་མེད་པའི་མཁྱེན་པ་དེ་ནི་ཆོས་ཅན། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སུ་བཤད་པ་ཡིན་ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། ཁྱོད་དེར་གསུངས་པའི་ཕྱིར། གཞན་རྣམས་ལའང་གཏན་ཚིགས་འདི་ལྟར་སྦྱར་ན་འགྲེལ་པ་དང་མཐུན་ནོ། །གཉིས་པ་ནི། ཡང་ལམ་འགའ་ཞིག་རྒྱལ་བ་ཉིད་དུ་འགྲོ་བ་དང༌། ལམ་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང་ནི། ལམ་འགའ་ཞིག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང༌། ཡི་དྭགས་དང་དུད་འགྲོ་དང༌། ལྷ་དང༌། མི་རྣམས་དང༌། དམྱལ་བ་ལ་སོགས་པར་འགྲོ་བའི་ལམ་དེ་རྣམས་ལ་ཆགས་ཐོགས་མེད་པའི་མཁྱེན་པ་དེ་ཆོས་ཅན། ཐམས་ཅད་དུ་འགྲོ་བའི་མཁྱེན་པའི་སྟོབས་སུ་འདོད་པ་ཡིན་ཏེ། རྟགས་སྔ་མའི་ཕྱིར་རོ། །འཇིག་རྟེན་མཐའ་ཡས་པ་ན་ཡོད་པའི་རྣལ་འབྱོར་པའི་བྱེ་བྲག་ཐ་དད་ལ་ཡོད་པའི་བསམ་གཏན་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། གང་ཡང་ཞི་གནས་གང་དག་དང༌། སྙོམས་འཇུག་གི་ཁྱད་པར་གཅིག་དང་བརྒྱད་དུ་འགྱུར་བ་སྟེ་མཐར་གནས་ཀྱི་སྙོམས་འཇུག་དགུ་དང༌། དེར་མ་ཟད། ཀུན་ནས་ཉོན་མོངས་པའི་རྒྱུ་མ་རིག་པ་དང༌། ཚུལ་མིན་ཡིད་བྱེད་སོགས་དང༌། རྣམ་པར་བྱང་བའི་རྒྱུ་གཞན་ལས་རྗེས་སུ་མཐུན་པའི་ཆོས་ཐོབ་པ་དང༌། སོ་སོ་རང་གིས་རིག་པའི་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་དེ་ལ། ཆགས་ཐོགས་མེད་པའི་མཁྱེན་པ་དེ་ནི་ཆོས་ཅན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་སུ་གྱུར་པ་ཡིན་ཏེ། ཞེས་སྦྱར་རོ། །ཡང་ཇི་སྲིད་གཏི་མུག་མ་ཟད་དེ་སྲིད་དུ་འཁོར་བར་གནས་པ་ན། འདས་པའི་དུས་སུ་བདག་དང་སེམས་ཅན་གཞན་རེ་རེའི་སྲིད་པ་ཡང་ཤེས་པའི་ཚུལ་ནི་སེམས་ཅན་གྱི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་མཐའ་ཡས་པ་སྟེ། བསམ་གྱིས་མི་ཁྱབ་པའི་གཞི་སྟེ་རྒྱུ་དང་བཅས་པ་དྲན་པ་དང༌། ཡུལ་ཕྱོགས་འདི་ལྟར་སྐྱེས་སོ་ཞེས་བྱ་བ་དང་བཅས་པ་རྣམས་ལ་མཁྱེན་བློ་ཐོགས་པ་མེད་པ་གང་དང་གང་ཡིན་པ་དེ་ནི་ཆོས་ཅན། སྔོན་གྱི་གནས་རྗེས་སུ་དྲན་པའི་སྟོབས་སུ་བཤད་པ་ཡིན་ཏེ། ཞེས་སྦྱར། ཡང་སེམས་ཅན་རྣམས་ཀྱིས་སེམས་ཅན་རེ་རེའི་འཆི་བ་འཕོ་བ་དང༌། སྐྱེ་བ་གང་ཡིན་ལ་གནས་པ་ནམ་མཁའི་མཐར་ཐུག་པ་དང༌། ལས་བཟང་ངན་སྣ་ཚོགས་པའི་བཟོ་བོས་བཀྲ་བར་བྱས་པའི་མང་པོ་དེ་ལ་དུས་དེར་མ་ཆགས་པར་འཇུག་པ་ཡིས་རྣམ་པ་ཀུན་དུ་ཡོངས་སུ་དག་པའི་མཁྱེན་པ་དེ་ཆོས་ཅན། མཐའ་ཡས་པའི་འཆི་འཕོ་བ་དང༌། སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་པ་ཡིན་ཏེ། ཞེས་སྦྱར་རོ། །རྣམ་པ་ཀུན་མཁྱེན་པའི་རྒྱལ་བ་རྣམས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་དག་ནི་བག་ཆགས་དང་བཅས་པ་འཇིག་ཅིང་བཅོམ་པར་གྱུར་པ་དང༌། སློབ་མ་ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་ཟག་པ་མེད་པའི་བློ་ཡིས་ཉོན་མོངས་རྣམས་འགོག་པ་དེ་གང་ཡིན་པ་དེ་ལ་ཆགས་ཐོག་མེད་པའི་མཁྱེན་པ་ནི་ཆོས་ཅན། མཐའ་ཡས་པའི་ཟག་པ་ཟད་པའི་སྟོབས་སུ་འདོད་པ་ཡིན་ནོ། །གཉིས་པ་ཡོན་ཏན་གཞན་མི་བརྗོད་པའི་རྒྱུ་མཚན་ནི། ཟླ་བ་གྲགས་པ་བ་དག་ཆོས་ཅན། ཁྱོད་འདྲས་སངས་རྒྱས་ཁྱོད་ཀྱི་ཡོན་ཏན་འདི་དག་ཅི་ཤེས་པ་དང་ནི་བརྗོད་ནུས་པར་འགྱུར་ཏེ་མི་ནུས་པ་ཡིན་ཏེ། འདབ་ཆགས་འདི་ནི་ནམ་མཁའ་མེད་པས་ལྡོག་པར་མི་འགྱུར་གྱི་རང་གི་མཐུ་ཟད་པས་ལྡོག་པར་འགྱུར་བ་དེ་བཞིན་དུ། སློབ་མ་ཉན་ཐོས་དང་རང་སངས་རྒྱས་དང༌། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་མཁའ་ལྟར་མཐའ་ཡས་པ་བརྗོད་པས་ལྡོག་པར་འགྱུར་བ་ནི། སངས་རྒྱས་ཀྱི་ཡོན་ཏན་ཟད་པས་མ་ཡིན་གྱི་རང་གི་བློའི་མཐུ་ཟད་ནས་ལྡོག་པ་ཡིན་པ་དེའི་ཕྱིར། འོན་ཀྱང་སངས་རྒྱས་ལ་ཡོན་ཏན་བདག་གི་མི་མང་ངམ་སྙམ་པའི་དོགས་པ་སྤངས་ཏེ། ཡོན་ཏན་གྱི་ཕྱོགས་གཅིག་ལས་བརྩམས་ཏེ་ཅུང་ཟད་ཙམ་ཅིག་སྨྲས་པ་ཆོས་ཅན། རང་བཟོར་སྨྲས་པ་མ་ཡིན་ཏེ། ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པ་ལ་བརྟེན་ནས་སྨྲས་པའི་ཕྱིར། འཕགས་པས་མདོའི་རྗེས་སུ་འབྲངས་ནས་བཤད་པ་ལྟར་འདིར་ཡང་བཤད་ཅེས་པའོ། །འདིར་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཤེས་བྱ་མཁྱེན་པའི་ཚུལ་ལ། གཞན་དག་ན་རེ། བདེན་གཉིས་རང་འགྲེལ་དུ། མཁྱེན་པའི་སྐད་ཅིག་གཅིག་གི་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལྟར། སངས་རྒྱས་ཀྱི་སར་མཉམ་རྗེས་ངོ་བོ་ཐ་དད་མེད་པའི་ཡེ་ཤེས་གཅིག་གི་ཤེས་བྱ་བདེན་གཉིས་ཐམས་ཅད་ཅིག་ཆར་མཁྱེན་དགོས་ལ། གང་གི་ཚེ་ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བ་དེའི་ཚེ། བློ་དེའི་ངོ་བོར་གཉིས་སུ་སྣང་བ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ། །གང་གི་ཚེ། ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་མཁྱེན་པ་དེའི་ཚེ་ཡུལ་ཡུལ་ཅན་སོ་སོར་སྣང་བའི་གཉིས་སྣང་ཡོད་ཀྱང་སྣང་ཡུལ་ལ་འཁྲུལ་བ་མིན་ཏེ། གཉིས་སྣང་འཁྲུལ་པའི་བག་ཆགས་དྲུངས་ཕྱུང་བའི་ཕྱིར། དེས་ན་ཆོས་ཅན་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པ་མ་ཡིན་ལ། ཆོས་ཉིད་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པ་མིན་ཏེ། དོན་འདི་ཤེས་པ་ན་བདེན་གཉིས་ལས། བཏགས་པའི་དངོས་པོ་དབེན་པ་ཡིས། །ཇི་ལྟར་སྣང་བ་འདི་ཁོ་ན། །རྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དང༌། གང་ཚེ་ཤེས་དང་ཤེས་བྱ་དག །མཉམ་ཉིད་རྗེས་སུ་མ་མཐོང་བ། །དེ་ཚེ་མཚན་མ་མི་འགྱུར་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་སངས་རྒྱས་ཀྱི་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་དང༌། དེ་ཡང་གཉིས་སུ་སྣང་བའི་ཚུལ་གྱིས་ཤེས་པ་དང༌། ཤེས་བྱ་གང་ཡང་མི་མཐོང་བར་གསུངས་པ་དང༌། ཆེན་པོ་གཞན་དག་གིས་ཀྱང་དེ་དང་འདྲ་བར་གསུངས་པ་རྣམས་ལ། ཤེས་པ་དང་ཤེས་བྱ་གང་ཡང་མི་མཐོང་བར་སངས་རྒྱས་ཀྱིས་མཐོང་བ་སངས་རྒྱས་རང་སྣང་གི་དབང་དུ་བྱས་པ་དང༌། ཤེས་བྱ་ཐམས་ཅད་མངོན་དུ་མཁྱེན་པ་གདུལ་བྱ་གཞན་སྣང་གི་དབང་དུ་བྱས་པ་ཡིན་པས། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ཅེས་ཟེར་མ་དགོས་པར་ཡེ་ཤེས་གཅིག་ཉིད་ཡུལ་གཉིས་ལ་ལྟོས་ཏེ་མཁྱེན་ཚུལ་མི་འདྲ་བ་གཉིས་འོང་བ་ལ་འགལ་བ་ཅུང་ཟད་ཀྱང་མེད་པར་ཤེས་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ལ་ཅུང་ཟད་དཔྱད་ན། འོ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པ་མཁྱེན་ནམ་མི་མཁྱེན་གཉིས་པ་ལྟར་དངོས་འགལ། གོང་ལྟར་ན། གཉིས་སྣང་དང་བཅས་ནས་སམ་གཉིས་སྣང་མེད་པར་མཁྱེན། གཉིས་པ་ལྟར་དངོས་སུ་འགལ། དང་པོ་ལྟར་ན་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཆོས་ཅན། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་བར་ཐལ། ཇི་སྙེད་པ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་མཁྱེན་པའི་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན་ཁས་བླངས་ཤིང༌། ཆོས་ཅན་ཇི་སྙེད་པ་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་བར་ཐལ། འདོད་པའི་ཕྱིར། འདོད་ན་ཁས་བླངས་མོད། གཉིས་སྣང་ཅན་གྱི་ཤེས་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན་ཁས་བླངས་མོད། དེ་ཆོས་ཅན་གཉིས་སྣང་ཉེ་བར་ཞི་བའི་ཤེས་པར་ཐལ། ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་བའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འགལ་བར་ཐལ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ན་ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སུ་སོང་དགོས། དེ་ཡིན་ན། གཉིས་སྣང་ནུབ་པའི་ཤེས་པ་ཡིན་དགོས་དེ་ཡིན་ན། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མིན་དགོས་པའི་ཕྱིར། རྟགས་བསལ་ཁས་བླངས། ཇི་ལྟ་བ་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཆོས་ཅན་ལ་ལྟོས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མིན་པར་ཐལ། དེ་ལ་ལྟོས་ཏེ་ཇི་ལྟ་བ་མཁྱེན་པའི་ཕྱིར་དང༌། ཆོས་ཉིད་ལ་ལྟོས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པར་ཐལ། དེ་ལ་ལྟོས་ཏེ་ཇི་སྙེད་པ་མི་མཁྱེན་པའི་ཕྱིར། རྟགས་ཁས་བླངས་སོ། །མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་བདེན་པ་གཉིས་ཆར་མཁྱེན་པར་འདོད་པ་དང༌། ཡེ་ཤེས་གཅིག་པོ་དེས་དོན་དམ་བདེན་པ་མཁྱེན་པའི་ཚེ། བློ་དེའི་ངོ་བོར་ཀུན་རྫོབ་བདེན་པའི་སྣང་བ་མེད་པར་ཁས་ལེན་པ་འགལ་ལོ། །དེས་ན་རང་གི་ལུགས་ནི། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཆོས་ཅན་ལ་ལྟོས་ནས་ཇི་ལྟ་བ་མཁྱེན་པར་སོང་བ་ཡིན་ཏེ། དེ་ལ་ལྟོས་ཏེ་གནས་ལུགས་རྟོགས་པའི་ཤེས་པར་སོང་བའི་ཕྱིར། འོན་ཀྱང༌། ཆོས་ཅན་སྣ་ཚོགས་པ་མཁྱེན་པའི་ཆ་ནས་ཇི་ལྟ་བ་མཁྱེན་པར་བཞག་པ་མ་ཡིན་ནོ། །འོ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་ངོར་ནི་གཉིས་སྣང་ཐམས་ཅད་ནུབ་པར་གསུངས་པ་དང༌། གཟུགས་ཀྱི་སྐུའི་ཡེ་ཤེས་ཀྱི་ངོར་གཉིས་སྣང་ཡོད་པར་གསུངས་པ་ནི། སངས་རྒྱས་རང་སྣང་དང་གདུལ་བྱ་གཞན་སྣང་གི་དབང་དུ་བྱས་པར་གསལ་ལོ། །རྒྱས་པར་ནི་གཞན་དུ་འཆད་དོ། །གཉིས་པ་བསྟན་བཅོས་འདིར་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་བསྟན་པ་དེ་ཡོན་ཏན་གཞན་ཐོབ་པའི་རྒྱུར་བསྟན་པ་ནི། བསྟན་ཆོས་འདིར་སངས་རྒྱས་ཀྱི་ཡོན་ཏན་ཟབ་པ་དང༌། རྒྱ་ཆེ་བ་གཉིས་བསྟན་པ་ལས་ཟབ་མོ་ནི་སྟོང་པ་ཉིད་ལ་བྱ་ལ། དེ་ཡང་ཆོས་ཀྱི་སྐུའི་ཡོན་ཏན་གྱི་དབང་དུ་བྱས་པ་ཡིན་ལ། རྒྱས་པ་ནི་ཡོན་ཏན་གཞན་སྦྱིན་སོགས་ཕར་ཕྱིན་དྲུག་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོགས་ལ་བྱ་ལ། དེ་ཡང་གཟུགས་ཀྱི་སྐུའི་ཡོན་ཏན་གྱི་དབང་དུ་བྱས་པ་ཡིན་ཞིང༌། དེ་འདྲའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་བསྟན་བཅོས་འདིར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་ཤེས་པས་བཤད་མ་ཐག་པའི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཡོན་ཏན་འདི་དག་ཐོབ་པར་འགྱུར་བའི་ཕྱིར་རོ། །གཉིས་པ་དེ་ལས་སྤྲུལ་སྐུའི་སྣང་བ་ཤར་ནས་ཆོས་ཇི་ལྟར་སྟོན་པའི་ཚུལ་ལ། ལོངས་སྐུས་སྤྲུལ་སྐུའི་མཛད་པ་ཇི་ལྟར་སྟོན་པའི་ཚུལ། དེས་ཆོས་སྟོན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འོག་མིན་དུ་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་ལས་མི་གཡོ་བའི་སྐུ་མངའ་བ་ཁྱོད་ཀྱིས་སླར་ཡང་སྤྲུལ་པ་རྣམས་ཀྱི་སྲིད་པ་གསུམ་དུ་བྱོན་ནས་གཤེགས་པ་དང་བལྟམས་པ་དང༌། མངོན་པར་བྱང་ཆུབ་པ་དང༌། ཞི་བ་དམ་པའི་ཆོས་ཀྱི་འཁོར་ལོའང་བསྐོར་བར་སྟོན་པ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ཇི་ལྟར་མཛད་པ་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་མང་པོས་བཅིངས་པ་མ་ལུས་པ་ཐུགས་རྗེ་མྱ་ངན་ལས་འདའ་བར་མཛད་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། མཐར་ཐེག་པ་གཅིག་ཏུ་བཀྲི་བའི་ཚུལ། གནས་སྐབས་ཐེག་པ་གསུམ་དུ་སྟོན་པའི་རྒྱུ་མཚན་དང་དགོས་པ་བཤད་པའོ། །དང་པོ་ནི། མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། ཁྱོད་ཀྱི་གདུལ་བྱའི་འགྲོ་བ་ལ་ཐེག་པ་གཞན་དང་མི་མཉམ་པ་གཉིས་དང་ལ་སོགས་པའི་སྒོ་ནས་དབྱེར་མེད་པ་གཅིག་ཏུ་སྟོན་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། གང་གི་ཕྱིར་འདི་ན་དེ་ཁོ་ན་ཉིད་ཤེས་པ་ལས་དྲི་མ་མཐའ་དག་སེལ་བ་ནི་ལྷུར་བྱེད་པ་གཞན་མེད་པའི་ཕྱིར་དང༌། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་མི་འདྲ་བའི་རྣམ་འགྱུར་གྱི་དབྱེ་བ་ལའང་བརྟེན་པ་མ་ཡིན་པའི་ཕྱིར་དང༌། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་བློ་གྲོས་འདི་ཡང་འཛིན་སྟངས་མི་འདྲ་བའི་སྒོ་ནས་ཐ་དད་པར་འགྱུར་བའང་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ནི། མཆོག་གི་སྤྲུལ་སྐུ་ཆོས་ཅན། གནས་སྐབས་ཐེག་པ་གསུམ་དུ་སྟོན་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་པ་རྣམས་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་མོ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་འཇུག་པར་མི་འགྱུར་ཞིང་སྟེ་དེའི་ཕྱིར་དང༌། རྒྱུ་མཚན་གཞན་ཡང་གང་གི་ཕྱིར་ན། བདེ་བར་གཤེགས་པ་ཁྱོད་ལ་མཁྱེན་རབ་དང་ཐུགས་རྗེ་ཐབས་དང་ལྡན་པ་ཅིག་མངའ་བའི་ཕྱིར་དང༌། བདག་གི་སེམས་ཅན་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་མོ་མྱུར་དུ་འཇུག་པར་མི་ནུས་པ་རྣམས་ཀྱང་སྒྲོལ་ཞེས་ཞལ་གྱིས་བཞེས་པའི་ཕྱིར་རོ། །གཏན་ཚིགས་དང་པོ་གྲུབ་སྟེ། གང་གི་ཕྱིར། འགྲོ་བ་རྣམས་ལ་སེམས་ལས་སུ་མི་རུང་བའི་ཉེས་པ་སྐྱེད་པར་བྱེད་པའི་རྒྱུ་སྙིགས་མ་ལྔ་པོ་འདི་དག་ཡོད་པར་འགྱུར་བ་དེའི་ཕྱིར། དགོས་པ་ནི། རྒྱུ་མཚན་དེའི་ཕྱིར་སྤྲུལ་པའི་ཁྱོད་ཀྱི་ཐེག་པ་གཉིས་པོ་འདི་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེད་དཔོན་ཐབས་ལ་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་ཚོགས་ཀྱི་ངལ་བ་ཉེ་བར་སེལ་བའི་དོན་དུ་བར་དུ་གྲོང་ཁྱེར་ཡིད་འོང་རྣམ་པར་བཀོད་པ་ལྟར། དམན་པར་རིགས་ངེས་པའི་སློབ་མ་རྣམས་སྡུག་བསྔལ་ཉེ་བར་ཞི་བའི་ཚུལ་ལ་ཡིད་ཉེ་བར་སྦྱར་བའི་ཕྱིར་དུ་གསུངས་པའི་ཕྱིར། ཡང་དེ་ལས་ཐེག་པ་ཆེན་པོ་གཅིག་ཏུ་གསུངས་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་བློའི་སྐྱོན་སྦྱངས་པ་ཐེག་པ་ཆེན་པོ་རིགས་ངེས་པ་རྣམས་ལ་དང༌། ཉོན་མོངས་པས་རྣམ་པར་དབེན་པ་ཉན་རང་དགྲ་བཅོམ་པ་རྣམས་ལའང་སྟེ། དེ་དག་ཐེག་པ་ཆེན་པོ་ཉིད་ལ་འཇུག་ནུས་པའི་ཕྱིར། གཉིས་པ་བྱང་ཆུབ་པ་དང༌། བཞུགས་པའི་ཚད་བཤད་པ་ལ། བྱང་ཆུབ་པའི་དུས་ཀྱི་བསྐལ་པ་རྡུལ་གྱི་གྲངས་ལས་འདས་པར་བསྟན། འཇིག་རྟེན་གྱི་དོན་ལ་བཞུགས་པའི་བསྐལ་པ་ནམ་མཁའ་དང་མཉམ་པར་བསྟན། དང་པོ་ནི་བདེ་བར་གཤེགས་པ་སྤྲུལ་པའི་སྐུ་ཆོས་ཅན། ཁྱོད་དང་པོར་བྱང་ཆུབ་པའི་དུས་ཀྱི་ཚད་བཟུང་བར་མི་ནུས་ཏེ། ཁྱོད་བྱང་ཆུབ་མཆོག་རབ་དམ་པར་བཞུགས་པའི་བསྐལ་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཕྱོགས་བཅུ་མ་ལུས་པའི་ཞིང་དག་ན། ཕྲ་རབ་རྡུལ་གྱི་རྡུལ་རྣམས་བཟློག་པར་གྱུར་པ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་ཕྱིར། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་སྣོད་མ་ཡིན་པ་ལ་བསྙད་པར་བགྱི་བ་མ་ལགས་སོ། །དེའི་རྒྱུ་མཚན་ནི་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ཐོས་ན་ལོག་པའི་རྒྱུར་འགྱུར་བ་སྲིད་པའི་ཕྱིར། གཉིས་པ་ལ། དངོས་དང༌། དེ་ལྟར་བཞུགས་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། རྒྱལ་བ་མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཏུ་ཞི་བ། སངས་རྒྱས་སུ་འགྲོ་བ་མ་ཡིན་ཞིང་སྟེ། སངས་མ་རྒྱས་ཀྱི་བར་དུ་དང༌། ནམ་མཁའ་རྣམ་པར་འཇིག་པར་གྱུར་པ་དེ་སྲིད་དུ་ཁྱོད་ལ་རབ་ཏུ་ཞི་བར་འགྱུར་བ་སྟེ། མྱ་ངན་ལས་འདའ་བ་གང་ལ་མངའ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱིས་བསྐྱེད་ནས་ཐུགས་རྗེའི་མ་མ་ཡིས་བསྐྱེད་བསྲིངས་པས། ནམ་མཁའ་མ་ཞིག་གི་བར་དུ་མྱ་ངན་ལས་མི་འདའ་བའི་ཚུལ་ལུགས་དེ་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ལ། རྒྱུ་མཚན་གཉིས་ལས། དང་པོ་ནི། མགོན་པོ་མཆོག་གི་སྤྲུལ་པའི་སྐུ་ཆོས་ཅན། མཆོག་ཏུ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་གཤེགས་པར་གྱུར་པ་མ་ལགས་ཏེ། གཏི་མུག་གི་སྐྱོན་གྱིས་ཁ་ཟས་དུག་བཅས་ཟ་བའི་འཇིག་རྟེན་ཏེ། འདོད་ཡོན་ལྔ་ལ་མངོན་པར་ཞེན་པའི་སྐྱེ་བོ། བཅོམ་ལྡན་འདས་ཉིད་ཀྱི་ནང་མི་སྟེ་ཐུགས་རྗེས་བདག་གིར་བྱས་པ་དེ་ལ། ཁྱོད་ཐུགས་བརྩེ་བ་ཇི་ལྟ་བ་དེ་ལྟར་དུ་དུག་ཟོས་པའི་བུ་ལ་མ་ཡིས་སྡུག་བསྔལ་བ་མ་ཡིན་པ་དེ་བས་ནའོ། །རྒྱུ་མཚན་གཉིས་པ་ནི། བཅོམ་ལྡན་འདས་མཆོག་གི་སྤྲུལ་པའི་སྐུ་ལ་ཁྱོད་ལ་ནི། ངེས་པའི་དོན་ལ་མྱ་ངན་ལས་འདའ་བ་མི་མངའ་སྟེ། ཐུགས་རྗེའི་དབང་གིས་ཁྱོད་ཐུགས་ཞི་བ་ཕྱོགས་གཅིག་པ་ལས་བཟློག་པས་སོ། །རྒྱལ་བ་ཆོས་ཅན། འཇིག་རྟེན་ཐུགས་རྗེའི་ཡུལ་དུ་རབ་ཏུ་དྭང་བའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན། མི་མཁས་པ་དངོས་པོར་མངོན་པར་ཞེན་པའི་བློ་ཅན་ལས་འབྲས་ལ་ཡིད་ཆེས་པས་ནི། ལྷ་དང་མིར་སྐྱེས་ནས། སྐྱེ་བའི་གནས་སྐབས་ཀྱི་སྡུག་བསྔལ་དང༌། འཇིག་པ་འཆི་བའི་གནས་སྐབས་ཀྱི་སྡུག་བསྔལ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པས་བསྐྱེད་པའི་སྡུག་བསྔལ་མྱོང་བ་དང༌། མི་མཁས་དངོས་པོ་མེད་པར་ཞེན་པའི་བློ་ཅན་ལོག་པར་ལྟ་བ་དང་ལྡན་པས་དམྱལ་བ་ལ་སོགས་སྡིག་ཅན་གྱི་འགྲོ་བ་ཐོབ་ནས། གོང་དུ་བཤད་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་བ་དེའི་ཕྱིར། གཉིས་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་དང༌། བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ལ་ཀླུ་སྒྲུབ་ཀྱི་གཞུང་བཞིན་བརྩམས་པས་རང་བཟོ་མེད་ཅིང༌། གཞུང་ལུགས་གཞན་ལས་ལུགས་འདི་མི་འབྱུང་བར་བསྟན། སེམས་ཙམ་གྱི་གཞུང་ལས་དེ་ཁོ་ན་ཉིད་དུ་བཤད་པ། དེ་དངོས་པོར་སྨྲ་བའི་ལུགས་སུ་བསྟན་པའོ། །དང་པོ་ལ། རང་བཟོ་མེད་པར་བསྟན། ལུགས་འདི་གཞུང་གཞན་ལས་མི་འབྱུང་བར་བསྟན། དང་པོ་ནི། བསྟན་བཅོས་དབུ་མ་ལ་འཇུག་པའི་ལུགས་འདི་ཆོས་ཅན། རང་བཟོ་མཛད་པ་མ་ཡིན་ཏེ། ཁྱོད་རྩོམ་པ་པོ་དགེ་སློང་ཟླ་བ་གྲགས་པ་ཡིས། ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ལས་བཏུས་ནས། ཀླུ་སྒྲུབ་ཀྱི་ལུང་ཇི་ལྟ་བ་བཞིན་དང༌། མན་ངག་ནི་ཇི་ལྟ་བ་བཞིན་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་ནི། བསྟན་བཅོས་འདི་ལྟར་བཤད་པའི་བདེན་གཉིས་ཀྱི་ཆ་འགའ་ཞིག་སེམས་ཙམ་གྱི་བསྟན་བཅོས་སོགས་ནས་ཀྱང་འབྱུང་ངམ་ཞེ་ན། བསྟན་བཅོས་འདིར་འབྱུང་བའི་ལུགས་གང་བརྒལ་ལན་དང་བཅས་པར་བསྙད་པ་འདི་དག་ཀྱང་ཆོས་ཅན། མདོ་སྡེ་པ་སོགས་ཀྱི་བསྟན་བཅོས་ན་མེད་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དགོས་ཏེ། ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་འདི་ལས་གཞན་ན། སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཇི་ལྟར་མེད་པ་དེ་བཞིན་ནོ་སྟེ་དེ་དང་མཚུངས་པའི་ཕྱིར། འདིར་འགྲེལ་པར། མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཟག་གི་དོན་དམ་པར་སྨྲ་བ་དེ་ཉིད་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི། དབུ་མའི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ། །གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་འདི་དོན་གྱི་དེ་ཁོ་ན་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང༌། དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པར་འཇིག་པར་གྱུར་པ་རྣམས། འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པ་དེའི་ཕྱིར། བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། སློབ་དཔོན་དབྱིག་གཉེན་སོགས་བསྟན་བཅོས་རྩོམ་པ་པོའི་སྐྱེ་བོ་རྣམས་ཀྱིས་ཆོས་ཅན། ཀླུ་སྒྲུབ་ཀྱི་བློ་མཚོར་འཁྲུངས་པའི་ལུགས་བཟང་པོ་གང་དག་རྒྱང་རིང་དུ་སྤངས་པའི་རྒྱུ་མཚན་ཡོད་དེ། ཀླུ་སྒྲུབ་ཞབས་ཀྱི་བློའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་བའི་ཁ་དོག་གིས་འཇིག་པས་སྤངས་པ་ཡིན་པའི་ཕྱིར། འོ་ན་ཟླ་བ་གྲགས་པས་ཀྱང་སྤངས་སམ་ཞེ་ན། ཟླ་བ་གྲགས་པ་ཆོས་ཅན། ཀླ་སྒྲུབ་ཀྱི་བློ་མཚོར་འཁྲུངས་པའི་ལུགས་བཟང་ཀུ་མུཏྟ་ལྟ་བུ་དེ་རྒྱང་རིང་དུ་སྤངས་པ་མ་ཡིན་ཏེ། ཁྱོད་ཀྱིས་ཀླུ་སྒྲུབ་ཀྱི་བློ་མཚོར་འཁྲུངས་པའི་བསྟན་བཅོས་དེའི་ཚིག་ལེའུར་བྱས་པའི་ཀུ་མུཏྟ་ཕྱེ་ཞིང་ཁ་འབུས་པ་ལས་བྱུང་བའི་ཆུས་ད་ལྟ་ཁྱོད་ཀྱི་རེ་བ་རྣམས་སྐོང་བར་བྱེད་པའི་ཕྱིར། དེ་ལྟ་ན། ཀླུ་སྒྲུབ་ཀྱི་བཞེད་གཞུང་འདི་ལས་གཞན་པའི་གཞན་ལུགས་ཀྱི་གཞུང་གི་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་ཆོས་ཅན། ཁྱོད་མཐོང་ནས་བདག་ཏུ་བརྗོད་པའི་གཞུང་ལུགས་རྣམས་ལ་བྱ་བ་ལྟར་ཁྱོད་ལ་དགའ་བའི་བློ་གྲོས་དོར་བར་བྱ་སྟེ། ཁྱོད་རྩོམ་པ་པོ་དེ་དག་གིས་སྟོང་པ་ཉིད་ཀྱི་དོན་ཐུགས་སུ་མ་ཆུད་པའི་ཕྱིར། དེ་སྒྲུབ་པ་ནི། བཤད་ཟིན་པ་དེ་ཁོ་ན་ཉིད་ཟབ་མོ་འཇིག་རུང་འདི་ནི། གསན་རྒྱ་ཆེ་ཡང༌། དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པ་བསྟན་བཅོས་རྩོམ་པ་པོ་གཞན་གྱི་ཐུགས་སུ་ཆུད་པར་མི་འགྱུར་བའི་རྒྱུ་མཚན་ཡོད་དེ། ཟབ་མོ་འདི་ནི་སྔོན་གོམས་པ་ཉིད་ལས་སྐྱེ་བོ་ཡིས་ངེས་པར་རྟོགས་དགོས་པ་ལས། བསྟན་བཅོས་རྩོམ་པ་པོ་དེ་དག་ལ་དེ་མེད་པའི་ཕྱིར། གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལ། དངོས་དང༌། རྩོམ་པ་པོའི་མཚན་བསྟན་པའོ། །དང་པོ་ནི། དཔལ་ལྡན་ཟླ་བ་གྲགས་པ་བདག་གིས་སློབ་དཔོན་ཀླུ་སྒྲུབ་ལ་ལུགས་བཟང་བསྙད་པ་ལས་བྱུང་བའི་བསོད་ནམས་དེ་ཆོས་ཅན། སྟོན་ཀའི་རྒྱུ་སྐར་གྱི་བདག་པོ་ལྟར་རམ་དེ་དང་ཆོས་མཚུངས་པ་ཡིན་ཏེ། ཁྱོད་ཀྱི་འོད་ཟེར་གྱིས་ཕྱོགས་ཀྱི་མཐར་ཁྱབ་ཅིང༌། ཡིད་ཀྱི་ནམ་མཁའ་ཉོན་མོངས་ཀྱིས་སྔོན་པོར་བྱས་པའི་དཀྱིལ་དུ་ཆེས་དཀར་བའི་ཕྱིར་རོ། །འམ་ཞེས་པ་ནི་ཡང་ན་ཆོས་ཅན། ནོར་བུ་དང་འདྲ་བ་ཡིན་ཏེ། སྦྲུལ་གྱི་གདེང་ཀ་མི་སྡུག་པའི་ཁྲོད་ན་གནས་པའི་ཡིད་བཞིན་གྱི་ནོར་བུ་དེ་མཛེས་ཤིང༌། འདོད་དགུ་བསྐྲུན་ནུས་པ་བཞིན་དུ། ཁྱོད་ཀྱང་སྦྲུལ་དང་འདྲ་བའི་སེམས་མི་སྡུག་པ་སྣ་ཚོགས་ཀྱི་ཁྲོད་ན་ཆེས་མཛེས་ཤིང་གནས་སྐབས་དང་མཐར་ཐུག་གི་དགོས་འདོད་མ་ལུས་པ་བསྒྲུབ་པར་ནུས་པའི་ཕྱིར། དེ་ལྟར་ན། དེ་ལྟ་བུའི་བསོད་ནམས་དེས་ཆོས་ཅན། འཇིག་རྟེན་མ་ལུས་པས་གནས་སྐབས་དེ་ཁོ་ན་ཉིད་རྟོགས་ནས། མཐར་ཐུག་མྱུར་དུ་བདེ་བར་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སར་མྱུར་དུ་བསྒྲོད་པར་ཤོག་ཅིག་སྟེ། ཁྱོད་ཀྱིས་གནས་སྐབས་སྟོན་ཀའི་ཟླ་བ་ལྟར་ཡིད་ཀྱི་མུན་པ་བསལ་བར་བྱས་ཤིང༌། མཐར་ཐུག་ཁྱོད་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཆོས་ཀྱི་རྒྱལ་མཚན་གྱི་རྩེ་ནས་ལྷུན་གྲུབ་རྒྱུན་མི་ཆད་ཀྱི་ཕྲིན་ལས་ཕུན་སུམ་ཚོགས་པ་སྒྲུབ་པར་ནུས་པའི་ཕྱིར་རོ། །གཉིས་པ་ནི། དབུ་མ་ལ་འཇུག་པ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ་འདི་ནི། སློབ་དཔོན་ཟླ་བ་གྲགས་པ། ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས། གདུལ་བྱ་རྣམས་ཀྱི་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བར་རྫོགས་སོ། །ཞེས་པའོ། །གཉིས་པ་སྒྱུར་བྱེད་ལོ་པཎ་གྱི་མཚན་སྨོས་པ་ནི། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དཔུང་སྟེ་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་ཞེས་པ། ཐེག་ཆེན་བུམ་པ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་ཞེས་པ་གསེར་གྱི་གོ་ཆ་དང་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ནས་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །ཆོས་ཀྱི་ཆུ་བོ་སྟོང་ཕྲག་འབེབས་བྱེད་ཅིང༌། །བགྲང་ཡས་གཞུང་ལུགས་བྱེ་བའི་འབབ་ངོགས་མཆོག །གང་བློའི་རྒྱ་མཚོ་ཆེས་ཆེར་སྤེལ་མཛད་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་དེང་འདིར་བསྙད། །གཞུང་དོན་ལོག་པར་འཆད་གང་སུན་འབྱིན་པའི། །སྤྱི་དོན་རིགས་པ་མཐའ་ཆོད་ལུང་དང་འབྲེལ། །བརྗོད་ན་ཀུན་རྫོགས་སྔ་ཕྱིའི་འབྲེལ་ཆགས་པའི། །བསྡུས་དོན་ཚོམ་གང་འབྲེལ་ཞིང་རབ་ཏུ་འདྲིལ། །ཚིག་དོན་རྣོ་གསལ་ངག་ཏུ་བརྗོད་བདེ་བའི། །ངེས་དོན་ཟབ་མོ་གནད་ཀྱི་ཊཱི་ཀ་འདི། །ཟླ་བར་གྲགས་པ་ཉིད་ཀྱི་འགྲེལ་ཇི་བཞིན། །ཉི་མར་གྲགས་པས་གཏན་ལ་ཕབ་གྱུར་པ། །ཞང་ཐང་སོགས་ལས་བརྒྱུད་པའི་སྲོལ་གང་དེ། །འཛིན་མཛད་ཆོས་ཀྱི་རྒྱལ་པོ་རོང་སྟོན་རྗེའི། །གསུང་གི་བདུད་རྩིར་གྱུར་པའི་ཆ་ཙམ་མོ། །གཞན་དང་མི་མཐུན་གཙོ་བོར་བྱེད་པ་ཡིས། །རང་བཟོ་བྱེད་པོའི་རྗེས་སུ་འབྲང་མིན་པར། །གཟུ་བོའི་བློ་ཡིས་དྲང་པོར་འཆད་བྱེད་པ། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ། །ཀྱེ་མ་འདི་ན་ལ་ལ་སྔོན་གྱི་ལེགས་བྱས་བགོ་སྐལ་ཕམ་པའི་སྟོབས་ཀྱིས་ནོངས་པས་བསོད་ནམས་ལུས་སྟོབས་རབ་ཞན་རྣམ་དཔྱོད་གོམ་སྟབས་དྲང་པོར་འགོད་པའི་ནུས་པ་དང་བྲལ་མང་དུ་ཐོས་པའི་མིག་ཉམས་གཞན་ཟེར་གྱ་གྱུའི་ཚིག་ཙམ་ཁོ་ནའི་རྗེས་སུ་འབྲང་དགོས་འགའ། །རྒྱལ་བའི་བཀའ་དང་ཚད་ལྡན་མཁས་པའི་གཞུང་བཞིན་འཁྲིད་པའི་མིག་བུ་དང་བྲལ་རང་བཟོའི་ཚང་ཚིང་སྟུག་པོའི་ཁྲོད་དུ་རིངས་པར་འཁྲུངས་པའི་རང་འདོད་གླེགས་བམ་རིང་པོའི་འཁར་བ་འཁྱོག་པོ་ལ་བརྟེན་ཐེ་ཚོམ་ཅན་གྱི་ལམ་དུ་གོམ་པ་གྱ་ཚོམས་འདོར་བ་འཛེམ་མེད་པ། །མི་ཤེས་རྩུབ་མོའི་མྱ་ངམ་ཐང་ལ་རིང་འཁྱམས་ཉེས་བཤད་མཁན་གྱི་སྦྱིན་གཏོང་ཁང་པར་ཞུགས་པས་ཟང་ཟིང་བགོ་སྐལ་ཅུང་ཟད་ལག་ཏུ་ཐོབ་ནས་འཇམ་པོར་སྨྲ་བའི་སྨྱོ་ཆུ་དྲག་པོས་རབ་ཏུ་མྱོས་པའི་གཞན་དབང་ཅན་དེ་ལམ་ལ་གདེང་ཐོབ་མེད་པར་ངལ་བ་ལས། །གྲུབ་མཐའི་ཟོལ་ཅན་རྫུན་ཚིག་རེ་རེའི་རྒྱབ་ཏུ་གཞུང་མང་ལོག་པར་འཆད་པའི་རྗེས་འཇུག་རྒྱ་ཡི་དྲྭ་བས་རིང་ནས་བསྐོར་བའི་ངན་རྟོག་ཉག་ཉོག་ཕྲེང་བ་མང་པོ་སྟར་ལ་བརྒྱུས་ནས་ངེས་པའི་ཚིག་གི་རྩིག་པ་སྟུག་པོ་བསྒྲིབས་པའི་ངལ་སྟེགས་དག་ནི་མང་པོ་ཐོབ་པ་ན། །ཨེ་མ་འདི་འདྲའི་དགེ་བའི་བཤེས་དང་འདི་ལས་ལྷག་པའི་ཆོས་ཚུལ་ཡོད་རེ་རྐན་ཞེས་ཡང་ཡང་མནའ་འདོར་བརྒྱ་ཕྲག་བློན་པོའི་དབུས་སུ་མགོ་འཕང་གཏད་དེ་ཆེ་བའི་ཆེ་རྣམས་དམོད་པའི་བཟླས་བརྗོད་ལ་བརྩོན་པ། །འདི་འདྲའི་རིང་ལུགས་ལྟོ་ཕྱེ་ནག་པོའི་གཟུགས་ཀྱིས་ཁ་བའི་རིང་ལྗོངས་ཁྱབ་ཅིང་འཁྱོག་པོའི་འགྲོས་ཀྱིས་གཞུང་ཆེན་མང་པོའི་ནམ་མཁའ་མ་སྒྲོད་རང་བཟོར་སྨྲ་བའི་སེང་གེའི་མགོ་ཅན་ལྟག་ཆོད་མགྲིན་པ་ཆེར་བཏེག་པས། །ཐལ་རང་ཉི་ཟླའི་འགྲོས་གཉིས་ཧྲིལ་པོར་ཟོས་ན་ཟབ་མོའི་གཞུང་ཆེན་ཀུན་ཀྱང་མོག་པོར་བྱས་པའི་ནག་པོའི་མདངས་ཀྱིས་ས་ཆེན་འདི་ཁྱབ་རྟག་ཏུ་རློམ་པའི་འོད་ཀྱིས་ཁེངས་པའི་རྒྱུ་སྐར་ཚོགས་རྣམས་རྣམ་པར་བཀྲ། །འདི་དག་རྣམས་ཀྱི་རང་མཚང་སྟོན་བྱེད་རིགས་པའི་རྩེ་བརྒྱ་གདེངས་པའི་ཚངས་པའི་འཁོར་ལོ་འདི་ཡིས་ལྟོས་འགྲོ་ནག་པོའི་མགྲིན་པ་དྲལ་ནས་ཐལ་རང་ཉི་ཟླའི་འགྲོས་ཀྱིས་ཐུབ་བསྟན་གླིང་བཞི་རྟག་པར་གསལ་གྱུར་ཅིག །སྔོན་རབས་གཞན་གྱིས་མ་རྙེད་ལེགས་བཤད་འགའ། །ཁོ་བོས་རྙེད་ཅེས་ཚུལ་འདིར་ཞུགས་པ་མིན། །རྒན་རབས་མཁས་པའི་གསུང་གང་སོར་བཞག་ནས། །ཕྱི་རབས་གཞན་གྱི་རང་བཟོ་བསལ་ཕྱིར་སྦྱར། །དེ་སྐད་སྦྱར་འདི་ཤེས་ཤིང་ཞུས་བྱས་ནས། །འདི་འདྲ་ཁོ་བོའི་ལེགས་བཤད་ཡིན་ནོ་ཞེས། །ལུགས་འདི་མ་མཐོང་སྐད་དུ་བྱེད་པ་ཡི། །གཡོན་ཅན་དེ་ལ་ཆོས་འདིས་དགེ་མི་འགྱུར། །ཚུལ་འདི་དྲང་པོའི་བློ་ཡིས་དཔྱད་པ་ན། །གུས་པའི་ཐལ་མོ་ཅི་ཡང་སྦྱོར་བྱེད་ཅིང༌། །གཟུ་བོའི་མགྲིན་པ་དུད་པར་གུག་བྱེད་དེ། །དེ་རིང་ཉིད་ནས་ཟླ་བའི་སྲས་གྱུར་ཅིག །དེ་སྐད་བརྗོད་ལ་ཉེས་པ་ཅི་མཆིས་ཀྱང༌། །འགྱོད་པས་འཆགས་སོ་དགེ་བ་གང་ཡོད་དེ། །ཀླུ་སྒྲུབ་གཞུང་ལུགས་རྒྱ་མཚོ་སྤེལ་བ་ཡི། །དཔལ་ལྡན་ཟླ་བའི་ཞབས་དང་མཚུངས་པར་ཤོག །ཀླུ་སྒྲུབ་སློབ་མར་བཅས་པའི་གཞུང་མང་གིས། །བདག་བློའི་གཏིང་མཐའ་ཡངས་པར་གནས་བྱས་ནས། །དེ་ལས་བྱུང་བའི་ལེགས་བཤད་སྒྲོས་མང་གིས། །བློ་གསལ་མང་པོའི་རེ་བ་སྐོང་བར་ཤོག །ཅེས་པ་འདི་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ་ཟབ་མོའི་དོན་ལ་མངོན་པར་གཞོལ་བའི་བློ་ཅན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་རྗེའི་གསུང་གི་བདུད་རྩི་སོར་བཞག་ནས། གངས་ཅན་གྱི་མཁས་པ་ཡོངས་ཀྱི་བསྟི་གནས་དཔལ་གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་པཎ་ཆེན་རིན་པོ་ཆེ་དགུང་ལོ་ཞེ་གཅིག་ས་གས་ཉ་བའི་ཉིན། ཡོངས་སུ་རྫོགས་པར་སྦྱར་བ་ཡིན་ནོ། །འདིས་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག། །།མངྒ་ལཾ་བྷ་ཝནྟུ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply