དབུ་མ་འཇུག་པའི་དཀའ་བའི་གནད་རྣམ་པར་བཤད་པ་ཀུ་མུད་ཕྲེང་མཛེས།

༼ཅ༽༄༅། །དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུ་མུད་ཀྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་མཉྫུ་ཤྲཱི་ཡེ། ངག་གི་དབང་པོའི་ཞབས་ཟུང་ལ། །རབ་ཏུ་གུས་པས་ཕྱག་བྱས་ནས། །དཔལ་ལྡན་ཟླ་བས་གང་བཞེད་པའི། །ཚད་མའི་རྣམ་བཞག་འདིར་བརྗོད་བྱ། །དེ་ནས་སྐབས་སུ་བབ་པ་ཚད་མའི་མཚན་ཉིད་ནི། མི་བསླུ་བའི་རིག་པའོ། །གང་ལ་མི་བསླུ་ན་བདེན་པ་གཉིས་གང་ཡང་རུང་བ་ལའོ། །ཇི་ལྟར་མི་བསླུ་ན་བློས་ཇི་ལྟར་དཔྱད་ཚུལ་དང༌། དོན་ལ་གནས་ཚུལ་མཐུན་པའོ། །དེ་ཡང་གཉིས་ཏེ། ཀུན་རྫོབ་ཀྱི་དང༌། དོན་དམ་པའི་གནས་ཚུལ་ལོ། །ཚད་མ་དེའི་དབྱེ་བ་ནི་གཉིས་ཏེ་བཏགས་པ་བ་ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཚད་མ་དང༌། མཚན་ཉིད་པ་དོན་དམ་བདེན་པ་འཇོག་བྱེད་ཀྱི་ཚད་མའོ། །དང་པོ་ལ། འཕགས་པ་མ་ཡིན་པའི་ཐ་སྙད་པའི་ཚད་མ་དང༌། མཚན་ཉིད་པ་འཕགས་པས་ཐ་སྙད་བཏགས་པ་དང་སྒོ་བསྟུན་པའི་ཚད་མའོ། །དང་པོ་ལ། མཚན་ཉིད་ནི། མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པ་གང་ཞིག ཐ་སྙད་བདེན་པ་ལ་མི་བསླུ་བའོ། །དབྱེ་ན་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་འཇོག་པའི་ཚད་མ་དང༌། རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་འཇོག་པའི་ཚད་མའོ། །དང་པོ་ལ་མཚན་ཉིད་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པ་གང་ཞིག འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་མི་བསླུ་བའོ། །དབྱེ་ན་བཏགས་པ་བ་ལོག་པའི་ཀུན་རྫོབ་འཇོག་བྱེད་ཀྱི་ཚད་མ་དང༌། མཚན་ཉིད་པ་ཡང་དག་ཀུན་རྫོབ་འཇོག་བྱེད་ཀྱི་ཚད་མའོ། །དང་པོའི་མཚན་ཉིད་ནི། འཕྲལ་དང་ཕུགས་ཀྱི་འཁྲུལ་རྒྱུ་གཉིས་ཀའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་ཞིང་ལོག་པའི་ཀུན་རྫོབ་ལ་མི་བསླུ་བའོ། །འདི་འཇིག་རྟེན་ན་ཚད་མར་མ་གྲགས་ཀྱང་དབུ་མ་པས་གཞལ་བ་ན་འདི་དང་ཡང་དག་ཀུན་རྫོབ་ཀྱི་ཡུལ་ཅན་གཉིས་ཀ་ཚད་མ་ཡིན་མིན་མཉམ་པོར་བཤད་དོ། །གཉིས་པའི་མཚན་ཉིད། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་ཞིང༌། ཡང་དག་པའི་ཀུན་རྫོབ་འཇོག་པ་ལ་མི་བསླུ་བའོ། །དབྱེ་ན། འཇིག་རྟེན་མངོན་སུམ་གྱི་ཚད་མ་དང༌། རྗེས་སུ་དཔག་པའི་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ། ལུང་ཚད་མའོ། །དང་པོ་ལ། མཚན་ཉིད། མ་རིག་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་ཞིང༌། ཡུལ་མངོན་སུམ་ལ་མི་བསླུ་བའི་རིག་པའོ། །དབྱེ་ན། དབང་པོའི་མངོན་སུམ་དང༌། རང་རིག་མངོན་སུམ་མོ། །དང་པོའི་མཚན་ཉིད། མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རིག་པ་གང་ཞིག བདག་རྐྱེན་དབང་པོ་ལ་བརྟེན་པའི་ཤེས་པ་དངོས་སམ། དེ་དང་ཡུལ་གྱི་རིག་རྒྱུན་གཅིག་ལ་དམིགས་པའི་ཡིད་རྟོག་གང་རུང་གང་ཞིག འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་མི་བསླུ་བའོ། །དབྱེ་ན། གཟུགས་འཛིན་པའི་དབང་པོའི་མངོན་སུམ་ལ་སོགས་པ་ལྔའོ། །འདིར་མངོན་སུམ་གྱི་སྒྲ་ནི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་འཇུག་ལ་དེའི་ཚད་མ་ལ་རྟོག་པ་དང་བྲལ་བ་དགོས་པ་ནི། རྟོག་གེ་ལ་ཡིན་གྱི་འཇིག་རྟེན་གྱི་ལུགས་མ་ཡིན། གཟུགས་འཛིན་མིག་ཤེས་ཀྱི་དེ་མ་ཐག་འབྲས་སུ་གྱུར་པའི་རྟོག་པ་འཁྲུལ་པར་བཞག་པ་ཡང་རྟོག་གེའི་ལུགས་ཡིན་གྱི་འཇིག་རྟེན་པའི་ལུགས་མ་ཡིན་ནོ། །གཉིས་པ་རང་རིག་མངོན་སུམ་གྱི་མཚན་ཉིད་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་རང་ཉིད་ལ་མི་བསླུ་བའི་རིག་པའོ། །དེའི་མཚན་གཞི་ནི། ངས་སྔོན་པོ་མཐོང་ངོ་སྙམ་པའི་དུས་ཀྱི་ཡུལ་གྱི་རྒྱུན་གཅིག་ལ་དམིགས་པའི་དྲན་མྱོང་གཉིས་ལྟ་བུའོ། །གཉིས་པ་རྗེས་དཔག་ཚད་མའི་མཚན་ཉིད། ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་ཡུལ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་གང་ཞིག མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་དང་བཅས་པའོ། །མཚན་གཞི་ནི། དུ་བས་ལ་མེ་ཡོད་དུ་རྟོགས་པའི་བློའི་རིག་རྒྱུན་ཕྱི་མ་རྣམས་དང་བཅས་པའོ། །ཚད་མ་ལ་གསར་རྟོགས་དགོས་པར་བཤད་པ་ཡང༌། རྟོག་གེའི་རིགས་པས་དཔྱད་པ་ཡིན་གྱི་འཇིག་རྟེན་པའི་ལུགས་མ་ཡིན་ནོ། །འདིར་རིགས་ཤེས་རྗེས་དཔག་འཆད་པའི་སྐབས་མ་ཡིན་ཞིང༌། འཇིག་རྟེན་གྱི་གྲགས་པ་འཆད་པའི་སྐབས་ཡིན་པས་རང་རྒྱུད་གྱི་གཏན་ཚིགས་དང་དེ་ལ་བརྟེན་པའི་རྗེས་དཔག་བཤད་པ་ཡིན་ནོ། །ལུགས་དེ་ལ་དེ་ཇི་ལྟར་ཡོད་ཅེ་ན། དེའི་ཐ་སྙད་མེད་ཀྱང་དོན་གྲུབ་པ་ཡོད་པ་ཡིན་ཏེ། དུ་བས་ལ་མེ་ལྡན་དུ་དཔོག་པ་བཞིན་ནོ། །འདིར་དངོས་པོ་སྟོབས་ཤུགས་ཀྱི་རྗེས་དཔག་ནི་ཁས་མི་ལེན་ཏེ། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྷན་ཅིག་སྐྱེས་པའི་མ་རིག་པའམ། འཇིག་རྟེན་གྱི་གྲགས་པས་འཇོག་པ་ཡིན་གྱི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་འཇོག་པ་མི་སྲིད་པའི་ཕྱིར། འོ་ན་གཏན་ཚིགས་འདི་ཅི་ཞེ་ན། འཇིག་རྟེན་ན་གྲགས་པའི་གཏན་ཚིགས་སོ། །འོན་ཀྱང་འཇིག་རྟེན་ན་གཏན་ཚིགས་ཀྱི་དོན་ཡོད་ཀྱང༌། ཐ་སྙད་ནི་རྟོག་གེ་ཁོ་ནས་བྱས་པའོ། །གསུམ་པ་དཔེ་ཉེར་འཇལ་གྱི་ཚད་མའི་མཚན་ཉིད་ནི། སྔར་གྱི་དེ་གང་ཞིག ཉི་ཚེ་བའི་ལྐོག་གྱུར་གྱི་དོན་འགའ་ཞིག་དཔེ་ལ་བརྟེན་ནས་མངོན་སུམ་དུ་མཐོང་བར་ནུ་པའི་རིག་པའོ། །མཚན་གཞི་ནི། བ་གླང་ཇི་ལྟ་བུ་སྙམ་པ་ལ་བ་མེན་དང་འདྲ་བའོ་ཞེས་པའི་ངག་ལ་བརྟེན་ནས་སྐྱེས་པའི་བ་གླང་རང་མཚན་ལ་མི་བསླུ་བའི་རིག་པ་ལྟ་བུའོ། །འདི་རྗེས་དཔག་མ་ཡིན་ཏེ། རང་གི་རྟེན་དཔེ་ཁོ་ན་ལ་བརྟེན་པ་ཡིན་གྱིས་སྒྲུབ་བྱེད་ཀྱི་གཏན་ཚིགས་ལ་བརྟེན་པ་མ་ཡིན་པའི་ཕྱིར། བཞི་པ་ལུང་ཚད་མའི་མཚན་ཉིད་ནི། སྔར་གྱི་དེ་གང་ཞིག འཇིག་རྟེན་རྒན་པོའི་ལུང་ལ་བརྟེན་ནས་ཉི་ཚེ་བའི་ལྐོག་གྱུར་གྱི་དོན་འགའ་ཞིག་ལ་མི་བསླུ་བའི་རིག་པའོ། །མཚན་གཞི་ནི་རིག་བྱེད་ལས། སྐྱུ་རུ་རའི་ཆུ་འཐུངས་ན། །མཁའ་ལྡིང་ལྟ་བུའི་མིག་ཐོབ་བོ། །ཞེས་པའི་ངག་ལ་བརྟེན་ནས་མིག་ནད་སེལ་བར་ནུས་པའི་དོན་ལ་མི་བསླུ་བའི་རིག་པ་ལྟ་བུའོ། །འདི་རྗེས་དཔག་མ་ཡིན་ཏེ། གཏན་ཚིགས་ཡང་དག་ལ་མི་བརྟེན་པའི་ཕྱིར། གལ་ཏེ་དེ་ལ་བརྟེན་ན་དེ་ཡིད་ཆེས་པའི་གཏན་ཚིགས་ཡང་དག་དུ་འགྱུར་དགོས་པ་ལས་དེ་ཡང་མ་ཡིན་ཏེ། ལུང་དོན་ལ་དཔྱད་པ་གསུམ་གྱིས་མ་དག་པའི་ཕྱིར་དང༌། འཇིག་རྟེན་ན་གྲགས་པའི་ལུང་གིས་ཤིན་ལྐོག་མི་སྒྲུབ་པའི་ཕྱིར། དེ་ལ་དེས་མ་དག་པ་ཡིན་ཏེ། འཇིག་རྟེན་གྱི་གྲགས་པ་ཁོ་ནས་ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ཚེ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་མི་དཔྱོད་པའི་ཕྱིར། དེ་ལྟར་བཤད་མ་ཐག་པའི་མཚོན་བྱ་བཞི་པོའི་ཟུར་དུ། འཇིག་རྟེན་གྱི་ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཚད་མ་དེ་དང་དེའི་མཚན་ཉིད་ཅེས་སྦྱར་བར་བྱའོ། །གཉིས་པ་རྣལ་འབྱོར་ཀུན་རྫོབ་ཀྱི་བདེན་པ་འཇོག་བྱེད་ཀྱི་ཚད་མའི་མཚན་ཉིད་ནི། ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་ཞིང༌། རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་ལ་མི་བསླུ་བའི་རིག་པའོ། །ཡང་ན་དེའི་དབང་གིས་དེར་སྣང་ཞིང༌། གནས་ཚུལ་སེམས་པའི་རིག་པའམ། དེ་ལ་བརྟེན་པའི་རིག་ཤེས་ཀྱི་དབང་གིས་དོན་དམ་པའི་གནས་ཚུལ་དང་མཐུན་པར་སྣང་བའོ། །དེ་ལ་དབྱེ་ན། དེ་འཇོག་བྱེད་ཀྱི་མངོན་སུམ་དང༌། རྗེས་དཔག་དང༌། དཔེ་ཉེར་འཇལ་དང༌། ལུང་ཚད་མ་དང་བཞིའོ། །དང་པོ་ནི། འཕགས་པའི་རྗེས་ཐོབ་ཡེ་ཤེས་ལྟ་བུ། གཉིས་པ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་སོགས་པའོ། །དེ་ཡང་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་སྐྱེས་པ་དེའི་ཚེ་ན། དེས་དེ་བདེན་མེད་དུ་ཞེན་པའི་ཆ་ནས་ཀུན་རྫོབ་ལ་མི་བསླུ་བའི་ཚད་མ་དང༌། དེས་དེ་བདེན་མེད་དུ་རྟོགས་པའི་ཆ་ནས་དོན་དམ་པའི་བདེན་པ་ལ་མི་བསླུ་བའི་ཚད་མར་འཇོག་དགོས་པ་ཡིན་ཏེ། ཤེས་བརྗོད་ཀྱི་ཕུལ་དུ་སོང་བའི་ཆ་ནས་ཀུན་རྫོབ་དང༌། རིགས་ཤེས་ཀྱི་སྤྱིར་ཡང་མ་རྙེད་པའི་ཆ་ནས་དོན་དམ་བདེན་པར་འཇོག་དགོས་པའི་ཕྱིར་རོ། །གསུམ་པ་དཔེ་ཉེར་འཇལ་གྱི་ཚད་མ་ནི། མར་མེའི་སྐད་ཅིག་མའི་དཔེ་ལས་འདུས་བྱས་ཐམས་ཅད་མི་རྟག་པར་རྟོགས་པའམ། རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བའི་ཡུལ་དེ་རབ་རིབ་མེད་པ་ལ་སྐྲ་ཤད་དུ་མི་སྣང་བའི་དཔེས་དོན་དམ་བདེན་པའི་འཇོག་ཚུལ་ཤེས་པ་ལྟ་བུའོ། །བཞི་པ་ལུང་ཚད་མ་ནི། ཡུམ་ཤེར་ཕྱིན་གྱི་མདོ་ལས་སྤྲོས་བྲལ་དུ་གསུངས་པའི་རྟགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པའི་བློ་སྐྱེས་པ་ལྟ་བུའོ། །འདི་ནི་རྗེས་དཔག་གི་ནང་དུ་འདུས་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་ཁས་བླངས་འབྲས་རྟགས་ཏེ། ཞེས་བཤད་པ་ལྟ་བུའོ། །གཉིས་པ་མཚན་ཉིད་པ་དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་ཚད་མ་ལ་མཚན་ཉིད་ནི། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་དང་བྲལ་ཞིང༌། དོན་དམ་པའི་བདེན་པ་ལ་མི་བསླུ་བའི་རིག་པའོ། །དེ་ལ་དབྱེ་ན། རྗེས་དཔག་དང༌། དཔེ་ཉེར་འཇལ་དང༌། ལུང་ཚད་མ་དང་གསུམ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་དེ་གསུམ་གྱི་འཇོག་མཚམས་ནི་ཡུལ་དེ་དང་དེ་ལ་རྟོག་པར་སོང་བའི་ཆ་ནས་འཇོག་ལ། ཡུལ་གང་ལ་རྟོག་པར་སོང་བའི་ཆ་ནས་དོན་དམ་བདེན་པ་འཇལ་བྱེད་ཀྱི་ཚད་མར་སོང་བ་མི་སྲིད་པའི་ཕྱིར། དེ་བས་ན་མངོན་སུམ་གཅིག་པུའོ། །དེའི་མཚན་ཉིད་ནི། སྔ་མ་དེ་གང་ཞིག དོན་དམ་པའི་བདེན་པ་ལ་སྒྲ་རྟོག་དང་བྲལ་ཞིང་མི་བསླུ་བའི་རིག་པའོ། །དེ་ལ་འཇིག་རྟེན་པའི་མངོན་སུམ་འཇོག་པའི་ཚེ་རྟོག་བྲལ་མ་འཁྲུལ་བ་མི་དགོས་ཀྱང༌། དབུ་མ་པ་རང་ལུགས་ཀྱི་མངོན་སུམ་དུ་འཇོག་པ་ལ་དེ་དང་དེ་དགོས་པ་ཡིན་ཏེ། རྣལ་འབྱོར་མངོན་སུམ་འཇོག་པ་ལ་དེ་དང་དེ་དགོས་པའི་ཕྱིར། དེའི་ཚེ་མངོན་སུམ་གྱི་ཤེས་པ་དེའི་ཡུལ་དུ་ཐ་སྙད་བཏགས་པའི་དོན་དམ་པའི་བདེན་པ་དེ་ནི་མངོན་སུམ་མཚན་ཉིད་པ་མ་ཡིན་ཏེ། རང་མཚན་མ་ཡིན་པའི་ཕྱིར་དང༌། རང་གི་ཡུལ་ཅན་གྱི་ཚད་མ་དེས་དོན་གང་དུ་ཡང་མ་མཐོང་བའི་ཕྱིར། ཤེས་པ་དང་བརྗོད་པ་གཞན་གྱི་ཐ་སྙད་བྱེད་པའི་ཚེ་ནི། དེ་འདྲ་དེ་སྤྱི་མཚན་དང་ལྐོག་གྱུར་དུ་ཁས་ལེན་པའི་ཕྱིར། དེ་ལྟར་ཚད་མའི་མཚན་ཉིད་དང་དབྱེ་བ་བཤད་ཟིན་ནས། དེ་དག་ཚད་མར་ཁས་ལེན་པའི་གནས་སྐབས་བཤད་པ་ནི། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་དེ་དག་དབུ་མ་པ་རང་གི་ལུགས་འཇོག་པ་ན་ཚད་མར་ཁས་བླང་དུ་མི་རུང་སྟེ། གལ་ཏེ་རུང་ན་རང་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་ཚད་མ་གོ་ཆོད་པོ་གཞན་གྱིས་གནོད་པར་ཐལ་བའི་ཕྱིར་རོ། །ཇི་སྐད་དུ། རྣམ་ཀུན་འཇིག་རྟེན་ཚད་མིན་དེའི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་གསུངས་སོ། །དེ་བས་ན་དབུ་མ་པ་རང་གི་ལུགས་ཁས་ལེན་པ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལྟ་ཞོག་རྣལ་འབྱོར་པའི་ཀུན་རྫོབ་ཙམ་ཡང་ཁས་ལེན་པ་མ་ཡིན་ཏེ་སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་ཕྱིར་རོ། །འོ་ན་དབུ་མའི་ལུགས་ཁས་ལེན་པ་ཅི་ཞེ་ན། སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་ཁས་མི་ལེན་པ་ལ་དབུ་མའི་ལུགས་ཁས་ལེན་པར་བཏགས་པ་ཡིན་ཏེ། སྤྲོས་པའི་མཚན་མ་གང་ཡང་ཁས་མི་ལེན་པ་ལ་དེ་ཁོ་ན་ཉིད་མཐོང་བར་བཏགས་པ་བཞིན་ནོ། །ཡང་སྔ་མ་དེ་བཞིན་དུ། རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་རིགས་པས་འཇོག་པ་དེའི་ཚེ། འཇིག་རྟེན་ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ཇི་སྙེད་པ་རྣམས་ཚད་མར་ཁས་བླང་དུ་མི་རུང་སྟེ། གལ་ཏེ་རུང་ན་ཉེས་པ་སྔ་མ་དེ་ཉིད་དུ་ཐལ་བའི་ཕྱིར་རོ། །དཔེར་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་བསྟན་བཅོས་ལ་གྲགས་པའི་ཚད་མས་ཁེགས་ཀྱང་འཇིག་རྟེན་ལ་གྲགས་པའི་ཚད་མས་གྲུབ་པ་བཞིན་ནོ། །དེས་དེ་གྲུབ་པ་ཡང་ཡིན་ཏེ། དེ་འདྲ་དེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་དྲུག་པོ་གང་རུང་གིས་བཟུང་བའི་ཕྱིར། ཁྱབ་སྟེ། དེ་ཙམ་ལ་འཇིག་རྟེན་ན་མངོན་སུམ་གྱི་ཚད་མར་གྲགས་པའི་ཕྱིར། ཡང་དེ་བཞིན་དུ། འཇིག་རྟེན་པའི་ཀུན་རྫོབ་བདེན་པ་འཇོག་པའི་ཚེ་ལོག་པའི་ཀུན་རྫོབ་ཀྱི་ཡུལ་ཅན་རྣམས་ཚད་མར་ཁས་བླང་དུ་མི་རུང་སྟེ། དེ་དག་ཚད་མ་མིན་པར་འཇིག་རྟེན་ཉིད་ལའང་གྲགས་པ་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི་ཡུལ་ཅན་གྱི་ལོག་པའི་ཀུན་རྫོབ་དེ་ཉིད་ཀྱི་བསམ་ངོ་ལ་ལྟོས་ཏེ་ཚད་མར་ཁས་ལེན་དགོས་པ་ཡིན་ཏེ། དེ་ལ་ལྟོས་ཏེ་དེ་ཉིད་དེའི་ཡུལ་གྱི་ཀུན་རྫོབ་དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དབུ་མ་པ་རང་གི་ལུགས་དབང་བཙན་པར་བྱས་པ་དེའི་ཚེ་ན་ནི་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫབ་ཀྱི་ཡུལ་ཅན་གྱི་བློ་གཉིས་ཀ་ཡང་ཚད་མ་མིན་པར་བཞག་དགོས་པ་ཡིན་ཏེ། མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། འོ་ན་དབུ་མ་པ་རང་གི་ལུགས་ལ་ཐ་སྙད་པའི་ཚད་མ་ཇི་ལྟར་འཇོག་ཅེ་ན། མྱུ་གུ་བདེན་སྟོང་དུ་རྟོགས་པའི་རྗེས་དཔག་དེ་མྱུ་གུ་བདེན་སྟོང་དུ་ཞེན་པའི་ཆ་ནས་ཚད་མར་འཇོག་པ་ནི་མ་ཡིན་ཏེ། དེའི་ཆ་ནས་ཤེས་བྱའི་སྒྲིབ་པར་བཞག་དགོས་པའི་ཕྱིར། དེས་དེ་དེ་ལྟར་རྟོགས་པའི་ཆ་ནས་ཚད་མར་བཞག་དགོས་པ་ཡིན་ཏེ། དེས་མྱུ་གུ་ལ་བདེན་སྟོང་གི་ཐ་སྙད་བཏགས་པ་གང་ཞིག དེ་དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེ་བས་ན་ལུགས་འདི་ལ་ཡུལ་གང་ཀུན་རྫོབ་དུ་སོང་བའི་ཆ་དེ་ལ་ཡུལ་ཅན་གྱི་བློ་ཚད་མར་སོང་བ་མི་སྲིད། བློ་དེ་ཚད་མར་སོང་བའི་ཡུལ་དེ་ཡིན་ན་དོན་དམ་པའི་བདེན་པ་ཡིན་པས་ཁྱབ། དོན་དམ་པའི་བདེན་པ་ཡིན་ན་སྒྲ་རྟོག་གི་ཡུལ་ལས་འདས་པ་ཡིན་པས་ཁྱབ། གང་སྒྲ་རྟོག་གིས་བཟུང་བྱ་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པ་ཡིན་ནོ། །དེ་ལྟར་བཤད་པ་ན་ཐ་སྙད་འདོགས་པའི་རྟོག་པ་དང་ཚད་མ་གཉིས་བློ་རྫས་གཅིག་གི་སྟེང་དུ་འདུ་བ་དེ་ལ་ཐ་སྙད་པའི་ཚད་མ་ཞེས་འཇོག་པ་ཡིན་གྱི། ཐ་སྙད་བྱེད་པའི་རྟོག་པ་དང་ཚད་མའི་གཞི་མཐུན་མི་སྲིད་དོ། །དོན་དམ་པའི་ཚད་མ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་སོ། །དེ་འདྲ་དེ་ནི་དོན་དམ་པའི་ཚད་མ་ཁོ་ན་ཡིན་གྱི། ཐ་སྙད་པའི་ཚད་མར་འཇོག་པའི་ལྡོག་བྱ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་ཕྱིར། མདོར་བསྡུ་ན་ཐ་སྙད་པའི་ཚད་མའི་མཚན་ཉིད་ནི། ཚད་མ་གང་ཞིག མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་དང་འདྲེས་པའོ། །དོན་དམ་པའི་ཚད་མའི་མཚན་ཉིད། དེ་གང་ཞིག དེ་དང་བྲལ་བའོ། །འོ་ན་ཐ་སྙད་པའི་ཚད་མར་སོང་བའི་ཡུལ་ནི་དོན་དམ་པའི་བདེན་པ་ཡིན་ངོས་ཤེས་པ་ཁོ་ན་ལ་ངོས་འཛིན་དགོས་ན། དོན་དམ་པའི་ཚད་མར་སོང་བའི་ཡུལ་ནི་ཅི་ཞིག་ཡིན་ཞེ་ན། དེ་ནི་སྒྲ་དང་རྟོག་པས་ངོས་བཟུང་བར་མི་ནུས་སོ། །འོ་ན་དོན་དམ་པའི་བདེན་པ་ཆོས་ཅན། ཁྱོད་མངོན་སུམ་དུ་རྟོགས་པའི་བློ་དེ་དོན་དམ་པའི་ཚད་མ་ཡིན་པར་ཐལ། ཁྱོད་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། ཡང༌། དེ་ཆོས་ཅན། ཁྱོད་རྟོགས་པའི་མངོན་སུམ་ཡིན་ན་ཀུན་རྫོབ་བདེན་པ་མངོན་སུམ་དུ་རྟོགས་དགོས་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཞེས་པ་ལ་ལན་ཇི་ལྟར་འདེབས་ཞེ་ན། ཁྱབ་པ་མ་ངེས་པ་ཡིན་ཏེ། ཁྱོད་རང་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ངེས། ཁོ་བོ་ཅག་ལྟར་ན་ཁོ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཀྱང་ཁོ་མངོན་སུམ་དུ་རྟོག་པའི་བློས་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་མི་འགལ་བ་ནི། དོན་དམ་པའི་བདེན་པའི་རང་ལྡོག་དང་དེ་དང་གཅིག་ཀུན་རྫོབ་བདེན་པ་ཡིན་ཀྱང༌། དེ་མངོན་སུམ་དུ་རྟོགས་པའི་བློ་ཡིན་ན་དོན་དམ་རྟོགས་པའི་བློ་ཡིན་དགོས་པ་བཞིན་ནོ། །དེ་ལྟར་དོན་དམ་པའི་ཚད་མའི་མཚན་ཉིད་དང་མཚན་གཞི་ངོས་བཟུང་བ་དེ་ཡང་དེ་འཛིན་གྱི་སྤྲོས་པ་དཔྱོད་པའི་རིགས་པ་དབང་བཙན་པར་བྱས་པ་ཡིན་གྱི། བདེན་མེད་ཀྱི་སྤྲོས་པ་ཡང་འགོག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ནི། དེའི་མཚན་ཉིད་དང་མཚན་གཞི་ངོས་བཟུང་བར་མི་ནུས་སོ། །གཞན་དག་ཐ་སྙད་པའི་ཚད་མར་སོང་བའི་ཡུལ་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་འཆད་པ་ནི་ཐ་སྙད་ཀྱི་ལུགས་རིགས་པས་དཔྱད་ནས་འཇོག་པ་དངོས་སྨྲ་བ་དག་གི་ལུགས་ཡིན་གྱི་དབུ་མ་པ་དག་གིས་ལུགས་མ་ཡིན་ནོ། །མདོར་ན་སྤྲོས་བྲལ་གཏན་ལ་འབེབས་བྱེད་ཀྱི་ལུང་རིགས་རྣམ་དག་ལ་བརྟེན་པའི་ཐོས་བསམ་གྱི་བློ་དང༌། སྒོམ་བྱུང་གི་བློ་ནི་ཐ་སྙད་པའི་ཚད་མའི་མཚན་གཞིར་འཇོག་ལ། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཡེ་ཤེས་ཇི་སྙེད་པ་མཐའ་དག་ནི། དོན་དམ་པའི་ཚད་མའི་མཚན་གཞིར་རྣམ་པར་བཞག་གོ །ཞེས་བྱ་བ་འདིས་ནི་སློབ་དཔོན་ཟླ་བའི་ཞབས་ཀྱིས་བཞེད་པའི་ཚད་མའི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ།།  །།སླར་ཡང་དཔལ་ལྡན་ཟླ་བ་ཡི། །ཞབས་ཟུང་གུས་པས་མཆོད་བྱ་སྟེ། །སྤྲོས་པ་མ་ལུས་འགོག་པའི་ཚུལ། །ཇི་ལྟར་ཡིན་པའི་འདིར་བརྗོད་བྱ། །དེ་ལ་གནས་སྐབས་གཉིས་སུ་རིག་པར་བྱ་སྟེ། བདེན་གྲུབ་ཀྱི་སྤྲོས་པ་འགོག་པའི་གནས་སྐབས་དང༌། བདེན་མེད་ཀྱི་སྤྲོས་པ་འགོག་པའི་གནས་སྐབས་སོ། །དང་པོ་ནི། ཀུན་ལ་ཐུན་མོང་དུ་གྲགས་པ་དེ་ཉིད་ཡིན་ལ། གཉིས་པ་ནི། ཆོས་ཅན་མྱུ་གུ་ཚད་གྲུབ་དུ་ཁས་བླངས་ནས་དེ་ཉིད་བདེན་པས་སྟོང་བ་ཡིན་ནོ་ཞེ་ན། མྱུ་གུ་ཆོས་ཅན། བདེན་པས་སྟོང་པ་ཡང་མ་ཡིན་ཏེ། དགག་བྱ་གང་དགག་པས་བདེན་སྟོང་དུ་འཇོག་པའི་དགག་བྱ་བདེན་གྲུབ་རིགས་པས་ཁེགས་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་མེད་ན་དེ་ཤི་བ་མི་སྲིད་པ་བཞིན། འདིའི་ཆོས་ཅན་དང་ཁྱབ་པ་ནི་རྒོལ་བ་སྐབས་སུ་བབ་པ་དེ་ཉིད་ལ་གྲགས་པས་གྲུབ་པ་ཡིན་གྱི། རང་གི་ཁས་ལེན་པ་ནི་མ་ཡིན་ཏེ། སྤྲོས་པ་ཐམས་ཅད་འགོག་པའི་ཕྱིར་རོ། །འོ་ན་མྱུ་གུ་བདེན་མེད་མ་ཡིན་པ་ཡིན་ནམ་ཞེ་ན། དེ་ཆོས་ཅན། དེ་ཡང་མ་ཡིན་ཏེ། དགག་བྱ་གང་བཀག་པས་དེ་མ་ཡིན་དུ་འཇོག་པའི་དགག་བྱ་བདེན་མེད་རིགས་པས་ཁེགས་པའི་ཕྱིར། ཁྱབ་པ་ནི་རྒོལ་བ་ཕ་རོལ་པོའི་བློ་ངོར་གྲགས་པས་གྲུབ་པ་ཡིན་ཏེ། རིང་པོ་མེད་ན་ཐུང་ངུ་མི་འབྱུང་བ་དང༌། གཡས་པ་མེད་ན་གཡོན་པ་མི་འབྱུང་བར་རྒོལ་བ་དེ་ཉིད་ཀྱི་བློ་ངོར་གྲུབ་པ་བཞིན་ནོ། །འོ་ན་མྱུ་གུ་ཆོས་ཅན། བདེན་པར་མེད་པ་ཡིན་པར་ཐལ། བདེན་པར་མེད་པའི་ཕྱིར་ཞེ་ན་དེ་ཡང་མཚུངས་པ་མ་ཡིན་ཏེ། བདེན་པར་མེད་དོ་ཞེས་བརྗོད་པའི་ཚེ་བདེན་ཡོད་བཀག་པ་ཡིན་གྱི་གཅིག་ཤོས་མི་སྒྲུབ། དེ་མེད་པ་ཡིན་ནོ་ཞེས་བརྗོད་པའི་ཚེ་ནི། བདེན་མེད་སྒྲུབ་པར་སོང་བའི་ཕྱིར། དེ་ལས་གཞན་དུ་ན་བོང་བུའི་རྭ་ཆོས་ཅན། མ་རིག་པ་དང་མི་དགེ་བ་ཡིན་པར་ཐལ། མ་རིག་པའི་ཕྱིར་དང་མི་དགེ་བའི་ཕྱིར། མ་གྲུབ་ན། རིག་པ་ཡིན་པ་དང་དགེ་བ་ཡིན་པར་ཐལ་ལོ། །ཞེས་པའི་ཉེས་པ་ཁྱེད་ལ་འཇུག་གོ །ཡང་འདི་སྙམ་དུ། མྱུ་གུ་ཆོས་ཅན། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པར་ཐལ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། རྟགས་བསལ་དངོས་འགལ་ཁྱབ་པ་ནི་ཚད་མས་གྲུབ་སྟེ་རྟགས་ཆོས་ཐ་མི་དད་པའི་ཕྱིར་ཞེས་ཟེར་བ་དག་སྣང་ངོ༌། །དེ་ཡང་དངོས་པོར་སྨྲ་བ་ཁྱོད་ཀྱིས་མ་གོ་བ་ཡིན་ཏེ། རྟགས་བསལ་ལ་ལན་མི་འདེབས་མོད། བཏབ་ཀྱང་དངོས་འགལ་དུ་སོང་བ་མ་ཡིན་ཏེ། སྤྲོས་པ་དང་བྲལ་ལོ་ཞེས་བརྗོད་པའི་ཚེ་སྤྲོས་པ་བཀག་པ་ཡིན་གྱི་སྤྲོས་བྲལ་དུ་ཁས་མ་བླངས་པའི་ཕྱིར་དང༌། སྤྲོས་པ་དང་བྲལ་བ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ། སྤྲོས་པ་དང་བྲལ་བ་བཀག་པ་ཡིན་གྱི་མ་བྲལ་བར་ཁས་བླངས་པ་མ་ཡིན་པའི་ཕྱིར། དངོས་པོར་སྨྲ་བའི་སྐབས་སུའང༌། སྒྲ་བྱས་པ་ཡིན་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལེན་བཏབ་པས། སྒྲ་མ་བྱས་པར་ཁས་ལེན་པའི་ངེས་པ་ཡོད་པ་མིན་ཏེ། ཐེ་ཚོམ་ཟ་བའི་སྒོས་རྟགས་མ་གྲུབ་པ་ནི་གཞུང་གི་སྐབས་དེ་ཉིད་དུ་གསལ་བའི་ཕྱིར་རོ། །ཡང་སྤྲོས་པ་དང་བྲལ་ན་སྤྲོས་བྲལ་ཡིན་པས་ཁྱབ་པ་ཆོས་ཅན། ཚད་མས་གྲུབ་པ་མིན་ཏེ། ཡོད་པ་མ་ཡིན་པའི་ཕྱིར། དེའི་ཡང་ཆོས་ཅན་དང་ཁྱབ་པ་ནི་ཁོ་བོ་ཅག་ཁས་མི་ལེན་གྱི་ཁྱོད་ཀྱི་བློ་ངོར་གྲུབ་པ་ཡིན་ནོ། །རྟགས་མ་གྲུབ་ན་ཁྱབ་པ་དེ་ཆོས་ཅན། སྤྲོས་པ་དང་བཅས་པར་ཐལ། ཡོད་པའི་ཕྱིར། ཁྱབ་པ་ཁྱོད་ཀྱི་བློ་ངོར་གྲུབ་པ་ཡིན་ཏེ། ཡོད་ན་སྒྲ་དང་རྟོག་པའི་ཡུལ་དུ་རུང་བས་ཁྱབ། དེ་གཉིས་ནི། སྤྲོས་པ་ལས་མ་འདས་པའི་ཕྱིར་དེ་ཡང་ཁྱོད་ཀྱི་བློ་ངོར་གྲུབ་པ་ཡིན་ནོ། །ཡང་གལ་ཏེ་མྱུ་གུ་བདེན་པས་སྟོང་པ་མ་ཡིན་ན་བདེན་གྲུབ་དུ་འགྱུར་རོ། །གལ་ཏེ་མི་འགྱུར་ན་མྱུ་གུ་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མ་ཡིན་ན། དེ་དང་མ་བྲལ་བར་ཁས་ལེན་མི་དགོས་པར་འགྱུར་རོ་ཞེ་ན། དེ་ཡང་དགོས་པ་མ་ཡིན་ཏེ། དེ་སྤྲོས་པ་ཐམས་ཅད་དང་བྲལ་བ་མ་ཡིན་ནོ་ཞེས་བརྗོད་པའི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་བ་བཀག་པ་ཡིན་གྱི་མ་བྲལ་བ་ཁས་ལེན་པ་མ་ཡིན་པའི་ཕྱིར་ཏེ། དངོས་ཀྱི་འགལ་ཟླ་བཀག་པ་ན་དེའི་དངོས་ཀྱི་ལོག་ཕྱོགས་ཁས་ལེན་དགོས་སོ་ཞེས་ཟེར་བ་དེ་ནི་དངོས་པོར་སྨྲ་བའི་རྟོག་གེ་པ་དག་གིས་ལུགས་ཡིན་གྱི་ལུགས་འདི་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་འདི་སྙམ་དུ། མྱུ་གུ་ཆོས་ཅན། ཡོད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར་ཞེས་རྒོལ་བ་ལ་དབུ་མ་པས་ཁྱབ་པ་མེད་ཅེས་ལན་བཏབ་པའི་ཚེ་དེ་འདྲའི་ཁྱབ་པ་དེ་ཆོས་ཅན་མེད་པ་མ་ཡིན་པར་ཐལ། ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། ཞེས་པ་ལ་ལན་ཇི་ལྟར་འདེབས་ཞེ་ན། དེ་ལ་ནི་འདོད་ལན་བཏབ་པས་ཆོག་པ་ཡིན་ཏེ། དེ་འདྲའི་ཁྱབ་པ་མེད་དོ་ཞེས་བརྗོད་པའི་ཚེ། དེ་འདྲའི་ཁྱབ་པ་ཡོད་པ་བཀག་པ་ཡིན་གྱི། མེད་པ་ཡིན་པར་ཁས་མ་བླངས་པའི་ཕྱིར། ཇི་སྐད་བཤད་པ་དེ་ལྟར་མྱུ་གུ་སྤྲོས་པ་དང་བྲལ་བར་ཐལ་བ་ལ་འདོད་ལན་འདེབས་པ་དང༌། སྤྲོས་བྲལ་ཡིན་པའི་ཕྱིར་ལ་རྟགས་མ་གྲུབ་གྱི་ལན་འདེབས་པ་དང༌། བདེན་སྟོང་དུ་ཐལ་བ་ལ་འདོད་ལན་འདེབས་པ་དང༌། བདེན་སྟོང་ཡིན་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་པ་འདི་ནི་ཅུང་ཟད་ཞིབ་མོའི་རྣམ་གཞག་ཡིན་ལ། དེ་ལས་ཀྱང་ཤིན་ཏུ་ཞིབ་པར་བཤད་ན། མྱུ་གུ་ཆོས་ཅན་དུ་བཟུང་ནས་བདེན་པས་སྟོང་པའི་ཕྱིར་ཞེས་དང༌། སྤྲོས་པ་དང་བྲལ་བའི་ཕྱིར་ཞེས་དང༌། མ་བྲལ་བའི་ཕྱིར་ཞེས་པ་ཐམས་ཅད་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་ཆོག་པ་ཡིན་ཏེ། སྤྲོས་པ་དང་བྲལ་བ་བཀག་པ་ཙམ་གྱིས་དེ་དང་མ་བྲལ་བར་ཁས་ལེན་མི་དགོས་པའི་ཕྱིར་དང༌། བདེན་སྟོང་བཀག་པ་ཙམ་གྱིས་བདེན་པས་མི་སྟོང་པར་ཁས་ལེན་མི་དགོས་པའི་ཕྱིར། དེ་ལ་རྟགས་མ་གྲུབ་ཀྱིས་ལན་བཏབ་པའི་ཚེ་དངོས་འགལ་དུ་འགྲོ་བ་མིན་ཏེ། དངོས་འགལ་ནི་ཁས་བླངས་པ་ལས་འབྱུང་གི་ཁོ་བོ་ཅག་ནི་དོན་གང་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་ཀྱང་ཕྱོགས་གཞན་དེ་བཀག་པ་ཡིན་གྱི་དེའི་འགལ་ཟླ་ཁས་བླངས་པ་མེད་པའི་ཕྱིར། དཔེར་ན་ཡོད་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པ་ན་ཡོད་པ་ཙམ་བཀག་གི་ཡོད་པ་མ་ཡིན་པར་ཁས་མ་བླངས། ཡོད་པ་མ་ཡིན་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ། ཡོད་པ་མ་ཡིན་པ་ཙམ་བཀག་ཀྱང༌། ཡོད་པར་ཁས་མི་ལེན་པའི་ཕྱིར། འོ་ན་རྟགས་དེ་གཉིས་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་པ་ཡང་མི་རིགས་པར་ཐལ། དེའི་རྟགས་མ་གྲུབ་པ་མ་ཡིན་པའི་ཕྱིར་སྙམ་ན། དེ་ཡང་འདོད་པ་ཡིན་ཏེ། དེ་དང་དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ། དེ་དང་དེའི་རྟགས་གྲུབ་པ་བཀག་པ་ཡིན་གྱི་དེ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་རིགས་པ་དང་དེའི་རྟགས་མ་གྲུབ་པར་ཁས་བླངས་པ་མེད་པའི་ཕྱིར། འོ་ན་སྔ་མ་ལ་འདོད་ལན་འདེབས་པ་ཡང་མི་འཐད་པར་ཐལ། འདོད་ལན་བཏབ་པའི་ཚེ་ན་ཁས་བླངས་གཅིག་བྱུང་བའི་ཕྱིར་ཞེ་ན། དེ་ནི་ལན་འདེབས་པ་པོའི་བསམ་པ་ལ་ལྟོས་པ་ཡིན་ཏེ། ལན་འདེབས་པ་པོས་འཁོར་གསུམ་གང་ལ་ལན་བཏབ་ཀྱང་དོན་གང་ཡང་རུང་བ་གཅིག་ཁས་ལེན་པའི་བསམ་པ་ཡོད་ན་ནི། དོན་དེ་དང་དེ་ཁས་བླངས་པར་འགྱུར་ལ། བཟློག་ཕྱོགས་བཀག་ཙམ་མ་གཏོགས་དེའི་འགལ་ཟླ་ཁས་ལེན་པའི་བསམ་པ་མེད་ན་དེ་དང་དེ་ཁས་བླངས་པར་མི་འགྱུར་ཏེ། སྒྲ་རྣམས་ནི་བརྗོད་པར་འདོད་པའི་གཞན་དབང་ཅན་ཡིན་པར་ཁྱོད་རང་ལ་གྲགས་པའི་ཕྱིར། ཇི་སྐད་དུ། ཚིག་གསལ་ལས། སྒྲ་རྣམས་ནི་དབྱུག་པ་ཅན་དང་ཞགས་པ་ཅན་བཞིན་ནོ། །སྨྲ་བ་པོའི་རང་དབང་མེད་པར་བྱེད་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། །འོན་མྱུ་གུ་མེད་པ་ཙམ་ཞིག་དགག་པར་འདོད་ནས་ཡོད་པར་ཐལ་བ་ལ་འདོད་ལན་བཏབ་ཀྱང་ཉེས་པ་མེད་པར་འགྱུར་རོ་ཞེ་ན། མཚུངས་པ་མ་ཡིན་ཏེ། ཐལ་ཆོས་སྒྲུབ་པ་དངོས་ཡིན་པ་ལ་འདོད་ལན་བཏབ་པའི་ཚེ་མེད་དགག་ཆོས་སུ་སོང་བ་མི་སྲིད་པའི་ཕྱིར་དང༌། དགག་པ་གཞིར་བྱས་པ་ལ་མ་ཡིན་པར་དགག་པ་དང་མེད་པར་དགག་པ་གཉིས་སུ་དབྱེ་བ་རྒོལ་བའི་བསམ་ངོ་དང༌། རྟོག་གེའི་ལུགས་ལ་གྲགས་པ་ཡིན་གྱི། སྒྲུབ་པ་ལ་གཉིས་སུ་འབྱེད་པ་དེ་དེ་དག་གང་གི་ཡང་ལུགས་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ལྟ་བས་སྤྲོས་པ་དཔྱོད་པའི་ཚེ་ཁས་ལེན་པ་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་པའི་ཆོས་གཅིག་ཡོད་པར་ཐལ་བའི་ཕྱིར་རོ། །འདི་ཧྭ་ཤང་གི་ལྟ་བ་དང་མཚུངས་པ་མ་ཡིན་ཏེ། དེ་ནི་རིགས་པས་དཔྱད་པ་ཡེ་མ་བྱས་པའི་ཚེ་ཡང་སྤྲོས་པའི་མཚན་མ་གང་ཡང་ཡོད་པ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་ན་ཐ་སྙད་ཀྱི་བདེན་པ་ལས་ཉམས་པར་འགྱུར་ཏེ། དཔྱད་པ་མ་བྱས་པ་དེའི་ཚེ་ཐ་སྙད་ཀྱི་བདེན་པ་ངེས་པར་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་སར་རིག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གཟུང་འཛིན་གཉིས་སུ་སྣང་བ་མེད་ཅིང་དེ་མེད་པས་ཐ་སྙད་ཀྱི་བདེན་པ་མེད་པ། དེ་མེད་པས་ཐ་སྙད་པའི་ཚད་མ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཚེ་སངས་རྒྱས་ཀྱི་སའི་ཚད་མ་ནི་མངོན་སུམ་གྱི་ཚད་མ་ཁོ་ན་ཡིན་ལ། དེ་ཉིད་དོན་དམ་པའི་བདེན་པ་ཡང་ཡིན་ནོ། །མངོན་སུམ་དེ་ལ་རྗེས་ཀྱི་ཤེས་པས་ཐ་སྙད་འདོགས་པའི་ཚེ་རྣལ་འབྱོར་པའི་མངོན་སུམ་ཞེས་ཟེར་བར་མ་ཟད་ཀྱི། རང་རིག་པའི་མངོན་སུམ་ཞེས་ཀྱང་བྱ་སྟེ། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཆ་ཡིན་པའི་ཕྱིར་དང༌། རང་གིས་རང་མ་རིག་པའི་ཤེས་པ་འགའ་ཡང་མི་སྲིད་པའི་ཕྱིར་རོ། །རང་རིག་བཀག་པ་དེ་ནི་ཤེས་པ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་རང་རིག་མི་འཐད་པར་བསྟན་པ་ཡིན་གྱི་དེ་དེར་མི་འདོད་པའི་ཕྱོགས་ལ་རང་རིག་ཁས་ལེན་པ་གཞུང་འགྲེལ་དུ་ཤིན་ཏུ་གསལ་བའི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་མེད་ན་ལོངས་སྐུའི་མཚན་དང་དཔེ་བྱད་རྣམས་བྱང་སེམས་འཕགས་པ་ལ་གཟུང་འཛིན་གཉིས་སུ་སྣང་བ་ཅི་ཞེ་ན། དེ་ལ་ལོངས་སྐུ་ནི་གཉིས་ཏེ། དངོས་དང༌། དེའི་གཟུགས་བརྙན་ནོ། །དང་པོ་ནི། དེ་ལ་དངོས་སུ་མི་སྣང་སྟེ། དེ་ནི་ཡེ་ཤེས་ཀྱི་སྐུ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་དེ་ནི་བྱང་སེམས་ལ་སྣང་ཡང་ལོངས་སྐུ་དངོས་མ་ཡིན་ཏེ། སྣང་མཁན་རང་གི་སེམས་རྒྱུད་ཀྱིས་བསྡུས་པའི་ཕྱིར་ཏེ། མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུགས་སུ་སྣང་བ་ཙམ་ཡིན་གྱི། དོན་ལ་ཡེ་ཤེས་ཀྱི་སྐུར་གནས་པའི་ཕྱིར། དེ་ལྟར་བཤད་པ་ན་ལོངས་སྐུ་ལ་ཀུན་རྫོབ་པའི་སྐུ་ཡིན་མིན་གཉིས་སུ་ཕྱེ་བ་ཡིན་ནོ། །གང་དག་ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་ཐ་སྙད་པའི་ཚད་མར་ཁས་ལེན་པ་དེ་དག་ནི་ལུགས་འདི་ལ་རུང་བ་མ་ཡིན་ཏེ། དེ་ལ་ཀུན་རྫོབ་བདེན་པའི་སྣང་བ་རང་སྣང་ལ་འཆར་བ་མི་སྲིད་ཅིང༌། དེ་མེད་པར་ཡང་ཐ་སྙད་པའི་ཚད་མར་མི་རུང་བའི་ཕྱིར། འོ་ན་ཀུན་རྫོབ་པའི་བདེན་པ་ཆོས་ཅན། ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་སྣང་ལ་མི་སྣང་བའི་ཕྱིར་ཞེ་ན། དེ་ལ་ནི། སྤྱི་མཚན་དང་ལྐོག་གྱུར་གྱིས་མ་ངེས་སོ། །དེ་ལས་གཞན་དུ་ན་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། རྗེས་དཔག་དུ་ཐལ། རང་སྣང་ལ་སྤྱི་མཚན་གྱི་རྣམ་པ་ཤར་བའི་ཚད་མ་ཡིན་པའི་ཕྱིར་དང༌། ལྐོག་དུ་གྱུར་པའི་ཡུལ་ཅན་གྱི་ཚད་མ་ཡིན་པའི་ཕྱིར། འཐད་པའི་ཕྱོགས་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་དོན་དམ་པའི་བདེན་པ་ཡང་སྣང་བ་མ་ཡིན་ཏེ། ཡེ་ཤེས་དེའི་རང་སྣང་ལ་ཤེས་བྱ་གང་གི་ཡང་སྣང་བ་མི་འཆར་བའི་ཕྱིར་དང༌། ཡུལ་གྱི་སྣང་བ་ཅི་ཡང་མ་ཤར་བ་ལ་དོན་དམ་པ་མཁྱེན་པའི་མིང་བཏགས་པ་ཙམ་ཡིན་པའི་ཕྱིར། ཞེས་བྱ་བ་འདིས་ནི། ཟླ་བའི་ཞབས་ཀྱིས་བཞེད་པའི་ལྟ་བས་སྤྲོས་པ་དང་དཔྱོད་པའི་ཚུལ་ལེགས་པར་གྲུབ་པ་ཡིན་ནོ།།  །།དེ་ནས་སྒྲིབ་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་གནས་སྐབས་གང་དུ་སྤོང་བའི་ས་མཚམས་རྣམས་བརྗོད་པར་བྱ་སྟེ། ཉོན་མོངས་པའི་སྒྲིབ་པའི་མཚན་ཉིད་ནི། ཐར་པ་ཙམ་ཐོབ་པ་ལ་གཙོ་བོར་གེགས་བྱེད་གང་ཞིག་གཙོ་བོར་གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གིས་གཞོམ་བྱར་གྱུར་པའོ། །མཚན་གཞི་ནི་སོ་སོ་སྐྱེ་བོས་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་མ་རིག་པ་དང༌། དེ་ལས་བྱུང་བའི་ངར་འཛིན་དང༌། དེ་དང་མཚུངས་པར་ལྡན་པའི་ཆགས་སོགས་ཉོན་མོངས་པ་རྣམས་དང༌། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ལ་བདེན་པར་འཛིན་པའི་བློ་མཚུངས་ལྡན་དང་བཅས་པ་རྣམས་སོ། །དེ་དག་གིས་ཀུན་ནས་བསླང་བའི་ལས་དང༌། དེ་གཉིས་ཀྱི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་རྣམས་ཀྱང་ཉོན་མོངས་པ་མ་ཡིན་ཀྱང་དེའི་སྒྲིབ་པར་བཞག་པ་ཡིན་ཏེ། གོང་གི་མཚན་ཉིད་དེ་ཚང་བའི་ཕྱིར། ཉོན་མོངས་པ་དེ་དག་གི་བག་ཆགས་ལ་ནི་གཉིས་ཏེ། ཉོན་མོངས་པའི་ས་བོན་དང༌། དེས་བཞག་པའི་གནས་ངན་ལེན་ཉོན་མོངས་སྤངས་པའི་གང་ཟག་གི་རྒྱུད་ལའང་ཡོད་པའོ། །དང་པོ་ནི་ཉོན་མོངས་པའི་སྒྲིབ་པ་ཁོ་ན་ཡིན་ལ། གཉིས་པ་ནི་ཤེས་བྱའི་སྒྲིབ་པའོ། །བཤད་མ་ཐག་པའི་བདེན་འཛིན་གཉིས་ཉོན་སྒྲིབ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་གཉིས་ནི་ཉོན་མོངས་པའི་སྒྲིབ་པར་ངེས་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར་ཏེ། དེ་ཡི་དབང་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་སོག་པར་བྱེད་པས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡིན་པའི་ཕྱིར། འཕགས་རྒྱུད་ལ་རང་རྒྱུད་ཀྱི་ཕུང་པོ་དང་ང་ཙམ་བདེན་པར་འཛིན་པའི་བློ་ཡོད་ཀྱང་དེ་དག་མཐའ་གཅིག་དུ་ཉོན་སྒྲིབ་དང༌། ཉོན་མོངས་པ་ཅན་དུ་བཞག་ནུས་པ་མ་ཡིན་ཏེ་དེ་དག་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་ལས་ཀུན་སློང་གི་ཆགས་སོགས་ཉོན་མོངས་པ་དང་མཚུངས་ལྡན་དུ་མི་འབྱུང་བ་སྲིད་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་བདེན་འཛིན་དེ་གཉིས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་འབྱུང་སྲིད་པ་དེའི་ཚེ་ནི་སྤྱིར་ཉོན་སྒྲིབ་པ་དང༌། བྱེ་བྲག་ཉོན་མོངས་པ་ཅན་གྱི་མ་རིག་པར་བཞག་དགོས་པ་ཡིན་ཏེ། ཡང་སྲིད་འཕེན་འགྲུབ་ཀྱི་ལས་འགའ་ཞིག་གི་དུས་ཀྱི་ཀུན་སློང་ཡིན་སྲིད་པའི་ཕྱིར། ཡང་བྱིས་པ་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཕྱི་རོལ་གྱི་ཡུལ་ལ་བདེན་པར་འཛིན་པའི་མ་རིག་པ་ནི། ཆགས་སོགས་ཉོན་མོངས་པ་དང་མཚུངས་ལྡན་དུ་བྱུང་བ་དེའི་ཚེ། ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ཀྱང་འདི་ཉོན་མོངས་པའི་སྒྲིབ་པར་གྱུར་པའི་མ་རིག་པ་དེར་མི་འཇོག་སྟེ། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་ཡིན་པའི་ཕྱིར་ཏེ། འཇིག་ཚོགས་ལ་ལྟ་བ་དང༌། མཚུངས་ལྡན་དུ་བྱུང་བ་མ་ཡིན་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པའི་མཚན་ཉིད་ནི། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་གང་ཞིག ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པའི་སྟོབས་ཀྱིས་གཞོམ་བྱར་གྱུར་པའོ། །མཚན་གཞི་ནི། སོ་སོ་སྐྱེ་བོའི་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཇི་སྙེད་པ་ལ་བདེན་པར་འཛིན་པའི་བློ་དང༌། འཕགས་རྒྱུད་ཀྱིས་བདེན་འཛིན་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མ་ཡིན་པ་མཐའ་དག་གོ །གཉིས་པ་སྤངས་པའི་ས་མཚམས་ལ། ཉོན་མོངས་སྒྲིབ་སྤོང་བྱེད་ཀྱི་གཉེན་པོ་དངོས་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །དེ་རྟོགས་པ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། གདགས་གཞི་ཕུང་པོ་བདག་མེད་དུ་མ་རྟོགས་ན་དེ་ལ་བརྟེན་ནས་བཏགས་པའི་ང་ཙམ་མེད་པར་མི་མཐོང་བའི་ཕྱིར། དཔེར་ན་ཤིང་རྟའི་ཡན་ལག་མ་ཚིག་ན་ཤིང་རྟ་མི་འཚིག་པ་བཞིན་ནོ། །ཡང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་ལ་ཕྱི་རོལ་གྱི་ཡུལ་བདེན་མེད་དུ་རྟོགས་པ་སྔོན་དུ་འགྲོ་མི་དགོས་ཀྱང༌། ཆགས་སོགས་ཉོན་མོངས་པ་སྤོང་བ་ལ་དེ་བདེན་མེད་དུ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། ཇི་སྲིད་བུམ་སོགས་ཀྱི་ངོ་བོ་བདེན་མེད་དུ་མ་རྟོགས་པ་དེ་སྲིད་དུ་བུམ་སོགས་ལ་དམིགས་པའི་ཆགས་སོགས་ཉོན་མོངས་པ་འབྱུང་བའི་ཕྱིར། འོ་ན་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་ངེས་པར་མཚུངས་ལྡན་དུ་འབྱུང་དགོས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དེས་ཉོན་མོངས་པའི་སྒྲིབ་པ་ཇི་ལྟར་དུ་སྤོང་ཞེ་ན། ཐེག་པ་དམན་པས་ནི་དེ་འདྲའི་ཤེས་རབ་དེ་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་དང༌། ངར་འཛིན་བཏགས་སྐྱེས་གཉིས་ཀྱི་གཉེན་པོར་འབད་ནས་ཆེད་དུ་གཉེར་ནས་སྒོམ་པ་ཡིན་ཏེ། དེ་སྤངས་པའི་ཐར་པ་དོན་དུ་གཉེར་བའི་ཕྱིར། དེས་དེ་འདྲའི་ཤེས་རབ་དེ་ཤེས་སྒྲིབ་ཀྱི་གཉེན་པོར་ཆེད་དུ་གཉེར་ནས་སྒོམ་པ་མ་ཡིན་ཏེ། དེ་སྤངས་པའི་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་བའི་ཕྱིར། ཐེག་པ་ཆེན་པོའི་འཕགས་པ་རྣམས་ཀྱིས་ནི་སྒྲིབ་པ་གཉིས་ཀའི་ས་བོན་འབད་ནས་སྤོང་བ་ཡིན་ཏེ། དེ་གཉིས་ཀ་སྤངས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་ཕྱིར། དེ་ཡང་ས་དང་པོ་ནས་བདུན་པའི་བར་དུ་ནི་སྒྲིབ་པ་གཉིས་ཀའི་གཉེན་པོར་བདག་མེད་གཉིས་ཀ་ཆེད་དུ་གཉེར་ནས་སྒོམ་ལ། ས་བརྒྱད་པ་ནས་ནི་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་བསྒོམ་པ་ཡིན་གྱི་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་སྒོམ་པ་མ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤངས་ཟིན་པའི་ཕྱིར། མ་དག་ས་བདུན་དུ་ཉོན་མོངས་སྤོང་བ་དེ་ཡང་ཉོན་ཡིད་འཁོར་གྱི་ཉོན་མོངས་སམ། ཉོན་མོངས་པའི་ས་བོན་སྤོང་བ་ཡིན་གྱི་ཡིད་ཤེས་འཁོར་གྱི་ཉོན་མོངས་སྤོང་དགོས་པ་ནི་མ་ཡིན་ཏེ། ས་དང་པོ་ནས་ཡང་སྲིད་འཕེན་འགྲུབ་གཉིས་ཀའི་ལས་ཀྱི་ཀུན་སློང་དུ་གྱུར་བའི་ཉོན་མོངས་སྤངས་ཟིན་པར་རྒྱུད་བླ་མ་ལས་གསུངས་པ་བཞིན་འདིར་ཡང་ཁས་ལེན་དགོས་པའི་ཕྱིར། དེ་བས་ན་ཐེག་པ་དམན་པའི་སྒོམ་སྤངས་སུ་གྱུར་པའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀུན་སློང་དང་བཅས་པ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གཅིག་བུས་སྤོང་ནུས་པར་བཞག་པ་ནི་ཤེར་ཕྱིན་གྱི་མདོའི་དགོངས་པའོ། །ས་དང་པོ་ནས་བདུན་པའི་བར་དུ་ཤེས་སྒྲིབ་སྤོང་བ་དེ་ཡང་བདེན་འཛིན་གྱི་ས་བོན་ནམ་མཚན་འཛིན་ཙམ་སྤོང་བ་ཡིན་གྱི་སྐབས་དེར་བདེན་འཛིན་མངོན་གྱུར་དུ་འབྱུང་བ་ནི་མ་ཡིན་ཏེ། བདེན་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་རྒྱུན་ཆད་པའི་སྐབས་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྐབས་དེར་བདེན་འཛིན་སྤངས་ཟིན་པ་ནི་མ་ཡིན་ཏེ། དེའི་ས་བོན་མ་སྤངས་པའི་ཕྱིར། ས་བརྒྱད་པ་ནས་ནི་བདེན་འཛིན་གྱི་བག་ཆགས་སམ། མཚན་འཛིན་གྱི་ས་བོན་སྤོང་བ་ཡིན་གྱི་སྐབས་དེར་མཚན་འཛིན་མངོན་གྱུར་བྱུང་བ་སྲིད་པ་ནི་མ་ཡིན་ཏེ། སྐབས་དེར་མཚན་མེད་ལ་རིང་དུ་སྙོམས་པར་ཞུགས་ན་སངས་རྒྱས་ཀྱིས་སློང་དགོས་པར་བཤད་པའི་ཕྱིར་དང༌། མཚན་འཛིན་རང་གི་ངང་གིས་འབྱུང་ན་སློང་དགོས་པའི་དོན་མེད་པའི་ཕྱིར། ཐེག་ཆེན་མཐོང་སྤངས་སུ་གྱུར་པའི་བདེན་འཛིན་ལ་གཉིས་ཏེ་ཉོན་མོངས་པ་ཅན་ཡིན་པ་དང་མ་ཡིན་ནོ། །དང་པོ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བློའོ། །གཉིས་པ་ནི། དེ་དང་མཚུངས་ལྡན་དུ་བྱུང་བ་མ་ཡིན་པའི་བུམ་སོགས་ལ་བདེན་པར་འཛིན་པའི་བློའོ། །དང་པོ་ནི་ཉོན་སྒྲིབ་ཁོ་ནར་ངེས་ཤིང༌། དེའི་གཉེན་པོར་གང་ཟག་གི་བདག་མེད་ཁོ་ན་ཆེད་དུ་གཉེར་ནས་སྒོམ་ཞིང༌། གཉིས་པའི་གཉེན་པོར་ནི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཁོ་ན་ཆེད་དུ་གཉེར་ནས་སྒོམ་པ་ཡིན་ནོ། །ཐེག་དམན་གྱི་མཐོང་ལམ་ལ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་གཉེན་པོར་ཆོས་ཀྱི་བདག་མེད་རྐྱང་པ་ཆེད་དུ་གཉེར་ནས་བསྒོམ་པ་མེད་ལ། དེ་མེད་པའི་ཕྱིར་ཐེག་དམན་མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་བཞག་པར་མ་ནུས་སོ། །དེ་ཡང་ཐེག་དམན་གྱི་སྦྱོར་ལམ་དུ་ཉོན་མོངས་པ་ཅན་གྱི་མ་རིག་པའི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་སྒོམ་པ་ལས་མཐོང་ལམ་དུ་དེ་མངོན་སུམ་དུ་མཐོང་བ་འབྱུང༌། དེའི་ཚེ་ན་མཐོང་སྤངས་ཉོན་སྒྲིབ་དུ་གྱུར་པའི་བདེན་འཛིན་ཁོ་ན་སྤངས་པ་ཡིན་གྱི་མཐོང་སྤངས་ཤེས་སྒྲིབ་དུ་གྱུར་པའི་བདེན་འཛིན་ནི་སྤངས་པ་མ་ཡིན་ཏེ། དེའི་གཉེན་པོ་ཆེད་དུ་གཉེར་ནས་མ་སྒོམ་པའི་ཕྱིར། ཐེག་པ་ཆེན་པོའི་སྦྱོར་ལམ་དུ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་བདེན་འཛིན་གྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པར་དོན་སྤྱིའི་ཚུལ་གྱི་སྒོམ་པ་ལས་མཐོང་ལམ་དུ་དེ་མངོན་སུམ་དུ་མཐོང་བ་འབྱུང་ལ་དེའི་ཚེ། ཤེས་སྒྲིབ་དུ་གྱུར་པའི་མཐོང་སྤངས་སྤངས་པ་ཡིན་ཏེ། དེའི་གཉེན་པོ་ཆེད་དུ་གཉེར་ནས་སྒོམ་པའི་ཕྱིར། ཞར་ལ་མཐོང་སྤངས་ཉོན་སྒྲིབ་ཀྱང་སྤངས་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་དུ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་ཕྱིར། བྱེ་བྲག་ཏུ་ཉན་ཐོས་དགྲ་བཅོམ་ཐེག་ཆེན་གྱི་སྦྱོར་ལམ་དུ་འཇུག་ཁ་མ་དེའི་ཚེ་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་སྤངས་ཟིན་ཀྱང་ཕྱི་རོལ་གྱི་བུམ་སོགས་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་མ་སྤངས་པའི་དེའི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་སྦྱོར་ལམ་དུ་དོན་སྤྱིའི་ཚུལ་གྱིས་སྒོམ་ཞིང་དེ་ལྟར་བསྒོམ་པ་ལས་མཐོང་ལམ་དུ་དེ་རྒྱས་པ་གསར་དུ་མཐོང་བར་འགྱུར་རོ། །ཆོས་ཀྱི་བདག་མེད་རྒྱས་བསྡུས་སུ་སྒོམ་པའི་དོན་ཡང་གང་ཟག་གི་བདག་འཛིན་གྱི་གཉེན་པོར་འབད་ནས་བསྒོམ་པ་དང༌། བདག་འཛིན་གཉིས་ཀྱི་གཉེན་པོར་བདག་མེད་གཉིས་ཆེད་དུ་གཉེར་ནས་སྒོམ་པ་ལ་བྱ་བ་ཡིན་ནོ། །དེ་ལས་གཞན་དུ་ན་ཉན་ཐོས་དགྲ་བཅོམ་ཐེག་ཆེན་གྱི་སྦྱོར་ལམ་དུ་ཞུགས་པ་དེའི་ཚེ། སྔར་མ་མཐོང་བའི་བདག་མེད་མཐོང་རྒྱུ་མེད་པ་དང༌། སྤང་བྱ་གང་ཡང་སྤོང་རྒྱུ་མེད་པར་འགྱུར་ཏེ། མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པ་ཅན་གྱི་སྒྲིབ་པ་རྣམས་ནི་སྤངས་ཟིན། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་ནི་མི་སྲིད་པར་ཁྱེད་ཅག་གིས་ཁས་བླངས་པའི་ཕྱིར། དེ་ལྟར་ན་ཐེག་ཆེན་གྱི་མཐོང་སྤངས་ཤེས་སྒྲིབ་གྲུབ་པ་ཡིན་ནོ། །ཇི་སྐད་བཤད་པ་ཐམས་ཅད་ཀྱིས་ངག་དོན་མདོར་བསྡུ་ན། བདག་འཛིན་ལ་གཉིས་སྟེ། གང་ཟག་གི་བདག་ཏུ་འཛིན་པ་དང༌། ཆོས་ཀྱི་བདག་དུ་འཛིན་པའོ། །དང་པོ་ནི། དམིགས་པ་རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་དེའི་སྟེང་ན་ང་ཙམ་ཡོད་པར་སྒྲོ་འདོགས་པའི་རྣམ་པ་ཅན་གྱི་བློའོ། །དེ་ལ་ཉོན་སྒྲིབ་ཀྱིས་ཁྱབ་ལ། དེ་ལ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་མཐོང་སྤངས་དང་སྒོམ་སྤངས་གཉིས་སུ་འབྱེད། དེ་ལ་ཐེག་ཆེན་གྱི་སྒོམ་སྤངས་ནི་མི་སྲིད་དེ། ཐེག་ཆེན་གྱི་མཐོང་ལམ་ནས་ཡང་སྲིད་འཕེན་འགྲུབ་ཀྱིས་ལས་དང་ཉོན་མོངས་གཉིས་ཀ་སྤངས་ཟིན་པའི་ཕྱིར། གཉིས་པ་ཆོས་ཀྱི་བདག་འཛིན་ལ་གཉིས་ཏེ། ཉོན་མོངས་པ་ཅན་དང༌། དེ་མ་ཡིན་པའོ། །དང་པོ་ནི། བྱིས་པའི་རྒྱུད་ཀྱི་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བློ་མཐའ་དག་དང༌། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱི་རོལ་ཡུལ་ལ་བདེན་པར་འཛིན་པ་རྣམས་སོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་འཕགས་པ་གང་གི་རྒྱུད་ལ་ཡོད་ནའང་རུང༌། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་བདེན་འཛིན་མཐའ་དག་གོ །དེ་འདྲ་མི་སྲིད་པ་མ་ཡིན་ཏེ། སོ་སོ་སྐྱེ་བོའི་རྒྱུད་ལའང་བདེན་འཛིན་ལུང་མ་བསྟན་མང་པོ་འབྱུང་སྲིད་པའི་ཕྱིར། བདག་འཛིན་དེ་གཉིས་ཀྱི་རྩ་བ་ཅན་གྱི་སྤང་བྱ་ནི་གཉིས་ཏེ། མཐོང་སྤངས་དང༌། སྒོམ་སྤངས་སོ། །དང་པོ་ལའང་གཉིས་ཏེ། ཐེག་དམན་གྱི་དང་ཐེག་ཆེན་གྱི་མཐོང་སྤངས་སོ། །དང་པོ་ལ་ཉོན་སྒྲིབ་ཀྱིས་ཁྱབ་ལ། གཉིས་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སོ། །དང་པོ་ནི། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་བདེན་འཛིན་ཀུན་བཏགས་རྣམས་སོ། །གཉིས་པ་ནི་དེ་དང་མཚུངས་པར་མི་ལྡན་པའི་བུམ་སོགས་ལ་མཚན་མར་འཛིན་པའི་བློ་ཙམ་མོ། །གཉིས་པ་སྒོམ་སྤངས་ལའང༌། ཐེག་དམན་གྱི་དང༌། ཐེག་ཆེན་གྱིའོ། །དང་པོ་ལ་ཉོན་སྒྲིབ་གྱིས་ཁྱབ་ལ། གཉིས་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱིས་དབྱེ་བས་གཉིས་སོ། །དང་པོ་ནི། མ་དག་པའི་གནས་སྐབས་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པའོ། །འདིར་ཉོན་ཡིད་དེས་ཀྱང་ཀུན་གཞི་ཉིད་བདག་དུ་བཟུང་བ་མ་ཡིན་གྱི་ཀུན་གཞི་ལ་དམིགས་ནས་བདག་ཡོད་པར་སྒྲོ་འདོགས་པའོ། །གཉིས་པ་སྒོམ་སྤངས་ཤེས་སྒྲིབ་ལ་གཉིས་ཏེ། བདེན་འཛིན་ས་བོན་དང་མཚན་མར་འཛིན་པའི་བློའོ། །འདི་ལ་བདེན་འཛིན་མངོན་གྱུར་བ་མི་འཇོག་སྟེ། དེ་ཐེག་ཆེན་གྱི་མཐོང་ལམ་ནས་སྤངས་ཟིན་པའི་ཕྱིར། འོ་ན་བདག་མེད་ཙམ་མངོན་སུམ་དུ་མཐོང་བའི་རྣམ་གྲོལ་ལམ་གང་ཟག་གི་བདག་མེད་ཙམ་རྟོགས་པ་ལ་ཕྱི་ནང་གི་ཆོས་རྣམས་ཀྱི་སྟེང་དུ་བདེན་འཛིན་གྱི་མཚན་མ་འགོག་དགོས་ཤིང༌། བདག་མེད་ཙམ་རྟོགས་དགོས་ཀྱང་བདག་མེད་ཀྱི་མཚན་མ་སོགས་སྤྲོས་པ་ཐམས་ཅད་འགོག་མི་དགོས་ཤིང༌། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་མི་དགོས། ཐེག་ཆེན་གྱི་མཐོང་ལམ་མངོན་སུམ་དུ་བྱེད་པ་དང་ཆོས་ཀྱི་བདག་མེད་རྒྱས་པ་རྟོགས་པ་ལ་ནི། བདག་མེད་ཀྱི་མཚན་མ་སྤྲོས་པ་ཐམས་ཅད་འགོག་དགོས་ཤིང༌། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་དགོས་སོ་ཞེས་བྱ་བ་འདི་ཁྱད་པར་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བདེན་འཛིན་མཐའ་དག་ཆགས་སོགས་ཉོན་མོངས་པ་དང་མཚུངས་ལྡན་དུ་འབྱུང་དུ་རུང་བས་ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པའི་སྒྲིབ་པར་བཞག་ལ། དེ་ལའང་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་ཐེག་དམན་གྱི་མཐོང་སྤངས་དང༌། སྒོམ་སྤངས་གཉིས་སུ་འགྱུར་རོ། །ཡང་སོ་སོ་སྐྱེ་བོའི་རྒྱུད་ལ་ཐོས་བསམ་གྱི་ཤེས་པས་ཕྱི་ནང་གི་ཆོས་རྣམས་ལ་བདེན་འཛིན་གྱི་སྒྲོ་འདོགས་ཆོད་ཀྱང༌། བདག་མེད་ཀྱི་མཚན་མར་ཞེན་པའི་བཏགས་འཛིན་གྱི་རྟོག་པ་ཀུན་བཏགས་དེ་ཡང་སྤྱིར་མཐོང་སྤངས་ཡིན་ཏེ། སྤང་བྱ་ཀུན་བཏགས་ཡིན་པའི་ཕྱིར། བྱེ་བྲག་ཏུ་ཐེག་ཆེན་གྱི་མཐོང་སྤངས་ཡིན་ཏེ། ཐེག་དམན་ལ་རྟོག་པ་དེ་སྤོང་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར། ཁྱད་པར་དུ་ཤེས་སྒྲིབ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་མཚན་འཛིན་ཡིན་པའི་ཕྱིར། ཞེས་བྱ་བའི་རིགས་པ་ལུང་གི་རྒྱབ་རྟེན་ཚད་མ་ཅན་འདིས་ནི། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་ལེགས་པར་གྲུབ་པ་ཡིན་ནོ། །ཇི་སྐད་དུ། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པའི་གཞུང་གིས་བསྟན་པའི་རྟོག་པ་དེ་ཡང་རྣམ་པ་གཉིས་ཏེ། བདེན་པར་འཛིན་པ་དང༌། དེ་དང་བྲལ་བའི་མཚན་འཛིན་ཙམ་མོ། །དང་པོ་ལ་སོ་སྐྱེ་དང་འཕགས་པའི་དབྱེ་བས་གཉིས། གཉིས་པ་ལ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་གཉིས། དང་པོ་སོ་སྐྱེའི་རྒྱུད་ཀྱི་བདེན་འཛིན་ལ། ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་གཉིས། འཕགས་རྒྱུད་ལ་ནི་བདེན་འཛིན་ལྷན་སྐྱེས་ཀྱི་ས་བོན་ཁོ་ན་ཡོད་དོ། །དེ་ལྟར་བཤད་པས་གྲུབ་དོན་གཉིས་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས། བདེན་གྲུབ་ཀྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་ཁོ་ན་གསུངས་ཀྱི་བདེན་མེད་ཀྱི་སྤྲོས་པ་སོགས་སྤྲོས་པ་ལྷག་མ་འགོག་བྱེད་ཀྱི་རིགས་པ་མ་གསུངས་པས། ཆོས་ཀྱི་བདག་མེད་བསྡུས་པ་ཙམ་བསྟན་པ་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་ལས་ནི། བདག་མེད་ཀྱི་མཚན་མ་སོགས་སྤྲོས་པ་ལྷག་མ་ཇི་སྙེད་པ་འགོག་པའི་རིགས་པ་གསུངས་པས་ཆོས་ཀྱི་བདག་མེད་རྒྱས་པ་བསྟན་ཞེས་བྱ་བ་འདི་ཡིན་ནོ།།  །།དཔལ་ལྡན་ཟླ་བའི་གཞུང་བཟང་ལ། །རབ་དང་ཡིད་ཀྱིས་ཕྱག་བྱས་ནས། །གང་དེའི་གཞུང་གི་དཀའ་བའི་གནས། །འགའ་ཞིག་དེང་འདིར་བརྗོད་པར་བྱ། །དེ་ལ་སེམས་ཙམ་དུ་སྨྲ་བ་རྣམས་ཀྱི་འདོད་པ་ནི། ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་མེད་ཅིང་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཐ་སྙད་དུ་ཡོད་པ་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་མྱོང་བ་གསལ་རིག་དེ་དོན་དམ་པའི་བདེན་པ་དང༌། དེ་ལ་མིང་གི་རྣམ་གྲངས་ནི། གཞན་གྱི་དབང་གི་ངོ་བོ་ཞེས་པ་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་ཀྱང་བྱའོ། །ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་བའི་བདེ་བར་གཤེགས་པའི་སྙིང་པོ་རྟག་ཅིང་བརྟན་ལ་ཐེར་ཟུག་པ་ཡོད་དོ་ཞེས་བྱ་བ་བདག་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞིར་གྱུར་པ་ཞིག་བྱིས་པ་རྣམས་ཀྱི་ཐ་སྙད་བདེན་པའི་དོན་མེད་ཀྱང༌། འཕགས་པ་རྣམས་ཀྱིས་ལུང་དང་རིགས་པས་གྲུབ་པ་ཡིན་ནོ། །ཞེས་དམ་བཅའ་བར་བྱེད་དོ། །འདི་དག་སུན་འབྱིན་པའི་ཚུལ་ནི། དམ་བཅའ་དང་པོ་བདེན་པ་གཉིས་ཀ་ལས་ཉམས་པར་བསྟན། དམ་བཅའ་གཉིས་པ་ལ་སྒྲུབ་བྱེད་ཚད་མ་མེད་པར་བསྟན། དེ་ལྟ་ན་ཡང་བདེ་བར་གཤེགས་པའི་སྙིང་པོ་དང་ཀུན་གཞི་ཡོད་པར་གསུངས་པའི་ལུང་གིས་མི་གནོད་པའོ། །དང་པོ་ནི། དེ་སྐད་དུ་སྨྲ་བ་དེ་ནི་བདེན་པ་གཉིས་ཆར་ལས་ཉམས་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཕྱི་རོལ་གྱི་དོན་ཁས་མ་བླངས་ན་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་ཤིང༌། དོན་དམ་པའི་བདེན་པ་འཇོག་པའི་ཚེ། དོན་སྣང་གི་ཤེས་པ་ཁས་བླངས་པས། འཕགས་པའི་བདེན་པ་ལས་ཉམས་པའི་ཕྱིར་རོ། །ཐ་སྙད་ཀྱི་བདེན་པ་ལས་ཉམས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལ་ཉེས་པ་གཉིས་ཏེ། འཇིག་རྟེན་པའི་ཐ་སྙད་བདེན་པ་ལས་ཉམས་པའི་ཉེས་པ་དང༌། རྣལ་འབྱོར་པའི་ཐ་སྙད་ཀྱི་བདེན་པ་ལས་ཉམས་པའི་ཉེས་པའོ། །དང་པོ་ནི། དེ་ལས་ཉམས་ན་འཇིག་རྟེན་པ་རྣམས་དེ་ཁོ་ན་ཉིད་ལ་དྲང་བར་མི་ནུས་པའི་ཉེས་པ་འབྱུང་སྟེ། དེའི་མངོན་སུམ་གྱིས་གྲུབ་པའི་དོན་དང་འགལ་བ་ཁས་བླངས་པས་དེ་དང་ལྷན་ཅིག་རྩོད་དགོས་པར་འགྱུར་བའི་ཕྱིར། དེ་ལ་དགོངས་ནས། སངས་རྒྱས་ཀྱིས་མདོར། འཇིག་རྟེན་པ་ནི་ང་དང་རྩོད་པར་བྱེད་ཀྱི། །ང་ནི་འཇིག་རྟེན་དང་ལྷན་ཅིག་བརྩོད་པར་མི་བྱེད་དོ། །ཞེས་གསུངས། དེའི་དོན་ཡང༌། འཇིག་རྟེན་ལ་གྲགས་པའི་ཐ་སྙད་ཀྱི་བདེན་པ་འཇོག་པ་དེའི་ཚེ། འཇིག་རྟེན་དང་འགལ་བའི་དོན་སངས་རྒྱས་ཀྱིས་ཞལ་གྱི་མི་བཞེས་ལ། འཕགས་པའི་བདེན་པ་འཇོག་པའི་ཚེ། འཇིག་རྟེན་པས་དེ་དང་འགལ་བའི་དོན་ཁས་ལེན་པ་ལ་དགོངས་པ་ཡིན་ནོ། །ཉེས་པ་གཉིས་པ་ནི། དེ་ལས་ཉམས་པས་དོན་དམ་པའི་བདེན་པ་རྟོགས་པར་མི་འགྱུར་ཏེ། འཕགས་པའི་ཐ་སྙད་ལ་མ་བསྟེན་པར་དོན་དམ་པའི་བདེན་པ་རྟོགས་པའི་ཐབས་མེད་པའི་ཕྱིར་རོ། །འོ་ན་འཇིག་རྟེན་གྱི་ཐ་སྙད་བདེན་པ་འཇོག་པའི་ཚེ། ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀ་ཁས་ལེན་དགོས་ན། དེའི་ཚེ་དེ་གཉིས་ཀ་ཡོད་པར་འགྱུར་ལ། དེ་ལྟ་ན་ཚད་མ་གང་གིས་གྲུབ་ཅེ་ན། དེའི་ལན་ནི་འདི་ཡིན་ཏེ། དེ་གཉིས་ཀ་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་ཡོད་པ་ཡིན་ཞིང༌། འཇིག་རྟེན་ཉིད་ལ་གྲགས་པའི་ཚད་མས་གྲུབ་པ་ཡང་ཡིན་མོད། སྤྱིར་བཏང་དུ་དེ་སྐད་ཅེས་འདྲི་ན་ནི། སྤྱིར་ཡོད་པ་མ་ཡིན་ཞིང་ཚད་མས་གྲུབ་པ་ཡང་མ་ཡིན་ནོ། །རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་ཀ་ཡོད་པ་ཡང་མ་ཡིན་ཞིང་ཚད་མས་གྲུབ་པ་ཡང་མ་ཡིན་པ་བཞིན་ནོ། །གལ་ཏེ་རྨི་ལམ་གྱི་ཤེས་པ་ལ་སྣང་བའི་ཡུལ་མ་གྲུབ་ན། ཡུལ་ཅན་གྱི་ཤེས་པ་ཐ་སྙད་དུ་ཡོད་དོ་སྙམ་ན། ཡུལ་མེད་ན་དེ་ལ་ལྟོས་པའི་ཡུལ་ཅན་གྱི་ཤེས་པ་ཐ་སྙད་དུ་ཡང་མི་འབྱུང་སྟེ། དེས་ན་ཐ་སྙད་དུ་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར། དཔེར་ན་རིང་པོ་ཐ་སྙད་དུ་མེད་ན་ཐུང་ངུ་ཡང་ཐ་སྙད་དུ་མི་འབྱུང་བ་བཞིན་ནོ། །འོ་ན་ཡུལ་སྐྲ་ཤད་མེད་ཀྱང་སྐྲ་ཤད་དུ་སྣང་བའི་ཤེས་པ་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། རབ་རིབ་ཅན་གྱི་བློ་ངོ་ན་ནི་སྐྲ་ཤད་དུ་སྣང་བའི་ཡུལ་ཤེས་གཉིས་ཀ་ཡོད་ལ། དེ་དང་བྲལ་བའི་བློ་ངོ་ན་ནི་གཉིས་ཀ་ཡོད་པ་མ་ཡིན་པར་ཁས་ལེན་དགོས་པའི་ཕྱིར་རོ། །འབབ་ཆུ་ལ་རྣག་དུ་སྣང་བ་དང་ཟད་པ་ས་དང༌། རྐེང་རུས་ཀྱི་ཏིང་ངེ་འཛིན་སོགས་ལ་ཡང་དེ་བཞིན་ནོ། །ཐ་སྙད་དུ་དོན་སྣང་གི་ཤེས་པ་ཚད་མས་གྲུབ་ན་དེ་ཚད་མ་གང་གིས་གྲུབ། དེ་ཉིད་ཀྱིས་གྲུབ་པ་མི་འཐད་དེ། དེ་ལ་ཡང་དེ་ཚད་མར་མི་འཐད་པའི་ཕྱིར་དང༌། དེ་ལ་ཡང་འཇོག་བྱེད་ཀྱི་ཚད་མ་གཞན་བཙལ་དགོས་པའི་ཕྱིར། མི་འཐད་པ་ཅི་ཞེ་ན། རིགས་པ་དང་ཁས་བླངས་ནང་འགལ་བའི་སྒྲུབ་བྱེད་གཉིས་ཀྱིས་སོ། །དང་པོ་ནི། གང་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་ཚད་མ་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་མཐོང་བ་རྫུན་པ་ཡིན་པས་ཁྱབ་པའི་ཕྱིར། གཉིས་པ་ནི། འོ་ན་ཕྱི་རོལ་གྱི་དོན་ཡོད་པར་འགྱུར་ཏེ། དོན་སྣང་གི་ཤེས་པ་ཚད་མ་ཡིན་པའི་ཕྱིར། འོ་ན་གཞན་ཡང་དོན་སྣང་གི་ཤེས་པ་དང་ཚད་མའི་གཞི་མཐུན་ཡོད་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། འཕགས་པའི་མངོན་སུམ་གྱིས་ནི་ཕྱི་རོལ་གྱི་དོན་མེད་པར་མཐོང་བའི་ཕྱིར་རོ། །འོ་ན་ཕྱི་རོལ་གྱི་དོན་འཇིག་རྟེན་ཉིད་ལ་གྲགས་པའི་ཚད་མས་གྲུབ་པ་ཅི་ཞེ་ན། འཇིག་རྟེན་ན་ནི་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་ཅིང༌། ལྷན་ཅིག་སྐྱེས་པའི་མ་རིག་པས་སླད་པའི་ཤེས་པ་ཐམས་ཅད་ཚད་མར་ཁས་ལེན་པའི་ཕྱིར། འདི་སྙམ་དུ་འཇིག་རྟེན་ན་ཚད་མར་གྲགས་པ་དེ་ཐམས་ཅད་དབུ་མ་པས་ཀྱང་ཐ་སྙད་པའི་ཚད་མར་ཁས་ལེན་དགོས་སོ་སྙམ་ན། དེ་ཡང་འཁྲུལ་པ་ཡིན་ཏེ། གང་ཟག་དང་ཆོས་ཀྱི་བདག་དུ་འཛིན་པའི་རྟོག་པ་ལྷན་སྐྱེས་བཞིན་ནོ། །ངར་འཛིན་ལྷན་སྐྱེས་འཇིག་རྟེན་ལ་ཚད་མར་མ་གྲགས་ན་ནི། འཇིག་རྟེན་ལ་གྲགས་པའི་ཚད་མ་གང་གིས་བདག་ཡོད་པར་འཇོག་པ་ཡིན། ཞེས་བསམ་དགོས་པ་དང༌། སྔ་ཕྱི་གཅིག་དུ་འཛིན་པའི་རྟོག་པ་དང་རིལ་པོ་གཅིག་དུ་འཛིན་པའི་རྟོག་པ་འཇིག་རྟེན་ལ་ཚད་མར་མ་གྲགས་ན་ནི། དེ་དག་འཇིག་རྟེན་ན་གཅིག་པར་འཇིག་རྟེན་ལ་གྲགས་པའི་ཚད་མ་གང་གིས་འཇོག་ཅེས་བསམ་དགོས་པ་ཡིན་ནོ། །དེའི་ཕྱིར། འཇིག་རྟེན་ལ་གྲགས་པའི་ཚད་མ་ཡིན་ན་དབུ་མ་པ་རང་གི་ལུགས་ལ་ཐ་སྙད་དུ་ཡང་ཚད་མ་མ་ཡིན་པས་ཁྱབ་པ་ལ། དེ་ཡིན་ན་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་འཁྲུལ་པར་སྐྱེ་དགོས་པའི་ཕྱིར། འོ་ན་རང་ལུགས་ལ་ཐ་སྙད་པའི་ཚད་མ་གང་ཞེ་ན། འཕགས་པའི་ཐ་སྙད་ལ་བརྟེན་པའི་ཚད་མ་རྣམས་སོ། །འོ་ན་ཐ་སྙད་དུ་ཕྱི་རོལ་གྱི་དོན་བཀག་པ་མ་ཡིན་ནམ་ཞེ་ན། དེ་བཀག་པ་དེ་ནི། འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་འཕགས་པའི་ཐ་སྙད་དུ་མ་ཡིན་ནོ། །གཞན་དུ་འཕགས་པའི་ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་པར་སྒྲུབ་ན་ནི་ཀུན་རྫོབ་ཀྱི་བདེན་པ་བསྟན་བཅོས་ལ་གྲགས་པའི་རིགས་པས་འཇོག་པར་ཐལ་བ་དང༌། ཟླ་བ་གྲགས་པ་མདོ་སྡེ་སྤྱོད་པའི་དབུ་མ་པར་ཐལ་བར་འགྱུར་བ་དང༌། ཇི་སྐད་དུ། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་དེ་དོན་འདི་ཤེས་པར་བགྱི། །ཞེས་དང༌། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཞེས་གསུངས་པའི་དོན་ཇི་ལྟར་ཡིན་པ་བསམ་དགོས་སོ། །མདོར་ན་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དང༌། དབུ་མ་པའི་ཐ་སྙད་དུ་ཡོད་པ་གཉིས་མ་ཕྱེད་པ་ལ་བརྟེན་ནས་གངས་ཅན་གྱི་ཕྱི་རབས་པ་ཐམས་ཅད་ནོངས་སོ། །འོ་ན་ཐ་སྙད་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ངར་འཛིན་ལྷན་སྐྱེས་ཀྱིས་ཇི་ལྟར་བཟུང་བ་བཞིན་གྱི་བདག་ཡོད་དོ་ཞེས་ཟེར་བ་ནི་འཇིག་རྟེན་པའི་ཐ་སྙད་དོ། །དེ་མེད་དོ་ཞེས་ཟེར་བ་ནི་དབུ་མ་པའི་ཐ་སྙད་དོ། །ཕྱི་རོལ་གྱི་དོན་ཡོད་དོ་ཞེས་ཟེར་བ་ནི་འཇིག་རྟེན་གྱི་ཐ་སྙད་དོ། །དེ་ལས་བཟློག་པ་ནི་དབུ་མ་པའི་ཐ་སྙད་དོ། །དེ་ལས་གཞན་དུ་ཕྱི་རོལ་གྱི་དོན་ཡོད་པ་དབུ་མའི་ཐ་སྙད་ཡིན་ན་ནི། དེའི་ཐ་སྙད་དུ་གཟུང་འཛིན་རྫས་གཞན་དང༌། ཆོས་ཀྱི་བདག་ཡོད་པར་འགྱུར་རོ། །གལ་ཏེ་བདག་མེད་པ་དེ་དབུ་མ་པས་རང་ལུགས་ཀྱི་དོན་དམ་པ་ཡིན་པའི་ཕྱིར། དེའི་ཐ་སྙད་ཀྱིས་བཞག་པ་ཇི་ལྟར་ཡིན་སྙམ་ན། རང་ལུགས་ཀྱི་དོན་དམ་པའི་མིང་ཅན་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཐོག་མར་རང་ལུགས་ཀྱི་ཐ་སྙད་ཀྱི་སྒོ་ནས་བསྟན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པའོ། །གཉིས་པ་ལ། འོ་ན་སེམས་ཙམ་པ་ན་རེ། ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་མེད་པས། །དེ་ལྟོས་པའི་དོན་སྣང་གི་ཤེས་པ་མེད་པར་རིགས་སུ་ཆུག་ཀྱང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སེམས་རིག་ཅིང་གསལ་ཙམ་ནི་ངེས་པར་ཡོད་དགོས་པ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བའི་རྒྱུ་ཡིན་པའི་ཕྱིར་དང༌། སྤྲོས་པ་ལས་འདས་པའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་ཉིད་དོན་དམ་པའི་བདེན་པ་ཡང་ཡིན་ཏེ། སྤྱིར་ཡོད་ཅིང་སྤྲོས་པ་ལས་འདས་པའི་ཕྱིར། ཡོད་པ་ཡང་ཡིན་ཏེ། མེད་ན་གཉིས་སྣང་གི་ཤེས་པ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གཞན་དབང་གི་ངོ་བོ་ཡོད་ལ། དེ་ཡོད་པའི་ཕྱིར་གཞན་དབང་སྒྱུ་མ་ལྟ་བུ་དེ་ཡང་ཡོད་པར་གྲུབ་བོ་ཞེས་ཟེར་རོ། །དེ་སུན་འབྱིན་པའི་ཚུལ་ནི། སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱིས་གཟུང་འཛིན་གཉིས་སྟོང་གི་སེམས་གསལ་རིག་དེ་ཡོད་པར་ཁས་ལེན་པ་མི་རིགས་ཏེ། དེ་ཁྱོད་ཀྱིས་ཚད་མས་མི་འགྲུབ་པའི་ཕྱིར། མི་འགྲུབ་པ་ཡིན་ཏེ། ཁྱོད་ལ་འཕགས་པའི་ཚད་མ་མ་སྐྱེས་ཤིང༌། ཐ་སྙད་པའི་ཚད་མ་གང་གིས་ཀྱང་དེ་མི་འགྲུབ་པའི་ཕྱིར། དང་པོ་མ་སྐྱེས་ཏེ། རྣམ་པར་ཤེས་པ་བདེན་གྲུབ་དུ་སྨྲས་པས་ཆོས་ཀྱི་བདག་མེད་རྟོགས་པའི་ཐབས་ཁྱོད་ལ་མེད་པའི་ཕྱིར་རོ། །དེ་ཐ་སྙད་པའི་ཚད་མ་གང་གིས་ཀྱང་འགྲུབ་པ་མ་ཡིན་ཏེ། དེ་སྤྲོས་པ་ཐམས་ཅད་ཀྱིས་ཡུལ་ལས་འདས་པར་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་པ་དེ་ཉིད་ཀྱིས་དེ་ཉིད་གྲུབ་བོ་ཞེས་ཟེར་བ་ལས་གཞན་འོས་མེད་པས། དེ་སྐད་དུ་སྨྲ་བ་དེའི་ཚེ་ནི། གཟུང་འཛིན་གཉིས་སྟོང་གི་སེམས་གསལ་རིག་བདེན་གྲུབ་དེ་ཆོས་ཅན། རང་གིས་རང་ཉིད་གྲུབ་པ་མ་ཡིན་ཏེ། རང་ཉིད་མ་གྲུབ་པས་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། རང་གིས་རང་མྱོང་བ་ཡིན་ཏེ། དུས་ཕྱིས་ཡུལ་ཅན་དྲན་པའི་དྲན་ཤེས་དམིགས་པའི་ཕྱིར་ཞེ་ན། མྱོང་བ་ལས་དྲན་པ་སྐྱེ་བ་དེ་ཡང་རྣམ་པར་ཤེས་པ་རང་བཞིན་གྱིས་མ་གྲུབ་པར་འདོད་པའི་ཕྱོགས་དང༌། འཐད་པ་ཡིན་གྱི། ཁྱོད་རྣམ་པར་ཤེས་པ་རང་བཞིན་གྱིས་གྲུབ་པར་སྨྲ་བ་དང༌། ཐ་སྙད་བདེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་དཔྱད་ནས་འཇོག་པའི་ཕྱོགས་ལ་འཐད་པ་མ་ཡིན་ཏེ། འདི་ལྟར། དེ་དུས་ཀྱི་མྱོང་དྲན་གཉིས་ཆོས་ཅན། རྒྱུ་འབྲས་སུ་འཐད་པ་མ་ཡིན་ཏེ། རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། ཡང་ཕྱིས་ཀྱིས་དྲན་པ་དེ་ཆོས་ཅན། ཁྱོད་ལས་སྔར་གྱི་མྱོང་བ་དཔོག་ནུས་པ་མ་ཡིན་ཏེ། སྔར་གྱི་མྱོང་བས་ཉམས་སུ་མྱོང་བྱ་དེ་དང་ཁྱོད་ཀྱིས་དྲན་པའི་ཡུལ་གཉིས་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར། འོ་ན་དབུ་མ་པ་རང་གི་ལུགས་ལ་གཟུང་འཛིན་གཉིས་མེད་ཀྱི་སེམས་ཁས་མི་ལེན་པའམ། ལེན་ན་ཚད་མ་གང་གིས་འགྲུབ་ཅེ་ན། འཇིག་རྟེན་གྱིས་ཐ་སྙད་བདེན་པ་འཇོག་པ་དེའི་ཚེ་ནི། དོན་སྣང་གི་ཤེས་པ་གཟུང་འཛིན་གཉིས་ཀྱིས་སྟོང་པར་ཁས་མི་ལེན་ཏེ། དེ་ལ་རིགས་པས་མི་དཔྱོད་པའི་ཕྱིར་རོ། །རང་ལུགས་ཀྱི་རྣལ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པ་དེའི་ཚེ་ནི། དེ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་གྲུབ་པར་ཁས་ལེན་པ་ཡིན་ཏེ། དེའི་ཚེ་ན་ཡུལ་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དེ་དང་ཡུལ་ཅན་ཡེ་ཤེས་དབྱེར་མེད་པ་དེ་ཉིད། ཡུལ་ཅན་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་ཁས་ལེན་དགོས་པའི་ཕྱིར། འོ་ན་དེ་ལྟ་བུའི་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡོད་པར་གང་གིས་གྲུབ་ཅེ་ན། རྗེས་ཀྱི་དྲན་པའི་རྟགས་ལ་གྲུབ་པ་ཡིན་ཏེ། ངས་དེ་ཁོ་ན་ཉིད་མཐོང་ངོ་སྙམ་པའི་དྲན་ཤེས་སྐྱེ་བར་མྱོང་བས་གྲུབ་ཅིང༌། དེ་དུས་ཀྱི་དྲན་མྱོང་གཉིས་པོ་ཡུལ་གཞན་མ་ཡིན་པའི་ཕྱིར། མྱོང་བ་ལས་དྲན་པ་སྐྱེ་བ་ཡིན་ཏེ། མྱོང་བ་རང་བཞིན་གྱིས་མི་འགག་ཅིང༌། དྲན་པར་རང་བཞིན་གྱིས་མི་སྐྱེ་བ་གང་ཞིག དྲན་པ་སྐྱེ་བའི་རྒྱུ་དམིགས་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ནོ། །དེ་ལས་གཞན་དུ་ན་གཟུང་འཛིན་གཉིས་སྟོང་གི་སེམས་གསལ་རིག་རང་ལུགས་ལ་ཚད་མས་མ་གྲུབ་པ་ཁས་ལེན་དགོས་པར་འགྱུར་རོ། །འོ་ན་ཟླ་བའི་ཞབས་ཀྱིས། རང་རིག་ཐ་སྙད་དུ་བཞེད་པ་དང༌། མི་བཞེད་པའི་ཕྱོགས་གཉིས་ལས་གང་བཟུང་ཅེ་ན། བཞེད་པའི་ཕྱོགས་བཟུང་དགོས་པ་ཡིན་ཏེ་བཤད་མ་ཐག་པའི་ཚུལ་གྱིས་རྣལ་འབྱོར་ཀུན་རྫོབ་བདེན་པ་འཇོག་པའི་ཚེ་རང་རིག་ཁས་ལེན་དགོས་པ་གང་ཞིག འཇིག་རྟེན་ན་ཡང་ངས་སྔོན་པོ་མཐོང་ངོ་སྙམ་དུ་དྲན་པ་དེའི་ཚེ་ངས་མཐོང་བ་དྲན་པ་དང༌། སྔོན་པོ་མཐོང་བ་དྲན་པ་གཉིས་ལས། དང་པོ་དེ་ནི་ཡུལ་ཅན་གྱི་མྱོང་བ་དྲན་པ་ཡིན་ལ། མྱོང་བ་སྔོན་དུ་མ་སོང་བར་དྲན་པ་མི་འབྱུང་བའི་ཕྱིར། ཇི་སྐད་དུ། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་གྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཅེས་གསུངས་པས་སོ། །རང་རིག་ཡོད་ན་སོར་མོའི་རྩེ་མོས་རང་གིས་རང་ལ་རེག་པ་དང༌། རལ་གྲིའི་སོས་རང་གིས་རང་གཅོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཤེས་པ་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་རང་རིག་ཁས་བླངས་ན་ཉེས་པ་དེས་འགྱུར་བ་ཡིན་གྱི། དེ་དེར་མ་གྲུབ་པར་འདོད་པའི་ཕྱོགས་ལ་ནི་ཤེས་པ་རང་ཉིད་གསལ་གྱི་ངོ་བོར་སྐྱེས་པ་ལ་རང་རིག་གི་ཐ་སྙད་འདོགས་པ་མི་འཐད་པའི་ཕྱིར། དཔེར་ན་མར་མེ་རང་གསལ་དུ་འཇོག་པ་བཞིན་ནོ། །དེ་དེར་འཇོག་པ་ཡང་མར་མེ་རང་བཞིན་གྱིས་མ་གྲུབ་པའི་ཕྱོགས་ལ་ཡིན་གྱི། དེ་དེར་གྲུབ་པར་སྨྲ་བའི་ཕྱོགས་ལ་ནི་རང་གསལ་ཉིད་ཀྱང་འཐད་པ་མ་ཡིན་ཏེ། ཇི་སྐད་དུ། མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །འོ་ན་ཕྱོགས་འདི་ལ་ཡང་རང་ཉིད་རང་ལ་བྱེད་པ་འགལ་བ་དེ་ཇི་ལྟར་མི་མཚུངས་ཞེ་ན། དེ་མི་མཚུངས་པའི་ཚུལ་ནི་དཔེར་ན། དངོས་སྨྲ་བའི་ཕྱོགས་ལ་རང་རིག་ལྟ་ཞོག སྤྱིར་རིག་བྱ་རིག་བྱེད་དང་ཡུལ་ཡུལ་ཅན་དང༌། རྒྱུ་འབྲས་མི་འཐད་ལ། གཅིག་ཤོས་ཀྱི་ཕྱོགས་ལ་འཐད་པ་བཞིན་ནོ། །དེ་ནི་དཔེ་ཡིན་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན། འབྲེལ་མེད་དོན་གཞན་ཡིན་དགོས། རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་ན་ཐ་དད་རྟེན་མེད་ཀྱི་གཅིག་ཡིན་དགོས། དེ་ཡིན་ན་རྟོག་པའི་ངོར་རིག་བྱ་དང་རིག་བྱེད་གཉིས་སུ་དབྱེར་མེད་པས་ཁྱབ་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་འོ་ན་གཟུང་འཛིན་གཉིས་སྟོང་གི་སེམས་གསལ་རིག་བདེན་པར་མ་གྲུབ་ན་བདེ་བར་གཤེགས་པའི་སྙིང་པོ་དང་ཀུན་གཞིའི་རྣམ་པར་ཤེས་པ་གསུངས་པ་དང་འགལ་ལོ། །དེའི་རྒྱུ་མཚན་ཡང་དེ་གཉིས་ཀའི་ངོ་བོ་ནི། ལུས་ཅན་ཀུན་ལ་ཁྱབ་པའི་སེམས་གསལ་རིག་ལ་འདོད་དགོས་ཏེ། ཀུན་གཞི་དང་སྙིང་པོ་གཉིས་ཀ་ཡང་མདོ་ལས་བདེན་གྲུབ་དུ་གསུངས་པའི་ཕྱིར་རོ། །ཞེས་སེམས་ཙམ་པ་དག་སྨྲའོ། །དེའི་ལན་ནི་འདི་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འཁོར་འདས་ཀྱི་ཆོས་ཀུན་གྱི་ས་བོན་འཇོག་པའི་གཞི་དང༌། ས་བོན་དེའི་ནུས་པ་སྨིན་པ་ལས་རྣམ་སྨིན་གྱི་ངོ་བོར་གྲུབ་པའི་རྣམ་པར་ཤེས་པ་ནི་ཁོ་བོ་ཅག་ཁས་མི་ལེན་ཏེ། དེ་འདྲ་དེ་བདེན་པ་གཉིས་ཆར་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་དོན་དམ་པའི་བདེན་པར་ཡོད་པ་མ་ཡིན་ཏེ། སྐྱེས་ལ་ནུས་པ་སྐྱེས་པ་ཡོད་མ་ཡིན། །ཞེས་སོགས་ཀྱི་རིགས་པས་ཁེགས་པའི་ཕྱིར། ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་བདེན་པའི་ངོ་ན་ཡོད་པ་ཡང་མ་ཡིན། རྣལ་འབྱོར་པའི་ཐ་སྙད་བདེན་པའི་ངོ་ན་ཡང་ཡོད་པ་མ་ཡིན་པའི་ཕྱིར། དང་པོར་མེད་དེ། འཇིག་རྟེན་ན་མ་གྲགས་པའི་ཕྱིར་ཏེ། ཇི་སྐད་དུ། བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པ་ལྟར་རོ། །གཉིས་པར་ཡང་མེད་དེ། ཇི་སྐད་དུ། མིག་དབང་མེད་པ་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །ཞེས་སོགས་ཀྱི་རིགས་པས་ཁེགས་པའི་ཕྱིར་རོ། །འོ་ན་ལུགས་འདི་ལ་ཐ་སྙད་དུ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་ནམ་ཅེ་ན། དེ་ནི་མ་ཡིན་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཀུན་གཞིའི་མིང་གིས་བཏགས་ནས་ཁས་ལེན་པའི་ཕྱིར། དེ་ལ་དེར་འདོགས་པའི་རྒྱུ་མཚན་ནི། འཁོར་བའི་ཆོས་ཀུན་གྱི་ནུས་པ་འཇོག་པའི་གཞི་དང༌། ནུས་པ་སྨིན་པའི་གཞི་མ་ཡིན་ཡང༌། དེ་ཆོས་ཅན། ཀུན་གཞིའི་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། དེ་ལ་དེའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། བདག་མེད་པས་འཇིགས་པ་རྣམས་རིམ་གྱིས་དྲང་བའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། རྣམ་པར་ཤེས་པ་དངོས་མ་ཡིན་ཏེ། མ་རིག་པའི་སླད་པ་ཞུགས་པའི་ཆ་ནས་བཞག་པའི་ཤེས་པ་མ་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི་ཀུན་གཞི་མཚན་ཉིད་པ་ཡིན་པར་ཁས་བླངས་པ་ལ་ཉེས་པ་མེད་དོ། །འོ་ན་ཀུན་གཞི་སྟོན་པའི་མདོ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པ་ཅི་ཞེ་ན། དེ་ནི་ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་པའི་གཞུང་གིས་བསྟན་པའི་རྣམ་སྨིན་དང་ས་བོན་གྱི་ངོ་བོར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསམས་པའོ། །སྐབས་འདི་དག་དུ་ཁ་གཅིག་རྣམ་ཤེས་ཚོགས་བདུན་ལ་ས་ཐ་དད་གྱུར་པའི་ཀུན་གཞིའི་རྣམ་ཤེས་ཡོད་པར་སེམས་ཙམ་པ་འདོད་དོ་ཞེས་དང༌། ཡང་ལ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཁས་ལེན་ཕྱིན་ཆད། སེམས་ཙམ་པས་འདོད་པ་ལྟར་ཁས་ལེན་དགོས་སོ་ཞེས་དང༌། ཡང་གཞན་དག་ཟླ་བ་གྲགས་པས་ཀུན་གཞིའི་རྣམ་པར་ཤེས་པ་བདེན་གྲུབ་འགོག་པ་ཡིན་གྱི་ཀུན་གཞི་ཙམ་འགོག་པ་མ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་མཐའ་གཅིག་ཏུ་ལེགས་པར་གྲུབ་པ་མ་ཡིན་ཏེ། དེས་དེ་ལྟར་འདོད་པའི་ལུང་ཁུངས་མེད་པའི་ཕྱིར་དང༌། དབུ་མའི་བསྟན་བཅོས་སུ་ཀུན་གཞི་ཁས་ལེན་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། བདེན་པ་སྤྱི་ལྡོག་ནས་བཀག་པས་མི་ཆོག་པར། ཀུན་གཞི་སོགས་རེ་རེ་ནས་བདེན་གྲུབ་འགོག་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། སྐབས་འདི་ན་ཀུན་གཞིའི་སྟེང་དུ་ཕྱི་རོལ་དོན་སྣང་གི་ནུས་པ་འཇོག་པ་དང་སྨིན་པ་གཙོ་བོར་འགོག་པ་ཡིན་གྱི། དེ་བདེན་གྲུབ་ཡིན་པའི་ཆ་ནས་འགོག་པ་མི་སྣང་བའི་ཕྱིར་རོ། །སེམས་རང་བཞིན་གྱིས་འོད་གསལ་བ་བདེན་པར་མ་གྲུབ་པ་ལ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་གཞུང་གིས་ཀྱང་གནོད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་སྟོང་པ་ཉིད་ལ་དགོངས་ནས་བདེ་བར་གཤེགས་པའི་སྙིང་པོར་གསུངས་པ་ཡིན་གྱི། དེ་བདེན་པར་གྲུབ་པ་ལ་དགོངས་ནས་དེར་བཤད་པ་མ་ཡིན་པའི་ཕྱིར། དེ་ལ་དེར་བཤད་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟ་ན་ནི་མུ་སྟེགས་འདོད་པའི་བདག་དང་མཚུངས་པར་ཐལ་བའི་ཕྱིར་རོ། །མདོར་ན། སེམས་ཀྱི་རང་བཞིན་སྟོང་པ་ཉིད་ཆོས་ཅན། བདེ་བར་གཤེགས་པའི་སྙིང་པོར་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལས་བདེ་བར་གཤེགས་པའི་སྙིང་པོ་འབྱུང་དུ་རུང་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྟག་བརྟན་ཐེར་ཟུག་ཏུ་གསུངས་པ་ལ་དགོས་པ་ཡོད་དེ། འཁོར་ལོ་བར་པར་ཆོས་ཐམས་ཅད་བདེན་མེད་དུ་བཤད་པས་སྐྲག་པ་སྤང་བའི་ཆེད་ཡིན་པའི་ཕྱིར། ཞེས་བྱ་བ་ནི་ཟླ་བའི་ཞབས་ཀྱིས་བཞེད་པའོ།།  །།དེ་ལྟར་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་ཕྲེང་བར་རབ་ཕྱེ་བའི། །ཀུ་མུད་གསར་བའི་ཕྲེང་མཛེས་འདི། །ཀུན་གྱི་རྣ་བར་འཛིན་གྱུར་ཅིག །ཅེས་པ་དབུ་མ་ལ་འཇུག་པའི་དཀའ་བའི་གནས་འགའ་ཞིག་རྣམ་པར་བཤད་པ་ཀུ་མུད་ཀྱི་ཕྲེང་མཛེས་ཞེས་བྱ་བ་འདི་ནི། ཟླ་བའི་ཞབས་ཀྱི་གཞུང་ལུགས་འཆད་པ་ལ་བསྙེངས་པ་མེད་པ་ཡུལ་དབུས་ཀྱི་སློབ་དཔོན་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཞབས་བརྟན་གྱིས་གཙུག་ལག་ཁང་གཙང་ཆུ་མིག་རིང་མོའི་བླ་བྲང་ཆེན་མོར་ཉེ་བར་སྦྱར་བ་ཡིན་ནོ།།  །།དགེའོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*