༼ཆ༽༄༅། །སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ཀྱི་འབེལ་གཏམ་རྣམ་པར་ངེས་པ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མོ་མཉྫུ་ཤྲཱི་ཡེ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་བསྟན་བཅོས་ལས་བརྩམས་པའི་དོགས་གཅོད་ཀྱི་དྲི་བ་བརྒྱ་དང་བརྒྱད་པའི་ལན་གྱི་ཕྲེང་བ། ངོ་མཚར་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཇི་བཞིན་གཟིགས་པའི་ཡེ་ཤེས་ཉི་མ་ནི། །ཇི་སྙེད་ཤེས་བྱའི་མཁའ་ལ་རོལ་རྩེད་མཁན། །ཡིད་ཅན་རྨོངས་པའི་ལམ་ལས་སྲུང་བརྩོན་པ། །ཡིད་འཕྲོག་འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །འཇམ་དབྱངས་མཁྱེན་པའི་ངོ་མཚར་ལྟད་མོ་ནི། །ཉིད་ཐུགས་གསལ་བའི་མེ་ལོང་ལ་འཕོས་པས། །དམ་པའི་ཆོས་དང་ཆོས་མིན་དབྱེ་མཛད་པའི། །ཕྲིན་ལས་དབང་པོ་ཁྱོད་ལ་མགོས་ཕྱག་འཚལ། །གང་དེའི་བསྟན་བཅོས་ཆོས་མིན་ཕམ་མཛད་ལས། །དེས་བརྩམས་ཤེས་འདོད་རྟོག་དཔྱོད་སྒོ་བརྒྱ་པོ། །དབྱེ་བྱེད་དྲིས་ལན་གསེར་གྱི་ཐུར་མ་ཡིས། །བློ་མིག་གསལ་བར་བྱེད་པ་འདི་ལོང་ཤིག །དེ་ཡང༌། ཇི་སྐད་དུ། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང༌། །ཞེས་པ་ལས་བརྩམས་པའི་དྲི་བ་ནི། གསུམ་སྟེ། ཉན་ཐོས་ལུགས་ལ་སོར་ཐར་གྱི། །སྡོམ་པ་རིག་བྱེད་མིན་པའི་གཟུགས། །ཁོ་ནར་བཤད་པ་གང་ན་ཡོད། །ཅེས་དང༌། ཉན་ཐོས་སོར་ཐར་མཁན་སློབ་ཀྱི། །ལུས་ངག་ལས་ནི་སྐྱེ་ཞེས་པ། །གཞུང་གི་དགོངས་པ་ཡིན་ན་ནི། །སྡོམ་པའི་འཐོབ་རྒྱུ་བཅུ་མེད་དམ། །ཞེས་དང༌། གཟུགས་ཅན་ཡིན་པའི་རྒྱུ་མཚན་གྱིས། །ཤི་བས་གཏོང་ན་བསམ་གཏན་དང༌། །ཟག་མེད་གཉིས་ལའང་མི་ཐལ་ལམ། །ཞེས་པའོ། །འདི་ལ་གསུམ་ལས། དང་པོ་ལ། འདྲི་བའི་བསམ་པ་བསྟན་པ་དང༌། དེའི་དངོས་ལན་ནོ། །དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་དང༌། མ་དྲིས་ན་སྐྱོན་ཡོད་པའོ། །དང་པོ་ནི། ཉན་ཐོས་ཞེས་པའི་ཚིག་སྦོམས་པས། མདོ་སྡེ་པའི་ལུགས་ལ་ཡང་དེ་ལྟར་ཡོད་དམ་སྙམ་པའི་འཁྲུལ་གཞི་ཡོད་པ་དང༌། བྱེ་བྲག་ཏུ་སྨྲ་བ་ཉིད་ཀྱི་ལུགས་གཞིར་གཞག་པ་ལའང༌། གཞུང་འདིའི་རྣམ་བཤད་མཛད་པ་པོ་ལྷ་བཙུན་བསམ་ཡས་པས། སོ་ཐར་སྡོམ་པའི་ངོ་བོ་ལ་རིག་བྱེད་ཀྱི་གཟུགས་དང༌། རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀ་ཡོད་པར་འཆད་པ་དང༌། རྣམ་བཤད་མཛད་པ་སྤོས་ཁང་པ། སོ་ཐར་སྡོམ་པ་སྐད་ཅིག་དང་པོ་རྣམ་པར་རིག་བྱེད་ཀྱི་གཟུགས་ཅན་དུ་སྐྱེ་ཞིང༌། སྐད་ཅིག་གཉིས་པ་ཕན་ཆད་རིག་བྱེད་མ་ཡིན་པའི་གཟུགས་སུ་སྐྱེ་ཞེས་འཆད་པར་སྣང་བས། དུས་འདིར་ཡང་དེ་ལྟར་ཁས་ལེན་པ་དག་ཡོད་སྲིད་པས། དེ་ལྟར་ཁས་ལེན་དུ་བཅུག་ནས། །དེ་ལ་གནོད་བྱེད་སྟོན་པ་དང༌། དེ་ནས། རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནར་འཆད་དགོས་པའི་ཤེས་བྱེད་ཀྱི་ལུང་རིགས་རྟོགས་དགོས་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། རྣམ་རིག་མིན། ཞེས་པའི་དོན་འཆད་པ་ན། ལ་ལ་དག་ཤེས་པ་མ་ཡིན་པ་ལ་འཆད་པ་དང༌། གཞན་དག་རིག་བྱེད་མ་ཡིན་པའི་གཟུགས་གཙོ་ཆེ་བ་ཙམ་ལ་འཆད་པ་དང༌། ཉན་ཐོས་སྡོམ་པ། ཞེས་པའི་དོན་ཡང༌། ཁ་ཅིག་ཉན་ཐོས་ཀྱི་གྲུབ་མཐའ་ལ་མི་འཆད་པར། ཉན་ཐོས་ཀྱི་ལུགས་ཀྱི་ཆོ་གས་བླངས་པའི་སོ་ཐར་གྱི་སྡོམ་པ་གང་ཡིན་ཐམས་ཅད། གནས་ཚོད་ལ་གཟུགས་ཅན་དུ་གནས་པར་འདོད་པ་དང༌། ཡང་ལ་ལ་དག བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས། སྡོམ་པ་ལ་གཟུགས་ཅན་གྱིས་ཁྱབ་པར་འདོད་དོ། །ཞེས་འཆད་པ་དག་སྣང་བས་སོ། །དེ་ལྟར་ཁས་བླངས་ན་སྐྱོན་དང་བཅས་ཤིང༌། མཁས་པའི་བསྟན་བཅོས་ཆུད་གསོན་པའི་ཤེས་བྱེད་ནི། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ། སྡོམ་པ་ཙམ་ལ་གཟུགས་ཅན་གྱི་ཁྱབ་ན། ཇི་སྐད་དུ། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་བཤད་པ་དེ་ཁས་མི་ལེན་པར་ཐལ་བ་དང༌། མི་དགེ་བ་བཅུ་ལས་ཡིད་ཀྱི་གསུམ་པོ་སྤོང་བའི་སྡོམ་པ་མི་འདོད་པར་ཐལ་བ་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་ངོ་བོར་གྱུར་པའི་སྤོང་པ་ལ། སྤོང་བ་བདུན་པོ་གང་རུང་གིས་ཁྱབ་པར་ཐལ་བ་དང༌། དེ་ལྟ་ན་དེ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དང་འདྲ་བར། སྤོང་བདུན་འཁོར་བཅས་ཀྱི་སྡོམ་པ་ཉིད་དུ་ཐལ་བར་འགྱུར་རོ། །བྱེ་བྲག་ཏུ་སོ་ཐར་གྱི་སྡོམ་པ་ཐོག་མར་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་སྐྱེ་ཞེས་པ་ལ་ནི། ཤེས་བྱེད་ཀྱི་ལུང་རྣམ་པར་དག་པ་ལྟ་ཅི་སྨོས། འཁྲུལ་གཞི་སྐྱེད་བྱེད་ཀྱི་ལུང་ཙམ་ཡང་མེད་པས། བྱེ་སྨྲའི་གཞུང་ལུགས་མ་མཁྱེན་པས། བརྟགས་པར་ཟད་ལ། སོ་ཐར་གྱི་སྡོམ་པའི་ངོ་བོར་གྱུར་པའི་རིག་བྱེད་དང༌། རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀ་ཡོད་དོ་ཞེས་ཟེར་བ་ལ་ནི། ལུང་གི་འཁྲུལ་གཞི་ཡོད་ཀྱང༌། བྱེ་སྨྲའི་དགོངས་པ་དབྱིག་གཉེན་ཞབས་ཀྱིས་བཤད་པ་དེ་མ་ཡིན་པ་དང༌། བསྟན་བཅོས་མཛད་པ་འདིའི་དགོངས་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །ཅེས་དང༌། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་གཉིས་པོ་གོ་རིམ་བཞིན་དུ། གཟུགས་དང་སྒྲའི་སྐྱེ་མཆེད་དུ་བཤད་ལ། སྤྱིར་སྡོམ་པ་ཡིན་ན་དེ་དང་དེར་འགལ་བའི་རྒྱུ་མཚན་གྱིས་དང༌། དེའི་ངོ་བོར་གྱུར་པའི་དེ་ཡོད་ན། ལེན་པ་པོའི་ལུས་ངག་གི་རྣམ་པར་རིག་བྱེད་དེར་ཁས་ལེན་དགོས་པ་ལས། དེ་ཡང་ཧ་ཅང་ཐལ་བའི་ཕྱིར་དང༌། དགེ་ཚུལ་གྱི་སྡོམ་པ་དང་པོར་སྐྱེས་དུས་ཀྱི་ངག་གི་རིག་བྱེད་དགེ་ཚུལ་གྱི་སྡོམ་པར་ཁས་བླངས་ན། སྡོམ་པ་ལེན་པའི་ཆོ་ག་དང་སྡོམ་པའི་གཞི་མཐུན་ཁས་བླངས་པར་སོང་བའི་ཕྱིར་དང༌། དེ་དེར་ཁས་མི་ལེན་ན་ནི། དེའི་ངོ་བོར་གྱུར་པའི་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་མི་རྙེད་པའི་ཕྱིར། འོ་ན་ཇི་སྐད་དུ། དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད། ཚུལ་ཁྲིམས་ལ་སྡོམ་པས་ཁྱབ་པ་མ་ཡིན་ཏེ། སྡོམ་པ་ཡིན་ན་ལས་ལམ་དངོས་གཞི་དང༌། དེས་དྲངས་པའི་མཇུག་གང་རུང་གི་ངོ་བོར་སྐྱེས་པས་ཁྱབ་ལ། ཚུལ་ཁྲིམས་ནི་ལས་ལམ་གྱི་སྦྱོར་བ་དང་མཇུག་དངོས་གཞི་མ་ཚང་བ་དག་ལ་ཡང་བཤད་པའི་ཕྱིར། དཔེར་ན་འཆལ་ཚུལ་ལ་སྡོམ་མིན་གྱིས་མ་ཁྱབ་པ་བཞིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། བར་མ་དགེ་བ་དང་མི་དགེ་བ་ལ་ནི། ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་ཀྱི་མཚན་ཉིད་ཚང་ཡང༌། སྡོམ་པ་དང་སྡོམ་མིན་དུ་གཞག་ནུས་པ་མ་ཡིན་ཏེ། དཔེར་ན། མུ་སྟེགས་བྱེད་ཀྱི་ལྟ་སྤྱོད་ཅན་ལ་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་ཡོད་ཀྱང༌། དེའི་སྡོམ་པ་ཡོད་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་གཉིས་སུ་འབྱེད་པ། བསྟན་བཅོས་མཛད་པ་འདིའི་དགོངས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ཞེས་མཐའ་གཅིག་ཏུ་བཤད་པའི་ཕྱིར་རོ། །གཉིས་པ་དངོས་ལན་ནི། བྱེ་སྨྲའི་ལུགས་ཀྱིས་སོ་སོར་ཐར་པའི་སྡོམ་པ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང༌། དེ་ལས་གཞན་པ་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་སྟེ། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་ཞིང་འགོག་པས་ན་སྡོམ་པའོ། །དེ་ལ། སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །སྡོམ་པ་རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་འདི་པ་རྣམས་ཀྱི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་སོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་སོ། །ཞེས་གསུངས་སོ། །འོ་ན་ཇི་སྐད་དུ། དགེ་བ་བདུན་རྣམ་གཉིས། ཞེས་ལུས་ངག་གི་དགེ་བ་བདུན་པོའི་ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་རིག་བྱེད་བཤད་པ་མ་ཡིན་ནམ། ཞེ་ན། གཞུང་དེས་ནི། བདུན་པོའི་ལས་ལམ་དངོས་གཞིའི་དུས་སུ་རིག་བྱེད་ཡོད་པར་སྟོན་པ་ཡིན་གྱི། དེ་དུས་ཀྱི་རིག་བྱེད་དེ་ཉིད། ལས་ལམ་དངོས་གཞིར་འཆད་པ་མ་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལས་པའི་ཕྱིར། ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡིན་ནོ། །ཞེས་གསུངས་པས་སོ། །འོ་ན་དེ་དུས་ཀྱི་རིག་བྱེད་དེ་སྦྱོར་བ་དང་མཇུག་ཁོ་ནར་ངེས་པའི་ཤེས་བྱེད་ཅི་ཞེ་ན། འགྲེལ་པ་དེའི་འཕྲོ་ཉིད་ལས། ཇི་སྐད་དུ། ལས་ལམ་གྱི་ཉེར་བསྡོགས་རྣམས་ནི་གདོན་མི་ཟ་བར་རིག་བྱེད་ཀྱི་རང་བཞིན་ཡིན་ནོ། །ཞེས་དང༌། ཡང་ཇི་ཙམ་གྱིས་ན། སྦྱོར་བ་དང༌། དངོས་དང༌། མཇུག་འདི་དག་རྣམ་པར་གཞག་ཅེ་ན། འདི་ལྟར། ཇི་སྲིད་སྲོག་གཅོད་པར་བྱེད་པ་དེ་སྲིད་དུ་ནི་སྦྱོར་བ་ཡིན་ནོ། །དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གསུངས་པ་དང༌། ཇི་སྐད་དུ། དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཞེས་པའི་འགྲེལ་པར། དེ་ལ་མི་དགེ་བའི་ལས་ལམ་གྱི་སྦྱོར་བ་སྤོང་བ་ནི་དགེ་བའི་ལས་ལམ་གྱི་སྦྱོར་བ་ཡིན་ནོ། །དངོས་གཞི་སྤོང་བ་ནི་དངོས་གཞི་ཡིན་ནོ། །མཇུག་སྤོང་བ་ནི་མཇུག་ཡིན་ཏེ། འདི་ལྟར་དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པའི་ཚེ། གནས་སྣ་ཚོགས་སུ་འཇུག་པར་བྱེད། དགེ་འདུན་ལ་ཕྱག་འཚལ་བར་བྱེད། མཁན་པོར་གསོལ་བ་འདེབས་པར་བྱེད། ལས་ལན་གཅིག་བརྗོད་པ་དང༌། ལན་གཉིས་བརྗོད་པའི་བར་འདི་ནི་སྦྱོར་བ་ཡིན་ནོ། །ལས་གསུམ་པ་བརྗོད་པའི་ཚེ། རྣམ་པར་རིག་བྱེད་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་འདི་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གསུངས་པས་སོ། །གལ་ཏེ་འོ་ན། ཇི་སྐད་དུ། དང་པོའི་རྣམ་རིག་རྣམ་རིག་མིན། །ཞེས་པའི་འགྲེལ་པར། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང༌། རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ། སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་ངག་སྡོམ་པའི་ཕྱིར་རོ། །ལས་ཀྱི་ལམ་ཞེས་ཀྱང་བྱ་ལ། སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་པས་མཇུག་ཡིན་གྱི། ལས་ཀྱི་ལམ་དངོས་ནི་མ་ཡིན་ནོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་མོད། དེ་དུས་ཀྱི་རིག་བྱེད་དང་པོ་ནི་སྦྱོར་བའི་སྐབས་ཡིན་ལ། རིག་བྱེད་མ་ཡིན་པ་དང་པོ་ནི་སྦྱོར་བའི་དུས་སུ་འབྱུང་བའི་ངེས་པ་མེད་ཅིང༌། དངོས་གཞིའི་དུས་སུ་ནི་ངེས་པར་སྐྱེ་བས་ཁྱབ་པ་དེ་ཉིད་ཀྱི་ཕྱིར། རིག་བྱེད་མ་ཡིན་པའི་གཟུགས་སྐད་ཅིག་དང་པོ་ནི། སོ་སོར་ཐར་པ་དང༌། དེའི་སྡོམ་པ་གཉིས་ཀ་དང༌། དེའི་སྐད་ཅིག་གཉིས་པ་ཕན་ཆད་ནི་སོ་ཐར་གྱི་སྡོམ་པ་ཁོ་ན་དང༌། རིག་བྱེད་ཀྱི་གཟུགས་དང་པོ་ནི་སོ་སོར་ཐར་པ་ཁོ་ན་དང༌། དེའི་སྐད་ཅིག་གཉིས་པ་སོགས་ནི་གཉིས་ཀ་མ་ཡིན་པའོ། །དེ་སྐད་དུ་ཡང༌། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་བཟློག་པ་མཇུག་ཡིན་ནོ། །ཞེས་སོ། །དེ་ལས་གཞན་དུ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱི་རིག་བྱེད་དང་པོ་ལ་སྡོམ་པས་ཁྱབ་ན། སྦྱོར་བའི་དུས་སུ་སྡོམ་པ་སྐྱེས་པར་ཧ་ཅང་ཐལ་ལོ། །སྡོམ་པ་ཞེས་ཀྱང་བྱ་སྟེ། ཞེས་པར་རིག་བྱེད་ཀྱང་བསྡུད་ན། སྐད་ཅིག་གཉིས་པ་ཞེས་སོགས་སུའང་དེ་བསྡུད་པར་མཚུངས་སོ། །འཆལ་ཚུལ་གྱི་རྒྱུན་སྡོམ་པར་གསུངས་པ་ཉིད་ཀྱིས། རིག་བྱེད་ཀྱི་གཟུགས་སུ་འགལ་བར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། རྣམ་གསུམ་དྲི་མེད། ཅེས་པའི་འགྲེལ་བར། རྣམ་པར་རིག་བྱེད་མ་ཡིན་པ་མེད་ན་སོ་སོར་ཐར་པའི་སྡོམ་པ་ཡང་མེད་པར་འགྱུར་ཏེ། ཞེས་དང༌། སྤོང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པའི་ཆུ་ལོན་དུ་ཡང་གསུངས་ན། རིག་བྱེད་མ་ཡིན་པའི་གཟུགས་མེད་པ་ནི་ཆུ་ལོན་ཡིན་པར་འོས་པ་ཡང་མ་ཡིན་པས། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཡོད་པ་ཁོ་ནའོ། །ཞེས་གསུངས་པས་སོ། །དེ་ལྟར་སྡོམ་པ་དང༌། སྡོམ་མིན་གྱི་ལས་ལམ་དངོས་གཞིར་གྱུར་པའི་རིག་བྱེད་ཀྱི་གཟུགས་མི་སྲིད་པའི་ལུང་གི་སྒྲུབ་བྱེད་བཤད་ཟིན་ནས། མཛོད་འགྲེལ་ལས་འབྱུང་བའི་རིགས་པ་ནི་འདི་ལྟར། དགེ་སློང་གི་སྡོམ་པ་སྐྱེ་བཞིན་པའི་དུས་ཀྱི་ལུས་ངག་གི་རིག་བྱེད། དགེ་སློང་གི་སྡོམ་པར་ཁས་ལེན་ནམ། དེ་སྐྱེས་ཟིན་པའི་དུས་ཀྱི་དེ་དེར་ཁས་ལེན་པ་གཉིས་ལས་གཞན་ནི་མེད་པས། གཉིས་པོ་གང་ཡིན། དང་པོ་ནི་མ་ཡིན་ཏེ། སྡོམ་པ་སྐྱེས་མ་ཟིན་པའི་དུས་ཀྱི་རིག་བྱེད་དེར་ཁས་ལེན་ན། དུས་དེར་དེ་སྐྱེས་ཟིན་པར་ཐལ་བས་སོ། །གཉིས་པ་ལྟར་ཡང་མི་རིགས་ཏེ། སྐྱེས་ཟིན་པའི་དུས་ཀྱི་རིག་བྱེད་ནི། ལས་ལམ་གྱི་མཇུག་ཉིད་དུ་སོང་བས། དངོས་གཞིར་མི་རིགས་ལ། དེ་ལྟ་ཡིན་པ་དེའི་ཚེ། སྡོམ་པའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པ་སྐྱེས་ཟིན་པའི་འོག་ཏུ། དེའི་ངོ་བོར་གྱུར་པའི་རིག་བྱེད་སྐྱེ་དགོས་པར་ཐལ་བའི་ཕྱིར་རོ། །ཡང་གསད་བྱ་གསོད་བཞིན་པའི་དུས་ཀྱི་རིག་བྱེད་དེ། ལས་ལམ་དངོས་ཡིན་ནམ། ཤི་ཟིན་པའི་དུས་ཀྱི་དེ་དེར་ཁས་ལེན། དང་པོ་ལྟར་ན། ཇི་སྐད་དུ། སྔ་དང་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་བྱ་བའི་དོན་དང་འགལ་ལོ། །གཉིས་པ་ལྟར་ཡང་མི་རིགས་ཏེ། སྲོག་བཅད་ཟིན་པའི་དུས་སུ་སྲོག་གཅོད་ཀྱི་སྦྱོར་བ་མེད་པའི་ཕྱིར་དང༌། རོ་ལ་སྣུན་པའི་ལུས་ངག་གི་རིག་བྱེད་ནི། སྲོག་གཅོད་ཀྱི་རིག་བྱེད་དུ་མི་རིགས་པའི་ཕྱིར་དང༌། དེ་དུས་ཀྱི་རིག་བྱེད་དེ་ལས་ལམ་གྱི་མཇུག་ཡིན་པ་ལ། སྦྱོར་བའི་མིང་གིས་བཏགས་སོ་ཞེས་འཆད་པ་དེ། བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཡིན་པར་འགྲེལ་པ་ཉིད་ན་གསལ་བའི་ཕྱིར། དེ་སྐད་དུ་ཡང་མཛོད་འགྲེལ་ལས། ཇེ་རེ་ཤིག་སྲོག་ཆགས་དེ་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ། རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གང་དག་ཡིན་པ་དེ་དག་ལས་ཀྱི་ལམ་ཡིན་ནམ། འོན་ཏེ་ཤི་བའི་སྲིད་པ་ལ་གནས་པ་དེའི་ཚེ། ཡིན་པ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར། རེ་ཤིག་གལ་ཏེ། འཆི་བའི་སྲིད་པ་ལ་གནས་པ་ཡིན་ན་ནི། ལྷན་ཅིག་ཤི་བ་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གྲུབ་པའི་མཐའ་ལས་ནི་དེ་སྐད་མི་འགྱུར་རོ། །འོན་ཏེ་ཤི་བ་ཡིན་ན་ནི། བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེ། རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གང་སྨྲས་པ་དེ་བརྗོད་པར་མི་བྱའོ། །ཞེས་གསུངས་པས་སོ། །མདོར་ན། ལས་ལམ་དངོས་གཞིའི་སྐྱེད་བྱེད་ཀྱི་རིག་བྱེད་ནི་སྦྱོར་བ་ཡིན་པས། དངོས་གཞིར་མི་རུང༌། དངོས་གཞི་དང་དུས་གཅིག་པའི་རིག་བྱེད་ནི། ལས་ལམ་གྱི་མཇུག་ཏུ་གྱུར་པའི་རིག་བྱེད་དུ་འཇོག་དགོས་པ་ཡིན་ཏེ། ཤི་ཟིན་པའི་རོ་ལ་བསྣུན་པ་ལས་ལམ་དངོས་གཞིར་མི་རུང་བ་བཞིན་ནོ། །ཞེས་བྱ་བ་ནི་གྲུབ་པའི་དོན་ནོ།། །།དྲི་བ་གཉིས་པ་ལ། དྲི་བའི་བསམ་པ་དང༌། དེའི་དངོས་ལན་ནོ། །དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་དང༌། བརྒལ་ལན་གྱིས་གཏན་ལ་མ་ཕབ་ན་བསྟན་བཅོས་ཆུད་གསོན་པའི་ཉེས་དམིགས་ཡོད་པའོ། །དང་པོ་ནི། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་གྲགས་པ་དང་ལྡན་པ་དག་གིས། ཇི་སྐད་དུ། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ལུས་ངག་ལས་ནི་སྐྱེ་བར་འདོད། །ཅེས་པའི་གཞུང་དེའི་འབྲུ་གཉེར་ཚུལ་ཇི་ལྟ་བ་བཞིན་དུ་མ་བརྟགས་པས་སོ། །དེ་ཡང་ལྷ་བཙུན་པ་བསམ་ཡས་པས་ནི། ཉན་ཐོས་པའི་ལུགས་ལ་སོ་ཐར་གྱི་སྡོམ་པ་རིག་བྱེད་ཀྱི་ངོ་བོར་སྐྱེ་བའི་དོན་ཡིན་གྱི། རིག་བྱེད་ལས་སྐྱེས་པར་སྟོན་པ་ནི་མ་ཡིན་ནོ། །ཞེས་འཆད་པ་དང༌། སྤོས་ཁང་པ། ལུས་ངག་གི་རྣམ་པར་རིག་བྱེད་ལས་སྡོམ་པའང་རིག་བྱེད་ཀྱི་གཟུགས་སུ་སྐྱེ་ཞེས་འཆད་པ་དང༌། སྒ་གདོང་པ་ཉེར་ལེན་ལུས་ངག་ལས་སྐྱེ་ཞེས་འཆད་པ་དང༌། ལ་ལ་དག མཁན་སློབ་སོགས་ཀྱི་ལུས་ངག་གི་རིག་བྱེད་ལས་སྐྱེ་ཞེས་འཆད་པར་བྱེད་དོ། །གཉིས་པ་ནི། ལུགས་དང་པོ་མི་འཐད་དེ། དེ་ལྟར་བཤད་ན། ཇི་སྐད་དུ། རྣམ་རིག་མིན། ལུས་ངག་ལས་ནི་སྐྱེ་བར་འདོད། །ཅེས་པའི་དོན་རིག་བྱེད་མ་ཡིན་པ་རིག་བྱེད་ཀྱི་ངོ་བོར་བཤད་པར་སོང་བས། ཡི་གེའི་དོན་དང་འགལ་བའི་ཕྱིར་དང༌། སྐྱེ་བར་འདོད་ཅེས་བཤད་བཞིན་དུ། སྐྱེ་བར་མི་འདོད་དོ་ཞེས་བཤད་ན་ཧ་ཅང་ཐལ་བའི་ཕྱིར། ལུགས་གཉིས་པ་ཡང་མི་འཐད་དེ། རྣམ་པར་རིག་བྱེད་མ་ཡིན་པ་རིག་བྱེད་ལས་སྐྱེ་བར་འདོད་དོ་ཞེས་པའི་འབྲུ་གཉེར་བ་ན། རིག་བྱེད་ལས་རིག་བྱེད་སྐྱེ་ཞེས་པ་ཙམ་ཞིག་ལས། གཞན་གང་ཡང་མི་འཆད་པ་ནི་ཅིར་ཡང་མི་རུང་བའི་ཕྱིར། ལུགས་གསུམ་པ་ཡང་མི་འཐད་དེ། རིག་བྱེད་མ་ཡིན་པའི་གཟུགས་རང་གི་ཉེར་ལེན་འབྱུང་བ་ལས་སྐྱེ་བར་འདོད་པ་ཡིན་གྱི། དེའི་ཉེར་ལེན་རིག་བྱེད་དུ་འཆད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་མ་ཡིན་པའི་ཕྱིར་དང༌། སྤྱིར་ཡང་འབྱུང་གྱུར་གྱི་ཉེར་ལེན་ནི་འབྱུང་བ་ཁོ་ན་ལ་འཆད་པ་ཆོས་མངོན་པ་བ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། སྒྲ་ལ་རྒྱུན་མི་འདོད་པས་སྔ་མས་ཕྱི་མའི་ཉེར་ལེན་ཡང་མི་བྱེད་ན། ངག་གི་རིག་བྱེད་སྔ་མས་སྡོམ་པའི་ངོ་བོར་གྱུར་པའི་ལུས་ངག་གི་རིག་བྱེད་དང༌། རིག་བྱེད་མ་ཡིན་པ་གཉིས་ཀྱི་ཉེར་ལེན་བྱེད་པ་ནི་ཤིན་ཏུ་མི་རུང་བའི་ཕྱིར་རོ། །ལུགས་བཞི་པ་ཡང་རིགས་པ་མ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་གཞན་གྱི་རིག་བྱེད་ལས་སྐྱེས་པ་ཞིག་ཁས་ལེན་མོད། དེའི་རང་ལྡོག་ནས་དེ་ལས་སྐྱེ་བར་ཁས་ལེན་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་པའི་འགྲེལ་པར། དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ། །ཞེས་གསུངས་སོ། །ལུང་འདིའི་དོན་ཡང་གཞན་གྱི་རྣམ་པར་རིག་བྱེད་ལ་རག་མ་ལས་པ་ཞིག་འཆད་པ་ཡིན་གྱི། སོ་ཐར་གྱི་སྡོམ་པ་སྤྱིར་རིག་བྱེད་ལ་རག་མ་ལས་པ་ཞིག་ཡོད་པར་འཆད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། རྫུན་ཚིག་འདུ་ཤེས་གཞན་སྒྱུར་བའི། །ཞེས་པའི་འགྲེལ་པར། འདོད་པ་ན་སྤྱོད་པའི་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཇི་ལྟར་ན་དེ་གཉིས་ཀྱིས་ལས་ཀྱི་ལམ་དུ་འགྲུབ་སྟེ། འདི་ལ་འབད་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་དངོས་ལན་ནི། བྱེ་སྨྲའི་ལུགས་ཀྱིས་སོ་ཐར་གྱི་སྡོམ་པ་རང་གི་ངོ་བོ་རིག་བྱེད་མ་ཡིན་པའི་གཟུགས་དང༌། ཉེ་བར་ལེན་པའི་རྒྱུ་འབྱུང་བ་བཞི་དང༌། ལྷན་ཅིག་བྱེད་པའི་རྐྱེན་ལུས་ངག་གི་རིག་བྱེད་ལས་སྐྱེས་པའི་སྤོང་བ་བདུན་པོ་གང་རུང་དུ་འདོད་དོ། །དེས་ན་སྤྱིར་རིག་བྱེད་ལ་རག་མ་ལས་པའི་སོ་སོར་ཐར་པའི་སྡོམ་པ་མེད་ཀྱང༌། གཞན་གྱི་རིག་བྱེད་ལ་རག་མ་ལས་པ་ཡོད་པ་ལ་དགོངས་ནས། མཛོད་དུ་སོགས་ཀྱི་སྒྲ་སྨོས་པ་ཡིན་ནོ། །དེའི་ཕྱིར་སོ་ཐར་སྡོམ་པའི་ངོ་བོ་བྱེ་སྨྲའི་ལུགས་ལྟར་ཁས་བླངས་ནས། ཤི་འཕོས་ནས་ཀྱང་རྗེས་སུ་འབྲང་བར་འདོད་པ་ནི་ནང་འགལ་བ་ཡིན་ཏེ། ལུས་ངག་གི་རྗེས་སུ་འབྲང་བའི་གཟུགས་ཅན་ཡིན་ན། རང་གི་རྟེན་ཤི་འཕོས་པའི་འོག་ཏུ་མི་འགྲོ་བས་ཁྱབ་པར་ལུང་རིགས་ཀྱི་གྲུབ་པའི་ཕྱིར། ཞེས་འཆད་པ་ནི། ལུས་ངག་ལས་ནི་སྐྱེ་བར་འདོད། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། །ཤི་བའི་ཚེ་ན་སྡོམ་པ་གཏོང༌། །ཞེས་པའོ། །དྲི་བ་གསུམ་པ་ལ། དྲི་བའི་བསམ་པ་བསླང་བ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་དང༌། མ་དྲིས་ན་གཞུང་ཆུད་འཛའ་བའི་ཉེས་པའོ། །དང་པོ་ནི། བསམ་ཡས་པས། སྡོམ་པ་དེ་གཟུགས་ཅན་ཡིན་པའི་ཕྱིར་ན། ཤི་བའི་ཚེ་ན་སྡོམ་པ་གཏོང་སྟེ། ལེན་པར་བྱེད་པའི་ལུས་ཀྱི་རྒྱུན་འགགས་པའི་ཕྱིར་དང༌། སྐལ་པ་མི་འདྲ་བའི་ལུས་གཞན་སྐྱེས་ཤིང༌། དེས་ལེན་པའི་སྦྱོར་བ་མ་བྱས་པའི་ཕྱིར་དང༌། མ་བྱས་ཀྱང་སྐྱེ་ན། ཐམས་ཅད་ལ་སྐྱེ་བར་འགྱུར་རོ། །ཞེས་འཆད། སྤོས་ཁང་པ། ལུས་ལ་གནས་པའི་དབང་པོ་གཟུགས་ཅན་རྣམས་འགག་པ་དང་མཉམ་དུ། སྡོམ་པའི་གཟུགས་འགགས་ནས་དགེ་བ་དང་མི་དགེ་བའི་སེམས་ཀྱང་ནུབ་པར་གྱུར་ཏེ། ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་དེ་བོར་ནས་སྐྱེ་བ་ཕྱི་མ་ལེན་པར་བྱེད། ཅེས་འཆད། སྒ་གདོང་པ། རྩ་བར་ཤི་འཕོས། ཞེས་པ། འགྲེལ་པར་རྟེན་བོར། ཞེས་དང༌། འདིར་གཟུགས་ཅན་ཞེས་བྱ་བའི་ལུང་རིགས་རྣམས་གནད་གཅིག་པར་མངོན་ནོ། །ཞེས་འཆད་ལ། འཆད་ཚུལ་དེ་དག་གིས་ནི་རྒལ་ཞིང་བརྟག་པ་མི་བཟོད་པས། དེ་ལས་གཞན་པའི་འཆད་ཚུལ་ཞིག་དགོས་པའི་རྒྱུ་མཚན་གྱིས་དྲིས་པ་ཡིན་ནོ། །གཉིས་པ་ནི། དེ་དང་དེ་ལྟར་དུ་ཁས་བླངས་ནས་བཤད་ན། གཞུང་ཆུད་འཛའ་བའི་ཚུལ་འདི་ལྟར། ལུགས་དང་པོ་མི་འཐད་དེ། ཤེས་བྱེད་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ་ལའང་མཚུངས་པའི་ཕྱིར། གཉིས་པ་ཡང་མི་འཐད་དེ། དབང་པོ་གཟུགས་ཅན་དང་སྡོམ་གཟུགས་མཉམ་དུ་འགགས་ཟིན་ནས། དེའི་འོག་ཏུ་འཆི་སེམས་ལུང་མ་བསྟན་གྱི་ལུས་འདོར་བར་འདོད་ན། འཆི་འཕོས་པ་དེ་སྡོམ་པའི་གཏོང་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་དང༌། སྤྱིར་ཡང༌། འཆི་སེམས་ལུང་མ་བསྟན་ཁོ་ནར་ཁས་ལེན་པ་ནི། ཀུན་གཞི་ཁས་བླངས་པའི་གཞུང་ལུགས་ལ་ཡོད་པ་ཡིན་གྱི། ཉན་ཐོས་སྡེ་པའི་ལུགས་ལ་མེད་པའི་ཕྱིར། གསུམ་པ་ཡང་མི་འཐད་དེ། རྟེན་བོར་བ་ནི། ཤི་འཕོས་པས་སོར་སྡོམ་གཏོང་བའི་ཤེས་བྱེད་ཡིན་གྱི། ཤི་འཕོས་པ་དང༌། རྟེན་བོར་བ་གཉིས་རིགས་པ་རྣམ་གྲངས་པ་མ་ཡིན་པའི་ཕྱིར་དང༌། འཆི་བ་སྡོམ་པའི་གཏོང་རྒྱུ་ལ་འཆད་ཀྱི། གཏོང་བའི་ཤེས་བྱེད་དུ་མི་འཆད་པའི་ཕྱིར། རྟེན་བོར་བ་ནི། རང་རྒྱུད་ཀྱི་སྒྲུབ་བྱེད་ཡང་དག་ཏུ་རིགས་ལ། གཟུགས་ཅན་ཡིན་པ་ནི། བསྟན་བཅོས་འདིར་གཞན་གྲགས་སུ་འཆད་ཀྱི། རང་རྒྱུད་དུ་མི་རུང་བའི་ཕྱིར། ལུགས་དེ་གསུམ་ཀ་ལ་ཐུན་མོང་དུ་སུན་འབྱིན་བརྗོད་པ་ནི། གཟུགས་ཅན་ཡིན་པའི་རྒྱུ་མཚན་གྱིས། སོ་ཐར་གྱི་སྡོམ་པ་ཤི་འཕོས་པས་གཏོང་ངོ༌། །ཞེས་འཆད་པ་འདི་བྱེ་བྲག་ཏུ་སྨྲ་བའི་ལུགས་གཞིར་བྱས་ནས་འཆད་པ་ཡིན་ནམ། བསྟན་བཅོས་འདིའི་རང་ལུགས་སུ་བྱས་ནས་འཆད་པ་ཡིན། ཕྱི་མ་མི་རིགས་ཏེ། བསྒྲུབ་བྱ་ལ་དཔག་འདོད་དང༌། ཤེས་འདོད་ཡོད་ཀྱང༌། སྒྲུབ་བྱེད་ཚད་མས་མི་བསྒྲུབ་པའི་ཕྱིར། དང་པོ་ལྟར་ན་ཡང་མི་རིགས་ཏེ། གཞུང་དེ་བྱེ་སྨྲའི་ལུགས་གཞིར་གཞག་པ་ཡིན་ན། བསྒྲུབ་བྱ་ལ་ཤེས་འདོད་དང་དཔག་འདོད་གཉིས་ཀ་མེད་པས། བསྒྲུབ་བྱ་མི་སྲིད་པ་དང༌། སྒྲུབ་བྱེད་གཏན་ཚིགས་ཀྱི་ཁྱབ་པ་འཁྲུལ་པའི་ཕྱིར། ཇི་ལྟར་ཞེ་ན། དང་པོ་ནི། གཞུང་འདིའི་ཕྱོགས་སྔ་མ་ནི། རྗེ་འཇིག་རྟེན་མགོན་པོར་གྲགས་པའི་འབྲི་ཁུང་པས། སོ་ཐར་གྱི་སྡོམ་པ་ཤི་འཕོས་པས་མི་གཏོང་བ་དེ། ཁོང་རང་གི་ལུགས་སུ་བཞེད་པ་ཡིན་གྱི། དེ་ལྟར་འཆད་པ་དེ། བྱེ་བྲག་ཏུ་སྨྲ་བའི་ལུགས་སུ་འཆད་པ་ནི་མ་ཡིན་པས། བྱེ་སྨྲའི་ལུགས་ལ་སྐབས་འདིར་སོ་ཐར་གྱི་སྡོམ་པ་ཤི་བས་གཏོང་པར་སྒྲུབ་དགོས་པ་མེད་དོ། །དེས་ན་སྐབས་འདིར་དྲི་བ་འདི་ལྟ་བུ་ཞིག་ཀྱང་འཇུག་སྟེ། སོ་ཐར་སྡོམ་པ་ཤི་འཕོས་པས། །གཏོང་བའི་སྒྲུབ་བྱེད་འཆད་པ་ན། །བྱེ་བྲག་སྨྲ་བའི་རིགས་པ་ལ། །ཡིད་རྟོན་བྱེད་པོ་དེ་སུ་ཞིག །ཅེས་ཀྱང་དྲིའོ། །གཉིས་པ་ནི། འོ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཀྱང་ཆོས་ཅན། རྟེན་གྱི་གང་ཟག་ཤི་འཕོས་པས་གཏོང་བར་ཐལ། གཟུགས་ཅན་དུ་གྱུར་པའི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་ལུང་གིས་གྲུབ། ཐལ་ཆོས་ལ་བསལ་པ་འཇུག་པའི་ཚུལ་ནི། ཇི་སྐད་དུ། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་དང༌། སེམས་ལས་བྱུང་དང་སྡོམ་གཉིས་དང༌། །ཞེས་གཉིས་པོ་དེ་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་སུ་བཤད་པ་དང༌། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་དང༌། འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་གཉིས་པོའི་གཏོང་ཚུལ་དེ་དག་ལས་གཞན་མ་བཤད་པའི་ཕྱིར། གལ་ཏེ་འོ་ན། མཛོད་འགྲེལ་ལས། བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། གོང་ངམ། འོག་ཏུ་སྐྱེ་བ་སྟེ། ས་འཕོས་པ་ལས་སམ། སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་སོ། །རིས་མཐུན་མ་བཏང་བས་ཀྱང་ཅུང་ཟད་བཏང་བར་འགྱུར་རོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད། དེ་ལས་ཅིར་འགྱུར། གོང་འོག་ཏུ་སྐྱེ་བ་ཞེས་བཤད་པས་སོ། །ཤེ་ན། ལུང་དེ་ཉིད་ཀྱིས་འཆི་འཕོ་བ་བསམ་གཏན་སྡོམ་པའི་གཏོང་རྒྱུ་མ་ཡིན་པར་གྲུབ་སྟེ། རང་སར་སྐྱེ་བའི་ཚེ་མི་གཏོང་བར་དོན་གྱིས་འཕངས་པའི་ཕྱིར། ཅུང་ཟད་གཏོང༌། ཞེས་བཤད་པས་ཀྱང་དེ་དེའི་གཏོང་རྒྱུ་མ་ཡིན་པར་གྲུབ་སྟེ། རིས་མཐུན་བཏང་བ་རྐྱང་པས་བསམ་གཏན་གྱི་སྡོམ་པ་མཐའ་དག་མི་གཏོང་བར་འཕངས་པའི་ཕྱིར། འོ་ན་དེ་དག་གི་དོན་ཅི་ཞེ་ན། བསམ་གཏན་གྱི་དགེ་བ་དག་པ་བ་གཏོང་བའི་རྒྱུ་གསུམ་པོ་དེ་ལ་གཞི་མཐུན་མི་སྲིད་པའི་ཚུལ་འདི་ལྟར། ས་འཕོས་པས་གཏོང་བ་ལ་གཉིས་ལས། དང་པོ་འོག་ནས་གོང་དུ་སྐྱེ་བའི་ཚེ་ནི། འོག་སའི་རྟེན་ལ་གོང་མའི་དངོས་གཞི་མངོན་དུ་བྱེད་དགོས་པས། དེའི་ཚེ་ས་འཕོས་པའོ། །གཉིས་པ་ནི། གོང་ནས་འོག་ཏུ་འཆི་འཕོ་བའི་ཚེ། གོང་མའི་རྟེན་ལ་འོག་སའི་ཉོན་མོངས་ཀྱི་ཐོབ་པ་སྔར་སྐྱེ་བྱུང་བ་ན་ས་འཕོས་པ་ཡིན་ཏེ། དུས་དེར་འོག་མའི་དགེ་བ་དག་པ་བ་སྐྱེས་ཐོབ་ཀྱི་ལྡན་པ་གསར་དུ་རྙེད་པའི་ཕྱིར། དེའི་ཚེ་གོང་མའི་དངོས་གཞི་བཏང་བས་ཉམས་པ་ནི་མ་ཡིན་ཏེ། འོག་མའི་ཉོན་མོངས་པའི་ཐོབ་པ་ཙམ་གྱིས་གོང་མའི་དངོས་གཞི་ཉམས་མི་ནུས་པའི་ཕྱིར། འོ་ན་དེ་ལས་ནམ་གྱི་ཚེ་ཉམས་ཤེ་ན། འོག་མའི་ཉོན་མོངས་མངོན་དུ་གྱུར་ནས། འོག་མར་ཉིང་མཚམས་སྦྱར་བ་དེའི་ཚེའོ། །དེ་འདྲ་དེ་ཉམས་པས་བཏང་བ་ནི་མ་ཡིན་ཏེ། ས་འཕོས་ཟིན་པའི་འོག་ཏུ་ཉམས་པས་སོ། །ས་འཕོ་ཚུལ་དེ་གཉིས་ཀ་ཡང་འཆི་འཕོ་བ་ལ་རག་ལས་པ་ནི་མ་ཡིན་ཏེ། འཆི་འཕོ་བ་ལ་མངོན་དུ་ཕྱོགས་པའི་དུས་ཉིད་ནས་ས་འཕོས་ཟིན་པའི་ཕྱིར་རོ། །གཏོང་རྒྱུ་གཉིས་པ་ཡོངས་སུ་ཉམས་པས་གཏོང་བ་ནི། ས་གོང་མ་ནས་འོག་མར་སྐྱེ་བའི་དུས་ལྟ་བུ་ལ་བྱ་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདོད་པའི་རྟེན་ལ་བསམ་གཏན་དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་པ་ལྟ་བུའོ། །འདི་ཡང་ས་འཕོས་ཟིན་པའི་འོག་ཏུ་ཉམས་པ་ཡིན་ཏེ། དང་པོའི་རོ་མྱང་བ་དེའི་དངོས་གཞི་མངོན་དུ་གྱུར་པ་ལ་རག་ལས་པའི་ཕྱིར། འོ་ན་དུས་དེར་ཉམས་པས་གཏོང་བའི་དོན་མ་ཚང་སྟེ་བཏང་ཟིན་པའི་འོག་ཏུ་ཉམས་པས་སོ། །ཤེ་ན། སྐྱོན་མེད་དེ། ས་འཕོས་པ་ནི་གོང་མའི་དངོས་གཞི་ནས་འོག་མའི་དངོས་གཞིར་འཕོས་པ་ཡིན་ལ། ཉམས་པས་བཏང་བ་ནི། འོག་མའི་ཉོན་མོངས་པ་ཆེན་པོའི་ཆེན་པོས། གོང་མའི་ཉེར་བསྡོགས་ཀྱི་རྫས་ཉམས་པར་བྱས་པ་ཡིན་པས་སོ། །གཏོང་རྒྱུ་གསུམ་པ་ཤི་འཕོས་པས་གཏོང་བ་ནི། འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་རྒྱུད་ལ་སྐྱེས་པ་དེ། འདོད་པའི་ཉོན་མོངས་ཆུང་འབྲིང་གིས་འདོད་པར་ཉིང་མཚམས་སྦྱར་བའི་ཚེ་ལྟ་བུ་དང༌། འདོད་པའི་རྟེན་ལ་བསམ་གཏན་གཉིས་པ་སོགས་ཀྱི་ཉེར་བསྡོགས་ཙམ་མངོན་དུ་གྱུར་པ་འཆི་འཕོ་བའི་ཚེ་ནའོ། །དེ་འདྲ་དེ་ཡང་ས་འཕོས་པ་དང་ཉམས་པས་གཏོང་བ་ནི་མ་ཡིན་ཏེ། རང་རང་གི་དངོས་གཞི་མ་ཐོབ་པ་ལས་ས་འཕོ་རྒྱུ་མེད་པའི་ཕྱིར་དང༌། འོག་མའི་ཉོན་མོངས་པ་ཙམ་གྱིས་གོང་མའི་ཉེར་བསྡོགས་ཉམས་མི་ནུས་པས་སོ། །མདོར་ན་ས་འཕོས་པས་གཏོང་བ་ནི་དངོས་གཞིའི་སྙོམས་འཇུག་ཁོ་ནར་ངེས་ལ། ཉམས་པ་དང་ཤི་འཕོས་པས་གཏོང་བ་ནི་ཉེར་བསྡོགས་ཁོ་ནའོ། །ཞར་ལ་འཐོབ་ཚུལ་ཀྱང་གསུམ་སྟེ། འདོད་ཆགས་དང་བྲལ་བས་དང༌། སྦྱོར་བས་དང༌། སྐྱེ་བས་ཐོབ་པའོ། །ཐོག་མཐའ་གཉིས་ནི་དངོས་གཞིའི་དབང་དུ་བྱས་ལ། སྦྱོར་བས་ཐོབ་པ་ནི། ཉེར་བསྡོགས་དང་དངོས་གཞི་གཉིས་ག་ལ་སྲིད་དོ། །འོ་ན་ཇི་སྐད་དུ། བསམ་གཏན་སྐྱེས་དང་ལྡན་པ་ནི། རྟག་ཏུ་འདས་དང༌། ཞེས་གོང་མའི་རྟེན་ལ་འོག་མའི་སྙོམས་འཇུག་ལྡན་པར་ཁས་ལེན་དགོས་པ་མ་ཡིན་ནམ། ཇི་སྐད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཅེས་གོང་ནས་འོག་ཏུ་སྐྱེས་པའི་ཚེ། འོག་མའི་སྙོམས་འཇུག་སྐྱེས་ཐོབ་ཏུ་འཇོག་པ་ཅི་ཞེ་ན། གོང་མར་ལྡན་པ་ནི་སྦྱོར་བྱུང་གི་ཡིན་ལ། ཁམས་སུ་སླར་ལོག་པའི་ཚེ་རྙེད་པ་ནི་སྐྱེས་ཐོབ་ཀྱི་ཡིན་པས་འགལ་བ་མེད་དོ། །ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཅན་ཤི་འཕོས་པ་དེའི་ཚེ། བསམ་གཏན་གྱི་སྡོམ་པ་རིལ་གྱིས་གཏོང་བ་མ་ཡིན་ནམ། འགྲེལ་པར། ཅུང་ཟད་གཏོང་ཞེས་བཤད་པ་ཅི་ཞེ་ན། འདོད་པའི་ཉོན་མོངས་ཆེན་པོའི་ཆེན་པོ་མ་སྐྱེས་ན། འཆི་འཕོས་པ་ཙམ་གྱིས་ནི་ལུས་ངག་གི་སྤོང་བ་རྐྱང་པ་ལས་ལྷག་པ་མི་གཏོང་བ་ལ་དགོངས་པའམ། ཡང་ན། བསམ་གཏན་གཉིས་པ་ལ་སོགས་པའི་ཉེར་བསྡོགས་ཅན། རང་རང་གི་འོག་སར་སྐྱེ་བ་བླངས་པ་ལ་དགོངས་པས་ཉེས་པ་མེད་དོ། །དོན་འདི་དག་རྒྱས་པར་མ་བསམས་ན། འཆི་འཕོ་བ་བསམ་གཏན་སྡོམ་པའི་གཏོང་རྒྱུར་རྟོག་སྲིད་པ་དག་སྣང་བས། རྒྱ་ཆེར་བཤད་པ་ཡིན་ནོ། །གལ་ཏེ་སོ་སོ་སྐྱེ་བོས་བསམ་གཏན་གྱི་སྡོམ་པ་ཤི་འཕོ་བས་མི་གཏོང་བ་དེ་ལྟ་ན། ཇི་སྐད་དུ། འཕགས་མིན་འཆི་བས་སོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་བསམ་གཏན་གྱི་གཏོང་ཚུལ་མ་ཡིན་གྱི། ངེས་འབྱེད་ཆ་མཐུན་གྱི་གཏོང་ཚུལ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དེ་ལས་གཞན་དུ་ན། འོག་ས་ནས་གོང་སར་སྐྱེ་བའི་ཚེ། བསམ་གཏན་གྱི་སྡོམ་པ་སྐྱེས་ཐོབ་སྲིད་པས་ཁྱབ་པར་འགྱུར་རོ། །དེ་ལྟར་བཤད་པ་ན། འཆི་འཕོ་བ་བསམ་གཏན་གྱི་ཉེར་བསྡོགས་དང་དངོས་གཞི་མ་འོངས་པའི་གཏོང་རྒྱུ་ཡིན་པ་གཅིག་སྲིད་ཀྱང༌། དངོས་གཞི་ད་ལྟར་བའི་གཏོང་རྒྱུ་ཡིན་པ་གཅིག་མི་སྲིད་དོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །ཟག་མེད་ཀྱི་སྡོམ་པ་ལ་ནི། ཆ་ཤས་ཅུང་ཟད་ཙམ་ཞིག་གི་གཏོང་རྒྱུ་ཡང་འཆི་འཕོ་བ་ལ་བཤད་པའི་གོ་སྐབས་ཡོད་པ་མ་ཡིན་ཏེ། འཕགས་པ་འདོད་གཟུགས་ནས་ཤི་འཕོས་ནས། གཟུགས་མེད་ཁམས་སུ་སྐྱེ་བའི་ཚེ་ཡང༌། ཟག་མེད་ཀྱི་སྡོམ་པ་མི་གཏོང་བར་བཤད་ན། གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ན། །ཞེས་གསུངས། གལ་ཏེ་གཟུགས་མེད་དུ་ཟག་མེད་ཀྱི་སྡོམ་པ་གསར་དུ་སྐྱེས་པ་ཡིན་ནོ། །ཞེས་ཟེར་ན། རྒྱུ་འབྱུང་བ་མེད་པར། འབྲས་བུ་འབྱུང་གྱུར་གྱི་གཟུགས་གསར་དུ་སྐྱེ་བ་ངོ་མཚར་བའི་གནས་སོ། །གཉིས་པ་དངོས་ལན་བཏབ་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། འབྲི་ཁུང་པ། འདུལ་བའི་སྡེ་སྣོད་ཀྱི་དགོངས་པ་ཐེག་ཆེན་དུ་གནས་པ་དང༌། སྤང་བྱ་ཡིད་ཀྱི་གསུམ་སྤོང་བ་གཙོ་ཆེ་བ་དང༌། ལྟུང་བ་མཐའ་དག་ལ་འདུ་ཤེས་དང་དངོས་པོ་གཉིས་ལས། འདུ་ཤེས་གཙོ་ཆེ་བ་དང༌། སོ་ཐར་སྡོམ་པའི་ངོ་བོ་གཟུགས་ཅན་ཡིན་པ་དང༌། ཤི་འཕོས་པས་མི་གཏོང་བ་རྣམས་སུ་བཞེད་པ་ནི་ཕྱོགས་སྔ་མའོ། །དེ་སུན་དབྱུང་བ་ནི། ཐེག་པ་ཆེན་པོའི་ལུགས་གཞིར་བྱས་པ་ལ། སོ་ཐར་གྱི་སྡོམ་པ་ཆོས་ཅན། ཤི་འཕོས་པས་གཏོང་བར་ཐལ། གཟུགས་ཅན་དུ་གྱུར་པའི་སྡོམ་པ་ཡིན་པའི་ཕྱིར། ཞེས་འཕེན་པའོ། །དེ་སྐད་དུ་ཡང༌། དགོངས་གཅིག་ལས། རྡོ་རྗེའི་གསུང༌། སོ་སོར་ཐར་པ་ཟེར་མི་ཟེར་གྱི་ཁྱད་པར་གྱིས། ཐེག་པ་ཆེ་ཆུང་དུ་གཞག་ས་མེད་པས། བོད་ཁམས་སྤྱིའི་རྗེས་སུ་མི་འབྲང༌། ལྷག་པར་ཐེག་པ་ཆེན་པོར་བཞུགས་པ་འདི་ཤིན་ཏུ་གསལ། ཞེས་དང༌། ཡང་རྡོ་རྗེའི་གསུང༌། གཙོ་བོར་ཡིད་ཀྱི་གསུམ་པོ་སྤོང༌། །ཞེས་བྱ་བ་འདི་བཞུགས། ཞེས་དང༌། རྡོ་རྗེའི་གསུང༌། ལྟུང་བ་མཐའ་དག་འདུ་ཤེས་གཙོ་བྱ་བ་འདི་བཞུགས། ཞེས་དང༌། ཡང་རྡོ་རྗེའི་གསུང༌། སྡོམ་པའི་ངོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བྱ་བ་འདི་བཞུགས། ཞེས་དང༌། བོད་ཁམས་ཀྱི་འདུལ་བ་འཛིན་པ་རྣམས་ཀྱིས། བྱེ་བྲག་ཏུ་སྨྲ་བའི་ལུགས་དེ་ལ་ངན་པ་ཐ་ཆད་དུ་བྱེད་པ་ཡིན་པ་ལ། འདིར་ཞལ་མངའ་ནས། སྡོམ་པའི་ངོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པས། བྱེ་བྲག་ཏུ་སྨྲ་བའི་ལུགས་འདི་ལེགས་ཞེས་དང༌། སོ་ཐར་གྱི་སྡོམ་པ་ཤི་བས་མི་གཏོང་བའི་ཤེས་བྱེད་དུ། ལུང་དང༌། རིགས་པ་གཉིས་ལས། ལུང་ནི། ཁྲི་རྐང་གི་གླེང་གཞི་ལས། དགེ་སློང་ཞིག་ཤི་འཕོས་ནས་ལྷར་སྐྱེས་པ་ན། དགེ་སློང་གི་འདུ་ཤེས་དང་མ་བྲལ་བར་བཤད་པའོ། །རིགས་པ་ནི། གལ་ཏེ་ཤི་འཕོས་པས་སྡོམ་པ་གཏོང་ན། སྔར་མ་ཤི་བར་ལ་སྡོམ་པ་བསྲུངས་པས་ཅི་ཞིག་བྱེད་དེ། དགོས་དུས་སུ་མ་ཕན་པའི་ཕྱིར། དཔེར་ན། མི་གཅིག་ལམ་གྱི་སྐྱེལ་མར་ཡོད་པ་ལ། འཇིགས་སར་ཕྱིན་ནས་བསྐྱུར་བ་དང་མཚུངས་སོ། །ཞེས་བཤད་པ་ཡིན་ནོ། །དེ་དག་ལ་འདི་སྐད་ཅེས། སོ་སོར་ཐར་པའི་སྡོམ་པ་ནི། །ཡིད་ཀྱི་སྤང་བྱ་གསུམ་སྤོང་བའི། །ཆ་ནས་བཤད་པ་འདུལ་བ་ཡི། །སྡེ་སྣོད་དག་ནས་འབྱུང་བ་མེད། །ལུས་ངག་རྗེས་འབྲང་གཟུགས་ཅན་སྡོམ། །འཆི་བས་གཏོང་བ་བྱེ་སྨྲའི་ལུགས། །ཤི་བས་མི་གཏོང་གཟུགས་ཅན་གྱི། །སྡོམ་པ་ཐེག་ཆེན་ལུགས་ལ་མེད། །ཅེས་ངག་དོན་བསྡུས་པ་ཡིན་ནོ།། །།དྲི་བ་བཞི་པ་ནི། ཐེག་ཆེན་ལུགས་ལ་སྤོང་བའི་སེམས། །ཇི་སྲིད་མ་ཉམས་དེ་སྲིད་དུ། །དེ་ཡི་སྡོམ་པ་དེ་ཡོད་ན། །ཐེག་ཆེན་ལུགས་ཀྱི་བསྙེན་གནས་ཀྱང༌། །ནང་པར་ཕན་ཆད་བསྲུང་དགོས་སམ། །དེས་ན་ཇི་སྲིད་སེམས་མ་ཉམས། །ཞེས་དང་སེམས་སྐྱེད་ཀྱི་ཟིན་པའི། །དགེ་སློང་ལ་སོགས་སྡོམ་པ་རྣམས། །ཞེས་སོགས་མི་འགལ་ཚུལ་དེ་ཅི། །སོ་ཐར་སྡོམ་པ་ཤི་ནས་ཀྱང༌། །ཡོད་ཅེས་སྨྲ་བའི་འབྲི་ཁུང་པས། །ཐེག་པ་ཆེན་པོའི་སོ་ཐར་གྱི། །དབང་དུ་བྱས་པར་མ་བཤད་དམ། །ཞེས་པའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་བསླང་བ་དང༌། དེའི་དངོས་ལན་གདབ་པའོ། །དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་དང༌། མ་དྲིས་ན་གཞུང་ཆུད་འཛའ་བའི་ཉེས་དམིགས་སོ། །དང་པོ་ནི། རྣམ་བཤད་མཛད་པ་ཕལ་ཆེ་བས། ཉེར་ལེན་སེམས་ལས་སྐྱེས་པའི་རྒྱུ་མཚན་གྱིས། ཇི་སྲིད་སྤོང་སེམས་མ་ཉམས་པ་དེ་སྲིད་དུ་དེའི་སྡོམ་པ་དེ་ཡོད་དོ། །ཞེས་པའི་དོན་དུ་བཤད་ལ། སྤོས་ཁང་པ་དང༌། སྒ་གདོང་པ། སེམས་སྐྱེད་ཀྱི་སྡོམ་པ་ཉེར་ལེན་སེམས་ལ་སྐྱེ་བའི་རྒྱུ་མཚན་གྱིས། ཇི་སྲིད་སྨོན་སེམས་ཡོད་པ་དེ་སྲིད་དུ། དེའི་སྡོམ་པ་ཡོད་ཅེས་བྱ་བ་ལ་སོགས་པའི་དོན་དུ་འཆད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ལ་གཉིས་ཏེ། དངོས་སུ་མ་བཀོད་པའི་དོགས་པ་བསམ་པ་དང༌། དངོས་སུ་བཀོད་པའི་དོགས་པ་དེའི་དོན་བཤད་པའོ། །དང་པོ་ནི། བསྒྲུབ་བྱ་དེ་དང་དེ་སྒྲུབ་པའི། །ཤེས་བྱེད་གཏན་ཚིགས་དེ་དག་ནི། །གཞན་ལ་ཤེས་འདོད་མེད་ཕྱིར་དང༌། །གྲུབ་ཟིན་ཕྱིར་ན་བསྒྲུབ་བྱ་མིན། །རང་ལུགས་སོ་ཐར་སྡོམ་པ་ཡང༌། །སེམས་ལས་སྐྱེས་ཕྱིར་གཟུགས་ཅན་མིན། །དེས་ན་སྤོང་སེམས་མ་ཉམས་པ། །དེ་ཡི་བར་དུ་དེ་ཡོད་འགྱུར། །དེ་ལྟ་ན་ནི་ཕྱོགས་སྔ་མའི། །རྗེས་སུ་འབྲང་བ་མ་ཡིན་ནམ། །ཞེས་བྱ་བའི་ཀླན་ཀ་འདི་དག་འཇུག་པའི་ཉེས་དམིགས་ཡོད་དོ། །གཉིས་པ་ནི། བསྟན་བཅོས་འདི་ལ་འབེལ་གཏམ་དུ་བྱེད་པ་ཕྱི་མ་དག སྡོམ་པ་གསུམ་ལྡན་གྱི་རྒྱུད་ཀྱི་གསུམ་པོ་གནས་གྱུར་ཏེ། ངོ་བོ་གཅིག་པའི་དོན་དེ་དང་དེ་ཡིན་པ་ལ་བྱེད་པ་ཡིན་ནོ། །ཞེས་འཆད་པ་དག་སྣང་ལ། དེ་ལྟ་ན། སྐབས་འདིའི་གཞུང་དེ་དག་དང་འགལ་བར་འགྱུར་རོ། །ཇི་ལྟར་ན། འོ་ན་དགེ་བསྙེན་གྱི་བསྙེན་གནས་བླངས་པའི་ཚེ་ན། དེ་དེར་སོང་བ་ཡིན་པས། དགེ་བསྙེན་བསྙེན་གནས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་ཐལ་བ་དང༌། བསྙེན་གནས་ལ་གནས་པས་སེམས་སྐྱེད་ཀྱི་སྡོམ་པ་བླངས་པའི་ཚེ་དེ་དེར་སོང་བ་དང༌། དགེ་སློང་གིས་དེ་བླངས་པའི་ཚེ་ཡང་དེ་དེར་སོང་བས། དེ་དང་དེ་དག་ཆོས་ཅན། ཇི་སྲིད་བྱང་སེམས་སྡོམ་པའི་སྤོང་སེམས་མ་ཉམས་པ་དེ་སྲིད་དུ་གནས་པར་ཐལ། བྱང་སེམས་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཞེས་པའི་ཀླན་ཀ་འདི་འཇུག་པ་དང༌། ཐལ་བ་ཕྱི་མ་ལ་འདོད་ལན་བཏབ་ན། འོ་ན་སེམས་སྐྱེད་ཀྱིས་ཟིན་པའི། ཞེས་སོགས་དང་འགལ་བར་འགྱུར་རོ། །སྙམ་དུ་བསམས་པ་ཡིན་ནོ། །ཡང་དྲི་ཚིག་ཏུ། སོ་ཐར་སྡོམ་པ་ཤི་ནས་ཀྱང༌། ཞེས་སོགས་རྐང་པ་བཞིའི་དོན་ནི། གཞུང་དུ། དགེ་སློང་ལ་སོགས་སྡོམ་པ་རྣམས། །བསླབ་པ་ཕུལ་དང་ཤི་འཕོས་དང༌། །རྩ་བ་ཆད་པ་ལ་སོགས་པ། །གཏོང་རྒྱུ་ཀུན་གྱིས་མི་གཏོང་འགྱུར། །དེ་ལྟ་ཡིན་ན་དགེ་སློང་གིས། །སྡོམ་པ་ཕུལ་ཡང་སྲུང་དགོས་འགྱུར། །ཞེས་པ་འདི་ཕྱོགས་སྔ་སྨྲ་བ་ལ་ཧ་ཅང་ཐལ་བ་ཇི་ལྟར་འཇུག་སྟེ། ཕྱོགས་སྔ་མས་ནི་བསླབ་པ་ཕུལ་བ་དང༌། རྩ་བ་ཆད་པས་ནི་སེམས་སྐྱེད་ཀྱིས་ཟིན་པའི་སོ་ཐར་ཡིན་ཀྱང་གཏོང་ལ། ཤི་འཕོས་པས་ནི་ཐེག་ཆེན་གྱི་སོ་སོར་ཐར་པའི་སྡོམ་པ་མི་གཏོང་བར་འཆད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། དགོངས་གཅིག་ལས། དེ་ལྟར་ན་གཏོང་བྱེད་ཀྱི་རྒྱུ་དགུ་པོ་དེའི་བཞིས་གཏོང་ངེས་པ་ཡིན། ཤི་འཕོས་པ་དང༌། ཆོས་ནུབ་པ་དང༌། མཚན་འདས་ཀྱིས་ཕྱེད་གཏོང༌། ཕྱེད་མི་གཏོང༌། བསླབ་པ་ཕུལ་བ་དང༌། རྩ་ལྟུང་བྱུང་བས་བཞི་ཆ་རེ་གཏོང༌། ལར་གཙོ་བོར་ཡིད་ཀྱི་གསུམ་སྤོང་བ་འདི་ཤི་འཕོས་པས་སྡོམ་པ་མི་གཏོང་བའི་ལུགས་ཡིན་པས། བདག་ཅག་རྣམས་ཀྱིས་ཚུལ་ཁྲིམས་འདི་ལ་ཤིན་ཏུ་ནན་ཏན་ཆེ་བར་བྱ། ཞེས་དང༌། ཡང་དེ་ཉིད་ལས། ཤི་འཕོས་པ་ཀུན་ཀྱང་སྡོམ་པ་མི་གཏོང་ན། བུ་ཆུང་གི་དགེ་སློང་ཞིག་འབྱུང་ངམ་ཟེར་བ་ལས། དེ་ཡང་འབྱུང་བ་དང༌། མི་འབྱུང་བ་གཉིས་ཀ་ཡོད་པ་ལ་རྒྱུད་པ་འདི་ནི། ནཱ་རོ་པཎ་ཆེན་གྱི་ལུགས་ལྟར་བཞེད་དེ། ཆོས་དྲུག་ལྟར་ཉམས་སུ་བླངས་པས་མངལ་སྒོ་ཁེགས། མངལ་སྒོ་འགེགས་པ་ལ་ཆགས་གྲོལ་གཉིས་སུ་གསུངས་པ་ལ། གོང་མ་ངན་གོམས་སུ་སོང་བས་མི་ཁེགས། རྒྱུད་པ་འདི། གྲོལ་ལམ་དང་ཚུལ་ཁྲིམས་འབྲེལ་པ་ཅན་འདི་ལ་གཅེས་སྤྲས་སུ་བྱེད་པས། མངལ་སྒོ་ཁེགས་པ་སྔ་མ་ལྟར་རོ། །ཞེས་འབྱུང་ངོ༌། །གཉིས་པ་དངོས་ལན་བཏབ་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། འདུལ་བ་ཐུན་མོང་སྡེ་སྣོད་དང༌། །ཡིད་ཀྱི་ཉེས་པ་གསུམ་སྤོང་ཕྱིར། །ཤི་བས་སོ་ཐར་མི་གཏོང་ཟེར། །གཉིས་པ་ནི། སྡོམ་པ་གཉིས་ཀ་སེམས་ཡིན་ཀྱང༌། །སོ་ཐར་བྱང་ཆུབ་བར་དག་ཏུ། །ལེན་པའི་ཆོ་ག་མེད་པ་དང༌། །གཅིག་ཤོས་ཡོད་ཕྱིར་འདི་མི་མཚུངས། །སྡོམ་པའི་འབྲས་བུ་ཤི་འཕོས་ནས། །འབྱུང་ཕྱིར་བླངས་པ་དན་མེད་མིན། །ཞེས་བྱ་བ་འདིས་ནི། ཇི་སྐད་དུ། ཉན་ཐོས་རྣམས་ཀྱི་སྐྱབས་འགྲོ་ནས། །ཞེས་པ་ནས། སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་པ་ཡན་གྱི་སྐབས་དོན་ཐམས་ཅད་གོ་སླ་བར་བསྡུས་པ་ཡིན་ནོ། །དྲི་བ་ལྔ་པ་ནི། བྱེ་སྨྲའི་བསྙེན་གནས་དགེ་སློང་ལས། །ལེན་པའི་དམིགས་བསལ་གང་ན་ཡོད། །འདུལ་བའི་ལུགས་ཀྱི་བསྙེན་གནས་ཀྱི། །ཆོ་ག་གསལ་པོ་གང་ན་བཞུགས། །ཞེས་པའོ། །འདི་ལ་དྲི་བའི་བསམ་པ་དང༌། དེའི་དངོས་ལན་ནོ། །དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་དང༌། མ་དྲིས་ན་སྐྱོན་ཡོད་པའོ། །དང་པོ་ནི། མཛོད་དུ། གཞན་ལས་ནོད་པར་བྱ། ཞེས་པ་ཙམ་མ་གཏོགས། དགེ་སློང་ལས་ལེན་པའི་བཤད་པ་གསལ་པོ་ཡེ་མ་བྱུང་བ་དང༌། གལ་ཏེ་འདུལ་བ་ནས་གསུངས་སོ་སྙམ་ན། འདུལ་བའི་བཀའ་དང་བསྟན་བཅོས་མཐའ་དག་ཏུ། འདིའི་བསྙེན་གནས་ཀྱི་ཆོ་ག་འདི་ལྟ་བུ་ཞེས་བྱ་བའི་བཤད་པ་གསལ་པོ་ཡེ་མེད་པའི་རྒྱུ་མཚན་གྱིས་དང༌། སྤོས་ཁང་པའི་རྣམ་བཤད་ལས། བསྙེན་པར་མ་རྫོགས་པ་དག་ནི། བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། བསྟན་པར་བཞེད་པ་ནི་མདོ་དེའི་དོན་ཡེ་ནས་མ་ཡིན་པའི་རྒྱུ་མཚན་གྱིས་དྲིས་པ་ཡིན་ནོ། །མ་དྲིས་ན་སྐྱོན་ཡོད་པ་ནི། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་རྣམས་ཀྱིས་གཞུང་འདིར་བསྙེན་གནས་ཀྱི་རྣམ་གཞག་སྟོན་བྱེད་ཀྱི་གཞུང་འདི་དག་དགོས་པ་ཅིའི་ཕྱིར་དུ་བཀོད་པ་དང༌། ཕྱོགས་སྔ་མ་ཇི་ལྟ་བུ་ཞིག་འགོག་པ་ཡིན་གསལ་བར་མི་འཆད་པར། བསྙེན་གནས་བྱེ་བྲག་ཏུ་བཤད་པ་ཞེས་བྱ་བའི་མིང་གིས་བཏགས་ནས། བྱེ་སྨྲ་དང༌། མདོ་སྡེ་པ་དང༌། གསང་སྔགས་ལུགས་ཀྱི་བསྙེན་གནས་གསུམ་ཀ་སོ་ཐར་རིས་བརྒྱད་ཀྱི་ཟླས་ཕྱེ་བའི་བསྙེན་གནས་གོ་ཆོད་པ་ཡིན་པ་ལྟ་བུར་རློམ་གྱིན་འདུག་པ་དང༌། བུ་སྟོན་རིན་པོ་ཆེས། འབོགས་པ་པོ་དགེ་སློང་ཡིན་ན་རབ། མེད་ཁ་མེད་དུ་དགོས་པ་མ་ཡིན་ཏེ། འདུལ་བ་ལུང་དུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཕོག་པའི་རྣམ་ཐར་གསུངས་པའི་ཕྱིར། ཞེས་པ་ལ། བསྟན་བཅོས་འདིའི་རྗེས་འབྲང་རྣམས་ཀྱིས་ལན་འདེབས་རྒྱུ་མི་སྣང་བ་དང༌། ཁ་ཅིག སྤོས་ཁང་པའི་རྣམ་བཤད་དུ་དྲངས་པའི། མདོ་རྩ་བའི་ལུང་དེས། དེ་ལྟར་བསྟན་པ་གདོན་མི་ཟའོ། །སྙམ་དུ་སེམས་པ་དག་ཡོད་པས་སོ། །འོ་ན་དེ་ལྟར་ཁས་བླངས་པ་ལ་ཉེས་པ་ཡོད་པ་ཇི་ལྟར་ཞེ་ན། གསང་སྔགས་ལུགས་ཀྱི་གསོ་སྦྱོང་ལེན་པའི་ཆོ་གས་བླངས་པའི་སྙེན་གནས་དེས། རིས་བརྒྱད་ཀྱི་ཟླས་ཕྱེ་བའི་བསྙེན་གནས་ཀྱི་སྡོམ་པའི་གོ་ཆོད་པ་མ་ཡིན་ཏེ། དེར་འགྱུར་བ་ལ་ཆོ་ག་ཉན་ཐོས་ཀྱི་ལུགས་བཞིན་དུ་བྱེད་དགོས་པར་བཤད་པའི་ཕྱིར་དང༌། གཞན་གྱི་རྣམ་རིག་ལས་ངེས་པར་ཐོབ་དགོས་པའི་ཕྱིར། མདོ་སྡེ་པའི་ལུགས་སུ་བཤད་པ་དེས་ཀྱང་དེའི་གོ་ཆོད་པ་མ་ཡིན་ཏེ། ཐེག་པ་ཐུན་མོང་གི་འདུལ་བ་ན། དགེ་བསྙེན་ལས་སྡོམ་པ་ལེན་པའི་བཤད་པ་མེད་པའི་ཕྱིར་དང༌། མི་མ་ཡིན་པའི་འགྲོ་བ་པ་ལ་སོ་ཐར་གྱི་སྡོམ་པ་མི་སྐྱེ་བར་བཤད་པའི་ཕྱིར་རོ། །མདོ་རྩ་བའི་ལུང་དྲངས་མ་ཐག་པ་དེ་ནི། དོན་དེ་ལ་སྒྲུབ་བྱེད་མ་ཡིན་པ་ཁོ་ནར་མ་ཟད། གནོད་བྱེད་དུ་སོང་བ་ཡིན་ཏེ། ཇི་སྐད་དུ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་ནི། ཞེས་བཤད་པའི་ཕྱིར་རོ། །གཉིས་པ་དངོས་ལན་བཏབ་པ་ལ་གཉིས་ཏེ། ཕྱོགས་སྔ་མ་གང་ཞིག་འགོག་པ་དང༌། དགེ་སློང་ཁོ་ན་ལས་ལེན་དགོས་པའི་ཤེས་བྱེད་དོ། །དང་པོ་ནི། དགོངས་གཅིག་ལས། བསྙེན་གནས་མཚན་མོ་འདས་པས་མི་གཏོང་བ་ཡང་ཡོད་དེ། ཇོ་བོ་རྗེའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །ཞེས་ཟེར་བ་དེ་འགོག་པ་ཡིན་ལ། དེའི་ཤེས་བྱེད་ཀྱང་འདི་ལྟར། གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འདིའི་ལུགས་ལ། བསྙེན་གནས་ཀྱི་སྡོམ་པ་ནི་ཡུལ་དགེ་སློང་ལས། ཆོ་ག་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ། དུས་ཉིན་ཞག་གཅིག་གི་བར་དུ་ལེན་པའི་ཆོ་ག་ལས་གཞན་མང་པོ་དུས་གཅིག་ཏུ་བླངས་པས་སྐྱེ་བ་སོགས་མ་བཤད་པའི་ཕྱིར་དང༌། ཇོ་བོ་རྗེའི་ཕྱག་བཞེས་བཞིན་དུ་བྱེད་ན་ཡང༌། དང་པོ་དུས་གཅིག་ཏུ་བླངས་པ་དེ་ནི་བར་མ་ཙམ་ཡིན་གྱི་སྡོམ་པ་མ་ཡིན། དེའི་ཚེ་ཡང༌། སྡོམ་པ་ནི་ནང་རེ་བཞིན་ལེན་དགོས་པའི་ཕྱིར་དང༌། དོན་ཡོད་ཞགས་པའི་རྟོག་པ་ལས། གསོ་སྦྱོང་དུ་བཤད་པ་དེ་ནི། རིས་བརྒྱད་ཀྱི་ཟླས་ཕྱེ་བའི་བསྙེན་གནས་ཀྱི་སྡོམ་པར་མ་ངེས་པའི་ཕྱིར། ཞེས་པའོ། །བསྙེན་གནས་སྡོམ་པ་ཞག་གཅིག་ལས། །ལྷག་པའི་ཆོ་ག་ཡོད་སྨྲ་ཡི། །འདུལ་བར་གསུངས་པ་མེད་པའི་ཕྱིར། །མཚན་མོ་འདས་པའི་མཐའ་ལ་གཏོང༌། །ཞེས་པ་འདི་བསྙེན་གནས་ཀྱི་རྣམ་གཞག་སྟོན་པའི་གཞུང་ཀུན་གྱི་ངག་དོན་བསྡུས་པ་ཡིན་ནོ། །གཉིས་པ་ནི། དེ་དགེ་སློང་ཁོ་ན་ལས་ལེན་པའི་ཤེས་བྱེད་མངོན་པ་ནས་འབྱུང་བ་དང༌། འདུལ་བ་ནས་གསུངས་པའོ། །དང་པོ་ནི། ཇི་སྐད་དུ། སོ་སོར་ཐར་ཞེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་གསུངས་ལ། དེར་སོགས་པ་ཞེས་བྱ་བའི་སྒྲས། སྡོམ་པའི་ཐོབ་རྒྱུ་བཅུ་སྟོན་པར། དེ་ཉིད་ཀྱི་རང་འགྲེལ་དུ་བཤད་ལ། ཐོབ་རྒྱུ་བཅུའི་ནང་ན། གཞན་གྱི་རིག་བྱེད་ལས་ཐོབ་དགོས་ཕྱིན་ཆད། དགེ་སློང་མ་ཡིན་པ་ལས་འཐོབ་པ་ནི་གཅིག་ཀྱང་བཤད་པ་མེད་པའི་ཕྱིར་དང༌། སོ་ཐར་རིགས་བརྒྱད་ཀའི་འཐོབ་རྒྱུ་ལ་བཅུ་ལས་ལྷག་པ་མ་བཤད་པའི་ཕྱིར། གཉིས་པ་ནི། འདུལ་བ་ལས་སྤྱིར་སྡོམ་པ་འབོགས་པའི་ཆོ་ག་ཇི་སྙེད་པ་ཐམས་ཅད་དགེ་སློང་ཁོ་ནས་བྱེད་པར་བཤད་ཀྱི། བསྙེན་པར་མ་རྫོགས་པས་བྱེད་པར་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། འདུལ་བའི་མདོ་ལུང་གང་ནས་ཀྱང༌། བསྙེན་གནས་ཀྱི་སྡོམ་པ་གང་ལས་བླང་བའི་ཚུལ་དང་ཆོ་ག་གསལ་པོར་གསུངས་པ་མེད་ཀྱང༌། སོ་ཐར་རིས་བརྒྱད་ཀྱི་མ་མཐའི་ས་མཚམས་ཡོངས་རྫོགས་ཀྱི་དགེ་བསྙེན་ཡིན་ལ། དེ་ཡང་དགེ་སློང་ཁོ་ན་ལས་ལེན་པར་བཤད་པ་ན། དེའི་གོང་མ་བསྙེན་གནས་ཀྱི་སྡོམ་པ་ཡང་དེ་ཁོ་ན་ལས་ལེན་པར་དོན་གྱིས་གྲུབ་པའི་ཕྱིར། གང་ཞིག་དགེ་བསྙེན་གྱི་སྡོམ་པ་འབོགས་པ་པོར་མི་རུང་བ་དེ། བསྙེན་གནས་ཀྱི་སྡོམ་པ་འབོགས་པ་པོར་མི་རུང་བས་ཁྱབ་སྟེ། བསྙེན་གནས་ནི། རྟེན་གྱི་གང་ཟག་དགེ་བསྙེན་ཁོ་ན་ལ་ངེས་པར་བྱ་བའི་གསོ་སྦྱོང་ཡིན་པས་སོ། །དེ་ཡང་དགེ་བསྙེན་ཡིན་པ་ལ་དེའི་སྡོམ་ལྡན་ཡིན་པས་མ་ཁྱབ་སྟེ། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡོད་པ་དང༌། ཤེས་བྱེད་ཀྱི་དཔེ་ནི་རབ་བྱུང་ལ་དེའི་སྡོམ་ལྡན་གྱིས་མ་ཁྱབ་པ་བཞིན་ནོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཕོག་པའི་རྣམ་ཐར་གསུངས་པ་ཙམ་གྱིས་དེར་མི་འགྲུབ་སྟེ། བསྙེན་གནས་ལ་བསྙེན་གནས་ཙམ་དང༌། བསྙེན་གནས་ཀྱི་སྡོམ་པ་གཉིས་ཡོད་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། མཛོད་འགྲེལ་ལས། དེ་ལས་གཞན་དུ་མནོས་པས་ནི་ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི། བསྙེན་གནས་ཀྱི་སྡོམ་པ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན། ཤན་པ་དང་བྱི་བོ་བྱེད་པ་དག་གི་མཚན་མོ་དང་ཉིན་མོའི་བསྙེན་གནས་དག་ཀྱང་འབྲས་བུ་ཡོད་པར་རུང་ངོ༌། །ཞེས་གསུངས་པ་དེར། ཉིན་ཞག་ཕྱེད་པའི་བསྙེན་གནས་བཤད་ཀྱང༌། དེ་སྡོམ་པར་མི་འགྱུར་བ་བཞིན་ནོ། །དེ་ལས་གཞན་དུ་ན། བསྙེན་པར་མ་རྫོགས་པས་དགེ་བསྙེན་གྱི་སྡོམ་པ་ཡང་འབོགས་སུ་རུང་བར་འགྱུར་ལ། དེ་འདྲ་དེ་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ལས་མི་འབྱུང་བས། བྱེ་བྲག་ཏུ་སྨྲ་བའི་ལུགས་སུ་མི་རུང་ངོ༌། །དེ་བཞིན་དུ་ཁྱིམ་པའི་གསོ་སྦྱོང་དང༌། བསྙེན་གནས་ཀྱི་སྡོམ་པ་ལ་མུ་བཞི་སྟེ། བསྙེན་གནས་ཀྱི་སྡོམ་པ་ཡིན་ལ། གསོ་སྦྱོང་མ་ཡིན་པ་ནི། དགེ་བསྙེན་གྱི་སྡོམ་པ་དང་མི་ལྡན་པས་བླངས་པའི་བསྙེན་གནས་ཀྱི་སྡོམ་པ་ལྟ་བུའོ། །གསོ་སྦྱོང་ཡིན་ལ། བསྙེན་གནས་ཀྱི་སྡོམ་པ་ཡིན་པ་ནི། ཡོངས་རྫོགས་དགེ་བསྙེན་གྱིས་ཉིན་ཞག་གཅིག་པའི་གསོ་སྦྱོང་གཞན་ལ་མ་ལྟོས་པར་རང་གིས་བླངས་པ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི། ཡོངས་རྫོགས་དགེ་བསྙེན་སྡོམ་ལྡན་གྱིས་ཉིན་ཞག་གཅིག་པའི་གསོ་སྦྱོང་བླངས་པ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། ཉིན་ཞག་ཕྱེད་པའི་བསྙེན་གནས་དང༌། དགེ་བསྙེན་གྱིས་གཞན་ལ་ཕོག་པའི་བསྙེན་གནས་ཀྱི་ཚུལ་ཁྲིམས་ལྟ་བུ་དང༌། ཉིན་ཞག་གཅིག་ཏུ་སྲོག་གཅོད་རྐྱང་པ་སྤོང་བའི་བསྙེན་གནས་ལྟ་བུའོ། །དེ་ལྟ་མོད་ཀྱི། སྐབས་འདིར་ནི་ཐེག་པ་ཆེ་ཆུང་གི་སོ་ཐར་རིས་བརྒྱད་ཀྱི་རྣམ་གཞག་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེའི་བསྙེན་གནས་ལ་ནི། ཉིན་ཞག་གཅིག་ཏུ་ཚང་བར་བླངས་པའི་ཡན་ལག་བརྒྱད་ཡོངས་སུ་རྫོགས་པའི་བསྙེན་གནས་དགོས་ཤིང༌། དེའི་དགེ་བསྙེན་དུ་འཇོག་པ་ལ་ཡང༌། ཡོངས་རྫོགས་ཀྱི་དགེ་བསྙེན་ཡིན་པ་ཞིག་དགོས་ཏེ། ཇི་སྐད་དུ། བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་དང༌། མཛོད་ཀྱི་འགྲེལ་པར། རྣམ་པ་བརྒྱད་མ་གཏོགས་པ། ཞེས་གསུངས་ཤིང༌། དེའི་འགྲེལ་བཤད་དུ། སོ་སོར་ཐར་པའི་སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པ། གཞན་ནི་ཉི་ཚེ་བ་དང་མ་ཚང་བ་ཡང་ཡོད་དོ། །ཞེས་གསུངས་སོ། །དེ་བས་ན། བསྙེན་གནས་ཀྱི་སྡོམ་པ་འབོགས་པའི་ཆོ་ག་ནི། ཡུལ་དགེ་སློང་ལས། དུས་ཉིན་ཞག་གཅིག་གི་བར་དུ། ཆོ་ག་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས། བདག་བསྙེན་གནས་པར་བཟུང་དུ་གསོལ། །ཞེས་པའི་ཁས་ལེན་ལན་གསུམ་དུ་བྱས་ནས། མཇུག་ཏུ་བསླབ་བྱ་རྣམས་ཚང་བར་ལན་གཅིག་བརྗོད་པའི་ཚུལ་གྱིས་འབོགས་པ་ཡིན་ཏེ། ཇི་སྐད་དུ། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པས་སྐྱབས་འགྲོ་རྩོམ་བྱེད་དུ་དགོས་པར་བསྟན་པའི་ཕྱིར། བསྙེན་གནས་པར་བཟུང་དུ་གསོལ། །ཞེས་ལན་གསུམ་བརྗོད་པ་ཙམ་གྱིས། ཡན་ལག་བརྒྱད་པ་ཚང་བར་སྐྱེ་བ་ཡིན་ཏེ། དགེ་བསྙེན་དུ་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་པས། དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་སྐྱེ་བ་དང་རིགས་པ་མཚུངས་པའི་ཕྱིར། བསླབ་པའི་གནས་བརྒྱད་པོ་ནི། མཇུག་ཏུ་ལན་གཅིག་བརྗོད་པས་ཆོག་པ་ཡིན་ཏེ། ཇི་སྐད་དུ། སྡོམ་པ་བསྟན་པ་དགེ་སློང་བཞིན། །ཞེས་བསླབ་པ་བརྗོད་པ་སྡོམ་པ་སྐྱེ་བའི་ཡན་ལག་མ་ཡིན་པར། མཇུག་ཆོག་ཏུ་བཤད་པའི་ཕྱིར་རོ། །དོན་དེ་དག་ཀྱང་ཇི་སྐད་དུ། དམའ་བར་འདུག་སྨྲས་བཟླས་པ་ཡིས། །མི་རྒྱན་ནམ་ནི་ལངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །གཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་སོ། །འདིར་བསླབ་པ་བརྗོད་པ་ལན་གསུམ་དུ་བྱས་པའི་ཚུལ་གྱིས་བསྙེན་གནས་ཀྱི་སྡོམ་པ་ལེན་པ་ཞིག གནས་འཇོག་གི་མདོ་དང༌། གནས་བརྟན་བྱང་ཆུབ་བཟང་པོས་བཤད་པ་དེ་ནི། སྤྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ལུགས་དང༌། བྱེ་བྲག་ཏུ་ཁ་ཆེ་བྱེ་སྨྲའི་ལུགས་མ་ཡིན་ཏེ། ཡིན་ན་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གསུམ་གྱི་ཚེ་ཡང༌། བསླབ་པ་ལན་གསུམ་གསུམ་བརྗོད་དགོས་པར་ཐལ་བའི་ཕྱིར་དང༌། མཛོད་ཀྱི་རང་འགྲེལ་དང་ཡང་འགལ་བའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། བསྙེན་གནས་སྡོམ་པའི་སྔགས་ཆོག་ནི། །འདུལ་བའི་ལུང་དུ་མི་གསལ་ཡང༌། །རུང་མཐུན་སྦྱོར་ཚུལ་མཛོད་འགྲེལ་དུ། །གསལ་བར་གསུངས་པ་དེ་ཡིན་ནོ། །བསྙེན་གནས་གཞན་གྱི་རྣམ་རིག་ལས། །སྐྱེ་དགོས་དགེ་སློང་མ་གཏོགས་པ། །གཞན་གྱི་རྣམ་རིག་སྡོམ་པའི་རྒྱུར། །འདུལ་བའི་ལུང་ལས་གསུངས་པ་མེད། །ཅེས་བྱའོ།། །།དྲི་བ་དྲུག་པ་ནི། དུད་འགྲོ་སོ་སོར་ཐར་པ་ཡི། །སྡོམ་པའི་རྟེན་དུ་ཁས་ལེན་པའི། །ཉན་ཐོས་སྡེ་པ་ཡོད་དམ་ཅི། །ཞེས་པ་འདི་ལ། འདྲི་བའི་བསམ་པ་དང༌། དངོས་ལན་གདེབ་པའོ། །དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་ནི། མདོ་སྡེ་པ་རྣམས་དུད་འགྲོ་སོགས། །ཞེས་པའི་གཞུང་འདི། བསྙེན་གནས་ཀྱི་སྡོམ་པའི་དབང་དུ་བྱས་པར་ནི། གཞུང་འདིའི་རྣམ་བཤད་མཛད་པ་པོ་ཀུན་མཐུན་པར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། དེ་ལྟར་ཁས་ལེན་པ་དེ་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་དུ་གྱུར་པའི་མདོ་སྡེ་པ་ནི་མ་ཡིན་ཏེ། དེས་ནི་སོ་ཐར་སྡོམ་པའི་རྣམ་གཞག་འདུལ་བ་དང་མི་འགལ་བར་ཁས་ལེན་ལ། འདུལ་བ་ལས་ནི། མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་སོ་ཐར་སྡོམ་པ་སྐྱེ་བའི་བར་ཆད་ཅན་དུ་བཤད་པའི་ཕྱིར། དངོས་ལན་ནི། མདོ་སྡེ་པ་ཞེས་པ། ཐེག་པ་ཆེ་ཆུང་གི་མདོ་སྡེའི་སྒྲ་ཇི་བཞིན་པར་ཁས་ལེན་པ་དག་ལ་ཟེར་བ་ཡིན་ཏེ། སྐྱེས་པ་རབས་ཀྱི་སྡེ་ལས། རི་བོང་དང་སྲམ་ལ་སོགས་པ་གསོ་སྦྱོང་ལ་གནས་པར་བཤད་པ་དང༌། མདོ་སྡེ་མཛངས་བླུན་ན། ཀླུ་ཞིག་གིས་བསྙེན་གནས་ཀྱི་ཡི་གེ་ཙམ་ལ་རྟེན་ནས། གསོ་སྦྱོང་བླངས་པར་བཤད་པ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང༌། མདོ་སྡེའི་ལུང་ལ་རྟེན་ནས། གཞན་ལ་བསྙེན་གནས་སྟེར་བར་མཛད་པ་ཡིན་ནོ། །དེ་དག་ནི་བར་མ་དགེ་བ་ཙམ་ཡིན་གྱི། སྡོམ་པར་བཞེད་པའི་ཚད་ལྡན་སུ་ཡང་མེད་དོ། །དེ་ལྟར་ན། འདུལ་བར་བསྙེན་གནས་དགེ་སློང་ལས། །ལེན་ཞིང་མི་ཡི་རྟེན་ཏུ་བཤད། །མདོ་སྡེ་ལས་ནི་དུད་འགྲོ་སོགས། །འགྲོ་བ་གཞན་ལའང་སྐྱེ་བར་བཤད། །ཅེས་སྟོན་ན་འཁྲུལ་པ་མེད་དོ།། །།དྲི་བ་བདུན་པ་ནི། མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ཞེས་པ། །དུས་གཅིག་སྟབས་སུ་ལེན་ནམ་ཅི། །ཟས་ཟོས་ནས་ཀྱང་ལེན་ཞེས་པ། །འདི་ཡི་དོན་དུ་ཁས་ལེན་ན། །དེ་འདྲ་བྱེ་བྲག་སྨྲ་བ་ཡི། །ནང་པར་གཞན་ལས་ནོད་ཅེས་པའི། །དམིགས་བསལ་ཡིན་གྱི་མདོ་སྡེ་པའི། །གཞུང་ལུགས་ཡིན་པར་གསལ་བ་མེད། །བསྙེན་གནས་དུས་གཅིག་ལེན་པ་དེ། །མདོ་སྡེའི་གཞུང་ལུགས་གང་ན་ཡོད། །ཅེས་པའོ། །འདི་ལ་འདྲི་བའི་བསམ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ། རྒལ་ཞིང་བརྟགས་ནས་འདྲི་བའི་རྒྱུ་མཚན་དང༌། དེ་ལྟར་མ་བརྟགས་ན་གཞུང་ཆུད་འཛའ་བའི་ཉེས་པ་ཡོད་པའོ། །དང་པོ་ནི། གཞུང་འདིའི་རྣམ་བཤད་མཛད་པ་པོ། །བསམ་ཡས་པ། སྤོས་ཁང་པ། སྒ་གདོང་པ་གསུམ་ཆར་གྱིས། མཛོད་འགྲེལ་དུ། གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ། །ཞེས་སྔོན་ཡང་དག་པར་བླངས་པ་བྱས་པ་དེས་ནི། ཟན་ཟོས་ནས་ཀྱང་ནོད་པར་བྱའོ། །ཞེས་གསུངས་པའི་དོན། དང་པོར་སློབ་དཔོན་ལས་ཟླ་བ་བྱུང་ངོ་ཅོག་གི་དུས་བཟང་གསུམ་ལ། ཇི་སྲིད་འཚོའི་བར་དུ། གསོ་སྦྱོང་ལ་གནས་པར་བཟུང་དུ་གསོལ། ཞེས་ཆོ་གས་བླངས་ཏེ། ཕྱིས་དུས་བཟང་སོ་སོ་ལ་མ་བླངས་ཀྱང་བསྲུངས་པས་ཆོག་པ་ཡིན་ཏེ། སྔོན་གྱི་འཕེན་པའི་དབང་གིས་ངེས་པར་སྐྱེ་བའི་ཕྱིར། འདི་ནི་དགེ་བསྙེན་གྱི་སྡོམ་པ་བརྒྱད་པ་ལས་བཤད་པ་ཡིན་ཞིང་ད་ལྟ་བོད་དུ་ཕྱག་ལེན་ལ་བྱེད་པ་འདི་ཉིད་རིགས་པ་ཡིན་ནོ། །ཞེས་འཆད་པས་སྣང་ལ། དེ་ལྟར་འཆད་པ་དེ་བསྟན་བཅོས་འདིའི་དོན་དུ་བཟུང་ན། མཁས་པའི་བསྟན་བཅོས་ཆུད་ཟོས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། དེའི་ཤེས་བྱེད་ཇི་ལྟར་ཡིན་ཞེ་ན། སྤྱིར་དེ་ལྟར་འཆད་པ་མདོ་སྡེ་པའི་ལུགས་སུ་མི་རིགས་པ་དང༌། མཛོད་འགྲེལ་གྱི་དོན་མ་ཡིན་པ་དང༌། བསྟན་བཅོས་འདི་ཉིད་དང་འགལ་བའོ། །དང་པོ་ནི། བསྙེན་གནས་ཀྱི་སྡོམ་པ་དེ་ལྟར་ལེན་པའི་སྔགས་ཆོག་སྡེ་སྣོད་གསུམ་པོ་གང་ནས་འབྱུང་བའི་ཁུངས་སྟོན་རྒྱུ་མེད་པས་ལུང་མེད་པ་དང༌། རིགས་པ་དང་འགལ་བ་ཡང་འདི་ལྟར། བསྒྲུབ་བྱ་ཞིག་གིས། ཚེས་གཅིག་གི་ཉིན་དུས་བཟང་པོ་གསུམ་གྱི་བསྙེན་གནས་སྟབས་གཅིག་ཏུ་ལེན་པའི་ཆོ་གས་བླངས་པ་དེའི་ཚེ། སྡོམ་པ་དེ་སྐྱེས་སམ་མ་སྐྱེས། སྐྱེས་ན་ཚེས་གཅིག་ལ་སོགས་པ་རྣམས་ལའང་བསྲུང་དགོས་པར་ཐལ་བ་དང༌། མ་བསྲུང་བ་ན་ཉམས་པར་ཐལ་བ་དང༌། དེའི་རྒྱུ་མཚན་གྱིས་བསྙེན་གནས་འབུལ་དགོས་པ་དང༌། གཞན་ལ་བཅོལ་དགོས་པར་ཐལ་བ་སོགས། མི་འདོད་པ་མཐའ་དག་འཇུག་པར་འགྱུར་རོ། །གཉིས་པ་ལྟར་ན། ཆོ་གས་བླངས་པའི་དུས་སུ་མི་སྐྱེ་བར། མ་བླངས་པའི་དུས་སུ་སྐྱེ་ན། ཆོ་ག་དགོས་པ་མེད་པའམ། ཡང་ན་ཆོས་ཉིད་ཀྱིས་ཐོབ་པའི་སྡོམ་པར་འགྱུར་རོ། །ཆོ་ག་དེ་ལྟར་བྱས་པས། འཕེན་པའི་དབང་གིས་སྐྱེ་བར་འདོད་པ་ལ་ནི། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གསུམ་ལ་ཡང་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་ནི། བསྙེན་གནས་ཀྱི་སྡོམ་པ་དེ་ལྟར་དུས་གཅིག་ཏུ་བླངས་པ་དེས། དུས་སོ་སོ་ལ་ལེན་མི་དགོས་པར། འཕེན་པའི་དབང་གིས་སྐྱེས་ནས་བསྲུངས་པས་ཆོག་གོ །ཞེས་བསམ་ཡས་པའི་རྣམ་བཤད་ལས་འདོད་པ་དེ་ནི། མཛོད་འགྲེལ་གྱི་ལུང་དྲངས་མ་ཐག་པ་དེའི་དོན་མ་ཡིན་ཏེ། ཇི་སྐད་དུ། ཟན་ཟོས་ནས་ཀྱང་ནོད་པར་བྱའོ། །ཞེས་སྔོན་དམ་བཅའ་དེ་ལྟར་བྱས་པ་དེས་ཀྱང༌། ཉིན་རེ་བཞིན་ནོད་དགོས་པར་བཤད་པས། ཁྱེད་ཀྱི་འདོད་པ་དེ་ལ་སྒྲུབ་བྱེད་མ་ཡིན་པ་ཁོ་ནར་མ་ཟད། གནོད་བྱེད་དུ་འཇུག་པས་སོ། །དེས་ན་མཛོད་འགྲེལ་གྱི་དོན་ནི། ནང་པར་གཞན་ལས་ནོད་པར་བྱ། །ཞེས་པའི་འགྲེལ་པར། ནང་པར་ནི། རེ་ཤིག་ཉི་མ་མ་ཤར་བའི་ཚེས་ཏེ། ཞེས་གསུངས་པ་ནི་སྤྱིར་བཏང་བ་ཡིན་ལ། དེར་ངེས་སམ་སྙམ་པ་ལ། ཇི་སྲིད་འཚོའི་བར་དུ། ཚེས་བརྒྱད་བྱུང་ངོ་ཅོག་ལ། བསྙེན་གནས་ཀྱི་སྡོམ་པ་བསྲུང་ངོ་སྙམ་པའི་སྤོང་སེམས་སྔོན་དུ་བཏང་བ་དེས་ནི། ཉི་མ་ཤར་བའི་འོག་རོལ་དུ་བླངས་པས་ཀྱང་སྐྱེ་ཞེས་པའི་དོན་ཏེ། འདི་ཡང་བྱེ་བྲག་ཏུ་སྨྲ་བ་རང་གི་ལུགས་སོ། །འོ་ན་སྔོན་གྱི་དམ་བཅའ་དེ་སྡོམ་པ་མ་ཡིན་ན་ཅི་ཞིག་ཡིན་ཞེ་ན། བར་མ་དགེ་བ་སྟེ། ཇི་སྐད་དུ། ལྷག་མའི་རྣམ་རིག་མིན་ཞིང་དང༌། །ལེན་དང་གུས་པར་བྱེད་པས་འཐོབ། །ཅེས་གསུངས་པས་སོ། །བར་མ་འདི་ནི། ཚེ་ཇི་སྲིད་འཚོ་བ་ཡིན་པའི་ཕྱིར། བསྙེན་གནས་ཀྱི་སྡོམ་པ་ལྟ་ཞོག བསྙེན་གནས་ཙམ་གྱི་དོན་ཡང་མེད་དོ། །གསུམ་པ་ནི། བསྙེན་གནས་ཀྱི་སྡོམ་པ་སྔོན་གྱི་འཕེན་པའི་དབང་གིས་སྐྱེ་བ་དེ་འདྲ། བསྟན་བཅོས་མཁན་པོ་འདིའི་བཞེད་པ་མ་ཡིན་ཏེ། བསྟན་བཅོས་མཛད་པ་འདིས་ནི། ཇི་སྐད་དུ། སོ་སོར་ཐར་པ་འདུལ་བ་བཞིན། །ཞེས་གསུངས་ལ། འདུལ་བ་ལས་ནི་སོ་ཐར་སྡོམ་པའི་ཐོབ་རྒྱུ་དེ་འདྲ་དེ། དངོས་ཤུགས་གང་ལས་ཀྱང་འབྱུང་ས་མེད་པའི་ཕྱིར་དང༌། འདུན་པའི་དབང་གིས་སྐྱེ་བར་འདོད་པ་ལ་ནི། ཇི་ལྟར་འདོད་ཚེ་ལེན། ཞེས་པས་གནོད་པའི་ཕྱིར། དངོས་ལན་བཏབ་པ་ལ་གཉིས་ཏེ། ཕྱོགས་སྔ་མས་མདོ་སྡེ་པའི་འདོད་པར་བརྟགས་པ་དེ་སོར་གཞག་ནས་བཤད་པ་དང༌། མདོ་སྡེ་པའི་ལུགས་ཡིན་ངོ་ཤེས་པ་གཞག་ནས་བཤད་པའོ། །དང་པོ་ནི། གོང་དུ་དྲངས་ཟིན་པ་ལྟར། དགོངས་གཅིག་ལས། ཟླ་བ་བྱུང་ངོ་ཅོག་གི་དུས་བཟང་རྣམས་སུ་དམ་བཅས་ནས། དུས་གཅིག་ལེན་པ་འདི་ཡང་བརྟགས་ན། མངོན་གྱུར་བཅས་པ་དེ་གཏོང༌། ས་བོན་བག་ཆགས་དེ་མི་གཏོང༌། །ཞེས་བཤད་པ་དེ་འགོག་པའི་དབང་དུ་བྱས་ནས། མདོ་སྡེ་པ་ཡི་ལུགས་ལ་ཡང༌། །ཇི་ལྟར་འདོད་ཚེ་ལེན་དགོས་པས། །ཞེས་སོགས་སྦྱར་རོ། །འདི་མདོ་སྡེ་པའི་ལུགས་སུ་འཆད་པ་ཡང༌། མདོ་སྡེ་པའི་གྲུབ་མཐའ་ལ་གྲགས་པ་མ་ཡིན་གྱི། མདོ་སྡེ་དག་ལས། དུས་བཟང་པོ་མཐའ་དག་ལ་བསྙེན་གནས་བཟུང་ནས། བསྲུངས་པའི་རྒྱུ་མཐུན་དང༌། བྲལ་བའི་འབྲས་བུ་འབྱུང་བར་གསུངས་པ་ལ་བསམས་པ་ཡིན་ཏེ། བྱམས་པ་ལུང་བསྟན་པའི་མདོ་ལས། བརྒྱ་བྱིན་གྱིས། ཟླ་བ་ཡར་གྱི་ཚེས་བརྒྱད་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་སྨྲས་པ་ལ། བཅོམ་ལྡན་འདས་ཀྱིས། ཀཽ་ཤི་ཀ་ཁྱོད་དེ་སྐད་མ་ཟེར་ཅིག །ཟླ་བ་ཡར་གྱི་ཚེས་བརྒྱད་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །ཞེས་གསུངས་པས་སོ། །དེ་ལྟར་ན་དུས་གཅིག་ཏུ་དམ་བཅའ་བ་འདི་མདོ་སྡེ་པའི་ལུགས་སོ། །ཞེས་སྔོན་གྱི་བོད་རྒན་པོ་དག་ལ་གྲགས་པའོ། །གཉིས་པ་ལ། མདོ་སྡེ་པའི་ལུགས་ངོས་བཟུང་བ་དང༌། དེ་ཉིད་གཞུང་དང་སྦྱར་ནས་ཕྱོགས་སྔ་མ་སུན་འབྱིན་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་རྣམས་ནི། བསྙེན་གནས་ཉིན་ཞག་གཅིག་ལས་ལྷག་པ་ལེན་པར་མི་འདོད་ཀྱང༌། མདོ་སྡེ་པས་ནི། དེ་ལས་ལྷག་པའི་ཉིན་ཞག་དུ་མར་བླངས་ན་སྐྱེ་བར་འདོད་པ་ཡིན་ཏེ། མཛོད་འགྲེལ་དུ། མདོ་སྡེ་པའི་འདོད་པ་འཆད་པ་ན། ཡང་ཉིན་ཞག་གི་འོག་ཞག་ལྔའམ། ཞག་བཅུ་ཡང་རུང་སྟེ། བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་བསྙེན་གནས་ཀྱི་སྡོམ་པ་མང་པོ་སྐྱེ་བ་ལ་སུ་ཞིག་གེགས་བྱེད། ཅེས་དང༌། ད་ནི་འདི་དཔྱད་པར་བྱ་སྟེ། རེ་ཤིག་བཅོམ་ལྡན་འདས་ཀྱིས། ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་ནས། ཉིན་ཞག་པའི་བསྙེན་གནས་བསྟན་ཏམ། གལ་ཏེ་དབང་པོ་གདུལ་དཀའ་བ་རྣམས། ཉིན་ཞག་པའི་སྡོམ་པ་ཡང་དག་པར་བླངས་པ་ལ་སྦྱར་བའི་ཆེད་གཅིག་ཡིན། དེ་དེ་ལྟར་བརྟག་ག་ལ་ནུས། ཕྱིན་ཆད་སྡོམ་པ་སྐྱེ་བ་ཡང་རིགས་པ་དང་འགལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གཉིས་པ་ནི། བསྙེན་གནས་ཞག་གཅིག་ལས་ལྷག་པར་བླངས་ཀྱང༌། བསྲུངས་ཟིན་པའི་ནང་པར་འབུལ་དགོས་པ་མ་ཡིན་ཏེ། དེ་ཕན་ཆད་བསྲུང་བའི་བསམ་པ་མེད་པས་གཏོང་བའི་ཕྱིར་རོ། །ཞེས་སྟོན་པ་ནི། མདོ་སྡེ་པ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་འདོད་ལེན་ན་ཡང༌། །ནང་པར་ཕན་ཆད་བསྲུང་བ་ཡི། །བསམ་པ་མེད་ཕྱིར་སྡོམ་པ་གཏོང༌། །དེ་ཡི་ཕྱིར་ན་འབུལ་མི་དགོས། །ཞེས་པའོ།། །།དྲི་བ་བརྒྱད་པ་ནི། གསང་སྔགས་ལུགས་ཀྱི་བསྙེན་གནས་ལ། །ཡི་དམ་སྒོམ་པ་མཆོག་ཡིན་ན། །ལྷ་དེ་བདག་མདུན་གང་ཡིན་བརྟག །བདག་སྐྱེད་ཡིན་ན་བྱ་རྒྱུད་ཀྱི། །རང་རྐང་བདག་སྐྱེད་མེད་པ་ཅི། །མདུན་སྐྱེད་ཡིན་ན་རྣམ་རྒྱལ་སོགས། །མ་སྐྱེད་གོང་དུ་གསོ་སྦྱོང་གི །སྡོམ་པ་ལེན་པར་མཛད་དེ་ཅི། །རྣམ་རྒྱལ་དོན་ཞགས་ལ་སོགས་པའི། །ཆོ་ག་བྱེད་པའི་དགེ་ཚུལ་དང༌། བདགེ་སློང་དག་གི་གསོ་སྦྱོང་ནི། །རང་གིས་བླངས་པའི་དགོས་པ་ཅི། །དགེ་བསྙེན་བཟང་པོས་བསྙེན་གནས་ནི། །ཡན་ལག་ཚང་བར་གནོས་པའི་ཚེ། །གནད་བཅོས་པ་ཡི་ཚིག་དེ་ཡིས། །སྔར་གྱི་སྡོམ་པ་མི་འཇིག་གམ། །ཞེས་པའོ། །འདི་ལ་གཉིས་ཏེ། སྐབས་སུ་བབ་པའི་དྲི་བ་དངོས་དང༌། འཕྲོས་པའི་དྲི་བ་གཉིས་སོ། །དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་བསམ་ཡས་པས། །འོན་ཀྱང༌། གསང་སྔགས་ཀྱི་ལུགས་དོན་ཡོད་ཞགས་པ་ལས་འབྱུང་བའི་བསྙེན་གནས་བྱེད་འདོད་ན། ཡི་དམ་ལྷ་སྒོམ་པ་དང༌། གསང་སྔགས་བཟླས་ན་ཉན་ཐོས་ཀྱི་ལུགས་ལས་བསོད་ནམས་ཆེ་བར་འགྱུར་རོ། །ཞེས་བཤད། སྤོས་ཁང་པས། གསང་སྔགས་ཀྱི་ལུགས་བྱེད་ན། སློབ་དཔོན་ནམ་དཀོན་མཆོག་གི་རྟེན་གྱི་སྤྱན་སྔར། གསོ་སྦྱོང་གི་སྡོམ་པ་བླངས་ནས། མདུན་དུ་ལྷ་བསྒོམས་ཏེ་སྔགས་པ་ཟླ་བ་ཡིན་ནོ། །གང་གི་ལུགས་ཡིན་ཀྱང༌། ཡི་དམ་ལྷ་ཡི་སྒོམ་བཟླས་བྱས་པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་བཤད། གཉིས་པ་མ་དྲིས་པར་གཞག་ན་སྐྱོན་ཡོད་པ་ནི། ལུགས་དང་པོ་ལ། ལྷ་དེ་བདག་མདུན་གང་ཡིན་བརྟག །ཅེས་སོགས་ཀྱི་སྐྱོན་དེ་འཇུག་ལ། ལུགས་གཉིས་པ་ལ་ནི་སྐབས་ཀྱི་འཕྲོས་དང་འབྲེལ་གང་ཡང་འགྲིག་པ་མ་ཡིན་ཏེ། བསྙེན་གནས་ཀྱི་སྡོམ་པ་སྐྱེ་བ་དང༌། བསྲུང་བའི་ཡན་ལག་ཏུ་ལྷ་སྒོམ་དགོས་པའི་བཤད་པ་གང་ཡང་མི་འཆད་པར། བསྙེན་གནས་ལ་གནས་པའི་གང་ཟག་གིས། ཡི་དམ་གྱི་ལྷ་བསྒོམས་ན་བསོད་ནམས་ཆེ་བར་འཆད་པ་ནི། སྐབས་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་གང་དུ་ཡང་མི་རུང་བའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ནི། །གོང་དུ་བསྙེན་གནས་སོ་སོར་ཐར་པའི་ལུགས། །གཙོ་ཆེར་ཉན་ཐོས་གཞུང་ལུགས་ཡིན། །ཡི་དམ་ལྷ་ཡི་སྒོམ་བཟླས་ནི། །ཉན་ཐོས་གཞུང་ལས་བཤད་པ་མེད། །ཅེས་པ་ལ་འཕྲོས་ནས། འོ་ན་རང་ཉིད་ལྷག་པའི་ལྷར་སྒོམ་བཞིན་པའི་ངང་ནས། བསྙེན་གནས་ལེན་པ་དང་བསྲུང་དུ་མི་འདོད་དམ་ཞེ་ན། མ་ཡིན་ཏེ། ཁྱིམ་པའི་རྡོ་རྗེ་འཛིན་པ་གསང་སྔགས་ཀྱི་ལུགས་ལ་གནས་ནས། གསོ་སྦྱོང་ལེན་པར་བྱེད་ན། བདག་ཉིད་ལྷར་སྐྱེད་པ་དང་མ་བྲལ་བའི་ངང་ཉིད་ནས། གསོ་སྦྱོང་ལེན་པ་དང་བསྲུངས་ན། དེ་ལྟ་བུའི་གསོ་སྦྱོང་དེ་རང་ཉིད་ལྷར་མ་སྐྱེད་པའི་གསོ་སྦྱོང་ལས་བསོད་ནམས་ཤིན་ཏུ་ཆེ་བར་འཐོབ་པའི་ཕྱིར། དཔེར་ན་ཉན་ཐོས་རྒྱུད་ཀྱི་སོ་ཐར་ལས། གསང་སྔགས་པའི་རྒྱུད་ཀྱི་སོ་ཐར་དེ། སོ་ཐར་རང་གི་ལྡོག་ཆ་ནས་ཀྱང་ཁྱད་པར་དུ་འཕགས་པ་བཞིན་ནོ། །གཉིས་པ་འཕྲོས་པའི་དྲི་བ་ལ་དྲི་བ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། གངས་ཅན་དུ་སྔོན་བྱོན་པའི་ཆོས་སྤྱོད་རབ་གསལ་མཛད་པ་པོ་དག་དང༌། བྱ་སྤྱོད་ཀྱི་ཕྱག་ལེན་མཛད་པ་མང་པོ་དག དགེ་སློང་དང་དགེ་ཚུལ་གྱིས་ཀྱང༌། གསོ་སྦྱོང་རང་རང་གིས་ལེན་པར་མཛད་པ་དང༌། ཀུ་མཱ་རའི་རྣམ་བཤད་དང༌། སྒ་གདོང་པའི་རྣམ་བཤད་ལས། དེས་དེ་ལེན་པའི་ཤེས་བྱེད་དུ། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། དགེ་བསྙེན་ནམ་དགེ་ཚུལ་ལམ། དགེ་སློང་གིས། དཀོན་མཆོག་གི་རྟེན་གྱི་དྲུང་དུ། སྨྱུང་བར་གནས་པ་བྱེད་པར་བཤད་དོ། །ཞེས་གསུང་གིན་འདུག་པའི་རྒྱུ་མཚན་གྱིས་སོ། །དེ་དག་ནི་རིགས་པ་མ་ཡིན་ཏེ། །སོ་སོར་ཐར་པའི་སྡོམ་པ་མཆོག་ལ་གནས་བཞིན་དུ། དམན་པ་བླངས་པ་ལ་དགོས་པ་མེད་པའི་ཕྱིར་དང༌། དེ་ལྟར་བླངས་ན་སྡོམ་པ་མཆོག་དེའི་གཏོང་རྒྱུར་འགྲོ་བའི་ཉེས་དམིགས་ཡོད་པའི་ཕྱིར་དང༌། ཐེག་ཆེན་སེམས་སྐྱེད་ཀྱིས་ཟིན་པས་དགོས་པ་ཡོད་དོ། །སྙམ་དུ་དོགས་ན་སེམས་སྐྱེད་ཉིད་བླངས་པས་ཆོག་པ་ཡིན་གྱི། གསྙེན་གནས་དང་ངེས་པར་སྦྲེལ་དགོས་ན། ཉིན་ཞག་གཅིག་པའི་སེམས་སྐྱེད་དུ་ཐལ་བའི་ཕྱིར་དང༌། གསྙེན་གནས་དང༌། སྨྱུང་གནས་དོན་གཅིག་ཏུ་འཁྲུལ་པ་ལྟ་བུར་སྣང་བའི་ཕྱིར་རོ། །རང་གི་ལན་ནི། རབ་བྱུང་གི་སྡོམ་པ་ལ་གནས་པས། བསྙེན་གནས་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་འཛིན་པའི་བཤད་པ་ནི་ཡོད་པ་མ་ཡིན་ཏེ། དྲི་མེད་ཀྱི་ཆོ་ག་དང༌། དེ་བཞིན་གཤེགས་པ་བདུན་གྱི་ཆོ་གའི་གཞུང་གཉིས་ཀ་ལས། ཁྱིམ་པ་ཡིན་ན། བསྙེན་གནས་ཀྱི་ཁྲིམས་བཟུང་ཞེས་ངེས་བཟུང་གི་ཚིག་བཤད་པའི་ཕྱིར་རོ། །འཕྲོས་པའི་དྲི་བ་གཉིས་པ་ནི། འོ་ན་དེས་དེ་ལྟར་ནོད་པ་མེད་མོད། གོ་མི་མ་གཏོགས་པའི་དགེ་བསྙེན་ཐམས་ཅད་ཀྱིས། བསྙེན་གནས་ཡན་ལག་བརྒྱད་པ་ཚང་བར་ནོད་དུ་རུང་ངམ་སྙམ་པའི་དོགས་པ་ཡོད་པའི་རྒྱུ་མཚན་གྱིས། ཇི་སྐད་དུ། དགེ་བསྙེན་བཟང་པོས། །ཞེས་སོགས་དྲིས་པ་ཡིན་ནོ། །མ་དྲིས་ན་སྐྱོན་འཇུག་པ་ནི། ཡོངས་རྫོགས་དང༌། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ལ་གནས་པས། གནས་འཇོག་གི་མདོ་དང༌། དགེ་བསྙེན་གྱི་སྡོམ་བརྒྱད་དང༌། དོན་ཡོད་ཞགས་པའི་ཆོ་ག་ལས་ཇི་ལྟར་གསུངས་པ་བཞིན་དུ། བསྙེན་གནས་ཡན་ལག་བརྒྱད་པ་ཚང་མར་ནོད་དུ་རུང་བ་མ་ཡིན་ཏེ། རྩ་བ་བཞི་ཇི་སྲིད་འཚོ་བར་དུ་བསྲུང་བའི་སྡོམ་པ་ལ་གནས་བཞིན་དུ། རྩ་བ་བཞི་ཉིན་ཞག་གཅིག་ཏུ་བསྲུང་བར་ཁས་བླངས་པ་ལ་དགོས་པ་མེད་པར་མ་ཟད། དེ་ལྟར་ལེན་པ་དེ་སྡོམ་པ་སྔ་མའི་གཏོང་རྒྱུར་སོང་བའི་ཉེས་དམིགས་ཡོད་པའི་ཕྱིར། ཇི་སྐད་དུ། མདོ་རྩ་བར། དགེ་སློང་གིས་དགེ་ཚུལ་དང༌། དགེ་བསྙེན་དུ་ཁས་བླངས་ན། བསླབ་པ་འབུལ་ཆོག་ཏུ་བཤད་པ་དང༌། གཞུང་འདི་ཉིད་ལས། གནད་བཅོས་པ་ཡི་ཚིག་དེ་ཡིས། །སྔར་གྱི་དངོས་གྲུབ་ཐམས་ཅད་ཡལ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དངོས་ལན་ནི། འོ་ན་ཇི་ལྟར་ཞེ་ན། དེ་འདྲའི་དགེ་བསྙེན་དེས་ནི་བསྙེན་གནས་པར་ཁས་བླངས་ནས་ཡན་ལག་ལྷག་མ་རྣམས་བསྲུངས་པ་ཙམ་གྱིས་གསོ་སྦྱོང་ལ་གནས་པར་འགྱུར་རོ།། །།དྲི་བ་དགུ་པ་ནི། དགེ་བ་གང་ཡིན་ཐམས་ཅད་ཀྱིས། །རྣམ་སྨིན་བདེ་བ་བསྐྱེད་ན་ནི། །ཟག་མེད་དགེ་བའི་རྣམ་སྨིན་ཅི། །ཞེས་པ་ལ་གཉིས་ལས། དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་ནི། སྤོས་ཁང་པའི་རྣམ་བཤད་ལས་འཕྲོས་པའི་ཊཱི་ཀ་དག་ཏུ། དགེ་བ་ཞེས་པ་ལ་ཞིབ་ཆ་མེད་པར་འདོན་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། རྣམ་སྨིན་གྱི་རྒྱུར་འགྱུར་བ་ལ་མི་དགེ་བ་དང༌། དགེ་བ་ཟག་བཅས་གང་རུང་ཞིག་ངེས་པར་དགོས་པར་བཤད་པ་དང་འགལ་བའི་དོགས་པ་བསྲུང་དགོས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་དངོས་ལན་གདབ་པ་ནི། དགེ་བ་ཞེས་པ། ཟག་བཅས་ཀྱི་དབང་དུ་བྱས་པ་ཡིན་ལ། དེ་ལའང་བསོད་ནམས་ཆ་མཐུན་དང༌། ཐར་པ་ཆ་མཐུན་གཉིས་ལས། དང་པོས་ནི་བྲལ་འབྲས་མ་གཏོགས་པའི་འབྲས་བུ་བཞི་འབྱིན་པ་ལས། རྣམ་སྨིན་ནི་འཁོར་བའི་བདེ་བ་སྟེ། མཐོ་རིས་ཀྱིའོ། །གཉིས་པས་ནི་བྲལ་འབྲས་དང་བཞི་འདྲེན་པ་ལས། བྲལ་བ་ནི་ཐར་པའི་བདེ་བའོ། །འདིར་ཐར་པའི་བདེ་བ་ནི་དོན་དམ་པའི་དགེ་བར་འཆད་དགོས་ལ། རྣམ་སྨིན་གྱི་བདེ་བ་ནི་དོན་དམ་པའི་མི་དགེ་བར་འཆད་དགོས་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྣམ་སྨིན་དུ་གྱུར་པའི་འཁོར་བ་ཇི་སྙེད་པ་དེར་འཆད་དགོས་པ་ཡིན་པས་སོ།། །།དྲི་བ་བཅུ་པ་ནི། བཏང་སྙོམས་གཉིས་ཀ་མ་ཡིན་ན། །བསམ་གཏན་བཞི་པ་ཡན་ཆད་ཀྱི། །ཟག་བཅས་དགེ་བའི་རྣམ་སྨིན་ཅི། །བཏང་སྙོམས་ཞེས་པ་ལུང་མ་བསྟན། །ཡིན་ན་ཀུན་གཞིའི་ས་བོན་ལས། །རྣམ་སྨིན་འབྱུང་བ་དེ་ཅི་ཞིག །ཅེས་པའོ། །འདི་ལ་སྐབས་སུ་བབ་པའི་དྲི་བ་དང༌། དེ་ལས་འཕྲོས་པའི་དྲི་བའོ། །དང་པོ་ལ་དྲི་བའི་བསམ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། བཏང་སྙོམས་ཞེས་བྱ་བའི་ཐ་སྙད་ནི། འབྲས་བུ་བདེ་སྡུག་གི་ཟླས་ཕྱེ་བ་ལ་ཡོད་པ་ཡིན་ལ། རྒྱུ་དགེ་མི་དགེའི་ཟླས་ཕྱེ་བ་ལ་ནི། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་སྙད་ཡོད་པ་ཡིན་གྱི། བཏང་སྙོམས་ཞེས་བྱ་བའི་ཐ་སྙད་གསུང་རབ་ལས་མི་འབྱུང་བར་མ་ཟད། བརྡ་སྦྱར་ནའང་མཛེས་པ་མ་ཡིན་ཏེ། བཏང་སྙོམས་ལ་དགེ་བ་དང་མི་དགེ་བ་གཉིས་ཀ་སྲིད་པའི་ཕྱིར། སྙམ་དུ་དོགས་པས་སོ། །མ་དྲིས་པའི་ཉེས་པ་ཡང༌། གཞུང་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ན། རྒྱུ་བཏང་སྙོམས་ཀྱིས་རྣམ་པར་སྨིན་པའང་བདེ་སྡུག་མ་ཡིན་པ་ཞིག་སྐྱེད་དོ། །ཞེས་བྱ་བའི་དོན་ཞིག་ཏུ་གསལ་བ་ལས། བཏང་སྙོམས་ལ་རྣམ་སྨིན་མེད་པའི་འབྲུ་གཉེར་བ་ནི། བསམ་ཡས་པ་དང༌། སྤོས་ཁང་པའི་རྣམ་བཤད་སོགས་མང་པོ་ཞིག་ལ་སྣང་ལ། དེ་ལྟར་ཁས་བླངས་ན་ཉེས་པ་སྔ་མ་དེ་ཉིད་དུ་འགྱུར་བའོ། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་རྐང་པ་དྲུག་པོ་འདིས། མཛོད་དུ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཁོ་ནར་འདོད། །མི་དགེ་བའི་ནི་ལུས་ཀྱི་ཡིན། །ཞེས་པ་དེའི་དོན་འཆད་པར་སྣང་ལ། དེའི་ཚེ་ན་གཞུང་འདི་ལྟར་འདོན་པར་བྱ་སྟེ། མི་དགེའི་ལས་ཀྱི་རྣམ་སྨིན་ནི། །ལུས་ཀྱི་ཚོར་བ་སྡུག་བསྔལ་ཏེ། །དགེ་བའི་ལས་ལ་རྟོག་བཅས་དང༌། །རྟོག་པ་མེད་པ་གཉིས་ཡོད་ལ། །རྟོག་བཅས་དགེ་བའི་རྣམ་སྨིན་ནི། །ལུས་ཀྱི་ཚོར་བ་བདེ་བར་ངེས། །རྟོག་མེད་དགེ་ལ་བདེ་བ་དང༌། །བཅས་དང་བཏང་སྙོམས་ཁོ་ན་བ། །གཉིས་ཀའི་རྣམ་སྨིན་སེམས་ཚོར་ཡིན། །བདེ་དང་བཅས་པའི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་བདེ་བ་སྟེ། །བཏང་སྙོམས་ཁོ་ན་དང་བཅས་པའི། །རྣམ་སྨིན་སེམས་ཚོར་བཏང་སྙོམས་སོ། །ཞེས་བྱ་བ་འདིས་རྐང་པ་དྲུག་པོའི་འབྲུ་གཉེར་བར་འགྱུར་རོ། །དོན་དེ་ཡང༌། ཇི་སྐད་དུ། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་དེ་ཡན་ཆད། །སྡུག་མིན་བདེ་མིན་མྱོང་འགྱུར་བ། །ཞེས་གསུངས་སོ། །གཉིས་པ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། རྣམ་བཤད་མཛད་པོ་ཀུན་གྱིས། བཏང་སྙོམས་ཞེས་པ་ལུང་མ་སྟན་ལ་འབྲུ་མནན་ནས། གཞུང་གོང་མའི་ཚིག་དང་མཐུན་པར། རྣམ་སྨིན་སྐྱེད་བྱེད་མ་ཡིན་པར་འཆད་ཀྱིན་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་འཇུག་ཚུལ་ནི། རྣམ་སྨིན་གྱི་རྒྱུ་དང་རྣམ་སྨིན་སྐྱེད་བྱེད་གཉིས་ལ་བརྡ་ཆད་འཇོག་མཚམས་ཀྱི་དབང་གིས། ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པ་དེ་མ་ཕྱེ་ན། ཉེས་པ་འབྱུང་བའི་ཚུལ་འདི་ལྟར། ཉོན་མོངས་པ་ལུང་མ་བསྟན་མཐའ་དག་རྣམ་སྨིན་སྐྱེད་བྱེད་དུ་མི་རུང་བར་འགྱུར་ལ། འདོད་ནུས་པ་མ་ཡིན་ཏེ། དེ་དགེ་བའི་ལས་ཀྱི་ཀུན་སློང་དུ་སོང་བའི་སྒོ་ནས་རྣམ་སྨིན་སྐྱེད་པའི་ཕྱིར། ཡང༌། ཀུན་གཞི་ཁས་ལེན་པ་ལྟར་ན། ཀུན་གཞིའི་སྟེང་གི་དགེ་བའི་ས་བོན་དེ་ཡང༌། རྣམ་སྨིན་གྱི་རྒྱུ་ཉིད་དུ་ཐལ་བར་འགྱུར་ཏེ། རྣམ་སྨིན་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །དེ་ཡང་ལུགས་འདིར་རྒྱུ་ལ་གཉིས་ཏེ། འཕེན་བྱེད་ཀྱི་དང༌། སྐྱེད་བྱེད་ཀྱི་རྒྱུའོ། །དང་པོ་ནི། བག་ཆགས་འཇོག་བྱེད་ཀྱི་ལས་རྣམས་སོ། །གཉིས་པ་ནི། དེས་གཞག་པའི་བག་ཆགས་སོ། །དེ་ལས་ཀྱང་ཁྱད་པར་དུ། མི་དགེ་བ་དང༌། དགེ་བ་ཟག་བཅས་ནི། རྣམ་སྨིན་འཕེན་པར་བྱེད་པའི་རྒྱུའོ། །དེའི་བག་ཆགས་ནི་དེ་སྐྱེད་པའི་རྒྱུའོ། །ཞེས་བྱ་བ་ནི་ཐེག་བསྡུས་ཀྱི་དགོངས་པའོ། །དངོས་ལན་ནི། བཏང་སྙོམས་ཞེས་པ། སྤྱིར་ཚོར་བ་བཏང་སྙོམས་དང༌། བྱེ་བྲག་བསམ་གཏན་བཞི་པ་ཡན་ཆད་ཀྱི་བཏང་སྙོམས་ལ་ཟེར་བ་ཡིན་ཏེ། བཏང་སྙོམས་བདེ་སྡུག་གཉིས་མིན་པས། །རྣམ་སྨིན་གཉིས་མིན་བཏང་སྙོམས་སོ། །ཞེས་བྱ་བའི་དོན་ནོ།། །།དྲི་བ་བཅུ་གཅིག་པ་ནི། ལས་དཀར་ཞེས་པ་དགེ་བ་ལ། །འཆད་ན་རྣམ་སྨིན་གནག་པ་ཅི། །ལས་གནག་ཅེས་པ་སྡིག་པ་ལ། །ཟེར་ན་རྣམ་སྨིན་དཀར་བ་ཅི། །རྒྱུ་ཡི་ཀུན་སློང་སྡིག་ཡིན་ན། །དུས་ཀྱི་ཀུན་སློང་དགེ་ཡིན་ཀྱང༌། །ལས་དེ་དཀར་པོར་མི་འགྱུར་ཞེས། །མངོན་པ་འོག་མར་མ་བཤད་དམ། །དུས་ཀྱི་ཀུན་སློང་མི་དགེ་བ། །དག་དང་མཚུངས་པའི་དགེ་བ་ནི། །མོ་གཤམ་བུ་དང་འདྲའོ་ཞེས། །མངོན་པ་གོང་མར་མི་འབྱུང་ངམ། །རྒྱུ་ཡི་ཀུན་སློང་འཕེན་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འཕེན་བྱེད་རྒྱུ། །དུས་ཀྱི་ཀུན་སློང་འགྲུབ་བྱེད་ཀྱི། །གཙོ་བོ་ཡིན་ཕྱིར་འགྲུབ་བྱེད་རྒྱུར། །གོང་འོག་མཐུན་པར་གསུངས་མིན་ནམ། །ཞེས་པའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ། སྐབས་སུ་བབ་པའི་དྲི་བ་དང༌། དེ་ལས་འཕྲོས་པའི་དྲི་བའོ། །དང་པོ་ལ། དྲི་བའི་ཡུལ་ནི། དཀར་ནག་འདྲེས་མའི་ལས་གཞིར་གཞག་ནས་འདྲི་བ་ཡིན་ལ། གཞུང་དུ་ལས་དེའི་གོ་དོན་འཆད་པ་ན། ལས་དཀར་པོས་རྣམ་སྨིན་ནག་པོ་འབྱིན་པ་དང༌། ལས་ནག་པོས་རྣམ་སྨིན་དཀར་པོ་འབྱིན་པ་ཞིག་བཤད་ལ། དེ་ལྟ་བུའི་སྒྲ་ཇི་བཞིན་པ་འདི་མི་རིགས་ཤིང༌། མངོན་པ་ལས་ཀྱང་མ་བཤད་པའི་རྒྱུ་མཚན་གྱིས་དྲིས་པ་ཡིན་ནོ། །མ་དྲིས་ན་སྐྱོན་འབྱུང་བའི་ཚུལ་ནི། གཞུང་གི་སྒྲ་ཇི་བཞིན་པ་ལ་འབྲུ་གཉེར་བ་ཡང༌། ཚིག་རིས་དེ་ཉིད་ལས་ལྷག་པ་རྣམ་བཤད་མཛད་པ་པོ་སུས་ཀྱང་མཛད་པ་མི་སྣང་ལ། དེ་ལྟ་ན། དཀར་པོ་དང་ནག་པོའི་ལས་ཀྱི་གཞི་མཐུན་སྲིད་པར་འགྱུར་ཏེ། བདེ་བའི་རྣམ་སྨིན་གྱི་རྒྱུར་གྱུར་པའི་མི་དགེ་བ་དང༌། སྡུག་བསྔལ་ཞིག་གི་རྣམ་སྨིན་གྱི་རྒྱུར་གྱུར་པའི་དགེ་བའི་ལས་ཁས་བླངས་པས་སོ། །གཉིས་པ་དེ་ལས་འཕྲོས་པའི་དྲི་བ་ནི། དེ་ལ་འདི་སྙམ་དུ། རྒྱུའི་ཀུན་སློང་མི་དགེ་བས་བྱས་ཤིང༌། དུས་ཀྱི་ཀུན་སློང་དགེ་བས་བྱས་པ་ལྟ་བུ་ལ། དཀར་ནག་འདྲེས་པའི་གོ་དོན་དུ་འཇོག་ཅིང༌། དེས་རྣམ་པར་སྨིན་པ་ཡང་གཉིས་ཀ་འབྱིན་པ་ཡིན་ནོ། །ཞེས་ཟེར་ན། དཀར་ནག་འདྲེས་མའི་ལས་ཞེས་ཟེར་བའི་ཐ་སྙད་ནི། མངོན་པ་འོག་མ་ན་ཡོད་ཅིང༌། གོང་མ་ན་མེད་ལ། དེའི་ཕྱིར་དེ་སྐད་ཅེས་ཟེར་བ་དེ། མངོན་པ་འོག་མ་ཁོ་ནའི་དབང་དུ་བྱས་ནས་འདོད་དམ། ཡང་ན། མངོན་པ་གོང་མའི་ལུགས་སུ་བྱས་ནས་ཁས་ལེན། དང་པོ་ལྟར་ན། འདི་ལ་གཉིས་ཏེ། ལས་དཀར་པོས་རྣམ་སྨིན་ནག་པོ་འབྱིན་པ་མངོན་པ་འོག་མའི་ལུགས་མ་ཡིན་པར་བསྟན་པ་དང༌། རྒྱུ་དུས་ཀྱི་ཀུན་སློང་གི་དབང་གིས་དཀར་ནག་གི་ཁྱད་པར་འབྱེད་ནུས་པ་མངོན་པ་འོག་མའི་ལུགས་མ་ཡིན་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། མཛོད་ལས། གནག་དང་དཀར་དང་གཉིས་ཀའི་ལས། །ཞེས་པའི་འགྲེལ་པར། འདོད་པར་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་ནག་ཡིན་ལ། རྣམ་པར་སྨིན་པ་འདྲེས་པའི་ཕྱིར། རྣམ་པར་སྨིན་པ་ཡང་དཀར་ནག་ཡིན་ནོ། །འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་པོ་ཡང་ཡིན། ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་མི་དགེ་བས་རྣམ་སྨིན་དཀར་པོ་འབྱིན་སྲིད་པ་དཀར་ནག་འདྲེས་མའི་གོ་དོན་དུ་འཇོག་པ་ཡང་མཛོད་ཀྱི་དགོངས་པ་མ་ཡིན་ཏེ། འགྲེལ་པ་སྔ་མ་དེའི་འཕྲོ་ཉིད་ནས། དེ་ལྟ་ན། མི་དགེ་བ་ཡང་དགེ་བ་དང་འདྲེས་པའི་ཕྱིར། དཀར་ནག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། འདོད་པའི་ཁམས་ན་མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ། དེ་སྟོབས་དང་ལྡན་པའི་ཕྱིར་རོ། །དགེ་བ་ནི་སྟོབས་ཆུང་བའི་ཕྱིར་འདྲེ་བར་འགྱུར་རོ། །ཞེས་གསུངས་པས་སོ། །དེའི་གོ་དོན་ཡང༌། འདོད་པའི་སས་བསྡུས་ཀྱི་ལས་དགེ་བ་རྒྱུད་ལ་ལྡན་བཞིན་པའི་ངང་ནས། དེའི་རྒྱུད་ཀྱི་མི་དགེ་བས་རྣམ་སྨིན་ནག་པོ་འབྱིན་ལ། མི་དགེ་བ་རྒྱུད་ལ་ལྡན་བཞིན་པའི་དགེ་བས། རྣམ་སྨིན་དཀར་པོ་འབྱིན་མི་ནུས། ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞིབ་མོར་ན། འདོད་པའི་སས་བསྡུས་ཀྱི་ཡང་དག་པའི་ལྟ་བ་རྒྱུད་ལ་ལྡན་བཞིན་པའི་ངང་ནས། ལོག་ལྟས་རྣམ་སྨིན་ནག་པོ་འབྱིན་ལ། ལོག་ལྟ་ལྡན་བཞིན་པའི་ངང་ནས། ས་དེས་བསྡུས་ཀྱི་ཡང་དག་པའི་ལྟ་བས་འབྲས་བུ་འབྱིན་མི་ནུས་པ་ཡིན་ཏེ། དེས་དེའི་རྩ་བ་གཅོད་ལ། གཅིག་ཤོས་ཀྱིས་ལོག་ལྟའི་རྩ་བ་མི་གཅོད་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། མངོན་པ་འོག་མའི་ལུགས་འདིར། དུས་ཀྱི་ཀུན་སློང་མི་དགེ་བ་དང༌། རྒྱུའི་ཀུན་སློང་དགེ་བས་བྱས་པའི་ལས་ཤིག་ཁས་བླངས་ནས། དེས་རྣམ་སྨིན་དཀར་པོ་འབྱིན་པ་དེ་ལས་གནག་ལ། རྣམ་སྨིན་དཀར་བའི་དཔེ་དང༌། དུས་ཀྱི་ཀུན་སློང་དགེ་ལ། རྒྱུའི་ཀུན་སློང་མི་དགེ་བས་བྱས་པའི་ལས་ཤིག་ཁས་བླངས་ནས། དེས་རྣམ་སྨིན་ནག་པོ་འབྱིན་པ་དེ། ལས་དཀར་རྣམ་སྨིན་ནག་པའི་དཔེར་འཇོག་པ་ནི་རིགས་པ་མ་ཡིན་ཏེ། ལུགས་འདིར། ལུས་ངག་གི་ལས་དགེ་མི་དགེར་འཇོག་པ་ནི། རྒྱུའི་ཀུན་སློང་གང་ཡིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་གྱི། དུས་ཀྱི་ཀུན་སློང་ལ་མ་རག་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རྒྱུའི་ཀུན་སློང་ནི། ལས་ལམ་གྱི་དངོས་གཞིར་གྱུར་པའི་རིག་བྱེད་མ་ཡིན་པ་ཁོ་ན་ཀུན་ནས་སློང་བྱེད་ཡིན་ལ། དུས་ཀྱི་ཀུན་སློང་ནི། རྣམ་པར་རིག་བྱེད་ཀྱི་ངོ་བོར་གྱུར་པའི་རྗེས་ཀྱི་བྱ་བ་ཀུན་ནས་སློང་བྱེད་དུ་ཁས་ལེན་པ་ཡིན་ནོ། །དེ་སྐད་དུ་ཡང༌། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱིས་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་གསུངས་སོ། །འོ་ན་འདོད་པ་ན་བསྒྲིབས་པའི་རིག་བྱེད་ཡོད་པར་འགྱུར་ཏེ། རྒྱུའི་ཀུན་སློང་འཇིག་མཐར་གྱིས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཡོད་པའི་ཕྱིར། ཞེ་ན། སྐྱོན་མེད་དེ། འདིའི་རྒྱུ་དུས་གཉིས་ཀྱི་བར་དུ་སྤང་བྱ་རིགས་མི་མཐུན་གཞན་གྱིས་བར་ཆོད་པའི་ཕྱིར། ཞེས་ལན་འདེབས་པར་བྱེད་དོ། །གལ་ཏེ་ཀུན་སློང་གི་དབང་གིས་འདྲེས་མའི་ལས་སུ་འཇོག་གོ་ཞེས་བྱ་བ་དེ། མངོན་པ་གོང་མའི་ལུགས་སུ་འཆད་པ་ཡིན་ནོ། །ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གོང་མའི་ལུགས་འདིར་ནི། རྒྱུའི་ཀུན་སློང་གང་ཡིན་ཀྱང་རུང༌། དགེ་མི་དགེར་འཇོག་པ་ནི་དུས་ཀྱི་ཀུན་སློང་ཁོ་ནའི་བྱེད་པས་སོ། །དེའི་ཕྱིར། ལུགས་འདིར་ལས་དཀར་པོས་རྣམ་སྨིན་ནག་པོ་དང༌། ལས་ནག་པོས་རྣམ་སྨིན་དཀར་པོ་འབྱིན་པ་མི་སྲིད་དོ། །ཡང་གལ་ཏེ་འདི་སྙམ་དུ། རྒྱུའི་ཀུན་སློང་མི་དགེ་བ་དང༌། དུས་ཀྱི་ཀུན་སློང་དགེ་བས་བྱས་པའི་ལས་དེ་དཀར་པོ་ཁོ་ན་ཡིན་ལ། དེས་རྣམ་སྨིན་ནག་པོ་འབྱིན་པ་ཡིན་ཏེ། ལས་དེའི་རྒྱུའི་ཀུན་སློང་མི་དགེ་བ་ཁོ་ན་ཡིན་པས་སོ་སྙམ་ན། དེ་འདྲ་དེའི་ཚེ་ན། ལས་དཀར་པོ་དེ་རྣམ་སྨིན་ནག་པོ་དེའི་ཁྱད་པར་འགྲུབ་བྱེད་ཡིན་གྱི། ངོ་བོ་འཕེན་བྱེད་ནི་མ་ཡིན་ཏེ། དེའི་རྣམ་སྨིན་གྱི་རྒྱུ་མ་ཡིན་པའི་ཕྱིར་དང༌། རྣམ་སྨིན་ནག་པོ་དེ་ཡང༌། ལས་དེ་ལ་ལྟོས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་གྱི། རྣམ་སྨིན་གྱི་འབྲས་བུར་མི་རུང་བའི་ཕྱིར་རོ། །རྒྱུ་དུས་ཀྱི་ཀུན་སློང་གཉིས་པོས་ཀུན་ནས་བསླང་བའི་ལས་གཉིས་པོ་འཕེན་འགྲུབ་ཀྱི་རྒྱུའི་གཙོ་བོར་བཤད་པ་འདི་ཡང༌། འདོད་པའི་སས་བསྡུས་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དཀར་ནག་འདྲེས་མའི་ལས་ལ་དོགས་པ་གཅོད་པའི་སྐབས་ཡིན་པས་སོ། །དེའི་ནང་ནས་ཀྱང་སྒོམ་སྤང་གི་དབང་དུ་བྱས་པ་ཡིན་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར། དེ་སྐད་དུ་ཡང༌། གཞན་ནི་མཐོང་བས་སྤང་བྱ་གནག །འདོད་པ་ལས་སྐྱེས་གཞན་དཀར་ནག །ཅེས་བཤད་པ་དང་ཕྱོགས་མཐུན་ནོ། །མདོར་ན། གཞུང་འདིའི་རྣམ་བཤད་མཛད་པ་པོ་མཐའ་དག་གིས། གཞུང་གི་འབྲུ་ཇི་བཞིན་དུ་མ་གཉེར་བས། མཁས་པའི་བསྟན་བཅོས་ཆུད་གསན་པར་གྱུར་པས་ནོངས་པ་ཡིན་ནོ། །ཡང་འབེལ་བའི་གཏམ་གླེང་བ་ལ་ལ་དག རྣམ་སྨིན་དཀར་བའི་དུས་ཀྱི་ལས་དེ་ནག་པོར་མིང་བཏགས་ཀྱང༌། དཀར་པོ་མཚན་ཉིད་པ་ཡིན་ནོ། །ཞེས་དང༌། གཅིག་ཤོས་ཀྱང་དེ་དང་འདྲའོ། །ཞེས་ཟེར་བ་ནི་ཅེར་ཡང་མི་རུང་སྟེ། དེ་ལྟ་ན། ལས་དཀར་ནག་གིས། རྣམ་སྨིན་དཀར་ནག་འབྱིན་པ་གཉིས་སུ་འདུས་པར་སོང་བས། བཞིའི་དབྱེ་བ་དོན་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། མངོན་པ་གོང་མ་དང་མཐུན་པར་ལན་བཏབ་པ་དང༌། མངོན་པ་འོག་མའི་དོགས་གཅོད་ཟུར་དུ་དྲིས་ནས་ལན་བཏབ་པའོ། །དང་པོ་ནི། འདིར་དཀར་ནག་ཏུ་གྱུར་པའི་ལས་བཤད་པ་དེ། མངོན་པ་འོག་མ་དང་མཐུན་པ་མ་ཡིན་ཏེ། དེར་རྣམ་སྨིན་འབྱིན་བྱེད་ཀྱི་ལས་ལ་གསུམ་ལས་ལྷག་པ་མ་བཤད་ཅིང༌། འདིར་བཞི་བཤད་པའི་ཕྱིར་དང༌། དེར་ནི་ལས་གནག་ལ། རྣམ་སྨིན་དཀར་བ་ཕྱོགས་སྔ་མར་བྱས་ནས་བཀག་པའི་ཕྱིར། འོ་ན་ཅི་ཞེ་ན། མངོན་པ་གོང་མར། དཀར་ནག་ཏུ་གྱུར་ལ། རྣམ་པར་སྨིན་པ་དཀར་ནག་ཏུ་གྱུར་པ་ཞེས་བྱ་བ་དེ། བསྟན་བཅོས་འདིར་བཤད་པ་ཡིན་ལ། དེ་ཡང༌། ལས་གཅིག་གི་རྣམ་སྨིན་དཀར་ནག་གཉིས་འབྱིན་པའི་དོན་མ་ཡིན་གྱི། ལས་ལམ་གཅིག་གི་སྦྱོར་དངོས་གཉིས་ཀྱི་ནང་ན། རྣམ་སྨིན་དཀར་པོ་འབྱིན་པ་དང༌། ནག་པོ་འབྱིན་པ་གཉིས་ཀ་ཡོད་དོ། །ཞེས་བྱ་བའི་དོན་ནོ། །དེ་ལྟར་མཐའ་དཔྱད་ནས། འབྲུ་གཉེར་བ་ནི། ལས་གང་ཞིག རྒྱུ་དུས་ཀྱི་ཀུན་སློང་གནག་ལ། དེ་དུས་ཀྱི་ཀུན་སློང་དཀར་པོར་གྱུར་པ་དེ་ནི། རང་གི་ངོ་བོ་དཀར་པོ་ཡིན་ཀྱང༌། རང་གི་རྒྱུའི་ཀུན་སློང་དེ་རྣམ་སྨིན་ནག་པོ་འབྱིན་བྱེད་ཡིན་པའི་དབང་གིས། རྣམ་སྨིན་ནག་པོ་དེ་སྐྱེད་བྱེད་དུ་འཇོག་པ་ཡིན་ཏེ། དཔེར་ན། རྒྱུའི་ཀུན་སློང་ཞེ་སྡང་གིས་ཀུན་ནས་བསླང་སྟེ། བསད་པའི་ཕྱིར་དུ་ནོར་མང་པོ་སྦྱིན་པར་གཏོང་བ་དེའི་ཚེ་ན། ལས་ལམ་ཚར་གཅིག་ཡིན་ཀྱང༌། རྒྱུའི་ཀུན་སློང་ཞེ་སྡང་དེ་ནི། རྣམ་སྨིན་ནག་པོ་འཕེན་བྱེད་དང༌། དུས་ཀྱི་ཀུན་སློང་མ་ཆགས་པའི་དགེ་རྩ་དེ་རྣམ་སྨིན་ནག་པོ་དེའི་འགྲུབ་བྱེད་ཀྱི་རྒྱུར་འགྱུར་བ་ལྟ་བུའོ། །ཞེས་གཅིག་ཤོས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་དག་ལ་འདི་སྐད་ཅེས། ལས་ལ་རྣམ་བཞི་དཀར་ནག་འདྲེས། །དེ་ཟད་བྱེད་པའོ་ལས་ནག་པ། །རྣམ་སྨིན་དཀར་པོའི་འགྲུབ་བྱེད་དང༌། །དཀར་པོའང་རྣམ་སྨིན་ནག་པོ་ཡི། །འགྲུབ་བྱེད་དབྱེ་བས་གཉིས་སུ་བཤད། །འདི་དང་འོག་ཏུ་འདྲེན་མའི་ལས། །བཤད་པའི་མི་ཟློས་ཁྱད་པར་ནི། །མངོན་པ་གོང་འོག་ལུགས་ཡིན་ཏེ། །ལས་དེ་གཟུགས་ཅན་ཡིན་མིན་ནོ། །གཉིས་པ་ནི། འདོད་པའི་རྟེན་ལ་དཀར་ནག་གི །ལས་གཉིས་འདྲེས་པར་འཇོག་པ་བཞིན། །རྣམ་པར་སྨིན་པའང་འདྲེས་སམ་ཅི། །དེ་ལྟ་ན་ནི་ངན་སོང་དང༌། །མཐོ་རིས་རྣམ་སྨིན་རྒྱུད་གཅིག་ལ། །སྲིད་པར་ཁས་ལེན་མི་དགོས་སམ། །ཞེས་པའོ། །འདི་ལ་འདྲི་བའི་བསམ་པ་དང༌། དངོས་ཀྱི་ལན་ནོ། །དང་པོ་ནི། མཛོད་འགྲེལ་དུ། འདོད་པར་གཏོགས་པའི་དགེ་བ་ནི། མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་ནག་ཡིན་ལ། རྣམ་པར་སྨིན་པ་འདྲེས་པའི་ཕྱིར། རྣམ་པར་སྨིན་པ་ཡང་དཀར་ནག་ཡིན་ནོ། །འདི་ཡང་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གི ཞེས་རྒྱུ་དགེ་མི་དགེ་གཉིས་རང་གི་ངོ་བོ་འདྲེས་པ་མི་སྲིད་ཀྱང༌། དུས་གཅིག་ལ་ཅིག་ཆར་དུ་འབྱུང་བ་མི་འགལ་བའི་རྒྱུ་མཚན་གྱིས་འདྲེས་པར་བཤད་ལ། དེ་ལྟ་ན། རྣམ་སྨིན་འདྲེས་པའི་དོན་ཡང༌། རྒྱུད་གཅིག་ལ་ཅིག་ཆར་དུ་འབྱུང་བ་ལ་འཆད་དགོས་པར་མཚུངས་ལ། དེ་ལྟ་ན། མཐོ་རིས་དང་ངན་སོང་རྒྱུད་གཅིག་ལ་འབྱུང་བ་ཉིད་དུ་ཐལ་བར་འགྱུར་ཏེ། ལས་དེ་གཉིས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི། བདེ་འགྲོ་དང་ངན་འགྲོའི་ཕུང་པོ་ལས་གཞན་མེད་པའི་ཕྱིར་སྙམ་པའོ། །དངོས་ལན་ནི། རྣམ་སྨིན་ནི། རྒྱུའི་འདྲེས་ཚུལ་དང་འདྲ་བར། རྒྱུད་གཅིག་ལ་ཅིག་ཆར་དུ་ཡོད་པར་ཁས་བླངས་ན་ཉེས་པ་དེ་འཇུག་ཀྱང༌། དེ་ལྟར་ཁས་ལེན་པ་མ་ཡིན་ཏེ། རྣམ་པར་འདྲེས་པ་ཞེས་བྱ་བ་ནི། འདྲེན་མ་ཞེས་བྱ་བའི་དོན་ཡིན་ལ། དེའི་དོན་ཡང་སྤེལ་མ་ལ་འཆད་པའི་ཕྱིར། དཔེར་ན། སོ་ཐར་སྡོམ་ལྡན་ཞིག་གི་རྒྱུད་ལ་ཞེ་སྡང་དྲག་པོ་སྐྱེས་པ་དེའི་ཚེ་ན། ཞེ་སྡང་དེ་དང༌། ཞེ་སྡང་མེད་པའི་དགེ་བས་ཀུན་ནས་བསླང་བའི་སྡོམ་པ་གཟུགས་ཅན་དུ་གྱུར་པ་གཉིས་ཅིག་ཆར་དུ་བྱུང་བ་དེའི་ཚེ་ནི། གཅིག་གིས་ཅིག་ཤོས་ཀྱི་རྣམ་སྨིན་འབྱིན་པའི་ནུས་པ་འཇོམས་མི་ནུས་པ་དེ་ལ་ནི། གཉིས་པོ་རྒྱུད་ཀྱི་སྒོ་ནས་འདྲེས་པ་ཞེས་བྱ་ལ། གཉིས་པོ་དེའི་རྣམ་སྨིན་ནི། ཐོག་མར་མཐོ་རིས་སུ་སྨིན་ནས། དེའི་འོག་ཏུ་ངན་སོང་དུ་སྨིན་པ་ལྟ་བུའོ། །འདི་ལ་ནི་འདྲེན་མ་ཞེས་བྱའོ། །འོ་ན་འདོད་པའི་རྟེན་ལ་མི་དགེ་བ་ཡང་འདྲེན་མའི་ལས་སུ་འཇོག་སྲིད་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན་མ་བཤད་པ་དང་འགལ་ལོ། །ཞེ་ན། སྲིད་མོད། དེ་ལ་དེ་མ་བཤད་པའི་ཁྱད་པར་ནི། འདོད་པའི་སས་བསྡུས་ཀྱི་དགེ་བ་ཡིན་ན། རང་གི་འགལ་ཟླ་དེའི་རྣམ་སྨིན་མེད་པར་བྱེད་མི་ནུས་པས་ཁྱབ་ལ། མི་དགེ་བ་འགའ་ཞིག་གིས་ནི། རང་གི་འགལ་ཟླ་དེའི་རྣམ་སྨིན་མེད་པར་བྱེད་ནུས་པ་སྲིད་པ་ཡིན་ཏེ། དཔེར་ན། རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་བཞིན་ནོ། །འདོད་པའི་སས་བསྡུས་ཀྱི་དགེ་བ་ལས་མི་དགེ་བ་སྟོབས་ཆེ་བར་འཇོག་པའི་ཤེས་བྱེད་ཀྱང༌། འདོད་པའི་སས་བསྡུས་ཀྱི་དགེ་བའི་རྣམ་སྨིན་གྱི་མཆོག་ཏུ་གྱུར་པ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ཕུང་པོ་ཡིན་ལ། དེ་ནི་ཇི་ལྟར་ཚེ་རིང་ཡང༌། རང་ལོ་ཁྲི་དང་དྲུག་སྟོང་གི་བར་དུ་འགྱུར་བའི་བདེ་བ་ལ་ལོངས་སྤྱོད་པར་བྱེད་པ་ཡིན་ལ། མི་དགེ་བའི་རྣམ་སྨིན་ལྕི་ཤོས་ནི། མནར་མེད་དུ་བར་གྱི་བསྐལ་པ་གཅིག་གི་རིང་ལ་སྡུག་བསྔལ་གྱི་སྡུག་བསྔལ་ལ་ལོངས་སྤྱོད་དགོས་པའོ། །དེའི་ཕྱིར་ངག་དོན་ཞིབ་མོར་བསྡུས་ན། འདོད་པའི་དགེ་བ་ཡིན་ན་མི་དགེ་བ་དང་འདྲེར་རུང་བས་ཁྱབ་སྟེ། དེ་ཡིན་ན། དེའི་འགལ་ཟླ་སུན་འབྱིན་པར་མི་ནུས་པས་ཁྱབ་པའི་ཕྱིར། གཅིག་ཤོས་ལ་དེས་མ་ཁྱབ་སྟེ། རང་གི་འགལ་ཟླ་སུན་འབྱིན་པར་ནུས་པའི་མི་དགེ་བ་འགའ་ཞིག་སྲིད་པའི་ཕྱིར། ཞེས་བྱ་བ་འདིས་ནི། འདོད་པའི་དགེ་མི་དགེ་གཉིས་ལ་དཀར་ནག་འདྲེས་མའི་ལས་སུ་འཇོག་མི་འཇོག་གི་ཁྱད་པར་གྲུབ་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས། འདོད་པའི་དགེ་བ་མི་དགེ་དང༌། །ལྷན་ཅིག་མི་གནས་འགལ་མི་སྲིད། །མི་དགེ་དེ་དང་ལྷན་ཅིག་ཏུ། །མི་གནས་སྲིད་ཕྱིར་འདྲེས་པ་མིན། །ཞེས་བྱའོ།། །།དྲི་བ་བཅུ་གཉིས་པ་ནི། ཆོས་དབྱིངས་དགེ་བ་མ་ཡིན་ན། །མངོན་རྟོགས་རྒྱན་དང་རྒྱུད་བླ་དང༌། །ཐེག་པ་ཆེན་པོ་བསྡུས་པ་དང༌། །དབུས་རྣམ་འབྱེད་པར་གསུངས་དེ་ཅི། །ཆོས་དབྱིངས་དམ་པའི་ཆོས་དང་ནི། །དམ་པ་ཞེས་པ་དགེ་བ་ལ། །ཚད་ལྡན་གཞུང་ལས་མ་གསུངས་སམ། །ཆོས་དབྱིངས་ངོ་བོ་བདག་མེད་མ། །བདེ་ཆེན་སྒྱུ་མའི་སྐུ་དེ་ཡང༌། །དགེ་བ་མིན་པར་བཞེད་ལགས་སམ། །དེ་ལྟ་ན་ནི་བསྟོད་པ་ལས། །དགེ་མ་ཞེས་ཀྱང་མ་གསུངས་སམ། །ཞེས་པའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ། འདྲེ་དགོས་པའི་རྒྱུ་མཚན་དང༌། མ་དྲིས་ན་སྐྱོན་ཡོད་པའོ། །དང་པོ་ནི། གཞུང་གི་དངོས་བསྟན་ལ། གང་ཆོས་དབྱིངས་ཡིན་པ་ལ་དགེ་བ་མ་ཡིན་པས་ཁྱབ་པར་བཤད་ཅིང༌། རྣམ་བཤད་མཛད་པ་སྔ་ཕྱི་ཀུན་གྱིས་ཀྱང༌། ཞིབ་ཆ་འདོན་རྒྱུ་ཅི་ཡང་མེད་པར། སྒྲ་ཇི་བཞིན་པ་དེ་ཉིད་ཁས་བླངས་ནས་བཤད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། དེ་ལྟར་ཁས་བླངས་ན། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། མངོན་པར་རྟོགས་པའི་རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །ཞེས་ཆོས་ཐམས་ཅད་དེ་གསུམ་དུ་བསྡུས་ནས། འཇིག་རྟེན་པ་ཡི་རྟོགས་པ་དང༌། །ཞེས་སོགས་ལྷག་མ་རྣམས་གསུམ་པོའི་ནང་དུ་བསྡུ་དགོས་པར་ནི། འགྲེལ་པ་ལས། དེ་ཡི་འོག་ཏུ་དེ་དག་ཉིད། །ཅེས་སོགས་ཀྱིས་གསལ་བར་བསྟན་ལ། དེའི་ཚེ་ན། རྒྱུ་ལ་མི་ལྟོས་པའི་དེ་བཞིན་ཉིད་ཅེས་བྱ་བ་དེ། མི་དགེ་བ་དང་ལུང་མ་བསྟན་དུ་ནི་བཤད་མི་ནུས་པས། དགེ་བར་འཆད་དགོས་པ་ལས་འོས་མེད་ཅིང༌། སྔོན་གྱི་འཆད་པ་པོ་རྣམས་ཀྱི་རྟོགས་པའི་གོ་རིམ་འཆད་པ་ན། དེ་ལྟར་བཤད་པ་ཡང་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་ནི། དེ་བཞིན་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་གིས་བསྟན་ལ། དེ་ཡང་དགེ་བར་བཤད་དགོས་པ་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཅེས་དང༌། བསྟན་བཅོས་སུའང༌། དགེ་དང་རྣམ་པར་དག་པའི་ཕྱིར། །ཞེས་གསུངས་པ་དང༌། རྒྱུད་བླ་མ་ལྟར་ན། སྙིང་པོ་དེ་ནི་གཙང་བདེ་རྟག་བདག་དང༌། རྟག་བརྟན་ཞི་བ་གཡུང་དྲུང་དུ་ཁས་ལེན་དགོས་པ་ཡིན་ལ། དེ་དང༌། བསྟན་བཅོས་འདིར་ནི། དེས་ན་སངས་རྒྱས་བསྟན་པ་ལ། །གུས་པར་བྱེད་ན་ཆོས་ཀྱི་དབྱིངས། །ཡོད་མེད་གཉིས་ཀར་མ་འཛིན་ཅིག །ཅེས་ཡོད་པ་ཙམ་དུའང་ཁས་ལེན་དུ་མི་རུང་བ་གཉིས་བཤད་པ་མི་མཐུན་པ་དང༌། ཐེག་བསྡུས་ལས། ཅིའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་གྲུབ་བོ། །རྣམ་པར་དག་པའི་དམིགས་པ་ཡིན་པ་དང༌། དགེ་བའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། མཆོག་གི་དོན་གྱིས་ཡོངས་སུ་གྲུབ་པ་ཞེས་བྱའོ། །ཞེས་གསུངས་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །ཞེས་འདུས་མ་བྱས་ཀྱི་དགེ་བ་ཐོབ་བྱར་བཤད་པ་དང༌། དབྱིག་གཉེན་ཞབས་ཀྱི་སྐུ་གསུམ་ལ་བསྟོད་པ་ལས། རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །སྟོན་པའི་དམ་ཆོས་ལ། །གུས་པས་ཕྱག་འཚལ་ལོ། །ཞེས་དང༌། ཐེག་པ་ཐུན་མོང་གི་གཞུང་མཐའ་དག་ཏུ། མྱ་ངན་ལས་འདས་པ་ཆོས་དཀོན་མཆོག་ཏུ་བཤད་པ་དང༌། རྒྱུད་བླའི་བསྟན་བཅོས་སོགས་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་རྣམས་སུ། དོན་དམ་པའི་དཀོན་མཆོག་གསུམ་ཀ་ཡང་ཆོས་དབྱིངས་ཀྱི་ཆ་ནས་བཤད་ལ། ཆོས་དཀོན་མཆོག་ལ་ནི་དགེ་བས་ཁྱབ་པ་ཡིན་ཏེ། མདོ་ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། ཐ་མར་དགེ་བ། བར་དུ་དགེ་བ། ཞེས་གསུངས་པ་དང༌། མཛོད་དུ། དམ་པ་དམ་མིན་འཇུག་མི་འཇུག །ཅེས་པའི་འགྲེལ་པར། དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང༌། དམ་པ་མ་ཡིན་པ་མི་དགེ་བ་ལ་མི་འཇུག་པས་ན། སྐྱེས་བུ་དམ་པ་ཞེས་བྱའོ། །ཞེས་གསུངས་པ་དང༌། རང་བཞིན་ཤེས་ཕྱིན་ཞེས་བྱ་བའི་མིང་ཅན། ཆོས་ཀྱི་དབྱིངས་སུ་གྱུར་པ་དེ་ཡང་དགེ་བར་མི་འཆད་ན། ཤེས་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པ་དང༌། བསྟོད་པ་གཉིས་ཀ་ལས། འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་གང་ལགས་དེ་ཀུན་གྱི། །ཡུམ་ནི་དགེ་མ་ཁྱོད་ལགས་ཏེ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་མེད་པའི་རང་བཞིན་ཅན། །སངས་རྒྱས་ཡུམ་གྱུར་དེ་ཡི་མཚན། །དགེ་བ་བདག་གིས་བརྗོད་པར་བགྱི། །ཞེས་གསུངས་སོ། །གལ་ཏེ་དེ་ཐམས་ཅད་ཀྱང༌། སྡིག་པ་མེད་ཙམ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། འོན་ཀྱང་སྡུག་བསྔལ་མེད་ཙམ་ལ། །བདེ་བ་ཡིན་ཞེས་ཀུན་ལ་གྲགས། །དེ་བཞིན་ཆོས་ཀྱི་དབྱིངས་ལ་ཡང༌། སྡིག་པ་མེད་པ་ཙམ་ཞིག་ལས། །ལྷག་པའི་དགེ་བ་མེད་མོད་ཀྱི། །དགེ་བ་ཡིན་ཞེས་བཏགས་པར་ཟད། །ཅེས་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། འདིར་རང་སྟོང་གི་ཚུལ་ཁས་བླངས་ནས། ཆོས་མངོན་པ་ལས་དེ་བཞིན་ཉིད་དགེ་བར་གསུངས་པའི་དགོངས་པ་བཤད་པ་ཡིན་གྱི། ཆོས་མངོན་པ་རང་ལུགས་ལ། དེ་བཞིན་ཉིད་དགེ་བ་བཏགས་པ་བར་འཆད་པའི་རྒྱུ་མཚན་སྟོན་པ་མ་ཡིན་ཏེ། དེ་ལས་གཞན་དུ་ན། ཆོས་མངོན་པ་དེ་ཉིད་དུ། མ་སྒྲིབས་ལ་ལུང་དུ་མ་སྟན་པ་དག་ཀྱང་དོན་དམ་པའི་དགེ་བ་ཉིད་དུ་འདོགས་རིགས་པར་འགྱུར་ཏེ། རྒྱུ་མཚན་དེ་ཚང་བའི་ཕྱིར་རོ། །དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། སོ་སོར་བརྟགས་འགོག་དང༌། བརྟགས་མིན་གྱི་འགོག་པ་གཉིས་ལ། དོན་དམ་པའི་དགེ་བ་དང༌། དོན་དམ་པའི་ལུང་མ་བསྟན་དུ་བཤད་པའི་ཁྱད་པར་གྱིས་སོ། །དེ་བས་ན། སྡིག་པ་མེད་ཙམ་གྱི་དགེ་བའི་ཁྱད་པར་ནི། མ་སྒྲིབས་ལུང་མ་བསྟན་གྱི་ཕྱོགས་ལ་འབྱོར་པ་ཡིན་ཏེ། མཛོད་འགྲེལ་དུ། བསྟན་བཅོས་ཡེ་ཤེས་ལ་འཇུག་པའི་ལུང་དྲངས་པ་ལས། ཆོས་དཀར་པོ་རྣམས་གང་ཞེ་ན། དགེ་བའི་ཆོས་རྣམས་དང༌། མ་སྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དགེ་བའི་མིང་གིས་འདོགས་པའི་ཆོས་གསུམ་ནི་བརྟགས་མིན་གྱི་འགོག་པ་ལ་ཚང་བ་ཡིན་གྱི། བརྟགས་འགོག་ལ་ཚང་བའི་ཚུལ་འཆད་ཐབས་མེད་དོ། །གལ་ཏེ་འོ་ན། ཆོས་མངོན་པའི་རང་ལུགས་ལ། དོན་དམ་པའི་དགེ་བས་དགེ་བའི་གོ་ཆོད་ན། དོན་དམ་པའི་མི་དགེ་བས་ཀྱང་མི་དགེ་བའི་གོ་ཆོད་པར་འགྱུར། དེ་ཡང་དེ་ལྟ་ན། ཟག་བཅས་ཀྱི་དགེ་བ་རྣམས་རྣམ་སྨིན་སྡུག་བསྔལ་སྐྱེད་བྱེད་དུ་ཐལ་བར་འགྱུར་རོ། །ཞེ་ན། མཚུངས་པ་མ་ཡིན་ཏེ། དཔེར་ན། རྗེས་སུ་འབྲེལ་བའི་ལུང་མ་བསྟན་གྱིས་ལུང་མ་བསྟན་གྱི་གོ་ཆོད་ཀྱང༌། རྗེས་སུ་འབྲེལ་བའི་དགེ་མི་དགེས་དེའི་གོ་མི་ཆོད་པར། ཁྱེད་རང་ཅག་ཐམས་ཅད་ཀྱིས་མཐུན་པར་འདོད་པ་བཞིན་ནོ། །ཞེས་པ་ཚིག་གི་ཤེས་བྱེད་དང་དོན་གྱི་ཤེས་བྱེད་ཀྱང༌། མངོན་པ་འོག་མ་ལྟར་ན། བྲལ་བའི་འབྲས་བུས་དགེ་བའི་གོ་ཆོད་ལ། རྣམ་སྨིན་གྱི་འབྲས་བུས་མི་དགེ་བའི་གོ་མི་ཆོད་པ་དང༌། མངོན་པ་གོང་མ་ལྟར་ན། དོན་དམ་པའི་བདེ་བས་བདེ་བའི་གོ་ཆོད་ཀྱང༌། དོན་དམ་པའི་སྡུག་བསྔལ་གྱིས་སྡུག་བསྔལ་གྱི་གོ་མི་ཆོད་པ་བཞིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། ཆོས་དབྱིངས་ངོ་བོ་བདག་མེད་མ། །ཞེས་པ་ནི་མཚོན་བྱེད་ཀྱི་དཔེ་ཙམ་ཡིན་ལ། དེས་མཚོན་པའི་དོན་ནི། སྔགས་ཀྱི་ཐེག་པ་ལྟར་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་ཡིན་པ་དེ། ཆོས་དབྱིངས་སུ་མི་འདོད་པའམ། དགེ་བར་མི་འདོད་པ་གང་རུང་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་ཡང་ཧ་ཅང་ཐལ་བར་འགྱུར་བ་དང༌། ཡེ་ཤེས་ཀྱི་ཚོགས་སོག་པའི་ཚེ་ན། སྭ་བྷཱ་ཝའི་སྔགས་ཀྱིས། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས། ཤཱུ་ནྱ་ཏའི་སྔགས་ཀྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེར་ང་རྒྱལ་སྐྱེད་ནས། སྟོང་པ་ཉིད་ཀྱི་ཡེ་ཤེས་དེས་བསྒྲུབས་པའི་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་དགེ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ལྟར་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ། ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཅེས་བྱ་བ་གསུམ་དུ་ཕྱེ་ནས་འཆད་པ་དེ་ནི། ཤེས་ཕྱིན་གྱི་མདོའི་བྱམས་ཞུས་ཀྱི་ལེའུ་དང༌། རྗེ་བཙུན་བྱམས་པའི་གཞུང་རྗེས་འབྲང་དང་བཅས་པ་དག་གི་བཤད་པའི་སྲོལ་ཆེན་པོ་ལས་བྱུང་བ་ཡིན་ནོ། །ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། འོ་ན་ཆོས་ཉིད་ཀྱི་སྟོབས་སོགས་ཡོན་ཏན་རྣམས་ཀྱིས་དེ་དང་དེའི་གོ་མི་ཆོད་པར་འགྱུར་ཏེ། ཆོས་ཉིད་ཀྱི་དགེ་བས་དེའི་གོ་མི་ཆོད་པའི་ཕྱིར་རོ། །འདོད་ན་ཀུན་བཏགས་པ་དང༌། རྣམ་པར་བརྟགས་པའི་སྟོབས་སོགས་ཀྱིས་དེའི་གོ་ཆོད་པར་འགྱུར་ལ། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ཀྱང༌། ཀུན་བཏགས་པ་ཞེས་བྱ་བ་ནི་ཚད་མས་མ་གྲུབ་པའི་དོན་ཞིག་ལ་འཆད་ལ། རྣམ་པར་བརྟགས་པ་ཞེས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་འཆད་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པའི་ཚེ། རྣམ་པར་བརྟགས་པའི་དབང་དུ་བྱས་པའི་ཆོས་རྣམས་དབང་རྩན་པར་བྱས་ནས་འཇོག་པ་ཡིན་ལ། རྣམ་བྱང་གི་ཆོས་རྣམས་འཇོག་པའི་ཚེ། ཆོས་ཉིད་ཀྱི་དབང་དུ་བྱས་པའི་ཆོས་རྣམས་དབང་རྩན་པར་བྱས་ནས་གཞག་དགོས་པའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ལ། སྤྱིར་བཤད་པ་དང༌། གཞུང་དང་སྦྱར་བའོ། །དང་པོ་ལ་ཆོས་དབྱིངས་ཀྱི་ངོས་འཛིན་ཚུལ་ལ་གཞན་སྟོང་དུ་སྨྲ་བ་དང༌། རང་སྟོང་དུ་སྨྲ་བའི་ཤིང་རྟའི་སྲོལ་གཉིས་ཀྱི་དབྱེ་བས་མི་འདྲ་བ་གཉིས་བཤད་པ་ཡིན་ཏེ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་འཇུག་པ་དེ་ལ་དེའི་ངོས་འཛིན་དུ་བྱེད་པ་གཞན་སྟོང་སྨྲ་བའི་ལུགས་དང༌། སྤྲོས་པའི་ཚོགས་མཐའ་དག་བཀག་ཙམ་གྱི་མེད་པར་དགག་པ་ལ་རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚེ་ན། ཆོས་དབྱིངས་ཞེས་བྱ་བའི་མིང་འདོགས་པའོ། །དེ་ཡང་ལུགས་དང་པོས་ནི། ཆོས་དབྱིངས་ཀྱི་ངོ་བོ་ཞེས་པ་དང་དངོས་པོར་ཁས་ལེན་ཞིང༌། ཡང་རང་གི་ངོ་བོ་གཞན་དུ་འགྱུར་པ་མེད་པས་རྟག་པ་དང༌། རིགས་འདྲའི་རྒྱུན་སྔར་མེད་གསར་དུ་བྱུང་བ་མ་ཡིན་པ་དང༌། ལས་དང་ཉོན་མོངས་པས་འདུས་མ་བྱས་པས་ན། འདུས་མ་བྱས་སུ་ཁས་ལེན་ཀྱང༌། དགེ་བར་ཁས་ལེན་པ་ཡིན་ཏེ། གོང་དུ་བཤད་པའི་ལུང་དང་རིགས་པ་དེ་དག་ནི། གཞན་སྟོང་གི་འཆད་ཚུལ་ལས་བརྩམས་པའི་ཆོས་དབྱིངས་ངོས་འཛིན་པའི་ཚུལ་དེ་ཉིད་གཞིར་གཞག་ནས་དགེ་བར་བཤད་པ་ཡིན་པས་སོ། །དེ་ལྟ་ནའང་བསྔོ་རྒྱུའི་དགེ་བར་ནི་བཞེད་པ་མ་ཡིན་ཏེ། རང་གི་ངོ་བོ་གཞན་དུ་འགྱུར་བ་མེད་པར་བཞེད་པའི་ཕྱིར། ལུགས་གཉིས་པ་ལྟར་ན། དེ་ལྟ་བུའི་ཆོས་དབྱིངས་དེ་བསྔོ་རྒྱུ་ཡིན་པ་ལྟ་ཞོག དགེ་བ་ཙམ་དུ་ཡང་མི་རུང་སྟེ། དགེ་མི་དགེ་ལ་སོགས་པའི་སྤྲོས་པའི་མཐའ་གང་རུང་གཅིག་ཡིན་ན། ཆོས་ཀྱི་དབྱིངས་སུ་འགལ་བའི་ཕྱིར་རོ། །དེ་ལྟར་ལུགས་གཉིས་ཀྱི་ནང་ནས། བསྟན་བཅོས་འདིར་རང་ལུགས་ཀྱི་ཆོས་དབྱིངས་ངོས་འཛིན་པའི་ཚུལ་ནི་ལུགས་ཕྱི་མ་དང་མཐུན་ལ། གཞན་སྟོང་གི་ཚུལ་གྱི་ལུང་འགའ་ཞིག་དྲངས་པ་དེ་ནི། ཆོས་དབྱིངས་དགེ་བ་མ་ཡིན་པའི་ཤེས་བྱེད་དུ་དྲངས་པ་མ་ཡིན་གྱི། ཆོས་དབྱིངས་བསྔོ་བས་གཞན་དུ་མི་འགྱུར་བའི་ལུང་དུ་དྲངས་པ་ཡིན་ནོ། །དགེ་བ་ལ་བསྔོ་རྒྱུའི་དགེ་བས་ཁྱབ་པ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་སའི་ཡོན་ཏན་བཞིན་ནོ། །གཉིས་པ་ལ་ཕྱོགས་སྔ་མ་དང༌། དེ་སུན་འབྱིན་པའི་ཚུལ་ལོ། །དང་པོ་ནི། དགོངས་གཅིག་གི་བཞེད་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཡིན་ལ། དེ་དང་ཕྱག་རྒྱ་ཆེན་པོ་དོན་གཅིག་ཅིང༌། དེ་ཡང༌། མཚན་དང་དཔེ་བྱད་དང་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཞུགས་པ་ཞིག་ཡིན་ཞིང༌། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཡང་ཡིན་ལ། དེ་ཉིད་ལ་ཡོད་པའི་དགེ་བ་ཞེས་བྱ་ཞིང༌། དེ་ཉིད་བྱང་ཆུབ་ཏུ་བསྔོ་དགོས་པ་ཡིན་ཏེ། དེའི་ཤེས་བྱེད་ཀྱི་ལུང་དང༌། རིགས་པ་གཉིས་ལས། དང་པོ་ནི། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བཅུ་པ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །ཞེས་སོགས་གསུངས་པ་དང༌། གཞན་ཡང་ཇི་སྐད་དུ། དཔེར་ན་ཤེལ་དང་མེ་ཤེལ་དག །དག་པ་ཡི་ནི་མཚན་ཉིད་ཅན། །ཉི་མའི་ཟེར་གྱིས་ཕོག་པ་ན། །དེ་དག་རང་གི་འོད་ཟེར་འབྱིན། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང༌། །བདེ་གཤེགས་སྙིང་པོ་ཁམས་དགེ་བ། །ཟག་མེད་ཡོན་ཏན་ལྡན་པ་དེ། །བསྔོས་ན་འབྲས་བུ་སྨིན་པར་འགྱུར། །ཞེས་དང༌། ཐབས་མཁས་པའི་དྲིས་ལན་གསེར་ཞུན་མ་ལས། རྒྱ་མཚོ་ལྟ་བུའི་ཁམས་དགེ་བ། །བྱ་བསགས་གཉེར་མའི་རླབས་ཆེན་གྱིས། །སྤུད་པ་ལྟ་བུའི་དགེ་བ་འདི། །བླ་ན་མེད་པའི་བྱང་ཆུབ་བསྔོ། །ཞེས་གསུངས་སོ། །རིགས་པ་ནི། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་པས་འཁྲུལ་པའི་དྲི་མ་སྦྱོང་བ་ལ་ལྟོས་ཏེ། གནས་གྱུར་གྱི་རྒྱུ་འབྲས་ཡིན་པ་ལ་འགལ་བ་མེད་དོ། །ཞེས་དང༌། ཡང་དགོངས་གཅིག་ལས། ཕྱག་རྒྱ་ཆེན་པོ་ནི་གཞི་ལམ་འབྲས་བུ་ཐམས་ཅད་དུ། སྐྱོན་བསལ་རྒྱུ་མེད། ཡོན་ཏན་གཞག་རྒྱུ་མེད་པར། ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་ཏེ། རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་གསུངས་སོ། །ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གཉིས་པ་ལ་དོན་ཚན་གསུམ་སྟེ། རྒྱུ་ལ་འབྲས་བུ་གནས་པ་འགོག་པ་ནི། འོན་ཀྱང་མདོ་སྡེ་འགའ་ཞིག་དང༌། །ཞེས་སོགས་ཀྱིས་འཆད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་འགྱུར་མེད་ཡིན་པའི་རྒྱུ་མཚན་གྱིས། བསྔོ་རྒྱུར་མི་འཐད་པ་ནི། བདེ་གཤེགས་སྙིང་པོ་ཞེས་བྱ་བ། །ཆོས་དབྱིངས་འགྱུར་མེད་ཉིད་ལ་གསུངས། །ཞེས་པས་འཆད་དོ། །ཕྱག་རྒྱ་ཆེན་པོ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དོན་གཅིག་ན། ཕྱོགས་སྔ་མས་དེ་གཉིས་ཀ་རང་སྟོང་གི་འཆད་ཚུལ་གྱི་སྟོང་པ་ཉིད་དེར་འཆད་ཀྱིན་འདུག་པས། དེ་ནི་དགེ་བ་ཙམ་དུ་ཡང་མི་རུང་ངོ༌། །ཞེས་འཆད་པ་ནི། དབུ་མའི་གཞུང་ལུགས་ཀྱི་ལུང་དྲངས་པ་རྣམས་སོ། །དེ་ལ་འདི་སྙམ་དུ། སྡེ་བདུན་མཛད་པའི་གཞུང་ལུགས་ལས་ནི། ཆོས་དབྱིངས་ཀྱི་འཇོག་ཚུལ་གཞན་སྟོང་གི་ལུགས་དང༌། དེ་ཡང་བདེན་གྲུབ་ཏུ་ཁས་བླངས་པས། མི་རྟག་པ་ཉིད་དུ་ཐལ་བ་མ་ཡིན་ནམ་ཞེ་ན། དེར་ཐལ་བ་ནི་འདོད་པ་ཡིན་ལ། དེ་ལྟ་ནའང༌། རྟག་པར་འཆད་པ་དང་འགལ་བ་མ་ཡིན་ཏེ། གཞན་སྟོང་གི་ཚུལ་གྱི་གཞུང་ལུགས་ལས། རྒྱུན་གྱི་རྟག་པས་རྟག་པར་འཇོག་པ་དང༌། སྐད་ཅིག་གི་མི་རྟག་པས་མི་རྟག་པར་འཆད་པ་གཉིས་ལ་འགལ་བ་ཡོད་པ་མ་ཡིན་པའི་ཕྱིར། དཔེར་ན། རྒྱུད་བླ་མར་སྐུ་གསུམ་རྟག་པར་བཤད་པ་བཞིན་ནོ། །འདུས་བྱས་དང་འདུས་མ་བྱས་ཀྱི་འཇོག་མཚམས་ལ་ཡང་གཉིས་གཉིས་ཏེ། རྒྱས་པར་གཞན་དུ་བལྟའོ། །དེ་ལྟ་ནའང༌། ཆོས་དབྱིངས་ཡོད་པ་མ་ཡིན་ཏེ། །ཞེས་སོགས་གསུངས་པ་ནི། ཆོས་དབྱིངས་དང་ཕྱག་རྒྱ་ཆེན་པོ་དོན་གཅིག་ཏུ་བཤད་ནས་ཡོད་པའི་དགེ་བར་འཆད་པ་དེ་འགོག་པའི་དབང་དུ་བྱས་པ་ཡིན་པས། རང་སྟོང་གི་ཚུལ་ལོ། །དེ་ལྟར་འཆད་མ་ཤེས་ན། དྲི་བ་འདི་ལྟ་བུ་ཞིག་ཀྱང་འཇུག་སྟེ། འོ་ན་ཆོས་དབྱིངས་ཡེ་ཤེས་ཀྱང༌། །ཡོད་པ་མིན་ནམ་རྟག་པར་འདོད། །གང་དུ་འདོད་ཀྱང་ཡེ་ཤེས་ཉམས། །ཡོད་ན་མི་རྟག་པར་ཐལ་ལོ། །ལ་ལ་ཆོས་དབྱིངས་ཡེ་ཤེས་ནི། །མཚན་ཉིད་ཐེག་པར་མ་བཤད་ཟེར། །འཕགས་པ་སངས་རྒྱས་ས་དང་ནི། །རྗེ་བཙུན་ཆེན་པོའི་གཞུང་དང་འགལ། །ཆོས་དབྱིངས་ཡེ་ཤེས་དོན་དམ་པའི། །བདེན་པར་འདོད་པ་དེ་སྲིད་དུ། །ཡོད་པ་ཉིད་དང་མི་རྟག་པར། །ཁས་བླངས་པ་ལ་འགལ་བ་མེད། །ཆོས་དབྱིངས་ཡོད་པ་མིན་ཞེས་པ། །ཐ་མར་སྤྲོས་པ་ཀུན་བཟློག་པའི། །དབང་དུ་བྱས་ནས་བཤད་པ་ཡིན། །ཞེས་པས་དོགས་པ་དེ་ལྡོག་འགྱུར། །ཞེས་པའོ།། །།དྲི་བ་བཅུ་གསུམ་པ་ནི། ཡོད་པ་ཉིད་ལ་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པས་གསུངས། །ཡོད་པ་ཙམ་ལ་དེས་ཁྱབ་པར། །རིགས་པའི་གཞུང་ལུགས་གང་གིས་སྟོན། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་དགོས་པའི་རྒྱུ་མཚན་ནི། ཡོད་ཙམ་དང་ཡོད་པ་ཉིད་ལ་ཁྱད་པར་དབྱེ་དགོས་ཤིང༌། མ་ཕྱེ་ན་སྐྱོན་ཡོད་པ་ལས། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་ཇི་སྙེད་པ་དག་གིས་ནི། དེའི་ཁྱད་པར་དབྱེ་ནས་འཆད་པ་མ་མཐོང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་སྐྱོན་ཡོད་པ་ནི་གཉིས་ཏེ། གཉིས་པོའི་ཁྱད་པར་མ་ཕྱེད་པའི་སྐྱོན་དང༌། རྣམ་འགྲེལ་མཛད་པ་རང་ལུགས་ཀྱི་ཆོས་དབྱིངས་ངོས་མི་ཟིན་པའི་ཉེས་པའོ། །དང་པོ་ནི། སྤྱིར་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། ཉིད་ཅེས་བྱ་བའི་སྒྲ་ནི་ངེས་བཟུང་གི་དོན་ལ་འཇུག་པ་དང༌། དངོས་པོའི་རྐྱེན་དུ་སྦྱར་བ་གཉིས་ཡོད་པ་ལས། དེ་གང་གི་དབང་དུ་བྱས་པ་ནི་སྐབས་སྟོབས་ཀྱི་དབང་གིས་ཤེས་དགོས་ལ། དེ་ཡང་དངོས་པོའི་རྐྱེན་དུ་བྱས་པ་དེའི་ཚེ། དངོས་པོར་གྲུབ་པ་ཁོ་ན་ལ་ངོས་འཛིན་པ་ནི། བདེན་གྲུབ་ཀྱི་དངོས་པོ་ཁས་ལེན་པའི་གཞུང་ལུགས་དག་གི་སྤྱི་ལུགས་ཡིན་པའི་ཕྱིར། དཔེར་ན། དེ་བཞིན་ཉིད་དང༌། ངོ་བོ་ཉིད་དང༌། ཆོས་ཉིད་དང༌། སྟོང་པ་ཉིད་དང༌། རང་གི་མཚན་ཉིད་ལ་སོགས་པ་བཞིན་ནོ། །འོ་ན་སྤྱིའི་མཚན་ཉིད་ཀྱང་དེ་ལྟར་འདོད་དམ་ཞེ་ན། སྤྱིའི་མཚན་ཉིད་ལ་གཉིས་ཏེ། དངོས་པོའི་དབང་དུ་བྱས་པ་དང༌། ལྡོག་པ་གཞན་སེལ་གྱི་དབང་དུ་བྱས་པའོ། །དང་པོ་ནི། འདུས་བྱས་སྤྱིའི་མཚན་ཉིད་དུ་མི་རྟག་པ་གཞག་པ་ལྟ་བུ་ཡིན་ལ། དེ་ལ་ནི་དེས་ཁྱབ་པ་ཡིན་ནོ། །གཉིས་པ་ནི། ཤེས་བྱ་དང་གཞལ་བྱ་ལ་སོགས་པ་ལྟ་བུ། རྟོག་པའི་ངོར་ཡོད་པ་ལྟ་བུར་སྣང་བ་རྣམས་ཏེ། དེ་དག་ནི་སེལ་ངོར་དངོས་པོ་ཡིན་ཀྱང་སྤྱིར་མ་ཡིན་པས། དངོས་པོའི་རྐྱེན་མཚན་ཉིད་པར་མི་རུང་ངོ༌། །དེའི་ཕྱིར་ཡོད་པ་ཞེས་བྱ་བའི་སྒྲ་འཇུག་པ་ནི་གཉིས་ཏེ། ཡོད་པ་ཙམ་ཞེས་བྱ་བ་དང༌། ཡོད་པ་ཉིད་ཅེས་བྱ་བའོ། །དང་པོ་ནི་སེལ་ངོར་ཡོད་པ་དང༌། གཉིས་པ་ནི་སྣང་ངོར་ཡོད་པའོ། །དེ་ལས་གཞན་དུ། ཡོད་པ་ཙམ་ལ་མི་རྟག་པས་ཁྱབ་པ་དེ་ལྟ་ན། གཙོ་བོའི་སྒྲ་དོན་ཆོས་ཅན། མི་རྟག་པར་ཐལ། ཡོད་པ་ཙམ་ཡིན་པའི་ཕྱིར། ཞེས་འཕངས་ན། རྣམ་འགྲེལ་མཛད་པས་ཟློག་ཏུ་མེད་པའི་ཐལ་བར་འགྱུར་ཏེ། འཁོར་གསུམ་ཚང་བའི་ཐལ་འགྱུར་དུ་སོང་བའི་ཕྱིར། རྟགས་ཇི་ལྟར་ཁས་བླངས་པ་ནི། ཇི་སྐད་དུ། དེ་འདྲ་བ་ཡང་བཀག་པ་མེད། །ཅེས་གསུངས་པ་དང༌། མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་གསུངས་པས་སོ། །འདི་ཡང་སེལ་ངོར་མེད་པ་མ་ཡིན་ཞེས་པའི་དོན་སྟེ། སྣང་ངོར་ཡོད་ན་མི་རྟག་དགོས་པས་སོ། །འོ་ན་རྣམ་འགྲེལ་མཛད་པས། གཙོ་བོའི་སྒྲ་དོན་ཡོད་ཙམ་དུ་ཁས་ལེན་པའི་ཤེས་བྱེད་གང་ཡིན། ཡོད་ཙམ་དང་ཡོད་པ་ལ་ཁྱད་པར་མེད་ན་ནི། ཚད་མ་རིགས་པའི་གཏེར་ལས། དངོས་མེད་ཡོད་པ་མ་ཡིན་པར་བཤད་པ་དང་འགལ། ཁྱད་པར་ཡོད་ན་ནི། ཡོད་པ་ལ་མི་རྟག་པས་ཁྱབ་པར་སོང་བས། ཉིད་ཅེས་དངོས་པོའི་རྐྱེན་དུ་བྱས་པ་ལ་དགོས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེ་ན། བརྟག་པ་ཕྱི་མ་ལྟར་ཁས་ལེན་པས། དེ་ལ་དེས་ཁྱབ་པ་ཡིན་ལ། དེ་ལྟ་ན་ཡང་ཉིད་ཅེས་བྱ་བ་ནི་ཡོད་ཙམ་ལས་ལོགས་སུ་དགར་བའི་ཕྱིར་དུའོ། །དང་པོའི་ཤེས་བྱེད་ནི། གྲངས་ཅན་གྱིས་གཙོ་བོའི་སྒྲ་དོན་ཡོད་པའི་སྒྲུབ་བྱེད་བཀོད་པ་ན། སངས་རྒྱས་པས་ཡོད་ཙམ་བསྒྲུབ་བྱར་བྱེད་ན། གྲུབ་ཟིན་པའི་སྐྱོན་ཡོད། ཡོད་ཉིད་བསྒྲུབ་བྱར་བྱེད་ན། སྒྲུབ་བྱེད་གང་གིས་ཀྱང་སྒྲུབ་མི་ནུས་པའི་སྐྱོན་ཡོད་དོ། །ཞེས་བརྟགས་པ་ལས་དང༌། སངས་རྒྱས་པས་ཀྱང༌། གྲངས་ཅན་གྱི་ངོར་གཙོ་བོ་ཡོད་པ་མ་ཡིན་པར་བསྒྲུབས་པ་དེའི་ཚེ། དངོས་པོའི་ཉེར་ལེན་དུ་མེད་པ་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་སོང་ངོ༌། །ཞེས་བཤད་པ་ལས་ཤེས་སོ། །གལ་ཏེ། རྣམ་པར་ངེས་པ་ལས། ཡོད་པ་ཙམ་ལ་རྟེན་ན་ཡང་སྒྲུབ་པར་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཉིད་ནི་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །ཞེས་དང༌། དངོས་པོ་ཙམ་ནི་སྒྲུབ་པ་ན། །ཞེས། ཡོད་ཙམ་དང༌། དངོས་པོ་ཙམ་གཏན་ཚིགས་སུ་འགོད་པར་བཤད་པ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། ཙམ་ཞེས་པ། དེ་དང་དེའི་རང་ལྡོག་རྟགས་སུ་འགོད་པའི་དོན་ཡིན་པས་སོ། །དེ་བཞིན་དུ་དངོས་པོ་ཙམ་དང༌། དངོས་པོ་ཉིད་ལ་ཁྱད་པར་དབྱེ་དགོས་པ་ཡིན་ཏེ། དངོས་པོ་དང་བུམ་པ་སོགས་ཙམ་པོ་ནི་རང་གི་གསལ་བ་མཐའ་དག་ལ་ཁྱབ་བྱེད་དུ་འཇུག་པའི་གཞན་སེལ་ཞིག་ལ་འཆད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་པར་ངེས་པ་ལས། དངོས་པོའི་ཁྱད་པར་ཙམ་ཞིག་ནི། །སྤྱི་ཡི་ཆོས་ཅན་ལ་སྒྲུབ་ན། །དོན་འགའ་ཞིག་ཀྱང་འགྲུབ་མི་འགྱུར། །དེ་འདྲ་བ་ནི་བཀག་པ་མེད། །ཅེས་དང༌། ཆོས་འགའ་ཞིག་ཡོད་དོ་ཞེས་དངོས་པོ་ཙམ་གྱི་ཁྱད་པར་སྒྲུབ་པའི་རང་བཞིན་གྱི་ཁྱད་པར་མ་སྟན་པ་འགའ་ཞིག་ཡོད་པ་ཙམ་ལ་འགལ་བ་མེད་པའི་ཕྱིར། འདིར་ཡོད་པའི་སྒྲུབ་བྱེད་འགོག་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟར་ཡོད་དོ་ཞེས་ཁྱད་པར་འགའ་ལ་ཡང་མ་རེག་པ་སྨྲས་པས་རང་གི་དོན་ཅི་ཞིག་རྒྱས་པར་འགྱུར། ཞེས་གསུངས་སོ། །ཇི་སྐད་དུ། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། །ཞེས་དང༌། རང་བཞིན་ཡོད་ཙམ་དང༌། འབྲེལ་པ་ཅན་གྱི་ངོ་བོ་ཡང༌། ཞེས་པས། ཡོད་ཙམ་ལ་མི་རྟག་པས་ཁྱབ་པར་བསྟན་ཏོ་སྙམ་ན་ནི། འབྲེལ་ཡུལ་དང་འབྲེལ་པོ་གོ་ཟློག་པའི་བཤད་པ་སྔོན་མ་བྱོན་པ་ཁ་ཅིག་དུས་འདིར་བྱུང་བའོ། །གཉིས་པ་ནི། ཡོད་པ་ལ་མི་རྟག་པས་ཁྱབ་པའི་རྒྱུ་མཚན་གྱིས། ཆོས་དབྱིངས་ཡོད་པ་མ་ཡིན་པ་དེ་རྣམ་འགྲེལ་མཛད་པའི་རང་ལུགས་སོ། །སྙམ་དུ་དོགས་པ་དག་སྣང་ངོ༌། །དེ་ལྟར་ཁས་བླངས་ན། སྤྱིར་བྱམས་པའི་ཆོས་ཕྱི་མ་བཞི་རྗེས་འབྲང་དང་བཅས་པ་དང༌། བྱེ་བྲག་ཏུ་རྣམ་འགྲེལ་མཛད་པ་རང་ལུགས་ཀྱི་ཆོས་ཀྱི་དབྱིངས་ངོས་མ་ཟིན་པར་འགྱུར་ཏེ། གཞུང་དེ་དང་དེ་དག་ཏུ་ནི། ཆོས་དབྱིངས་ཀྱི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་པ་ཤ་སྟག་ཏུ་སྣང་བའི་ཕྱིར་རོ། །དེའི་ཕྱིར་མི་རྟག་པར་ཡང་ཁས་ལེན་དགོས་པ་ཡིན་ཏེ། དངོས་པོ་ཡིན་པས་སྐད་ཅིག་གིས་འཇིག་པར་ཁས་ལེན་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། སྐབས་གཞན་དུ་རྟག་པར་བཤད་པ་དང་མི་འགལ་ཏེ། རྒྱུན་གྱི་རྟག་པ་ལ་བསམས་ནས་དེ་ལྟར་འཆད་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཡང་བརྗོད་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །འོ་ན་ཆོས་དབྱིངས་དངོས་པོར་ཁས་བླངས་པ་དེའི་ཚེ་འདུས་བྱས་སུ་ཐལ་བར་འགྱུར་ལ། དེ་ལྟ་ན། གཞུང་འདིས་གང་བཀག་པ་ཐམས་ཅད་ཁས་ལེན་དགོས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། སྤྱིར་གསུང་རབས་སུ་འདུས་བྱས་དང་འདུས་མ་བྱས་ཀྱི་འཇོག་མཚམས་གསུམ་གསུངས་པ་ལས། སྐྱེ་འཇིག་གནས་པ་གསུམ་དང་བཅས་པས་དེར་གཞག་པ་དེའི་ཚེ་ནི། འདུས་བྱས་སུ་ཐལ་བ་འདོད་པ་ཡིན་ལ། ལས་དང་ཉོན་མོངས་པའམ། མ་རིག་བག་ཆགས་ཀྱིས་སོགས་ཀྱིས་འདུས་བྱས་པ་ཡིན་མིན་དང༌། རང་གི་ངོ་བོ་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་ཡིན་མིན་གྱི་སྒོ་ནས་དེ་དང་དེར་གཞག་པ་དེའི་ཚེ་ནི། འདུས་མ་བྱས་པར་གཞག་དགོས་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར། འདུས་བྱས་མ་ཡིན་ནོ། །ཞེས་དང༌། དངོས་པོ་ཉིད་ཀྱི་ཕྱིར། འདུས་མ་བྱས་ཀྱང་མ་ཡིན་ནོ། །ཞེས་སོགས་རྒྱས་པར་གསུངས་པ་དང༌། མདོ་ལས། འདུས་བྱས་ཐམས་ཅད་སླུ་བའི་ཆོས་ཅན་དུ་གསུངས་པ་ཡང༌། འཇོག་ཚུལ་ཕྱི་མ་ལ་དགོངས་པ་ཡིན་ཏེ། གཞན་དུ་ན། དོན་དམ་པ་ཆོས་ཀྱི་སྐུ་ཡང་སླུ་བའི་ཆོས་ཅན་དུ་ཐལ་བས་སོ། །ཆོས་དབྱིངས་ཀྱི་ངོས་འཛིན་ཚུལ་དེ་འདྲ་དེ་ནི་དངོས་པོར་སྨྲ་བ་ཁོ་ནའི་ལུགས་སོ། །སྙམ་དུ་བསམ་པར་མི་བྱ་སྟེ། ཐེག་པ་ཀུན་གྱི་རྩེ་མོ་ལས་ཀྱང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དང༌། མཆོག་གི་དང་པོའི་སྐྱེས་བུ་དང༌། རང་བཞིན་དགྱེས་པ་རྡོ་རྗེ་དང༌། དོན་དམ་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ལ་སོགས་པའི་ངོས་འཛིན་ཡང༌། རྗེ་བཙུན་བྱམས་པའི་གཞུང་ལུགས་ལས་གསུངས་པ་དེ་དག་དང་མཐུན་པར། ཡེ་ཤེས་ཀྱི་ཆ་ནས་བཤད་ཀྱི། མེད་པར་དགག་པའི་ཆ་ནས་མ་བཤད་པའི་ཕྱིར་རོ། །གཉིས་པ་དངོས་ལན་བཏབ་པ་ལ། དྲི་བ་དངོས་ཀྱི་ལན་དང༌། འཕྲོས་པའི་ལན་ནོ། །དང་པོ་ནི། གཞུང་འདི་ལྟར། ཆོས་དབྱིངས་ཡོད་པའང་མ་ཡིན་ཏེ། ཡོད་ལ་མི་རྟག་གིས་ཁྱབ་པར། །ཆོས་ཀྱི་གྲགས་པས་ལེགས་པར་གསུངས། །ཞེས་འདོན་ནོ། །གཞུང་གི་ཚིག་ཟུར་མ་བཅོས་ན། གོ་བ་མི་སྐྱེད་པ་གཞན་ཡང་སྣང་སྟེ། ཆོས་ཀྱི་དབྱིངས་ནི་མང་ཉུང་གི །སྤྲོས་དང་བྲལ་བ་ཡིན་ཕྱིར་རོ། །ཞེས་བཏོན་ན་གོ་བ་སྐྱེད་པ་ཡིན་པ་ལ། ཆོས་ཀྱི་དབྱིངས་ལ་མང་ཉུང་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཞེས་བཤད་པས་ཁྱབ་པ་མ་ངེས་པ་ལྟར་སྣང་བ་དང༌། མང་ཉུང་གི་ཞེས་སྦྱར་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་དང༌། ཡང༌། རིགས་པས་ཀྱང་ནི་འདི་འགྲུབ་སྟེ། །ཡོད་ན་དོན་བྱེད་ནུས་ཕྱིར་རོ། །ཞེས་བཤད་ན་བདེ་བ་ལ། ཡོད་ཙམ་དོན་བྱེད། ཅེས་གསུངས་པ་དང༌། མངོན་པའི་གཞུང་ལུགས་དག་ལས་ནི། །ངོ་བོ་ཉིད་ཀྱི་དགེ་བ་ཞེས། །ཞེས་སོགས་སྦྱར་ནས་བཤད་ན་ལེགས་རྒྱུ་ཡིན་པ་ལ། དེར་ཉན་ཐོས་རྣམས། ཞེས་པའི་ཚིག་གཅིག་བྱུང་བས་འཁྲུལ་གཞི་སྐྱེད་པ་ལྟ་བུའོ། །དེའི་ཤེས་བྱེད་ཀྱང༌། ཉན་ཐོས་ཀྱི་མངོན་པ་ན་དེ་འདྲ་བའི་བཤད་པ་མེད་པ་དང༌། དེར་དེ་བཞིན་ཉིད་ཀྱི་ཚིག་གི་བཤད་པ་དང༌། དོན་གྱི་ངོས་འཛིན་ཡང་ཇི་བཞིན་མི་རྙེད་པས་སོ། །གཉིས་པ་ནི། ཆོས་དབྱིངས་ཡོད་པ་མ་ཡིན་ན། །ཆོས་དབྱིངས་ཡེ་ཤེས་ཇི་ལྟར་ཡོད། །ཅེས་དྲིས་ནས། ཆོས་དབྱིངས་ཡེ་ཤེས་ཁས་ལེན་པ། །གནས་སྐབས་གཞན་སྟོང་སྨྲ་བའི་ལུགས། །འདིར་ནི་ཆོས་དབྱིངས་མཐར་ཐུག་པ། །རང་སྟོང་ལུགས་བཞིན་བཤད་པ་ཡིན། །ཞེས་བརྗོད་པར་བྱའོ།། །།དྲི་བ་བཅུ་བཞི་པ་ནི། ཀླུབ་སྒྲུབ་ཀྱི་ནི་དབུ་མ་ལས། །དངོས་མེད་ལ་ཡང་འདུས་བྱས་ཀྱིས། །ཁྱབ་པར་གསུངས་པ་མ་ཡིན་ནམ། །དེ་ལྟ་ན་ནི་ཆོས་ཀྱི་དབྱིངས། །འདུས་བྱས་ཡིན་པར་མི་ཐལ་ལམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། འདིར་སྐབས་སུ་བབ་པ་ནི། རང་བཞིན་གྱི་མྱང་འདས་དངོས་པོ་ཡིན་པ་འགོག་པའི་ལུང་གཅིག་བྱུང་ན་འབྱོར་བ་ཡིན་པ་ལ། དབུ་མའི་ལུང་དེ་ནི། དངོས་པོར་སྨྲ་བས་འཁོར་བ་སྤངས་པའི་མྱ་ངན་ལས་འདས་པ་དེ་བདེན་དངོས་སུ་ཁས་བླངས་པ་འགོག་པའི་གཞུང་ཡིན་པའི་རྒྱུ་མཚན་གྱིས་དང༌། ཕྱི་རབས་ཀྱི་རྟོག་གེ་པ་དག དངོས་པོ་མ་ཡིན་ན་དངོས་མེད་ཡིན་དགོས་པ་འདི། གྲུབ་མཐའ་སྨྲ་བ་བཞི་ཀའི་ཐུན་མོང་གི་རིགས་ལམ་དུ་འཆད་ཀྱིན་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། མྱ་ངན་ལས་འདས་པ་ཆོས་ཅན། འདུས་བྱས་སུ་ཐལ། དངོས་མེད་ཡིན་པའི་ཕྱིར། ཁྱབ་པ་ནི་དབུ་མའི་ལུང་གིས་གྲུབ་པ་ཡིན་ཏེ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང༌། དེའི་འགྲེལ་པར། ཚིག་གསལ་ལས། དངོས་པོ་ནི་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཕྱིར། འདུས་བྱས་ཡིན་ལ། དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང༌། སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་འབྱུང་བའི་ཕྱིར། ཞེས་གསུངས་པས་སོ་སྙམ་དུ་དོགས་པར་འགྱུར་བ་དང༌། གཞན་གྱི་མྱང་འདས་ཡོད་པར་ཁས་བླངས་པ་ལ། དངོས་པོར་ཐལ་བ་འཕེན་པ་ནི། མི་འདོད་པ་ཐལ་བར་འཕེན་པ་ཡིན་དུ་ཆུག་ཀྱང༌། དངོས་པོ་ཡིན་པ་རྟགས་སུ་བཀོད་ནས། འདུས་བྱས་སུ་ཐལ་བ་འཕེན་པ་ནི་རིགས་པ་མ་ཡིན་ཏེ། བསྟན་བཅོས་འདིར། ཕྱོགས་སྔ་མ་ལ་དེ་འདྲའི་ཁས་བླངས་མེད་པའི་ཕྱིར། ཞེས་པའི་ཉེས་པ་འདི་སྤོང་བར་ནུས་པའི་བཤད་པ་བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་རྣམས་ཀྱིས་མ་མཛད་པས། མཁས་པའི་གཞུང་ལུགས་ཆུད་གསན་པར་བྱས་སམ་སྙམ་དུ་དོགས་སོ། །གཉིས་པ་དངོས་ལན་གདབ་པ་ནི། ཆོས་དབྱིངས་གཏན་ལ་འབེབས་པའི་ཚེ། ཀླུ་སྒྲུབ་ཀྱི་གཞུང་ལུགས་ཚད་མར་བྱེད་དགོས་པས། ཇི་སྐད་དུ། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་རང་བཞིན་གྱི་མྱང་འདས་དང༌། ཆོས་དབྱིངས་དོན་གཅིག་ལ་འདུ་བ་ཡིན་ལ། དེའི་ཚེ་ཆོས་ཀྱི་དབྱིངས་དང༌། མྱ་ངན་ལས་འདས་པ་ཆོས་ཅན། དངོས་པོ་དང་དངོས་མེད་གཉིས་ལས་གང་ཡང་རུང་བ་ཞིག་ཏུ་ཐལ། ཡོད་པའི་ཕྱིར། རྟགས་ཁས་བླང༌། ཁྱབ་པ་གཞན་ལ་གྲགས་པའི་ཚད་མས་འགྲུབ། འདོད་ན་འདུས་བྱས་སུ་ཐལ། དངོས་པོ་དང་དངོས་མེད་གང་རུང་ཡིན་པའི་ཕྱིར། རྟགས་དང་ཐལ་ཆོས་ཁས་བླངས། ཁྱབ་པ་གཞན་གྲགས་ཀྱིས་འགྲུབ་སྟེ། འདུས་བྱས་མ་ཡིན་པའི་དངོས་པོ་ནི་འཇིག་རྟེན་ན་མ་གྲགས་པའི་ཕྱིར་དང༌། ཇི་སྐད་དུ། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་འབྱུང་བ་ལྟར། འཇིག་རྟེན་ན་དངོས་མེད་ཀྱི་འཇོག་མཚམས་དེ་ལྟར་གྲགས་པའི་ཕྱིར་དང༌། ཐ་སྙད་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་ནི། འཇིག་རྟེན་གྱི་གྲགས་པ་ཉིད་ཚད་མ་ཡིན་གྱི། གྲུབ་མཐས་མི་འཇོག་པའི་ཕྱིར། ཞེས་བྱ་བའི་དོན་དང༌། དབུ་མའི་གཞུང་འདིར་དངོས་པོར་སྨྲ་བའི་མྱང་འདས་ལ་སྐྱོན་བརྗོད་པ་ཡིན་ཀྱང་འདིར་ཤེས་བྱེད་དུ་མི་འགྲོ་བ་མ་ཡིན་ཏེ། གཞན་ལུགས་ཀྱི་མྱང་འདས་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པ་བཀག་ནས། རང་ལུགས་ཀྱི་མྱང་འདས་སྤྲོས་པའི་མཐའ་བྲལ་དུ་གྲུབ་པ་ན། ཆོས་ཀྱི་དབྱིངས་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བར་འགྲུབ་པས་སོ། །དེ་དག་ལ་འདི་སྐད་ཅེས། ཆོས་དབྱིངས་ཡོད་ན་དངོས་པོ་དང༌། །དངོས་མེད་གཉིས་ལས་འདའ་བ་མེད། །དེ་དག་ལ་ནི་འདུས་བྱས་ཀྱིས། །ཁྱབ་པ་དབུ་མའི་གཞུང་ན་གསལ། །ཞེས་བརྗོད་ན་དོན་གྱི་ཁོག་ཁྲོལ་བར་འགྱུར་རོ།། །།དྲི་བ་བཅོ་ལྔ་པ་ནི། རིན་ཆེན་ཕྲེང་བར་གསུངས་པ་ཡི། །ཟབ་མོ་བཀྲོལ་པ་ཅི་ལ་ཟེར། །ཞེས་པ་འདི་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་འགའ་ཞིག་དང༌། རྩོད་བཅས་ཀྱི་འགྲེལ་པ་མི་ཕམ་བཤེས་གཉེན་གྱིས་བྱས་པ་ཞེས་བྱ་བ་དེ་ལས་བཀྲོལ་བའི་དོན་དུ་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བཀྲོལ་བ་ཞེས་པ་ལ་སྐབས་ཀྱི་དོན་བཟང་པོ་མེད་པས་གཞུང་མ་དག་ལ། མ་དག་པ་དེ་ཉིད་མཁས་པའི་བསྟན་བཅོས་སུ་དྲངས་ན་གཞུང་ཆུད་འཛའ་བའི་རྒྱུ་མཚན་གྱིས་སོ། །དངོས་ལན་ནི། ཟབ་མོ་བཀོལ་བའི་དོན་དང་ལྡན། ཞེས་པ་སྟེ། འདི་ལ་བཀོལ་བའི་དོན་དང༌། བཀོལ་དགོས་པའི་རྒྱུ་མཚན་ནོ། །དོན་ནི། མུ་སྟེགས་གཞན་དང་རང་ཉིད་ཀྱིའང༌། །གནས་མིན་སྐྲག་པས་མ་མྱངས་པ། །ཞེས་པ་སྟེ། དེ་དག་ལ་མ་བསྟན་ཞིང་མ་རྟོགས་པའོ། །རྒྱུ་མཚན་ནི། གཞུང་དེ་ཉིད་ཀྱི་འཕྲོས་གོང་མ་ནས། གནས་མེད་ཆོས་འདིས་སྐྲག་པའི་ཚེ། །སྐྱེ་བོ་གནས་ལ་མངོན་དགའ་ཞིང༌། །ཡོད་དང་མེད་ལས་མ་འདས་པ། །མི་མཁས་པ་ནི་ཕུང་བར་འགྱུར། །ཞེས་གསུངས་སོ།། །།དྲི་བ་བཅུ་དྲུག་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བདེ་གཤེགས་སྙིང་པོ་མ་ཡིན་ན། །རྒྱས་འགྱུར་རིགས་ལ་བདེ་གཤེགས་ཀྱི། །སྙིང་པོར་གསུངས་པ་དེ་ཅི་ཞིག །ཅེས་པ་དང༌། འོག་ནས། བདེ་གཤེགས་སྙིང་པོ་གང་ཡིན་པ། །དེ་ཀུན་འདུས་མ་བྱས་ཡིན་ན། །ཐེག་པ་ཆེན་པོ་རྒྱུད་བླ་མར། །སྙིང་པོ་དགུ་གསུངས་པ་དེ་ཅི། །ཞེས་པའི་དྲི་བ་གཉིས་པོ་གཞུང་སོ་སོ་ལས་བརྩམས་པའི་དྲི་བ་ཡིན་ཀྱང༌། དོགས་པའི་གནས་མཐུན་པས་ལྷན་ཅིག་ཏུ་བཤད་པར་བྱའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། གཞུང་འདིའི་དངོས་བསྟན་ལ། བདེ་བར་གཤེགས་པའི་སྙིང་པོ་ལ་འདུས་མ་བྱས་ཀྱིས་ཁྱབ་པ་དང༌། སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་མཁྱེན་པ་དེ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དངོས་མ་ཡིན་པར་བཤད་ལ། གངས་ཅན་གྱི་ཀློག་པ་པ་ཕྱི་མ་དག་ཞལ་འཆམ་པར། རྒྱུད་བླ་མའི་བསྟན་བཅོས་སུ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་དངོས་དེ་དང་ལྡན་པ་བསྒྲུབ་བྱར་བྱས་ནས། དེའི་སྒྲུབ་བྱེད་དུ་དོན་རྣམ་པ་གསུམ་རྟགས་སུ་བཀོད་པར་བཞེད་པ་དེའི་ཚེ་ན། གཏན་ཚིགས་དེ་འབྲས་བུའི་རྟགས་སུ་འོང་ས་མེད་པས། རང་བཞིན་གྱི་རྟགས་སུ་འདོད་དགོས་ལ། དེའི་ཚེ་སངས་རྒྱས་ཀྱི་སྙིང་པོ་ཡིན་ངོ་ཤེས་པ་གསུམ་ཡོད་པ་རྟགས་སུ་འགོད་དགོས་པའི་རྒྱུ་མཚན་གྱིས་དང་དཔེ་རྣམ་པ་དགུའི་སྒོ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་དངོས་དང་ལྡན་པར་སྒྲུབ་པ་དེའི་ཚེ་ན། དོན་རྣམ་པ་དགུ་ཡོད་ལ། དགུ་པོ་དེ་སྙིང་པོ་དངོས་སུ་མི་འཆད་ན་ནི་འབྲེལ་མི་འདུག་ཅིང༌། འཆད་ན་དེའི་ནང་ན་རྒྱས་འགྱུར་གྱི་རིགས་དང༌། དེས་གཞན་དོན་གྱི་སྐུ་གཉིས་སྐྱེད་པའི་ནུས་པ་དང༌། སངས་རྒྱས་ཀྱི་སའི་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ཆོས་སྐུ་ལྟ་བུ་འདུས་བྱས་མང་པོ་ཡོད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། འདི་ན་གཞུང་ལུགས་འདིའི་འཆད་པ་པོ་དང༌། རྣམ་བཤད་མཛད་པ་མཐའ་དག སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དེ་བསྟན་བཅོས་འདིའི་དགོངས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པའི་སངས་རྒྱས་ཀྱི་སྐུ་ཡོད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་འགྲེལ་པ་དེ་བསྟན་བཅོས་འདིའི་དགོངས་པ་ཡིན་ནོ། །ཞེས་འཆད་པར་སྣང་ལ། དེ་ལྟར་བཤད་ན། རྒྱུད་བླ་མ་རྩ་འགྲེལ་དང་འགལ་བ་དང༌། བསྟན་བཅོས་རྩོམ་པ་པོ་ཉིད་ཀྱི་གཞུང་དང་རང་ཚིག་སྔ་ཕྱི་འགལ་བ་དང༌། རྗེ་བཙུན་ཆེན་པོའི་གཞུང་དང་འགལ་བ་རྣམས་འཇུག་པའི་རྒྱུ་མཚན་གྱིས། ལུང་དང་འགལ་བ་དང༌། སྙིང་པོ་ངོས་མ་ཟིན་པ་དང༌། སྙིང་པོའི་དགོངས་གཞི་ལ་སྙིང་པོ་དངོས་སུ་བཤད་པའི་ཉེས་པ་དང༌། སྙིང་པོ་ལ་རྒྱུ་འབྲས་རང་བཞིན་གསུམ་དུ་འབྱེད་པ་དེ་རྔོག་ལོ་ཆེན་པོའི་ལུགས་ཡིན་གྱི། བསྟན་བཅོས་མཛད་པ་པོ་འདིའི་ལུགས་ཡིན་ནོ། །ཞེས་འཆད་པའི་དཔྱོད་ལྡན་སུ་ཡང་མེད་པས། རིགས་པ་དང་འགལ་བ་རྣམས་འཇུག་གོ །དང་པོ་ནི། རྒྱུད་བླ་མའི་བསྟན་བཅོས་སུ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས། སྙིང་པོ་དྲང་དོན་དུ་བཀྲལ་བ་ཡིན་ཏེ། དགོངས་གཞི་ནི་དོན་རྣམ་པ་གསུམ་དང༌། དགོས་པ་ན་སྐྱོན་ལྔ་སྤང་བའི་ཕྱིར་དང༌། དངོས་ལ་གནོད་བྱེད་ནི་སངས་རྒྱས་ཀྱི་སྙིང་པོར་འཇོག་བྱེད་ཀྱི་གཙོ་བོ་ནི་ཡོན་ཏན་དབྱེར་མེད་པ་ཞེས་བྱ་བ་དེ་ཡིན་ལ། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་གཞན་ལ་མེད་པ་བཤད་པས་སོ། །དེའི་ཤེས་བྱེད་ཀྱང༌། སངས་རྒྱས་ཀྱི་སྙིང་པོ་དེ་རྣམ་གཞག་རྣམ་པ་བཅུའི་སྒོ་ནས་འཆད་པ་ལས། བཅུ་པོ་ཡོན་ཏན་དབྱེར་མེད་པའི་དོན་དེ་ཉིད་འཆད་པ་ན། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་གསུངས་སོ། །གཉིས་པ་ནི། བསྟན་བཅོས་མཛད་པ་འདིས་ནི། གཞུང་འདི་ཁོ་ནར་མ་ཟད། ཕྱོགས་བཅུའི་སངས་རྒྱས་ལ་ཞུ་བའི་ཕྲིན་ཡིག་དང༌། མཁས་པ་འཇུག་པའི་སྒོ་དང༌། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་རྣམས་སུ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་བཀྲལ་ལོ། །དེ་ལ་ཁ་ཅིག་ན་རེ། རྗེ་བཙུན་ཆེན་པོས་རྣམ་བཤད་དག་ལྡན་དུ། སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ལ་ཆེ་ཆུང་གི་ཁྱད་པར་མེད་པའི་ཤེས་བྱེད་དུ། མདོར་ན་སེམས་ཅན་ཆོས་ཉིད་གཅིག་སྟེ། སེམས་རྟོགས་ན་སངས་རྒྱས་ཡིན་པའི་ཕྱིར་རོ། །འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་སྒོམ་པར་བྱའོ། །ཞེས་པའི་ལུང་ཤེས་བྱེད་དུ་དྲངས་པས་ན། བསྟན་བཅོས་འདིར་ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་སྒྲ་ཇི་བཞིན་པར་ཁས་ལེན་དགོས་སོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞུ་འཕྲིན་ལས། ཁྱེད་ཀྱི་བདེ་གཤེགས་སྙིང་པོའི་སྒྲ། །ཁ་ཅིག་ངེས་པའི་དོན་དུ་འཆད། །བདག་གིས་དྲང་བའི་དོན་དུ་ནི། །ལུང་དང་རིགས་པས་བསྒྲུབས་ཏེ་བཤད། །ཅེས་དང༌། མཁས་པ་འཇུག་པའི་སྒོ་ལས། ཕ་དང་མ་ནི་བསད་བྱ་སོགས། །ལས་དང་ཉོན་མོངས་སོགས་ལ་དགོངས། །དེ་བཞིན་གཤེགས་པའི་སྙིང་པོ་སོགས། །བདག་འཛིན་ཅན་རྣམས་དྲང་ཕྱིར་ཡིན། །ཞེས་གསུངས་པ་དང༌། ཐུབ་པའི་དགོངས་གསལ་ལས། འོ་ན་སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་སྒོམ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་མ་ཡིན་ནམ། སངས་རྒྱ་བ་ལ་ཡོན་ཏན་ཅི་ཞིག་དགོས་ཟེར་ན། དེ་སྐད་གསུངས་པ་ནི་མུ་སྟེགས་གྲངས་ཅན་པ་ལ་སོགས་པ་རྗེས་སུ་བཟུང་བའི་ཕྱིར་དགོངས་པ་ཅན་ཡིན་ཏེ། གྲངས་ཅན་གྱི་གཞུང་ལས། ལྷ་མིག་རྣམ་དག་བསྒྲུབས་ནས་ནི། །སེམས་ཀྱི་བདག་ཉིད་རྟོགས་པར་བྱ། །སྐྱེས་བུའི་བདག་ནི་སུས་རྟོགས་པ། །ཆ་ལུགས་གང་གིས་གནས་ཀྱང་གྲོལ། །ཞེས་བྱ་བ་རྗེས་སུ་བཟུང་བའི་ཕྱིར་དུ། དགོངས་གཞི་ཆོས་ཀྱི་སྐུའི་སངས་རྒྱས་ལ་དགོངས། དགོས་པ་ནི་གྲངས་ཅན་ལ་སོགས་པ་དེ་དག སྙིང་གི་དཀྱིལ་ན་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་རང་ཆས་སུ་འདོད་པ་དག་དྲང་བར་བྱ་བའི་ཕྱིར་ཡིན། དངོས་ལ་གནོད་བྱེད་ཀྱི་ཚད་མའང༌། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་བྱ་བ་ནས། ཞེས་དེ་འཇིག་རྟེན་ལ་ཡང་ནི། །ཡོད་ན་ཅི་སྟེ་མཐོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པའི་རིགས་པ་དང༌། གཞན་ཡང་གྲངས་ཅན་འགོག་པའི་རིགས་པ་རྣམ་འགྲེལ་ལ་སོགས་པ་ནས་བཤད་པ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་དང༌། གཞན་ཡང་སེམས་རྟོགས་ན་སངས་རྒྱས་ཡིན་ཟེར་བ་དེ་དང༌། དཔེར་ན། རས་ལ་མེ་སྦོར། མདས་དགྲ་སོད། ས་བོན་ལས་ལོ་ཏོག་འབྱུང་ཞེས་ཟེར་བ་རྣམས་མཚུངས་པ་ཡིན་ཏེ། སྣུམ་དང་གོང་བུ་སོགས་མེད་ན་གཞོབ་ཏུ་འགྲོ། གཞུ་མེད་ན་དོན་བྱེད་མི་ནུས། ཞིང་དང་ཆུ་ལུད་མེད་ན་སྙེ་མ་མི་འབྱུང༌། དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་ན་སངས་མི་རྒྱ་བའི་ཕྱིར་ཞེས་གསུངས་སོ། །གལ་ཏེ་རང་བཞིན་གྱི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་གོ་ཆོད་དོ་སྙམ་ན། དེ་ནི་རྗེ་བཙུན་གྱི་གསུང་དང་འགལ་བ་ཡིན་ཏེ། རྩ་བའི་རྒྱུད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་གསུངས་པའི་རྣམ་བཤད་དག་ལྡན་དུ། ཡེ་ཤེས་ཆེན་པོའི་ངོས་འཛིན་དང༌། དེ་ལུས་ལ་གནས་པའི་གོ་དོན་གཉིས་བཤད་ནས། དང་པོ་ནི། ཡེ་ཤེས་ནི་སོ་སོ་སྐྱེ་བོ་དང་ཐུན་མོང་བ་དང༌། ཆེན་པོ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཡེ་ཤེས་ཀྱང་ཡིན་ཆེན་པོ་ཡང་ཡིན་པས་ན་ཡེ་ཤེས་ཆེན་པོ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་སོ། །ཞེས་ངོས་བཟུང་ནས། དེ་ལུས་ལ་གནས་པའི་གོ་དོན་འཆད་པ་ན། རང་གི་ལུས་ཉོན་མོངས་པ་དང་བཅས་པ་འདི་ཉིད་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་གྱིས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་སོགས་གསུངས་པས་སོ། །ཞེས་བཤད་ལ། དེའི་དོན་ཡང་སེམས་ཅན་ཐམས་ཅད་ཀྱི་ལུས་ལས་སངས་རྒྱས་འབྱུང་བ་ལ། ལུས་ལ་དེ་གནས་པའི་དོན་དུ་བཤད་ཀྱི། ལུས་ལ་དེ་ཡོད་པའི་དོན་དུ་མ་བཤད་པའི་ཕྱིར་དང༌། རང་བཞིན་གྱི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་གོ་ཆོད་ན། རང་བཞིན་གྱི་དགྱེས་པ་རྡོ་རྗེས་ཀྱང་དགྱེས་པ་རྡོ་རྗེའི་གོ་ཆོད་པར་འགྱུར་ལ། དེ་ལྟ་ན་དག་ལྡན་ལས། ཀྱཻ་རྡོ་རྗེ་དེ་གཉིས་མེད། །ཡེ་ཤེས་དེ་ནི་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ནི་དེ་སྒྲ་ཡིན། །ཞེས་སྦྱར་བར་བྱའོ། །ཞེས་གསུངས་པ་ལས་ནི་དགྱེས་པ་རྡོ་རྗེ་ལ་རང་བཞིན་ལོགས་སུ་མ་ཕྱེ་བར་གཞུང་ལམ་འབྲས་བུ་གསུམ་དུ་ཕྱེ་ནས། འབྲས་བུ་ཁོ་ན་མཚན་ཉིད་པར་བཤད་ཅིང༌། གཞུང་ལམ་གཉིས་པོ་བཏགས་པ་བར་བཤད་པའི་ཕྱིར། དེ་ཡང་བསྒྲུབ་བྱ་ཞེས་པ་ཡིན་གྱིས། སངས་རྒྱས་ཀྱི་སའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཀྱཻ་རྡོ་རྗེ་དངོས་སུ་བསྟན། དེ་དོན་ཞེས་པས་དེ་འདྲ་དེ་བརྗོད་བྱའི་དོན་དུ་སྟོན་པ་དང༌། སྦྱོར་བ་ཡིས། ཞེས་པས་དགྱེས་པ་རྡོ་རྗེ་དངོས་དེའི་ཆེད་དུ་ལམ་ལ་སྦྱོར་བ་ཡིན་པའི་ཕྱིར། ཞེས་རྟགས་སུ་བཀོད་ནས། གཞུང་ལམ་གྱི་དགྱེས་པ་རྡོ་རྗེ་གཉིས་པོ་ཀྱཻ་རྡོ་རྗེ་བཏགས་པ་བ་ཉིད་དུ་བཤད་པའོ། །འོ་ན་དེ་གཉིས་མེད་ཡེ་ཤེས། ཞེས་པས་རང་བཞིན་གྱི་དགྱེས་པ་རྡོ་རྗེ་དེ་མཚན་ཉིད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལ་ནི་དེ་བཞིན་གཤེགས་ཞེས་བྱ་བའི་ཁྱད་པར་སྣན་དགོས་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། ཞེས་བཤད་པ་ལྟར་རོ། །གལ་ཏེ་འོ་ན་དག་ལྡན་ནས། རྒྱུ་ཆོས་ཅན་དང་ཆོས་ཉིད་ཀྱང་ཀྱཻ་རྡོ་རྗེ་ཡིན། ལམ་སྟོང་པ་ཉིད་དང་སྙིང་རྗེ་ཡང་ཀྱཻ་རྡོ་རྗེ་ཡིན། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད། དེའི་འོག་ཏུ་དེ་དང་དེ་དག་བཏགས་པ་པར་བཤད་པ་དེ་ཉིད་ཀྱིས་གནོད་དོ། །རྗེ་ཨཱ་ནནྟ་བྷ་དྲའི་གསུང་ལས། ཀྱཻ་རྡོ་རྗེར། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པས་རྒྱུའི་རྒྱུད་བསྟན་པ་ཡིན་ལ། དེ་ཡང་རང་གི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལ་རང་བཞིན་རྣམ་དག་གི་ཆ་ནས་སངས་རྒྱས་སུ་བཏགས་ནས་གསུངས་པ་ཡིན་གྱི། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཡོད་ནས་སངས་རྒྱས་སུ་གཞག་པ་མ་ཡིན། ཞེས་བཤད་པ་འདིས་རྗེ་བཙུན་ཆེན་པོའི་དགོངས་པ་བཀྲལ་བ་ཡིན་ནམ་བཀག་པ་ཡིན་ཞེས་རྟོག་པར་བྱོས་ཤིག གཉིས་པ་རིགས་པ་དང་འགལ་བའི་ཚུལ་ལ་གསུམ་ལས། དང་པོ་སངས་རྒྱས་ཀྱི་སྙིང་པོ་ངོས་མ་ཟིན་པའི་ཉེས་པ་ནི། བོད་ཕྱི་མ་ལ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་ཤེས་བྱེད་དུ་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡོད་པས་ཞེས་དང༌། སེམས་གསལ་སྟོང་ཟུང་འཇུག་ཡོད་པས་ཞེས་དང༌། དྲི་མ་དང་བཅས་པའི་སེམས་བདེན་སྟོང་ཡོད་པས། ཞེས་འཆད་པ་དེ་དག་གིས་ནི་སྙིང་པོ་ངོས་མ་ཟིན་པ་ཡིན་ཏེ། སངས་རྒྱས་ཀྱི་སྙིང་པོ་ནི་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཆ་ནས་ངོས་འཛིན་རྒྱུ་ཡིན་པ་ལ། ཁྱེད་ཀྱིས་ནི་རང་བཞིན་རྣམ་དག་རྐྱང་པའི་ཆ་ནས་ངོས་བཟུང་བའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླའི་འགྲེལ་པར། དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་དང༌། དེ་ཉིད་ཀྱི་འགྲེལ་པར་མདོ་དྲངས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་མེད་པ། འབྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པས་ནི་མི་སྟོང་ངོ༌། །ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །ཞེས་གསུངས་སོ། །གལ་ཏེ་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་ཡོན་ཏན་རྣམས་འབྱུང་དུ་རུང་བ་ལ་བསམས་ནས། དེ་ལྟར་བཤད་པ་ཡིན་ནོ། །ཞེ་ན། དེ་སྐད་དུ་སྨྲ་བར་རིགས་ཀྱི། སངས་རྒྱས་ཀྱི་སྙིང་པོ་དངོས་ཡིན་ནོ། །ཞེས་བརྗོད་པར་མི་བྱ་སྟེ། ཡོན་ཏན་དབྱེར་མེད་པའི་དོན་མ་ཚང་བའི་ཕྱིར། ཁྱབ་སྟེ། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །ཞེས་གསུངས་པས་སོ། །གཉིས་པ་སྙིང་པོ་དངོས་དང༌། དེའི་དགོངས་གཞི་མ་ཕྱེད་པའི་ཉེས་པ་ནི། བོད་ཕྱི་མ་ཕལ་ཆེར་གྱིས་དེའི་ཤན་མ་ཕྱེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། །ཞེས་མདོ་ལས་གསུངས་པའི་སྒྲ་ཇི་བཞིན་པ་དེའི་སྙིང་པོ་ནི། སྟོབས་སོགས་ཡོན་ཏན་རྣམས་དང་དབྱེར་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལ་འཆད་པ་ཡིན་ཞིང༌། སེམས་ཅན་ཐམས་ཅད་ལ་དེ་ཡོད་པར་གསུངས་པའི་དགོངས་གཞི་ནི། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཅེས་བྱ་བ། གཞི་དུས་ཀྱི་ཡེ་ཤེས་དེ་ཡོད་པ་ལ་དགོངས་སོ། །ཞེས་འཆད་རྒྱུ་ཡིན་པ་ལ། དེར་མི་འཆད་པར། དགོངས་གཞི་དེ་ཉིད་སྙིང་པོ་དངོས་སུ་འཆད་པ་ཤ་སྟག་ཏུ་སྣང་བའི་ཕྱིར། དེ་དེའི་དགོངས་གཞིར་འཆད་པའི་རྒྱུ་མཚན་ཡང༌། དེའི་རྒྱུ་ཡོད་པ་ལ་དེ་ཡོད་པར་བཏགས་པ་ཡིན་ཏེ། ཇི་སྐད་དུ། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས་སོ། །གསུམ་པ་ནི། སྙིང་པོའི་དགོངས་གཞི་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་པ། རྒྱུད་བླ་རྩ་འགྲེལ་ན་གསལ་ཡང༌། རྔོག་ལོ་ཆེན་པོས་ནི་དེ་ལ་མི་འཆད་པར། ཆོས་ཉིད་མེད་དགག་གི་ཆ་ལ། རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་བཏགས་ནས། དེ་སྙིང་པོ་མཚན་ཉིད་པ་དང༌། སེམས་ཅན་གྱི་རྒྱུད་ལ་ཡོད་པ་མཚན་ཉིད་པར་འཆད་ལ། བོད་ཕྱི་རབས་ཀྱི་མཁས་པ་ཕལ་མོ་ཆེ་འདིའི་རྗེས་སུ་འཇུག་མོད། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པར་སོང་བ་མ་ཡིན་ཏེ། རྒྱུད་བླ་རྩ་འགྲེལ་དུ་ནི། སྙིང་པོ་དངོས་དང༌། དེའི་དགོངས་གཞི་གང་ཡིན་ཀྱང༌། མ་ཡིན་དགག་གི་ཆ་ནས་བཤད་པ་ཤ་སྟག་ཏུ་སྣང་གི མེད་དགག་གི་ཆ་ནས་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། དེ་ལ་བཤད་ན། ཡོན་ཏན་དབྱེར་མེད་པའི་དོན་མི་ཚང་བའི་ཕྱིར། བསྟན་བཅོས་མཛད་པ་འདིའི་དགོངས་པ་ཡང༌། དངོས་དང་དགོངས་གཞི་གང་ཡིན་ཀྱང༌། མེད་དགག་གི་ཆ་ལ་འཆད་པ་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་བེམས་པོའི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་མ་ཡིན་ཡང༌། །སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས། །བདེ་གཤེགས་སྙིང་པོ་ཡིན་སྙམ་ན། །མ་ཡིན་ཆོས་ཀྱི་དབྱིངས་ལ་ནི། །དབྱེ་བ་མེད་པར་རྒྱལ་བས་གསུངས། །ཞེས། མེད་དགག་གི་ཆ་ལ་འཆད་པ་བཀག་པའི་ཕྱིར་རོ། །མདོར་ན་ས་ལོ་ནི། སངས་རྒྱས་དང་དེའི་སྙིང་པོ་སོ་སོར་མི་འབྱེད་པར། སངས་རྒྱས་ཉིད་སེམས་ཅན་གྱི་སྙིང་པོ་ཡིན་ནོ། །ཞེས་པ་མདོའི་སྒྲ་ཇི་བཞིན་པའི་དོན་དུ་འཆད་ལ། རྔོག་ལོ་ནི། སངས་རྒྱས་དང་དེའི་སྙིང་པོ་སོ་སོར་ཕྱེ་ནས། སེམས་ཅན་ལ་སངས་རྒྱས་ཡོད་པར་མི་འཆད་ཀྱི། དེའི་སྙིང་པོ་ཡོད་པར་འཆད་ཅིང༌། ཡོད་རྒྱུའི་སྙིང་པོ་དེ་ཡང༌། སངས་རྒྱས་དང་སེམས་ཅན་གཉིས་ཀའི་སྙིང་པོ་མཚན་ཉིད་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཡང་གངས་ཅན་གྱི་ཆེན་པོ་གཞན་དག་ནི། སེམས་ཅན་ཀུན་ལ་ངེས་དོན་གྱི་སྟོབས་སོགས་ཡོན་ཏན་མཐའ་དག་ཚང་བའི་ཆོས་ཉིད་ཀྱི་སངས་རྒྱས་ཤིག་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས་པ་ཡིན་པ་ལས། དེ་ཡང་རྒྱུའི་དུས་སུ་མི་གསལ་བར་བཞུགས་པ་ལ། འབྲས་བུའི་དུས་སུ་གསལ་བར་འབྱུང་བ་ཡིན་ནོ། །ཞེས་བཞེད་པ་ཡིན་གྱི། རྒྱུའི་དུས་སུ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་སངས་རྒྱས་བཞུགས་སོ། །ཞེས་བྱ་བར་མི་བཞེད་དོ། །མདོར་ན་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་སྙིང་པོའི་རྣམ་གཞག་འཆད་པ་པོ་ཚད་ལྡན་ནི་གསུམ་པོ་དེ་ཙམ་དུ་ཟད་ལ། དེ་གསུམ་པོ་གང་རུང་གཅིག་གི་གཞུང་སྲང་རྒྱུ་མེད་པར་འཆད་པ་དག་ལ་ནི། རྣམ་དཔྱོད་དང་ལྡན་པ་དག་ཡི་རང་བར་མི་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། དྲི་བ་དང་པོའི་ལན་གདབ་པ་དང༌། གཉིས་པའི་ལན་གདབ་པའོ། །དང་པོ་ནི། རྒྱས་འགྱུར་གྱི་རིགས་སངས་རྒྱས་ཀྱི་སྙིང་པོར་གསུངས་པ་མ་ཡིན་ནམ་ཞེས་པ་དེ། གྲགས་ཚོད་ཀྱི་འཆད་ཚུལ་ལ་དཔགས་ནས་ཅི་གསུངས་བརྟགས་པ་ཡིན་གྱི། ཞེ་འདོད་ལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིགས་གཉིས་དང་དེས་སྐུ་གསུམ་བསྐྱེད་པའི་ནུས་པ་སྟེ། ལྔ་ཀ་ཡང་སྙིང་པོའི་དགོངས་གཞིར་སྟོན་པ་ཡིན་ཏེ། དོན་རྣམ་པ་གསུམ་ལ་དགོངས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླའི་འགྲེལ་པར། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་དེ་དོན་གང་གིས་ཤེ་ན། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། ཞེས་སོགས་གསུངས་པར་བཤད་དོ། །དྲི་བ་གཉིས་པའི་ལན་ནི། ཇི་སྐད་དུ། མདོ་ལས་བདེ་གཤེགས་སྙིང་པོ་ནི། །འདུས་མ་བྱས་སུ་གསུངས་ཕྱིར་རོ། །ཞེས་པ། ལས་ཉོན་སོགས་ཀྱིས་འདུས་མ་བྱས་པ་ལ་འཆད་དགོས་པ་ཡིན་གྱི། སྐྱེ་འཇིག་དང་བྲལ་བ་ལ་འཆད་པ་མ་ཡིན་ཏེ། སྙིང་པོ་དངོས་དང༌། དེའི་དགོངས་གཞི་གང་ཡིན་ཀྱང་དེར་རུང་བ་མ་ཡིན་པའི་ཕྱིར་ཏེ། སྙིང་པོ་དངོས་ནི་སངས་རྒྱས་ཀྱི་སའི་ཆོས་ཀྱི་སྐུ་ལ་འཆད་དགོས་ལ། དེ་ཡང་དེར་མི་རུང༌། དགོངས་གཞི་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་དགོས་པ་ཡིན་ལ། དེ་ཡང་དེར་མི་རུང་བའི་ཕྱིར། དེ་དེར་འཆད་རྒྱུ་ཡིན་པའི་སྒྲུབ་བྱེད་ལ་ལུང་དང༌། རིགས་པ་གཉིས་ལས། ལུང་ནི། རྒྱུད་བླའི་འགྲེལ་པར་མདོ་དྲངས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། ཞེས་གསུངས་པ་དང༌། རིགས་པ་ནི། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་དྲི་མ་སྦྱངས་པ་ན། སྟོབས་སོགས་ཡོན་ཏན་གྱི་ངོ་བོར་སྐྱེ་བ་ཡིན་ལ། ཆགས་སོགས་དྲི་མའི་ངོ་བོར་འགྱུར་བ་ནི་དུས་ནམ་ཡང་མི་སྲིད་པའི་རྒྱུ་མཚན་གྱིས་སོ། །སྟོང་ཉིད་མེད་དགག་གི་ཆ་ལ་ཡང་དེ་ལྟར་འདོད་ན་ནི། རྣམ་ཤེས་མིན་པས་རྣམ་ཤེས་ཀྱི་ཉེར་ལེན་བྱེད་པར་ཧ་ཅང་ཐལ་ལོ། །དེ་ལྟར་བཤད་པ་དེ་ལས་འཆད་ཚུལ་གཞན་དུ་ན། གནས་ཚུལ་གྱི་སྐུ་གསུམ་པོ་དེ་སྙིང་པོ་དངོས་མ་ཡིན་པར་འགྱུར་ཏེ། སྐྱེ་འཇིག་དང་བཅས་པའི་ཕྱིར་རོ། །འདོད་མི་ནུས་པ་ནི། ཇི་སྐད་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་པའི་གཞུང་གི་བསྟན་བྱའི་གཙོ་བོ་དེ་སྙིང་པོ་དངོས་སུ་མི་འདོད་པ་ནི་སུ་ཡང་མེད་ལ། སྐུ་དེའི་དབྱེ་བ་འཆད་པ་ན། ཇི་སྐད་དུ། ཆོས་སྐུ་རྣམ་གཉིས་ཞེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་ཡེ་ཤེས་ཆོས་སྐུ་དང༌། གནས་ཚུལ་གྱི་གསུང་རབ་ཡན་ལག་བཅུ་གཉིས་ལ་བཤད་པའི་ཕྱིར་རོ། །དེ་ནས་གཞུང་གི་ངག་དོན་འདི་ལྟར། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་ཆོས་ཅན། བདེ་བར་གཤེགས་པའི་སྙིང་པོར་མི་འཐད་དེ། རྒྱུ་ལས་དང་ཉོན་མོངས་པ་དང༌། གཟུང་འཛིན་གཉིས་སུ་སྣང་བའི་མ་རིག་པའི་བག་ཆགས་ཀྱིས་འདུས་བྱས་པའི་ཕྱིར། ཁྱབ་པ་ཡོད་དེ། མདོ་ལས། སྙིང་པོ་ནི་དེ་དང་དེས་འདུས་མ་བྱས་པར་གསུངས་པའི་ཕྱིར་ཏེ། སྙིང་པོ་དངོས་ནི་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེའི་དགོངས་གཞི་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །འདི་ཡང་དགོངས་གཅིག་གི་ནང་ན། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་བདེ་བར་གཤེགས་པའི་སྙིང་པོ་དང༌། ཡོན་ཏན་ཐམས་ཅད་ལྷུན་གྲུབ་དང༌། ས་བཅུ་པ་བས་ཀྱང་ཀུན་གཞི་རྫོགས་པ་དེ་མི་མཐོང་བ་སོགས་ཀྱི་རྣམ་གཞག་གཅིག་མཛད་སྣང་བ་དེ་འགོག་པའོ། །སླར་ཡང་སྐབས་འདིར་དྲི་བ་འདི་དག་འཇུག་སྟེ། ཁམས་དེ་དངོས་པོ་མ་ཡིན་ན། །རིགས་ཁམས་སྦྲང་རྩི་དང་འདྲ་བ། །ཟག་མེད་ཤེས་པར་བཤད་དེ་ཅི། །ཁམས་དེ་དངོས་མེད་ཀྱང་མིན་ན། །དྲི་མར་བཅས་པའི་སེམས་ཀྱི་དབྱིངས། །དངོས་པོར་འདོད་དམ་སངས་རྒྱས་ཀྱི། །ཁམས་ཀྱང་མིན་པར་འདོད་འགྱུར་ཏམ། །རིག་པ་གང་ཡིན་རྣམ་ཤེས་ཀྱི། །ཚོགས་བརྒྱད་ཉིད་དུ་སྡུད་བྱེད་ན། །ཡེ་ཤེས་ལ་རྟོན་རྣམ་ཤེས་ལ། །ཡིད་རྟོན་མིན་པ་དེ་ཅི་ཞིག །ཀུན་གཞིའི་གསལ་ཆ་ཀུན་གཞི་ཉིད། །ཡིན་ན་ཟག་མེད་སེམས་སུ་འགལ། །མིན་ན་མ་སྒྲིབས་ལུང་མ་བསྟན། །ཡིན་པའི་ཤེས་བྱེད་གང་ནས་བཙལ། །ཟག་མེད་སེམས་རྒྱུད་ཚོགས་བརྒྱད་དུ། །སྡུད་པར་བྱེད་ན་རང་བཞིན་གྱི། །གནས་རིགས་མིན་པར་ཐལ་བར་འགྱུར། །དེ་ལྟ་ན་ནི་བྱང་ས་ལས། །གསུངས་པའི་རང་བཞིན་གནས་རིགས་གང༌། །རང་ལུགས་ལ་ཡང་སེམས་ཅན་ཁམས། །སྤྲོས་བྲལ་ཡིན་པ་འགོག་བྱེད་དམ། །ཡང་ན་ཆོས་ཀྱི་དབྱིངས་སུ་འདོད། །གཉིས་པ་ལྟར་ན་ཆོས་དབྱིངས་དེ། །ཤེས་པར་འདོད་དམ་རྟག་པར་འདོད། །ཤེས་པ་ཡིན་ན་དངོས་པོར་འགྱུར། །རྟག་པར་འདོད་ན་ཤེས་མིན་པས། །ཤེས་པའི་ཉེར་ལེན་བྱེད་པའམ། །རྟག་པ་སེམས་ཅན་ཁམས་ཉིད་དུ། །འདོད་པ་སངས་རྒྱས་པ་ལ་མེད། །ཅེས་པའི་དྲི་བ་འདི་དག་ལ། །ཆོས་དབྱིངས་ཤེས་པར་མི་འདོད་པ། །བྱམས་པའི་གཞུང་གི་དགོངས་པ་ཞེས། །འཆད་པོ་རྣམས་ཀྱིས་ལན་ལྡོན་དཀའ། །དེས་ན་དྲི་བ་འདི་དག་གིས། །བསྟན་བཅོས་འདི་ནི་བཀག་གོ་ཞེས། །བ་ལང་ཁྱུ་ཡི་ཚོགས་དག་ཏུ། །ཁྱུ་མཆོག་ལྟ་བུར་རློམ་པ་མཆོག །ཆོས་དབྱིངས་ཡེ་ཤེས་མ་ཡིན་པའི། །སེམས་ཅན་ཁམས་ཀྱི་དབང་བྱས་ནས། །བརྟག་པ་འདི་དག་གིས་བརྟགས་པས། །གཞན་གྱི་འདོད་པ་སུན་ཕྱུང་ཞིང༌། །ཚེར་མ་འདི་དག་འཇུག་པ་མེད། །སྤྲོས་བྲལ་ཞེས་པ་སྤྲོས་པའི་ཚོགས། །བཀག་པའི་མ་ཡིན་དགག་པ་ལ། །འཆད་པ་བྱམས་པའི་གཞུང་ཡིན་པས། །སྤྲོས་བྲལ་རྟག་པའམ་རྣམ་ཤེས་ཞེས། །བརྟགས་པའི་ཚེར་མ་འབྱིན་པར་སླ། །ཞེས་སྦྱར་བ་ཡིན་ནོ།། །།དྲི་བ་བཅུ་བདུན་པ་ནི། ཆོས་དབྱིངས་རྫོགས་པའི་བྱང་ཆུབ་རྒྱུར། །འགྱུར་བ་མེད་ན་ཆོས་ཀྱི་དབྱིངས། །རྒྱུ་ཡིས་རིགས་སུ་འཇོག་ཅེས་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །ཆོས་དབྱིངས་རིགས་སུ་འཇོག་གོ་ཞེས། །ཚད་ལྡན་གཞུང་ལས་གསུངས་དེ་ཅི། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། འདིར་ཆོས་དབྱིངས་འགྱུར་མེད་དུ་བཤད་པ་དེ་རྟག་པ་ལ་འཆད་པ་དང༌། དེའི་དོན་ཡང༌། སྐད་ཅིག་གིས་སྐྱེ་འཇིག་མི་བྱེད་པ་ལ་འཆད་པ་མང་བར་འདུག་པའི་རྒྱུ་མཚན་གྱིས་དང༌། བྱམས་པའི་ཆོས་རྗེས་འབྲང་དང་བཅས་པ་ན། ཆོས་དབྱིངས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་བཤད་པ་དེ། རྒྱུ་མཚན་ཉིད་པ་མ་ཡིན་པར་འཆད་པ་མང་བ་དང༌། དེ་དེའི་རྒྱུ་མཚན་ཉིད་པ་ཡིན་ན། དེ་བསྔོ་རྒྱུའི་དགེ་བར་ཡང་ཁས་བླངས་པས་ཆོག་གམ་སྙམ་དུ་སེམས་པ་དག་མང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་སྐྱོན་ཡོད་པ་ནི། བསྟན་བཅོས་འདིའི་མཐར་ཐུག་གི་ལྟ་བའི་འཇོག་མཚམས་དང༌། ཆོས་དབྱིངས་ཀྱི་ངོས་འཛིན་རང་སྟོང་གི་ཚུལ་དུ་བཞེད་ཅིང༌། དེ་ཉིད་ཕྱོགས་སྔ་མས་ཕྱག་རྒྱ་ཆེན་པོ་རང་སྟོང་གི་ཚུལ་དུ་བཤད་པའི་འཕྲོས་དང་ཡང་མཐུན་མོད། བྱམས་ཆོས་ཀྱི་ལུགས་ཀྱི་ཆོས་དབྱིངས་ངོས་འཛིན་ཚུལ། དིང་སངས་གྲགས་ཆོད་ལྟར་བཤད་ན་ངོས་མི་ཟིན་ཞིང༌། དེ་མ་ཤེས་ན་བྱམས་པའི་གཞུང་རྗེས་འབྲང་དང་བཅས་པ་དང༌། བསྟན་བཅོས་འདིའི་འཆད་ཚུལ་གཉིས་ཀ་ཆུད་ཟོས་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གསུམ་སྟེ། བྱམས་ཆོས་ཀྱི་ཆོས་དབྱིངས་ངོས་བཟུང༌། དེ་འཕགས་པའི་ཆོས་རྣམས་སྐྱེད་བྱེད་ཡིན་པའི་ཚུལ། དེ་ལྟ་ན་ཡང་བསྔོ་རྒྱུའི་དགེ་བར་མི་རིགས་པའོ། །དང་པོ་ནི། དབུས་མཐར་ཆོས་ཀྱི་དབྱིངས་དངོས་པོར་བཤད་པ་ཡིན་ཏེ། སྟོང་པ་ཉིད་དང་ཆོས་དབྱིངས་སོགས་ཀྱི་མཚན་ཉིད་འཆད་པ་ན། གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ། ཞེས་དང༌། དབྱིག་གཉེན་ཞབས་ཀྱིས། འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་དང༌། སློབ་དཔོན་སེང་གེ་བཟང་པོས། ཚད་ལྡན་གྱི་ལུང་དྲངས་པ་ལས། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་དང༌། དེ་བཞིན་ཉིད་མཚན་ཉིད། བྱང་ཆུབ། ཅེས་པའི་འགྲེལ་པར། དེ་བཞིན་ཉིད་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་སོགས་ཤིན་ཏུ་མང་ངོ༌། །གཉིས་པ་ནི། སྤྱིར་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་ལ་རྒྱུ་རྣམ་པ་གཉིས་གཉིས་ཏེ། འཕེན་བྱེད་ཀྱི་རྒྱུ་དང༌། སྐྱེད་བྱེད་ཀྱི་རྒྱུའོ། །གཉིས་པོའི་ཁྱད་པར་ནི། རང་རང་གི་བག་ཆགས་འཇོག་བྱེད་དང༌། དེས་གཞག་པའི་བག་ཆགས་སོ། །དང་པོ་བདག་པོའི་རྐྱེན་དང༌། གཉིས་པ་རྒྱུའི་རྐྱེན་ནོ། །བག་ཆགས་ལ་གཉིས་ཏེ། ཟག་བཅས་ཀྱི་དང༌། ཟག་མེད་ཀྱིའོ། །དང་པོ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ས་བོན་གྱི་ཆ་ཞེས་ཀུན་ལ་གྲགས་པ་དེ་ཉིད་དོ། །གཉིས་པ་ནི། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ན་དེ་དང་གོ་ས་ཐ་མི་དད་ཀྱི་ཚུལ་གྱིས་ཡོད་ཀྱང༌། ཀུན་གཞིའི་རྣམ་ཤེས་སུ་ནི་མི་འཇོག་སྟེ། དེའི་གཉེན་པོ་ཡིན་པ་དང༌། ཟག་པ་མེད་པའི་ཤེས་པ་ཡིན་པ་དང༌། སངས་རྒྱས་ཀྱི་སར་ཡང་རྗེས་སུ་འགྲོ་བའི་ཕྱིར། དཔེར་ན་ས་དང༌། དེའི་ཁོང་ན་ཡོད་པའི་གསེར་བཞིན་ནོ། །དེ་ལ་ནི་མིང་གི་རྣམ་གྲངས། རང་བཞིན་དུ་གནས་པའི་རིགས་དང༌། ཟག་པ་མེད་པའི་ས་བོན་དང༌། སྒྲིབ་པ་སྤང་རུང་དང༌། ཐོས་པའི་བག་ཆགས་དང་སྐྱེ་མཆེད་དྲུག་གི་ཁྱད་པར་དང༌། སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་སོགས་པའི་མིང་གི་ཐ་སྙད་བཏགས་སོ། །དེ་འདྲ་དེའི་མཚན་གཞི་ནི། ཇི་སྐད་དུ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་པའི་གཞུང་གིས་བསྟན་པའི་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོ། །དེ་འདྲ་དེ་ཆོས་ཅན། ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་ཆོས་ནི་འཕགས་པའི་ཆོས་དང༌། དབྱིངས་ནི་རྒྱུའི་དོན་དུ་བཤད་པར་བྱ་བ་ཡིན་གྱི། རང་སྟོང་གི་ཚུལ་ལ་གྲགས་པའི་འཆད་ཚུལ་ལྟར། ཆོས་ཞེས་བྱ་བ་ཤེས་བྱ་ཐམས་ཅད་དང༌། དེ་བདེན་པས་སྟོང་པ་ལ་དབྱིངས་སུ་འཆད་པ་ལྟ་བུ་ནི་འདིར་མ་ཡིན་ནོ། །གོང་གི་རྟགས་གྲུབ་སྟེ། འཕགས་པ་སོ་སོའི་རང་རྒྱུད་ཀྱི་ཆོས་དབྱིངས་ལ་དམིགས་ཏེ། རང་རང་གི་རྟོགས་ཚུལ་དང་འཚམ་པའི་རྟོགས་བྱེད་ཀྱི་བློས་དམིགས་ཏེ་གོམ་པར་བྱས་པ་ན། འཕགས་པ་རང་རང་གི་ཡོན་ཏན་དེ་དང་དེ་དག་ཆོས་དབྱིངས་ལས་སྐྱེ་བའི་ཕྱིར། དཔེར་ན། ཞིང་ལ་གནས་པའི་ས་བོན་དེ། ཆུ་ལུད་སོགས་ཀྱིས་གསོས་བཏབ་པ་ན། དེ་ལས་མྱུ་གུ་སྐྱེད་པ་བཞིན་ནོ། །དེ་སྐད་དུ་ཡང༌། དེ་ནི་རྟེན་དང་བརྟེན་པ་དང༌། །ཡོད་མེད་གཉིས་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་གསུངས་ཤིང༌། སྒྲོལ་བའི་དོན་ཡང༌། སྐྱེད་པ་ལ་ཉི་སྣང་སོགས་ལས་བཤད་དོ། །གསུམ་པ་ནི། དེ་ལྟ་ན་ཡང་དེ་འདྲ་དེ་བསྔོ་རྒྱུའི་དགེ་བ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཆོས་དབྱིངས་དེ་མ་བསྔོས་ཀྱང༌། ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་རིགས་སུ་གནས་པའི་ཕྱིར་དང༌། ངོ་བོ་གཞན་དུ་འགྱུར་བ་མེད་པའི་ཕྱིར། དཔེར་ན་སྤྲིན་དང་བཅས་པའི་ནམ་མཁའ་དེ་དྭངས་པའི་ཚེ་ན། ནམ་མཁའ་དེ་བསྒྱུར་བ་མ་ཡིན་པ་བཞིན་ནོ། །ཆོས་དབྱིངས་བསྔོ་རྒྱུ་མ་ཡིན་ཀྱང༌། སྤྱིར་བསྔོ་བས་ཆོས་དབྱིངས་ལ་ཕན་འདོགས་པའི་དོན་མེད་པ་མ་ཡིན་ཏེ། འདུས་བྱས་ཀྱི་དགེ་རྩ་བྱང་ཆུབ་ཏུ་བསྔོས་པས། ཆོས་དབྱིངས་ཞིང་ས་གཤིན་པ་དང་འདྲ་བ་དེའི་སྟེང་གི་ཟག་མེད་ཀྱི་ས་བོན་གསོས་བཏབ་པས། བྱང་ཆུབ་གསུམ་པོ་གང་རུང་གི་མྱུ་གུ་འཁྲུངས་པའི་ཕྱིར་རོ།། །།དྲི་བ་བཅོ་བརྒྱད་པ་ནི། ཆོས་དབྱིངས་ལུང་མ་བསྟན་ཡིན་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་དགེ་བ་དང༌། །སྡིག་པའང་ལུང་བ་སྟན་དུ་འགྱུར། །སྙམ་པའི་དོགས་པ་མི་འབྱུང་ངམ། །ཆོས་དབྱིངས་གསུམ་ཀར་མི་རུང་ན། །དེ་མཚུངས་དོགས་པའང་ཅིས་མི་འབྱུང༌། །ཆོས་དབྱིངས་ཡོད་པར་མི་བཞེད་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །དངོས་པོ་མེད་ཕྱིར་དངོས་ཀུན་ཀྱང༌། །ཡོད་པར་མི་བཞེད་མིན་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་དྲི་བའི་བསམ་པ་བཤད་པ་ལ། འདྲི་དགོས་པའི་རྒྱུ་མཚན་དང༌། མ་དྲིས་པའི་ཉེས་དམིགས་སོ། །དང་པོ་ནི། ཇི་སྲིད་ཡོད་པ་ཞེས་བྱ་བའི་ཆོས་ཤིག་ཁས་ལེན་པ་དེ་སྲིད་དུ། ཆོས་ཐམས་ཅད་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་དུ་ཁ་ཚོན་བཅད་དགོས་པའི་རྒྱུ་མཚན་གྱིས་དང༌། གཞུང་གི་སྒྲས་ཟིན་ལ། ཡོད་ན་ཆོས་དབྱིངས་ཡིན་དགོས་པ་དང༌། སྡིག་པ་དང་ལུང་མ་བསྟན་གཉིས་ཀྱང་ཆོས་དབྱིངས་སུ་བཤད་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་དང༌། རྣམ་བཤད་མཛད་པ་པོ་རྣམས་ཀྱིས་ཀྱང༌། ཟུར་ཐོན་པའི་བཤད་པ་མི་སྣང་བས་སོ། །གཉིས་པ་ནི། འོ་ན་ཆོས་ཀྱི་དབྱིངས་ཆོས་ཅན། གསུམ་པོ་གང་རུང་དུ་ཐལ། ཡོད་པའི་ཕྱིར། རྟགས་དང་ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་འཇུག་ཚུལ། འདི་ལྟར། འདོད་ན་གསུམ་པོ་གང་ཡིན། ལུང་མ་བསྟན་ལས་འོས་མེད་པས། དགེ་བ་དང་སྡིག་པའང་ཆོས་ཅན། ལུང་མ་བསྟན་དུ་ཐལ། ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། ཞེས་བརྗོད་ན་འཁོར་གསུམ་ཚང་བར་འགྱུར་ཏེ། རྟགས་དངོས་སུ་ཁས་བླངས་ཤིང༌། ཁྱབ་པ་གང་དུ་ཁས་བླངས་པའི་སྒྲིག་མཚམས་ཀྱང་ཁས་བླངས་སོ། །ཐལ་ཆོས་ལ་ཚད་མའི་བསལ་པ་ཞུགས་པར་མ་ཟད། ཁས་བླངས་འགལ་བ་ཡང༌། འདི་ལྟར། དེ་ལྟ་ཡིན་ན་སེམས་ཅན་རྣམས། །བདེ་འགྲོར་འགྲོ་བ་མི་སྲིད་ཅིང༌། །ངན་འགྲོར་འགྲོ་བའང་མི་སྲིད་འགྱུར། །ཞེས་སྦྱར་རོ། །ཡང་དགེ་བ་ཆོས་ཅན། ཆོས་ཀྱི་དབྱིངས་སུ་ཐལ། ཡོད་པའི་ཕྱིར། འདོད་ན། ཆོས་ཉིད་དང་དགེ་བའི་གཞི་མཐུན་ཁས་བླངས་སོ། །གལ་ཏེ་ཆོས་ཀྱི་དབྱིངས་སྤྱིར་ཡོད་པར་ཁས་མི་ལེན་པས། དེ་གསུམ་གང་རུང་དུ་ཁས་མི་ལེན་ནོ་ཞེ་ན། འོ་ན་དགེ་སོགས་གསུམ་པོ་རེ་རེ་ནས་ཆོས་ཅན། རེ་རེ་ནས་རང་རང་མ་ཡིན་པར་ཐལ། ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། རྟགས་ཆོས་ལ་ཁས་བླངས་ཀྱི་བསལ་པ་དངོས་སུ་ཞུགས། སྔ་མ་ལ་ཁྱབ་པ་མ་ངེས་ན་དངོས་འགལ་དུ་སོང་བ་ཡིན་ཏེ། ཆོས་དབྱིངས་ཡིན་ན་དགེ་བ་ཡིན་པར་འགལ་བ་ནི། གཞུང་གི་སྒྲས་ཟིན་དུ་མ་ཟད། ཞེ་འདོད་ལ་སྣང་བའི་ཕྱིར། ཕྱི་མ་གཉིས་ལ་ཁྱབ་པ་མ་ངེས་ན། ཆོས་དབྱིངས་ལ་མི་དགེ་བའམ། ལུང་མ་བསྟན་གྱི་གཞི་མཐུན་ཁས་བླངས་པར་སོང་བས། དམ་བཅའ་སྔ་མ་ཉམས་སོ། །ཡང་ཆོས་ཀྱི་དབྱིངས་ཡོད་པ་མ་ཡིན་ན། མེད་པར་བཞེད་དམ། སྤྲོས་བྲལ་དུ་བཞེད། དང་པོ་ལྟར་ན། དངོས་སུ་འགལ་བར་མ་ཟད། ཡོད་པ་ཞེས་བྱ་བའི་ཆོས་ཤིག་མི་སྲིད་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་མེད་པ་གང་ཞིག དེ་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད། །ཅེས་པའི་གཞུང་གིས་བསྟན་པའི་ཡོད་དགེ་དེ་ཡང་ཡོད་མེད་ཀྱི་མཐའ་དང་བྲལ་བར་འགྱུར་ཏེ། ཆོས་དབྱིངས་དེ་མཐའ་བྲལ་གང་ཞིག ཆོས་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་རོ། །ཞེས་པའི་ཉེས་པ་འདི་དག་འཇུག་པར་མཐོང་ནས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་པ། ཞེས་བྱ་བ་འདི་རྒྱལ་བའི་བཀའ་དང༌། ཚད་ལྡན་གྱི་བསྟན་བཅོས་མང་པོར་བཞུགས་ཀྱང༌། བསྟན་བཅོས་འདི་འཆད་པ་པོ་རྣམས་ཁོ་ནར་མ་ཟད། ཡུམ་གྱི་མདོ་དང༌། མདོ་སྡེའི་རྒྱན་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་འཆད་པ་པོ་རྣམས་ཀྱིས་ཀྱང༌། དོན་དེ་ལ་གདེངས་མ་ཐོབ་པས་མུན་པའི་གླིང་དུ་འཁྱམས་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས། རྟ་ཐུལ་གྱིས་ནི་ཚངས་པ་ལ། །འབྱུང་ཆེན་གང་དུ་འགག་ཅེས་དྲིས། །མེས་པོར་རློམ་པའི་སྙེམས་པ་ཡིས། །བདེན་གཏམ་རླུང་ལ་བསྐུར་ཞེས་གྲག །དེ་བཞིན་མེས་པོར་རློམ་པ་འགའ། །འདི་ན་དད་པའི་རྗེས་འབྲང་དག །ཡིད་ཆེས་བྱ་ཕྱིར་དཔྱོད་ལྡན་ཚིག །བསྟིངས་པར་བྱེད་པ་ཡོད་མིན་ནམ། །གཉིས་པ་དངོས་ལན་བཏབ་པ་ལ་གཉིས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཚུལ་རྒྱས་པར་བཤད། སྐབས་སུ་བབ་པའི་གཞུང་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུམ་གྱི་མདོ་ལས་དེ་ལྟར་གསུངས་པའི་དགོངས་པ་བཤད། བྱམས་ཆོས་ཕྱི་མ་ལས་དེ་ལྟར་གསུངས་པའི་དགོངས་པ་བཤད་པའོ། །དང་པོ་ལ། ཆོས་རྣམས་ཀྱི་ངོ་བོ་ནི་གཉིས་ཏེ། སྣང་ཚུལ་གྱི་དང༌། གནས་ཚུལ་གྱི་ངོ་བོའོ། །གཉིས་པོའི་ཁྱད་པར་ནི། ཡང་དག་མིན་རྟོག་ལ་སྣང་ཚུལ་དང༌། མི་རྟོག་ཡེ་ཤེས་ཀྱིས་གཟིགས་ཚུལ་གྱི་དབང་དུ་བྱས་སོ། །དང་པོ་ནི། སོ་སོ་སྐྱེ་བོ་དང༌། འཕགས་པ་སློབ་པའི་རྗེས་ཐོབ་ཏུ། མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་དང༌། ཕྱི་མ་ནི། འཕགས་པའི་མཉམ་གཞག་ཏུ་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་སྟོབས་ཀྱིས་ཅིར་ཡང་མི་སྣང་ངོ༌། །དེའི་དུས་ཀྱི་ཡུལ་ཅན་གཉིས་པོ་དེ་ལ་ནི་གོ་རིམ་བཞིན་དུ། རྣམ་ཤེས་དང་ཡེ་ཤེས་ཞེས་བྱ་ཞིང༌། ཡུལ་གཉིས་པོ་དེ་ལ་ནི། ཆོས་ཅན་དང་ཆོས་ཉིད་ཅེས་ཀྱང་བྱ། ཀུན་རྫོབ་དང་དོན་དམ་པ་ཞེས་ཀྱང་བྱ། ཇི་སྙེད་པ་དང་ཇི་ལྟ་བ་ཞེས་ཀྱང་བྱའོ། །དེ་ལྟར་གཉིས་ཀྱི་ནང་ནས། ཤེས་བྱ་ཇི་སྙེད་པ་རྣམས་ཀྱི་གནས་ཚུལ་ནི་ཆོས་དབྱིངས་སུ་གནས་པ་ཡིན་གྱི། ཆོས་ཅན་དུ་གནས་པ་ནི་མ་ཡིན་ཏེ། དེར་གནས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་སོ་སོ་སྐྱེ་བོ་དང༌། སློབ་པའི་རྗེས་ཐོབ་ལ་ཇི་ལྟར་སྣང་བ་དེ་ལྟར་དུ་གཟིགས་དགོས་པ་ལས། དེ་མ་གཟིགས་པའི་ཕྱིར། དེ་སྐད་དུ་ཡང༌། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་དང༌། འཇུག་འགྲེལ་དུ། དངོས་པོ་བྱས་པ་ཅན་ལ་མ་རེག་པར། །རང་བཞིན་འབའ་ཞིག་ཐུགས་སུ་ཆུད་པའི་ཕྱིར། །སངས་རྒྱས་སོ། །ཞེས་གསུངས། དེའི་ཕྱིར་ཆོས་ཅན་ཇི་སྙེད་པ་རྣམས་ནི། ཇི་ལྟར་སྣང་བ་དེ་ལྟར་དུ་ཡོད་པ་མ་ཡིན་ཏེ། སྣང་ཚུལ་དང་གནས་ཚུལ་མ་མཐུན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་བཞིན་ནོ། །དེས་ན་ཤེས་བྱ་ཐམས་ཅད་ཀྱི་གནས་ཚུལ་ནི་ཆོས་ཀྱི་དབྱིངས་སུ་གནས་པ་དེའི་ཕྱིར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་དོ། །གལ་ཏེ་ཁོ་མེད་ན། ཁོའི་གནས་ཚུལ་ཡོད་པར་འགལ་ལོ། །ཞེ་ན། མ་ཡིན་ཏེ། གནས་ཚུལ་མེད་པ་ལ་གནས་ཚུལ་དུ་སྒྲོ་བཏགས་པའི་ཕྱིར་རོ། །ཇི་སྐད་དུ། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་པ་ལྟར་རོ། །དེ་ལྟ་ནའང༌། ཇི་སྙེད་པ་རྣམས་ཆོས་དབྱིངས་སུ་ཁས་ལེན་པ་ནི་མ་ཡིན་ཏེ། དོན་དམ་པའི་བདེན་པར་ཐལ་བས་སོ། །མཐར་ནི་ཆོས་ཀྱི་དབྱིངས་ཉིད་ཀྱང་དེ་མ་ཡིན་ཏེ། ཡིན་ན་དོན་དམ་པའི་བདེན་པར་ཐལ་བས། སྤྲོས་པའི་མཐའ་མ་ལུས་པ་དང་མ་བྲལ་བ་ཉིད་དུ་ཐལ་བར་འགྱུར་བས་སོ། །དེས་ན་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་དོ། །ཞེས་བྱ་བའི་དོན་ནི། གང་གཞི་གྲུབ་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཡིན་ནོ། །ཞེས་བྱ་བའི་དོན་ནི་མ་ཡིན་ཏེ། གྲུབ་པ་ཞེས་བྱ་བའི་ཆོས་ཤིག་ཁས་བླངས་ན། དེ་ཆོས་ཀྱི་དབྱིངས་སུ་མི་རུང་བའི་ཕྱིར་དང༌། སྤྱིར་ཡང་སྤྲོས་པའི་མཐའ་གང་རུང་གཅིག་ཏུ་ཁས་བླངས་ན། ཆོས་ཀྱི་དབྱིངས་སུ་འགལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་འདི་ཡང༌། ལྟ་བས་སྤྲོས་པ་གཅོད་པའི་དབང་དུ་བྱས་པ་ཡིན་གྱི། སྒོམ་པས་ཉམས་སུ་ལེན་པའི་ཚེ་ནི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ཙམ་ཞིག་ཁས་བླངས་ནས་གོམས་པར་བྱེད་ལ། དེ་ལ་ནི་རྣལ་འབྱོར་པའི་ཀུན་རྫོབ་ཅེས་བྱའོ། །སྤྱོད་པས་བསོད་ནམས་ཀྱི་ཚོགས་ལ་སློབ་པ་དེའི་ཚེ་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་ཐད་སོར་འཇོག་པ་ཡིན་ལ། དེ་ལ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཐབས་སུ་གྱུར་པ་ཞེས་བྱའོ། །གཉིས་པ་ནི། མདོ་སྡེའི་རྒྱན་དང༌། །དབུས་མཐའ་ལས། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །ཞེས་དང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་དོན། ཀུན་བྱང་དང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཁས་ལེན་པ་མ་ཡིན་ཏེ། དེ་ལྟར་ཁས་ལེན་པ་ནི་དཀའ་བ་དང༌། མི་ནུས་པ་དང༌། འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཚུལ་ཡང༌། དེ་ལྟར་ན་ཀུན་བཏགས་དང་གཞན་དབང་གཉིས་ཀ་ཡོངས་གྲུབ་ཏུ་ཐལ་བ་དང༌། རྣམ་དག་གི་དམིགས་པ་དང༌། དོན་དམ་པའི་བདེན་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བྱམས་ཆོས་བར་པ་གསུམ་གྱི་ལྟ་བའི་འཇོག་མཚམས་མཐར་ཐུག་ཏུ་སླེབ་པ་ན། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་ཡོད་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཁོ་ན་ཡོད་ལ། དེ་ལས་གཞན་མེད་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་ལུགས་འདིར། ཡོད་ན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་དགོས་ཏེ། ཡོད་ན་ཡོངས་གྲུབ་ཡིན་དགོས་པའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང༌། གཟུང་འཛིན་གཉིས་ནི་མེད་ལ། གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་ཡོད་པའི་རྒྱུ་མཚན་ལ་ཐུག་ཅིང༌། དེ་དག་གི་ཤེས་བྱེད་ཀྱང༌། མདོ་སྡེའི་རྒྱན་ལས། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང༌། དབུས་མཐའ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ལྟ་བས་ན་དམིགས་པ་དང༌། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི། ལུགས་འདིར་སྡིག་པ་དང་ལུང་མ་བསྟན་ཆོས་དབྱིངས་ཡིན་པ་ལྟ་ཞོག ཡོད་པར་ཡང་ཁས་མི་ལེན་ཏེ། གཟུང་འཛིན་གང་རུང་གིས་བསྡུས་པའི་ཕྱིར་རོ། །འོ་ན་ཐ་སྙད་ཀྱི་བདེན་པ་ཁས་མི་ལེན་ནམ་ཞེ་ན། དེ་ཡང༌། འཇིག་རྟེན་དང་ཉན་ཐོས་པ་ལ་གྲགས་པའི་དོན་རྣམས་ནི། རྣལ་འབྱོར་སྤྱོད་པ་པ་རང་གི་གྲུབ་མཐའ་ལ་གྲགས་པའི་ཚད་མས་གྲུབ་པར་ནི་ཁས་མི་ལེན་གྱི། བག་ཆགས་བརྟན་པ་དང་མི་བརྟན་པ་ལས་བྱུང་བའི་ཤེས་པ་ལ་ཇི་ལྟར་སྣང་བའི་གཟུང་རྣམ་དེ་ཉིད་ལ། ཡང་དག་པའི་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་འདོགས་པར་བྱེད་ཅིང༌། སྣང་བ་དེ་ཡང༌། གནས་ལུགས་ལ་སེམས་སུ་གནས་པ་ཡིན་ཞིང༌། དེ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཐ་སྙད་ཀྱི་བདེན་པའི་འཇོག་ལུགས་ཡིན་ལ། དེ་ལྟར་སྣང་མཁན་གྱི་སེམས་ཀྱི་རྣམ་པ་དེ་ཉིད་ཀྱང་མི་བདེན་པ་དང་ཡོད་པ་མ་ཡིན་པར་སྒྲུབ་པ་ནི། དོན་དམ་བདེན་པའི་འཇོག་མཚམས་སོ། །དོན་དེ་ལ་རང་སྟོང་དུ་སྨྲ་བ་དག་གིས་བརྟག་པ་ནི། ཐ་སྙད་ཀྱི་བདེན་པ་སྣང་བ་ལྟར་དོན་ལོགས་ན་མ་གྲུབ་པ་དང༌། སྣང་བ་དེ་ཉིད་སེམས་སུ་ཁས་བླངས་པ་དེའི་ཚེ། ཐ་སྙད་བདེན་པའི་འཇོག་མཚམས་རིགས་པས་དཔྱད་ནས་གཞག་པར་སོང་བས། ཐ་སྙད་ཀྱི་བདེན་པ་ལས་ཉམས་སོ། །ཞེས་འཆད་པ་ཡིན་ཏེ། དབུ་མ་ལ་འཇུག་པར། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་སོ། །གཉིས་པ་གཞུང་གི་དོན་ལ། ཅི་ནས་ཆོས་དབྱིངས་དགེ་བ་ཉིད། །ཅེས་སོགས་ཀྱི་གཞུང་འདིས་ནི། རྣལ་འབྱོར་སྤྱོད་པ་པ་དག་གིས། ཡོད་ན་ཆོས་དབྱིངས་ཡིན་པས་ཁྱབ་པ་དང༌། ཆོས་དབྱིངས་ཁོ་ན་དོན་དམ་པའི་དགེ་བར་བཤད་ནས། རྣམ་སྨིན་འཕེན་བྱེད་ཀྱི་དགེ་བ་རྣམས་ནི་ཀུན་རྫོབ་པའི་དགེ་བ་དང༌། གཟུང་འཛིན་ཀུན་བཏགས་གཉིས་པོ་གང་རུང་གི་ནང་དུ་འདུས་པས། ཡོད་པ་མ་ཡིན་པར་ཁས་ལེན་པ་ཕྱོགས་སྔ་མར་བྱས་ནས། དེ་འགོག་བྱེད་ཀྱི་རིགས་པ་ནི། དབུ་མ་ཐལ་རང་དུ་སྨྲ་བའི་ལུགས་གཞིར་གཞག་ནས་འགོག་པར་མཛད་དོ། །དེ་ཡང་འདི་ལྟར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་ཅིང༌། ཆོས་དབྱིངས་ཁོ་ན་བདེན་པ་ཞེས་བྱ་བའི་ལུགས་འདི་ནི་བདེན་པ་གཉིས་ཀ་ལས་ཉམས་པ་ཡིན་ཏེ། ཆོས་ཅན་དང་ཆོས་དབྱིངས་གཉིས་ཀ་ཐ་སྙད་དུ་ཡོད་མཉམ་དང༌། དོན་དམ་དུ་མེད་མཉམ་དུ་གཞག་དགོས་པའི་ཕྱིར། དེ་ལ་རྣལ་འབྱོར་སྤྱོད་པ་པས། རྟགས་གཉིས་ཀ་མ་གྲུབ་བོ། །ཞེས་ཟེར་བ་ལས་འོས་མེད་པས། འདི་ལ་གཉིས་ཏེ། ཐ་སྙད་དུ་ཡོད་མཉམ་མ་ཡིན་པ་སུན་འབྱིན་པ་དང༌། དོན་དམ་དུ་མེད་མཉམ་མ་ཡིན་པ་སུན་འབྱིན་པའོ། །དང་པོ་ནི། ཐ་སྙད་དུ་སྡིག་པ་དང༌། ལུང་མ་བསྟན་ཡང་མེད་པར་ཐལ། ཐ་སྙད་དུ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། འདོད་པ་དེ་ལྟ་ཡིན་ན། སེམས་ཅན་ཀུན་ངན་འགྲོར་འགྲོ་བ་མི་སྲིད་དོ། །གཉིས་པ་ནི། དོན་དམ་པར་ཆོས་ཀྱི་དབྱིངས་ཡོད་པ་དང༌། དེ་ཡང་དགེ་བ་ཉིད་ཡིན་ན། ཧ་ཅང་ཐལ་བར་འགྱུར་ཏེ། སྡིག་པ་དང་ལུང་མ་བསྟན་གྱི་དོན་དམ་པའི་ངོ་བོ་ཆོས་ཅན། དགེ་བར་ཐལ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར། རྟགས་ཀྱང་ཁས་བླངས་པ་ཡིན་ཏེ། ཆོས་ཅན་གཞན་དབང་གི་དོན་དམ་པའི་ངོ་བོ་ནི། ཆོས་ཉིད་དུ་རྣལ་འབྱོར་སྤྱོད་པ་པས་ཁས་བླངས་པའི་ཕྱིར། འཇུག་པར་དེའི་འདོད་པ་འཆད་པ་ན། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང༌། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་འབྱུང་བ་ལྟར་རོ། །རྩ་བར་འདོད་ན། དེ་གཉིས་ཀྱི་ངོ་བོ་དགེ་བར་འགྱུར་ཏེ། དེ་གཉིས་ཀྱི་དོན་དམ་པའི་ངོ་བོ་ནི་དགེ་བ་ཡིན། ཀུན་རྫོབ་ཀྱི་ངོ་བོ་ནི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར། རྣལ་འབྱོར་སྤྱོད་པ་པ་དག་གིས་ཁས་བླངས་པའི་ཕྱིར་རོ། །འདོད་ན་ངན་འགྲོ་མི་སྲིད་པར་འགྱུར་རོ། །འོ་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་ལ་ཡང༌། སུན་འབྱིན་དང་པོ་དེ་འཇུག་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པའི་ཕྱིར་སྙམ་ན། ཉེས་པ་དེ་མེད་དེ། ཐ་སྙད་དུ་གཏན་ཚིགས་མི་འགྲུབ་པ་དང༌། དོན་དམ་དུ་འདོད་པའི་ལན་གྱིས་བཟློག་ནུས་པས་སོ། །དེ་དག་ལ་འདི་སྐད་ཅེས། ཅི་ནས་ཆོས་དབྱིངས་དགེ་བ་ཉིད། །ཡིན་ན་ཧ་ཅང་ཐལ་འགྱུར་ཏེ། །སྡིག་དང་ལུང་མ་བསྟན་གྱི་ཡང༌། །ངོ་བོ་དགེ་བར་འགྱུར་བ་དང༌། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སྡིག་པ་དང༌། །ལུང་མ་བསྟན་ཡང་མེད་པར་འགྱུར། །དེ་ལྟ་ཡིན་ན་སེམས་ཅན་འགའ། །ངན་འགྲོར་འགྲོ་བ་མི་སྲིད་དོ། །ཞེས་བཏོན་པ་ཉིད་ཀྱིས་དོན་གྱི་ཁོག་ཁྲོལ་བར་འགྱུར་རོ།། །།དྲི་བ་བཅུ་དགུ་པ་ནི། ཡོད་པ་སྒྲུབ་པར་གསུངས་པ་ཡིས། །ཆོས་དབྱིངས་དགེ་ལ་ཇི་ལྟར་གནོད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་དགོས་པའི་རྒྱུ་མཚན་ནི། གཞུང་ཀུན་ན། སྒྲུབ་པ་ཞེས་བྲིས་པ་ཤ་སྟག་ཏུ་སྣང་ཞིང༌། དེ་ལུང་རིགས་གཉིས་དང་མི་མཐུན་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། རྡོ་རྗེ་རྒྱལ་མཚན་གྱི་མདོ་ཉིད་ན་ཡོད་པའི་དགེ་བ་སྒྲུབ་པར་གསུངས་པ་མི་སྣང་བས། ལུང་དང་མི་མཐུན་པ་དང༌། རིགས་པ་ཡང༌། ཡོད་པ་དང༌། ཞེས་པའི་ལུང་གིས་བསྟན་པའི་དགེ་བ་དེ་ཆོས་ཅན། ཆོས་དབྱིངས་མ་ཡིན་ཏེ། སྒྲུབ་པ་ཡིན་པའི་ཕྱིར། ཞེས་ཟེར་བ་ལས་འོས་མེད་ལ། དེ་ལ་ནི་མདོ་སྡེའི་རྒྱན་དང༌། དབུས་མཐའ་ནས་གསུངས་པའི་ཆོས་དབྱིངས་ཀྱིས་མ་ངེས་སོ། །འོ་ན། ཁྱོད་ཀྱང་དེ་ཆོས་དབྱིངས་གོ་ཆོད་པོར་འདོད་དམ་ཞེ་ན། ཤིང་རྟའི་སྲོལ་གཉིས་པོ་མ་འདྲེས་པ་གཞིར་གཞག་ནས་ཁས་ལེན་པར་བྱེད་དོ། །གཉིས་པ་དངོས་ལན་གདབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང༌། གཏན་ཚིགས་དགོད་པའོ། །དང་པོ་ནི། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་ལེའུ་ལས། ཕྱོགས་བཅུའི་འཇིག་རྟེན་ཁམས་ན་གང་ཡོད་པའི། །དགེ་བ་དེ་དག་ཡང་དག་བསྒྲུབས་པས་ན། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱིས། །ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ། །ཞེས་པའོ། །གཉིས་པ་ནི། མདོ་དེས་བསྟན་པའི་ཡོད་པའི་དགེ་བ་ཆོས་ཅན། ཆོས་ཀྱི་དབྱིངས་མ་ཡིན་ཏེ། མདོ་དེ་ཉིད་ལས་གསར་དུ་བསྒྲུབས་པར་གསུངས་པའི་ཕྱིར།། །།དྲི་བ་ཉི་ཤུ་པ་ནི། མི་འགྱུར་བསྔོ་བ་དོན་མེད་ན། །ཚོང་དཔོན་མཛའ་བོའི་བུ་མོ་ཡིས། །སྨོན་ལམ་བཏབ་པ་དེ་ཅི་ཞིག །ཅེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་པོ་ཀུན་གྱིས། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ཇི་བཞིན་མ་བཤད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། བསྔོ་བས་སྒྱུར་དུ་མི་རུང་བ་རྣམས་མི་བསྔོ་བ་ཡིན་ན། བཏབ་ཀྱང་མི་འགྲུབ་པའི་སྨོན་ལམ་ཡང་འདེབས་སུ་མི་རུང་ངམ་སྙམ་པའི་དོགས་པ་ཡིན་པའོ། །དངོས་ལན་ནི། གཉིས་པོའི་ཁྱད་པར། བསྔོ་བ་ལ་ནི། བསྔོ་རྒྱུའི་རྫས་ངེས་པར་ཡོད་པ་ཞིག་དགོས་ལ། བསྔོ་རྒྱུ་ཡོད་དམ་མེད་ཀྱང་རུང༌། འདོད་བྱའི་དངོས་པོ་ཞིག་དོན་དུ་གཉེར་བ་ནི་སྨོན་ལམ་སྟེ། ཇི་སྐད་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་འབྱུང་བ་ལྟར་རོ། །འདི་ལ་ཡང༌། བསྔོ་བ་ཡིན་ལ། སྨོན་ལམ་མ་ཡིན་པ་ནི་མི་སྲིད་ཅིང༌། སྨོན་ལམ་ཡིན་ལ། བསྔོ་བ་མ་ཡིན་པ་ནི་ཤིན་ཏུ་མང་བའི་ཚུལ་ཤེས་དགོས་སོ། །དེའི་ནང་ནས་བསྔོ་རྒྱུ་ནི་བྱས་པའི་དགེ་བ་ཡིན་ལ། དེ་ལ་ཡང་དུས་གསུམ་དུ་བསགས་པའི་དབྱེ་བས་གསུམ་དུ་འགྱུར་བར། མདོ་ཉིད་ལས་གསུངས་ཤིང༌། དེ་ལའང་རང་གིས་བསགས་པ་དང༌། གཞན་གྱིས་བསགས་པའི་དབྱེ་བས་གཉིས་ལས། རང་གིས་བསགས་པ་ནི་དེ་ཉིད་བསྔོ་བར་བྱེད་ཅིང༌། གཞན་གྱིས་བསགས་པ་ལ་ནི། རྗེས་སུ་ཡི་རང་བའི་སྒོ་ནས་ཡི་རང་གི་དགེ་བ་དེ་ཉིད་བསྔོ་བར་བྱེད་པ་ཡིན་གྱི། གཞན་གྱིས་བྱས་པ་དེ་ཉིད་བསྔོ་བ་མ་ཡིན་ཏེ། ཡིན་ན། དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །བསྔོ་བ་དང་སང་ཅིས་མི་འགྲུབ། །ཅེས་པ་དེར་ཐལ་བས་སོ། །གང་དུ་བསྔོ་བ་ཡང༌། མངོན་མཐོ་དང་ངེས་ལེགས་ཀྱི་དབྱེ་བས་གཉིས་ལས། དང་པོ་ཁོ་ནར་བསྔོས་ན། དགེ་བ་དེ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཁོ་ནར་འགྱུར་ཞིང༌། བྲལ་བའི་འབྲས་བུ་མཚན་ཉིད་པ་འཐོབ་བྱེད་ཀྱི་རྒྱུར་མི་འགྱུར་ལ། གཉིས་པ་དེར་བསྔོས་ན། བསོད་ནམས་ཆ་མཐུན་དང་ཐར་པ་ཆ་མཐུན་གྱི་དགེ་བ་གཉིས་ཀར་དུ་འགྱུར་ཞིང༌། དགེ་བ་དེ་ཡང་ཟག་པ་དང་བཅས་པ་ཡིན་ན་ནི། རྣམ་སྨིན་དང༌། རྒྱུ་མཐུན་དང༌། བདག་པོ་དང༌། སྐྱེས་བུའི་བྱེད་པ་དང༌། བྲལ་བའི་འབྲས་བུ་སྟེ། འབྲས་བུ་རྣམ་པ་ལྔ་ཀ་འབྱིན་པར་བྱེད་དོ། །ཆོས་ཉིད་ནི་བསྔོ་བས་སྒྱུར་དུ་རུང་བ་མ་ཡིན་ཏེ། བསྔོ་བའི་སྟོབས་ཀྱིས་འབྲས་བུ་དེ་དག་གང་གི་ཡང་རྒྱུར་སྒྱུར་དུ་རུང་བ་མ་ཡིན་པའི་ཕྱིར། གལ་ཏེ་ཆོས་ཉིད་དྲི་མས་རྣམ་པར་དག་པ་ན་བྲལ་བའི་འབྲས་བུར་རུང་བ་མ་ཡིན་ནམ་ཞེ་ན། ཡིན་མོད། དེའི་འཐོབ་བྱེད་ཀྱི་རྒྱུ་ནི་ལམ་གྱི་བདེན་པ་ཁོ་ན་ཡིན་གྱི། ཆོས་ཉིད་མ་ཡིན་ནོ། །གལ་ཏེ་ཆོས་དབྱིངས་རིག་པར་ཁས་ལེན་དགོས་པ་དེའི་ཚེ། རིགས་འདྲའི་རྒྱུན་ཕྱི་མ་འབྱུང་བའི་ཕྱིར། ཆོས་ཉིད་སྐལ་མཉམ་གྱི་རྒྱུར་གཞག་དགོས་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ཡང་བསྔོ་བ་ལ་ལྟོས་པ་མ་ཡིན་ཏེ། དེ་ལས་དེ་འབྱུང་བ་བསྔོ་བའི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར་རོ། །དེ་བས་ན། ཆོས་ཉིད་ནི་བསྔོ་རྒྱུར་རུང་ན། ཐེག་པ་གསུམ་པོ་གང་རུང་གི་མྱ་ངན་ལས་འདས་པའི་རྒྱུར་ཁས་ལེན་དགོས་པ་ལས། དེ་ཡང་མ་ཡིན་ཏེ། དེ་དེ་ལ་ལྟོས་པའི་རྒྱུ་དྲུག་པོ་གང་རུང་མ་ཡིན་ཞིང༌། མྱ་ངན་ལས་འདས་པ་ཡང་དེ་ལ་ལྟོས་པའི་འབྲས་བུ་ལྔ་པོ་གང་དུ་ཡང་མི་རུང་བའི་ཕྱིར། འོ་ན་མྱང་འདས་ཀྱི་རང་གི་ངོ་བོ་རིག་པར་ཁས་ལེན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཁས་ལེན་པའི་སྐབས་ཤིག་ཡོད་མོད། དེའི་ཚེ་རང་བཞིན་རྣམ་དག་གི་ཆ་ནས་རྒྱུ་མཐུན་གྱི་འབྲས་བུར་འཇོག་ཀྱང༌། གློ་བུར་རྣམ་དག་གི་ཆ་ནས་དེར་མི་འཇོག་པའི་ཕྱིར། ཉེས་པ་མེད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། བསྟན་བཅོས་མཛད་པ་འདིས་ཀྱང༌། གནས་སྐབས་སུ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ཞལ་གྱིས་བཞེས་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་འཇིག་རྟེན་མཐུན་འཇུག་ལ། །དགོངས་ནས་ཕྱི་རོལ་དོན་དུ་གསུངས། །ཐ་སྙད་སྤྱོད་པའི་རིགས་པ་ལ། །དགོངས་ནས་ཆོས་རྣམས་སེམས་སུ་གསུངས། །ཞེས་གསུངས་པས་སོ། །དེས་ན་གནས་སྐབས་སུ་ཆོས་དབྱིངས་ཀྱི་ངོ་བོ་རིག་པར་ཁས་ལེན་པ་དེའི་ཚེ། རང་གི་འབྲས་བུ་སྐྱེད་བྱེད་དུ་ཁས་ལེན་ཀྱང༌། བསྔོ་རྒྱུར་ནི་ཁས་མི་ལེན་ཏེ། བསྔོས་པའི་དགོས་པ་ནི། མི་ཟད་པ་དང༌། ཆུད་མི་ཟ་བའི་ཕྱིར་ཡིན་ལ། དབྱིངས་རིག་གི་ངོ་བོ་ནི་མ་བསྔོས་ཀྱང༌། ཟད་པ་དང་ཆུད་ཟ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཆོས་དབྱིངས་བསྔོ་རྒྱུར་བྱེད་པ་མ་ཡིན་ཀྱང༌། གང་ཞིག་གང་དུ་སྨོན་པའི་སྨོན་ལམ་གྱི་རྒྱུར་ནི་འགྱུར་བ་ཡིན་ཏེ། བདག་གིས་བྱང་ཆུབ་ཐོབ་པར་གྱུར་ཅིག ཅེས་སྨོན་པ་དེའི་ཚེ་ན། སྨོན་ལམ་འདེབས་པ་པོ་རང་གི་དོན་དམ་པའི་ངོ་བོ་ནི། ཇི་སྐད་དུ། དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། གང་ཞིག་དང་གང་དུ་སྨོན་པ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་འདོད་དགོས་པའི་ཕྱིར། དེ་བཞིན་དུ་རང་ཉིད་ལྷག་པའི་ལྷར་གོམས་པ་ལས། ཞེན་པས་ཞུགས་ན། འབྲེལ་པས་མི་སླུ་བ་ཞིག་བྱུང་བ་དེའི་ཚེ་ན། ཆོས་ཉིད་སངས་རྒྱས་སུ་སྨོན་ནས་དེར་གྲུབ་པ་ཉིད་ཀྱི་ཕྱིར་ན། དེ་ལྟ་བུའི་སྨོན་ལམ་དེ་མི་འགྲུབ་པའི་སྨོན་ལམ་ཡང་མ་ཡིན་ནོ། །དེ་བས་ན། རྣམ་བཤད་མཛད་པ་སྔ་མ་རྣམས་ཀྱིས། ཆོས་ཉིད་བསྔོ་རྒྱུར་བྱས་ནས་བསྔོ་བ་དེ། མདོ་ལས་བསྔོ་བ་ལ་གཉིས་སུ་ཕྱེ་བའི་གནས་མིན་གྱི་བསྔོ་བ་ཡིན་ཏེ། བསྔོས་ཀྱང་གཞན་དུ་མི་འགྱུར་བའི་བསྔོ་བ་ཡིན་པའི་ཕྱིར། སྙམ་དུ་སེམས་པ་དེ་ནི་རིགས་པ་མ་ཡིན་ཏེ། མི་འགྱུར་བའི་བསྔོ་བ་ནི་དོན་མེད་པས། མདོ་ལས་བསྔོ་བའི་དབྱེ་བར་གསུངས་པ་མེད་པའི་ཕྱིར། འོ་ན་ཅི་ཞེ་ན། སྨོན་ལམ་ལ། བཏབ་ན་འགྲུབ་པའི་སྨོན་ལམ་དང༌། མི་འགྲུབ་ཀྱང་འདེབས་དགོས་པའི་སྨོན་ལམ་སྟེ་གཉིས་སོ། །མི་འགྲུབ་ན་དགོས་པ་ཅི་ཞེ་ན། བྱང་ཆུབ་སེམས་དཔའི་བློ་སྦྱོང་བའི་རིམ་པ་ལ་དགོས་པ་སྟེ། རྫི་བོ་ལྟ་བུའི་སེམས་སྐྱེད་བཞིན་ནོ།། །།དྲི་བ་ཉེར་གཅིག་པ་ནི། ཆོས་ཉིད་བསྔོ་རྒྱུར་བྱེད་པ་ནི། །བློ་སྦྱོང་དུ་ཡང་མི་རུང་ན། །གནས་མིན་བསྔོ་བ་གསུངས་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གོང་དུ་ཆོས་ཉིད་བསྔོ་བས་མི་འགྱུར་བ་དང༌། མི་འགྱུར་བའི་བསྔོ་བ་དོན་མེད་དུ་བཤད་པ་དང༌། མདོ་ལས་གསུངས་པའི་བསྔོ་བའི་དབྱེ་བ་འཆད་པ་ན། གནས་མིན་གྱི་བསྔོ་བའི་མཚན་གཞི། ཆོས་རྣམས་ཀྱི་ཆོས་ཉིད་བསྔོ་རྒྱུར་བྱས་ནས་བསྔོ་བ་ལྟ་བུར་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བསྔོ་བ་ལ་གཉིས་སུ་དབྱེ་བ་མི་འཐད་པར་འགྱུར་ཏེ། གནས་མིན་གྱི་བསྔོ་བ་ནི། བསྔོ་བས་གཞན་དུ་སྒྱུར་མི་ནུས་པ་ཞིག་བསྔོ་བ་ཡིན་པར་ཁས་བླངས་ལ། མི་འགྱུར་བསྔོ་བ་དོན་མེད་ཡིན། །ཞེས་ཀྱང་ཁས་བླངས་པའི་ཕྱིར། སྙམ་དུ་དོགས་པའོ། །གཉིས་པ་དངོས་ལན་ནི། ཕལ་ཆེར་གོང་དུ་བཤད་ཟིན་པ་དེ་ཉིད་ཀྱིས་གྲུབ་ལ། གཞུང་འདིར་གཉིས་སུ་ཕྱེ་བ་དེ་ནི། སྨོན་ལམ་ལ་དགོངས་པ་ཡིན་ཏེ། མདོ་ཉིད་ལས་སྨོན་ལམ་ལ་བཤད་པའི་ཕྱིར་དང༌། བཤད་མ་ཐག་པའི་རིགས་པས་དེར་འགྲུབ་པའི་ཕྱིར། དེ་ཡང་འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ་ལས། གང་གིས་སྨོན་ལམ་ཅི་བཏབ་པ། །ཞེས་སོགས་གསུངས་པ་དང༌། དྲི་མེད་བྱིན་གྱིས་ཞུས་པའི་མདོར། བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་སྒྱུར་མི་ནུས་ལགས་སོ། །གལ་ཏེ་ནུས་པར་གྱུར་ན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་འོ། །ཞེས། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཇི་ལྟར་མི་འགྲུབ། རྣམ་གྲངས་འདིས་ན། ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་སྒྱུར་མི་ནུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །རིགས་པ་ཡང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་མྱ་ངན་ལས་འདའ་བར་གྱུར་ཅིག ཅེས་པ་འདི་སྤྱིར་སྨོན་ལམ་རྣམ་པར་དག་པ་ཡིན་པ་ལ་དོགས་པ་མེད་ཅིང༌། བསྔོ་བ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་བསྔོ་རྒྱུར་མི་རུང་བའི་ཕྱིར། དེས་ན་སྨོན་ལམ་ལ་གཉིས་སུ་ཕྱེ་བ་དེའི་ནང་ནས། བསྔོ་བ་ནི་གནས་ཀྱི་སྨོན་ལམ་ཁོ་ན་ཡིན་ཏེ། སངས་རྒྱས་ཀྱིས་གསུངས་པའི་བསྔོ་བ་ཡིན་ན། བསྔོ་རྒྱུའི་རྫས་དེ་གང་དུ་བསྔོས་ས་དེར་འགྱུར་དུ་རུང་བས་ཁྱབ་པའི་ཕྱིར། དེ་ནས། གཞུང་འདི་ལྟར་འདོན་པར་བྱ་སྟེ། སྨོན་ལམ་དེ་ཡང་མདོར་བསྡུ་ན། །གནས་དང་གནས་མ་ཡིན་པ་གཉིས། །གནས་ཀྱི་སྨོན་ལམ་འགྲུབ་པར་གསུངས། །གནས་མིན་སྨོན་ཡང་འགྲུབ་མི་འགྱུར། །འདི་དག་གཉིས་ཀ་མདོ་ལས་གསུངས། །འཇམ་དཔལ་སངས་རྒྱས་ཞིང་ལས་ནི། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ཡི་འབྲས་བུ་འཐོབ་པར་འགྱུར། །ཞེས་གསུངས་པ་ནི་གནས་ལ་དགོངས། །དྲི་མེད་བྱིན་གྱིས་ཞུས་པའི་མདོར། །ཆོས་རྣམས་ཆོས་ཉིད་སྨོན་ལམ་གྱིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །སྨོན་ལམ་དེང་སང་ཅིས་མི་འགྲུབ། །ཅེས་གསུངས་འདི་ནི་གནས་མིན་གྱི། །སྨོན་ལམ་ཉིད་ལ་དགོངས་པ་ཡིན། །དེས་ན་བསྔོ་རྒྱུའི་དགེ་བ་ནི། །རང་གིས་བྱས་པའི་དགེ་ཡིན་ཕྱིར། །གནས་ཀྱི་སྨོན་ལམ་དག་ཏུ་འདོད། །ཅེས་སྦྱར་ན་དོན་གྱི་ཁོག་ཁྲོལ་བར་འགྱུར་རོ། །བོད་ཀྱི་སློབ་དཔོན་གཞན་དག དེ་བཞིན་ཉིད་བསྔོ་རྒྱུ་ཡིན་པའི་ཤེས་བྱེད་དུ། དེ་བཞིན་ཉིད་ཀྱི་ངང་ཚུལ་ཅི་འདྲ་དང༌། །ཞེས་སོགས་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལས་གསུངས་སོ། །ཞེས་ཟེར་བ་ལ་ནི། རྣམ་བཤད་མཛད་པ་གཞན་གྱིས་ལན་བཏབ་ཟིན་པས་འདིར་མ་སྤྲོས་ལ། འདིར་དྲི་བ་གཞན་ཞིག་ཀྱང་འཇུག་པ་ནི། འདི་ལྟར། མ་བྱས་དགེ་བ་བསྔོ་མིན་ན། །བྱེད་འགྱུར་བྱེད་བཞིན་བསྔོ་དེ་ཅི། །བྱེད་འགྱུར་ལ་ཡང་ཡི་རང་ནས། །ཡི་རང་དགེ་བ་བསྔོ་སྙམ་བྱེད། །ཅེས་བྱའོ།། །།དྲི་བ་ཉེར་གཉིས་པ་ནི། མ་བྱས་པ་ལ་དགེ་མེད་ན། །ཐེག་པ་ཆེན་པོ་བསྡུས་པ་ལས། །མ་བྱས་ཆོས་ཉིད་ཀྱིས་ཐོབ་པ། །ཀུན་གཞིའི་སྟེང་གི་ཟག་མེད་ཀྱི། །ས་བོན་དགེ་བར་བཤད་དེ་ཅི། །དེ་འདྲ་མེད་ན་ཀུན་གཞི་ཡི། །གཉེན་པོར་བཤད་པ་དེ་གང་ཡིན། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། མ་བྱས་པ་ལ་དགེ་སྡིག་མེད། །ཅེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་འདུས་མ་བྱས་སུ་བཤད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། རྣམ་བཤད་མཛད་པ་ཀུན་གྱིས། འདུས་མ་བྱས་ཀྱི་དོན་སྐད་ཅིག་གིས་མི་འཇིག་པའི་རྟག་པ་ལ་བཞེད་པར་མཐུན་གྱིན་འདུག་པ་དང༌། ཀུན་གཞིའི་སྟེང་གི་མྱོང་བ་གསལ་རིག་གི་ཆ་དེ། ཀུན་གཞིའི་རྣམ་ཤེས་ཉིད་དུ་གདོན་མི་ཟ་བར་ཁས་ལེན་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དུ་འཆད་ཀྱིན་འདུག་པའི་ཕྱིར། འདུས་མ་བྱས་པར་འགྱུར་ལ་དེ་ཡང་དེ་ལྟ་ན། དགེ་བ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ལུང་མ་བསྟན་དུ་འགྱུར་ལ། དེ་ལྟ་ན། མ་སྒྲིབས་ལུང་མ་བསྟན་ལས་འོས་མེད་ཅིང༌། དེའི་ཤེས་བྱེད་ཀྱང༌། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་པས་སོ། །སྙམ་པ་ལ་ཐུག་པ་ཡིན་ལ། དེ་ནི་རིགས་པ་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པའི་དུས་སུ་ཡོད་པའི་ཕྱིར་དང༌། རྣམ་པར་གྲོལ་བའི་སྐུ་དང༌། ཆོས་ཀྱི་སྐུའི་ངོ་བོར་འགྱུར་བའི་ཕྱིར་དང༌། རྒྱུ་ལས་ཉོན་དང༌། འབྲས་བུ་སྡུག་བསྔལ་གྱི་གཉེན་པོར་བཤད་པའི་ཕྱིར་དང༌། ཟག་བཅས་ཀྱི་ས་བོན་མ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་ཟག་མེད་ཀྱི་ཡེ་ཤེས་སུ་འཆད་དགོས་པས་སོ། །དེ་སྐད་དུ་ཡང༌། ཐེག་བསྡུས་ལས། ཐོས་པའི་བག་ཆགས་ཀྱི་ས་བོན་དེའི་གནས་ཅི་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི། བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་ཡང་འཇུག་པ་དེ། ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་སྟེ། འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་དང༌། དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང༌། ཉོན་མོངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང༌། ངན་སོང་དུ་འགྲོ་བའི་གཉེན་པོ་དང༌། ཉེས་པར་བྱས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །ཞེས་དང༌། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་ཡིན་ཏེ། ཞེས་དང༌། ཡང༌། ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ། ལྷན་ཅིག་གནས་པ་རྣམ་པ་ཐམས་ཅད་དུ་འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། ངང་པས་ཆུ་ལས་འོ་མ་འཐུངས་པ་ལྟ་བུ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ན། མཉམ་པར་གཞག་པ་མ་ཡིན་པའི་སའི་བག་ཆགས་འགྲིབས་ཏེ། མཉམ་པར་གཞག་པའི་སའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། །ཞེས་གསུངས་སོ། །མདོར་ན་ཀུན་གཞིའི་རྣམ་སྨིན་གྱི་ཆ་གང་ཡིན་པ་དེ། ལུང་མ་བསྟན་དུ་རིགས་པ་ཡིན་གྱི། ཟག་མེད་ཀྱི་ས་བོན་ལྟ་ཞོག དེའི་སྟེང་གི་ཟག་བཅས་ཀྱི་ས་བོན་གང་ཡིན་ཐམས་ཅད་ཀྱང་ལུང་མ་བསྟན་དུ་ངེས་པ་མ་ཡིན་ཏེ། དགེ་བ་ཟག་བཅས་ཀྱི་ས་བོན་དང༌། མི་དགེ་བའི་ས་བོན་བཞིན་ནོ། །ཁམས་གོང་མ་ན་མི་དགེ་བ་ཡོད་པར་ཐལ་བ་མ་ཡིན་ནམ་ཞེ་ན། ཁམས་གོང་མར་དེའི་ས་བོན་དང་ལྡན་པས་ལྡན་པར་ནི་མངོན་པ་གོང་མར་གསུངས་སོ། །བསྟན་བཅོས་མཛད་པ་འདིས་ནི། དགེ་དང་མི་དགེའི་ས་བོན་གཉིས་ཀྱང༌། དེ་དང་དེ་མཚན་ཉིད་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། དགེ་བ་ལེགས་པར་སྤྱད་པ་སྟེ། །རྣམ་སྨིན་བདེ་བ་སྐྱེད་པ་ཡིན། །སྡིག་པ་ཉེས་པར་སྤྱད་པ་སྟེ། །འབྲས་བུ་སྡུག་བསྔལ་སྐྱེད་པར་བྱེད། །ཅེས་པའི་མཚན་ཉིད་དེ་ཚང་དུ་རུང་བའི་ཕྱིར། དེ་ལས་གཞན་དུ་ན། སྡོམ་པ་དང་སྡོམ་མིན་གྱི་ས་བོན་ཀྱང་དགེ་མི་དགེར་བཞེད་པ་མ་ཡིན་པར་འགྱུར་ལ། དེ་ལྟར། སྡོམ་པ་དགེ་བ་དང༌། སྡོམ་མིན་མི་དགེ་བ་མ་ཡིན་པར་འགྱུར་ཏེ། དེ་གཉིས་ཀྱི་ངོས་འཛིན་ནི་ས་བོན་ལ་འཇོག་པ་ལས་གཞན་མེད་པའི་ཕྱིར། དེས་ན་རྗེས་སུ་འབྲེལ་པས་དགེ་བ་དང་མི་དགེ་བ་གཉིས་ཀྱང༌། དེ་དང་དེ་མཚན་ཉིད་པར་གཞག་དགོས་ཏེ། གཙོ་བོར་རྣམ་སྨིན་གྱི་ངོ་བོ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། བསྔོ་རྒྱུའི་དགེ་བ་ཡང༌། དངོས་སུ་ན་ས་བོན་བསྔོ་བ་ཡིན་ཏེ། ཞིབ་མོར་ཕྱེ་བ་ན། བསྔོ་བའི་དུས་སུ་སྔར་བྱས་པའི་དགེ་བ་མངོན་གྱུར་པ་དེ་འགགས་ཟིན་པའི་ཕྱིར་རོ། །མདོར་ན་ཀུན་གཞི་ནི་རང་གི་ངོ་བོ་ལུང་མ་བསྟན་ཡིན་ཀྱང༌། དེའི་སྟེང་ན་ས་བོན་གྱི་ཆ་གང་ཡོད་ལུང་མ་བསྟན་ཁོ་ནར་ངེས་པ་མ་ཡིན་ཏེ། དེ་ནི་ཤེས་བྱ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ནི། ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ས་བོན་ལ་གཉིས་ཏེ། ཆོས་ཉིད་ཀྱིས་ཐོབ་པ་དང༌། གསར་དུ་ཡང་དག་པར་བླངས་པའོ། །དང་པོ་རང་བཞིན་དུ་གནས་པའི་རིགས་དང༌། གཉིས་པ་ནི་རྒྱས་འགྱུར་གྱི་རིགས་སུ་འཇོག་ལ། དང་པོ་ནི། རང་བཞིན་དུ་གནས་པའི་རིགས་མིན་པའི་ཕྱིར། འདུས་མ་བྱས་པར་འཇོག་ཀྱང༌། སྐད་ཅིག་གིས་མི་འཇིག་པར་ནི་མི་འདོད་དོ། །འཇིག་ཀྱང་རྟག་པར་བཤད་པ་དང་མི་འགལ་ཏེ། རིགས་འདྲའི་རྒྱུན་གྱི་ཐོག་མ་དང༌། ཐ་མའི་མཐའ་མ་དམིགས་པའི་ཕྱིར། དེ་ལྟ་ནའང༌། དགེ་བ་ཡིན་ཏེ། གསོས་འདེབས་བྱེད་ཀྱི་རྐྱེན་དང་ཕྲད་པ་ན། རང་གི་ངོ་བོ་སྟོབས་ལ་སོགས་པའི་དགེ་བ་ཉིད་དུ་འགྱུར་བའི་ཕྱིར། དྲི་མ་ཇི་ཙམ་སྦྱངས་ཀྱང་ལུང་མ་བསྟན་གྱི་ངོ་བོ་ནི་དགེ་བར་འགྱུར་བ་མི་སྲིད་དེ། དཔེར་ན་ར་གན་གྱི་དྲི་མ་སྦྱངས་པས་གསེར་དུ་མི་འགྱུར་བ་བཞིན་ནོ། །དེ་ལྟ་ན་ཡང༌། གཞུང་དུ། མ་བྱས་པ་ལ་དགེ་བ་མེད། །ཅེས་གསུངས་པ་ནི་བསྔོ་རྒྱུའི་དགེ་བ་ལ་དགོངས་པ་ཡིན་ཏེ། དེའི་འཕྲོས་སྔ་མ་ཉིད་ལས། དེས་ན་བསྔོ་རྒྱུའི་དགེ་བ་དང༌། བཤགས་པར་བྱ་བའི་སྡིག་པ་ཡང༌། །བྱས་པའི་དགེ་སྡིག་ཡིན་མོད་ཀྱི། །མ་བྱས་པ་ལ་དགེ་སྡིག་མེད། །ཅེས་གསུངས་པ་ལས་ཤེས་སོ།། །།དྲི་བ་ཉེར་གསུམ་པ་ནི། སེམས་ཅན་མ་གཏོགས་བེམས་པོའི་ཡང༌། །སྙིང་པོ་ཆོས་དབྱིངས་ཡིན་ན་ནི། །སེམས་ཅན་ཁོ་ན་སངས་རྒྱས་ཀྱི། །སྙིང་པོ་ཅན་དུ་འཆད་པ་ཅི། །སེམས་ཅན་མ་གཏོགས་བེམས་པོ་ཡི། །ཆོས་དབྱིངས་སྙིང་པོ་མ་ཡིན་ན། །རྒྱུད་དང་སེམས་འགྲེལ་སྐོར་གསུམ་ལས། །བརྟན་གཡོ་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡོད་པར་གསུངས་དེ་ཅི། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། གལ་ཏེ་བེམས་པོའི་ཆོས་ཀྱི་དབྱིངས། །ཞེས་སོགས་ཀྱི་དོན་འཆད་པ་ན། རྣམ་བཤད་མཛད་པ་བསམ་ཡས་པ། རྔོག་ལོ་ཆེན་པོའི་བཞེད་པ་ལྟར་ཁས་བླངས་ནས། ཆོས་ཉིད་མེད་དགག་གི་ཆ་ཁོ་ན་སྙིང་པོར་འཆད་པ་དང༌། སྤོས་ཁང་པ། བེམས་པོའི་ཆོས་ཉིད་དང༌། སེམས་ཅན་གྱི་ཆོས་ཉིད་ལ་དགེ་བ་ཡིན་མིན་གྱི་ཁྱད་པར་མེད་པའི་དོན་དུ་འཆད་པ་དང༌། ཁ་ཅིག སྤྲོས་བྲལ་མེད་དགག་གི་ཆ་སྙིང་པོ་ཡིན་པ་གཞུང་འདིས་བཀག་ནས། སེམས་གསལ་སྟོང་ཟུང་འཇུག་ཁོ་ན་སྙིང་པོར་འཆད་པ་དག་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། ལུགས་དང་པོ་ཁས་བླངས་ན་སེམས་ཅན་དུ་མ་ཟད། ཤེས་བྱ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་དེ་ཐམས་ཅད་སངས་རྒྱས་པའམ། རྒྱ་རུང་ཤིག་ཏུ་ཐལ་བར་འགྱུར་ལ། དེའི་ཁྱབ་པ་དང༌། ཆོས་ཀྱང་ཁས་བླངས་སོ། །ལུགས་གཉིས་པ་དེ་སྔ་མ་ལས་ཅུང་ཟད་ལེགས་པར་སྣང་ཡང༌། ཞིབ་ཏུ་འབྱེད་དགོས་པ་ཡིན་ཏེ། བྱམས་ཆོས་རྗེས་འབྲང་དང་བཅས་པ་ལྟར་ན། སེམས་ཅན་གྱི་ཆོས་ཉིད་དགེ་བར་འཆད་དགོས་པའི་ཕྱིར་དང༌། བསྔོ་རྒྱུའི་དགེ་བ་ཡིན་མིན་གྱི་དོན་དུ་འཆད་ན་ཡང༌། གཞུང་གི་འཕྲོས་དང་འགྲིག་ཀྱང༌། གོང་དུ། ཆོས་ཉིད་ཡིན་ན་འགྲོ་ཀུན་གྱི། །དགེ་བ་ཞེས་བྱ་སྨོས་ཅི་དགོས། །བེམས་པོ་དང་ནི་དངོས་མེད་དང༌། །འཕགས་པའི་ཆོས་ཉིད་ཅིས་མི་བསྔོ། །ཞེས་རྒྱས་པར་བཤད་ཟིན་པས་བཟློས་པར་འགྱུར་རོ། །ལུགས་གསུམ་པ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་འཇོག་པ་དེ། བསྟན་བཅོས་འདིའི་དགོངས་པ་ཡིན་ན་དེ་ལྟར་རིགས་ཀྱང༌། དེ་ཉིད་ལ་དོགས་པའི་གནས་འགོད་པ་ནི། འོ་ན་སེམས་ཅན་མ་ཡིན་པ་ཕྱི་སྣོད་ཀྱི་འཇིག་རྟེན་སོགས་ལ་སྙིང་པོས་མ་ཁྱབ་པར་འགྱུར་ཏེ། བེམས་པོའི་ཆོས་ཉིད་སངས་རྒྱས་ཀྱི་སྙིང་པོ་ཡིན་པ་བཀག་ནས། སེམས་ཅན་ཁོ་ནའི་ཆོས་དབྱིངས་སྙིང་པོར་འཆད་པ་དེ་གཞུང་གི་དོན་དུ་ཁས་བླངས་སོ། །དེ་ཡང་དེ་ལྟ་ན་ནི། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། བརྟན་དང་གཡོ་བའི་དངོས་པོ་གང༌། །རྩ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་དེས་སྒོམ་བྱ། །ཞེས་དང༌། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འགྲོ་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང༌། །ཞེས་དང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལས་ཀྱང༌། དེ་འདྲ་བ་ཤ་སྟག་གསུངས་པས། ཤེས་བྱ་ཐམས་ཅད་ལ་རང་བཞིན་ཆོས་སྐུས་ཁྱབ་པར་གསུངས་པ་དང་འགལ་ལོ། །སྙམ་པའི་དོགས་པ་འདི་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། དངོས་དང༌། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། གཞུང་དེ་དག་གིས། ཆོས་དབྱིངས་ཀྱི་འཆད་ཚུལ་གཉིས་པོ་གང་ཡིན་ཀྱང་རུང་སྟེ། དེ་དག་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་ཡིན་ན། ཤེས་བྱ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་ཐལ་བ་ཟློག་ཏུ་མེད་ཀྱང༌། དེ་ལྟར་བསྟན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞིག་བསྟན་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་གང་ལ་འཇུག་པའི་གཞི་ནི། རྒྱུད་བླ་མའི་བསྟན་བཅོས་སུ་གསུམ་གསུངས་པ་ལས། གཞུང་འདིར། ཆོས་དབྱིངས་དང་རིགས་སྙིང་པོ་དངོས་ཡིན་པ་བཀག་ནས། ཆོས་སྐུ་ཉག་གཅིག་དེ་བཞིན་གཤེགས་པའི་སྙིང་པོར་འཆད་དོ། །དེ་ཡང་གོང་དུ། ཁ་ཅིག་བདེ་གཤེགས་སྙིང་པོའི་སྒྲ། །ཆོས་ཀྱི་དབྱིངས་ལ་མི་ཟེར་བར། །ཞེས་པར། ཆོས་དབྱིངས་སུ་མ་འདུས་པའི་རིགས་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པ་འགོག་ལ། དེའི་ཤེས་བྱེད་ཀྱང༌། གསར་དུ་འདུས་བྱས་པའི་ཕྱིར། ཞེས་པའོ། །འོ་ན་སེམས་ཅན་གྱི་ཆོས་དབྱིངས་སྙིང་པོར་འདོད་དམ་ཞེ་ན། མ་ཡིན་ཏེ། ཆོས་དབྱིངས་ལ་དབྱེ་བ་མེད་པས། ཤེས་བྱ་ཐམས་ཅད་སྙིང་པོ་ཅན་དུ་ཐལ་བའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་བེམས་པོའི། ཞེས་པ་ནས། འདི་འགྲུབ་བོ། །ཞེས་པའི་བར་རོ། །འོ་ན་དེ་དག་དེ་མ་ཡིན་ན། སེམས་ཅན་ཐམས་ཅད་དེའི་སྙིང་པོ་ཅན་དུ་གསུངས་པ་ཅི་ཞེ་ན། སེམས་ཅན་གྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་དགོངས་པ་ཡིན་ཏེ། དེ་སྤྲོས་པའི་མཐའ་དང་བྲལ་བའི་རྒྱུ་མཚན་གྱིས། དེ་ལས་སངས་རྒྱས་དང་འཁོར་བ་གཉིས་ཀ་འབྱུང་ལ། དེའི་རྒྱུ་མཚན་གྱིས། སེམས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་དེ་སེམས་ཅན་གྱི་ཁམས་དངོས་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་དགོངས་གཞིར་འཆད་པའི་ཕྱིར། ཞེས་སྟོན་པ་ནི། དེས་ན་དེ་བཞིན་གཤེགས་པ་ཡི། །ཞེས་སོགས་སོ། །དེ་ལ་ལུང་གི་སྒྲུབ་བྱེད་གཉིས་ལས། ཆོས་དབྱིངས་མེད་དགག་གི་ཆ། སྙིང་པོའི་དགོངས་གཞིར་འཆད་པའི་རྒྱུ་མཚན་ནི། འཕགས་པ་ཞེས་སོགས་སོ། །ཆོས་དབྱིངས་གསལ་རིག་གི་ཆ། དེའི་དགོངས་གཞིར་འཆད་པའི་རྒྱུ་མཚན་ལ། ལུང་དངོས་དང༌། དེའི་རིགས་པ་གཉིས་ལས། དང་པོ་ནི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply