ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཞག་པ་ལས་ཉན་ཐོས་ཀྱི་འདུལ་བ། ག ༽

ཟླ་བ་དེའི་ནང་དུ་དབྱར་གྱི་ཉི་མ་ངེས་པར་ལྡོག་པའི་ཕྱིར། དེ་ལྟར་ན་འཇིག་རྟེན་ལུགས་ཀྱི་འབྲིང་པོ་བཞི་ལ་ལྡོག་དུས་གཉིས་དང་མཉམ་པའི་དུས་གཉིས་ཏེ་བཞི་འབྱུང་བར་ངེས། བསྟན་བཅོས་ལུགས་ཀྱི་ཐ་ཆུང་བཞི་ལ་དུས་བཞི་དེ་འབྱུང་བར་ངེས་སོ། །ཡང་གྲུབ་དོན་གཉིས་པ་ནི། བསྟན་བཅོས་ལུགས་ཀྱི་སྟོན་ཟླ་ཐ་ཆུང་འཇིག་རྟེན་ལུགས་ཀྱི་ཐ་ཆུངས་ལས་ཟླ་བ་གཅིག་གིས་སྔ་བར་གྲུབ་པ་ན། འདུལ་བའི་ལུགས་ཀྱི་ལོ་མགོའི་ངོས་འཛིན་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ཡིན་པར་གྲུབ་སྟེ། སྟོན་ཟླ་ཐ་ཆུངས་ཀྱི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པ་ནི་འདུལ་བ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། འདུལ་བའི་ཆོས་སྐོར་གྱི་མདོ་ལུང་ཐམས་ཅད་ནས་སྟོན་ཟླ་ཐ་ཆུངས་ནས་ལོ་འགོ་འཛིན་པའི་རྣམ་གཞག་བཤད་པ་དེ་ཐམས་ཅད་འཇིག་རྟེན་གྱི་ལུགས་གཞིར་བཞག་ནས་བཤད་པའི་ཕྱིར། དེས་ན་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་ལོའི་འགོ་ངོས་འཛིན་པ་ཡིན་ཏེ། དེ་ཉིད་འཇིག་རྟེན་ལུགས་ཀྱི་སྟོན་ཟླ་ཐ་ཆུངས་སུ་འཆད་དགོས་པའི་ཕྱིར། མངོན་པའི་ལུགས་ལ་ནི་སྔ་མ་དེ་ལྟར་དུ་གྲུབ་པར་ཐལ་བ་འདོད་ནུས་པ་ཡང་བོད་སྔ་རབས་པ་དག་གི་ལུགས་ལ་ཡིན་ཏེ། ཇི་སྐད་དུ། དགུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་དུ་འགྱུར་ཞེས་བཤད་པ་དེ་དགུན་ཉི་ལྡོག་པར་འདོད་པའི་དུས་ལ་འཆད་པ་དག་ཡོད་པའི་ཕྱིར། གཞུང་དེར་ཡང་རང་གི་འདོད་པ་ནི། ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པས་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་ངོས་བཟུང་ཞིང༌། དེ་ནས་བགྲངས་པའི་དབྱར་གྱི་ཟླ་བ་གཉིས་པ་ནི་འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོ་དང་བསྟན་བཅོས་ལུགས་ཀྱི་ཐ་ཆུངས་ཡིན་ལ། དེ་དུས་སུ་དབྱར་གྱི་ཉི་མ་ལྡོག་པ་དང༌། བསྟན་བཅོས་ལུགས་ཀྱི་སྟོན་ཟླ་ཐ་ཆུངས་ལ་སྟོན་གྱི་ཉིན་མཚན་མཉམ་པ་དེ་ནས་བགྲངས་བའི་ཟླ་བ་བཞི་པ་ནི་འཇིག་རྟེན་ལུགས་ཀྱི་དགུན་ཟླ་འབྲིང་པོ་དང་བསྟན་བཅོས་ལུགས་ཀྱི་ཐ་ཆུངས་ཡིན་ལ། དེ་དུས་སུ་དགུན་ཉི་ལྡོག་པའོ། །དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུངས་ལ་བྱེད་པ་མི་འཐད་དེ། དབྱར་གྱི་ཟླ་བ་དང་པོ་དབྱར་ཟླ་རྭ་བ་ལ་བྱེད་དགོས་པའི་ཕྱིར་ཞེ་ན། དེའི་ངེས་པ་མེད་དེ། དབྱར་ཟླ་རྭ་བ་ནི་དུས་ཚིགས་ལྔ་དང་དྲུག་གི་རྣམ་གཞག་དང་གསུམ་གྱི་རྣམ་གཞག་བྱེད་པ་དེའི་ཚེ་དཔྱིད་ཀྱི་ཟླ་བ་བཞི་པར་འདོད་དགོས་པའི་ཕྱིར་དང༌། བསྟན་བཅོས་ལུགས་ཀྱི་དུས་ཚིགས་ཀྱི་རྣམ་གཞག་ནི་གསུམ་པོ་དེ་གང་རུང་གི་ཆ་ནས་འཇོག་པའི་ཕྱིར། ཡང་དབྱར་ཟླ་འབྲིང་པོའི་ཐོག་མར་གྱུར་པའི་ཚེས་གཅིག་ནས་དབྱར་སྔ་མའི་ཁས་ལེན་བྱེད་པ་དེ་ལྟར་ན། གཞུང་དུ་ཚེས་བཅུ་དྲུག་ལའོ། །ཞེས་པ་དང་འགལ་ཏེ། གཞུང་དུ་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ། །ཞེས་འབྱུང་བས་སོ་ཞེ་ན། ཉེས་པ་མེད་དེ། བསྟན་བཅོས་ལུགས་ཀྱི་དབྱར་ཟླ་འབྲིང་པོ་རྫོགས་པའི་ཕྱི་ཉིན་དེ་ཉིད་ནས་འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ཏུ་འཇོག་པའི་ཕྱིར་དང༌། ཚེས་བཅུ་དྲུག་ནི་འཇིག་རྟེན་གྱི་ཐ་སྙད་སོར་བཞག་པ་ཡིན་ཏེ། བསྟན་བཅོས་ལས་ནི་རྣམ་པ་ཐམས་ཅད་དུ་མར་ངོ་སྔོན་དུ་འགྲོ་བས་ཚེས་བཅུ་དྲུག་གི་ཐ་སྙད་མེད་པའི་ཕྱིར། འོ་ན་གཞུང་ལས་འབྱུང་བ་དེ་དག་འཁྲུལ་པ་ཅན་དུ་འགྱུར་ཏེ། རེས་འགའ་འཇིག་རྟེན་གྱི་དབྱར་འབྲིང་དབང་བཙན། རེས་འགའ་བསྟན་བཅོས་ལུགས་ཀྱི་དབྱར་འབྲིང་དབང་བཙན་པར་བྱས་ནས་བཤད་པའི་ཕྱིར་ཞེ་ན། འདིའི་ལན་ལ་ལོ་ཙཱ་བ་གྲགས་རྒྱལ་ནི། རྒྱ་དཔེ་ལ་ཉ་སྐར་གྱི་མིང་ཅན་དུ་ཡོད་པ་དེ། བོད་དཔེ་ལ་ར་འབྲིང་གི་ཐ་སྙད་དུ་བསྒྱུར་བས་འཁྲུལ་གཞི་དང་བཅས་ཞེས་ཀྱང་གསུང་མོད། རང་ལུགས་ལ་ནི། མར་ངོ་སྔོན་འགྲོར་བྱས་པའི་ཉི་མ་གང་ལ་ལྡོག་པའི་ཟླ་བ་དེ་བསྟན་བཅོས་ལུགས་ཀྱི་དབྱར་ཟླ་ཐ་ཆུངས་དང༌། འཇིག་རྟེན་ལུགས་ཀྱི་དབྱར་ཟླ་འབྲིང་པོར་ངེས་པས་འཁྲུལ་བ་མེད་དོ། །དེ་ལྟར་འཆད་པ་དེ་ཉིད་འཁྲུལ་བའི་གཞིའོ་ཞེ་ན། ཐ་སྙད་ཀྱི་གཙུག་ལག་མ་ཤེས་ན་དེ་ལྟར་འགྱུར་མོད། ཤེས་པ་ལ་མ་ཡིན་ཏེ། དབྱར་དགུན་གྱི་དུས་འབྱུང་བ་ནི་ཉི་མའི་འགྲོས་ལས་ཡིན་ལ། ཟླ་བའི་ཞག་གྲངས་ནི་དེའི་འཕེལ་འགྲིབ་ཀྱི་ཆ་ལས་ཡིན་པའི་ཕྱིར་ན་ལུགས་གཉིས་ཀྱི་དབྱར་འབྲིང་ལ་སྔ་ཕྱིའི་ཁྱད་ཞུགས་པ་ཡིན་ནོ། །དེ་ལྟར་ཤེས་པ་ན་ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་བསྟན་བཅོས་ལུགས་ཀྱི་དབྱར་ཟླ་ཐ་ཆུངས་ལ་དེའི་ལུགས་ཀྱི་དབྱར་ཟླ་འབྲིང་པོར་བཤད་བྱུང་བ་དེ། ལོ་དེ་ལ་གྲོ་བཞིན་ཅན་གྱི་མིང་ཅན་གཉིས་བྱུང་བའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་བསྟན་བཅོས་ལུགས་ཀྱི་སྟོན་ཟླ་རྭ་བ་ལ་དབྱར་སྔ་མའི་ཁས་ལེན་བྱེད་དགོས་པར་ཐལ་བས་སོ། །དོན་ལ་གནས་ཚོད་ནི། དགུན་ཉི་ལྡོག་པའི་ཉི་མོ་ནས་དགུན་གྱི་འགོ་འཛིན་པ་ཡིན་ཏེ། དུས་དེ་ནས་ཤིན་ཏུ་གྲང་བའི་འགོ་ཟུག་པའི་ཕྱིར། དབྱར་ཉི་ལོག་པའི་ཉིན་ནས་དབྱར་གྱི་འགོ་འཛིན་པ་ཡིན་ཏེ། དེ་ཉིད་ཆར་འབབ་པའི་ཐོག་མ་ཡིན་པའི་ཕྱིར། དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཉིན་མོ་ནས་དཔྱིད་ཀྱི་ཐོག་མ་འཛིན་པ་ཡིན་ཏེ། དེ་ནས་ཚ་བའི་དུས་ཀྱི་འགོ་ཟུག་པའི་ཕྱིར། སྟོན་གྱི་ཉིན་མཚན་མཉམ་པའི་ཐོག་མ་ནས་སྟོན་གྱི་འགོ་འཛིན་པ་ཡིན་ཏེ། འབྲས་བུ་སྨིན་དཀའ་བ་རྣམས་ཀྱང་སྨིན་པའི་དུས་ཀྱི་འགོ་ཟུག་པའི་ཕྱིར། དེ་ལྟར་བསླབ་པ་ཡོངས་སུ་སྦྱོང་བའི་ཚུལ་ཞར་བྱུང་དང་བཅས་པ་བསྟན་ཟིན་ནས། གསུམ་པ་ཐམས་ཅད་འགྲུབ་པར་བྱེད་པ་ལས་ཀྱི་གཞི་ལ་གཉིས་ཏེ། དགེ་འདུན་གྱི་ལས་དང༌། གང་ཟག་གི་ལས་ཞར་བྱུང་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་འདུ་བའི་སྐབས་སྒྲུབ་པ་དང༌། ལས་དངོས་སོ། །དང་པོ་ལ་བཞི་སྟེ། ལས་འཆགས་པའི་རྒྱུ་ཚོགས་གཞི་དང་བསམ་པའི་མཚན་ཉིད། ལས་བརྗོད་པ་ངོ་བོ་ཉིད་ཀྱི་མཚན་ཉིད། ལས་ཉམས་སུ་མྱོང་བའི་མཚན་ཉིད། ལས་འཆགས་པའི་དུས་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། གཞི་དང་བསམ་པའོ། །དང་པོ་ལ་གསུམ་སྟེ། བློ་མཐུན་པར་བྱེད་པ་དགེ་འདུན་གྱི་མཚན་ཉིད། རྗོད་པར་བྱེད་པ་ལས་མཁན་གྱི་མཚན་ཉིད། བསྒྲུབ་པར་བྱ་བ་ཡུལ་གྱི་མཚན་ཉིད་དོ། །དང་པོ་ནི་གསུམ་སྟེ། གྲངས་ཚང་བ་དང༌། ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་མེད་པའོ། །དང་པོ་ནི། གྲངས་ཚང་བཅུ་གཅིག་གི་ཐ་སྙད་མཛད་པ་ཡིན་ཏེ། དགེ་སློང་མའི་དབྱུང་བ་ལ་བཞི་བཅུ་ཚང་བ་དང༌། བུད་མེད་ཡུལ་དབུས་སུ་བསྙེན་པར་རྫོགས་པ་ལ་ཉི་ཤུ་རྩ་གཉིས་ཚང་བ་དང༌། དགེ་སློང་གི་དབྱུང་བ་ལ་ཉི་ཤུ་ཚང་བ་དང༌། སྔོན་རོལ་གྱི་སྡོམ་པ་དང་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་བཅུ་གཉིས་ཚང་བ་དང༌། བུད་མེད་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་བཅུ་གཅིག་ཚང་བ་དང༌། སྐྱེས་པ་ཡུལ་དབུས་སུ་བསྙེན་པར་རྫོགས་པ་ལ་བཅུ་ཚང་བ་དང༌། དགེ་སློང་མའི་དགག་དབྱེ་ལ་ཕ་ལྔ་མ་བཞི་དང་དགུ་ཚང་བ་དང༌། མའི་མགུ་བ་ལ་ཕ་མ་བཞི་བཞི་སྟེ་བརྒྱད་ཚང་བ་དང༌། སྔོན་རོལ་གྱི་སྡོམ་པ་སོགས་ལ། མཐའ་འཁོབ་ཏུ་དྲུག་ཚང་བ་དང༌། མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་དང་དགག་དབྱེ་ལ་ལྔ་ཚང་བ་དང༌། ལས་གཞན་ཐམས་ཅད་ལ་བཞིའི་གྲངས་ཚང་གིས་འགྲུབ་པའོ། །གཉིས་པ་ཁ་བསྐོང་བར་འོས་པ་ནི། ཆོས་བཅུ་བཞི་ཚང་བ་སྟེ། མཚམས་ཀྱི་ཕྱི་རོལ་དུ་འདུག་པ་མ་ཡིན་པ་དང༌། མི་འདུག་པར་འགྲེང་བ་མ་ཡིན་པ་དང༌། གང་ལ་བྱ་བ་དེ་ཉིད་མ་ཡིན་པ་དང༌། འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིན་པ་དང༌། བསྙེན་པར་མ་རྫོགས་པ་མ་ཡིན་པ་དང༌། ཉམས་པ་མ་ཡིན་པ་དང༌། མཚམས་མེད་བྱས་པ་མ་ཡིན་པ་དང༌། སྡིག་པའི་ལྟ་བ་ཅན་མ་ཡིན་པ་དང༌། ས་གཞན་ན་གནས་པ་མ་ཡིན་པ་དང༌། ཐ་དད་དུ་གནས་པ་མ་ཡིན་པ་དང༌། འཁྲུལ་བ་དང་བཅས་པ་མ་ཡིན་པ་དང༌། དཀོན་མཆོག་གཞན་མ་ཡིན་པ་དང༌། མཚན་མི་མཐུན་པ་མ་ཡིན་པའོ། །དེ་ལྟར་བཅུ་བཞིར་བཤད་ཀྱང༌། གཉིས་ལ་བཞག་ལེན་དགོས་ཏེ། དགེ་འདུན་བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བས་ཀྱང་ལས་བརྒྱ་རྩ་འཆགས་པར་བཤད་ལ། དེའི་ཚེ་ན་སྡིག་ལྟ་ཅན་མ་ཡིན་པ་འདོར་དགོས་ཏེ། དེ་དག་ནི་སྡིག་ལྟ་ཅན་ཁོ་ནར་ངེས་པའི་ཕྱིར། དེ་ལྟར་ན་དགེ་སློང་ཚུལ་ཁྲིམས་རྣམ་དག་དང་མུ་སྟེགས་ཀྱི་ལྟ་བ་ཅན་གྱི་གཞི་མཐུན་ན་ཡོད་པར་རུང་ངོ༌། །ཁ་ཅིག་གི་གསུང་ནས། ཆོས་ཕྱོགས་པས་ལས་བྱེད་པའི་ཚེ། སྡིག་ལྟ་ཅན་མ་ཡིན་པ་དང་ཐ་དད་དུ་གནས་པ་མ་ཡིན་པ་ནི་དོན་གཅིག་པའོ། །ཞེས་གསུངས་མོད། དེའི་ངེས་པ་མེད་དེ། དགེ་སློང་སྡིག་ལྟ་ཅན་ཡིན་ཀྱང་ཐ་དད་དུ་གནས་པའི་ངེས་པ་མེད་དེ། ཐ་དད་དུ་གནས་པའི་དགེ་སློང་ཡིན་ཀྱང་སྡིག་ལྟ་ཅན་དུ་མ་ངེས་པའི་ཕྱིར། དང་པོ་ནི། ལས་མ་བྱེད་པའི་གོང་གི་སྡིག་ལྟ་ཅན་དང་དགེ་སློང་ལྷས་སྦྱིན་ལྟ་བུའོ། །གཉིས་པ་ནི། ལས་བྱེད་པ་ནི་ཆོས་མ་ཡིན་པའི་ཕྱོགས་སུ་གཏོགས་ཀྱང༌། སྡིག་ལྟ་མ་སྐྱེད་པ་འགའ་ཞིག་སྲིད་པའོ། །དེ་ནས་འདི་དཔྱད་དགོས་ཏེ། ཆོས་མ་ཡིན་པའི་ཕྱོགས་པས་ལས་བྱེད་པའི་ཚེ་ཁ་སྐོང་དུ་འོས་པ་ལ། གནས་ནས་ཕྱུང་བ་མ་ཡིན་པ་དགོས་སམ་མི་དགོས། དགོས་ན་ཀཽ་ཤམྦིར་ལས་བྱེ་བའི་རྐྱེན་ཡངས་པ་ཅན་པས་གནས་ཕྱུང་བྱས་པ་ལ་ཐུག་པར་བཤད་པ་དང་འགལ། མི་དགོས་ན་དེའི་ལས་ལ་ཡང་ཁ་སྐོང་གི་ཆོས་བཅུ་གསུམ་ཚང་བ་མི་དགོས་པར་འགྱུར་ལ། གཞན་ཀྱང་མཚམས་མེད་ཅན་མ་ཡིན་པ་དགོས་ན། དགེ་སློང་ལྷས་སྦྱིན་གྱིས་ཆོས་མ་ཡིན་པ་སྨྲ་བའི་ཕྱོགས་ཀྱི་ལས་མ་བྱས་པར་འགྱུར་ལ། དེ་ལྟ་ན་དེའི་ཚེ་ཚུལ་ཤིང་བྲིམ་པ་ལ་སོགས་པའི་ལས་དེ་སུ་ཞིག་གིས་བྱས་པ་ཡིན་ཞེས་དཔྱོད་ན། ཀཽ་ཤམྦི་བའི་དགེ་སློང་གནས་ཕྱུང་དེ་དག་ལས་བྱེད་པ་པོ་ཡིན་གྱི། བྱེ་བའི་དུས་ཀྱི་ཁ་སྐོང་དུ་ཡོད་པ་མ་ཡིན་ཞེས་པའམ། ཡང་ན་ཆོས་ཕྱོགས་པས་གནས་ཕྱུང་བྱས་པ་དེ་ཅིག་ཤོས་ལ་གནས་ཕྱུང་དུ་མི་འགྱུར་ཏེ། ཇི་སྐད་དུ། རང་གི་ཕྱོགས་དང་མཐུན་པ་མ་ཡིན་པ་ལ་མི་འཆགས་སོ། །ཞེས་འབྱུང་ངོ༌། །དེ་ལའང་འདི་སྐད་ཅེས་རྒོལ་བར་འགྱུར་ཏེ། འོ་ན་ཆོས་ཀྱི་ཕྱོགས་པས་སྡིག་ལྟ་ཅན་ལ་གནས་དབྱུང་མི་འཆགས་པར་འགྱུར་ལ། དེ་ལྟ་ན་སྡིག་ལྟ་མི་གཏོང་བའི་གནས་དབྱུང་ཞེས་པ་དེ་ཇི་ལྟར་བྱ། མ་བྱེ་གོང་གི་དབང་དུ་བྱས་སོ་ཞེ་ན། མ་བྱེ་གོང་དུ་བྱས་པའི་གནས་དབྱུང་གིས་དེའི་གོ་ཆོད་ན་སྔ་མ་ལའང་མཚུངས་པས་གནས་དབྱུང་ཅན་ཁ་སྐོང་དུ་རུང་བར་འགྱུར་རོ། །དེའི་ཕྱིར་གནས་དབྱུང་བྱས་པ་དེ་དག་བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་ཀྱི་ལས་ཀྱི་ཁ་སྐོང་དུ་བྱས་པ་མ་ཡིན་ཏེ། ཡིན་ན་བྱེ་བ་འདུམས་པའི་ཚེ་མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་ལས་ལོགས་སུ་བཟོད་གསོལ་གྱི་ལས་འཆད་དགོས་པ་ལས་དེ་ལྟར་བཤད་པ་མེད་དོ་སྙམ་དུ་དོགས་ན། ཇི་སྐད་དུ། བཟོད་པ་བྱས་པ་དེ་དག་ལ། །ཞེས་པས་གནས་ཕྱུང་གི་བཟོད་གསོལ་བསྟན་པར་འཆད་དགོས་སོ། །དེས་དེ་ལྟར་བསྟན་པ་མ་ཡིན་ཏེ། གཞུང་དེས་ནི་སྤྱིར་མཐུན་པ་སྦྱིན་པའི་སྔོན་དུ་བཟོད་པ་གསོལ་དགོས་པར་བསྟན་ལ། ཆོས་མ་ཡིན་པའི་ཕྱོགས་པ་སྔར་གནས་ནས་ཕྱུང་བ་མ་ཡིན་པ་དག་ཀྱང་སྲིད་པའི་ཕྱིར། དཔེར་ན་གང་མང་གི་ཞི་བྱེད་བྱས་པ་ན་ཆོས་མ་ཡིན་པའི་ཕྱོགས་སུ་རྩོད་པ་ཞི་བའི་སྐབས་བཞིན་ནོ། །ཞེས་དོགས་པ་དག་ཀྱང་སྲིད་པས་དཔྱད་པར་བྱའོ། །གོང་གི་དོགས་པ་གཉིས་པའི་ལན་ནི། ལྷས་སྦྱིན་དཔོན་གཡོག་གིས་དགེ་འདུན་ཕྱེ་བ་ཡིན་གྱི། ཆོས་མིན་པའི་ཕྱོགས་སུ་ལས་བྱས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པོར་ཡང་དག་ལྡན། །ཞེས་སོ། །ཡང་ཆོས་མིན་ཕྱོགས་པའི་ལས་ཀྱི་ཁ་སྐོང་ལ་བསླབ་པ་འཁྲུལ་བཅས་སུ་མ་སོང་བ་དགོས་སམ་མི་དགོས། མི་དགོས་ན་ཕྱོགས་གཉིས་ཀྱི་ཁ་སྐོང་ལ་གྲངས་ངེས་ཀྱི་བཞག་ལེན་དེ་ལྟར་དུ་བྱེད་པ་ཉམས་ལ། དགོས་ན་ཆོས་མ་ཡིན་པ་སྨྲ་བ་དེ་སྡིག་ལྟ་མི་གཏོང་བའི་ལྟུང་བ་ཅན་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟུང་བར་ཁས་ལེན་དགོས་པ་དེའི་ཚེ་ཡང་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་བར་ཁས་ལེན་དགོས་སོ། །འོ་ན་ཆོས་མིན་སྨྲ་བ་མ་ཡིན་པར་འགྱུར་ཏེ། དེ་ལྟར་སྨྲ་བ་དེ་ལྟུང་བར་ཁས་ལེན་དགོས་པའི་ཕྱིར་ཞེ་ན། དེ་ལྟར་ཁས་ལེན་པ་དེ་ཡང་ཆོས་མ་ཡིན་པ་དེ་ལས་མྱུར་དུ་ལྡོག་པའི་ཐབས་སོ། །གསུམ་པ་མི་མཐུན་པ་མེད་པ་ལ། ལོག་ཕྱོགས་ནི་གཉིས་ཏེ། མ་འདུས་པའི་དང༌། འདུས་པ་ཕྱིར་ལོག་གོ །དང་པོ་ནི། གཞུང་ལས་བཤད་པའི་ཁྱད་པར་ནི། མཚམས་དེའི་ཁོངས་སུ་གཏོགས་པ། ཁ་སྐོང་བར་འོས་པ། ལུས་དངོས་སམ་འདུན་པས་དེ་ལ་མ་འདུས་པའོ། །དེའི་སྟེང་དུ་སྨྱོན་པའི་གནང་བ་མ་ཐོབ་པ། དེར་གནས་པ་དག་གི་མ་ངེས་པར་ཤེས་པའམ། འཕྲིགས་པ། ཡུལ་དེ་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། གསོལ་བ་ཙམ་ཡང་མ་བྱས་པའོ། །ཞེས་སྔ་མ་རྣམས་འཆད་དོ། །གཉིས་པ་ཕྱིར་ལོག་གི་མི་མཐུན་པ་ནི་ཁྱད་པར་བདུན་དང་ལྡན་པ་སྟེ། མཚམས་དེའི་ཁོངས་སུ་གཏོགས་པ། ཡུལ་དེ་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། སྤྱོད་ལམ་ལས་མ་ཉམས་པ། ཤེས་པ་རང་བཞིན་དུ་གནས་པ། ངག་ཡང་དག་པར་བསྡམས་པ། འདུལ་བ་མངོན་པར་ཤེས་པ། ནང་ཞེ་འཁོན་དང་བཅས་པ་མ་ཡིན་པའོ། །མི་མཐུན་པ་གཉིས་པོ་འདི་དང་ལྡན་པ་ལ་ལས་མི་འཆགས་པའི་ཁྱབ་པ་ཡོད་དམ་ཞེས་དཔྱད་ན། ལས་དེ་ལ་དགོས་པའི་གྲངས་ཚང་གི་ནང་ནས་མི་མཐུན་པ་གཉིས་པ་འདི་བྱུང་ན་ནི་མི་འཆགས་པའི་ངེས་པ་ཡོད་ལ། གཞན་དུ་ན་ལས་མི་མཐུན་པས་བྱས་པའི་ཉེས་བྱས་དང༌། གཞན་དེ་དག་དགེ་འདུན་གྱི་ཚད་དུ་ལོངས་ན་དགེ་འདུན་དབྱེན་གྱི་དགག་བྱ་ཡོད་མོད། ལས་དེ་མི་འཆགས་པ་མ་ཡིན་ཏེ། ཇི་སྐད་དུ། མི་འཆགས་པ་མི་བྱའོ། །ཞེས་དང༌། མི་མཐུན་པ་དག་མི་བྱའོ། །ཞེས་རྣམ་དབྱེ་སོ་སོར་བཤད་པའི་ཕྱིར་དང༌། ཐ་དད་པ་ཉིད་དུ་མངོན་པར་འདོད་པས་བརྟགས་ཏེ་ལས་བྱས་ན་ཉེས་པ་སྦོམ་པོར་གསུངས་ཀྱི། ལས་དེ་མི་འཆགས་པར་མ་གསུངས་པའི་ཕྱིར། དང་པོ་མཚམས་དེ་གཅོད་པ་ལ་མི་ཐེ་ན། མཚམས་ནང་དེ་ན་ཡོད་པ་ཙམ་གྱིས་དེའི་ཁོངས་སུ་གཏོགས་པར་བཞག་ནུས་པ་མ་ཡིན་ཏེ། དེ་དག་མཚམས་གཞན་ནས་འོངས་པ་ཡིན་ན་གཞན་དེར་གཏོགས་པའི་ཕྱིར། དེས་ན་དེ་དག་འདུས་སམ་འདུས་པའི་མི་མཐུན་པ་མི་སྐྱེ་སྟེ། འདུ་བ་མི་མཐུན་པའི་ཕྱིར། ལས་བྱེད་པའི་དགེ་འདུན་གྱིས་དེ་དག་ཡོད་པར་འཕྲིགས་ན་ནི་ལས་དེ་མི་མཐུན་པར་བྱས་པར་འགྱུར་རོ། །མཚམས་དེ་གཅོད་པའི་དུས་སུ་ཐེ་ན་ལས་བྱེད་པས་མ་འཕྲིགས་ཀྱང་ལས་དེ་མི་མཐུན་པར་བྱས་པར་འགྱུར་ཏེ། མ་འདུས་པའི་མི་མཐུན་པའི་མཚན་ཉིད་ཚང་བའི་ཕྱིར། ཁོངས་སུ་གཏོགས་པའི་དོན་དེ་ན་ཡོད་པ་ཙམ་གྱིས་མཆོག་ན། ཕྱིར་ལོག་འཆགས་པ་ལ། ཡང་ཞེས་བྱ་བའི་སྒྲ་དོན་མེད་པར་འགྱུར་ཏེ། དེ་ལ་སྤྱོད་ལམ་ལས་མ་ཉམས་པ་དགོས་པར་ནི་གཞུང་གིས་དངོས་སུ་བསྟན་ལ། ལས་གྲལ་དེའི་སྤྱོད་ལམ་ལས་མ་ཉམས་པར་ཡོད་ན་མཚམས་ནང་དེ་ན་ཡོད་དགོས་པའི་ཕྱིར། དེས་ན་མཚམས་དེར་མི་གཏོགས་པའི་དགེ་སློང་གིས་ལས་དེའི་ཁ་སྐོང་དུ་བྱས་ནས་ཕྱིར་ལོག་བྱས་ཀྱང་དགེ་འདུན་མ་ཚང་བས་ལས་དེ་མི་འཆགས་པ་ཡིན་གྱི། མི་མཐུན་པས་མི་འཆགས་པ་ནི་མ་ཡིན་ཏེ། དེས་ཕྱིར་ལོག་མི་འཆགས་པའི་ཕྱིར། དེ་ལས་གཞན་ལ་ནི་གྲངས་མ་ཚང་བ་དང་དེའི་ཚབ་ཏུ་གཞན་བཅུག་ཀྱང་མི་མཐུན་པའི་ཉེས་པ་གཉིས་ཀ་འབྱུང་ངོ༌། །ཇི་སྐད་དུ། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །ཞེས་པ་དེར་ཡང་མ་འདུས་པས་མི་མཐུན་པ་སྐྱེ་མོད། མི་འཆགས་པ་མ་ཡིན་ནོ། །མི་མཐུན་པ་གཉིས་པ་ནི། ཡང་ཞེས་པའི་སྒྲས་ཁ་སྐོང་དུ་འོས་པ་བསྟན་ནོ་ཞེས་པ། ཉིད་ཀྱི་རྣམ་པར་བཤད་པའི་ལུགས་ཡིན་ནོ། །ཞེས་གསུང་མོད། རིགས་པ་མ་ཡིན་ཏེ། གང་ལ་བྱ་བའི་ཡུལ་གྱིས་ཕྱིར་ལྡོག་འཆགས་པའི་ཕྱིར་དང༌། ལས་བྱེད་པ་པོ་ཁ་སྐོང་དུ་མི་རུང་བ་དག་གིས་ཕྱིར་ལྡོག་བྱས་ན་ཡང་འཆགས་པའི་ཕྱིར། མི་མཐུན་པ་ཐམས་ཅད་གཉིས་པོ་འདིར་འདུས་པ་མ་ཡིན་ཏེ། དགེ་སློང་གི་དགེ་འདུན་ལ་མཐུན་པ་གསོལ་དགོས་ཀྱི་ལས་དུ་མ་ཞིག་ལ་དེ་མ་ཐོབ་ན་མི་མཐུན་པར་འགྱུར་བ་དག་ཡོད་པའི་ཕྱིར། ལས་གྲལ་དེ་ན་ཐོག་མར་འདུག་བཞིན་པ་ལས་ལངས་ཏེ་འདུག་ས་བཏང་བའི་འོག་ཏུ་ལས་འདི་ལ་མི་གཏོགས་སོ་ཞེས་སོང་བ་ནི་འདུས་པ་ཕྱིར་ལོག་མ་ཡིན་ཏེ། སྤྱོད་ལམ་ལས་ཉམས་པའི་ཕྱིར། ཡང་མི་མཐུན་པ་དང་པོ་སྐྱེད་པ་ལ་མཚམས་ནང་དེ་ན་ཡོད་བཞིན་པ་མི་དགོས་ཏེ། མཚམས་དེར་གཏོགས་ཀྱི་ཁ་སྐོང་དུ་འོས་པ་དག་མཚམས་ཀྱི་ཕྱིར་སོང་ཤུལ་དུ་གསོ་སྦྱོང་སོགས་ཀྱི་ལས་བྱས་ན་མི་མཐུན་པ་དང་པོ་སྐྱེད་པའི་མཚན་ཉིད་ཚང་བས་སོ། །དེ་ལ་ཇི་ལྟར་བྱ་ཞེ་ན། ཇི་སྐད་དུ། ཕྱིས་འོངས་པ་རྣམས་ཀྱི་དོན་དུ་ཡང་བྱར་རུང་ངོ༌། །ཇི་སྐད་དུ། གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ། །འདུ་བ་མཐུན་པ་དག་ལ་ཡང་ངོ༌། །ཞེས་འབྱུང་བ་དེ་ཉིད་དོ། །དེ་ལྟར་བཤད་པ་ན་མི་མཐུན་པར་གྱུར་ཀྱང་ལས་ཆགས་པར་ནི་གྲུབ་བོ། །ཡང་གཉིས་ཀའི་དགེ་འདུན་གྲངས་ཚང་དུ་དགོས་པའི་ལས་དག་ལ་མཚན་མི་མཐུན་པ་ཕན་ཚུན་དུ་ཁ་སྐོང་གི་ཡན་ལག་ཡིན་ནམ་མ་ཡིན། ཡིན་ན་དངོས་སུ་འགལ། མིན་ན་ཅི་ཞེས་དཔྱོད་ན། དེ་དག་གི་ཚེ་ལས་ཀྱི་དངོས་གཞི་ནི་དགེ་སློང་གི་དགེ་འདུན་ཉིད་ཀྱིས་འགྲུབ་ལ། དགེ་སློང་མའི་དགེ་འདུན་སོག་པ་ནི་ཚུལ་དང་མཐུན་པ་ཙམ་དུ་ཟད་དོ། །ཞེས་པ་བསྙེན་རྫོགས་ཀྱི་སྐབས་སུ་ཞུ་བ་དང་འགྲེལ་པར་བཤད་པ་དེ་ཉིད་དོ། །ཞེས་པའམ། ཡང་ན་སྐབས་དེ་དག་ཏུ་གཉིས་ཀའི་དགེ་འདུན་ཚང་དགོས་པ་ཡིན་གྱི་ཕན་ཚུན་ཁ་སྐོང་དུ། དགོས་པ་མ་ཡིན་ཞེས་བཤད་པས་ཀྱང་ཆོག་གོ །དེ་ལྟར་ཤེས་པ་ན། ཇི་སྐད་དུ། ལས་བྱེད་པ་མོས་མི་ནུས་ན་དེས་དགེ་སློང་གི་བྱས་པའི་ཚིག་ངེས་པར་བརྟགས་ན་རུང་ངོ༌། །ཞེས་པ་དེར་ཡང་ལས་བརྗོད་པ་པོ་དགེ་སློང་དེ་ཁ་སྐོང་མ་ཡིན་པར་གྲུབ་བོ། །གཉིས་པ་བརྗོད་པར་བྱེད་པ་ལས་མཁན་གྱི་མཚན་ཉིད་ནི། ཁ་སྐོང་བར་བྱེད་ཅིང༌། ཁ་སྐོང་གི་མཚན་ཉིད་དང་ལྡན་པ། ལས་ཀྱི་ཆོ་ག་ལ་མཁས་པ་ཞིག་དགོས་པར་དངོས་སུ་བཤད་པ་དེ་ནི་སྤྱིར་བཏང་དང་ཉེས་མེད་ཀྱི་དབང་དུ་བྱས་ལ། དམིགས་བསལ་དང་འདུལ་བ་འཛིན་པས་ཕོངས་པའི་ཚེ། ཁ་སྐོང་གི་ཆོས་དང་མི་ལྡན་ཀྱང༌། ཆོ་ག་ལ་མཁས་ཤིང༌། སྔགས་ཚིག་ཁ་བཏོན་དུ་ཐོན་ན་ལས་བྱེད་པ་པོར་རུང་ཞེས་འཆད་དོ། །གསུམ་པ་བསྒྲུབ་པར་བྱ་བ་དོན་གྱི་མཚན་ཉིད་ལ་གཉིས་ཏེ། སེམས་ཅན་མ་ཡིན་པ་ལ་བྱ་བ་དང༌། སེམས་ཅན་ལ་བྱ་བའོ། །དང་པོ་ནི་བཅུ་སྟེ། མཚམས་པོ་ཆེ་བཅད་པ་དང༌། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་བྱ་བ་དང༌། དེ་དག་དགྲོལ་བ་དང༌། མཚམས་ལ་མི་འབྲལ་བའི་གནང་བ་སྦྱིན་པ་དང༌། གསོ་སྦྱོང་གི་གནས་དང་རུང་ཁང་ལ་བློ་མཐུན་བྱ་བ་དང༌། འདི་གཉིས་དགྲོལ་བའི་ཆོ་ག་མདོ་ལུང་དུ་མ་གསུངས་ཀྱང་འགྲེལ་པར་བཤད་པ་དང༌། སྲ་བརྐྱང་ལ་བློ་མཐུན་བྱ་བ་དང༌། སྲ་བརྐྱང་དབྱུང་བ་དང༌། གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་སྦྱིན་པ་རྣམས་སོ། །ཁ་ཅིག་འདི་མཚམས་ཆེན་གཅོད་པའི་ནང་དུ་འདུས་ཞེས་ཟེར་ཡང༌། མཚམས་མ་གཅོད་པའི་གཙུག་ལག་ཁང་ཐ་དད་ལ་རུང་བར་བལྟའོ། །དེའི་ཕྱིར་ཆོས་གོས་དང་མི་འབྲལ་བའི་གནང་བ་དགེ་སློང་ལ་སྟེར་བ་ལྟར་སྣང་ཡང་མ་འཁྲུལ་བར་བྱའོ། །གཉིས་པ་གཞི་སེམས་ཅན་ལ་བྱ་བ་ལ་གཉིས་ཏེ། ཁྱིམ་པ་ལ་བྱ་བ་དང༌། རབ་ཏུ་བྱུང་བའི་རྟེན་ལ་བྱ་བའོ། །དང་པོ་ནི་ལྔ་སྟེ། ལྷུང་བཟེད་ཁ་སྦུབ་སྲང་གཉིས་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་ཞིག་གཉིས་དང༌། མུ་སྟེགས་ཅན་ལ་གནས་པ་སྦྱིན་པའོ། །ཁ་ཅིག་འདི་མུ་སྟེགས་ཀྱི་རབ་ཏུ་བྱུང་བའི་རྟེན་ལ་བྱ་བ་ཡིན་ཞེས་འཆད་དེ་བརྟག་གོ །གཉིས་པ་ལ་གཉིས་ཏེ། བསྙེན་པར་རྫོགས་པའི་དང༌། མ་རྫོགས་པའི་རྟེན་ལ་བྱ་བའོ། །དང་པོ་ལ་བཞི་སྟེ། སྦྱིན་པའི་ལས་དང༌། བསྒོ་བའི་ལས་དང༌། ཆད་པས་བཅད་པའི་ལས་དང༌། ཆད་པ་དང་རྗེས་སུ་མཐུན་པའི་ལས་སོ། །དེ་ནི་གཉིས་ཏེ། ཟློག་བསྒོ་དང༌། གྲངས་སུ་གཞུག་པའོ། །དང་པོ་སྦྱིན་པའི་ལས་ནི་སུམ་ཅུ་རྩ་དྲུག་ཏུ་འཆད་དེ། ཁང་པ་དང་ཁང་ཆེན་གྱི་གནང་བ་གཉིས་དང༌། སྣམ་སྦྱར་དང་མི་འབྲལ་བའི་དང༌། སྟན་གྱི་དང༌། རྙེད་པ་གཅིག་ཏུ་བྱ་བའི་དང༌། སྨྱོས་པའི་གནང་བ་དང༌། དབྱར་མཚམས་ཀྱི་ཕྱི་རོལ་དུ་ཞག་བཞི་བཅུ་འགྲོ་བའི་གནང་བ་དང༌། ངོ་བོ་ཉིད་ཚོལ་བ་དང༌། བསླབ་པ་སྦྱིན་པ་དང༌། སྤོ་བ་དང༌། གཞི་སྤོ་དང༌། ཡང་སྤོ་དང༌། མགུ་བ་དང༌། གཞི་མགུ་དང༌། ཡང་མགུ་ལ་སོགས་པ་བཅོ་ལྔ་དང༌། དབྱུང་བ་སྦྱིན་པ་དང༌། ནན་ཏུར་བྱས་པ་ལ་བཟོད་པ་སྦྱིན་པ་དང༌། དེ་ལ་མཐུན་པ་སྦྱིན་པ་དང༌། དེ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་དང༌། བཀྲ་ཤིས་དང་གནོད་པ་བྱུང་བའི་དོན་དུ་གསོ་སྦྱོང་སྦྱིན་པ་དང༌། དྲན་པས་འདུལ་བ་དང་མ་སྨྱོས་པས་འདུལ་བ་སྦྱིན་པ་དང༌། མཁར་བའི་གནང་བ་དང༌། དྲྭ་བའི་གནང་བ་དང༌། ཆོས་གོས་ངན་པ་ལ་ཆོས་གོས་སྦྱིན་པ་རྣམས་སོ། །དེ་དག་གང་ལ་སྦྱིན་པའི་ཡུལ་ནི། རང་རང་སྦྱིན་དགོས་པའི་མཚན་ཉིད་ཚང་བ་དང༌། ཚོགས་སུ་མ་ཚང་བ་དང༌། གསོལ་བ་ལན་གསུམ་འདེབས་པའོ། །མཚན་ཉིད་ནི། དཔེར་ན། ཁང་པའི་གཞི་རུང་བ་དང༌། རྩོད་པ་མེད་པ་དང༌། བརྩམ་དུ་རུང་བ་དང༌། ས་གཞི་དང་ཡོ་བྱད་མ་བཙལ་བ་དང༌། ཚད་ལས་མ་ལྷག་པ་བསྟན་པ་གསོལ་བ་ལྟ་བུའོ། །གཉིས་པ་བསྐོ་བའི་ལས་ནི་སུམ་ཅུ་སོ་ལྔར་འཆད་དེ། གསང་སྟེ་སྟོན་པ་བསྐོ་བ་དང༌། ལྷུང་བཟེད་འབྲེལ་མེད་འབྲིམ་པ་དང༌། གནས་ངན་ལེན་བརྗོད་པ་དང༌། དགེ་སློང་མའི་སྟོན་པ་དང༌། ནགས་ཉུལ་བ་དང༌། སྤོང་བ་པའི་ཞལ་ཏ་བ་དང༌། དགག་དབྱེ་བྱེད་པ་བསྐོ་བ་དང༌། སྲ་བརྐྱང་འདིངས་པ་དང༌། དེ་བཞིན་དུ་སྲ་བརྐྱང་རྐྱོང་བ་དང༌། གོས་འགྱེད་པ་དང་སྦེད་པ་བསྐོ་བ་དང༌། སྣོད་སྤྱད་འབྲུབ་པ་དང༌། དབྱར་གྱི་རས་ཆེན་འགྱེད་པ་དང་སྦེད་པ་དང༌། གནས་ཁང་དང་ཟས་ལ་བསྐོ་བ་དང༌། ཐུག་པ་དང་བག་ཆོས་འབྲིམ་པ་བསྐོ་བ་དང༌། ཤིང་ཐོག་འབྲིམ་པ་དང༌། པར་ཕུར་འབྲིམ་པ་དང༌། སྡེར་སྤྱད་འབྲིམ་པ་དང༌། དགེ་བསྐོས་དང་མངག་གཞུག་པ་བསྐོ་བ་དང༌། ལྟུང་བ་གླེང་བ་དང་ཆུའི་ཞལ་ཏ་བ་དང༌། མཛེ་ཆོས་པ་དང༌། བང་རིམ་གྱི་ཞལ་ཏ་བ་དང༌། གནས་མལ་འབོག་པ་དང༌། སྒེའུ་ཆུང་སྲུང་བ་བསྐོ་བ་དང༌། གཟུ་བོ་དང༌། གསལ་བ་དང༌། གསལ་བའི་གསལ་བ་དང༌། རྩོད་པ་སྦེད་པ་དང༌། གང་མང་གི་ཞི་བྱེད་བྱ་བའི་ཕྱིར་ཚུལ་ཤིང་འབྲིམ་པ་བསྐོ་བ་རྣམས་སོ། །དེ་དག་གང་ལ་བྱ་བའི་ཡུལ་ནི། བསྐོ་བར་བྱ་བའི་མཚན་ཉིད་དང་ལྡན་པ། ཚོགས་སུ་མ་ཚང་བ། སྤྲོ་བ་དྲིས་ཤིང་སྤྲོ་བའོ། །མཚན་ཉིད་ནི། དཔེར་ན། གསང་སྟོན་པ་ཁ་བསྐང་གི་ཆོས་རྣམས་དང་ལྡན་པ། ལྐོག་ཏུ་བར་ཆད་དྲི་བ་ལ་མཁས་པ། བསྐོས་པའི་བྱ་བ་ཐམས་ཅད་ལ་འགྲོ་བ་བཞིའི་སྒོ་ནས་འགྲོ་བ་མ་ཡིན་པ་དགོས་པ་ལྟ་བུའོ། །གསུམ་པ་ཆད་པས་བཅད་པའི་ལས་ནི་བཅུ་བཞི་སྟེ། བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་བཞི་དང༌། གནས་ཕྱུང་བདུན་དང༌། གསོ་སྦྱོང་དང་དགག་དབྱེ་བཞག་པ་གཉིས་དང་གསོལ་བ་ཙམ་ཡང་བཞག་པའོ། །དེ་དག་གང་ལ་བྱ་བའི་ཡུལ་ནི། རང་རང་བྱ་དགོས་པའི་མཚན་ཉིད་དང་ལྡན་པ། ཚོགས་སུ་མ་ཚང་བ། གླེང་དྲན་དང་བཞམས་བསྒོ་བྱས་ལ་ཆགས་པའོ། །མཚན་ཉིད་ནི། དཔེར་ན། སྨད་པར་བྱ་བའི་མཚན་ཉིད་དགུ་དང་ལྡན་པ་སྟེ། ཇི་སྐད་དུ། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་སོགས་ཕྱིར་བཅོས་ཀྱི་གཞི་ནས་འབྱུང་བའོ། །ཆད་པ་རྗེས་སུ་མཐུན་པའི་ལས་བསྒོ་བ་ལས་གྱུར་པ་བཅུ་དང༌། གྲངས་སུ་གཞུག་པ་བཞིའི་ལས་རྣམས་སོ། །དེ་དག་ལ་ཡང་རང་རང་གི་མཚན་ཉིད་དང༌། ཚོགས་སུ་མ་ཚང་བ་དང༌། བཞམས་བསྒོ་དང་གླེང་དྲན་བྱས་ལ་ཆགས་པའོ། །གཉིས་པ་བསྙེན་པར་མ་རྫོགས་པའི་རྟེན་ལ་བྱ་བ་ལ། སྦྱིན་པའི་ལས་དང༌། བསྐོ་བའི་ལས་དང༌། ཆད་པས་བཅད་པའི་ལས་དང༌། བསྙིལ་བའི་ལས་དང༌། ཟློག་པ་དང༌། གྲངས་སུ་གཞུག་པའི་ལས་རྣམས་ཅི་རིགས་པར་གཞུང་འགྲེལ་ཉིད་ལ་བརྟག་པར་བྱའོ། །ཡུལ་ཚོགས་སུ་མ་ལོངས་པ་དགོས་པའི་ཤེས་བྱེད་ལ་འདི་སྐད་ཅེས་གསུང་སྟེ། སྦྱིན་པའི་ལས་ལ་ནི་ཚོགས་སུ་ཚང་བ་ལ་སྦྱིན་ན་མ་ཚང་བ་ལ་སྦྱིན་པ་ལྟ་བུའི་དགག་བྱ་མི་སྐྱེ་བ་དང༌། བསྐོ་བའི་ལས་ལ། ཚོགས་སུ་ཚང་བ་མ་བསྐོས་ན་མ་ཚང་བ་ལ་བསྐོས་པ་ལྟ་བུའི་ཆེད་གཉེར་མི་འབྱུང་བ་དང༌། ཆད་པས་བཅད་པའི་ལས་ལ། ཚོགས་སུ་ཚང་ན་ཆད་པས་མི་ཆོད་པའི་དགག་བྱ་ཡོད་པས་སོ། །ཞེས་གསུངས་ལ། དེ་ཡང་འདིར་བརྟགས་པ་ནི། འདུལ་འཛིན་ཕྱི་མ་དག ཚོགས་ཀྱི་ཚོགས་ལ་ལས་མི་འཆགས་ཞེས་ཟེར། དེ་ལ་ནི་སྒྲུབ་བྱེད་མེད་ཅིང༌། གནོད་བྱེད་དུ་མ་དང་བཅས་སོ། །དང་པོ་ནི། ཇི་སྐད་དུ། ཚོགས་ཀྱི་མི་བྱའོ། །ཞེས་འབྱུང་བ་དེ་ནི། སྔ་མ་རྣམས་གསུང་བ་ལྟར་ཉེས་དམིགས་ཀྱི་དོགས་པ་དེ་དག་ཡོད་པས་དགག་པའི་བསླབ་བྱ་ཡིན་གྱི། དེ་ལ་དམིགས་བསལ་མེད་པ་མ་ཡིན་ཞིང༌། ཡང་ན་ནི་གནང་བའི་རྗེས་སུ་དགག་པ་བཅས་པ་གང་རུང་ལས་མ་འདས་པའི་ཕྱིར་རོ། །གནོད་བྱེད་ནི། དེ་ལྟར་མི་འཆགས་ན་དེ་རྗེས་ཕྱོགས་ཀྱི་དགེ་སློང་བཞིར་ལོངས་པ་ལ་ཟློག་བསྒོ་བྱེད་པར་བཤད་པ་དང༌། བྱེ་བ་བསྡུམ་པའི་ཚེ་མཐུན་པ་སྦྱིན་པར་གསུངས་པ་དང༌། གསལ་བ་བསྐོ་བའི་ཚེ་དགེ་འདུན་གྱི་ཚད་ལས་མི་ཉུང་བ་བསྐོ་བར་གསུངས་པ་དང༌། དགེ་སློང་མའི་དགེ་འདུན་ལ་གསོ་སྦྱོང་གི་ཚེ་མཐུན་པ་སྦྱིན་པ་དང༌། གློ་བུར་དུ་འོངས་པའི་དགེ་འདུན་གྱིས་གཉུག་མར་གནས་པའི་དགེ་འདུན་ལ་ཚོགས་པ་གསོལ་ཞིང་སྦྱིན་པ་དང༌། ཡངས་པ་ཅན་པའི་དགེ་འདུན་གྱིས་ཀཽ་ཤམྦི་བའི་དགེ་འདུན་ལ་གནས་ཕྱུང་བྱས་པའི་རྐྱེན་གྱིས་ལས་བྱ་བར་གསུངས་པ་དང༌། ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པའི་ཚེ་ཡང་ཡུལ་དགེ་འདུན་དུ་ཚང་བ་ལ་བྱེད་པ་ཡིན་ནམ་ཞེས་བརྟག་དགོས་པས་སོ། །འོ་ན་བསྙེན་རྫོགས་ལྟ་བུ་བསྒྲུབ་བྱ་མང་པོ་ལྷན་ཅིག་ཏུ་ཚོགས་པའི་ཚེ། ཐམས་ཅད་དུས་ཅིག་ཆར་དུ་རྫོགས་སུ་རུང་བར་འགྱུར་ཏེ། ཚོགས་ཀྱི་ཚོགས་ལ་ལས་འཆགས་པའི་ཕྱིར་ཞེ་ན། ལེན་ལ། མགོ་མཚུངས་དང༌། རྣལ་མའོ། །དགེ་སློང་གི་ཕྱི་དྲོའི་ཁ་ཟས་བཟར་རུང་བ་དང༌། མེ་ལ་རེག་ཏུ་རུང་བ་སོགས་སུ་འགྱུར་ཏེ། དེ་ལྟར་སྤྱད་པས་ཆོག་པའི་སྐབས་མང་པོ་ཡོད་པའི་ཕྱིར། གཉིས་པ་ནི། སྤྱིར་བཏང་གི་ཆོ་ག་དེ་སྒྲུབ་པར་ནུས་བཞིན་དུ་དམིགས་བསལ་ལ་བརྟེན་པ་ནི་བཀག་པའི་ཕྱིར་ཏེ། ཇི་སྐད་དུ། ཆོ་ག་བཙན་པོ་དག་ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཞེས་བཤད་པས་སོ། །དེ་ལྟ་ནའང་ཐལ་བ་སྔ་མ་སོ་ན་འདུག་གོ་ཞེ་ན། དོན་དེ་ལ་ཡང་མང་པོ་གསོལ་བཞིའི་ཚིག་གཅིག་གིས་ཅིག་ཆར་དུ་བསྙེན་པར་རྫོགས་ནུས་ཤིང༌། དམིགས་བསལ་ལ་རྟེན་མི་དགོས་པ་ཉིད་ཀྱིས་འགྲུབ་སྟེ། སྒྲུབ་བྱེད་དགེ་འདུན་གྲངས་ཚང་གཅིག་གིས། བསྒྲུབ་བྱ་དུ་མ་མཚམས་ཐ་དད་དུ་བཞག་ནས་བསྒྲུབ་པས་འགྲུབ་པའི་ཕྱིར། དཔེར་ན་ལུང་ཞུ་བ་ལས་ཇི་ལྟར་འབྱུང་བ་དེ་ཉིད་བོད་ཀྱི་འདུལ་འཛིན་ཆེན་པོ་རྡོ་རྗེ་གཞོན་ནུས་ཕྱག་ལེན་དུ་མཛད་པ་བཞིན་ནོ། །གཉིས་པ་བསམ་པའི་མཚན་ཉིད་ལ། འདུ་ཤེས་དང་ཀུན་སློང་གཉིས་ལས། དང་པོ་ནི། གང་གིས་བྱེད་པ་དགེ་འདུན་གྱི་འདུ་ཤེས་གཙོ་བོར་གྱུར་པ་དང༌། གང་ལ་སྦྱིན་པར་བྱ་བའི་ཡུལ་གྱི་འདུ་ཤེས་གཙོ་བོར་གྱུར་པ་དག་ཡོད་པ་ལས། དང་པོ་ནི། ལས་འཆགས་པ་ལ་དགེ་འདུན་གྱི་འདུ་ཤེས་གཙོ་ཆེ་བ་ཡིན་ཏེ། དོན་ལ་རྣམ་པར་གནས་པ་དང་མཐུན་ཀྱང༌། བྱེད་པ་པོས་གཞན་དུ་འདུ་ཤེས་ན་མི་འཆགས་པའི་ཕྱིར། དཔེར་ན་གྲངས་ཚང་བ་ལ་མ་ཚང་བར་དང༌། ལྟུང་བའི་རྣམ་པར་དག་པ་ལ་མ་དག་པར་འདུ་ཤེས་པའི་ཚེ་ལྟ་བུའོ། །འོ་ན་དོན་ཤེས་མཐུན་པར་འཇོག་པ་ལ། དོན་ལའང་དེ་ཉིད་དུ་གནས་པ་དགོས་སམ་ཞེ་ན། དགོས་པའང་ཡོད་མོད། ཐམས་ཅད་ལ་མ་ཡིན་ཏེ། ཇི་སྐད་དུ། ལྟུང་བ་བྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བུ་བཞིན་དུ་བསྒྲུབ་པར་བྱའོ། །གཅིག་ལ་དེ་ལྟར་བསྙིལ་བ་དང་མི་སྙིལ་བ་དང༌། ཕྱིར་བཅོས་པ་དང༌། རྣམ་པ་དུ་མ་ནི་རིག་པ་ཁོ་ནའོ། །ཞེས་འབྱུང་ལ། དེའི་དོན་ནི། ཁ་སྐོང་དུ་འོས་པའི་དགེ་སློང་ཅིག་ལ། ཡུལ་ཁ་ཅིག་ཏུ་ནི་རྣམ་པར་དག་པ་ཉིད་དུ་དགེ་འདུན་གྱིས་ཤེས། ཁ་ཅིག་ཏུ་ནི་ཉམས་པར་ཤེས། ཁ་ཅིག་ཏུ་ནི་ལྷག་མ་དང་བཅས་པ་དང༌། ཁ་ཅིག་ཏུ་བཤགས་བྱའི་ཉེས་བྱས་ཙམ་དང་ཤེས་པ་དེའི་ཚེ་ན། ཡུལ་དང་པོ་དེར་ཁ་སྐོང་དུ་བཞག་པས་ལས་འཆགས་པ་དང༌། གཉིས་པ་དེར་བསྐྲད་དགོས་པ་དང༌། གཉིས་པ་དེར་མགུ་བ་སྤྱད་ནས་དབྱུང་བ་སྦྱིན་པས་རྣམ་དག་ཏུ་འགྱུར་བ་དང༌། གསུམ་པ་དེར་གང་ཟག་གཅིག་གི་མདུན་དུ་བཤགས་པས་འདག་པ་ལྟ་བུའོ། །དེ་ལྟར་ན་འདུལ་བར་གཏོགས་པའི་ལས་ཀྱི་རྣམ་པར་བཞག་པ་ལ་འཇིག་རྟེན་གྱི་ཐ་སྙད་ཚད་མ་ཡིན་གྱི། མངོན་པར་ཤེས་པ་ཁོ་ན་ཚད་མར་འཇོག་མི་དགོས་པ་ནི་ལུང་གི་དགོངས་པའོ། །གཉིས་པ་ཀུན་སློང་ནི། ཆེད་དུ་བྱ་བའི་ཁྱད་པར་དང་ལྡན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་དང༌། གང་ཟག་གི་རྒྱུད་ལ་ཕན་པ་དང༌། བསམ་པ་ཐག་པ་ནས་བྱེད་པར་འདོད་པའོ། །གསུམ་པ་ལས་བརྗོད་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གསུམ་སྟེ། ལས་ཚང་བ་དང༌། མ་ནོར་བ་དང༌། མ་འཁྲུགས་པའོ། །ཚང་བ་ནི་གསོལ་བ་འབའ་ཞིག་གིས་ཆོག་པ་དང༌། གསོལ་བ་དང་བརྗོད་པ་གཅིག་གི་ཆོག་པ་དང༌། གསོལ་བ་དང་བརྗོད་པ་གསུམ་དགོས་པ་རྣམས་ལ་དེ་དང་དེ་དག་ཚད་མར་བརྗོད་དགོས་པའོ། །དེ་ཡང་འདི་ལྟར། ཆད་པ་དང༌། བསྒོ་བ་དང༌། རྩོད་པ་ཞི་བར་བྱ་བ་དང༌། ས་གོང་མར་སྤོ་བ་དང༌། དགེ་འདུན་ལ་འཁོ་བ་རྣམ་པར་ཞག་པ་དང༌། དབྱུང་བ་དག་ལ་ནི་གསོལ་བ་བརྗོད་པ་གསུམ་དང་བཅས་པའོ། །བསྒོ་བ་དང༌། རབ་ཏུ་བྱུང་བ་ལ་འཁོ་བ་རྣམ་པར་བཞག་པ་ལ་ནི་བརྗོད་པ་གཅིག་དང་བཅས་པའོ། །རྗེས་སུ་གནང་བ་དང༌། དགེ་འདུན་གྱིས་བྱིན་གྱིས་རླབ་པ་དང༌། སྦྱིན་པ་དང༌། རང་གི་དོན་ལ་སྦྱར་བ་དང༌། བགྲང་བ་དང༌། ཁྱིམ་པའི་དོན་དུ་རྣམ་པར་བཞག་པ་བྱ་བ་དང༌། དབྱུང་བ་དག་ལ་ནི་འབའ་ཞིག་གོ་ཞེས་པ་ནི་དུལ་བ་ལྷའི་ལུགས་སུ་འགྲེལ་པས་བཤད་ལ། སློབ་དཔོན་ཉིད་ཀྱི་གཞུང་ལས་ནི། གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང༌། །ཆོས་གོས་སྲ་བརྐྱང་བཏིང་བ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁ་སྦུབ་བྱ་བ་དང༌། །དེ་ཉིད་ཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང༌། །མི་འབྲལ་སྨྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབ་པར་བྱེད་པ་དང༌། །རུང་བའི་ས་གཞི་བསྐོ་བ་དང༌། །སྲ་བརྐྱང་དང་ནི་དེ་གདིང་དང༌། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྒོ་ལ་སོགས་པ་དང༌། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་འབྲིམ་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟན་པ་དང༌། །གླེང་དང་འབྲལ་བར་མི་འགྱུར་དང༌། །སྟན་དང་ལྷུང་བཟེད་འབྲིམ་པ་དང༌། །མ་དད་གོ་བར་བྱ་བ་དང༌། །སྟོན་པ་དང་ནི་ནགས་ཉུལ་དང༌། །བརྙས་མི་བྱ་དང་མང་ཕྱིར་དང༌། །མཁར་བ་དྲྭ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་སྦྱིན་དང་ཉེར་གནས་དང༌། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང༌། །བརྒྱད་དང་དྲན་དང་མ་སྨྱོས་དང༌། །དེ་ཉིད་ཚོལ་དུ་གཞུག་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསོལ་བ་འབའ་ཞིག་པ་ཉི་ཤུ་རྩ་བཞི། གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན། གསོལ་བ་དང་བཞིའི་ལས་སུམ་ཅུ་ཐམ་པར་གསུངས་སོ། །མ་ནོར་བ་ནི། ལས་གང་ལ་གང་བཤད་པ་དེ་ཉིད་བྱ་ཡི་གཞན་མི་བྱའོ། །མ་འཁྲུགས་པ་ནི་གསུམ་སྟེ། ལས་བྱེད་པ་ན། སྤྱོད་ལམ་མ་འཁྲུགས་པ་དང༌། ཚིག་མ་འཁྲུགས་པ་དང༌། གོ་རིམ་མ་འཁྲུགས་པའོ། །ལས་ཉམས་སུ་མྱོང་བའི་མཚན་ཉིད་ནི། གང་ལ་གང་དགོས་པའི་གྲངས་ཚང་ཁ་སྐོང་བར་འོས་པའི་དགེ་འདུན་གྱིས་ཚིག་དེ་ཐོས་ཤིང་དོན་གོ་བའོ། །ལྔ་པ་ལས་འཆགས་པའི་དུས་ནི། འོག་མ་མེད་པའི་ཚིག་ཕལ་ཆེར་བྱས་ན་བྱས་པ་ཉིད་དོ། །ཞེས་འཆད་ལ། དེའི་དོན་ཀྱང༌། གསོལ་བ་འབའ་ཞིག་པ་ལ་དགེ་འདུན་གྱིས་གནང་བར་མཛོད་ཅིག །ཅེས་དང༌། བརྗོད་པ་གཅིག་གམ་དུ་ཡོད་ཀྱང་ཐ་མ་དེའི་ནང་ན་དེའི་སླད་དུ་ཞེས་པའི་ཚིག་བྱུང་བ་དེའི་ཚེ་ན་ལས་འཆགས་ཞེས་བྱ་བའི་དོན་ནོ། །གཉིས་པ་ཞར་བྱུང་ནི་བཞི་སྟེ། དགག་དབྱེ་གོ་བར་བྱ་བ་དང༌། ལྷག་པོར་ལ་སོགས་པ་གང་ཟག་གི་ལས་དང༌། དགེ་སློང་མའི་དགེ་འདུན་གྱིས་འདུན་པ་དང་གསོ་སྦྱོང་འབུལ་བ་དང༌། ལས་ཐོགས་སུ་མི་རུང་བར་དམིགས་བསལ་དང་བཅས་པའོ། །དེ་དག་ནི་གཞུང་དུ་གསལ་མོད། དཀའ་བ་རྣམས་རིམ་གྱིས་འཆད་པར་འགྱུར་རོ། །སོ་སོར་ཐར་པ་འདོན་པ་ནི། རང་ལྡོག་ནས་ལས་དངོས་མ་ཡིན་ཀྱང༌། གསོལ་བ་སྔོན་དུ་འགྲོ་བས་སམ་དགེ་འདུན་དང་འབྲེལ་བ་ཙམ་གྱི་ཆ་ནས་དེར་བཏགས་པའོ། །དགག་དབྱེའི་ལས་ཞེས་པའང་དེ་དང་འདྲ་བར་བརྗོད་པ་གསུམ་དགོས་པ་ཙམ་ལ་ལས་སུ་བཏགས་པ་ཡིན་གྱི། ལས་དངོས་མ་ཡིན་ཏེ། ཡུལ་རྟེན་གཉིས་ཀ་ལངས་ཀྱང་ལས་འཁྲུགས་པར་མི་འགྱུར་བ་དང༌། བྱེད་པ་པོ་ཚོགས་ལོངས་ཀྱི་བྱས་ཀྱང་ཚོགས་ཀྱི་ཚོགས་ལ་བྱས་པར་མི་འགྱུར་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། །ཞེས་ཟེར་བས་སོ། །ཞེས་འགྲེལ་པ་མཁན་པོ་འདོད་དོ། །དེས་ན་ལས་དངོས་ནི་གསོལ་བ་དང་བརྗོད་པ་ཉིད་དོ། །ལས་དེ་འཆགས་པ་ལས་བཤད་མ་ཐག་པའི་རྒྱུ་ཚོགས་དེ་དག་གྲངས་ཚང་དགོས་ཏེ། དེ་དག་དེའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། དེ་ཡང་ཉེས་མེད་ཕུན་སུམ་ཚོགས་པའི་དབང་དུ་བྱས་ཀྱི། ཆགས་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་ནི། ཇི་སྐད་དུ། ཆོས་མ་ཡིན་པས་མི་བྱའོ། །མི་མཐུན་པས་མི་བྱའོ། །ཚོགས་ཀྱིས་མི་བྱའོ། །ཞེས་དང༌། དེ་ལས་གཞན་པ་དེ་དག་གིས་ཐོས་པ་དང་བཅས་པར་མི་བྱའོ། །ཞེས་པས་འཆད་ལ། དེ་ཡང་དང་པོ་ནི་སྔོན་འགྲོ་མ་ཚང་བ་སྟེ། དཔེར་ན་བསྐོ་བའི་ལས་ལ་སྤྲོ་བ་མ་དྲིས་པ་དང༌། སྦྱིན་པའི་ལས་ལ་གསོལ་བ་མི་འདེབས་པ་དང༌། ཆད་པས་བཅད་པའི་ལས་ལ་བཞམས་བསྒོ་སྔོན་དུ་མི་གཏོང་བའོ། །མི་མཐུན་པ་ནི། མ་འདུས་པ་དང༌། ཕྱིར་ལོག་དང༌། དེ་དག་ཏུ་མ་ངེས་པ་དང༌། གསུམ་སྟེ་གོང་དུ་བཤད་ཟིན་པའོ། །བསླབ་པ་འཁྲུལ་བཅས་སུ་གྱུར་པ་ཡང༌། ལས་དེ་ལ་དགོས་པའི་དགེ་འདུན་ཐམས་ཅད་ལྟུང་བཅས་དེར་འདུ་ཤེས་ཀྱང་འཆགས་པ་ཡོད་དེ། དཔེར་ན་དགེ་སློང་གི་སྡོམ་པ་གནས་པ་དང༌། རྟེན་མཛེས་པའི་བར་ཆད་ཅན་བསྙེན་པར་རྫོགས་པའི་ཚེ་ལྟ་བུའོ། །དེའི་ཚེ་འཆགས་པ་ནི་ཡིན་ཏེ། དུས་དེར་བྱེད་པ་པོ་དགེ་འདུན་ཐམས་ཅད་བློ་མཐུན་པའི་ཕྱིར། དེ་ལྟུང་མཐུན་བྱིན་རླབས་ཀྱིས་འདག་གོ་སྙམ་ན་མ་ཡིན་ཏེ། སྦྱོར་བའི་དུས་སུ་བར་ཆད་ཅན་དགེ་སློང་དུ་སྒྲུབ་པའི་བསམ་པ་ཡོད་ཀྱང༌། ལུས་ངག་ཏུ་མ་གྲུབ་པས་ལྟུང་བར་མ་སོང་ལ། དེར་གྲུབ་པའི་དུས་ནི་དངོས་གཞི་དང་རྒྱུན་གཅིག་པའི་སྦྱོར་བ་ཡིན་པས་བཅོས་ཐབས་མེད་པའི་ཕྱིར། འོ་ན་ལས་བྱེད་པ་ཐམས་ཅད་ཀྱི་སྔོན་དུ་རང་རྒྱུད་ཀྱི་ལྟུང་བ་གང་ཡོད་བཤགས་པ་དང༌། བྱིན་གྱིས་རློབ་པ་སྔོན་དུ་འགྲོ་དགོས་སམ་ཞེ་ན། ཁ་སྐོང་དུ་རུང་བ་ལ་ངེས་པར་དགོས་ཤིང༌། གསོ་སྦྱོང་ལ་ཡང་ངེས་པར་དགོས་པ་ཉིད་དུ་བཤད་ལ། དེས་དགག་དབྱེའང་མཚོན་པར་ནུས་སོ། །དེ་ལས་གཞན་ལས་ཉམས་སུ་མྱོང་བ་ཙམ་ལ་ནི་ངེས་པ་མེད་དེ། ཇི་སྐད་དུ། བསྒོ་བ་ལས་བྱུང་བ་ཕྱིར་བཅོས་པ་མ་བྱས་པར་ཉམས་སུ་མྱོང་བར་མི་བྱའོ། །གསོ་སྦྱོང་དང་དགག་དབྱེ་ནི་མ་གཏོགས་སོ། །ཞེས་པའི་ཤུགས་བསྟན་ལས་གསལ་བའོ། །དེའི་དོན་ཀྱང༌། གསོ་སྦྱོང་གི་ཚེ་ཕྱིར་མ་བཅོས་པ་དེ་འཐོལ་བར་འགྱུར་བ་དང༌། དགག་དབྱེའི་ཚེ་གླེང་བའི་སྐབས་ཕྱེ་བས་སོ། །ཡང་ན་འདི་ལྟར་འཆད་དེ། མདོ་སྔ་མའི་ཤུགས་བསྟན་ལ་འཕྲོས་ནས་གསོ་དགག་གཉིས་ཀྱིས་ཚེ་ན་ལྟུང་བ་གང་བྱུང་ཡང་བྱིན་གྱིས་རློབ་པ་ཚུན་ཆད་ཀྱིས་ཕྱིར་བཅོས་ནས་ཉམས་སུ་མྱོང་དགོས་ལ། གཞན་གྱི་ཚེ་ངེས་པ་མེད་པའི་དོན་ནོ། །གལ་ཏེ་ཁ་སྐོང་དུ་མི་རུང་ན་ཐོས་སུ་ཡང་མི་རུང་སྟེ། ཇི་སྐད་དུ། དེ་ལས་གཞན་པ་དེ་དག་གིས་ནི་ཐོས་པ་དང་བཅས་པར་མི་བྱའོ། །ཞེས་བཤད་པས་སོ་སྙམ་ན། དེ་ནི་སྤྱིར་བཏང་བ་ཡིན་མོད། དམིགས་ཀྱིས་བསལ་བ་ལ་སྤངས་ལོག་ལྔ་མ་གཏོགས་པས་ཐོས་སུ་རུང་བར་བཤད་པ་ཡིན་ཏེ། ཇི་སྐད་དུ མ་སྤངས་པ་དང༌། མ་ལོག་པ་མ་གཏོགས་སོ། །ཞེས་དེའི་ལྷག་མ་རྣམས་ཀྱིས་ཐོས་སུ་རུང་བར་བཤད་པའི་ཕྱིར། ལྔ་པོ་གང་ཞེ་ན། སྤངས་པ་ནི་གནས་ཕྱུང་དང༌། ས་གཞན་ན་གནས་པ་གཉིས། ལོག་པ་ནི། མ་རྫོགས་པ་དང༌། ཉམས་པ་དང༌། མཚམས་མེད་བྱུང་བའོ། །དེའི་ལྷག་མས་གཞན་ན་གནས་པ་ཉེར་ལྔ་དང༌། སྡིག་ལྟ་ཅན་ཡིན་ཀྱང་ཐ་དད་དུ་གནས་པར་མ་སོང་ན་དགེ་འདུན་གྱི་ལས་ཐོས་སུ་རུང་བར་བཤད་པས་སོ། །དེའི་ཡང་དམིགས་བསལ་ནི། གནས་ནས་ཕྱུང་བ་ནི་རང་གི་ལས་ལ་ཡང་ངོ༌། །ཞེས་དང༌། ནང་དུ་དྲི་བའི་ཕྱིར་གསོལ་པ་ལ་སོགས་པ་བསྙེན་པར་རྫོགས་པར་བྱ་བ་ཡང་ངོ༌། །ཞེས་གསུངས། འོ་ན་ཡུལ་བསྙེན་པར་རྫོགས་པ་ལ་བྱ་བའི་ལས་ཐམས་ཅད་ཡུལ་དེའི་མངོན་སུམ་དུ་བྱ་བར་ངེས་སམ། ཡང་བསྙེན་པར་མ་རྫོགས་པ་ལ་བྱ་བའི་ལས་ཐམས་ཅད་དེའི་མངོན་སུམ་དུ་མི་བྱ་བས་ཁྱབ་བམ་ཞེ་ན། མ་རྫོགས་པ་ལ་བྱ་བའི་ལས་ལ་ཡུལ་དེ་མངོན་སུམ་དུ་གྱུར་པར་བྱ་བ་དང་མ་གྱུར་པར་བྱ་བ་གཉིས་ཡོད་ལ། དང་པོ་ལའང་ཐོས་སུ་རུང་བ་དང་མི་རུང་བ་གཉིས་ལས། དང་པོ་ནི། རང་བསྙེན་པར་རྫོགས་པའི་ལས་ལྟ་བུ་ཡིན་ལ། གཉིས་པ་ནི་དགེ་ཚུལ་བསྙིལ་བའི་ལས་ལྟ་བུའོ། །དེ་ལ་དགོངས་ནས་ལྟ་བའི་ཉེ་འཁོར་དུ་བཞག་པས་ནི་མངོན་སུམ་དུ་སྒྲུབ་བོ། །གོ་བར་བྱ་བས་ནི་རྗེས་སུ་བསྒྲག་པའོ། །ཞེས་སོ། །དང་པོའི་ལན་ནི། དེར་མ་ངེས་ཏེ། ཇི་སྐད་དུ། སྨྱོས་པའི་གནང་བ་དང༌། ཕྱག་མི་བྱ་བ་དང༌། མི་སྨྲ་བ་དང༌། ས་མི་སྤྱོད་པ་དང༌། གཙུག་ལག་ཁང་གི་སྡོམ་པ་དག་ནི་མངོན་སུམ་དུ་མ་གྱུར་པར་རོ། །ཞེས་གསུངས། དེའི་ངོས་འཛིན་ནི་དགེ་སློང་བྱེ་མ་སྐྱེས་ལྟ་བུ་ཤེས་པ་རང་བཞིན་དུ་མི་གནས་པ་ལ་སྨྱོས་པའི་གནང་བ་སྦྱིན་པ་དང༌། དགེ་སློང་གནས་དབྱུང་ལ་དགེ་སློང་མས་ཕྱག་མི་བྱ་བ་སོགས་གསུམ་དང༌། དེའི་གཙུག་ལག་ཁང་དུ་མི་འགྲོ་བའི་སྡོམ་པ་རྣམས་སོ། །འོ་ན་གནས་ཕྱུང་བདུན་པོའི་ལས་ནི་མངོན་དུ་མ་གྱུར་པའི་ལས་སུ་མ་བཤད་ལ། དེ་ལ་དགེ་སློང་མ་རྣམས་ཀྱིས་མི་སྨྲ་བ་ལ་སོགས་པའི་ལྷག་མ་གསུམ་པོ་ལ་ནི་ལས་ལོགས་སུ་བཤད་པ་མེད་པས་ཇི་ལྟར་ན་མངོན་དུ་མ་གྱུར་པའི་ལས་སུ་འཆད་ཅེ་ན། ཕྱི་མ་གསུམ་པོ་དེ་དག་ལ་ལས་ལོགས་པ་དངོས་སུ་བཤད་པ་མེད་པར་ཀུན་མཐུན་ལ། དེ་ལ་ཁ་ཅིག་ན་རེ། དངོས་སུ་མ་བཤད་ཀྱང་རུང་མཐུན་སྦྱར་ནས་བྱེད་དགོས་ཤིང༌། དེ་ཡང་གསོལ་གཉིས་ཀྱི་ལས་ཀྱིས་བྱེད་དགོས་ཏེ། གཞན་དུ་ན་མངོན་དུ་མ་གྱུར་པའི་ལས་བཅུ་མི་ཚང་བའི་ཕྱིར། ཞེས་ཟེར་ལ། ཁ་ཅིག་ནི་ལས་མ་ཡིན་ཀྱང་ནང་ཁྲིམས་འཆའ་དགོས་པ་ཡིན་ཏེ། འགྲེལ་པ་ལས། བཅའ་བ་བསྟན་པས་ཞེས་གསུངས་པའི་ཕྱིར། ཞེས་ཟེར། བྱ་འདུལ་བ་འཛིན་པ་ནི། གཉིས་ཀ་ལྟར་ཡང་མི་འཐད་དེ། གནས་ཕྱུང་བྱས་པས་ཕྱག་མི་བྱ་བ་སོགས་སུ་འགྱུར་རམ་མི་འགྱུར། འགྱུར་ན་ལས་ལོགས་སུ་བྱེད་པ་དོན་མེད། མི་འགྱུར་ན་གནས་ཕྱུང་བྱས་པ་དོན་མེད་དུ་འགྱུར་བས་སོ། །དེས་ན་འདི་དག་ནི་ལས་ཀྱི་འབྲས་བུ་ལ་ལས་ཀྱི་མིང་གིས་བཏགས་པ་ཡིན་ལ། མངོན་དུ་མ་གྱུར་པའི་ལས་དངོས་ནི་བདུན་ལས་མེད་དོ། །ཞེས་གསུང༌། འོ་ན་བདུན་ནམ་བཅུ་པོ་གང་ཞེ་ན། འདིར་བཤད་པ་གཉིས་སམ་ལྔ་པོའི་སྟེང་དུ། ལྷུང་བཟེད་ཁ་སྦུབ་སྲང་གཉིས། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་ཞིག་གཉིས། དགེ་ཚུལ་བསྙིལ་བ་རྣམས་སོ། །དེ་དག་འདིར་མི་འཆད་པ་ཅི་ཞེ་ན། དེ་དག་ནི་ཡུལ་མ་རྫོགས་པ་ཁོ་ན་ལ་བྱ་བ་ཡིན་པས་མངོན་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར། ཞེས་པ་ནི་ཀུན་གྱི་ལན་ཡིན་མོད། མ་རྫོགས་པ་ལ་བྱ་བ་ཡིན་ཀྱང་མངོན་དུ་གྱུར་པའི་དོགས་པ་ནི་ཡོད་དེ། དཔེར་ན་བསྙེན་པར་རྫོགས་པའི་ལས་བཞིན་ནོ། །དེས་ན་ཡུལ་དགེ་སློང་ལ་བྱ་བ་གང་ཡིན་མངོན་དུ་གྱུར་པ་ཉིད་དུ་བྱ་བར་ངེས་སམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཡིན་པས་གཞན་ལྔ་པོ་འདིར་འཆད་པ་སྐབས་སུ་མ་བབ་པ་ཉིད་རྒྱུ་མཚན་ནོ། །སྤྱིར་ཡང་མངོན་དུ་མ་གྱུར་པའི་ལས་བཅུར་ངེས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་དོ། །ཞེས་དགེ་ཚུལ་དང་དགེ་སློབ་མ་ལ་ཡང་བསྡིགས་སྨད་སྐྲད་དང་ཕྱིར་འགྱེད་བཞིའི་ནན་ཏུར་བྱ་བར་གསུངས་པའི་ཕྱིར་དང༌། དགེ་སློང་མའི་སྡོམ་པ་སྦྱིན་པའི་ལས་དེ་ལ་ཡང་རྣམ་པར་བརྟག་དགོས་པའི་ཕྱིར། འདི་ལ་རྒྱ་འདུལ་འཛིན་ན་རེ། དགེ་སློབ་མའི་སྡོམ་པ་ནི་དེས་ཐོས་པར་མངོན་སུམ་སྦྱིན་པ་ཡིན་ཏེ། གནང་བའི་ལས་སུ་འདྲ་བའི་ཕྱིར་དང༌། མངོན་དུ་གྱུར་པའི་ལས་བཅུ་ལས་མ་གསུངས་པའི་ཕྱིར། ཞེས་སོ། །བྱ་ན་རེ་མངོན་སུམ་དུ་བྱ་བར་གསུངས་པས་ཐོས་སུ་རུང་བར་མི་འགྲུབ་སྟེ། དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཐོས་པའི་ཉེ་འཁོར་ལས་བཀར་ཏེ། བལྟར་སྣང་བའི་སར་བཞག་ནས་ཞེས་གསུངས་པའི་ཕྱིར་དང༌། གཞན་ཡང་ཐོས་སུ་རུང་བར་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །དེ་བས་ན་གནང་བའི་ལས་སུ་མ་གྲུབ་བོ་ཞེས་པ་ནི་རྨ་རྩོའི་ལུགས་ཡིན་ལ། བྱ་རང་གི་ལུགས་ནི། ཀརྨ་ཤ་ཏམ་ལས། དེ་མངོན་སུམ་དུ་བཞག་སྟེ་ལས་བྱའོ། །ཞེས་བསྟན་པ་ནི་གོ་བར་བྱེད་པ་སྟེ། སྒྲོག་པ་པོའི་མངོན་སུམ་ཡིན་གྱི། དགེ་འདུན་གྱི་ནི་ཐོས་པ་དང་བལྟ་བ་གཉིས་ཀའི་མངོན་སུམ་མ་ཡིན་པར་ཊཱི་ཀ་ལས་བཤད་པ་ཉིད་ལེགས་སོ། །ཞེས་གསུང༌། ཡང་ཇི་སྐད་དུ། དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་བྲིམ་པ་མི་འཆགས་སོ། །ཞེས་པས་འབྱེད་པ་པོ་ཁ་སྐོང་གི་ཆོས་དང་ལྡན་པ་དང༌། ཡང་དབྱེན་རྗེས་སུ་སྒྲུབ་པའི་གསོལ་བ་དང་འདྲའོ། །ཞེས་པས་དབྱེ་བྱ་གཉིས་ཁ་སྐོང་གི་ཆོས་དང་ལྡན་པ་དང༌། འདི་ལ་མཚན་མི་མཐུན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །ཞེས་འབྱེད་པ་པོ་དང་དབྱེ་བྱ་ཕན་ཚུན་མཚན་མི་མཐུན་ན་དབྱེན་མི་འཆགས་པར་བཤད་པ་རྣམས་དང༌། སྨྱོན་པས་སྟོན་པ་ཡང་ངོ༌། །ཞེས་པ་རྣམས་ནི་གོང་དུ་ཁ་སྐོང་དུ་འོས་པའི་ཆོས་སུ་དགོས་པར་བསྟན་པ་རྣམས་ལས་དམིགས་ཀྱིས་བསལ་བ་ཡིན་ཏེ། ཐ་དད་དུ་གནས་པར་མ་སོང་གོང་གི་སྡིག་ལྟ་ཅན་ཁ་སྐོང་དུ་འོས་པར་བསྟན་པ་དང༌། དེ་འདྲ་ཚོགས་སུ་ལོངས་པ་དེ་དབྱེ་བྱའི་དགེ་འདུན་ཡ་གཅིག་ཏུ་བསྟན་པ་དང༌། ཤེས་པ་རང་བཞིན་དུ་མི་གནས་པ་ལས་ཀྱི་བྱེད་པ་པོར་རུང་བ་ཉིད་དུ་བསྟན་པས་སོ། །དེ་ཁོ་ནར་མ་ཟད། དབྱེན་རྩོམ་པ་ལ་འཇུག་པའི་ཚེ་དབྱེན་གྱི་སྦོམ་པོ་སྐྱེས་པས་བསླབ་པ་འཁྲུལ་བཅས་སུའང་ཇི་ལྟར་མ་སོང་ཞེས་དཔྱད་དགོས་སོ། །ཁ་ཅིག་ན་རེ། གཞི་གཞན་ལ་བརྟེན་པའི་ཉེས་པས་འཁྲུལ་བཅས་སུ་མ་སོང་ན། གཞི་དེ་ལ་བརྟེན་པའི་ཉེས་པས་འཁྲུལ་བཅས་སུ་མི་འགྱུར་ཏེ། གཞན་དུ་ན་འཆགས་ལ་ཉེས་བྱས་ཀྱི་ལས་རྣམས་རྒྱུན་ཆད་པར་འགྱུར་རོ། །ཞེས་གསུང་མོད། དེ་ཉིད་འཁྲུལ་བཅས་ཀྱི་དམིགས་བསལ་དུ་སོང་ངོ༌། །གལ་ཏེ་འོ་ན་ཕྱོགས་གཉིས་ཀའི་ཁ་སྐོང་དུ་མི་འོས་པའི་ཚོགས་རྐྱང་པས་དགེ་འདུན་གྱི་ལས་མི་འཆགས་པར་བཤད་པ་དེ་དེ་ཁོ་ན་ལྟར་ངེས་སམ་ཞེ་ན། དེས་ཀྱང་གསོ་སྦྱོང་དང་དགག་དབྱེ་ནི་འཆགས་པ་ཡིན་ཏེ། ཇི་སྐད་དུ། ཁ་སྐོང་བར་འོས་པ་མ་ཡིན་པ་དག་གི་ཚོགས་ཀྱི་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་གསོལ་བ་དང་བརྗོད་པ་མི་འཆགས་པར་བཤད་ཀྱང༌། གསོ་དགག་མི་འཆགས་པར་མ་བཤད་པའི་ཕྱིར། དཔེར་ན་དགེ་ཚུལ་བཞིན་ནོ། །དེས་མཚོན་ནས་གོང་དུ་སྤངས་ལོག་ལྔས་ཐོས་སུ་མི་རུང་བར་བཤད་པ་ཡང་གསོ་དགག་ལས་གཞན་པའོ། །ཡང་ཇི་སྐད་དུ། རང་གིས་བོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ནི་མ་ཡིན་ནོ། །ཞེས་པའི་ཤུགས་ལ་དེས་དེ་གྲུབ་ན་ལས་ཆགས་པར་བཤད་ལ། དེའི་ཚེ་ལས་གང་གི་གྲངས་ཚང་དུ་མ་གཏོགས་པའི་དགེ་སློང་གིས་མ་འདུས་པ་དང་ཕྱིར་ལྡོག་བྱས་པའི་ཚེ་མི་མཐུན་པ་སྐྱེད་མོད། ལས་མ་འཆགས་པ་མ་ཡིན་པའི་ཤེས་བྱེད་དུ་འབྲེལ་ལོ། །ལས་ཉམས་སུ་མྱོང་བའི་ཚད་ཀྱང་ཚིག་ཐོས་པ་ལ་བྱེད་ཀྱི། དོན་གོ་བ་ནི་མི་དགོས་ཏེ། གཞུང་དམ་པར། མཐའ་འཁོབ་པར་མཐའ་འཁོབ་པའི་སྐད་ཀྱིས་ལས་བྱས་པ་དེ་དག་གིས་མ་གོ་ན། ལས་བྱས་པ་ཡིན་ལ་འདས་པ་དང་བཅས་པའོ། །ཞེས་གསུངས། འོ་ན་ཚང་མར་ཐོས་དགོས་སམ་ཞེ་ན། གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ། །ཞེས་སོ། །འདི་དང་གོང་དུ་དགེ་འདུན་གྱི་ཚད་དག་ཏུ་མ་ལོངས་པ་རྣམས་མ་ལུས་པ་ཉིད་ན་རྫོགས་པའོ་ཞེས་པ་མི་འགལ་བའི་ཚུལ་ནི། འདིར་བཤད་པ་ནི། ལས་གྲལ་དེ་ཉིད་ན་འདུག་བཞིན་པའི་དབང་དུ་བྱས་པ་ཡིན་ཏེ། གཏམ་གྱི་གཞི་ལས། གསོལ་བ་བྱས་པ་དེ་གཉིད་ཀྱིས་ལོག་ནས་ལས་ཀྱི་མཇུག་ཏུ་ཕྱིན་པ་དང་ལངས་པ་དེ་ལྟ་བུ་ནི་སད་བཞིན་ཉེས་པ་འབྱུང་ལ། གཉིད་ལོག་བཞིན་ཚངས་པའོ། །ཞེས་གསུངས་སོ། །འོན་ཀྱང་འདི་ནི་དམིགས་ཀྱིས་བསལ་བ་སྟེ། སྤྱིར་བཏང་དོན་གོ་བ་ཉིད་དོ། །དེ་ལྟར་སྡོམ་པ་མ་ཐོབ་པ་ཐོབ་པའི་ཐབས་དང༌། ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ཡན་ལག་དང་བཅས་པ་བརྗོད་ཟིན་ནས། གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་པ་དང༌། དེ་ལ་འཕྲོས་ནས་རྩོད་པ་ཕྱིར་བཅོས་པའོ། །དང་པོ་ལ། མི་སྤྲོ་བ་ནན་ཏུར་གྱི་ཕྱིར་བཅོས་དང༌། སྤྲོ་བ་བཤགས་པའི་ཕྱིར་བཅོས་སོ། །དང་པོ་ལ། གཞི་གང་ལ་ནན་ཏུར་བྱ་བ་དང༌། ནན་ཏུར་བྱས་པ་ལ་བཟོད་པ་བླངས་པ་དང༌། ནན་ཏུར་སོ་སོའི་ངོ་བོ་ངོས་བཟུང་བའོ། །དང་པོ་ལ། དོན་བརྒྱད་ཀྱི་སྒོ་ནས་འཆད་དེ། གཞི་གང་ལ་བྱ་བ་དང༌། དགེ་འདུན་གང་དག་གིས་བྱ་བ་དང༌། བསམ་པ་ཇི་ལྟ་བུས་བྱ་བ་དང༌། དུས་ནམ་གྱི་ཚེ་དང༌། དགོས་པ་གང་གི་ཕྱིར་དང༌། ཆོ་ག་ཇི་ལྟ་བུས་དང༌། སའི་ཁྱད་པར་དང༌། སྒྲ་བཤད་པའོ། །དང་པོ་གཞི་ནི་ཆོས་བཅུ་གཅིག་དང་ལྡན་པ་ལ་བྱ་སྟེ། རབ་བྱུང་གི་སྡོམ་པ་གསོ་བ་ལ་ཞུགས་པ་ཡན་ཆད་དང་ལྡན་པ། སྔར་གནས་ནས་ཕྱུང་བ་མ་ཡིན་པ། ཆོས་གཞན་པའི་ཕྱོགས་སུ་མ་སོང་བ། ཤེས་པ་རང་བཞིན་དུ་གནས་པ། སྡེ་སྣོད་འཛིན་པ་དང་འཁོར་མང་བ་སོགས་བྱེ་བའི་དགག་བྱ་ཡོད་པ་མ་ཡིན་པ། ཚོགས་སུ་མ་ཚང་བ། གཟུགས་གཞན་དུ་མ་སྒྱུར་བ། བཞམས་བསྒོ་བྱས་ལ་ཆགས་པ། ནད་པ་མ་ཡིན་པ། ནད་དང་བཅས་པ་མ་ཡིན་པ། ནན་ཏུར་སོ་སོའི་རྒྱུ་མ་ཞི་བའོ། །གཉིས་པ་དགེ་འདུན་ནི། གྲངས་ཚང་བ་དང༌། མཚན་ཉིད་ཚང་བ་དང༌། མི་མཐུན་པ་མེད་པ་དང༌། གཞི་པོ་ཡིན་པའོ། །གཞི་པོ་ཞེས་པ་ནི་ཕྱོགས་སུ་མ་ལྟུང་བའོ། །བསམ་པ་ནི། དེ་ལ་དེར་ཤེས་པ་དང༌། ཆེད་དུ་བྱ་བའི་ཁྱད་པར་གསུམ་དང་ལྡན་པའོ། །གསུམ་ནི། བསྟན་པ་སྤྱི་དང༌། གང་ཟག་སོ་སོའི་རྒྱུད་ལ་ཕན་པ་དང༌། བསམ་པ་ཐག་པ་ནས་བྱེད་འདོད་པའོ། །དུས་ནི། དབྱར་གྱི་ནང་མ་ཡིན་པ་དང༌། དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པའི་དུས་མ་ཡིན་པའོ། །དགོས་པ་ནི་ནན་ཏུར་གྱི་རྒྱུ་ལས་ལྡོག་པ་དང་བསྟན་པ་ལ་ཕན་པའོ། །ཆོ་ག་ནི། སྦྱོར་བ་གླེང་དྲན་དང་བཞམས་བསྒོ་བྱས་པ། དངོས་གཞི་གསོལ་བ་དང་བཞིའི་ལས་ཀྱིས་བྱེད་པ། མཇུག་གང་ལ་གང་བྱས་པ་དེ་གོ་བའོ། །སའི་ཁྱད་པར་ནི། ས་གཞན་ན་གནས་པ་དང་ནན་ཏུར་གཉིས་ཀ་ཡིན་པ། དང་པོ་གཞི་དང་གནས་ཕྱུང་རྣམས་སོ། །ནན་ཏུར་ཡིན་ལ་ཅིག་ཤོས་མ་ཡིན་པ་ནི་གསོ་དགག་བཞག་པ་གཉིས་སོ། །སྒྲ་བཤད་པ་ནི། མི་འདོད་བཞིན་དུ་ཐུལ་འོག་ཏུ་གཞུག་ཅིང་བཤུང་བར་བྱེད་པས་ན་དེ་ཞེས་བྱའོ། །འདིར་ནན་ཏུར་གང་ལ་བྱ་བའི་ཡུལ་དེ་དགེ་འདུན་གྱི་ནང་དུ་ངེས་པར་འདུ་དགོས་སམ་ཞེ་ན། མ་ཡིན་ཏེ། མི་མཐུན་པ་དང་པོ་སྐྱེད་པ་ལ་ཡང་གང་ལ་ལས་དེ་བྱ་བའི་ཡུལ་ལས་གཞན་པ་ཞིག་དགོས་ཤིང༌། དེའི་ནང་ནས་ཀྱང་ཆད་པའི་ལས་ཆོས་ལྡན་ལ་དེ་དུས་ཀྱི་མི་མཐུན་པ་གཉིས་ཀ་མི་སྐྱེད་པའི་ཕྱིར་དང༌། ཇི་སྐད་དུ། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །ཞེས་འདུ་མི་དགོས་པར་བཤད་པའི་ཕྱིར་རོ། །གཉིས་པ་བཟོད་པ་བླང་བའི་ཚུལ་ནི། དོན་དྲུག་གིས་འཆད་དེ། ཡུལ་གང་ལ་དང༌། དགེ་འདུན་གང་གིས་དང༌། མཚམས་གང་དུ་དང༌། བསམ་པ་ཇི་ལྟ་བུས་དང༌། ཆོ་ག་དང་དགོས་པའོ། །དང་པོ་ཡུལ་ནི། གསུམ་སྟེ། བསྙེན་པར་རྫོགས་པ་ལས་བླང་བ་དང༌། མ་རྫོགས་པར་རབ་ཏུ་བྱུང་བ་ལས་དང༌། ཁྱིམ་པ་ལས་བླང་བའོ། །དང་པོ་ནི་ཆོས་ཉི་ཤུ་རྩ་ལྔ་དང་ལྡན་པ་སྟེ། གཤེ་བར་མི་བྱེད་པ་དང་ཞེས་སོགས་ཉི་ཤུ་རྩ་གཅིག་པོའི་སྟེང་དུ། རང་བཞིན་དུ་གནས་པ་དང༌། ཚོགས་སུ་མ་ལོངས་པ་དང༌། གཟུགས་གཞན་དུ་མ་སྒྱུར་བ་དང༌། སྔར་གསོལ་མ་ཟིན་པའོ། །དགེ་ཚུལ་ལ་ཡང་ཉི་ཤུ་རྩ་ལྔ་པོ་དེ་ཉིད་དེ། རང་གི་བསླབ་པ་ལ་སློབ་པ་ཅིག་དགོས་པས་སོ། །ཁྱིམ་པ་ལ་ཡང་དེ་དག་ཅི་རིགས་པར་ཚང་བའོ། །གཉིས་པ་དགེ་འདུན་ནི། ཆོས་གོས་གསུམ་པོའི་སྟེང་དུ་ནན་ཏུར་བྱེད་མཁན་ཡིན་པའོ། །མཚམས་ནི་དེ་ཉིད་དུ་གཏོགས་པའོ། །བསམ་པ་ནི། འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་ནི་དགེ་འདུན་གྱི་ཆེད་དང༌། བསམ་པ་ཐག་པ་ནས་གསོལ་བར་འདོད་པའོ། །ཆོ་ག་ནི། སྦྱོར་བ་གསོལ་བ་གདབ་པ་དང༌། དངོས་གཞི་གསོལ་བ་དང་བཞིའི་ལས་ཀྱིས་དེ་ལེན་པ་དང༌། དགོས་པ་རང་བཞིན་དུ་གནས་པ་ཐོབ་པའོ། །གསུམ་པ་སོ་སོའི་མཚན་ཉིད་ལ། སྤྱིར་བསྟན་པ་དང༌། སོ་སོར་ཕྱེ་བའོ། །དང་པོ་ནི། སྔོན་མ་རྣམས་འདི་སྐད་ཅེས་གསུང་སྟེ། སྲུང་ཐབས་ཡན་ལག་ལྔའི་སྒོ་ནས་བསླབ་པ་བསྲུང་བར་བསྟན་ཀྱང༌། གཉེན་པོ་དམན་པ་འགའ་ཞིག་བཅས་པའི་ས་མཚམས་ལ་འཇིགས་པ་མེད་པར་འགལ་བར་བྱེད་པ་རྣམས་ཀྱི་དབང་དུ་བྱས་ནས་ཕམ་པ་འཆབ་བཅས་བྱུང་བ་ལ་བསྐྲད་པ་དང༌། ལྟུང་བ་གཞན་གྱི་དབང་དུ་བྱས་ནས་ནན་ཏུར་བྱ་བར་གསུངས་ལ། དེ་ནི་བྱ་བ་མ་ཡིན་པ་ལ་མི་འཇུག་པ་དང༌། ཞུགས་ཟིན་པ་ཟློག་པའི་ཕྱིར་དུའོ། །དེ་ཡང་འདི་ལྟར། གླེང་བྱ་དང་གླེང་བྱེད་མཚན་ཉིད་དང་ལྡན་པ་ཡོད་པའི་ཚེ་གླེང་བ་ནི་གཉིས་སུ་གནས་ཏེ། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པ་དང༌། ལྟུང་བ་ཕྱིར་བཅོས་སུ་གཞུག་པའི་ཕྱིར་གླེང་བའོ། །དེ་ལྟར་གླེངས་པའི་ཚེ་ན་གླེང་བྱ་ལ་གཉིས་སུ་འགྱུར་ཏེ། རྣལ་དུ་ཕེབས་པ་དང་མ་ཕེབས་པའོ། །དང་པོ་ནི། ཁས་ལེན་ན་ཕྱིར་འཆོས་སུ་གཞུག་པ་དང༌། བརྗེད་པའི་སྒོ་ནས་ཁྱད་དུ་གསོད་པ་ལ་ངོ་བོ་ཉིད་ཚོལ་བ་སྦྱིན་ནོ། །རྣལ་དུ་མ་ཕེབས་པ་ལ་ནི། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པའི་བྱ་བ་ནི། སྐབས་མི་འབྱེད་པ་དང༌། ཕྱེ་ནས་གཉེན་པོར་མི་བྱེད་པ་དང༌། བཀའ་བློ་མི་བདེ་བར་བྱེད་པ་དང༌། མ་མཐོང་ཞེས་ཟེར་བ་དང༌། སྡིག་ལྟ་འཛིན་པ་སོགས་ལ་ནི་དང་པོ་གཞི་གང་ཡིན་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ནན་ཏུར་བྱ་བ་ཡིན་ཏེ། དེ་ལྟར་ཡང་གཞུང་ཉིད་ལས་སྐབས་མི་བྱེད་ན་ཡང་མི་རིགས་པའི་ཕྱིར་རོ། །ཞེས་དེ་ཉིད་བྱ་བར་བསྟན་པ་དང༌། ཁྱིམ་སུན་འབྱིན་པ་སྐབས་མི་འབྱེད་པ་ལ་བསྐྲད་པ་ཉིད་བྱ་བར་གསུངས་ཤིང༌། དེའི་རིགས་པ་གཞན་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ལྟར་བྱས་པའི་དགོས་པ་ནི། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པའི་དོན་དུ་གླེངས་པ་ན་སྐབས་མི་འབྱེད་པ་ལ་བརྗོད་བཅས་དང༌། གཉེན་པོར་མི་བྱེད་པ་ལ་ཕུར་བཅས་དང༌། མ་མཐོང་ངོ་ཞེས་ཟེར་བ་ལ་གནས་དབྱུང་སོགས་ལྟུང་བ་ཕྱིར་བཅོས་སུ་གཞུག་པའི་ནན་ཏུར་དེ་དག་བྱེད་པ་ཡིན་ན་ནི། བསྡིགས་པ་ལ་སོགས་པ་དེ་དག་རྒྱུན་ཆད་པར་འགྱུར་ཏེ། དེའི་གཞི་གཞན་དུ་འགྱུར་བའི་ཕྱིར་རོ། །གཞན་ཀྱང་དགོས་པ་མི་འགྲུབ་པའི་སྐྱོན་ཡོད་དེ། ནན་ཏུར་གཞན་བྱས་པས་འཐབ་དཀྲོལ་ལ་སོགས་པའི་བྱ་བ་ལས་ལྡོག་པ་དང་འཕྲོ་གཅོད་པར་མི་ནུས་པའི་ཕྱིར། དེ་ལྟར་བྱས་ན་གཞི་ནོར་བ་དང༌། རྩ་བ་སྟོར་བ་དང༌། དགག་བྱ་མི་ཁེགས་པ་དང༌། དགོས་པ་མི་འགྲུབ་པའི་སྐྱོན་ཡོད་དེ། ཡང་ལྟུང་བ་ཕྱིར་འཆོས་སུ་གཞུག་པའི་ཕྱིར་གླེངས་པའམ་ནན་ཏུར་བྱས་ནས་སྐབས་མི་འབྱེད་པ་ལ་བརྗོད་བཅས་དང༌། གཉེན་པོ་མ་ཡིན་པ་ལ་ཕུར་བཅས་དང༌། མ་མཐོང་བ་དང༌། ཕྱིར་མི་འཆོས་པ་དང༌། སྡིག་ལྟ་འཛིན་པ་ལ་གནས་ནས་དབྱུང་བ་དང༌། དགེ་འདུན་དང་བསླབ་པའི་གཞི་མཐའ་དག་སྤོང་བའི་སྒོ་ནས་བཀའ་བློ་མི་བདེ་བར་བྱེད་ན། ལྡོག་པའི་ཕྱིར་བསྒོ་བ་དང༌། བསྒོ་བ་རྣ་ལ་གཟོན་པ་ལ་ངན་པའི་གྲངས་སུ་གཞུག་པར་བྱའོ། །བྱ་བ་ངན་པ་འཕྲོ་གཅོད་པ་དང༌། ལྟུང་བ་ཕྱིར་འཆོས་སུ་གཞུག་པའི་ནན་ཏུར་གང་ཡིན་ཀྱང༌། སྔོན་དུ་བྱ་བ་ནི་བཞམས་ཏེ་བསྒོ་བའོ། །དེའི་འོག་ཏུ་ནན་ཏུར་སོ་སོའི་གཞི་གང་དང་གང་ལ་ནན་ཏུར་གང་དང་གང་བྱ་བར་གསུངས་པ་དེ་ཉིད་ཀྱིས་བྱའོ། །དེ་དག་གིས་མ་ཐུལ་ན་ཉེ་བར་ཞི་བར་བྱ་བའི་དོན་དུ་དངོས་བསྟན་གྱི་གནས་ནས་དབྱུང་བ་བདུན་པོར་མ་ཟད། གཞན་བསྡིགས་སྨད་སོགས་ཐམས་ཅད་ཀྱི་མཐའ་ལ་ཡང་གནས་དབྱུང་འཇུག་སྟེ། འཐབ་དཀྲོལ་ལ་འབད་པས་མ་ལོག་ན་གནས་ནས་དབྱུང་བར་བྱའོ། །ཞེས་གསུངས་པ་དེ་ཉིད་གཞན་རྣམས་ལ་ཡང་མཚན་ཉིད་མཚུངས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ། ཕྱིར་མི་འཆོས་གནས་དབྱུང་བྱའོ་ཞེས་ཟེར། ཁོ་བོ་ཅག་ནི་མ་མཐོང་གནས་དབྱུང་བྱ་བར་འདོད་དེ། དོན་གྱིས་མ་མཐོང་བ་ཡིན་པའི་ཕྱིར་རོ། །ནན་ཏུར་བྱས་པ་དེ་དག་གིས་དབྱེ་བའི་སེམས་ཀྱིས་ལས་ཕྱེ་བ་ན་བྱེ་བ་བསྡུམ་པའི་ཆོ་གའོ། །འཁོར་ལོ་བྱེ་ན་དེ་བསྡུམ་པའི་ཆོ་གའོ། །ཞེས་གསུང་མོད། དེ་ལྟ་མི་སྲིད་དོ། །རྩོད་པ་སྐྱེད་ན་རྩོད་པའི་གཞི་ནས་བསྟན་པ་བཞིན་ཏེ། དེ་ཡང་ནན་ཏུར་གྱི་གཞི་ཡིན་མིན་ལ་བརྟེན་ནས་རྩོད་ན་མངོན་སུམ་གང་མང་གིས་ཞི་བར་བྱའོ། །ནན་ཏུར་བྱ་བར་རིགས་མི་རིགས་ཀྱི་སྒོ་ནས་རྩོད་ན་མི་གདམས་པའི་ཕྱིར་གྱི་རྩོད་པ་ཞི་བྱེད་ཀྱིས་སོ། །ལྟུང་བ་བྱུང་མ་བྱུང་ལ་རྩོད་ན་ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ཀྱིས་སོ། །གནས་ནས་ཕྱུང་བ་བཟོད་པ་མི་གསོལ་བར་གནས་པ་ལ་ནི་ཆོ་ག་གང་ཡང་མི་འཇུག་སྟེ། ལོངས་མི་སྤྱོད་པའི་སར་གོང་ནས་དེར་གནས་པའི་ཕྱིར། དེ་དག་ཐམས་ཅད་ཀྱི་རྒྱུ་བཏང་ནས་བཟོད་པ་གསོལ་བ་ལ་ནི། གོང་དུ་བཤད་པའི་ཆོ་གས་བཟོད་པ་བླང་ངོ༌། །དེ་དག་ནི་བྱ་འདུལ་བ་འཛིན་པའི་བཤད་པ་སྟེ། གཏིང་ཟབ་ཅིང་ངོ་མཚར་ཆེའོ། །འདི་ལ་གཞན་དག་ན་རེ། ནན་ཏུར་གྱི་ལས་འདི་དག་ལ་གཞི་བརྩན་པ་དང་མི་བརྩན་པ་གཉིས། བརྩན་པ་ལ་གཞི་དུ་ཡོད་པ་ནི། བསྡིགས་སྨད་བསྐྲད་དང་ཕྱིར་དགྱེད་བཞི་འཐབ་དཀྲོལ་ལ་འབད་པས་མ་ལོག་པ་གནས་ནས་དབྱུང་བ་དང༌། འཐབ་དཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་འབད་པས་མ་ལོག་ན་གནས་ནས་དབྱུང་བ། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་དབྱུང་བ་དང་དེ་ལྟར་བདུན། སྡིག་ལྟ་འཛིན་པ་ལ་འབད་པས་མ་ལོག་ན་གནས་ནས་དབྱུང་བ་འགྱེད་ཕྱིར་གྱི་རྩོད་པ་ལ་མངོན་སུམ་བརྒྱད་དང་གང་མང་གིས་མ་ཞི་ན་གནས་དབྱུང་བྱེད་པ་དང་གཉིས་ཏེ་དེ་ལྟར་དགུའོ། །གཞི་བརྩན་པ་མ་ཡིན་པར་གང་ལ་བྱ་བའི་གཞི་དུ་ཡོད་པ་ནི། མ་མཐོང་བ་དང་ཕྱིར་མི་འཆོས་གནས་དབྱུང་གཉིས། སྡིག་ལྟ་འཛིན་པ་ལ་ཟློག་བསྒོ་བྱས་མ་བྱས་གཉིས་ལས། དང་པོ་གཞི་བརྩན་པའི་ནང་དུ་སོང༌། གཉིས་པ་དེ་དང་ལྔ་འགྱེད་ཕྱིར་གྱི་རྩོད་པ་ལ་ཞི་བྱེད་སྔོན་དུ་སོང་མ་སོང་གཉིས་ལས། དང་པོ་གཞི་བརྩན་པར་སོང༌། གཉིས་པ་དེ་དང་དྲུག་གོ །དེ་དག་གི་གཞུང་ནི། ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་གདམས་པས་ཕྱིར་བཅོས་སུ་མི་རུང་བ་དག་མ་མཐོང་ངོ་ཞེས་ཟེར་ཞིང༌། ཕྱིར་བཅོས་པ་སྒྲུབ་པར་མི་འདོད་ན་གནས་ནས་དབྱུང་བར་བྱའོ། །ཞེས་གསུངས་སོ། དེ་ལྟར་བྱས་ན་དགོས་པ་འགྲུབ་ཅིང་དགག་བྱ་མི་ཁེགས་པའི་སྐྱོན་ཀྱང་མེད་དོ། །ཞེས་འཆད། དེ་ལྟར་ལུགས་སྔ་ཕྱི་གཉིས་ཕུགས་སུ་མི་མཐུན་པ་ཆེར་མེད་མོད། ལུགས་སྔ་མའི་ཚུལ་ལ་ཅུང་ཟད་དཔྱད་ན། བྱ་བ་ངན་པ་འཕྲོག་གཅོད་དུ་གཞུག་པའི་ཚེ་གཞི་བརྩན་པ་ཁོ་ན་ཡིན། ལྟུང་བ་ཕྱིར་འཆོས་སུ་གཞུག་པའི་ཚེ་གཞི་མི་བརྩན་པར་འཆད་ན་སྐབས་མི་འབྱེད་པ་ལ་སོགས་པ་དེའི་ཚེ། བརྗོད་བཅས་སོགས་དང༌། གསོ་སྦྱོང་བཞག་པ་སོགས་བྱས་པ་དེ་ཉིད་ཀྱིས་དེའི་དུས་ཀྱི་ཆད་ལས་ཐམས་ཅད་ཀྱི་གོ་ཆོད་པ་ཡིན་ཞིང་དེ་ལྟར་བཅད་པའི་བྱེད་པས་སྐབས་འབྱེད་པ་དང༌། གཞི་དེ་ཁས་ལེན་པ་དང༌། སྡིག་ལྟ་མི་གཏོང་བ་དང༌། བཀའ་བློ་མི་བདེ་བར་བྱེད་ན། དེ་ལྟར་བྱེད་པ་དེ་ལ་གཞི་དེ་གཏོང་བའི་ཕྱིར་དུ་བཞམས་བསྒོ་དང་གླེང་དྲན་སོགས་བྱེད་དམ་མི་བྱེད། མི་བྱེད་ན་མདོ་ལུང་དང་དངོས་སུ་འགལ། བྱེད་ན་དེ་ལྟར་བྱས་པས་གཞི་དེ་གཏོང་ན་ལེགས། མི་གཏོང་ན་འཐབ་དཀྲོལ་བྱེད་པ་སོགས་ལ་སྡིག་སྨད་སོགས་ཀྱི་ནན་ཏུར་བྱེད་དམ་མི་བྱེད། མི་བྱེད་ན་མདོ་ལུང་དང་དངོས་སུ་འགལ། བྱེད་པ་ལས་འོས་མེད་པ་དེ་ལྟར་གྲུ་པ་ན་ནན་ཏུར་ལ་རྩ་བའི་དབྱེ་བ་གཉིས་སུ་བསྡུད་པ་དང༌། གཉིས་པོ་འགལ་བ་ཅན་དུ་འཆད་པ་མི་འཐད་ཅིང༌། བསྡིགས་པ་སོགས་རྒྱུན་ཆད་དུ་ཐལ་བ་དང༌། དགོས་པ་མེད་པར་ཐལ་བ་དང༌། དགག་བྱ་མི་ཁེགས་པར་ཐལ་བ་རྣམས་མི་འཇུག་པར་གྲུབ་བོ། །དེར་མ་ཟད། གཞན་ལ་འཕངས་པའི་ཉེས་པ་སོ་ན་འདུག་སྟེ། ལྟུང་བ་ཕྱིར་བཅོས་སུ་གཞུག་པའི་ཚེ། བརྗོད་བཅས་དང་ཕུར་བཅས་ཀྱི་བྱེད་པས་རྩ་བའི་གཞི་དེ་ཕྱིར་བཅོས་བྱུང་ན་དེ་ཉིད་ཀྱིས་ཆོག་གམ། ནན་ཏུར་གཞན་བྱེད་དགོས། གཉིས་པ་ལྟར་ན་ཧ་ཅང་ཐལ་ཞིང༌། གཞུང་དང་འགལ། དང་པོ་ལྟར་ན། སྡིག་པ་ལ་སོགས་པ་དེ་དག་རྒྱུན་ཆད་པར་འགྱུར་རོ། །དེའི་གཞི་གཞན་དུ་གྱུར་པའི་ཕྱིར་རོ། །གཞན་ཀྱང་དགོས་པ་མི་འགྲུབ་པའི་སྐྱོན་ཡོད་དེ། ནན་ཏུར་གཞན་བྱས་པས་འཐབ་དཀྲོལ་ལ་སོགས་པའི་བྱ་བ་དེ་ལས་ལྡོག་པ་དང་འཕྲོ་གཅོད་པར་མི་ནུས་པའི་ཕྱིར། ཞེས་པའམ། ཡང་ན་དེ་ཕྱིར་འཆོས་པར་མི་ནུས་པའི་ཕྱིར། དེས་ན་གཞི་ནོར། རྩ་བ་སྟོར་ཞེས་སོགས་བརྗོད་ན་མི་མཚུངས་སམ། ཡང་ལུགས་གཉིས་པ་གཞི་བརྩན་མི་བརྩན་གྱི་རྣམ་དབྱེ་འཆད་པ་དེ་ལྔ་དཔྱད་དགོས་ཏེ། གཞི་མི་བརྩན་པའི་གོ་བ་ཞིག་གཞན་དུ་གྱུར་ནས་རྩའི་གཞི་དེ་ལ་ནན་ཏུར་བྱེད་མི་དགོས་པ་ལ་བྱ་བ་ཡིན་ནམ། གཞི་གཅིག་པུ་དེ་ལ་སྐབས་མ་བྱེ་བ་ལ་སོགས་པའི་སྐྱོན་གྱིས་ནན་ཏུར་རིགས་མི་འདྲ་གཉིས་ཕོག་པ་ལ་བྱེད་པ་ཡིན། གཉིས་པ་ལྟར་ན་གཞི་བཙན་པ་ཁོ་ནར་སོང༌། དང་པོ་ལྟར་ན། གཞི་བཙན་པ་རྣམས་ཀྱང་མི་བཙན་པར་འགྱུར་ཏེ། གཞི་དེ་དང་ལྡན་པ་ལ་ཟློག་སྒོ་དང་གླེང་དྲན་བྱས་པའི་མཐའ་ལ་བཏང་ན་གཞི་དེ་ལ་ལྟོས་པའི་ནན་ཏུར་བྱེད་མི་དགོས་པའི་ཕྱིར། གཞི་བཙན་མི་བཙན་གྱི་ཐ་སྙད་འདི་ཡང་ནོར་བ་ཡིན་ཏེ། སྡིག་པ་ནན་ཏུར་གྱི་གཞི་དེ་མ་མཐོང་གནས་དབྱུང་ནན་ཏུར་གྱི་རྒྱུར་སོང་བ་ལྟ་བུ་མི་སྲིད་པའི་ཕྱིར་ཏེ། མ་མཐོང་གནས་དབྱུང་ནན་ཏུར་གྱི་ལས་དེའི་ཉེས་པ་དེའི་གཞི་དང་བཅས་བཞིན་དུ་དེ་མ་མཐོང་ངོ་ཞེས་ཟེར་བའི་ཆད་ལས་ཡིན་གྱི། འཐབ་དཀྲོལ་བྱེད་པའི་ཉེས་པ་དེའི་ཆད་པ་མ་ཡིན་པའི་ཕྱིར་དང༌། ནན་ཏུར་བཅུ་བཞི་པོ་གང་རུང་གི་གཞི་མ་ཡིན་པའི་ལྟུང་བ་གང་ཡང་རུང་བ་གླེངས་པ་ན་སྐབས་མི་འབྱེད་པ་དང༌། མ་མཐོང་ཞེས་ཟེར་བ་སོགས་ལ་ཡང་གསོ་དགག་གཞག་པ་དང་མ་མཐོང་གནས་དབྱུང་ནན་ཏུར་བྱ་བ་རིགས་ལ། དེ་ཡང་ནན་ཏུར་གྱི་གཞི་གཞན་དུ་གྱུར་པའི་དབང་གིས་མ་ཡིན་པའི་ཕྱིར། ཡང་ལུགས་དང་པོས་བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པའི་ཚེ། རྩ་བའི་གཞི་གང་ཡིན་གྱི་ནན་ཏུར་དེ་ཉིད་བྱེད་པར་འཆད་པ་ཡང་དེར་མ་ངེས་ཏེ། འཐབ་དཀྲོལ་བྱེད་པ་ལ་བསྡིགས་པ་ནན་ཏུར་གྱིས་མ་ལོག་ན་གནས་ཕྱུང་བྱེད་པར་བཤད་པའི་ཕྱིར། འདི་ཉེས་པ་ཕྱིར་བཅོས་སུ་བཞག་པའི་ནན་ཏུར་ཡིན་ནོ་ཞེ་ན། གཉིས་པ་མི་འགལ་མོད། གནས་ཕྱུང་འདི་གཙོ་བོར་བྱ་བ་ངན་པ་འཕྲོ་གཅོད་པ་ཉིད་ཡིན་ཏེ། འཐབ་དཀྲོལ་ཉིད་ཀྱི་ཉེས་པས་གནས་ནས་ཕྱུང་བའི་ཕྱིར་དང༌། གནས་ཕྱུང་དེའི་བཟོད་གསོལ་འཆགས་པ་ལ་དེའི་རྒྱུ་འཐབ་དཀྲོལ་ལས་ལྡོག་དགོས་པའི་ཕྱིར་དང༌། གནས་ཕྱུང་དེས་བཟོད་པ་གསོལ་ཟིན་པའི་འོག་ཏུ་རྩ་བའི་ལྟུང་བ་དེ་གཤེགས་དགོས་པའི་ཕྱིར། དེས་ན་བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་བཞི་ཀའི་མཐའ་ལ་གནས་ཕྱུང་འཇུག་ཀྱང༌། གཞི་མི་བཙན་པའི་དབང་གིས་མ་ཡིན་ནོ། །དེ་ནས་རང་གི་འདོད་པ་འདི་ལྟར་འཆད་དེ། བོད་སྔ་མ་རྣམས་གཞི་བཙན་མི་བཙན་དང༌། བྱ་ངན་འཕྲོ་གཅོད་པ་དང༌། ལྟུང་བ་ཕྱིར་བཅོས་པའི་ནན་ཏུར་གྱི་དབྱེ་བ་གཉིས་སུ་འཆད་པ་དེ་ནི། ཇི་སྐད་དུ། དེའི་ཕྱིར་འདུ་བ་མི་སྦྱིན་པ་དང་སྐབས་མི་འབྱེད་པ་དག་ལ་ཡང་ངོ༌། །དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ༌། །ཞེས་པ་འདིས། མངོན་སུམ་དང་ཁས་ལེན་པའི་ཡན་ལག་མ་ཚང་བ་ཡང༌། རྩ་བའི་གཞི་དེ་ཉིད་ཀྱི་ནན་ཏུར་བྱེད་དགོས་པར་བཤད་པ་དང༌། ཡང་དེའི་རེག་མ་ཐག་ཏུ་མ་མཐོང་ངོ་ཞེས་ཟེར་ཞིང༌། ཕྱིར་འཆོས་པ་རྗེས་སུ་སྒྲུབ་པར་མི་འདོད་པ་གནས་ནས་དབྱུང་བར་བྱའོ། །ཞེས་པས་རྩ་བའི་གཞི་དེ་ལ་གཞི་དེ་ཉིད་ཀྱི་དབང་དུ་བྱས་པའི་ནན་ཏུར་བཏང་སྙོམས་སུ་བཞག་ནས་ནན་ཏུར་གཞན་བྱེད་པར་གསུངས་པ་དེ་དག་གི་དགོངས་པ་བཙལ་བ་ལས་རྣམ་པར་བརྟགས་པ་ཡིན་མོད། དེའི་ཚེ་བྱ་འདུལ་གྱིས་མ་མཐོང་ངོ༌། །ཟེར་བ་གཅིག་ཉིད་ལ་གནས་ཕྱུང་བྱེད་མི་བྱེད་གཉིས་འཆད་པའི་རྒྱུ་མཚན། བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པ་དང༌། ལྟུང་བ་ཕྱིར་བཅོས་སུ་བཞུག་པའི་དགེ་འདུན་གྱི་ཀུན་སློང་ལས་ཕྱེ་བར་བཞེད་པ་དང༌། གཞན་དག་གཞི་བཙན་མི་བཙན་གྱི་དབང་དུ་བྱས་པར་འདོད་ལ། ཕྱི་མའི་གོ་བ་ཡང་སྔ་མ་ལ་ཐུག་དགོས་པ་ཡིན་ཏེ། རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །དེའི་ཤེས་བྱེད་ཡང་དག་པ་མ་ཡིན་ཏེ། བྱ་བ་ངན་པ་འཕྲོ་གཅོད་པ་ནི་འཐབ་དཀྲོལ་ལྟ་བུའི་བྱ་བ་ངན་པ་འཕྲོ་གཅོད་པ་ལ། བསྡིགས་པ་ལྟ་བུའི་ཆད་ལས་ཆུང་དེ་ལས་གནས་ཕྱུང་ལྟ་བུའི་ཆད་ལས་ལྕི་བ་དེ་སྟོབས་ཤིན་ཏུ་ཆེ་བའི་ཕྱིར། དབྱེ་བ་དེ་འདྲ་དེ་ནན་ཏུར་ཡིན་ལ། ས་གཞན་ན་གནས་པ་མ་ཡིན་པ་དང༌། གཉིས་ཀ་ཡིན་པའི་ནན་ཏུར་གཉིས་ཀྱི་བྱེད་པ་ལ་བརྟགས་ན། སྔ་མ་ཕྱིར་བཅོས་ལ་བསྐུལ་བ་དང༌། ཕྱི་མ་བྱ་བ་ངན་པ་འཕྲོ་གཅོད་པའི་དབང་དུ་བྱས་པར་འབྱེད་དུ་རུང་མོད། དེ་ཙམ་གྱིས་གཞི་བཙན་མི་བཙན་གྱི་ཤེས་བྱེད་དུ་མི་འགྲུབ་བོ། །དེས་ན་རང་གི་འདོད་པ་ནི། བསྡིགས་པ་སོགས་བཞི་དང༌། གནས་ཕྱུང་ནན་ཏུར་གཞན་བཞི་པོའི་གཞི་མ་ཞི་བར་དགེ་འདུན་གྱིས་ཤེས་ནས་གླེངས་པ་ན་དང་པོར་ཁས་བླངས། ཕྱིར་བཅོས་ལ་བསྐུལ་བ་ན་མ་མཐོང་ཟེར་བ་དང༌། གཞི་དེ་ཁས་བླངས་ཀྱང་བར་དུ་གཅོད་པར་མི་འགྱུར་ཞེས་སྡིག་ལྟ་ཅན་གྱི་ཚིག་ཏུ་སྨྲ་བ་དང༌། སྐབས་མི་འབྱེད་པ་དང༌། སྐབས་མི་གཉེན་པར་མི་འབྱེད་པ་རྣམས་ལ་གནས་སྐབས་སུ་དེ་སྐད་ཅེས་ཟེར་བ་དེ་རྩ་བ་ལས་ཉེས་པ་ཆེར་སོང་བས་དེའི་ཆ་ནས་གནས་དབྱུང་ནན་ཏུར་འཐོབ་པ་དང༌། རྩ་བའི་གཞི་གང་ཡིན་གྱི་ནན་ཏུར་དེ་ཡང་འཐོབ་པ་ལ་དགོངས་པ་ཡིན་ཏེ། གོང་དུ་རྒྱས་པར་བཤད་ཟིན་པ་ལྟར་ནན་ཏུར་དེ་དག་གི་གཞིའམ་རྒྱུ་སོ་སོར་ངེས་པའི་ཕྱིར། དཔེར་ན་མ་མཐོང་གནས་དབྱུང་གི་གཞི་དགེ་འདུན་ལྷག་མའི་ལྟུང་བ་རིགས་འདྲ་བ་ཞིག་སྟུད་དུ་བྱུང་བ་དེ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་བཞིན་དང༌། ནན་ཏུར་དང་པོ་བཞི་སོ་སོའི་མཐར་གནས་ཕྱུང་འཐོབ་ཀྱང༌། དང་པོར་གཞི་དང་ནན་ཏུར་བྱེད་པའི་རྒྱུ་མཚན་སོ་སོར་ངེས་པ་བཞིན་ནོ། །དེ་ལྟར་སྤྱིར་རྣམ་གཞག་བསྟན་ནས། གསུམ་པ་སོ་སོའི་མཚན་ཉིད་ལ། བཅུ་གསུམ་སྟེ། བསྡིགས་པ་དང༌། སྨད་པ་དང༌། བསྐྲད་པ་དང༌། ཕྱིར་འགྱེད་པ་དང༌། མ་མཐོང་གནས་དབྱུང་དང༌། ཕྱིར་མི་འཆོས་གནས་དབྱུང་དང༌། སྡིག་ལྟ་ཅན་གནས་དབྱུང་དང༌། འཐབ་དཀྲོལ་ལ་དབང་བས་མ་ལོག་པ་གནས་དབྱུང་དང༌། འཐབ་དཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་དང༌། དགེ་སློང་མ་དང་འདྲེ་ཞིང་གནས་པ་དང༌། ཆོས་རྣམ་པར་གཏན་ལ་དབབ་པས་ཞི་བར་མ་གྱུར་པ་གནས་དབྱུང་དང༌། གསོ་སྦྱོང་བཞག་པ་དང༌། དགག་དབྱེ་བཞག་པའོ། །འདིར་དགེ་ཚུལ་བསྙིལ་བ་ནི་གནས་དབྱུང་བ་མ་ཡིན་ཏེ། ཞུགས་ལ་མ་རྫོགས་པའི་རྟེན་ལ་གནས་དབྱུང་མི་འཆགས་པའི་ཕྱིར། ཚུལ་ཁྲིམས་འཆལ་བ་གནས་ཁང་ནས་བསྐྲད་པ་དེ་གནས་དབྱུང་གི་ལས་མ་ཡིན་ཏེ། ནན་ཏུར་འཆགས་པ་ལ་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་ཞིག་དགོས་པའི་ཕྱིར། བཅུ་གསུམ་པོ་དེ་དག་རེ་རེ་ཡང་དོན་བརྒྱད་བརྒྱད་ཀྱི་སྒོ་ནས་བཤད་པར་བྱ་སྟེ། གཞི་གང་ལ་དང༌། དགེ་འདུན་གང་གིས་དང༌། བསམ་པ་ཇི་ལྟ་བུས་དང༌། དུས་ནམ་གྱི་ཚེ་དང༌། དགོས་པ་གང་གི་ཕྱིར་དང༌། ཆོ་ག་གང་གིས་དང༌། སའི་ཁྱད་པར་དང༌། བསྐྲད་པ་ལ་སོགས་པའི་སྒྲ་འཇུག་པའི་རྒྱུ་མཚན་ཏེ། གོང་དུ་སྤྱིར་བཤད་པ་བཞིན་སོ་སོར་རང་རང་གི་གཞི་ཇི་ལྟ་བ་བཞིན་དུ་སྦྱར་རོ། །འོ་ན་སོ་སོའི་གཞི་ནི་གང༌། སྒྲ་འཇུག་པའི་རྒྱུ་ནི་ཅི་ཞེ་ན། དང་པོ་ལ། དོན་ཡོད་མེད་དང་དགོས་པ་ཆེ་ཆུང་གང་ཡིན་ཀྱང་འཐབ་མོ་ལྷུར་ལེན་པ་ནི་བསྡིགས་པའི་གཞིའོ། །དགེ་འདུན་ལྷག་མའི་དངོས་གཞི་ཕྱིར་མི་འཆོས་པར་རིགས་འདྲ་བཞི་བརྒྱུད་དུ་བྱེད་པ་ནི་སྨད་པའི་འོ། །ལྷག་པའི་ཚུལ་ཁྲིམས་དང་འགལ་བའི་སྒོ་ནས་ཁྱིམ་སུན་འབྱིན་པ་ནི་བསྐྲད་པའི་འོ། །རབ་ཏུ་བྱུང་བ་དང་ཁྱིམ་པ་ལ་འཁོན་དུ་འཛིན་ཞིང༌། བཟོད་པ་མི་ལེན་པ་ལ་ཕྱིར་འགྱེད་པའི་འོ། །ཆོས་དང་མཐུན་པར་ལྟུང་བ་གླེངས་པ་ན་གླེང་བྱེད་བདེན་པར་ཁས་བླངས་བཞིན་དུ་བརྗེད་དུ་བཅུག་ནས་ཁྱད་དུ་གསོད་པའམ་ཁས་མི་ལེན་པ་ནི་མ་མཐོང་གནས་དབྱུང་གི་གཞིའོ། །དམ་བཅའ་མ་ཡིན་པའི་ལྟུང་བ་ཁས་བླངས་ནས་ཕྱིར་མི་འཆོས་པ་ནི་ཕྱིར་མི་འཆོས་གནས་དབྱུང་གི་གཞིའོ། །སངས་རྒྱས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་རྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། ཞེས་ཟེར་བ་ལ་ཟློག་ཚུལ་ལྔས་ཟློག་ཀྱང་མི་གཏོང་བ་ནི་སྡིག་ལྟ་མི་གཏོང་བའི་གནས་དབྱུང་གི་གཞིའོ། །སྔར་བསྡིགས་པ་སོགས་ཀྱིས་རྒྱུ་ལས་མ་ལོག་པ་ནི་འབད་པས་མ་ལོག་པ་གནས་ནས་དབྱུང་བའི་གཞིའོ། །དངོས་སུ་འཐབ་མོ་མི་བྱེད་ཀྱང་དེའི་རྒྱུ་འཛིན་པ་ནི་རྒྱུ་མི་གཏོང་བའི་གནས་དབྱུང་ངོ༌། །དགེ་སློང་མ་སོགས་དང་བཞོགས་སྟེགས་སོགས་ཀྱིས་འདྲེ་ཞིང་གནས་པ་ནི་དེའི་གནས་དབྱུང་གི་གཞིའོ། །འགྱེད་ཕྱིར་གྱི་རྩོད་པ་མངོན་སུམ་དང་གང་མང་གི་ཞི་བའམ། མི་གདམས་པའི་ཕྱིར་གྱི་རྩོད་པ་མངོན་སུམ་གྱིས་མ་ཞི་བ་ནི་རྣམ་པར་གཏན་ལ་དབབ་པས་མ་ཞི་བའི་གནས་ཕྱུང་གི་གཞིའོ། །ཡང་གླེང་བའི་སྐབས་མི་འབྱེད་པ་དང༌། སྐབས་ཕྱེ་ནས་གང་ཟག་དང་བསླབ་པའི་གཞི་ཡན་གར་བ་ལ་གླེང་བ། འགོག་པ་ལ་བརྗོད་བཅས་དང་ཕུར་བཅས་བྱ་བ་དང༌། བརྗོད་བཅས་ཀྱིས་མ་དུལ་ན་མི་གདམས་པ་དང༌། དེས་མ་དུལ་ན་གསོ་སྦྱོང་བཞག་པ་དང༌། དེས་མ་དུལ་ན་དགག་དབྱེ་བཞག་པ་དང༌། དེས་མ་དུལ་ན་ཕུར་བཅས་བྱའོ། །གཞན་དག འདི་དག་གང་ལ་བྱ་བའི་གཞི་ནི་གཞི་མི་བཙན་པ་དགུ་པོ་དག་ལའོ། །ཞེས་གསུང་མོད། དེ་ལྟ་ན་གཞི་བཙན་པའི་ལྟུང་བ་གླེང་བའི་སྐབས་མ་ཕྱེ་བ་ལ་སྡིགས་པ་སོགས་ཉིད་བྱས་པས་ས་གཞན་དུ་གནས་པར་སོང་བ་དེ་དགེ་འདུན་དང་གསོ་དགག་ལྷག་ཏུ་བྱ་བ་ཡིན་ནམ་བཞག་པར་བྱ་བ་ཡིན། དང་པོ་ལྟར་ན། སྐབས་མི་དབྱེ་བ་ལ་དགག་དབྱེ་ཇི་ལྟར་རུང་སྟེ། དེ་ཉིད་སྐབས་དབྱེ་བ་ཡིན་པའི་ཕྱིར་དང༌། གསོ་སྦྱོང་ཡང་ཇི་ལྟར་རུང་སྟེ། དེ་མ་ཕྱེ་ན་སོ་སོར་ཐར་པའི་མདོ་འདོན་པ་དང༌། གསོལ་བ་དང་རྣམ་པར་བཞག་པ་འཛིན་དུ་གཞུག་པ་ཐོས་ཀྱང༌། ཡོངས་སུ་དག་པ་ཉིད་དུ་ཁས་མ་བླངས་པས་དེ་ཉམས་སུ་མྱོང་བའི་གོ་མི་ཆོད་པའི་ཕྱིར་རོ། །དེས་ན་གཞི་ཇི་ལྟར་བཙན་ཀྱང་སྐབས་མི་འབྱེད་ན་གསོ་དགག་གཞག་པ་ལས་འོས་མེད་དོ། །དེ་བཞག་པས་དུལ་བའི་ཚད་ནི། དགག་དབྱེས་དུལ་ན་ཁས་བླངས་པ་དང༌། གསོ་སྦྱོང་བཞག་པས་དུལ་ན་ཕྱིར་འཆོས་པ་ཡིན་ལ། དེའི་ཚེ་ཁས་བླངས་ནས་རྒྱུན་མ་ཆད་ན་གཞི་བཙན་དུ་འཆད་པའི་ནན་ཏུར་གྱི་ལས་དེ་དག་འཇུག་ལ། བྱིན་གྱིས་བརླབས་ནས་གསོ་སྦྱོང་བྱས་ཀྱང༌། ཕྱིར་བཅོས་དངོས་མ་བྱས་ན་རྩ་བའི་གཞི་དེ་ལས་གྱུར་པའི་ནན་ཏུར་གྱི་ལས་དེ་འཇུག་པས་སོ། །ཡང་བཞམས་བསྒོ་སྔོན་དུ་མ་སོང་བའི་འཐབ་དཀྲོལ་སོགས་གཞི་མི་བཙན་པར་ཁས་ལེན་པ་དང༌། དེ་འདྲ་དེ་གླེང་བའི་སྐབས་མི་འབྱེད་པ་ལ་གསོ་སྦྱོང་བཞག་པ་སོགས་མི་འཆགས་པར་འདོད་པ་དང་འགལ་ཞིང༌། དེ་འདྲ་དེ་གཞི་བཙན་པར་ཁས་ལེན་ན་ནི་དེ་ལ་སྡིགས་སྨད་སོགས་ལྟ་ཞོག སྤྱིར་ནན་ཏུར་མི་བྱེད་པར་འདོད་པ་དང་འགལ་ལོ། །སྒྲ་བཤད་པ་ནི། གནས་ནས་འབྱིན་ནོ་ཞེས་བསྡིགས་པའི་ཕྱིར་དང༌། གཞན་ལ་གནས་ཆོས་ཤིག་ཅེས་སྨད་པའི་ཕྱིར་དང༌། སུན་ཕྱུང་བའི་གནས་ནས་བསྐྲད་པའི་ཕྱིར་དང༌། རང་བཞིན་དུ་གནས་པ་དག་གིས་མཛའ་གཅུགས་ཕྱིར་འགྱེད་པའི་ཕྱིར་དང༌། མ་མཐོང་ཞེས་ཟེར་བ་ལ་སོགས་པའི་རྒྱུ་མཚན་གཞུང་ལས་གསལ་བ་དེ་དག་གིས་སྤངས་པའི་ཕྱིར་དང༌། གསོ་སྦྱོང་དང་དགག་དབྱེ་བཞག་པའི་ཕྱིར་དེ་ཞེས་བྱའོ། །འདིར་བྱ་འདུལ་འཛིན་ནི། གསོ་དགག་བཞག་པ་གཉིས་དང་མ་མཐོང་དང་ཕྱིར་མི་འཆོས་ཏེ་བཞི་ནི་ལྟུང་བ་གཞན་གྱི་སྐབས་ལས་ཀྱང་འབྱུང་བས་གཞི་མི་བཙན་པ་ཡིན་ལ་གཞན་རྣམས་ནི་བཙན་པའོ། །ཞེས་གསུང་མོད། གོང་དུ་དཔྱད་ཟིན་པ་དེའོ། །ལྷག་མ་མ་ཡིན་པའི་ལྟུང་བ་ལ་ནི་སྨད་པ་མི་བྱེད་དེ། ཕམ་པ་ནི་ནན་ཏུར་བྱ་བའི་ཡུལ་མ་ཡིན་པ་དང༌། གཞན་ནི་དེ་ཙམ་དུ་སྨད་པར་བྱ་བ་མ་ཡིན་པའི་ཕྱིར་གཞན་ལ་གནས་ཆོས་ཤིག་ཅེས་སྨྲས་པ་ཙམ་གྱིས་སྨད་པར་འགྱུར་བ་ཅི་ཞེ་ན། རྫོགས་ནས་ལོ་བཅུ་ལོན་ཞིང༌། ལྔ་ཕྲུགས་དང་ལྡན་ཀྱང་གང་གི་དམན་པ་ཚིག་རྒྱ་མི་ཐུབ་པ་ཡིན་པས་གནས་ལ་རྟེན་དགོས་སོ་ཞེས་བསྟན་པས་སྨད་པའོ། །ཁྱིམ་པ་ཡིད་མུག་པ་སྤང་བའི་དོན་དུ་སུན་ཕྱུང་བའི་གནས་སུ་སྡོད་དུ་མི་བཞུགས་པས་ན་བསྐྲད་པའོ། །མཛའ་བ་དང་གཅུགས་པར་མི་བྱེད་པས་ན་ཕྱིར་དགྱེད་པ་ཞེས་པ་ཡང་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བའོ། །ཡང་ནན་ཏུར་གྱི་གཞི་ལ། གྲགས་པ་དང་མངོན་སུམ་ཞེས་བཤད་པ་གཉིས་པོའི་ཁྱད་པར་ནི། དགེ་འདུན་གྱི་དབུས་སུ་ནན་ཏུར་གྱི་རྒྱུ་ཁས་བླངས་པ་མངོན་སུམ་ཡིན་ལ། ཡུལ་གྱིས་དེ་ལྟར་ཁས་མི་ལེན་ཀྱང་གླེང་བྱེད་དགེ་འདུན་གྱིས་མཐོང་ཐོས་དོགས་གསུམ་གྱི་གཞི་ཡོད་པ་མི་གྲགས་པའོ། །ལུང་ལས་རྒྱུ་ལྔས་བསྡིགས་པའི་ལས་བྱས་ནས་དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ཏེ། དགེ་འདུན་འགལ་ཚབ་ཅན་དུ་མི་འགྱུར་རོ། །ལྔ་གང་ཞེ་ན། གླེང་བར་བྱས་པ་དང༌། དྲན་པར་བྱས་པ་དང༌། གཞི་དང་བཅས་པ་དང༌། ཁས་བླངས་པ་དང༌། མངོན་སུམ་དུ་གྱུར་པར་བྱེད་པའོ་ཞེས་ནན་ཏུར་བདུན་ཆར་ལ་གསུངས་སོ། །དེ་བྱ་བ་ལ་ལྔ་ག་ཚང་དགོས་སམ་སྙམ་པ་ལ་དམིགས་ཀྱིས་བསལ་བ་ནི། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །ཞེས་ཡན་ལག་བཞི་མ་ཚང་ཡང་གཞི་དང་བཅས་ན་ནན་ཏུར་བདུན་པོ་དག་བྱ་བར་གསུངས་སོ། །ཡང་ཇི་སྐད་དུ། མ་མཐོང་བ་ལ་ནི། ཞེས་དང༌། སྐབས་མི་འབྱེད་ན་ཡང་ཞེས་པའི་གཞུང་ཚན་གཉིས་གོང་དུ་དོན་གྱིས་བཤད་ཟིན་པ་ལྟར། གཞི་བཙན་པ་ལ་སྦྱོར་བ་དང༌། མི་བཙན་པ་ལ་སྦྱོར་བའི་ལུགས་གཉིས་ཡོད་ཅིང༌། གང་ལྟར་ཡང༌། ཕྱིར་རོ་ཞེས་པ་གཉིས་ནི་སློབ་དཔོན་རང་གི་རིགས་པའོ། །ཡང་སྐབས་མི་འབྱེད་པ་ལ་གསོ་དགག་བཞག་པའི་ནན་ཏུར་གཉིས་བྱེད་པར་བཤད་པའི་སྐབས་སུ། དཀའ་བའི་གནས་འགའ་ཞིག་ཡོད་པ་དེ་འདི་ལྟར་བཤད་པ་ཉིད་ཀྱིས་གྲོལ་བར་འགྱུར་ཏེ། ལྟུང་བ་གླེངས་པའི་ཚེ་སྐབས་མི་འབྱེད་ན་དགེ་འདུན་གྱིས་གསོ་སྦྱོང་བཞག་ཅེས་པ། ཡུལ་དེར་གསོ་སྦྱོང་བྱེད་དུ་མི་འཇུག་པ་ཙམ་ལ་ཟེར་བ་མ་ཡིན་ཏེ། གཞི་མེད་པར་ནི་དགེ་འདུན་གྱིས་ཀྱང་མི་གླེང་ལ། དེའི་ཚེ་སྐབས་མི་འབྱེད་ན་དེ་ཉིད་ཀྱིས་གསོ་དགག་གཉིས་ཀ་མི་བྱེད་པར་སོང་བའི་ཕྱིར། དེས་ན་ཡུལ་དེ་འདྲ་དེ་ལ་གསོ་དགག་བཞག་པ་ཞེས་བྱ་བའི་གསོལ་བཞིའི་ལས་ཤིག་དགེ་འདུན་གྱིས་བྱེད་པ་དེ་ལ་གསོ་དགག་བཞག་པའི་ནན་ཏུར་ཞེས་བྱའོ། །འོ་ན་མི་འབྱེད་པ་དེ་ལ་ཐོག་མ་ཉིད་ནས་དེ་ལྟར་བྱེད་དམ་ཞེ་ན། མ་ཡིན་ཏེ། ཐོག་མར་བརྗོད་བཅས་ནན་ཏུར་ཞེས་པ་ལས་དངོས་མ་ཡིན་ཀྱང༌། དགེ་འདུན་ལ་མ་ཞུས་པར་གནས་གཞན་དུ་འགྲོ་བའི་ངང་དབང་མེད་པ་དེ་བྱ། དེས་མ་དུལ་ན་དགེ་འདུན་གྱིས་མི་གདམས་པ་དང་གཏམ་མི་འདྲེ་བར་བྱ་བ་སོགས་གསུངས། ཡུལ་རྟེན་གཉིས་ཀས་གསོ་དགག་ལྷན་དུ་མི་བྱ་བ་སོགས་ནི་དེ་དུས་ནས་བྱུང་ཟིན་པའོ། །དེས་མ་དུལ་ན་གསོ་སྦྱོང་བཞག་པའི་ལས་དང༌། དེས་ཀྱང་ན་དགག་དབྱེ་བཞག་པའི་ལས་བྱའོ། །དེ་ལྟར་ན་དབྱར་ནང་དུ་ནན་ཏུར་གྱི་ལས་བྱེད་དགོས་པ་སྒྲུབ་པའི་བསླབ་བྱར་སོང་བ་ཅིག་སྲིད་པར་འགྱུར་རོ། །ཞེ་ན་དབྱར་ནང་དུ་ནི་ལྟུང་བ་གླེང་པ་ཡང་མི་བྱ་ན། ནན་ཏུར་ལྟ་ཅི་སྨོས། དབྱར་ཁས་མ་བླངས་གོང་དེར་གསོ་སྦྱོང་བཞག་པའི་ནན་ཏུར་བྱས་ཟིན་པ་དག བཟོད་པ་མ་གསོལ་གོང་དུ་དབྱར་ཁས་ལེན་པ་དག་ནི་ངེས་པར་ཡོད་དེ། སྤོ་མགུ་སྤྱོད་པས་ཀྱང་ཁས་ལེན་ན་དང༌། བསྡིགས་སྨད་སོགས་ལ་གནས་པས་ཀྱང་དེར་ཁས་ལེན་ན་འདིས་ལྟ་ཅི་སྨོས་པའི་ཕྱིར་དང༌། དེ་འདྲ་དེ་དབྱར་དེར་འདུལ་བར་ཡང་འགྱུར་བའི་ཕྱིར། དེར་མ་དུལ་ན་གསོ་དགག་གཉིས་ཀ་བཞག་ཅིང༌། དེས་ཀྱང་མ་དུལ་ན་ཕུར་བཅས་ནན་ཏུར་གྱི་མིང་ཅན་དེས་བྱ་ལ། དེའི་གོ་བ་ཡང༌། གང་ཟག་འདི་ལ་ཉེས་པ་འདི་བྱུང་ཡོད་པས་སུ་འདོད་པས་གླེངས་ཤིག་ཅེས་ལྟུང་བ་བཀལ་ཞིང༌། ཉེས་པ་བསྟན་ཏེ་གཏོང་བའོ། །གཉིས་པོ་དེ་དུས་ནམ་གྱི་ཚེ་བྱ་ན། ཇི་སྐད་དུ། དགག་དབྱེའི་དུས་མ་ཡིན་པར་དེ་བཞག་པར་མི་བྱའོ། །གསོ་སྦྱོང་གི་དུས་མ་ཡིན་པར་ཡང་དེ་བཞག་པར་མི་བྱ་བ་ཉིད་དུ་བཤད་ལ། བཤད་པ་དེའི་ཚེ་གསོ་སྦྱོང་གི་དུས་རེ་རེ་ཞིང་སྐབས་མི་འབྱེད་པ་ལ་དེ་ལྟར་བྱེད་དགོས་པ་མ་ཡིན་ཏེ། བཟོད་པ་མི་གསོལ་ན་ལས་གཅིག་པོ་དེ་ཉིད་ཀྱིས་གསོ་སྦྱོང་ལན་གྲངས་དུ་མར་འཇོག་ནུས་པའི་ཕྱིར། དགག་དབྱེ་འཇོག་པ་ཞེས་པའི་མིང་ཅན་ལ་གཉིས་ཏེ། ཡུལ་དེ་ཉིད་ཀྱིས་དགག་དབྱེ་མི་བྱེད་པར་འཇོག་པ་དང༌། ཡུལ་དེ་འདྲ་དེ་ལ་དགེ་འདུན་གྱི་ཆད་པ་གཅོད་པའི་ལས་སོ། །དེའི་ཆད་པ་ནི། དགེ་འདུན་དང་ལྷན་ཅིག་ཏུ་ལས་ཉམས་སུ་མྱོང་བར་བྱར་མེད་པ་ཡིན་ལ། སྔ་མ་དེ་ལ་ནི་བཟོད་པ་གསོལ་མི་དགོས་པར་ལྟུང་བ་ཕྱིར་བཅོས་པ་ཉིད་ཀྱིས་དགེ་འདུན་གྱི་ལས་དེ་ལ་འཇུག་ཏུ་རུང་བའོ། །ཡུལ་རང་གིས་བཞག་པ་ལ་འཇོག་ལུགས་གཉིས་ཏེ། རིལ་གྱིས་བཞག་པ་དང༌། གཞིའམ་གང་ཟག་གང་རུང་རེ་རེ་བཞག་པའོ། །དགག་དབྱེ་བཞག་པ་འཆགས་མི་ཆགས་དང༌། དེ་དགེ་འདུན་གྱིས་ནོད་མི་ནོད་ཀྱི་རྣམ་དབྱེ་གསུངས་པ་དེ་ཡང་བཤད་མ་ཐག་པ་འདི་ཉིད་ཀྱི་དབང་དུ་བྱས་པ་ཡིན་གྱི། ནན་ཏུར་གྱི་དབང་དུ་བྱས་པ་མ་ཡིན་ལ། དེ་འཆགས་པའི་གོ་བ་ནི། ལྟུང་བ་གླེང་བའི་སྐབས་མ་ཕྱེ་བ་ཉིད་དགེ་འདུན་དང་མཐུན་པར་འཆགས་པ་ཡིན་ལ། དེ་འདྲ་དེས་དེའི་སྐབས་མ་ཕྱེ་ཡང་ནན་ཏུར་བྱ་བའི་རྟེན་གྱི་འོས་མ་ཡིན་ཞིང༌། དེ་གསོ་སྦྱོང་ལ་འཇུག་པའི་ཚེ་གླེང་དགོས་ན་སྐབས་འབྱེད་དུ་འཇུག་པའོ། །འོ་ན་འཇོག་པ་ཅི་ཞེ་ན། འཐབ་དཀྲོལ་དང་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པ་དང༌། ནད་པ་དལ་བ་དང༌། གནས་མ་ལ་ཕན་ཕུན་དུ་འགྱུར་བ་དང༌། ལུས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་སོགས་འབྱུང་བའི་ཚེ་ནའོ། །ནད་པས་དགག་དབྱེ་འཇོག་པ་དེ་མི་འཆགས་པར་བཤད་པ་ཅི་ཞེ་ན། འདི་ལ་གཉིས་ཏེ། དགག་དབྱེ་བྱེད་པ་པོ་ནད་པས་འཇོག་པ་དང༌། གང་ལ་བྱ་བའི་ཡུལ་ནད་པས་འཇོག་པའོ། །དང་པོ་ནི། ཁྱོད་ལ་དགེ་འདུན་གྱིས་དགག་དབྱེ་མི་བྱེད་ཅེས་འཇོག་པའོ། །གཉིས་པ་ནི། ཁོ་བོ་ལ་དགེ་འདུན་གྱིས་དགག་དབྱེ་མ་བྱ་ཤིག ཅེས་འཇོག་པའོ། །དེ་འདྲ་དེ་མི་འཆགས་པའི་རྒྱུ་མཚན་ནི། ཇི་སྲིད་ན་བའི་བར་དུ་ནི་དགག་དབྱེ་མ་བཞག་ཀྱང་གླེང་བྱ་གླེང་བྱེད་དུ་མི་རུང་ལ། ནད་ལས་གྲོལ་བའི་ཚེ་ནི་དགག་བྱ་གཞན་མེད་ན་དགག་དབྱེ་ངེས་པར་བྱེད་དགོས་པའི་ཕྱིར་རོ། །དགག་བྱ་དང་དགོས་པའི་དབང་གིས་དགག་དབྱེ་འཇོག་པ་འདི་ཡང༌། དགེ་འདུན་གྱིས་དགག་དབྱེའི་དུས་དེ་ཉིད་ཀྱི་ཚེ་ཡིན་གྱི། སྔ་རོལ་དུ་མ་ཡིན་ཏེ། དབྱར་ནང་དུ་རྩོད་པར་འགྱུར་བའི་ཕྱིར། ཕྱིས་ཀྱང་མ་ཡིན་ཏེ། དགག་དབྱེ་བརྗོད་པ་རྫོགས་ནས་དེ་མི་འཆགས་པའི་ཕྱིར། དེས་ན་དགག་དབྱེ་བྱེད་པ་པོར་བསྐོས་པ་དེས་དགེ་སློང་རེ་རེའི་མདུན་དུ་འདུག་པ་ན་བྱེད་པ་པོས་ཕར་འཇོག་པའམ་བྱ་བ་ཡུལ་གྱིས་ཆུར་འཇོག་པ་གང་རུང་ངོ༌། །དང་པོ་ནི། དེ་ན་བའི་རྐྱེན་གྱིས་དུ་མའམ་རེ་རེ་བའི་དགག་དབྱེ་གོ་བར་མ་བྱས་པའོ། །གཉིས་པ་ཡང་དེའི་རྐྱེན་གྱིས་དེ་ལྟར་མ་བྱས་པའོ། །དགག་དབྱེ་བྱེད་པ་ན་ནད་པས་ལས་ཀྱི་གནས་སུ་འདུ་བར་མི་ནུས་ན་འདུན་པ་དང་ཡོངས་དག་འབུལ་བ་ཉིད་བཤད་ཀྱི། ཕོ་ཉ་མངགས་ནས་དགག་དབྱེ་འཇོག་པར་བྱས་ཀྱང་དགེ་འདུན་གྱིས་མི་གནོད་ཅིང་མི་འཆགས་པའོ། །སྔ་མ་ཁ་ཅིག་གི་གསུང་ནས། ཁོ་ལྟུང་བ་གླེང་བའི་སྐབས་མི་འབྱེད་པ་ལ་དགེ་འདུན་གྱིས་དགག་དབྱེ་གཞག་ན་ཁོའི་འདོད་ཐོག་ཏུ་སོང་བས་ཆད་ལས་སུ་འགྱུར་བ་དཀའ་ཡང༌། ཚེ་དང་ལྡན་པ་ཁྱོད་ཀྱིས་དགག་དབྱེ་མ་བྱས་པས་མཚམས་ཀྱི་ཕྱི་རོལ་དུ་མ་འགྲོ་ཤིག དེ་མ་བྱས་པས་དབྱར་གྱི་རྙེད་པ་བགོ་བར་ཡང་མི་དབང་ངོ༌། །ཞེས་འདོམས་པར་འཆད་པ་དག་ཀྱང་ཡོད་དོ། །གཉིས་པ་སྤྲོ་བ་མཐོལ་བཤགས་ལ་སོགས་པའི་ཕྱིར་བཅོས་ལ། མཐོལ་བ་དང་བཤགས་པ་སོགས་ཀྱི་རྣམ་པར་བཞག་པ་གཉིས་ལས་དང་པོ་ནི། ཇི་སྐད་དུ། ལྟུང་བ་བཅབ་པར་མི་བྱའོ། །ཞེས་སོགས་ཀྱིས་འཆད་ལ། འདི་ལ་ལྔ་སྟེ། ཡུལ་གང་ལ་མཐོལ་བ་དང༌། གང་ཟག་གང་གིས་དང༌། བསམ་པ་དང༌། ཆོ་ག་དང༌། དགོས་པའོ། །དང་པོ་ལ། གསུམ་སྟེ། བསྒོ་གྱུར་འཐོལ་བའི་ཡུལ་དང༌། སོར་བཤགས་འཐོལ་བའི་དང༌། དེ་ལས་གཞན་པའི་འོ། །དང་པོ་ནི། མཚམས་དེར་རྟོགས་ཀྱི་ཡུལ་ཆོས་དགུ་དང་ལྡན་པ་ཐམས་ཅད་ལའོ། །གཉིས་པ་ནི། དགུ་དང་ལྡན་པའི་གནས་ཁང་དེར་གཏོགས་རྣམས་ལའོ། །གསུམ་པ་ནི། ཆོས་དགུ་ལྡན་གཅིག་གིས་ཀྱང་ཆོག་པའོ། །དགུ་ནི། རྫོགས་པའི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། མཚམས་ཀྱིས་ནང་ན་གནས་པ། གཟུགས་གཞན་དུ་མ་སྒྱུར་བ། རང་བཞིན་དུ་གནས་པ། ཆོས་གཞན་གྱི་ཕྱོགས་སུ་མ་སོང་བ། རང་ལས་རྒྱུ་ཐ་དད་པའོ། །གཉིས་པ་གང་གིས་མཐོལ་བ་ནི་ཆོས་དྲུག་ལྡན་ཏེ། རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལྟུང་བ་དྲན་ནུས་པ། གནས་ནས་མ་ཕྱུང་བ། བསམ་པ་རང་བཞིན་དུ་གནས་པ། སྔར་ཉེས་པ་དེ་མཐོལ་མ་ཟིན་པ། གཟུགས་གཞན་དུ་མ་སྒྱུར་བའོ། །བསམ་པ་ནི་གཉིས་ཏེ། འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་ལ་ངེས་འབྱུང་གི་དང༌། ཞེ་ཐག་པ་ནས་མཐོལ་བ་དང༌། སྔ་མ་ལ་འགྱོད་ཅིང༌། ཕྱི་མ་སྡོམ་པའི་བསམ་པས་སོ། །ཆོ་ག་ལ་གཉིས་ཏེ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། ལྟ་བ་མི་མཐུན་པ་དང༌། གནས་ནས་ཕྱུང་བ་ལ་ནི་མཐོལ་བར་མི་འགྱུར་ཏེ། དེ་དག་ཆོས་འདི་པར་མ་འདུས་པའི་ཕྱིར་དང༌། དེ་དག་ལ་ལྟུང་བ་བཤགས་པས་བཤགས་པའི་གོ་མི་ཆོད་པའི་ཕྱིར། ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ་ཞེས་པ་དེ་ནི། འཆབ་ཉེས་མཐོལ་བའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེ་ལ་གོ་བར་བྱེད་ན་ཕྱིས་འཆབ་ཉེས་མི་འབྱུང་ཞེས་སྟོན་པའི་ཕྱིར། འཆབ་ཉེས་བྱུང་ཟིན་མཐོལ་བའི་ཡུལ་ནི། རྫོགས་པའི་སྡོམ་པ་དང་ལྡན་པ་སོགས་ཆོས་དགུ་པོའི་སྟེང་དུ་ལྟུང་བ་ནང་མི་མཐུན་པ་སྟེ། དེ་དག་ལས་གང་ཡང་རུང་བ་མ་ཚང་ན་མཐོལ་བར་མི་འགྱུར་རོ། །འདི་ལ་རྒྱ་ན་རེ། བཅབས་པའི་ཉེས་པ་བྱུང་ཟིན་མཐོལ་བས་འདག་པ་མ་ཡིན་ཏེ། བམ་ལྔ་ལས། མཐོལ་བ་མིང་ལ་ཡོད་པ་སྟེ་མིང་མི་འཕེལ་བར་བྱེད་པ་ཡིན་ལ། བཤགས་པ་རིགས་ལ་ཡོད་པ་སྟེ་ལྟུང་བའི་ཐོབ་པ་ཐག་གཅོད་པའོ། །ཞེས་གསུང་ཤིང༌། འགྲེལ་པ་ལས་ཀྱང༌། ལྟུང་བ་གཞན་ལ་ཡང་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱའོ། །ཞེས་འབྱུང་བའི་ཕྱིར། ཞེས་ཟེར། བྱ་ན་རེ། དེ་ནི་མ་ཡིན་ཏེ། མཐོལ་བ་མིང་ལ་ཡོད་པ་དང༌། བཤགས་པ་རིགས་ལ་ཡོད་པའི་གོ་དོན་ནི། ཡུལ་མཚན་ཉིད་དང་ལྡན་པ་ལ་ཆོ་ག་མཚན་ཉིད་དང་ལྡན་པས་མཐོལ་བའི་ཆོ་ག་བྱས་པ་དེ་ཉིད་ཀྱིས་འཕེལ་བ་རྒྱུན་གཅོད་པ་ལ་ནི་མིང་ཞེས་བྱ། ཡང་དངོས་ཀྱི་ཉེས་པ་དེའི་རིགས་ཀྱི་ཉེས་པ་ཐམས་ཅད་ཀྱི་དག་བྱེད་དུ་འདུག་པ་ལ་ནི་རིགས་ལ་ཡོད་པ་ཞེས་ཟེར་བའི་ཕྱིར། གཞན་དུ་མཐོལ་བའི་ཆོ་ག་མཚན་ཉིད་དང་ལྡན་པས་འཆབ་ཉེས་མི་འདག་ན། སྤོ་བ་སྤྱད་པས་ལྷག་མའི་འཆབ་ཉེས་མི་འདག་པར་འགྱུར་ཏེ། འཆབ་ཉེས་དག་བྱེད་དེ་ཡང་ལྷག་མ་དངོས་ཀྱི་དག་བྱེད་དང་དུས་གཅིག་ཏུ་འབྱུང་དགོས་པར་མཚུངས་པའི་ཕྱིར། གཞན་ཡང་ལྟུང་བ་གཅིག་ཉིད་ཡུན་རིང་པོར་བཅབས་པ་ན། འཆབས་པའི་ཉེས་པ་ཕྲུགས་ཐ་དད་པ་དུ་མ་བྱུང་བས། དེ་དག་ཐམས་ཅད་ཀྱི་ཕྱིར་བཅོས་ཀྱང་ཐ་དད་དུ་དགོས་ན་ཧ་ཅང་ཐལ་བར་འགྱུར་བས་སོ། །ཞེས་གསུང་ངོ༌། །བསྒོ་བ་ལས་གྱུར་པ་ནི། མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་ཀྱིས་བཟློག་ཀྱང་མ་ཉན་པ་ཡིན་པས་ཐམས་ཅད་ལ་མཐོལ་དགོས་པར་བཅས་ཤིང༌། སོ་སོར་བཤགས་པ་ནི་ཟས་ལ་འདུལ་བ་ལས་གྱུར་པ་ཡིན་པས་གནས་ཁང་དེར་ཚོགས་པ་ལ་མཐོལ་དགོས་པར་བཅས་སོ། །དེའི་ཕྱིར་བསྒོ་གྱུར་དང་སོར་བཤགས་གཉིས་ལ་ནི། འཆབས་ཉེས་དག་བྱེད་ཀྱི་མཐོལ་བ་དང༌། རང་གི་ངོ་བོ་འདག་བྱེད་ཀྱི་བཤགས་པ་སོ་སོར་དགོས་པས། ཇི་སྐད་དུ། ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཞེས་སོགས་བཤད་པ་དེར་སྤྱིར་འཆབ་མེད་དང༌། བྱེ་བྲག་བསྒོ་གྱུར་དང་སོར་བཤགས་འཆབ་བཅས་མ་ཡིན་པའི་དབང་དུ་བྱས་པར་འཆད་དགོས་སོ། །གཉིས་པ་བཤགས་པའི་ཕྱིར་བཅོས་ལ། གཉིས་ཏེ། ལྟུང་བ་གཞན་བཤགས་པས་ཕྱིར་བཅོས་པ་དང༌། ལྷག་མའི་དངོས་གཞི་དབྱུང་བས་ཕྱིར་བཅོས་པའོ། །དང་པོ་ལ་ལྔ་སྟེ། ཡུལ་གང་ལ་བཤགས་པ་དང༌། གང་ཟག་གང་གིས་དང༌། བསམ་པ་ཇི་ལྟ་བུས་དང༌། ཆོ་ག་དང༌། དགོས་པའོ། །ཡུལ་ལ་ཡང་བཞི་སྟེ། ཕམ་པའི་སྦོམ་པོ་ལྕི་བའི་བཤགས་ཡུལ་དང༌། ཡང་བའི་དང༌། ལྷག་མའི་སྦོམ་པོ་ལྕི་བའི་དང༌། དེ་ལས་གཞན་པ་མཐའ་དག་གི་བཤགས་ཡུལ་ལོ། །དང་པོ་ནི། ཆོས་བཅུ་དང་ལྡན་པའི་དགེ་སློང་དྲུག་ཡན་ཆད། མཚམས་ཀྱི་ཕྱི་ནང་གང་དུ་ཡང་སོ་སོར་མ་བཅད་པ་དག་གོ །གཉིས་པ་ནི། བཞི་ཡན་ཆད་དོ། །གསུམ་པ་ནི་མཚམས་ཀྱི་ནང་དུ་སོ་སོར་མ་བཅད་པ་ལྔ་ཡན་ཆད་ཡིན་ལ། ཕྱི་རོལ་དུ་ནི་བཅད་ཀྱང་རུང་བའོ། །ཡུལ་བཞི་པ་ནི། ཆོས་བཅུ་དང་ལྡན་པ་གཅིག་གི་མདུན་དུ་ཡང་རུང་བའོ། །ཆོས་བཅུ་ནི། མཐོལ་ཡུལ་དགུའི་སྟེང་དུ་ལྟུང་བའི་རིགས་མི་མཐུན་པ་དང་བཅས་པའོ། །གང་ཟག་ནི་ཁྱད་པར་བདུན་ལྡན་ཏེ། མཐོལ་བའི་སྐབས་དང་ཕལ་ཆེར་འདྲ་བ་ལ། འཆབ་པའི་ཉེས་པ་དང་མི་ལྡན་པའོ། །བསམ་པ་ནི་མྱང་ངན་ལས་འདས་པའི་དང༌། འགྱོད་སྡོམ་གྱི་དང༌། བསམ་པ་ཐག་པ་ནས་བཤགས་པར་འདོད་པའོ། །ཆོ་ག་ནི་གཉིས་ཏེ། མཐོལ་བ་སྔོན་དུ་སོང་བ་དང༌། མཐོལ་བཤགས་དུས་གཅིག་པའོ། །དང་པོ་ནི། ལྟུང་བྱེད་འབའ་ཞིག་པ་ཚུན་ཆད་ཡིན་ཀྱང༌། བསྒོ་གྱུར་དང་སོ་སོར་བཤགས་པ་དག་ཡིན་ལ། གཉིས་པ་ནི་དེ་ཚུན་ཆད་ཀྱི་དེ་ལས་གཞན་པ་རྣམས་སོ། །དགོས་པ་ནི། ལྟུང་བ་དག་པ་དང་རྣམ་སྨིན་འབྱིན་པ་ཐག་སྲིང་བའོ། །སྐབས་འདིར་རྒྱ་དང་བྱའི་རྒལ་ལན་འདི་ལྟར་འབྱུང་སྟེ། རྒྱ་ན་རེ། ལྟུང་བ་སྡེ་ལྔ་ནི་བཅས་པ་ཡིན་ཏེ། ཁྱིམ་པ་ལ་མི་འབྱུང་བའི་ཕྱིར། དེ་ལ་ཡང་ཁ་ཅིག་ནི་བཅས་པ་ཁོ་ན་ཡིན་ཏེ། ས་རྐོ་བ་སོགས་ལྟ་བུའོ། །ཁ་ཅིག་ནི་རང་བཞིན་གྱི་སྟེང་དུ་བཅས་པ་བསྣན་པ་ཡིན་ཏེ། སྲོག་གཅོད་ཀྱི་ཕམ་པ་ལྟ་བུའོ། །བཅས་པ་ནི་ཆད་པའི་ལས་ཡིན་ཏེ། དེ་ཡང་ཚེ་འདིའི་འོ། །དེ་ན་བཤགས་པ་བྱས་པས་ནི་ལྟུང་བ་རྩ་བ་ནས་དག་སྟེ་ལུས་པ་མེད་དོ། །གལ་ཏེ་འགྱོད་སྡོམ་གྱི་བསམ་པ་མེད་དུ་ཟིན་ཀྱང༌། ཚེ་འདིའི་ཆད་ལས་དེ་ཉིད་ཚེ་འདིར་དག་པ་ཡིན་ནོ། །མ་འོངས་པའི་རྣམ་པར་སྨིན་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ལས་བྱུང་ལ། བཅས་པའི་ཁ་ན་མ་ཐོ་བ་རྣམས་ལ། ཁྱད་གསོད་དང༌། མ་གུས་པ་དང༌། ཞེ་སྡང་གིས་ས་རྐོ་བ་ལྟ་བུ། དེ་ཉིད་ལ་ཡང་ལྟུང་བ་གཉིས་སུ་འགྱུར་ཏེ། ས་རྐོ་བ་དང་ཞེ་སྡང་གི་ཉེས་པའོ། །ཞེ་སྡང་གི་ཉེས་པ་དེ་ནི་སྔ་མ་བཞིན་དུ་བཤགས་པས་འདག་ལ། རྣམ་སྨིན་ནི་སྔ་མ་ལ་འགྱོད་པ་དང་ཕྱིན་ཆད་སྡོམ་པའི་བསམ་པས་བཤགས་ན་བསྲབས་པ་དང་འདག་པ་སྲིད་དོ་ཞེས་གསུངས། བྱ་ན་རེ། འདི་ལྟར་དཔྱད་པར་བྱ་སྟེ། ལྟུང་བ་ནི་ཚེ་འདིའི་ཆད་པ་ཁོ་ན་ཡིན་ལ། དེ་ཡང་ཕྱིར་བཅོས་ཁོ་ན་ཡིན་པ་མི་འཐད་དེ་རང་དང་གཞན་གྱིས་ལྟུང་བར་མ་ཤེས་པའི་ཚེ་ཕྱིར་བཅོས་མེད་པས་ལྟུང་བ་མ་ཡིན་པར་འགྱུར་རོ། །གཞན་ཀྱང་འགྱོད་སྡོམ་གྱི་བསམ་པ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་བར་བསྟན་པ་དང་འགལ་ལོ། །བཅས་པའི་ཁ་ན་མ་ཐོ་བ་ལས་རྣམ་སྨིན་མི་འབྱུང་བའང་མི་འཐད་དེ། སྡིག་པ་དང་འདྲེས་པ་མི་སྲིད་པར་ཐལ་བས་སོ། །བཤགས་པ་བྱས་པས་རྣམ་སྨིན་འདག་མི་འདག་ནི། བྱེ་བྲག་ཏུ་སྨྲ་བའི་འདོད་པས་ནི། ལྟུང་བ་ནི་སྒོམ་སྤང་ཡིན་པས་བཤགས་པ་བྱས་པས་མ་འོངས་པ་སྐྱེ་བའི་རྒྱུན་གཅོད་ཀྱི། རྣམ་སྨིན་དག་པར་མི་འགྱུར་ཏེ། །ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བར་རབ་ཏུ་གནས། །ཞེས་འབྱུང་བའི་ཕྱིར། ཞེས་འདོད། སྔ་རབས་པ་ནི། འགྱོད་སྡོམ་དྲག་པོ་དང་གཉེན་པོ་སྟོབས་ལྡན་བྱུང་ན་རྣམ་པར་སྨིན་པ་ཡང་དག་པར་འགྱུར་བ་ཡོད་དེ། མདོ་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་ཟད་པར་འགྱུར། །ཞེས་གསུངས་པས་སོ། །དེས་ན་ལྟུང་བ་བཤགས་པས་འདག་པ་དང་མི་འདག་པའི་བྱེ་བྲག་ནི་དེ་མ་ཡིན་ནོ། །ཞེས་འཆད་དོ། །བཤགས་པའི་སྐབས་འདིར། ཇི་སྐད་དུ། དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལའོ། །ཞེས་གསུངས། དེའི་དོན་ལ་ཁ་ཅིག་ན་རེ། བསྙེན་པར་མ་རྫོགས་པ་གཅིག་ལ་ཡང་བཤགས་པས་འདག་པ་ཡིན་ནོ། །ཞེས་ཟེར། དེ་ནི་མ་ཡིན་ཏེ། འགྲེལ་པ་ལས། སྔར་བསྟན་པའི་བྱེ་བྲག་དང་ལྡན་པ་དེ་གཅིག་པུ། ཞེས་གསུངས་པས། གོང་གིས་བསྙེན་པར་རྫོགས་པ་དང་བཅས་པ་སོགས་བསྡུ་བའི་ཕྱིར། དེ་ལྟར་འབའ་ཞིག་པ་ཚུན་ཆད་ཀྱི་ཕྱིར་འཆོས་ཚུལ་བཤད་ནས། སྤང་ལྟུང་དང་ལྷག་མ་སོགས་ཀྱི་ཕྱིར་ཆོས་ཚུལ་བཤད་པ་ལ། དང་པོ་ནི། ཇི་སྐད་དུ། སྤངས་པ་ལ་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་ནས་སོ། །ཞེས་པས་འཆད་ལ། ལྷག་མའི་ཕྱིར་འཆོས་ཚུལ་ནི། དགེ་འདུན་ལྷག་མ་ལ་ནི། ཞེས་སོགས་ཀྱིས་འཆད་ལ། དེ་ཡང་འཆབ་བཅས་ཡིན་ན་སྤོ་བ་དང༌། འཆབ་མེད་ཡིན་ན་དབྱུང་བས་དག་པར་བྱེད་ཅིང༌། དེའི་སྔོན་དུ་མགུ་བ་སྦྱིན་ནས་སྤྱད་པ་འགྲོ་དགོས་སོ། །དང་པོ་སྤོ་བ་ལ་གཉིས་ཏེ། སྦྱིན་པ་དང་སྤྱད་པའོ། །དང་པོ་ལ་བདུན་ཏེ། ཡུལ་གང་གིས་སྦྱིན་པ། རྟེན་གང་ལ་དང༌། བསམ་པ་ཇི་ལྟ་བུས་དང༌། དུས་ཇི་སྲིད་དུ་དང༌། ཆོ་ག་གང་གིས་དང༌། དགོས་པ་ཅིའི་ཕྱིར་དུ་དང༌། སྒྲ་བཤད་པའོ། །དང་པོ་ནི། དགེ་འདུན་ཁྱད་པར་གསུམ་ལྡན་ཏེ། གྲངས་ཚང་བ་དང༌། མཚན་ཉིད་ཚང་བ་དང༌། མི་མཐུན་པ་མེད་པའོ། །གཉིས་པ་ནི་ཆོས་བརྒྱད་དང་ལྡན་པ་སྟེ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། ལྟུང་བ་ལེགས་པར་དྲན་ནུས་པ་དང༌། གནས་ནས་མ་ཕྱུང་བ་དང༌། བསམ་པ་རང་བཞིན་དུ་གནས་པ་དང༌། ཚོགས་སུ་མ་ལོངས་པ་དང༌། འཆབས་པའི་ཉེས་པ་དང་ལྡན་པ་དང༌། གཟུགས་གཞན་དུ་མ་སྒྱུར་བ་དང༌། གང་ཟག་དམན་པ་ཡིན་པ་ཅིག་ཀྱང་དགོས་ཏེ། གང་ཟག་ཁྱད་པར་ཅན་གྱིས་ནི་སྤོ་མགུ་སྤྱད་མི་དགོས་ཏེ། ཇི་སྐད་དུ། ངོ་ཚ་དང་ལྡན་པ་དང༌། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་འཛིན་པ་དང༌། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་འདག་གོ །ཞེས་གསུངས་སོ། །བསམ་པ་ནི་སྔ་མ་དག་དང་འདྲ་བའོ། །དུས་ནི་ཇི་སྲིད་བཅབ་པ་དེ་སྲིད་དུའོ། །ཆོ་ག་ནི་སྦྱོར་བ་གསོལ་བ་གདབ་པ་སྔོན་དུ་བཏང་ནས། དངོས་ནི་གསོལ་བ་དང་བཞིའི་ལས་ཀྱིས། སྤོ་བའམ། གཞི་ནས་སྤོ་བའམ། ཡང་གཞི་ནས་སླང་པའི་སྤོ་བ་གསུམ་པོ་གང་རུང་སྟེར་བའོ། །དེ་ལྟར་གསུམ་དུ་དབྱེ་བའི་རྒྱུ་མཚན་ནི། སྤོ་བ་སྤྱོད་བཞིན་པ་ན་ལྷག་མ་རིགས་འདྲ་གཉིས་པ་བྱུང་བའི་ཚེ་དང༌། གཞི་སྤོ་སྤྱོད་བཞིན་པ་ན་རིགས་འདྲ་གསུམ་པ་བྱུང་ན་ཡང་སྤོ་ནོད་དགོས་པ་སྟེ། མགུ་བའང་དེ་དང་འདྲའོ། །དགོས་པ་ནི་སྤོ་བ་སྤྱད་པའི་དོན་དུ་ཡིན་ལ་དེའི་ཡང་དགོས་པ་ནི་འཆབ་ཉེས་འདག་པའོ། །སྒྲ་བཤད་པ་ནི་དམན་པའི་སར་སྤོ་བའོ། །གཉིས་པ་མགུ་བ་ལ། སྦྱིན་པ་དང་སྤྱད་པའོ། །དང་པོ་ནི་བདུན་ཏེ། ཡུལ་གང་གིས་དང༌། རྟེན་གང་ལ་དང༌། བསམ་པ་ཇི་ལྟ་བུས་སོགས་སྔ་མ་དང་འདྲ་བ་ལ། འདིར་རྟེན་ནི་འཆབ་ཉེས་དང་མི་ལྡན་པའོ། །དུས་ནི་དགེ་སློང་མས་ཟླ་བ་ཕྱེད་དང༌། དགེ་སློང་གི་ཞག་དྲུག་ནོད་པའོ། །ཆོ་ག་ནི་གསོལ་གདབ་སྔོན་དུ་བཏང་ནས། དངོས་གཞིའི་མགུ་བ་གསུམ་པོ་གང་རུང་སྦྱིན་པའོ། །སྔ་མ་རྣམས་མགུ་བ་སྦྱིན་པ་བཅུ་གཉིས་སུ་འཆད་དེ། སྤོ་སྤྱད་གསུམ་ལ་རེ་རེ་ཞིང་མགུ་བ་གསུམ་གསུམ་སྦྱིན་པ་དང༌། སྤོ་བ་མ་སྤྱད་པ་ལ་གསུམ་སྦྱིན་པའོ། །དགོས་པ་ནི་དབྱུང་བ་འཆགས་པའི་དོན་དུའོ། །སྤོ་མགུ་གཉིས་པོ་སྤྱད་པའི་ཚུལ་ནི། གཞུང་ན་གསལ་བའི་དམན་སྤྱོད་ལྔ་དང་དུ་ལེན་པ་དང༌། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བའོ། །དེ་ལྟར་སྤོ་མགུ་སྔོན་དུ་སོང་ནས། དབྱུང་བ་ལ། སྤྱད་པ་ཞེས་བྱ་བ་ནི་མེད་ལ། སྦྱིན་པའི་ཚུལ་ནི་བདུན་ཏེ། ཡུལ་གང་གིས་དང༌། རྟེན་གང་ལ་སོགས་སོ། །དང་པོ་ནི། སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་གྲངས་ཉི་ཤུའམ་བཞི་བཅུ་ཚང་བ་དང༌། མཚན་ཉིད་ཚང་ཞིང༌། མི་མཐུན་པ་མེད་པའོ། །གང་ཟག་ནི་མགུ་བ་སྤྱད་པ་སྔོན་དུ་སོང་བའོ། །བསམ་པ་ནི་སྔ་མ་དང་འདྲའོ། །ཆོ་ག་ནི། གསོལ་བ་བཏབ་པ་སྔོན་དུ་བཏང་ནས། གསོལ་བ་དང་བཞིའི་ལས་བསྡིགས་པ་དང་བཅས་པའོ། །སྔ་མ་རྣམས་དབྱུང་བ་སྦྱིན་པ་བཅུ་གཉིས་སུ་འཆད་དེ། སྔ་མའི་རིགས་པས་ཤེས་སོ། །མཇུག་གཟེངས་བསྟོད་ཅིང་ཡིད་རང་བར་བྱེད་པའོ། །དེ་ལྟར་ལྷག་མ་ཕྱིར་བཅོས་པའི་ཚུལ་བཤད་ཟིན་ནས། ཕམ་པའི་ཕྱིར་བཅོས་ཚུལ་ལ། སྦྱོར་བ་སྦོམ་པོའི་བཅོས་ཚུལ་ནི་གོང་དུ་བཤད་ཟིན་པ་ཡིན་ཏེ། མཚམས་ནང་དེའི་དགེ་སློང་དྲུག་ཡན་ཆད་ལ་བཤགས་པ་ཙམ་གྱིས་འདག་པ་རེ་བཤད་ཟིན་པས་སོ། །དངོས་གཞི་ལ་འཆབ་བཅས་དང་འཆབ་མེད་གཉིས་ལས། དང་པོ་ནི། ཚུལ་ཁྲིམས་འཆལ་པ་གཙུག་ལག་ཁང་ནས་བསྐྲད་པར་གསུངས་པ་ཡིན་ཏེ། ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ། །ཞེས་པས་སོ། །འདི་དང་གནས་ཕྱུང་གི་གནས་ནས་ཕྱུང་ཚུལ་གྱི་ཁྱད་པར་ནི། གནས་ཕྱུང་ལ་ནི་གྲོགས་ཡོད་དམ་མེད་ཀྱང་གཙུག་ལག་ཁང་ལོགས་ཤིག་ཏུ་འཇོག་པ་ཡིན་ལ། འདི་ནི་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་བཞག་པའོ། །འོ་ན་ཁྱིམ་པ་དང་ཁྱད་མེད་དུ་དོར་བར་བྱའམ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ན་ལྟ་ཅི་སྨོས། མ་ཡིན་ནའང་རབ་ཏུ་བྱུང་བ་ཉིད་ལ་གནས་པ་དེ་ཡལ་བར་དོར་བར་མི་བྱ་སྟེ། དེས་དེ་ཡལ་བར་མི་དོར་རོ། །ཞེས་བཤད་པས་སོ། །འདི་བསྐྲད་པ་ལ་ཡང་དགེ་འདུན་ཐམས་ཅད་མཐུན་དགོས་པ་ཡིན་ཏེ། གཱཎྜི་བརྡུངས་ནས་སྐྲོད་དགོས་པའི་ཕྱིར་དང༌། གཞན་དུ་ན་བྱེ་འགྱུར་གྱི་དགག་བྱ་ཡོད་པའི་ཕྱིར། དེ་ལ་བསམས་ནས། འདི་ལ་དགེ་འདུན་དབང་ངོ༌། །ཞེས་བཤད། དེ་འདྲ་སྡེ་སྣོད་འཛིན་པ་ཡིན་ན་དགེ་འདུན་གྱི་གནས་ལོངས་ལྷན་ཅིག་ཏུ་མི་སྤྱོད་ཀྱང༌། གནས་ཁང་དང༌། ཟས་དང༌། ཆོས་ཉན་པ་སྦྱིན་པ་སོགས་ཀྱི་སྒོ་ནས་རྗེས་སུ་བཟུང་བར་བྱའོ། །གནས་ཕྱུང་སྡེ་སྣོད་འཛིན་པ་ལ་ནི། བཟོད་པ་གསོལ་བའི་དུས་དེར་མ་བླངས་ན། དེ་ནས་བཟུང་སྟེ་གནས་དང་ཆོས་ཀྱི་རྙེད་པའི་རིན་ཐང་རྩིས་ནས་ཚང་ན་དགེ་འདུན་ལ་ཕམ་པར་གསུངས་པས་ན་སྡེ་སྣོད་འཛིན་པ་ལ་གཅེས་སྤྲས་སུ་བྱའོ། །གཉིས་པ་འཆབ་མེད་ཀྱི་ཕྱིར་བཅོས་ནི། ཆད་པའི་ལས་ཀྱིས་བསླབ་པ་སྦྱིན་ནས་སྤྱོད་པ་ཞེས་བྱ་བ་དེ་ཡིན་ལ། འདི་ལ་གཉིས་ཏེ། སྦྱིན་པ་དང་སྤྱད་པའོ། །དང་པོ་ལ་དྲུག་སྟེ། ཡུལ་གང་གིས་དང༌། རྟེན་གང་ལ་དང༌། བསམ་པ་ཇི་ལྟ་བུས་དང༌། དུས་ཇི་སྲིད་དུ་དང༌། ཆོ་ག་གང་གིས་སྦྱིན་པ་དང༌། དགོས་པའོ། །དང་པོ་ནི་སྤོ་མགུ་སོགས་དང་འདྲའོ། །རྟེན་ནི་ཆོས་བརྒྱད་ལྡན་ཏེ། རྫོགས་པའི་སྡོམ་པ་གསོར་རུང་དང་ལྡན་པ། ལྟུང་བ་ལ་ལེགས་པར་དྲན་ནུས་པ། གནས་ནས་མ་ཕྱུང་བ། བསམ་པ་རང་བཞིན་དུ་གནས་པ། ཚོགས་སུ་མ་ལོངས་པ། སྔར་བསླབ་པ་བྱིན་ཆགས་མ་ཡིན་པ། གཟུགས་གཞན་དུ་མ་སྒྱུར་བ། འཆབ་སེམས་སྐད་ཅིག་ཀྱང་མ་སྐྱེས་པའོ། །ཕམ་ལྷག་གི་འཆབ་པ་ལ། སྐད་ཅིག་དང་ཉིན་ཞག་གི་ཁྱད་པར་དེ་ཅི་ཞེ་ན། ལྷག་མའི་འཆབ་པ་དག་བྱེད་དུ་སྤོ་བ་སྤྱད་དགོས་ལ། ཕམ་པའི་འཆབ་པ་ལ་ནི་དག་བྱེད་མ་བཅས་པའི་རྒྱུ་མཚན་གྱིས་སོ། །འདིར་འཆབ་སེམས་ནི་ལྟུང་བར་མི་འཇོག་སྟེ། ལུས་ངག་གི་ལས་མ་ཡིན་པའི་ཕྱིར། དེ་བས་ན་འཆབ་ཉེས་ནི་སེམས་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་སོ། །ལས་དེ་ལའང་གང་གིས་ཉེས་པར་བྱེད་པའི་རིག་བྱེད་དང༌། གང་ཉེས་པར་བྱས་པའི་ངོ་བོ། རིག་བྱེད་མ་ཡིན་པའོ། །བསམ་པ་ནི། འདུ་ཤེས་མ་འཁྲུལ་བ་དང༌། ཞེ་ཐག་པ་ནས་བསླབ་པ་དེ་ནོད་པར་འདོད་པའོ། །དུས་ནི་ཇི་སྲིད་འཚོའི་བར་དུའོ། །ཁ་ཅིག་དགྲ་བཅོམ་མ་ཐོབ་ཀྱི་བར་དུ་ཞེས་ཟེར་བ་ནི། དེ་འདྲ་དེ་རང་བཞིན་དུ་གནས་པར་སོང་བའི་དུས་ཡིན་གྱི། བསླབ་པ་ནོད་པའི་དུས་སུ་མ་བཤད་པས་མི་འཐད་དོ། །ཆོ་ག་ལ་གཉིས་ཏེ། སྦྱོར་བ་གསོལ་བ་གདབ་པ་སྔོན་དུ་བཏང་བ་དང༌། དངོས་གཞི་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པའོ། །དགོས་པ་ནི་བསླབ་པ་སྤྱད་པ་འཆགས་པའི་དོན་དུའོ། །སྤྱད་པ་དེའི་ཡང་དགོས་པ་ནི། ཕམ་པའི་ཆད་ལས་ཉམས་སུ་བླངས་པས་ཕམ་པ་ཙམ་འདག་པར་འགྱུར་བའོ། །དེའི་ཡང་དགོས་པ་ནི་ཚེ་དེ་ཉིད་ལ་དགྲ་བཅོམ་པ་འཐོབ་རུང་དུ་བྱས་པའོ། །དེ་ལྟར་སྤྱད་པས་དགེ་སྦྱོང་ཚུལ་གྱི་འབྲས་བུ་མངོན་དུ་མ་བྱས་ཀྱང༌། ཕམ་པ་དང་བཅས་བཞིན་དུ་དུས་བྱེད་པ་ཞེས་མི་བྱ་སྟེ། དེའི་རྣམ་སྨིན་རྒྱང་བསྲིངས་པས་མངོན་མཐོའི་སྐལ་བ་ཡོད་པའི་ཕྱིར་དང༌། ལྟུང་བའི་ངོ་བོ་ནི་ཚེ་འཕོས་པས་གཏོང་བའི་ཕྱིར། འོ་ན་ཕམ་པ་ལས་དེའི་འཆབ་ཉེས་ལྕི་བར་འགྱུར་ཏེ། དེ་ལ་དག་བྱེད་མ་བཤད་པའི་ཕྱིར་ཞེ་ན། ལྟུང་བ་རང་གི་ལྡོག་པ་ནས་ལྕི་བ་མ་ཡིན་ཀྱང༌། ཀུན་སློང་གཉིས་ལས་རྣམ་སྨིན་འབྱིན་པ་ལ་ཕྱི་མ་དབང་བཙན་པ་ཡིན་ཏེ། དེས་ཕམ་པ་ཙམ་གྱི་ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་རྒྱུན་ལྡན་དུ་བྱེད་ལ། ཉོན་མོངས་དེ་དང་མཚུངས་པར་ལྡན་པའི་འཆབ་སེམས་ཀྱིས་རྣམ་པར་སྨིན་པ་ལ་མངོན་དུ་ཕྱོགས་པས་ན་བསླབ་པ་སྤྱད་པ་ཙམ་གྱིས་རྣམ་སྨིན་ཐག་བསྲིང་བར་མི་ནུས་པའི་ཕྱིར་ཞེས་དགོངས་སོ། །ལྷག་མའི་འཆབ་ཉེས་ལ་ཡང་དེ་དང་འདྲ་སྟེ། རང་གི་ངོ་བོ་མགུ་བས་འདག་ཀྱང༌། འཆབ་ཉེས་དག་བྱེད་དུ་སྤོ་བ་དགོས་པས་བཅབས་པའི་ཞག་གྲངས་དང་མཉམ་པའི་ཆད་ལས་འཁུར་དགོས་པའི་ཕྱིར། གཉིས་པ་དེ་སྤྱོད་པའི་ཚུལ་ནི། དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པ་དང༌། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བའོ། །བཅུ་པོ་འདི་ནི་ས་གཞན་ན་གནས་པ་དག་གིས་སྤྱོད་པའི་བྱ་བ་སྤྱིར་བཏང་ཡིན་ལ། སོ་སོར་ཕྱེ་ན་སྤོ་མགུ་སྤྱོད་པ་དྲུག་དང༌། བསླབ་པ་བྱིན་པ་དང༌། ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པ་སྟེ་བརྒྱད་པོ་འདིས་ནི་དགག་སྒྲུབ་ཀྱི་བསླབ་བྱ་བཅུ་ཀ་ལ་སྤྱོད་པས། ས་གཞན་ན་གནས་པ་ཆེན་པོ་ཞེས་པའི་མིང་གིས་འདོགས་ལ། བརྒྱད་པོ་དེའི་ནང་ནས་སྤོ་མགུ་སྤྱོད་པ་དྲུག་ནི་ཕོངས་པའི་ཚེ་སོ་སོར་ཐར་པའི་མདོ་འདོན་པ་པོར་རུང་ལ། དེའི་རིགས་པས་ཁ་སྐོང་དུ་རུང་བ་གཞན་མེད་ན་ལས་གཞན་བྱེད་པ་པོར་ཡང་རུང་བ་ཉིད་དུ་ལྟ་སྟེ། གསོལ་བའི་ལས་བྱེད་པ་པོར་རུང་ལ། གཞན་གཉིས་མི་རུང་བའི་རྣམ་དབྱེ་འཆད་དཀའ་བའི་ཕྱིར། དེ་བཞིན་དུ་སྤོ་ལྡན་དང་མགུ་ལྡན་དྲུག་ནི་དེར་རུང་བ་ལྟ་ཅི་སྨོས་ཏེ། ཇི་སྐད་དུ། ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཉིད་ཡིན་ནོ། །ཞེས་པས་སོ། །ཡང་སྤྱད་པ་དང་ལྡན་པ་དྲུག་དང༌། བསྡིགས་པ་སོགས་གཞིའི་ནན་ཏུར་ལ་གནས་པ་དང༌། གནས་ཕྱུང་བདུན་ཏེ། བཅུ་བདུན་པོ་དེས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་འདོར་མོད། དམན་སྤྱོད་ལྔ་དང་དུ་བླང་བར་བྱ་བ་མ་ཡིན་ཏེ། སྤྱད་ལྡན་དྲུག་ནི་དེ་དང་དུ་ལེན་པའི་དུས་ལས་འདས་པའི་ཕྱིར་དང༌། དབྱུང་བ་མ་ཐོབ་པས་དེ་འདོར་བའི་དུས་སུ་མ་སླེབ་པའི་ཕྱིར་དང༌། བསྡིགས་པ་སོགས་གཞི་ནི་རང་གི་བསླབ་གྲལ་ནས་སྤོ་དགོས་པ་མ་ཡིན་པའི་ཕྱིར་དང༌། གནས་ནས་ཕྱུང་བ་ནི། རང་བཞིན་དུ་གནས་པ་དང༌། གནས་ལོངས་ལྷན་ཅིག་པར་མི་དབང་བས་དམན་སྤྱོད་ལྔ་དང་དུ་ལེན་པའི་གོ་སྐབས་ཡོད་པ་མ་ཡིན་པའི་ཕྱིར། བཅུ་གཅིག་པོ་འདི་ནི་ཕོངས་པའི་ཚེ་ཡང་འདོན་པར་མི་དབང་སྟེ། གདོན་པ་ནི་མི་བྱ་བ་ཉིད་དོ། །ཞེས་སོ། །བོད་རྣམས་གནས་ཕྱུང་ལས་གཞན་ན་གནས་པ་ཆུང་ངུའི་མིང་གིས་འདོགས་པ་ནི་འཐད་པར་མི་སེམས་ཏེ། ས་གཞན་ན་གནས་པ་གཞིར་བྱས་པ་ལ་ཆད་ལས་ཤིན་ཏུ་ལྕི་བ་ལ་གནས་པའི་ཕྱིར། དེ་ལ་འདི་སྙམ་དུ། གནས་ཕྱུང་གི་ལས་བྱས་པའི་དེ་མ་ཐག་ཏུ་བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཐོབ་པས་སོ་སྙམ་ན། གསོལ་བའི་ཚེ་དེ་ཐོབ་ཀྱང༌། མ་གསོལ་བའི་ཚེ་ས་གཞན་ན་གནས་པ་ཤིན་ཏུ་ཆེ་བ་ཡིན་ཏེ། ས་གཞན་གནས་པ་གཞན་དག་གིས་ཀྱང་སྤངས་པའི་ཕྱིར། གནས་ཕྱུང་ཞེས་པ། སྤྱིར་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་པ་ནི་མ་ཡིན་ཏེ། དེ་དག་གི་གཙུག་ལག་ཁང་ཐ་མར་འོས། ཞེས་པ་དང༌། ལག་པའི་ཐ་སྙད་ཀྱི་གནས་མལ་ངན་པ་རྗེས་སུ་སྦྱིན། ཞེས་པ་གནས་ཕྱུང་གི་དབང་དུ་བྱས་པ་ཡང་ཡིན་པའི་ཕྱིར་རོ། །ཡང་འདིར་དཔྱད་དགོས་པ་གཞན་ནི་འདི་ལྟར་སྲོག་གཅོད་ཀྱི་ཕམ་པར་མ་སླེབ་པའི་དེའི་སྦྱོར་ལྟུང་སྦོམ་པོ་དང༌། བརྫུན་སྨྲའི་ཕམ་པར་མ་གྱུར་པའི་བརྫུན་གྱི་ལྟུང་བ་དག་ལ་ཕྱིར་གསོ་ནུས་པ་དང༌། གསོས་པ་ལས་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་དུ་རུང་བས་ཁྱབ་པར་འགྱུར་ཏེ། ཕམ་པ་འཆབ་བཅས་མ་གཏོགས་པ་ལ་དག་བྱེད་བཤད་པའི་ཕྱིར་སྙམ་ན། དེར་མ་ངེས་ཏེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཕྲག་ཕྱུང་བའི་ལུས་ངག་གི་ཉེས་པ་ནི། འདིར་སྲོག་གཅོད་ཕམ་པའི་སྦྱོར་ལྟུང་ཡིན་ཏེ། དེའི་ཡན་ལག་གི་རྩི་བཞག་མཐའ་དག་ཚང་བའི་ཕྱིར། དེ་ལ་དག་བྱེད་ནི་འཆད་པ་མ་ཡིན་ཏེ། མཚམས་མེད་ཀྱི་ལས་ཡིན་པའི་ཕྱིར། དཔེར་ན་དགྲ་བཅོམ་བསད་པའི་ཕམ་པ་འཆབ་མེད་དག་བྱེད་དུ། ཆད་པའི་ལས་ཀྱི་བསླབ་པ་བྱ་ནི་སྤྱོད་མི་འཆད་པ་བཞིན་ནོ། །མཚམས་མེད་དུ་སོང་བའི་ལུས་ངག་གི་ལྟུང་བ། བཅས་པའི་ཆ་ནས་དགེ་འདུན་ལྷག་མ་དང་སྦོམ་པོ་གང་རུང་དུ་གཏོགས་པ་དག་ལ་ཡང་དག་བྱེད་མི་འཆད་པ་ནི་མི་འདག་པའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང་རྣམ་སྨིན་ཐག་སྲིང་བར་མི་ནུས་པས་སོ། །དེའི་གོ་བ་ཡང་བར་མཚམས་མེད་པར་མནར་མེད་དུ་སྐྱེ་ངེས་ཀྱི་ལས་ཡིན་པས་སོ། །འོ་ན་ཉམས་པ་དང་མཚམས་མེད་ཅན་གྱི་དགེ་སློང་གཉིས་སོ་སོར་ཐར་པའི་སྡོམ་པའི་རྩ་བ་དང་དངོས་སུ་འགལ་བའི་རིག་བྱེད་མ་ཡིན་ལ་རྒྱུད་ལ་ཡོད་མཉམ་དུ་མཚུངས་པར་འགྱུར་ཏེ། གཉིས་ཀ་སྡོམ་པ་གསོར་མི་རུང་དུ་མཚུངས་པའི་ཕྱིར། དེ་ལྟ་ན་ཉམས་པ་དང་མཚམས་མེད་ཅན་ལ་རྣམ་གཞག་ཐ་དད་དུ་བཤད་པ་དང་འགལ་ལོ། །ཞེ་ན། དེའི་ལན་ནི། ཉམས་པ་དང་མཚམས་མེད་ཅན་གཉིས་ཀ་དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲད་དགོས་པ་དང༌། སྡེ་སྣོད་འཛིན་པ་ཡིན་ན་ཡལ་བར་མི་འདོར་བ་ཉིད་དུ་མཚུངས་ཀྱང་སོ་ཐར་སྡོམ་པའི་དངོས་ཀྱི་འགལ་ཟླ་ཅན་དུ་མི་མཚུངས་པ་མ་ཡིན་ཏེ། ཕམ་པ་མ་ཡིན་པའི་རྫུན་སྨྲ་དང༌། དངོས་གཞིར་མ་གྱུར་པའི་སྲོག་གཅོད་ཀྱི་སྦྱོར་བ་ནི་སྡོམ་པའི་རྩ་བ་དང་དངོས་སུ་མི་འགལ་བའི་ཕྱིར། དེ་ལྟ་ན་ཡང་ཕམ་པ་འཆབ་བཅས་ལས་ལྕི་བ་ཡིན་ཏེ། མཚམས་མེད་ཀྱི་ལས་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཀུན་སློང་གི་སྒོ་ནས་སོ། །དེ་ཡང་དཔེར་ན། མི་ཕལ་པའི་སྲོག་གཅོད་པའི་ཀུན་སློང་དང༌། སངས་རྒྱས་བཀྲོང་བར་འདོད་པའི་ཀུན་སློང་གི་ཁྱད་པར་བཞིན་དང༌། རང་ནི་དགྲ་བཅོམ་པར་ཁས་ལེན་པའི་ཀུན་སློང་དང་དགེ་སློང་གི་དགེ་འདུན་ཆོས་ལས་ཐ་དད་དུ་འབྱེད་པའི་ཀུན་སློང་ལ་ལྕི་ཡང་གི་ཁྱད་པར་ཕྱེ་བ་བཞིན་ནོ། །འོ་ན་དགེ་འདུན་དབྱེན་གྱི་ལྷག་མ་ལ་དག་བྱེད་མེད་པས་ཁྱབ་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། དབྱེ་འདོད་ཀྱི་བསམ་པས་བསླང་ཡང༌། དགེ་འདུན་མ་བྱེ་ན་མཚམས་མེད་དུ་མི་འགྱུར་ཞིང༌། དེའི་སྐབས་སུ་ལྷག་མར་འགྱུར་བ་དག་ཡོད་པས་སོ། །མཚམས་མེད་ཅན་འགའ་ཞིག་ལ་ཕམ་པ་དང་ལྷག་མ་གང་རུང་གིས་མ་གོས་པའི་དགེ་སློང་ཡིན་པ་ཅིག་སྲིད་པར་འགྱུར་ཏེ། དགེ་འདུན་ཆོས་ལས་ཐ་དད་དུ་ཕྱེ་ཞིང་བྱེ་བས་མཚམས་མེད་དུ་སོང་ཞིང༌། ཟློག་སྒོ་སྔོན་དུ་མ་སོང་བས་དགེ་འདུན་ལྷག་མར་ཡང་མ་གྱུར་པའི་དགེ་སློང་དག་སྲིད་པའི་ཕྱིར། འདོད་ན་མཚམས་མེད་ཅན་གྱི་དགེ་སློང་བསླབ་པ་རང་བཞིན་དུ་གནས་པ་ཅིག་སྲིད་པར་འགྱུར་ཏེ། དེ་འདྲའི་དགེ་སློང་ཡང་ཡིན། ལྟུང་བ་སྡེ་ལྔ་པོ་གང་རུང་གི་དངོས་གཞིས་མ་གོས་པ་ཡང་ཡིན་པ་ཅིག་སྲིད་པའི་ཕྱིར་ཏེ། ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་ཕན་ཆད་ནི་བཤགས་པ་ཙམ་གྱིས་འདག་པའི་ཕྱིར། ཞེས་དཔྱད་ན། མཚམས་མེད་ཅན་དང་དགེ་སློང་རྣམ་དག་གི་གཞི་མཐུན་མི་སྲིད་དོ་ཞེས་ནི་ཁས་ལེན་པར་དཀའ་བ་ཡིན་ཏེ། ཇི་སྐད་དུ། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་ཞེས་དང༌། དབྱེན་ལ་ཡང་འོས་པ་མ་ཡིན་པས་ཚུལ་ཤིང་དག་འབྲིམ་པ་མི་འཆགས་པར་བཤད་པའི་ཕྱིར་སྙམ་ན། དགེ་སློང་ཉམས་པ་ནི་གཉིས་ཏེ། ལྟ་བ་ཉམས་པ་དང༌། ཚུལ་ཁྲིམས་ཉམས་པའོ། །མཚམས་མེད་ལ་ཡང་གཉིས་ཏེ། ཚུལ་ཁྲིམས་ཉམས་པར་བྱེད་པའི་དང༌། ལྟ་བ་ཉམས་པར་བྱེད་པའི་འོ། །དང་པོ་ནི་བསད་པ་གསུམ་དང༌། གཉིས་པ་ནི་དེ་བཞིན་གཤེགས་པ་ལ་བཀྲོང་སེམས་ཀྱིས་ཁྲག་ཕྱུང་བ་དང༌། དགེ་འདུན་དབྱེན་གྱི་མཚམས་མེད་དོ། །དེས་ན་མཚམས་མེད་ཅན་ལ་སྡོམ་པ་གསོ་བའི་ཆོ་ག་མེད་དེ། སྡོམ་པ་གསོ་བ་ནི་ཚེ་དེ་ལ་རྣམ་པར་གྲོལ་བའི་ཕྱིར་ཡིན་ན་འདིས་རྣམ་པར་གྲོལ་བ་ཐོབ་པ་རིང་དུ་སྤངས་བའི་ཕྱིར། དགེ་སློང་ལྷས་སྦྱིན་ལྟ་བུ་དགེ་སློང་འབྱེད་པའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡིན་མོད། བྱེ་ཟིན་པ་དེའི་འོག་ཏུ་ཚུལ་ཁྲིམས་དང་མི་ལྡན་པར་འཆད་དཀའ་ཡང༌། ཁ་སྐོང་དུ་འོས་པ་མ་ཡིན་ཏེ། མཚམས་མེད་ཅན་དུ་སོང་བའི་ཕྱིར། འབྱེད་པའི་ཚེ་དེར་འོས་ན་སྡིག་ལྟ་ཅན་ཁ་སྐོང་དུ་འོས་པ་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། ཆོས་མ་ཡིན་པ་ལ་མངོན་པར་ཞེན་ནས་ལས་བྱེད་པ་དེའི་ཚེ་དེ་ཡང་རུང་བ་ཉིད་དུ་འཆད་པའི་ཕྱིར་རོ། །དེ་ལྟར་ནན་ཏུར་དང་བཤགས་པ་གཉིས་ཀྱི་སྒོ་ནས་རང་ཉིད་ཀྱི་ལྟུང་བ་ཕྱིར་བཅོས་པའི་ཚུལ་བཤད་ཟིན་ལ། དེ་ལྟར་བཤད་པ་དེ་ནི། ཕྱིར་བཅོས་དངོས་ཀྱི་གཞི་དང༌། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་དང༌། ས་གཞན་ན་གནས་པ་སྤྱོད་པའི་གཞི་རྣམས་ཀྱི་ངག་དོན་མཐའ་གཅོད་དང་བཅས་པ་གོ་བདེ་བར་བཤད་པའོ། །དེ་ནས་ཡོངས་སུ་སྦྱང་བའི་གཞི་ལས་འབྱུང་བ་གང་ཟག་གཞན་གྱི་ལྟུང་བ་ཕྱིར་བཅོས་སུ་འཇུག་པའི་ཚུལ་ལ་དགུ་སྟེ། ཡུལ་གང་ལ་གླེང་བ་དང༌། གང་ཟག་གིས་གླེང་བ་དང༌། བསམ་པ་ཇི་ལྟ་བུས་གླེང་བ་དང༌། དངོས་པོ་གང་གིས་གླེང་བ་དང༌། དུས་ནམ་གྱི་ཚེ་གླེང་བ་དང༌། གནས་གང་དུ་དང༌། ཆོ་ག་གང་གིས་དང༌། དགོས་པ་གང་གི་ཕྱིར་དང༌། གླེངས་ནས་ཇི་ལྟར་སྒྲུབ་པའོ། །དང་པོ་ཡུལ་ལ་བདུན་ཏེ། རབ་ཏུ་བྱུང་བའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། གནས་ནས་མ་ཕྱུང་བ་དང༌། ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་བ་དང༌། སྡེ་སྣོད་འཛིན་པ་སོགས་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པ་མ་ཡིན་པ་དང༌། ནད་པ་མ་ཡིན་པ་དང༌། ནང་ཞེ་འཁོན་དང་བཅས་པ་མ་ཡིན་པའོ། །གང་ཟག་གང་གིས་གླེང་བ་ནི་བཅུ་གཅིག་སྟེ། ལུས་དང་ངག་བསྡམ་པ་དང༌། སྡེ་སྣོད་འཛིན་པ་དང༌། དགེ་འདུན་གྱི་ནང་དུ་བསམ་བཞིན་དུ་ཆོས་དང་འདུལ་བ་ལོག་པར་མི་སྟོན་པ་དང༌། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་དང༌། ས་གཞན་ན་གནས་པ་མ་ཡིན་པ་དང༌། ཆོས་གཞན་པ་མ་ཡིན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། སྐྱེས་པའི་མཚན་དང་ལྡན་པ་དང༌། ནད་པ་མ་ཡིན་པ་དང༌། བྱས་པ་དང༌། བྱེད་པའི་རང་གི་ངོ་བོ་རྟོགས་པའི་བསམ་པ་ནི། བསྟན་པ་དང་སེམས་ཅན་ལ་ཕན་སེམས་དང༌། དྲན་པ་དང་ཤེས་བཞིན་ཉེ་བར་བཞག་པས་གླེང་བར་འདོད་པའོ། །དངོས་པོ་གང་གླེང་བ་ནི། མཐོང་ཐོས་དོགས་གསུམ་གྱི་གཞི་ཡོད་པ་དང༌། ཚུལ་ཁྲིམས་དང༌། ལྟ་བ་དང༌། འཚོ་བ་དང༌། ཆོ་ག་ཉམས་པ་གང་རུང་ངོ༌། །དུས་ནི། དབྱར་གྱི་ནང་མ་ཡིན་པ་དང༌། བྲེལ་བ་ལ་སོགས་པའི་དུས་མ་ཡིན་པའོ། །གནས་ནི། མཐའ་ཡིན་པ་དང༌། མཁར་པོ་ལ་སོགས་པའི་མངོན་སུམ་མ་ཡིན་པའོ། །ཆོ་ག་ལ་གཉིས་ཏེ། གླེང་བྱེད་ཀྱི་དང༌། གླེང་བྱའི་འོ། །དང་པོ་ལ་གསུམ་སྟེ། རྣམ་པར་བརྟག་པ་དང༌། སྐབས་འབྱེད་དུ་འཇུག་པ་དང༌། ཕྱེ་ནས་གླེང་བའོ། །གླེང་བྱའི་ཆོ་ག་ལ་གསུམ་སྟེ། རྣམ་པར་བརྟག་པ་དང༌། མཚན་ཉིད་དང་ལྡན་ན་དགའ་བ་སྐྱེད་ཅིང་སྐབས་དབྱེ་བ་དང་མི་ལྡན་ན་མི་དབྱེ་བའོ། །དགོས་པ་ནི་གསུམ་སྟེ། བསྟན་པ་ལ་ཕན་པ་དང༌། རང་གཞན་གྱི་ལྟུང་བ་དག་པ་དང༌། ཁས་བླངས་པས་རྩོད་པ་མི་འབྱུང་བའོ། །གླེངས་ནས་ཇི་ལྟར་སྒྲུབ་པ་ལ་གཉིས་ཏེ། རྣལ་དུ་ཕེབས་པ་དང༌། མ་ཕེབས་པའོ། །དང་པོ་ལ་གཉིས་ཏེ། ཁས་ལེན་ན་ཕྱིར་འཆོས་སུ་གཞུག་པ་དང༌། བརྗེད་ནས་ཁྱད་དུ་གསོད་ན་ངོ་བོ་ཉིད་ཚོལ་བར་སྦྱིན་པའོ། །རྣལ་དུ་མ་ཕེབས་པ་ལ་གཉིས་ཏེ། གཙོ་བོར་བྱ་བ་ངན་པ་འཕྲོ་གཅོད་དུ་གཞུག་པ་དང༌། གཙོ་བོར་ལྟུང་བ་ཕྱིར་བཅོས་སུ་གཞུག་པའོ། །དང་པོ་ནི། ལྟུང་བ་གླེངས་པའི་ཚེ་གླེང་བྱ་ཆོས་ལྔ་དང་ལྡན་ན་ལྟ་ཅི་སྨོས། མི་འབྱེད་ན་དང་ཁས་མི་ལེན་ན་ཡང་རྩ་བའི་གཞི་གང་ཡིན་གྱི་ནན་ཏུར་དེ་བྱེད་པའོ། །གཉིས་པ་ནི་སྐབས་མི་འབྱེད་ན། བརྗོད་བཅས་དང༌། མི་གདམས་པ་དང༌། གསོ་དགག་བཞག་པ་བྱ་ཞིང༌། དེས་མ་དུལ་ན་མ་མཐོང་གནས་དབྱུང་ནན་ཏུར་བྱའོ། །སྐབས་འབྱེད་ཀྱང་མི་གཉེན་ན་ཕུར་བཅས་དང༌། མི་གདམས་པ་དང༌། གསོ་དགག་བཞག་པའི་མཐའ་ལ་མ་བཏང་ན་མ་མཐོང་གནས་དབྱུང་བྱའོ། །སྐབས་ཕྱེ་ནས་གླེངས་པ་ན་བཀའ་བློ་མི་བདེ་བར་བྱེད་ན་ལྡོག་ཚུལ་ལྔ་སྔོན་དུ་བཏང་སྟེ། དེའི་ཡང་མཐའ་ལ་གནས་ཕྱུང་འཇུག་པ་དང༌། ཁས་བླངས་ནས་བར་དུ་གཅོད་པར་མི་འགྱུར་རོ་ཞེས་སྡིག་ལྟ་འཛིན་པ་ལ། ཟློག་སྒོ་སྔོན་དུ་བཏང་ནས་དེའི་ཡང་མཐའ་ལ་གནས་ཕྱུང་འཇུག་གོ །ཁས་བླངས་ནས་ཁྱད་དུ་གསོད་ན་མ་མཐོང་གནས་དབྱུང་བྱའོ། །འདི་དང་སྐབས་མི་འབྱེད་པའི་ཁྱད་པར་ནི། འདི་ནི་གླེངས་ཤིང་དྲན་པ་ན་ངག་ཏུ་ཁས་མི་ལེན་པར་ཤེས་བཞིན་ཁྱད་དུ་གསོད་པའོ། །དེ་དང་ངོ་བོ་ཉིད་ཚོལ་བ་སྦྱིན་དགོས་པའི་ཁྱད་པར་ནི། གླེངས་པ་ན་སྐབས་དེར་ལྟུང་བ་བྱས་པར་དྲན་ཤིང༌། གང་བྱས་བརྗེད་དུ་བཅུག་ནས་མི་དྲན་པའོ། །དེ་ཐམས་ཅད་ཀྱི་མཐའ་ལ་གནས་ཕྱུང་འཇུག་ཅིང༌། དེའི་མཐའ་ལ་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་དོ། །དེ་ལྟར་རང་གི་ལྟུང་བ་ཕྱིར་བཅོས་པ་དང༌། གཞན་གྱི་ཉེས་པ་ཡོངས་སུ་སྦྱང་བའི་ཚུལ་གཉིས་ཀྱི་སྒོ་ནས་ལྟུང་བ་ཕྱིར་བཅོས་པའི་ཚུལ་བཤད་ཟིན་པའོ། །དེ་ནས་རྩོད་པ་ཕྱིར་བཅོས་པ་ལ་གཉིས་ཏེ། རྩོད་པའི་འབྲས་བུ་ངོས་བཟུང་བ་དང༌། རྒྱུ་རྩོད་པ་ཞི་བྱེད་ཀྱི་ཆོས་རྣམས་བསྟན་པའོ། །དང་པོ་ལ། རྩོད་པའི་རྒྱུ་མཐུན་ནི་དགེ་འདུན་བྱེ་བ་ཡིན་ལ། བྱ་བ་དེའི་མིང་ལ་ནི་དགེ་འདུན་གྱི་དབྱེན་ཞེས་བྱའོ། །འདི་ལ་རང་གི་བློས་དཔྱད་པ་དང༌། སྔོན་གྱི་ལུགས་ཐད་སོར་བཞག་པའོ། །དང་པོ་ནི། ཇི་སྐད་དུ། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །དེ་ལུང་མ་བསྟན་ཉོན་མོངས་ཅན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་ནི་འབྱེད་པོར་ཡང་དག་ལྡན། །ཞེས་པའོ། །མཚན་ཉིད་དེ་དང་ལྡན་པའི་དབྱེན་ནི། གཉིས་ཏེ། འཁོར་ལོའི་དབྱེན་དང༌། ལས་ཀྱི་དབྱེན་ནོ། །དེའི་ཁ་ན་མ་ཐོ་བ་ལ་ཡང་གཉིས་ཏེ། འཁོར་ལོའི་དབྱེན་གྱི་དང༌། ལས་དབྱེན་གྱི་ཁ་ན་མ་ཐོ་བའོ། །འབྱེད་པ་པོའང་གཉིས་ཏེ། དབྱེན་དང་པོའི་དང༌། གཉིས་པའི་འབྱེད་པའོ། །དབྱེན་གཉིས་པོའི་མིང་འདོགས་ཀྱི་ཁྱད་པར་ནི། ལྟ་བས་དབྱེན་དུ་འགྱུར་བ་དང༌། སྤྱོད་པས་དབྱེན་དུ་འགྱུར་བའོ། །གཉིས་པོ་འགལ་བ་མ་ཡིན་ཏེ། ལས་ཀྱི་དབྱེན་འཆགས་པ་ལ་ལྟ་བའི་དབྱེན་སྔོན་དུ་འགྲོ་དགོས་པའི་ཕྱིར། དབྱེན་ནི་དཀོན་མཆོག་གསུམ་ལས་ཐ་དད་དུ་ཕྱེ་བ་ཡིན་ལ། དེ་ལ་གཉིས་ཏེ། གསུམ་ཀ་ལས་ཐ་དད་དུ་ཕྱེ་བ་དང༌། གང་རུང་ལས་ཐ་དད་དུ་ཕྱེ་བའོ། །དང་པོ་ནི། ལས་སྦྱིན་གྱིས་བྱས་པ་དེའོ། །དེ་སྐད་དུ་ཡང༌། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །ཞེས་སྟོན་པ་དང་ལམ་ཕྱེ་བ་ན་དེའི་རྟེན་དགེ་འདུན་བྱེ་བ་ལས་འོས་མེད་པའི་ཕྱིར། དབྱེན་དེ་འབྱུང་བའི་དུས་ནི། ཇི་སྐད་དུ། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ༌། །ཞེས་བཤད་པ་དེའོ། །གཉིས་པ་ལ་གཉིས་ཏེ། ཆོས་ལས་ཐ་དད་དུ་ཕྱེ་བ་དང༌། དེ་མ་ཕྱེ་བར་དགེ་འདུན་ཉིད་ཐ་དད་དུ་ཕྱེ་བའོ། །དང་པོ་ལ་གཉིས་ཏེ། ལྟ་བ་རྐྱང་པས་བྱེ་བ་དང༌། ལྟ་སྤྱོད་གཉིས་ཀས་བྱེ་བའོ། །དང་པོ་ནི། ཇི་སྐད་དུ། དགེ་འདུན་གྱི་དབྱེན་ནི་ཆོས་ལས་ཐ་དད་པའི་དངོས་པོར་གསོལ་བས་སམ། དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་སོ། །ཞེས་པའོ། །དེར་ནི་ཆོས་དང་དགེ་འདུན་གཉིས་བྱེ་བ་ཡིན་ཏེ། ལྟ་བ་བྱེ་བ་ན་དེའི་རྟེན་དགེ་འདུན་བྱེ་བ་ལས་འོས་མེད་པའི་ཕྱིར། གཉིས་ཀ་བྱེ་བ་ནི། ཇི་སྐད་དུ། ཆོས་མ་ཡིན་པར་སྨྲ་བ་དག་གིས་དབྱེ་བའི་སེམས་ཀྱིས་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་ན་དེ་བྱེ་བ་ཡིན་ནོ། །ཞེས་འབྱུང་བ་དེའོ། །འདིར་ཡང་དཀོན་མཆོག་གཉིས་བྱེ་བ་ཡིན་ཏེ། ལྟ་སྤྱོད་གཉིས་བྱེ་བ་ན་དེའི་རྟེན་དགེ་འདུན་དུ་ལོངས་པ་དག་བྱེ་བ་ལས་འོས་མེད་པའི་ཕྱིར་རོ། །འདིར་ཡང་ལྟ་བ་བྱེ་བ་ནི། དངོས་ཡིན་ཏེ། ཆོས་མ་ཡིན་པ་སྨྲ་བའི་ཕྱོགས་སུ་བྱེ་བའི་ཕྱིར། སྤྱོད་པ་རང་གི་ངོ་བོ་ནི། གཅིག་འདུལ་བ་ཡིན་པར་སོང་ཡང༌། ཕལ་ཆེར་འདུལ་བ་ནས་འབྱུང་བ་ལྟར་ཁས་བླངས་པས་སོ་སོའི་ལས་བརྒྱ་རྩ་འཆགས་པའི་ཕྱིར་རོ། །འདིར་སྟོན་པ་བྱེ་བ་ནི་མ་ཡིན་ཏེ། ཕྱོགས་གཉིས་ཀ་ཡང་སྟོན་པ་ཤཱཀྱའི་སྲས་ཉིད་ཀྱི་རྗེས་སུ་འཇུག་ཅིང༌། སྤྱོད་པ་དེའི་འདུལ་བ་བཞིན་དུ་སློབ་པར་ཁས་ལེན་པའི་ཕྱིར། གཉིས་པ་དགེ་འདུན་ཁོ་ན་བྱེ་བ་ནི། མཚམས་ནང་གཅིག་ཏུ་ཆོས་ཕྱོགས་པ་གཞིར་བྱས་ཀྱི་དགེ་འདུན་སོ་སོའི་མཐུན་པ་མ་བསྒྲུབས་པར་གསོ་སྦྱོང་ལ་སོགས་པའི་ལས་སོ་སོར་བྱས་པའོ། །འདི་ལ་དགེ་འདུན་དབྱེན་གྱི་ཉེས་པ་སྦོམ་པོ་འབྱུང་བར་བཤད་ཀྱང༌། དངོས་གཞིའི་རྣམ་པའི་སྦོམ་པོ་ཡིན་གྱི། སྦྱོར་སྦོམ་གྱི་སྐབས་མེད་ཅིང༌། འདིའི་རིགས་ལ་ལྷག་མ་དང་མཚམས་མེད་ཀྱང་མ་སྲིད་ལ་ལས་བྱེད་པའི་ཁོངས་སུ་གཏོགས་ཀྱང་དེ་མཚན་ཉིད་པར་མི་རུང་ངོ༌། །འཁོར་ལོའི་དབྱེན་བྱེད་པོ་ལའང་གཉིས་ཏེ། ལྷས་སྦྱིན་ལྟ་བུ་དཀོན་མཆོག་གསུམ་ཀའི་དབྱེན་བྱེད་པ་དང༌། དབྱེན་བྱེད་ལྷག་མའི་འབྱེད་པ་པོ་ལྟ་བུ་དཀོན་མཆོག་ཕྱི་མ་གཉིས་ཀྱི་དབྱེན་བྱེད་པའོ། །ལས་དབྱེན་བྱེད་པོ་ལའང་གཉིས་ཏེ། དགེ་སློང་སྡིག་ལྟ་ཅན་བཞིར་ལོངས་གཅིག་གིས་དབྱར་ནང་དུ་ལས་ཐ་དད་དུ་བྱས་པ་ལྟ་བུ་དབྱེ་བྱ་དང་དབྱེ་བྱེད་ཐ་མི་དད་པ་དང༌། ཡང་དབྱེ་བྱ་དང་གཅིག་གམ་སྡིག་ལྟ་ཅན་བཞིར་ལོངས་ཀྱིས་ཆོས་མ་ཡིན་པ་སྨྲ་བའི་དགེ་སློང་བཞིར་ལོངས་ཆོས་ལས་ཐ་དད་དུ་ཕྱེ་ནས་ལས་བྱེད་པའོ། །ཆོས་ཕྱོགས་པས་སྔ་མ་དེ་ལྟར་བྱེད་པ་ཡོད་མོད་ཀྱང༌། ལས་ཀྱི་དབྱེན་དུ་མི་འགྱུར་ཏེ། དཔེར་ན། མཉམ་དུ་ལས་བྱས་ན་མི་འཆགས་ཤིང༌། ཅིག་ཤོས་ལ་མཐུན་པ་གསོལ་ཡང་མི་འཆགས་པས་སྔ་མ་དེ་ལྟར་བྱ་བ་ཉིད་རིགས་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ལྟ་བ་འཁོར་ལོའི་དབྱེན་དང་པོ་ནི། མཚམས་མེད་ལས་གྱུར་པ་ཡིན་ཀྱང༌། ལྷག་མ་ལས་གྱུར་པ་ནི་མ་ཡིན་ཏེ། དེའི་ཚེ་ལྷག་མའི་བཅས་པ་མ་མཛད་པའི་ཕྱིར་དང༌། སྟོན་པ་བཞུགས་དུས་སུ་འཁོར་ལོའི་དབྱེན་གཅིག་པུ་དེ་ལས་གཉིས་པ་མ་བྱུང་བའི་ཕྱིར། འཁོར་ལོའི་དབྱེན་གཉིས་པ་དེ་ནི་ལྷག་མ་དང་མཚམས་མེད་གཉིས་ཀ་ལས་གྱུར་པ་ཡིན་ཏེ། ཟློག་བསྒོའི་མཐའ་ལ་མ་བཏང་ཞིང༌། དགེ་འདུན་བྱེ་བར་མ་གྱུར་པའི་ཚེ་དང༌། བྱེ་བར་གྱུར་པའི་ཚེ་ན་རིམ་པ་བཞིན་དུ་ལྷག་མ་དང་མཚམས་མེད་དུ་འཇོག་པའི་ཕྱིར། འདི་ལ་ཆོས་མ་ཡིན་པའི་དགེ་སློང་བཞིར་ལོངས་ཡན་ཆད་ཀྱིས་དེའི་ཚུལ་ཤིང་བླངས་པའམ། ལྟ་བ་དེ་ལ་མངོན་པར་ཞེན་པ་ཙམ་གྱིས་ཆོག་པ་ཡིན་གྱི། གསོ་སྦྱོང་ལ་སོགས་པའི་ལས་ཐ་དད་དུ་བྱས་པ་མི་དགོས་ཏེ། དེ་ལྟར་འཆད་པའི་ལུང་མེད་པ་དང༌། དབྱེན་དེ་དང་ལྡན་པའི་དགེ་འདུན་ཅིག་ཤོས་པ་ལ་ཤཱཀྱའི་སྲས་ཀྱི་འདུལ་བ་ཁས་མི་ལེན་ཞིང༌། སྟོན་པ་གཞན་གྱི་རྗེས་སུ་འཇུག་པའི་འདུལ་བ་ཡང་མེད་པའི་ཕྱིར། གཉིས་པ་ལས་ཀྱི་དབྱེན་ལ་ཡང༌། ལྷག་མ་དང་མཚམས་མེད་ལས་གྱུར་པ་གཉིས་ཀ་ཡོད་དེ། ལས་ཀྱི་དབྱེན་བྱེད་པ་པོ་གོང་དུ་བཤད་པ་དེ་དབྱེན་དེ་ལ་ཞུགས་པ་ན་ཟློག་ཚུལ་ལྔའི་མཐའ་ལ་མ་བཏང་ཞིང༌། ལས་བྱེ་བར་མ་གྱུར་པ་དང༌། གྱུར་པའི་ཚེ་ན། ལྷག་མ་དང་མཚམས་མེད་དུ་འཇོག་པས་སོ། །ལས་བྱེད་པ་པོ་འདི་གནས་ནས་ཕྱུང་ཟིན་པ་ནི་མ་ཡིན་ཏེ། གནས་ཕྱུང་ལ་ཟློག་བསྒོ་མི་འཆགས་པའི་ཕྱིར། དབྱེ་བྱ་ལ་ནི་གནས་བྱུང་ཡིན་པ་མི་འགལ་ཏེ། མཚམས་ནང་གཅིག་ཏུ་གནས་ཕྱུང་ཚོགས་ལོང་དག་གིས་ལས་བྱས་པ་སྲིད་པའི་ཕྱིར། ལས་བྱེ་བ་ལ་མཚམས་མེད་མི་སྲིད་པ་མ་ཡིན་ཏེ། ཆོས་མ་ཡིན་པ་ལ་ལས་མ་ཡིན་པ་དང༌། ཡིན་པ་ལ་ཡིན་པར་འདུ་ཤེས་ནས་ཆོས་མིན་སྨྲ་བའི་མཚམས་ཀྱི་ནང་དུ་ལས་ཐ་དད་པར་བྱས་པ་དེ་ལས་བྱེ་བའི་ཚད་ཡིན་ཞིང༌། དེ་མཚམས་མེད་ཀྱི་ལས་ཀྱི་ཀུན་སློང་གིས་ཀུན་ནས་བསླང་བའི་ཕྱིར་ཏེ། ཇི་སྐད་དུ། ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་དེ་བཞིན་དུ་ཤེས་ན་མཚམས་མེད་པའོ། །ཞེས་སོ། །མཚམས་མེད་འདི་ཡང་འབྱེད་པ་པོ་ལ་ཡིན་གྱི། བྱ་བ་ལ་ནི་མ་ཡིན་ཏེ། མཚམས་མེད་ཅན་ཕྱོགས་གཉིས་ཀའི་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་ཕྱིར། དེས་ན། ཇི་སྐད་དུ། ཆོས་མ་ཡིན་པ་སྨྲ་བ་དག་གིས། ཞེས་པས། འབྱེད་པ་པོ་དང༌། དབྱེ་བའི་སེམས་ཀྱིས་ཞེས་པས་ཀུན་སློང་དང༌། མཚམས་ཀྱི་ནང་དུ་ཞེས་པས་གནས་དང༌། ལས་ཐ་དད་པར་ཞེས་པས་གང་བྱ་བའི་ངོ་བོ་བྱེ་བ་དེ་བསྟན་པ་ཡིན་ནོ། །ལས་བྱེ་བའི་སྐབས་སུ་ལྷག་མ་དང་མཚམས་མེད་གང་ཡང་འབྱུང་མི་སྲིད་ན། དེའི་སྐབས་སུ་ཉེས་པ་ཅི་ཡང་མེད་པར་འགྱུར་ཏེ། དེའི་ཚེ་ཆོས་ཕྱོགས་པ་ལ་ནི་དབྱེན་གྱི་ཉེས་པ་འབྱུང་དོན་མེད། གཅིག་ཕྱོགས་པ་ལ་ཡང་ལྷག་མ་དང་མཚམས་མེད་ནི་མི་འབྱུང༌། འབྱེད་པ་པོ་ནི་ཁྱེད་ཀྱིས་ཁས་མ་བླངས་པའི་ཕྱིར། གལ་ཏེ་གཅིག་ཕྱོགས་པ་ལ་དབྱེན་གྱི་སྦོམ་པོ་འབྱུང་ངོ་ཞེ་ན། མ་ཡིན་ཏེ། དབྱེན་གྱི་ཉེས་པ་ནི་རྫུན་ཡིན་ལ། དེ་ནི་ཇི་སྐད་དུ། དེ་དང་འབྱེད་པོར་ཡང་དག་ལྡན། །ཞེས་འབྱེད་པོ་ལ་འབྱུང་བར་བཤད་ཀྱི། དབྱེ་བྱ་ལ་མ་བཤད་པའི་ཕྱིར། གཞན་ཀྱང་དབྱེན་གྱི་སྦོམ་པོ་ཙམ་ནི། ལས་བྱེ་བ་ལ་ཐུག་པར་མ་གྱུར་ཀྱང༌། ཕྱོགས་གཉིས་པོ་གང་རུང་གཞིར་བྱས་པའི་དགེ་འདུན་དུ་ལོངས་པ་སོ་སོས་མཐུན་པ་ཐོབ་པ་མེད་པར་ལས་ཐ་དད་དུ་བྱས་ན་ཡང་དབྱེན་གྱི་སྦོམ་པོ་དང༌། གཞན་གྱི་འཁོར་ཁ་འདྲེན་པ་ཙམ་ལ་ཡང་དབྱེན་གྱི་སྦོམ་པོར་བཤད་ན། བྱེ་བ་ལ་དབྱེན་གྱི་ཉེས་པ་ཤིན་ཏུ་ཆེ་བ་ཞིག་ངེས་པར་ཡོད་པ་ལས་འོས་མེད་དོ། །དེ་སུ་ཞིག་ལ་ཡོད་ན་འབྱེད་པ་པོ་ལའོ། །དེ་ལ་གཉིས་ཏེ། གཙོ་བོར་གྱུར་པ་ལྟ་བ་སྤྱད་ཅིང་ཚུལ་ཁྲིམས་དང་ལྡན་པ་གཅིག་དང༌། དེའི་རྗེས་སུ་ཕྱོགས་པ་ཚུལ་ཁྲིམས་དང་ལྡན་པ་བཞིར་ལོངས་པའོ། །དེ་དག་ལ་དབྱེན་དང་དེ་རྗེས་ཕྱོགས་ཀྱི་ལྡོག་ཚུལ་ལྔ་དང༌། མཐའ་ལ་མ་བཏང་ན་ལྷག་མ་སོ་སོར་འགྱུར་བ་དང༌། མཐར་བྱེ་ན་མཚམས་མེད་དུ་འགྱུར་བའོ། །གལ་ཏེ་འདིར་སྟོན་པ་ལ་འགྲན་འཛུགས་པ་མེད་པའི་ཕྱིར་མཚམས་མེད་ཀྱི་ཉེས་པར་མི་འགྱུར་རོ་ཞེ་ན། འདི་ནི་ཉེས་པ་ཤིན་ཏུ་ལྕི་བ་ཡིན་ཏེ། མཚམས་མེད་ལས་ཀྱང་ལྕི་བའི་ཆོས་སྤོང་གི་ཉེས་པ་གཞིར་བྱས་ཀྱི་སྟེང་དུ་ལུས་ངག་གི་ལས་ཀྱིས་དགེ་འདུན་དུ་ལོངས་པ་ཆོས་མ་ཡིན་པའི་ཕྱོགས་སུ་བསླན་པའི་ཕྱིར་དང༌། བསླན་པ་དེ་དག་ཀྱང་ཆོས་མ་ཡིན་པ་ལ་མངོན་པར་ཞེན་པའི་ཕྱིར། ཆོས་མ་ཡིན་པའི་ཕྱོགས་སུ་སོང་བའི་དགེ་འདུན་ལ་ནི་མཚམས་མེད་དེ་བྱུང་བར་ཁས་མི་ལེན་ཏེ། དེ་འབྱེད་པ་པོ་མ་ཡིན་པའི་ཕྱིར་དང༌། མཚམས་མེད་ཅན་ནི་ཕྱོགས་གཉིས་ཀའི་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་ཕྱིར། འོ་ན་ཇི་སྐད་དུ། དེ་ནི་བརྒྱད་དག་ཡན་ཆད་ཀྱི། །ཞེས་ལས་ཀྱི་དབྱེན་འབྱེད་པ་པོ་ལ་མི་ལྟོས་པར་བཤད་པ་མ་ཡིན་ནམ་ཞེ་ན། ལས་ཀྱི་དབྱེན་དེ་ལ་ལྟོས་དགོས་པར་ནི་ཁས་མ་བླངས་ཏེ། ཆོས་དང་ཆོས་མིན་གྱི་ཕྱོགས་རེ་རེ་བ་དག་ལ་ཡང་ལས་ཀྱི་དབྱེན་འཆད་པའི་ཕྱིར་དང༌། ཐོག་མར་ཆོས་ཕྱོགས་པས་མཚམས་ནང་དུ་གཅིག་ཕྱོགས་དགེ་འདུན་དུ་ལོངས་པ་ལས་ཐ་དད་དུ་གསོ་སྦྱོང་སོགས་བྱས་ན་ལས་ཀྱི་དབྱེན་དུ་འགྱུར་བའི་ཕྱིར། དེས་ན་ལས་ཀྱི་དབྱེན་ལས་བྱུང་བའི་ལྷག་མ་དང་མཚམས་མེད་ཡོད་པར་ཁས་བླངས་ཀྱི། དེ་ལ་དེས་ཁྱབ་པར་ཁས་མ་བླངས་སོ། །འཁོར་ལོའི་དབྱེན་ལ་ཡང་དེ་དང་འདྲ་སྟེ། དགེ་འདུན་མ་བྱེ་ན་མཚམས་མེད་དུ་མི་འགྱུར་ཞིང༌། ཟློག་བསྒོ་སྔོན་དུ་མ་སོང་ན། ལྷག་མར་ཡང་མི་འགྱུར་བས་སོ། །འདིར་ཞར་ལས་བྱུང་བ་འདི་ལྟར་དཔྱད་དེ། མཚམས་ནང་གཅིག་ཏུ་ས་གཞན་ན་གནས་པའི་དགེ་སློང་དགེ་འདུན་དུ་ལོངས་པ་དང༌། རང་བཞིན་དུ་གནས་པ་གཉིས་ཀ་དེར་ཡོད་པའི་ཚེ། གནས་ཕྱུང་མ་གཏོགས་པའི་ས་གཞན་ན་གནས་པ་དག་གིས་དགེ་འདུན་གྱི་ལས་མཐའ་དག་ཉམས་སུ་མྱོང་བར་རུང་མོད། མ་འདུས་པའི་མི་མཐུན་པ་ནི་མི་སྐྱེད་དེ། ཁ་སྐོང་དུ་མི་འོས་པའི་ཕྱིར། དེས་ན་ས་གཞན་པ་དག་ལུས་སམ་འདུན་པས་མ་འདུས་ཀྱང༌། རང་བཞིན་དུ་གནས་པས་ལས་ལོགས་སུ་བྱས་ན་འཆགས་སོ། །དེ་དག་གིས་ཀྱང་དེ་ལྟར་འཆགས་སམ་ཞེ་ན། མ་ཡིན་ཏེ། རང་བཞིན་དུ་གནས་པ་དག་མ་འདུས་ན་མི་མཐུན་པ་སྐྱེད་པའི་ཕྱིར་དང༌། ས་གཞན་ན་གནས་པ་དག་ལ་ནི་ཁ་སྐོང་དུ་རུང་བ་མེད་པས་དེ་དག་རྐྱང་བའི་ཆགས་ཀྱི་ལས་མི་འཆགས་པའི་ཕྱིར། དམིགས་བསལ་ནི་དེ་དག་ཀྱང་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་ལས་འཆགས་ཏེ། དེའི་ཚེ་དགེ་འདུན་ཕྱེ་བ་ཡིན་ལ། ལས་མ་ཆགས་ན་བྱེ་བར་བཞག་མི་ནུས་པས་སོ། །འོ་ན་ས་གཞན་ན་གནས་པ་དག་གཅིག་ཕྱོགས་ཀྱི་ཁ་བསྐོང་དུ་རུང་བར་འགྱུར་ལ། དེ་ལྟ་ན་ཉམས་པ་དང་མཚམས་མེད་ཅན་ཀྱང་དེར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། ཉམས་པ་དང༌། མཚམས་མེད་ཅན་དང༌། མ་རྫོགས་པ་དང༌། མཚན་མི་མཐུན་པ་ལྟ་བུའི་ངོས་འཛིན་ནི། ཕྱོགས་གཉིས་ཀ་ལ་མཐུན་པར་གྲུབ་པ་གཅིག་ལས་ངོས་འཛིན་རྒྱུ་མེད་ལ། གནས་ཕྱུང་སོགས་ས་གཞན་ན་གནས་པ་དང༌། ཐ་དད་དུ་གནས་པ་ནི་ཕྱོགས་སོ་སོ་ལ་ལྟོས་ནས་བཞག་དགོས་པས་མཐུན་པར་མི་འགྲུབ་པའི་ཕྱིར་རོ། །བྱེ་བ་ན་ཆོས་མིན་ཕྱོགས་པའི་དགེ་འདུན་ལ་ཡིད་ཀྱི་ཉེས་པ་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། ཆོས་སྤངས་པའི་ཕྱིར། འབྱེད་པ་པོ་ལས་གཞན་ལ་ལུས་ངག་གི་ལྟུང་བ་ནི་འདིའོ། །ཞེས་ངོས་བཟུང་བར་དཀའ་སྟེ། ངོས་འཛིན་ན་རྫུན་གྱི་ཉེས་པར་བཞག་དགོས་ཤིང༌། དེ་ཡང་ལས་བྱེད་པ་པོ་ལས་གཞན་དགེ་འདུན་ལ་བཤད་དཀའ་བའི་ཕྱིར་ཏེ། ཇི་སྐད་དུ། དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་དང༌། ཆོས་ཆོས་མ་ཡིན་པར་སྟོན་ན་ཉེས་པ་སྦོམ་པོའོ་ཞེས་བཤད་པས་སོ། །འོ་ན་ཆོས་མ་ཡིན་པའི་ཕྱོགས་ཀྱི་ལས་བྱེད་པ་པོ་གང་ཡིན་པ་དེ་དབྱེན་གྱི་འབྱེད་པ་པོ་ཉིད་དུ་ཁས་ལེན་པར་བྱེད་དམ་ཞེ་ན། དེ་ནི་ངེས་པར་དེ་ཉིད་དུ་ཁས་བླང་བར་བྱའོ། །གཉིས་པ་སྔ་རབས་པ་དག་དང་མཐུན་པར་བཤད་པ་ནི། དགེ་འདུན་གྱི་དབྱེན་ལ་གཉིས་ཏེ། ཤེས་བྱ་ཕྱིན་ཅི་ལོག་ཏུ་སྟོན་པ་འཁོར་ལོའི་དབྱེན་དང་སྤྱོད་པ་ཕྱིན་ཅི་ལོག་ཏུ་སྟོན་པ་ལས་ཀྱི་དབྱེན་གཉིས་ལས། དང་པོ་ལ་བཅུ་གཅིག་སྟེ། དབྱེན་འཆགས་པའི་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་དང༌། དབྱེན་འབྱུང་བའི་དུས་དང༌། གནས་པའི་ཚད་དང༌། དབྱེན་གྱི་ཉེས་དམིགས་དང་ལྡན་པ་དང༌། ཁ་ན་མ་ཐོ་བ་གང་དུ་གཏོགས་པ་དང༌། དེ་ཕྱིར་བཅོས་པའི་ཐབས་དང༌། འཁོར་ལོ་བྱེ་བའི་སྒྲ་བཤད་པའོ། །དང་པོ་ནི་དབྱེན་འཆགས་པའི་གཞི་ལྔ་སྟེ། གང་ལས་དབྱེ་བར་བྱ་བ་ཆོས་ལས་ཐ་དད་པར་དང༌། གང་དག་དབྱེ་བ་སོ་སོ་སྐྱེ་བོའི་དགེ་འདུན་ཁ་སྐོང་བར་འོས་པ་དང༌། གྲངས་བརྒྱད་དུ་ཚང་བ་དང༌། མི་མཐུན་པ་མེད་པའོ། །ནམ་གྱི་ཚེ་དབྱེ་བ་ནི་གསུམ་སྟེ། སྟོན་པ་ཞུགས་ཤིང་མྱང་ངན་ལས་འདའ་ཀ་མ་ཡིན་པ་དང༌། བསྟན་པ་ཆུ་བུར་བྱུང་བའི་དུས་མ་ཡིན་པ་དང༌། མཆོག་ཟུང་གཅིག་བསྒོས་པའི་དུས་སོ། །གང་དུ་དབྱེ་ན། འཛམ་བུའི་གླིང་ཡིན་པ་དང༌། མཚམས་ནང་གཅིག་ཏུ་དང༌། སྟོན་པའི་མངོན་སུམ་མ་ཡིན་པའོ། །བྱེད་པ་པོ་ནི་ལྟ་སྤྱོད་ཚུལ་ལྡན་ནོ། །བསམ་པ་འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་བསམ་པ་ཐག་པ་ནས་ཆོས་ལས་ཐ་དད་པར་གསོལ་བའམ། ཚུལ་ཤིང་གིས་འབྱེད་པར་འདོད་པའི་བསམ་པ་རྒྱུན་མ་ཆད་པའོ། །སྦྱོར་བ་གསོལ་བའམ་ཚུལ་ཤིང་གིས་འབྱེད་པར་བརྩོན་པའོ། །མཐར་ཐུག་སྟོན་པའམ་ལམ་གཞན་ལ་བཟོད་པར་གྱུར་པའོ། །དེ་འབྱུང་བའི་དུས་ནི་འཚོ་བ་ཉམས་པའི་དུས་ནའོ། །དབྱེན་གནས་པའི་དུས་ནི་ཉིན་ཞག་ཕྲུགས་གཅིག་གོ །དབྱེན་གྱི་ཉེས་དམིགས་ནི་སྟོན་པ་གཅིག་གི་ཞིང་ཁམས་སུ་རྒྱུད་ལ་ལམ་ལྔ་སྐྱེར་མི་སྟེར་བའོ། །ལྡན་པ་ནི་དགེ་འདུན་ཐུགས་བརྩེ་མི་འཕྲོད་པའི་རང་བཞིན་ལྡན་པ་མ་ཡིན་པའི་འདུ་བྱེད་ལུང་མ་བསྟན་དེ་དང་དགེ་འདུན་ལྡན་ལ། དེའི་ཁ་ན་མ་ཐོ་བ་བརྫུན་དུ་གྱུར་པ་དེ་དང་འབྱེད་པ་པོ་ལྡན་ནོ། །ཕྱིར་བཅོས་པའི་ཐབས་ནི་མཆོག་ཟུང་གཅིག་གིས་བསྡུམས་མཛད་པའི་ཚུལ་ལུང་ནས་འབྱུང་བ་བཞིན་ནོ། །སྒྲ་བཤད་པ་ནི་ཆོས་ཀྱི་འཁོར་ལོ་ལས་ཐ་དད་དུ་ཕྱེ་བའོ། །འཁོར་ལོ་ནི་མཐོང་བའི་ལམ་སྟེ། ཇི་སྐད་དུ། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། ཞེས་སོ། །ལས་ཀྱི་དབྱེ་ན་ནི། ལུང་དུ་ཀཽ་ཤམྦི་བས་ཡངས་པ་ཅན་པ་ལ་གནས་ཕྱུང་བྱས་པ་དང༌། ལས་བརྒྱ་དང་འགྲེལ་པར་ཡངས་པ་ཅན་པས་གཅིག་ཤོས་ལ་གནས་ཕྱུང་བྱས་པར་བཤད་ཅིང༌། གནས་ཕྱུང་གི་ཚོགས་ཀྱིས་ལས་ལོགས་སུ་བྱས་པས་ལས་བྱེ་བར་བཤད་དོ། །དེ་ལ་འདི་ལྟར་བརྟག་ནུས་ཏེ། ཚོགས་ལོངས་ལ་གནས་ཕྱུང་བྱས་ན་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པས་དེ་ལྟར་མི་བྱེད་པ་ནི་སྤྱིར་བཏང་ཡིན་མོད། དགག་བྱ་དེ་ཡོད་བཞིན་དུ་གནས་ཕྱུང་བྱས་པས་ལས་འཆགས་ལ་ལྟུང་བ་སྦོམ་པོར་གྱུར་པའོ། །ཞེས་པའམ། ཡང་ན་དགེ་སློང་གནས་ཕྱུང་ལྟ་སྤྱོད་ཚུལ་ལྡན་ཞིག་གིས་གནས་ནས་མ་ཕྱུང་བ་དག་ཀྱང་ཆོས་མ་ཡིན་པའི་ཕྱོགས་སུ་འཐེན་ནས་ཕྱེ་བའོ། །དེ་འདྲ་མ་བཤད་དོ་སྙམ་དུ་བཟུང་བར་མི་བྱ་སྟེ། འཁོར་དང་བསོད་ནམས་མང་བ་དང༌། སྡེ་སྣོད་འཛིན་པ་ལ་ནན་ཏུར་དེ་བྱས་ན་དབྱེན་གྱི་ཉེས་དམིགས་དེ་འབྱུང་བར་བཤད་པའི་ཕྱིར་རོ། །གལ་ཏེ་འོ་ན་གནས་ཕྱུང་དེ་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་ན་ཆེས་ཤིན་ཏུ་བཟང་དུ་འགྲོ་བ་ཡིན་པར་འགྱུར་ཏེ། གནས་ཕྱུང་གི་དུས་སུ་དགེ་འདུན་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་མཉམ་དུ་མི་རུང་བ་ལས། འདིར་ནི་ཚུལ་ཁྲིམས་དག་པའི་དགེ་འདུན་དང་ལྷན་ཅིག་ཏུ་ལས་བརྒྱ་རྩ་གཅིག་པོ་ཉམས་སུ་མྱོང་བར་རུང་བའི་ཕྱིར་སྙམ་ན། དེ་ལྟར་རུང་བ་དེ་གནས་ཕྱུང་ཐམས་ཅད་ཀྱིས་མ་ཡིན་ཏེ། ལྟ་བ་ཉམས་པས་གནས་ནས་ཕྱུང་བ་དག་གིས་དེ་ལྟར་རུང་ཡང༌། ཚུལ་ཁྲིམས་ཉམས་པ་ལ་གནས་ཕྱུང་གི་ལས་བྱས་པ་དག་གིས་དེ་ལྟར་མ་ཡིན་པའི་ཕྱིར། དཔེར་ན་ཕྱིར་མི་འཆོས་གནས་དབྱུང་ནན་ཏུར་བྱས་པ་དག་ནི། དབྱེན་བྱེད་པ་པོ་དང༌། བྱེ་བའི་དགེ་འདུན་དག་ལས་བྱེད་པའི་ཁ་སྐོང་དུ་རུང་བ་མ་ཡིན་པའི་ཕྱིར། འོ་ན་ཚུལ་ཁྲིམས་ཉམས་པས་གནས་ཕྱུང་བྱས་པ་དག་ལ་བྱེ་འགྱུར་གྱི་དགག་བྱ་མེད་ན་ཁྱིམ་པ་ཉིད་དུ་འགྱུར་བའི་དགག་བྱ་ཡོད་པས་དེ་འགོག་དགོས་པ་མ་ཡིན་ནམ་ཞེ་ན། དགག་བྱ་དེ་བསྙེན་པར་མ་རྫོགས་པ་ལ་ཡོད་པས་གནས་ཕྱུང་གི་ལས་མ་གསུངས་ལ། ལྟ་བ་ཉམས་ན་བྱེ་འགྱུར་གྱི་དགག་བྱ་མེད་ཅིང༌། ཚུལ་ཁྲིམས་ཅུང་ཟད་ཉམས་ཀྱང་བསྟན་པ་ལ་ཞུགས་ཤིང་རྫོགས་པ་ལ་ཁྱིམ་པར་འགྲོ་བའི་དགག་བྱ་ཤས་ཆུང་ཞིང༌། ཁྱིམ་པར་སོང་ན་དེ་ཉིད་ཀྱིས་ཞི་བས། དེ་ཞི་བྱེད་ཀྱི་ཆོས་ནི་གསལ་བར་མ་གསུངས་སོ། །གཉིས་པ་ནི་རྩོད་པ་ཞི་བྱེད་ཀྱི་ཆོས་རྣམས་བསྟན་པ་ལ། མདོ་ནི། ཇི་སྐད་དུ། མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླངས་པར་ཡང་བྱ་བའོ། །ཞེས་གསུངས། འདི་ལ་གསུམ་སྟེ། དེས་གང་ཞི་བར་བྱ་བའི་རྩོད་པ་ངོས་བཟུང༌། རྩོད་པ་གང་ལ་ཞི་བྱེད་གང་འཇུག་པ། དེས་དེ་ཞི་བར་བྱས་པའི་ཕན་ཡོན་ནོ། །དང་པོ་ལ། རྩོད་པ་ནི་འཁྲུག་ལོང་སྟེ་ཚིག་གི་ཕྱིར་དུ་སེམས་གཞོལ་བའོ། །ཞེས་སྔ་མ་རྣམས་འཆད་ལ། རྩོད་པའི་ངོ་བོ་ནི་ལུས་ངག་གི་ལས་དང༌། འཁྲུག་པ་ནི་དེའི་ཀུན་སློང་དུ་བཤད་ནའང་འབྲེལ་ཆགས་སོ། །དེ་ལ་དབྱེ་ན་རྒྱུ་བཞིའི་དབྱེ་བས་བཞིའོ། །བཞི་པོ་གང་ཞེ་ན། འགྱེད་ཕྱིར་གྱི་དང༌། མི་གདམས་པའི་ཕྱིར་གྱི་དང༌། ལྟུང་ཕྱིར་གྱི་དང༌། བྱ་ཕྱིར་གྱི་རྩོད་པ་རྣམས་སོ། །སོ་སོར་ཕྱེ་ན་བཅུ་གཅིག་སྟེ། གཉིས་པ་དེ་ལ་རྒྱུ་བཅས་དང་རྒྱུ་མེད་གཉིས། རྒྱུ་མེད་ལ་བཞིར་ཕྱེ་བས་ལྔ། ལྟུང་ཕྱིར་ལ་ཉེས་པ་རང་གི་ངོ་བོ་ངོ་ཤེས་མི་ཤེས་གཉིས། དང་པོ་ལ། ཕྱིར་འཕྲོས་མ་འཕྲོས་གཉིས། དང་པོ་ལ་ཉེ་ཚེ་བ་དང་མཐའ་དག་པ་གཉིས་སུ་ཕྱེ་བས་དགུ། ཐོག་མཐའ་གཉིས་དང་བཅུ་གཅིག་གོ །དང་པོ་འགྱེད་ཕྱིར་ལ་སོགས་པ་བཞི་ལ་ཐུན་མོང་གི་རྒྱུ་དང་སོ་སོའི་རྒྱུ་གཉིས་ལས། དང་པོ་ནི། ལུང་ལས། ཇི་སྐད་དུ། འགྱེད་པའི་རྩ་བ་དྲུག་སྟེ། ཁྲོ་ཞིང་འཁོན་དུ་འཛིན་པ། འཆབ་ཅིང་འཚིག་པ། ཕྲག་དོག་བྱེད་ཅིང་སེར་སྣ་ཅན། གཡོ་བྱེད་ཅིང་སྒྱུ་ཅན། ངོ་ཚ་མེད་ཅིང་ཁྲེལ་མེད་པ། རང་ལྟ་མཆོག་ཏུ་འཛིན་ཞིང་འཆལ་པ་འཛིན་པ། སྨྲས་པ་ལ་རྔན་འཐེན་བྱེད་པ་ཞེས་གསུངས། གཉིས་པ་ནི། རྩོད་པ་དང་པོའི་ཐུན་མོང་མ་ཡིན་པའི་རྒྱུ་ནི་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པར་ཞེས་བྱ་བ་དེ་ཡིན་ལ། དེའི་དོན་ཀྱང༌། དེ་ལམ་ཐོས་གཉིས་སུ་འཛིན་པ་སྟེ། དངོས་པོའམ་བཞི་བཅུ་གཉིས་ལ་མི་མཐུན་པ་གཉིས་གཉིས་འདྲེན་པའོ། །བཅུ་གཉིས་པོ་གང་ཞེ་ན། ཆོས་དང༌། འདུལ་བ་དང༌། ལྟུང་བ་དང༌། ལྟུང་མེད་དང༌། ལྕི་བ་དང༌། ཡང་བ་དང༌། སྡོམ་པ་གསོ་བའི་ལྷག་མ་ཡོད་པ་དང༌། མེད་པ་དང༌། བཤགས་བྱ་དང༌། བསྡམ་བྱ་དང༌། ཉེས་པར་བཤད་པ་དང༌། ལེགས་པར་བཤད་པ་རྣམས་སོ། །དེ་དག་རེ་རེ་ལ་རྒོལ་བ་དང༌། ཕྱིར་རྒོལ་བས་ཡིན་མིན་གྱི་མཐའ་སོ་སོ་བཟུང་ནས་རྩོད་པའོ། །མི་གདམས་པའི་ཕྱིར་གྱི་རྩོད་པའི་རྒྱུ་ནི། སྤོང་བ་དང་ཞེས་པ་གསོ་སྦྱོང་བཞག་པ་སོགས་ནས་གནས་ཕྱུང་ལ་ཐུག་པའི་བར་རོ། །དེ་ནི་ཉེས་པ་དེ་ཡིན་མིན་དང་ཡོད་མེད་ལ་རྩོད་པ་མ་ཡིན་གྱི། ཉེས་པ་དེ་ལ་ཆད་པ་དེ་རིགས་མི་རིགས་རྩོད་པའོ། །དཔེར་ན་ས་རྐོའི་ལྟུང་བ་མ་བྱུང་བཞིན་དུ་གླེང་བའི་སྐབས་མི་ཕྱེ་བ་ན་གསོ་སྦྱོང་བཞག་པའི་ནན་ཏུར་རིགས་མི་རིགས་ལ་རྩོད་པ་ལྟ་བུའོ། །གསུམ་པ་ལྟུང་ཕྱིར་གྱི་རྩོད་པའི་རྒྱུ་ནི། ལྟུང་བ་གང་ཡང་རུང་བ་དང་བཅས་པ་ཉིད་དེ། དེ་ནི་ལྟུང་བ་བྱུང་མ་བྱུང་དང་བྱུང་བ་དེ་ཡིན་མིན་ལ་རྩོད་པའོ། །ལྟུང་བ་མ་བྱུང་བཞིན་དུ་གླེངས་བ་ལས་བྱུང་བའི་རྩོད་པ་ནི་མི་གདམས་པའི་ཕྱིར་གྱི་རྩོད་པའི་ནང་དུ་བསྡུས་སོ། །བྱ་ཕྱིར་གྱི་རྩོད་པའི་རྒྱུ་ནི་ལས་ལ་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་སྟེ། འདི་ནི་སྤྱིར་བཏང་དུ་ལས་བྱེ་མ་ཟིན་ཞིང༌། གནས་ཕྱུང་ཡང་བྱས་མ་ཟིན་གོང་དུ་མཐུན་པ་མི་སྦྱིན་པའོ། །དེ་ལ་ཡང་ཁ་བསྐོང་དུ་འོས་པ་ལ་མི་སྦྱིན་པ་དང༌། མི་འོས་པ་ལ་མི་སྦྱིན་པ་གཉིས་ལས། དང་པོས་ནི་ལས་མི་འཆགས་ལ། གཉིས་པས་ནི་ལས་བྱེ་བར་འགྱུར་བའོ། །དེ་ལྟར་ཐུན་མོང་དང་སོ་སོའི་རྒྱུར་བཤད་པ་དག་ལས། ཐུན་མོང་མ་ཡིན་པའི་རྒྱུ་དེ་དག་གིས་ཀུན་ནས་བླངས་པ་ཞིག་ངེས་པར་དགོས་ཏེ། རབ་ཏུ་བྱུང་བའི་རྩོད་པ་ཡིན་པའི་ཕྱིར་རོ། །ཆོས་དང་འདུལ་བའི་དབང་དུ་བྱས་པ་མ་ཡིན་པར་ཚོར་བ་བདེ་སྡུག་གི་དབང་དུ་བྱས་པའི་རྩོད་པ་ནི་ཁྱིམ་པའི་རྩོད་པ་ཡིན་པས་རྩོད་པ་དེ་དང་དེའི་ཞི་བྱེད་འདིར་འཆད་པ་སྐབས་སུ་མ་བབ་པའི་ཕྱིར། གཉིས་པ་ཞི་བྱེད་གང་འཇུག་པ་ནི། འགྱེད་ཕྱིར་གྱི་རྩོད་པ་ལ་ནི་རྒྱུད་གཅིག་ཏུ་བྱས་པས་ཞི་བར་བཤད་ལ། དེར་བྱེད་པ་ནི་མངོན་སུམ་བརྒྱད་དང་གང་མང་གི་ཞི་བྱེད་དོ། །བརྒྱད་ནི། རྒོལ་ཕྱིར་རྒོལ་གྱི་མངོན་གསུམ་དང༌། གཟུ་བོའི་དང༌། དགེ་འདུན་བཞི་པོའི་དང༌། གསལ་བའི་དང༌། གསལ་བའི་གསལ་བའི་དང༌། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱི་དང༌། སྡེ་སྣོད་འཛིན་པའི་དང༌། གནས་བརྟན་མཐུ་ལྡན་གྱི་མངོན་སུམ་མོ། །གང་མང་གི་ཞི་བྱེད་ནི། ཚུལ་ཤིང་ལེན་པ་གང་མང་གི་ཕྱོགས་སུ་རྩོད་པ་ཞི་བ་ལ་སེར་སྣ་མེད་པ་སྟེ། མངོན་སུམ་བརྒྱད་ཀྱིས་ཞི་བར་མ་ནུས་པ་སྔོན་དུ་སོང་བ་ལས་སོ། །འདི་ཚུལ་ཁྲིམས་གཏན་ལ་འབེབས་པ་ལ་མི་སྲིད་ཅེས་གསུངས་པ་ཡང་རྩོད་པ་ཕྱི་མ་གཉིས་ཀྱི་ཞི་བྱེད་ལ་མི་འཇུག་པའི་དོན་ཡིན་གྱི། འགྱེད་ཕྱིར་གྱི་རྩོད་པའི་ནང་ན་ཆོས་གཏན་ལ་འབེབས་པ་དང་ཚུལ་ཁྲིམས་གཏན་ལ་འབེབས་པ་གཉིས་ཡོད་པ་དེ་ལ་དགོངས་པ་ནི་མ་ཡིན་ཏེ། དེ་ལ་ནི་དེ་ཤིན་ཏུ་ཡང་འཇུག་པའི་ཕྱིར་རོ། །དེའི་ཚེ་ཆོས་མ་ཡིན་པས་ཞི་བ་ལ་སྐྱོ་སྔོགས་མི་བྱ་བར་བཤད་པ་དེའི་ཚེ་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ལ། དེ་ལྟ་ན་ཚུལ་ཤིང་འབྲིམ་པ་པོ་ལ་དབྱེན་གྱི་ཉེས་པ་དང༌། ལེན་པ་པོ་ལ་ཆོས་སྤོང་གི་ཉེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་ཚེ་ཚུལ་ཤིང་དེ་ལྟར་བྲིམས་ན་ལས་ཀྱིས་དབྱེན་དང༌། ཆོས་གཏན་ལ་འབེབས་པའི་ཚེ་དེ་ལྟར་བྲིམས་ན་འཁོར་ལོའི་དབྱེན་དང་ཆོས་སྤོང་གི་དགག་བྱ་ཡོད་མེད་ནི་ཀུན་སློང་གིས་འབྱེད་དགོས་པ་དང༌། དེ་ལྟར་འགྱུར་གྱི་དོགས་ནས་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་ན་བྲིམ་པར་མི་བྱ་བ་སོགས་གཡོ་སྒྱུའི་རྣམ་པ་མང་པོ་དག་གསུངས་པ་དང༌། སྐྱོ་སྔོགས་མི་བྱེད་པའི་དོན་ཀྱང༌། འབྲས་བུ་རྩོད་པ་ཞི་བ་ཙམ་ཡིན་གྱི། རྒྱུ་གཞན་གྱི་གྲུབ་མཐའ་དེའི་རྗེས་སུ་འཇུག་དགོས་པ་མ་ཡིན་པའོ། །མཉམ་ན་ཉན་ཐོས་ཆེན་པོའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་ལེན་ཞེས་པ་འདི་ལ་གཅིག་ཕྱོགས་པས་ཀྱང་རྩི་དགོས་པ་ཡིན་ཏེ། དེ་ཡང་སྟོན་པ་འདི་ཉིད་ཀྱི་འདུལ་བ་ལས་མི་འདའ་བའི་ཕྱིར། སྒྲ་རྟག་མི་རྟག་ལྟ་བུ་ལ་བརྩད་ནས་རྟག་པར་ཁས་ལེན་པ་དེ་ཆོས་མ་ཡིན་པའི་ཕྱོགས་སུ་མཐུན་པ་མེད་པས་མི་རྟག་པའི་ཕྱོགས་ཀྱིས་ཉན་ཐོས་ཆེན་པོའི་ཚུལ་ཤིང་ལེན་པར་མ་ངེས་སོ་ཞེ་ན། དེར་ངེས་ཏེ། ཚུལ་ཤིང་བྲིམ་པ་ནི་དགེ་འདུན་གཟུ་བོས་བསྐོས་པའི་ཕྱིར། སྔ་མའི་རིགས་པས་ཆོས་མ་ཡིན་པའི་ཚུལ་ཤིང་གཅིག་གིས་མང་ན་ཆོས་ཕྱོགས་པས་ཉན་ཐོས་ཆེན་པོའི་ཚུལ་ཤིང་གཅིག་པོ་དེ་བླངས་པས་ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བར་མི་འགྱུར་བའི་དོན་དུའོ། །གཉིས་པ་མི་གདམས་པའི་ཕྱིར་གྱི་རྩོད་པ་ཞི་བྱེད་ནི། ཇི་སྐད་དུ། རྒྱུ་གཉིས་པ་ལས་བྱུང་བ་ནི་འདི་དང་དག་པ་སྦྱིན་པས་སོ། །ཞེས་འབྱུང་ལ། དོན་ནི། རྩོད་པ་འདི་ལ་རྒྱུ་བཅས་དང་རྒྱུ་མེད་གཉིས་ལས། དང་པོ་ནི། རྒྱུད་དེ་ལ་ཉེས་པ་དེ་བྱུང་བར་ཁས་བླངས་ནས། ཉེས་པ་དེ་ལ་ནན་ཏུར་དེ་བྱེད་རིགས་མི་རིགས་རྩོད་པ་ཡིན་ལ། དེ་ལ་ནི་མངོན་སུམ་བརྒྱད་དང་གང་མང་གི་ཞི་བྱེད་འཇུག་པས་ན་འདི་དང་ཞེས་སྨོས་སོ། །དག་པ་སྦྱིན་པ་ཞེས་པ་ནི་གླེང་བྱ་ལ་དག་པ་སྟེར་བ་སྟེ། དེ་ལ་ནན་ཏུར་དེ་བྱེད་པའི་གཞི་མེད་པའོ། །དཔེར་ན་གླེང་བྱ་ལ་སྨད་པ་ནན་ཏུར་གྱི་གཞི་དེའི་དོགས་པ་དང་བཅས་པས་གླེངས་པ་ན་སྐབས་མི་འབྱེད་པ་དེ་ལ་གསོ་སྦྱོང་བཞག་པ་སོགས་བྱས་པ་ལས་རྩོད་པར་གྱུར་པ་ན་དེའི་གཞི་དེ་གཏན་ནས་མེད་པ་དང༌། བསྐྲད་པ་ནན་ཏུར་ལྟ་བུའི་གཞི་གཞན་བསྒྲུབས་པ་དང༌། སྔ་མའི་གཞི་དོགས་པ་ཙམ་ཡོད་ཀྱང༌། ཡིད་ཀྱིས་བསྡམས་པས་འདག་པ་དང༌། གླེང་བྱེད་ཀྱི་མཐོང་བའི་གཞི་ཡོད་ཀྱང༌། གླེང་བྱ་སྨྱོ་བའི་སྐབས་སུ་བྱས་པ་རྣམས་སོ། །དེ་ལ་དག་པ་ཇི་ལྟར་སྦྱིན་ཞེ་ན། དྲན་པས་འདུལ་བ་དང༌། མ་མྱོས་པས་འདུལ་བ་གང་ཡང་རུང་བ་ཡིན་ནོ། །གཉིས་པོ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཡིན་པ་ཡིན་ལ། དེ་གཉིས་ལ་དག་པ་སྦྱིན་པ་ཞེས་བྱ་སྟེ། མི་གདམས་པ་སོགས་སྤང་བར་འོས་པའི་རྒྱུ་མེད་པ་ཉིད་དུ་ཐག་བཅད་ནས་གླེང་བྱ་དེ་ཆད་པའི་རྒྱུད་རྣམ་པར་དག་པ་ཉིད་དུ་བཞག་པའི་ཕྱིར་རོ། །གསུམ་པ་ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ལ་གཉིས་ཏེ། ཉེས་པ་རང་གི་ངོ་བོ་ཤེས་པ་དང་མི་ཤེས་པའོ། །དང་པོ་ལ་གསུམ་སྟེ། གླེང་བྱ་གླེངས་བྱེད་གཉིས་ལས་གཞན་དུ་མ་འཕྲོས་པ་དང༌། འཕྲོས་པའོ། །དང་པོ་ནི། གླེང་བྱ་ཉིད་ཀྱིས་ཁས་བླངས་པས་ཞི་བར་འགྱུར་རོ། །གཉིས་པ་ལ། ཉི་ཚེ་བ་ལ་འཕྲོས་པ་དང༌། མཐའ་དག་ལ་འཕྲོས་པའོ། །དེ་གཉིས་ཀྱི་ཞི་བྱེད་ནི། ཇི་སྐད་དུ། གཉིས་པ་ལས་ནི་མངོན་སུམ་གྱིས་འདུལ་བས་སོ། །གསུམ་པ་ལས་ནི་རྩྭ་བཀྲམ་པ་ལྟ་བུས་སོ། །ཞེས་གསུངས། འདི་གཉིས་ཀྱི་ཁྱད་པར་ནི་སྔ་མ་ལ་ལྟུང་བ་དེས་མ་གོས་པའི་གཟུ་བོ་ཡོད་ལ། གཉིས་པ་ལ་གཟུ་བོ་གཞན་མེད་པས་རང་རང་ནས་བློ་རྩེ་མཐུན་པར་བྱེད་དགོས་པའོ། །དང་པོ་གཉིས་ལ་ཁས་བླངས་དང་མངོན་སུམ་གྱི་ཁྱད་པར་འབྱུང་བ་ནི། གླེང་བྱ་མང་པོ་པ་དེ་དག་གིས་ཁས་བླངས་ན་དེ་ཞི་ཡང༌། མ་བླངས་ན་གཟུ་བོ་ལ་སོགས་པའི་མངོན་སུམ་དགོས་པས་སོ། །འདི་ཡང་ས་རྐོ་བ་ལྟ་བུའི་ལྟུང་བ་དེར་གཏོགས་པའི་ཆ་ནས་ཉེས་པ་རང་གི་ངོ་བོ་ཤེས་པ་ཡིན་ཀྱང༌། སྦྱོར་བ་དང༌། དངོས་གཞི་དང༌། དགེ་འདུན་གྱི་དོན་ཡིན་པ་སོགས་ཀྱི་ཆ་ནས་མི་མཐུན་པར་རྩོད་པ་ཡིན་ལ། འདིར་བྱུང་མ་བྱུང་རྩོད་པ་ནི་མ་ཡིན་ཏེ། འདི་ནི་ཉེས་པ་རང་གི་ངོ་བོ་ངོ་ཤེས་མི་ཤེས་གཉིས་སུ་བསྡུས་ནས་བཤད་ལ། དེ་ནི་འདི་གཉིས་སུ་མི་འདུ་བའི་ཕྱིར། རྩྭ་བཀྲམ་པ་ལྟ་བུའི་ཞི་བྱེད་ལ། གོ་དོན་ནི། གླེང་བྱེད་མ་གཏོགས་དགེ་འདུན་མཐའ་དག་ལྟུང་བ་གཅིག་གམ་མང་པོ་དག་དང་འབྲེལ་བར་གྱུར་པ་དེའི་ཚེ། རྩྭ་བཀྲམ་པ་ན་ཐམས་ཅད་རྩེ་མོ་སྤྲད་ནས་འདུག་པ་བཞིན་དུ་ཐམས་ཅད་བློ་རྩེ་གཅིག་པར་བྱེད་པའོ། །ཇི་ལྟར་ན། ཐམས་ཅད་ཚོགས་པའི་མདུན་དུ་རང་རང་ལ་ལྟུང་བ་གང་བྱུང་བ་དེ་ཁས་ལེན་པའོ། །དེ་ལྟར་བླངས་པ་དེ་ཕྱིར་བཅོས་པའི་ཚེ་གཅིག་གིས་མང་པོའི་ལྟུང་བ་ཕྱིར་བཅོས་པས་ཆོག་པ་ཡིན་ཏེ། ཐམས་ཅད་བློ་རྩེ་གཅིག་ཏུ་གྱུར་པའི་ཕྱིར། གཅིག་པུ་དེས་དགེ་འདུན་མང་པོ་ལ་བྱུང་བའི་ས་རྐོ་ལྟ་བུ་གཅིག་པོ་དེར་མ་ཟད། མྱོས་འགྱུར་དང་མེ་རེག་ལ་སོགས་པ་མང་པོ་དག་གཅིག་ཆར་དུ་བཤགས་པས་ཆོག་པ་ཡིན་ཏེ། བློ་རྩེ་གཅིག་ཏུ་གྱུར་པའི་ཕྱིར། དེའི་ཚེ་ཇི་ལྟར་བྱ་ཞེ་ན། གླེང་བྱེད་གཅིག་པུ་དེའི་མདུན་དུ་གླེང་བྱ་མང་པོ་དག་གི་ནང་ནས་གང་རུང་གཅིག་གིས་འདི་སྐད་ཅེས། ཁོ་བོ་འཆར་ཀ་ལ་ས་རྐོའི་ལྟུང་བ་བྱུང་བ་འདི་དང༌། ཁོ་བོ་འདུན་པ་ལ་མེ་རེག་གི་ལྟུང་བ་བྱུང་བ་འདི་དང༌། ཚོགས་པ་ཐམས་ཅད་ལ་སྐྱེ་བ་གཅོད་པའི་ལྟུང་བྱེད་བྱུང་བ་འདི། ཚེ་དང་ལྡན་པའི་མདུན་དུ་བཤགས་སོ། །ཞེས་པ་ལྟ་བུའོ། །དེ་སྐད་དུ་ཡང༌། དུ་མ་དག་གཅིག་ཆར་དུ་ཡང་ངོ༌། །གང་ཡིན་པ་ཞེས་སྨོས་པ་དང༌། ཤེས་པ་གནང་བར་བྱས་ནས་སོ། །ཕྱོགས་གཞན་མཐུན་པར་གྱུར་ནའོ། །ལྷན་ཅིག་པའི་དངོས་པོས་གླེང་པ་ཉིད་དུ་རུང་ངོ་ཞེས་བཤད་དོ། །འདི་ནི་གཙོ་བོར་མཐོལ་བའི་དབང་དུ་བྱས་པ་ཡིན་ཏེ། མང་པོ་དག་གི་དོན་དུ་དགེ་འདུན་མ་ཡིན་པ་ལ་བཤགས་པར་བྱ་བ་དག་ནི་གཅིག་གི་ཕྱིར་བཅོས་པར་བྱའོ་ཞེས་བཤད་ལ། འདི་ཡང་རེག་པ་དང་འཁྲིག་ཚིག་སྨྲ་བ་ལྟ་བུ་དགེ་འདུན་ལྷག་མའི་དབང་དུ་བྱས་པར་གླེང་གཞི་ལས་གསལ་བ་དང༌། ལྷག་མ་ནི་དགེ་འདུན་མ་ཡིན་པ་ལ་བཤགས་པས་མི་འདག་པའི་ཕྱིར། རྩྭ་བཀྲམ་ཞེས་པ་འདི་ནི་སྐབས་འདིའི་རྩོད་པ་ཞི་བྱེད་ཁོ་ནར་མ་ཟད། ལྟུང་བ་ཕྱིར་བཅོས་ཚུལ་གོང་དུ་བཤད་པ་དག་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་བསྟན་པ་ཡིན་ཏེ། བློ་རྩེ་གཅིག་པའི་དགེ་སློང་མང་པོའི་ལྟུང་བ་མཐུན་མི་མཐུན་ཐམས་ཅད་དགེ་སློང་གཅིག་གིས་མཐོལ་བས་འཆབ་ཉེས་ཁེགས་པ་དང༌། བཤགས་པ་ཙམ་གྱིས་འདག་པ་རྣམས་གཅིག་པུ་དེས་བཤགས་པས་ཀྱང་ཆོག་པར་བཤད་པའི་ཕྱིར་རོ། །འདིར་སྐབས་སུ་བབ་པ་ནི། མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་ལྟུང་བ་རིགས་མཐུན་པ་གཅིག་གམ་མི་མཐུན་པ་མང་པོ་དང་བཅས་པའི་རྒོལ་བར་གྱུར་ནས། ཕྱིར་རྒོལ་ནི་གླེང་བྱེད་གཅིག་པུ་ལས་མེད་པ་དེའི་ཚེ་དཔང་པོ་ནི་མེད་པས་མངོན་སུམ་གྱི་ཞི་བྱེད་མི་འཇུག གཅིག་གིས་ཁས་བླངས་ཀྱང་གཞན་གྱིས་ཁས་མ་བླངས་ན་ཁས་བླངས་ཀྱི་ཞི་བྱེད་མི་འཇུག གླེང་བྱ་ཐམས་ཅད་ཀྱིས་ཁས་བླངས་པ་དེ་ལ་ནི་རྩྭ་བཀྲམ་པ་ལྟ་བུ་ཞེས་མིང་གིས་བཏགས་སོ། །དཔེ་དེས་བསྟན་པའི་དོན་འདི་ཡང་སྤྱིར་གལ་ཆེ་བའི་ཚུལ་དང༌། ཁྱད་པར་རྩོད་པ་ཞི་བྱེད་དུ་བསྟན་པའི་རྒྱུ་མཚན་ནོ། །དང་པོ་ནི། སྤྱིར་དགེ་འདུན་བློ་རྩེ་མཐུན་པ་དང༌། ཁྱད་པར་དགེ་འདུན་ཉི་ཚེ་བ་དང་མཐའ་དག་ལ་ཁྱབ་པའི་ལྟུང་བ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གང་བྱུང་ཡང་སྦ་བ་དང་འཆབ་པ་མེད་པར་ཕན་ཚུན་དུ་མཐོལ་བ་དང་བཤགས་པ་དང་བྱིན་གྱིས་རླབས་པ་རྣམས་སྐབས་དང་སྦྱར་ནས་བྱེད་པ་ཡིན་ལ། བློ་རྩེ་གཅིག་པའི་དགེ་འདུན་དེ་ཐམས་ཅད་ཀྱི་ལྟུང་བ་མཐོལ་བ་དང་བཤགས་པ་ཙམ་གྱིས་འདག་པ་རྣམས་ནི་དགེ་སློང་གཅིག་གིས་ལྟུང་བ་བྱུང་བའི་གང་ཟག་སོ་སོའི་མིང་དང༌། ལྟུང་བ་ཐ་དད་པ་རྣམས་ཀྱི་མིང་རིགས་ཚིག་ཏུ་བརྗོད་ཅིང༌། བཤགས་ཡུལ་གྱི་ཤེས་པ་ལ་སྣང་བར་བྱས་ནས་མཐོལ་ཤིང་བཤགས་པས་ཆོག་པ་ནི་དགེ་འདུན་ཐམས་ཅད་བློ་རྩེ་གཅིག་ཏུ་འཕྲོད་པའི་ནུས་པའོ། །གཉིས་པ་ནི། མཚམས་དེར་གཏོགས་ཀྱི་དགེ་འདུན་ཐམས་ཅད་རྩོད་གཞིར་གྱུར་པའི་ལྟུང་བ་དེ་དང་བཅས་པའི་ཚེ། ཞི་བྱེད་ཀྱི་ཆོས་ནི་རྩྭ་བཀྲམ་པ་ལྟ་བུ་ཅེས་པ་འདི་ལས་གཞན་ཡོད་པ་མ་ཡིན་ཏེ། གླེང་བྱ་ཚོགས་སུ་ལོངས་ཤིང་ཉེས་པ་རང་གི་ངོ་བོ་ངོ་ཤེས། གླེང་བྱེད་ཉིད་ཀྱང་རྩོད་གཞིའི་ཉེས་པ་དེ་དང་བཅས་པའམ། མ་བཅས་ཀྱང་ཚོགས་སུ་མ་ལོངས་པས་ཞི་བྱེད་ཀྱི་ཆོ་ག་དགེ་འདུན་གྱིས་བྱེད་པ་དག་འཇུག་པའི་གོ་སྐབས་མེད་པའི་ཕྱིར། གཉིས་པ་ལྟུང་ཕྱིར་ཉེས་པ་རང་གི་ངོ་བོ་ངོ་མི་ཤེས་པའི་ཞི་བྱེད་ནི། ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པའི་མིང་ཅན་དེ་ཡིན་ལ། འདི་གང་ལ་སྟེར་བའི་ཡུལ་ནི། རིག་པའི་ལྷག་མ་ལྟ་བུས་ཡུལ་དེ་ལ་གླེང་བའི་གཞི་ཡོད་པ་ན་གླེངས་པར་གྱུར་པའི་ཚེ་དེ་ལྟུང་བ་ཡིན་པར་ད་སྡོད་ཤེས་སོ། །ཞེས་པའམ། ཉེས་པ་ཤིན་ཏུ་ཆ་ཕྲ་བའོ་ཞེས་པ་ལྟ་བུའི་སྒོ་ནས་ཁྱད་དུ་གསོད་པར་བྱེད་ཅིང༌། ཁས་ལེན་པར་ཡང་བྱེད། ཕྱིར་བཅོས་ལ་བསྐུལ་བ་ན། ཀུན་སློང་དང་རྒྱུ་ཚོགས་ཐ་དད་ལ་བརྟགས་ནས་སྦྱོར་བ་དང་དངོས་གཞི་དང་ལྟུང་མེད་སོགས་གང་ཡིན་གྱི་ངེས་པ་མེད་པའི་ཐེ་ཚོམ་གྱི་རྙོག་པ་བསླངས་ནས་ཁྱད་དུ་གསོད་པར་བྱེད་པ་དེ་ལའོ། །དེ་སྐད་དུ་ཡང༌། ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ། །དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོད་ན་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ། །ཞེས་སོ། །འདི་ནི་གླེང་བྱེད་བདེན་ལ། གླེང་བྱ་མི་བདེན་པའི་རྩོད་པར་ཡིན་ཏེ། དང་པོ་ཉེས་པ་དེ་ཁས་བླངས་ནས་ཕྱིས་ཁྱད་བསད་པའི་ཕྱིར། མ་མཐོང་གནས་དབྱུང་འཆགས་པའི་གཞི་ཡང་དེ་དང་འདྲ་སྟེ། དང་པོ་ཁས་བླངས་ནས་ཕྱིས་མ་མཐོང་ཞེས་ཁྱད་དུ་གསོད་པ་ལ་ནན་ཏུར་དེ་འཇུག་པ་ཡིན་གྱི། དང་པོ་ཉིད་ནས་མ་མཐོང་ཟེར་བ་ནི་སྐབས་མི་འབྱེད་པའི་ནང་དུ་འདུས་པས་སོ། །ཡང་གླེང་བྱ་བདེན་ལ། གླེང་བྱེད་མི་བདེན་པའི་རྩོད་པ་ནི་མི་གདམས་པའི་ཕྱིར་གྱི་རྩོད་པ་གཞི་མེད་དུ་བཤད་པ་གླེང་བྱ་ལ་དག་པ་སྦྱིན་དགོས་པ་དེ་དག་གོ །གཉིས་ཀ་མི་བདེན་པ་ནི། ཆོས་མ་ཡིན་པའི་ཕྱོགས་སུ་རྩོད་པ་ཞི་བ་ལ་ཆོས་ཕྱོགས་པས་སྐྱོ་སྔོགས་བྱས་པ་ལྟ་བུའོ། །གཉིས་ཀ་བདེན་པ་ནི་གནས་ཕྱུང་སྡེ་སྣོད་འཛིན་པས་དགེ་འདུན་གྱི་ལས་ལ་མཐུན་པ་མི་གསོལ་བ་ལྟ་བུའོ། །ངོ་བོ་ཉིད་ཚོལ་བ་སྦྱིན་ས་ཡུལ་གྱི་དགེ་སློང་དེས། རྩོད་གཞིའི་ལྟུང་བ་དེའི་ངོ་བོ་བསམ་པ་ཐག་པ་ནས་མི་ཤེས་པ་ཡིན་ནམ། ཤེས་ཀྱང་མི་ཤེས་པར་རྫུ་བ་ཡིན་ཞེས་དཔྱད་ན། དང་པོ་མ་ཡིན་ཏེ། བྱ་བ་མ་ཡིན་པ་འདི་དང་འདི་ནི་བྱས། དེ་ལས་ཉེས་པ་ཅིར་འགྱུར་མི་ཤེས་སོ་ཞེས་ཟེར་བ་དེ་ལ་ནི་ཐབས་གཞན་དགོས་ཀྱི། ཚོལ་བ་དེ་སྦྱིན་ནས་ས་གཞན་པར་ཡུན་རིང་དུ་གནས་ཀྱང་མི་ཕན་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། མ་མཐོང་གནས་དབྱུང་གང་ལ་བྱ་བའི་གཞིར་གྱུར་པའི་ཕྱིར་རོ། །དེས་ན་འདི་ལྟར་རྒྱུ་ཚོགས་དང་པོར་ཁས་བླངས་ནས་དེ་ལས་བྱུང་བའི་ཉེས་པ་རང་གི་ངོ་བོ་བསམ་པ་ཐག་པས་མི་ཤེས་ཤིང༌། གླེང་བྱེད་ཀྱིས་འདི་ནི་སྦྱོར་བའོ། །དུས་འདི་ན་དངོས་གཞིའོ་ཞེས་ལེགས་པར་བསྟན་ཀྱང་ཁྱད་དུ་གསོད་པ་དེ་ལ་འཚོལ་བ་མ་འདི་མ་བྱིན་ན་རྩོད་པར་འགྱུར་ལ། དེ་སྦྱིན་པ་རྩོད་པ་བཞི་ནས་ས་གཞན་དུ་གནས་པའི་བར་ལ་ཐོས་བསམ་གྱི་སྒོ་ནས་དེའི་ངོ་བོ་ཉིད་ཁོང་དུ་ཆུད་པར་འགྱུར་བའོ། །བཞི་པ་ཕྱིར་གྱི་རྩོད་པའི་ཞི་བྱེད་ལ། སྐབས་སུ་བབ་པ་དང༌། དེ་ལས་འཕྲོས་པའོ། །དང་པོ་ནི། ཇི་སྐད་དུ། ཐ་མ་ནི་སྦྱིན་དུ་བཞུག་པས་སོ། །ཞེས་དང༌། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ །ཞེས་གསུངས། འདིར་དངོས་སུ་བསྟན་པ་ནི། གནས་ཕྱུང་མ་བྱས་གོང་དུ་མཐུན་པ་མི་སྦྱིན་པ་ལ་དགོངས་པ་ཡིན་ཏེ། གནས་ནས་ཕྱུང་བ་ལ་དགེ་འདུན་གྱི་བྱ་བ་མི་འཇུག་པའི་ཕྱིར་དང༌། གནས་ནས་ཕྱུང་བ་དང༌། ཐ་དད་དུ་གནས་པར་སོང་བ་དང༌། སྲོག་དང་བསྙེན་པར་རྫོགས་པ་ལས་ཉམས་པ་ནི་རྩོད་པ་རང་གི་ངང་གིས་ཞི་བའི་ཆེད་དུ་བཤད་པས་སོ། །འོ་ན་བྱ་ཕྱིར་གྱི་རྩོད་པ་དེ་གང༌། དེ་ལ་ཞི་བྱེད་ཐམས་ཅད་འཇུག་པའི་ཚུལ་ཇི་ལྟ་བུ་ཞེ་ན། རྩོད་པ་ནི་ལས་ལ་མཐུན་པ་མི་སྦྱིན་པ་ཡིན་ལ། དེ་ལ་གཉིས་ཏེ། དགེ་འདུན་དང་རྩོད་པར་གྱུར་ནས་དགེ་འདུན་གྱི་ལས་ལ་མཐུན་པ་མི་སྦྱིན་པ་དང༌། རྩོད་པ་མེད་པར་ཡང་ཇི་ཞིག་ལྟར་མཐུན་པ་མི་སྦྱིན་པའོ། །འདིར་བསྟན་པ་ནི་དང་པོ་དེ་ཡིན་ལ། འདི་ལ་ནི་དགེ་འདུན་གྱི་འགྱུར་གྱི་དགག་བྱ་ཡོད་པས་མཐུན་པར་བྱེད་དགོས་པ་ཡིན་གྱི། མ་འདུས་པའི་མི་མཐུན་པ་སྐྱེད་པ་ནི་མ་ཡིན་ཏེ། རྩོད་པར་གྱུར་པ་ནི་ནང་ཞེ་འཁོན་དང་བཅས་པ་ཡིན་པས་དེས་ཕྱིར་ལྡོག་ལྟ་ཞོག མ་འདུས་པའི་མི་མཐུན་པའང་སྐྱེད་དཀའ་བའི་ཕྱིར། དེས་ན་དགེ་འདུན་གྱི་མཚན་ཉིད་མི་མཐུན་པ་གཉིས་དང་བྲལ་བ་ཞེས་པའི་སྐབས་ཀྱི་མི་མཐུན་པ་དེ་ནི་འདིར་བསྟན་པའི་བྱ་ཕྱིར་གྱི་རྩོད་པ་དེར་བསྡུ་ནུས་པ་མ་ཡིན་ཏེ། ལས་ལ་མཐུན་པ་མི་སྦྱིན་པའི་རྩོད་པ་ཅན་དེ་ནི་ཁ་སྐོང་དུ་མི་འོས་པའི་ཕྱིར། དེ་ལ་ཞི་བྱེད་བདུན་པོ་ཇི་ལྟར་འཇུག་པ་ནི། འགྱེད་ཕྱིར་གྱི་རྩོད་པ་རྒྱུར་བྱས་ནས་ལས་ལ་མཐུན་པ་མི་སྟེར་ན། འགྱེད་ཕྱིར་གྱི་རྩོད་པ་དེ་མངོན་སུམ་བརྒྱད་དང་གང་མང་གིས་ཞི་བར་བྱས་ནས་མཐུན་པ་སྦྱིན། མི་གདམས་པའི་ཕྱིར་གྱི་རྩོད་པ་རྒྱུར་བྱས་ནས་མཐུན་པ་མི་སྦྱིན་ན་མངོན་སུམ་དང་གང་མང་ངམ་དག་པ་སྦྱིན་པས་རྩོད་པ་དེ་ཞི་བར་བྱས་ནས་མཐུན་པ་སྦྱིན་དུ་གཞུག དེ་བཞིན་དུ་ལྟུང་ཕྱིར་གྱི་རྩོད་པ་རྒྱུར་བྱས་ནས་མཐུན་པ་མི་སྦྱིན་ནོ། །ཁས་བླངས་དང༌། རྩྭ་བཀྲམ་དང༌། ངོ་བོ་ཉིད་འཚོལ་བ་གང་རུང་གིས་རྩོད་པ་དེ་ཞི་བར་བྱས་ནས་མཐུན་པ་སྦྱིན་དུ་གཞུག སྦྱིན་དུ་གཞུག་པའི་ཚུལ་ལ་གཉིས་ཏེ། དགེ་འདུན་དུ་ལོངས་པས་གཞན་དགེ་འདུན་དུ་ལོངས་པ་ལ་མཐུན་པ་སྦྱིན་པ་དང༌། དགེ་འདུན་གྱིས་གང་ཟག་རེ་རེ་བ་ལ་སྦྱིན་པའོ། །འདི་གཉིས་ཀ་ལ་མཐུན་པ་གསོལ་དགོས་ཏེ། བྱ་ཕྱིར་གྱི་རྩོད་པ་ཅན་ཇི་སྲིད་མཐུན་པ་མ་ཐོབ་པ་དེ་སྲིད་དུ་ལས་དེ་ལ་འཇུག་པར་མི་དབང་བའི་ཕྱིར། དགེ་འདུན་གྱིས་གང་ཟག་ལ་མཐུན་པ་སློང་བ་དང༌། དེས་དགེ་འདུན་ལ་མཐུན་པ་སྦྱིན་པ་ནི་མ་ཡིན་ཏེ། དེ་ལྟར་སློང་སྦྱིན་ཕྱིན་ཅི་ལོག་ཏུ་སོང་བའི་ཕྱིར་དང༌། དགེ་འདུན་གྱིས་ནི་འཐབ་དཀྲོལ་ཅན་ཐུལ་འོག་ཏུ་གཞུག་པ་ཡིན་གྱི། དེ་ལ་གསོལ་བ་འདེབས་པ་མ་ཡིན་པའི་ཕྱིར། གཉིས་པ་དངོས་བསྟན་མ་ཡིན་པ་འཕྲོས་སུ་བཤད་པ་ནི། གནས་ཕྱུང་དང་ཆོས་གཞན་པ་ལ་རྩོད་པ་ཞི་བྱེད་མི་འཇུག་པར་ངེས་སམ་ཞེ་ན། གནས་ཕྱུང་དང་ཆོས་གཞན་པ་གཉིས་དང་ནི་ཆོས་ཀྱི་ལོངས་སྤྱོད་སོ་སོར་ངེས་པས་རྩོད་པའི་གཞི་མེད་ཅིང༌། ཟང་ཟིང་གི་ལོངས་སྤྱོད་ནི་རབ་ཏུ་བྱུང་བ་རྣམས་ཀྱི་རྩོད་གཞི་མ་ཡིན་པས་དེ་དག་དང་རྩོད་པ་མེད་པ་ལ་བསམས་ནས་དེ་ཞི་བྱེད་ཀྱི་ཆོ་ག་ཚིག་གིས་ཟིན་པར་མ་བཤད་པ་ལྟ་བུར་སྣང་ཡང༌། ཞི་བྱེད་མེད་པ་མ་ཡིན་ཏེ། གནས་ཕྱུང་ལ་བཟོད་པ་གསོལ་བར་བཤད་པ་དང༌། དགེ་འདུན་བྱེ་བ་བསྡུམ་པར་བཤད་ཅིང༌། དེའི་ཚུལ་ཡང་ཐོག་མར་ཆོས་མ་ཡིན་པའི་ཕྱོགས་པ་གནས་ཕྱུང་སྔོན་དུ་སོང་བ་དེ་དག་གིས། ཐོག་མར་ཆོས་ཕྱོགས་པ་ལ་བཟོད་པ་གསོལ་བ་དང༌། གསོལ་བཞིའི་ལས་ཀྱིས་བཟོད་པ་དེ་སྦྱིན་པ་དང༌། བཟོད་པ་ཐོབ་པ་དེས་མཐུན་པ་གསོལ་བ་དང༌། གསོལ་བཞིའི་ལས་ཀྱིས་མཐུན་པ་སྦྱིན་པ་དང༌། དེ་ཐོག་ནས་མཐུན་པའི་གསོ་སྦྱོང་གསོལ་བ་དང༌། དེ་ནས་མཐུན་པའི་གསོ་སྦྱོང་སྦྱིན་པ་རྣམས་གསུངས་སོ། །དེ་ལྟར་བཤད་པ་ནི་ཞི་བྱེད་ལ་གཉིས་ཏེ། ཞི་བྱེད་བརྒྱད་ཀྱིས་ཞི་བར་བྱེད་པ་དང༌། མཐུན་པའི་གསོ་སྦྱོང་ཡན་ལག་དང་བཅས་པས་ཞི་བར་བྱེད་པའོ། །མཐུན་པའི་གསོ་སྦྱོང་གསོལ་བ་དང༌། སྦྱིན་པའི་སྔགས་ཚིག་ནི། ཇི་སྐད་དུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཀཽ་ཤམྦི་བའི་དགེ་སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་འཕྲིན་ལས་མཛད་ལགས་པས་དགེ་འདུན་གྱི་གན་ཏུ་མཆིས་ཏེ་བཟོད་པ་གསོལ་ནས་དགེ་འདུན་གྱིས་བདག་ལ་བཟོད་པའི་འཕྲིན་ལས་མཛད་ལགས་ཏེ། བདག་བཟོད་པའི་འཕྲིན་ལས་མཛད་ལགས་པ། འཁོར་དང་བཅས་པ་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་མཐུན་པ་བསྩལ་ལགས་པས། བདག་འཁོར་དང་བཅས་པ་མཐུན་པའི་གསོ་སྦྱོང་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ཀཽ་ཤམྦི་བའི་དགེ་སློང་འཁོར་དང་བཅས་པ་ལ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། ཞེས་ལན་གསུམ་བཟླས་པའོ། །སྦྱིན་པ་ནི། དགེ་འདུན་ནས་གསོལ། ཀཽ་ཤམྦི་བའི་དགེ་སློང་དགེ་འདུན་ལས་བཟོད་པ་དང་མཐུན་པ་འཐོབ་པ་འདི་དགེ་འདུན་ལ་མཐུན་པའི་གསོ་སྦྱོང་གསོལ་ན་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་འདི་ལ་མཐུན་པའི་གསོ་སྦྱོང་བསྩལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་ནི། དགེ་འདུན་ནས་གསོལ། ཀཽ་ཤམྦི་བའི་དགེ་སློང་ཞེས་པ་ནས་མཐུན་པའི་གསོ་སྦྱོང་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཀཽ་ཤམྦི་བའི་དགེ་སློང་འཁོར་དང་བཅས་པ་མཐུན་པའི་གསོ་སྦྱོང་སྩོལ་ན། ཚེ་དང་ལྡན་པ་གང་དག་དེ་ལ་དེ་སྩོལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག མི་བཟོད་པ་དེ་དག་ནི་གསུངས་ཤིག ཅེས་ལན་གསུམ་བཟླས། མཇུག་བསྡུད་ནི། དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཀཽ་ཤམྦི་བའི་དགེ་སློང་འཁོར་དང་བཅས་པ་ལ་མཐུན་པའི་གསོ་སྦྱོང་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་པའོ། །གསུམ་པ་རྩོད་པ་ཞི་བའི་ཕན་ཡོན་ནི། རྩོད་པ་ཞི་བས་རང་རང་གི་ལུས་སེམས་བདེ་བར་གནས་པ་དང༌། ཀློག་པ་དང་ཁ་ཏོན་གྱི་འཁོར་ལོ་ཡོངས་སུ་འཛིན་པ་ལ་གེགས་མེད་པ་དང༌། དགེ་འདུན་མཐུན་པས་འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་འབྱུང་བ་དང༌། དེ་ལས་དམ་པའི་ཆོས་དར་ཞིང་རྒྱས་པ་དང་ཡུན་རིང་དུ་གནས་པའོ། །དེ་སྐད་དུ་ཡང༌། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །ཞེས་གསུངས་སོ། །ཞེས་ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་ངེས་པ་ལས། ཉན་ཐོས་ཀྱི་འདུལ་བ་གཞུང་ཇི་ལྟ་བ་བཞིན་དུ་མཐའ་དཔྱད་ནས་བཤད་པའི་ལེའུ་སྟེ་དང་པོ་ཡོངས་སུ་གྲུབ་པའོ།།  །།འདིར་སྨྲས་པ། ལེགས་གསུངས་ཉི་ཟླ་འཆར་བའི་དཔུང་པ་ལ། །ཆོས་འདུལ་སྣམ་སྦྱར་བགོས་པའི་ལྷབ་ལྷུབ་ཅན། །རྟག་ཏུ་ཚངས་པར་སྤྱོད་པའི་མངའ་མདངས་ཀྱིས། །ཐུབ་བསྟན་བསྲུང་མཛད་ཉིད་ལ་ཕྱག་བགྱིའོ། །མང་ཐོས་ལང་ཚོ་དར་བའི་སྒེག་འཆང་མ། །གནང་བཀག་ཨུཏྤལ་མིག་གིས་ལྟ་བྱེད་མཁན། །མདོ་ལུང་མུན་པ་གསལ་བའི་སྣང་བྱེད་འདི། །སྲིད་གསུམ་ཉིན་མོར་མཛད་ལ་མཆོད་པ་འབུལ། །གསུང་རབ་མང་པོའི་རིག་བྱེད་ཀློག་ཤེས་ཤིང༌། །འཁོར་ཚོགས་འདུས་པའི་ཁྲི་ལ་རྟག་འཁོད་ཀྱང༌། །ལེགས་གསུངས་འདུལ་བའི་གཙང་སྦྲས་མ་རྒྱན་ན། །སྨྲ་མཁས་བྲམ་ཟེ་མཁས་བཙུན་གྱིས་མི་བཀུར། །ལུང་རིགས་སྐྱ་བ་འཛིན་པའི་ཁ་ལོ་བས། །ཆོས་འདུལ་རྒྱ་མཚོའི་ཕ་མཐའ་ཡང་ཡང་དཔྱད། །ལུང་དོན་མ་ཚང་མེད་པར་མཐའ་ཆོད་པའི། །ཡིད་བཞིན་ནོར་འདིས་མང་པོའི་འདོད་དགུ་བསྐང༌། །རྣམ་འབྱེད་གཞུང་དོན་སྔོན་རབ་མཛངས་པ་ཡིས། །ལུང་དོན་ཇི་བཞིན་རིགས་པར་མཐའ་དཔྱད་ནས། །མ་ཚང་མེད་པའི་ཡན་ལག་རྩི་བ་ཡིས། །ངག་དོན་བདེ་བར་བླངས་པ་ཇི་བཞིན་བཀོད། །བཅུ་བདུན་གཞི་དང་དེ་ལས་འཕྲོས་པའི་ཚོགས། །དངོས་བསྟན་ཙམ་ཞིག་སྔོན་གྱི་བྱེད་པོས་བཤད། །གང་འདིར་ལུང་རིགས་མང་པོའི་རྟོག་དཔྱོད་མཁན། །རྗེས་ཟློས་རྩོམ་པར་འཆད་དང་འདི་མི་མཉམ། །འདུལ་མངོན་རྒྱ་མཚོའི་མཛོད་འཛིན་ཆོས་ཀྱི་རྗེ། །ཡོངས་འཛིན་མང་པོའི་བཤད་པས་དབང་བསྐུར་ནས། །རྗེས་བཅས་དམིགས་གསལ་མང་པོའི་གསང་ཚིག་ལ། །ཇི་བཞིན་ངེས་པའི་རྟོག་དཔྱོད་འདི་ན་དགེ །སྤྱིར་བཏང་བཅས་པའི་མཚམས་ལས་མི་འགོད་ཞིང༌། །དམིགས་བསལ་འཇུག་པ་བདེ་བའི་ལམ་སྲང་དུ། །དུས་དྲན་ཤིང་རྟ་འདྲེན་པའི་ཁ་ལོ་པ། །ཆོས་འདུལ་ཡངས་པའི་ལམ་དུ་བདེ་བར་རྒྱུ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ངེས་པར་འབྱུང་བློས་རབ་ཏུ་བྱུང་བ་དང༌། །དམ་ཆོས་འདུལ་བའི་གྲུ་ཆེན་དེ་བཟུང་ནས། །འགྲོ་མང་སྲིད་པའི་ཚོ་ལས་སྒྲོལ་བར་ཤོག །ཅེས་པ་འདི་ཡང་དཔལ་སྐྱོར་མོ་ལུང་གི་འདུལ་བ་འཛིན་པ་ཆེན་པོ་བསོད་ནམས་ཚུལ་ཁྲིམས་ཞབས་ཀྱི་བཀའ་དྲིན་ཉེ་བར་ཐོབ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གིས་སའི་ཐིག་ལེ་ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོའི་དབུས། ཤྲཱི་མཉན་དུ་ཡོད་པའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ། །སྭསྟི། ཐུབ་དབང་སྟོན་པ་དེ་ཡི་ཞལ་གྱི་སྒོ། །རྟག་ཏུ་ཆོས་འདུལ་གསུང་བའི་འཛུམ་དཀར་གྱིས། །འདུས་པའི་མཚོ་ཆེན་ངང་གི་གང་གྱུར་པ། །ཤིས་མཛད་དཀོན་མཆོག་རྣམ་གསུམ་མཆོད་པར་ཤོག །ཐུན་མོང་ཐེག་དང་ཐེག་པ་ཆེན་པོར་ནི། །ཚུལ་བཞིན་འཇུག་པའི་རྣམ་ཐར་སྒོ་གསུམ་པོ། །སྔགས་དང་ཕ་རོལ་ཕྱིན་དང་ཉན་ཐོས་ཀྱི། །འདུལ་བ་རྣམ་པར་ངེས་ཡིན་དེ་འདིར་བཤད། །དེང་འདིར་རབ་བྱུང་སྐར་མའི་ཚོགས་མང་པོ། །འབད་མེད་ངང་གིས་འཆར་བ་མ་འགགས་ཀྱང༌། །མདོ་ལུང་ཉན་བཤད་ནུབ་པའི་སྔོ་སངས་མ། །མུན་པའི་མལ་དུ་མནལ་བ་འདིར་མ་སངས། །རྨོངས་ཆེན་ལོང་བའི་དགྲར་གྱུར་རྣམ་དཔྱོད་ཀྱི། །ལག་རིང་རྐྱོང་བྱེད་མཁན་དེས་འདུལ་བ་ཡི། །ཡིད་བཞིན་མཚོ་ནས་ལེགས་བཤད་འོད་དཀར་ཅན། །སྐལ་བཟང་དྲག་པོའི་རྒྱན་དུ་འདི་སྦྱིན་པ། །བདེ་འབྱུང་གཙུག་རྒྱན་གནས་ལས་མ་འཕོས་ཀྱང༌། །འཛམ་གླིང་ཡངས་པའི་མཁའ་ལ་འཆར་དེ་བཞིན། །ལེགས་བཤད་ཟླ་བ་ལམ་ལས་མ་འཕོས་པར། །ཉམས་ལེན་ཡངས་པའི་རྒྱ་མཚོར་འཆར་བྱེད་ཤོག །མང་དུ་གསན་པའི་བློ་གྲོས་ཀྱི། །དཔུང་པ་སྟོབས་ལྡན་ངལ་མེད་པས། །ལན་བརྒྱར་བླངས་པའི་ཉི་མ་ནི། །དཀའ་གནས་མུན་ཆེན་ཀུན་སངས་པ། །པར་དུ་འཕྲོ་བའི་ཡི་གེ་ནི། །འདྲི་བྱེད་མཁན་པོ་དྲག་པོ་སྐྱབས། །རྐོ་བྱེད་མཁན་པོ་ཆོས་དཔལ་ལྡན། །མཆེད་དང་སློབ་མ་དེ་དང་དེས། །ས་ཕོ་རྟ་ལོའི་ས་ག་ཡིས། །ཉ་བའི་ཟླ་བ་སངས་རྒྱས་ཀྱི། །དུས་ཆེན་རྣམ་གསུམ་འཛོམ་པ་ལ། །རྫོགས་པར་གྲུབ་པའི་རྣམ་དཀར་གྱིས། །ཡོན་བདག་རིག་གནས་མཁན་པོར་བཅས། །གནས་སྐབས་བར་ཆད་ཀུན་ཞི་ནས། །རྫོགས་སངས་རྒྱས་ཀྱི་གོ་འཕང་ལ། །གེགས་མེད་བྱེད་པ་ཉིད་གྱུར་ཅིག།   །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*