ལེའུ་གསུམ་པ་རིག་འཛིན་སྡོམ་པའི་སྐབས་ཀྱི་འབེལ་གཏམ་རྣམ་པར་ངེས་པ། ཀ ༽

༼ཇ༽༄༅། །ལེའུ་གསུམ་པ་རིག་འཛིན་སྡོམ་པའི་སྐབས་ཀྱི་འབེལ་གཏམ་རྣམ་པར་ངེས་པ་བཞུགས་སོ།།

ན་མོ་གུ་ར་ཝེ། རྣམ་སྣང་ལོངས་སྤྱོད་རྫོགས་པའི་ཐུགས་མཚོ་ལས། །གང་འཕོས་ཀུན་ཏུ་བཟང་པོ་ཕྱོགས་བཅུ་ཡི། །རྒྱལ་བས་རྡོ་རྗེ་འཛིན་པར་དབང་བསྐུར་བ། །དཔལ་ལྡན་སྙེམས་མའི་བདག་པོར་ཕྱག་བགྱིའོ། །ཞེས་མཆོད་པར་བརྗོད་ནས། ལེའུ་གསུམ་པའི་སྐབས་ཀྱི་དྲི་བ་དང་པོ་ནི། དབང་བཞི་བླངས་པས་སྡོམ་པ་གསུམ། །ཐོབ་པར་འགྱུར་ན་དབང་གོང་ལས། །ཐོབ་པའི་གསང་སྔགས་སྡོམ་པ་དང༌། །དབང་ལས་ཐོབ་པའི་སོ་ཐར་དང༌། །སེམས་བསྐྱེད་སྡོམ་པ་བཞེད་ལགས་སམ། །ཞེས་པའོ། །འདི་ལ་གཉིས་ཏེ། འདྲི་བའི་བསམ་པ་སླང་བ་དང༌། །དངོས་ཀྱི་ལན་གདབ་པའོ། །དང་པོ་ལ་གཉིས་ཏེ། འདྲེ་བའི་རྒྱུ་མཚན་དང༌། མ་དྲིས་ན་བསྟན་བཅོས་ཆུད་འཛའ་བའི་ཉེས་པ་ཇི་ལྟར་ཡོད་པའོ། །དང་པོ་ནི། འདིའི་ཐད་ཀྱི་རྣམ་བཤད་མཛད་པ་པོ་ཀུན་གྱིས། ཞིབ་མོའི་རྣམ་པར་བཞག་པ་མ་མཛད་པར། དབང་བཞི་པོ་ཡོངས་སུ་རྫོགས་པར་བླངས་པ་དེ། སྤྱིར་སྡོམ་པ་གསུམ་དང༌། ཁྱད་པར་སྡོམ་གྱི་ཐོབ་རྒྱུར་བཤད་པ་དང༌། བྱེ་བྲག་ཏུ། དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་སྔོན་དུ་མ་སོང་བར། དབང་བཞི་བླངས་བ་ཙམ་གྱིས་སྡོམ་པ་གསུམ་ལྡན་དུ་འགྱུར་བ་ལྟ་བུ་གཅིག་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། དེ་ལྟར་བཤད་པ་དེའི་ཚེ་འོ་ན། སོ་ཐར་གྱི་སྡོམ་པ་དང་སེམས་སྐྱེད་ཀྱི་སྡོམ་པ་གཉིས། སྤྱིར་དབང་ཆོག་དང༌། བྱེ་བྲག་ཏུ་བླ་མེད་ཀྱི་དབང་བསྐུར་ལ་ལྟོས་པར་འགྱུར་བ་དང༌། རྒྱུད་སྡེ་འོག་མ་གསུམ་གྱི་སྔགས་སྡོམ་ཡང༌། དབང་བཞི་ལེན་པའི་ཆོ་ག་ལ་ལྟོས་པར་འགྱུར་བ་དང༌། བླ་མེད་ཀྱི་སྔགས་སྡོམ་ཡང་དབང་གོང་མ་ལ་ལྟོས་པར་འགྱུར་ལ། དེ་ལྟ་ན། བུམ་དབང་གི་མཐའ་རྟེན་དུ་བླ་མེད་ཀྱི་དམ་ཚིག་དང༌། སྡོམ་པ་མ་ལུས་པར་ཐོབ་པ་ཡིན་ནོ་ཞེས་དབང་གི་ཆུ་བོ་ལས་འཆད་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་དག་འབྱུང་ངོ༌། །དངོས་ལན་གདབ་པ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་མཐའ་བསལ་བ་དང༌། རང་གི་ལན་གདབ་པའོ། །དང་པོ་ནི་ཕྱིས་འཕེལ་བའི་གཏམ་གླེང་བ་དག་ན་རེ། འདིར་དབང་བསྐུར་བས་སྡོམ་པ་གསུམ་ལྡན་དུ་འགྱུར་ཞེས་པའི་དུས་ཀྱི་སོ་ཐར་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་སྡོམ་པ་ཡིན་ལ། དེའི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་ས་བོན་དང་བཅས་པའོ། །འདི་ཡང་དུས་ཀྱི་ཁྱད་པར་ནི། བྱང་ཆུབ་ཀྱི་བར་དུ་བླངས་པ་ཡིན་ཞིང༌། ཐོབ་པའི་དུས་ནི། སློབ་མ་སྟ་གོན་གྱི་དུས་སུ། ཡན་ལག་བདུན་པའི་ཚིགས་སུ་བཅད་པའམ། རིགས་ལྔའི་སྡོམ་པ་བཟུང་བའི་ཚིག་ལས་སོ། །གསུམ་གྱི་ཟླས་ཕྱེ་བའི་བྱང་སེམས་ཀྱི་སྡོམ་པ་ནི་སེམས་སྐྱེད་ཀྱི་སྡོམ་པ་སྟེ། དེ་ཡང་ཐོབ་པའི་དུས་དང་ལེན་པའི་མཐའ་ནི་སྔ་མ་བཞིན་ནོ། །གསུམ་གྱི་ཟླས་ཕྱེ་བའི་སྔགས་ཀྱི་སྡོམ་པ་ལ་ནི་ཁས་བླངས་ཙམ་གྱིས་ཐོབ་པ་དང༌། དབང་ལས་ཐོབ་པ་གཉིས་ལས། དང་པོ་ནི། རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པའི་མཐར་སྐྱེ་བ་ཡིན་ལ། གཉིས་པ་ནི། བུམ་དབང་རྫོགས་པའི་མཐར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །ཞེས་ལན་གསུམ་བརྗོད་པས་རྫོགས་པར་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། དབང་གི་ཆུ་བོ་ལས། དེ་ལྟར་དེ་དག་གིས་ནི་རྣལ་འབྱོར་དམ་ཚིག་དང་སྡོམ་པ་མཐའ་དག་བསྡུས་པ་ཡིན་ཏེ། ཞེས་བཤད་པས་སོ། །དེའི་ཕྱིར་དེ་ལས་གོང་ན་སྔགས་ཀྱི་སྡོམ་པ་བཟུང་རྒྱུ་དང་ཐོབ་རྒྱུ་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་འཆད་པར་བྱེད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། བསྟན་བཅོས་འདི་ནས་བཤད་པའི་སོ་ཐར་སྡོམ་པ་ངོས་མ་ཟིན་པའི་ཉེས་པ་དང༌། དེའི་རྒྱུ་མཚན་གྱིས་སེམས་བསྐྱེད་ཀྱི་སྡོམ་པ་ངོས་མ་ཟིན་པའི་ཉེས་པ་དང༌། སྔགས་ཀྱི་སྡོམ་པ་རྒྱ་ཆུང་པའི་ཉེས་པའོ། །དང་པོ་ནི། དེ་ལྟར་འདོད་པ་དེའི་ཚེ། བསྟན་བཅོས་འདིས་གང་འགོག་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། སོ་སོར་ཐར་པའི་སྡོམ་པ་ནི། །བྱང་ཆུབ་བར་དུ་བླངས་གྱུར་ན། །འདི་ཡི་ཆོ་ག་ངེས་པར་འཇིག །དེ་ཡང་གནད་རྣམས་བཅོས་པར་དོགས། །ཞེས་གསུངས་པས་སོ། །གལ་ཏེ་དེ་སྐད་དུ་གསུངས་པ་དེ། ཉན་ཐོས་དང་ཐུན་མོང་བའི་སོ་ཐར་གྱི་སྡོམ་པ་ལ་དགོངས་པ་ཡིན་ནོ་ཞེ་ན། གཞུང་འདིར་སྡོམ་པ་གསུམ་གྱི་ཡ་གྱལ་དུ་གྱུར་པའི་སོ་ཐར་གྱི་སྡོམ་པ་ནི་དེ་ཉིད་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེས་ན་དེ་ལྟའི་ཆོ་ག་ནི། །བསམ་པ་སེམས་བསྐྱེད་ཀྱིས་བཟུང་བའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་པ་རིས་བརྒྱད་པོ། །ཐེག་ཆེན་སོ་སོར་ཐར་པར་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ནི། ཁྱེད་ཅག་གི་འཆད་ཚུལ་དེ་ལྟ་ན། སེམས་བསྐྱེད་ཀྱི་སྡོམ་པའི་དངོས་གཞི་ངོས་མ་ཟིན་པ་ཡིན་ཏེ། སྡོམ་པ་དེའི་གཙོ་བོ་ནི་འཇུག་སྡོམ་ཡིན་ལ། དེའི་ནང་གི་ཡང་དངོས་གཞིར་གྱུར་པ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཞེས་ཀྱང་བྱ་བའི་མིང་ཅན། མི་དགེ་བ་བཅུའི་ནང་ནས་གཙོ་བོར་ཡིད་ཀྱི་གསུམ་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ཡིན་པ་ལ། ཁྱེད་ཀྱིས་ནི། དེ་འདྲ་དེ་སྡོམ་པ་གསུམ་གྱི་ཡ་གྱལ་དུ་གྱུར་བའི་སོ་ཐར་སྡོམ་པའི་ནང་དུ་བསྐྱལ་བས་སོ། །དེས་ན་དེའི་ལྷག་མར་གྱུར་པ་ནི། སྨོན་པ་སེམས་སྐྱེད་ཀྱི་སྡོམ་པ་ལས་གཞན་མ་ལུས་སོ། །དེ་ཙམ་གྱིས་མ་ཆོག་པ་ཅི་ཡོད་ཅེ་ན། དེ་ལྟ་ན། སེམས་ཙམ་ལུགས་ཀྱི་ཆོ་གས་བླངས་པའི་སེམས་བསྐྱེད་ལ་སྡོམ་པ་ལོགས་པ་མེད་པར་འགྱུར་ཏེ། དེ་ལ་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་མ་བཤད། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི་སོ་ཐར་གྱི་སྡོམ་པའི་ནང་དུ་བསྡུས་པས་སོ། །གལ་ཏེ་དགེ་བ་ཆོས་བསྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡོད་དོ་ཅེ་ན། དེ་དག་ནི་སེམས་བསྐྱེད་ཀྱི་སྡོམ་པ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། རྗེ་བཙུན་ཆེན་པོས་ཀྱང༌། དེ་དག་ལ་ལྟོས་པའི་རྩ་བའི་ལྟུང་བ་རྣམ་པར་མ་གཞག་པའི་ཕྱིར་རོ། །གསུམ་པ་ནི། སྤྱིར་སྔགས་སྡོམ་གྱི་ངོས་འཛིན་རྒྱ་ཆུང་པ་ཡིན་ཏེ། ཁྱེད་ཀྱིས་བཤད་པ་དེར། རྒྱུད་སྡེ་འོག་མ་གཉིས་ཀྱི་དབང་ལས་ཐོབ་པའི་སྡོམ་པ་མ་འདུས་པ་དང༌། དབང་གོང་མ་གསུམ་ལས་ཐོབ་པའི་སྡོམ་པ་མ་བཤད་པའི་ཕྱིར། འདི་ལ་ཟུར་ན་གནས་པའི་རྒོལ་བ་ཁ་ཅིག་ན་རེ། རྒྱུད་སྡེ་འོག་མ་གཉིས་ལ། སེམས་བསྐྱེད་ཀྱི་སྡོམ་པ་ལས་མ་གཏོགས་པའི་སྔགས་སྡོམ་ཐོབ་རྒྱུ་ཡོད་པ་མ་ཡིན་ཏེ། དེ་ལེན་པའི་ཆོ་ག་བཤད་པ་མེད་པའི་ཕྱིར། ཞེས་ཟེར་རོ། །འདི་ནི་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། དབང་བསྐུར་བའི་ཆོ་ག་གང་ཡིན་པ་དེ་ཉིད་དེའི་སྡོམ་པ་ལེན་པའི་ཆོ་ག་ཡིན་པའི་ཕྱིར། གལ་ཏེ་དབང་བསྐུར་གྱི་སྡོན་དུ་འཇུག་སྡོམ་ལས་གཞན་པའི་སྡོམ་བཟུང་གི་ཆོ་ག་གཞན་མེད་པ་ལ་བསམ་པ་ཡིན་ནོ་ཞེ་ན། དེ་ལྟ་ན། རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་ངེས་པ་ཡིན་ཏེ། འོ་ན་རྒྱུད་སྡེ་གོང་མ་གཉིས་ལ་ཡང་རིགས་ལྔའི་སྡོམ་པ་ལས་མ་གཏོགས་པའི་རྩ་ལྟུང་བཅུ་བཞི་བསྲུང་བའི་སྡོམ་པ་གཞན་བཟུང་རྒྱུ་མེད་པར་འགྱུར་ཏེ། ཁྱེད་རང་ལྟར་ན། དེ་ལས་གཞན་པའི་སྡོམ་བཟུང་གི་ཆོ་ག་མེད་པའི་ཕྱིར་རོ། །དེ་ལ་འདོད་ནུས་པ་མ་ཡིན་ཏེ། བླ་མེད་ཀྱི་སྔགས་སྡོམ་དང་ལྡན་པ་དེས་རིགས་ལྔའི་དམ་ཚིག་ཏུ་ཇི་སྐད་བཤད་པ་དེ་ལས་བཟློག་པའི་མཚན་ཉིད་ཅན་གྱི་ལྟུང་བ་བཅུ་བཞི་པོ་དེ་ལས་གཞན་རྩ་ལྟུང་བཅུ་བཞི་པ་ལ་སོགས་པ་སྲུང་མི་དགོས་པར་ཐལ་པའི་ཕྱིར། ཡང༌། དཀྱུས་ན་གནས་པའི་རྒོལ་བ་རང་གི་ཕྱོགས་འཛིན་པ་དེ་དག་གིས། བླ་མེད་ཀྱི་སྔགས་སྡོམ་ཇི་སྙེད་པ་རིགས་ལྔའི་སྡོམ་བཟུང་གིས་ཐོབ་པ་དང༌། བུམ་དབང་གིས་ཐོབ་པ་གཉིས་སུ་ངེས་པར་འཆད་པ་དེ་ཡང་རྒྱ་ཆུང་པ་ཡིན་ཏེ། ཁྱེད་ལྟར་ན། བླ་མ་བཙལ་ལ་བུམ་དབང་བླང༌། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་བཏོན་པས་ཆོག་པའི་ཕྱིར། དེས་ན་དབང་གོང་མ་གསུམ་ལས་ཐོབ་པའི་སྡོམ་པ་ཡང་ངེས་པར་ཁས་ལེན་དགོས་པ་ཡིན་ཏེ། བླ་མ་གོང་མའི་གསུང་གིས། བླ་མེད་ཀྱི་སྡོམ་པ་ལ་ལུས་ངག་ཡིད་གསུམ་དང་འབྲེལ་བའི་སྡོམ་པ་གསུམ་དང༌། གང་ཟག་དང་འབྲེལ་བའི་སྡོམ་པ་གསུམ་དང༌། དབང་དང་འབྲེལ་བའི་སྡོམ་པ་བཞིར་བཤད་ནས། དང་པོ་ནི། སློབ་མ་སྟ་གོན་གྱི་དུས་སུ། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ནས། མི་དགེ་བ་བཅུ་སྤོང་བའི་སྡོམ་པ་སྟེ། དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གསུམ་སྟེ། སམྦུ་ཊར། བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མས་བསྐྱེད་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །སེམས་ཅན་སྣ་ཚོགས་འདུལ་བ་དང༌། །ཀུན་རྟོག་དྲྭ་བའི་ངན་རྟོག་གིས། །སེམས་ལ་སྨད་པར་མི་བྱ་སྟེ། །ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཕྲ་མ་ངག་དང་མ་རངས་པས། །རྣ་བ་མི་བདེ་བར་བྱེད་པའི། །ཚིག་རྩུབ་ལ་སོགས་སྨྲ་མི་བྱ། །གསུང་གི་རྡོ་རྗེའི་དམ་ཚིག་གོ །ཞེས་གསུངས་སོ། །གཉིས་པ་གང་ཟག་གིས་དབྱེ་ན། ལས་དང་པོ་པ་དང༌། སེམས་ལ་བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་གང་ཟག་གི་སྡོམ་པ་གསུམ་མོ། །དབང་གིས་དབྱེ་ན། དབང་བཞི་དང་འབྲེལ་བའི་སྡོམ་པ་རྣམ་པ་བཞིའོ། །དེ་ཡང་བུམ་དབང་གི་དམ་ཚིག་ནི། མི་དགེ་བ་བཅུ་སྤོང༌། ཐེག་པ་དམན་པ་ལ་འདོད་པ་མི་བྱེད། ཆང་དང་སེམས་ཅན་གྱི་དོན་ལ་རྒྱབ་ཕྱོགས་པ་སྤོང༌། ལྷ་སོགས་ཀྱི་མཚན་མ་མི་སྒོམ་པ་སྤོང༌། རྩ་བ་དང་ཡན་ལག་གི་ལྟུང་བ་སྤོང༌། རིགས་ལྔའི་སྡོམ་པ་མི་ཉམས་པར་སྲུང་བའོ། །གསང་དབང་གི་དམ་ཚིག་ནི། བདུད་རྩི་ལྔ་བསྟེན། རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱའི་དེ་ཁོ་ན་ཉིད་གསུམ་སྒོམ་པའོ། །ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་ནི། བྱང་ཆུབ་ཀྱི་སེམས་མི་སྤོང༌། ཉིན་མཚན་སོ་སོ་ལ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟེན་པའོ། །དབང་བཞི་པའི་དམ་ཚིག་ནི། དགོངས་ཏེ་གསུངས་པའི་དམ་ཚིག་བཞི་སྤྱོད། དུག་ལྔ་སྤོང༌། དེ་ཁོ་ན་ཉིད་སྒོམ་པའོ། །ཞེས་བཞེད་པ་ཡིན་ལ། དེའི་ཚེ་ན་དབང་གོང་མ་གསུམ་ལས་ཐོབ་པའི་སྡོམ་པའི་ངོ་བོ་གང་ཡིན་པ་དང༌། དེ་ཐབས་གང་ལས། དུས་ནམ་གྱི་ཚེ་སྐྱེ་བ་དང༌། དེ་མི་ཉམས་པར་སྲུང་བའི་ཚུལ་རྣམས་ནི། བརྟག་པ་ཕྱི་མའི་གཉིས་པ་ལས་གསུངས་ཤིང༌། རྒྱུད་སྡེ་གཞན་ལས་ཀྱང་གསུངས་པ་མང་སྟེ། འོག་ཏུ་འཆད་པར་འགྱུར་རོ། །དབང་གི་ཆུ་བོ་ལས། དེ་ལྟར་དེ་དག་གིས། དམ་ཚིག་དང་སྡོམ་པ་མཐའ་དག་བསྡུས་སོ། །ཞེས་གསུངས་པ་ཡང་དབང་བཞི་ཀ་དང་འབྲེལ་བའི་དམ་ཚིག་ལ་དགོངས་པ་ཡིན་ཏེ། དེའི་འཕྲོས་གོང་མ་དེར། རྡོ་རྗེ་གུར་ལས་འབྱུང་བའི་དམ་ཚིག་རྒྱས་པར་བརྗོད་པ་དེའི་ནང་ན། དབང་བཞི་ཀ་དང་འབྲེལ་བའི་དམ་ཚིག་བཤད་མ་ཐག་པ་དེ་དག་ཕལ་ཆེར་ཚང་བའི་ཕྱིར། གལ་ཏེ་དབང་གོང་མ་དང་འབྲེལ་བའི་སྡོམ་པའི་མིང་ཅན་འདི་དག སྔགས་ཀྱི་སྡོམ་པ་མཚན་ཉིད་པ་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། སྔགས་སྡོམ་གྱི་ངོ་བོ་ནི། སྤང་བྱ་འཕོ་བའི་བག་ཆགས་དང༌། མཚན་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་ཞིག་ཡིན་ལ། དེ་ནི་འདི་ལ་ལྷག་པར་ཚང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་བུམ་པའི་དབང་ཡང་མཚན་རྟོག་ལས་ཡིད་སྐྱོབ་པར་བྱེད་པའི་བདེ་ཆེན་གྱི་ཡེ་ཤེས་དེ་འདྲེན་བྱེད་ཀྱི་ཐབས་སུ་གསུངས་པའི་ཕྱིར། གཉིས་པ་རང་གི་ལན་ནི། དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་པ། དབང་བཞི་རྫོགས་པ་དེ་སྡོམ་པ་གསུམ་ཀ་ཡོངས་སུ་རྫོགས་པའི་ཐོབ་རྒྱུར་བསྟན་པ་ཡིན་ལ། དེ་ཙམ་གྱིས་སྡོམ་པ་དང་པོ་གཉིས་ཀྱི་ཐོབ་རྒྱུར་འགྲོ་བ་མ་ཡིན་ཏེ། སྡོམ་པ་དང་པོ་གཉིས་ཀྱི་ཐོབ་རྒྱུ་ལེའུ་དང་པོ་གཉིས་སུ་བསྟན་ཟིན་པ་དེ་གཞིར་གཞག་ནས། དེའི་སྟེང་དུ་དབང་བཞི་བླངས་པ་ན། སྔགས་ཀྱི་སྡོམ་པ་ཡོངས་སུ་རྫོགས་པར་ཐོབ་པས་སྡོམ་པ་གསུམ་ལྡན་དུ་འགྱུར། ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །འོ་ན། བསྟན་བཅོས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་སྡོམ་པ་གསུམ་པོ་གང་ཞེ་ན། སོ་ཐར་གྱི་སྡོམ་པ་ཉན་ཐོས་ཀྱི་འདུལ་བ་དང་མཐུན་པར་བླངས་པ། བྱང་སེམས་ཀྱི་སྡོམ་པ་དབུ་སེམས་ཀྱི་ལུགས་གཉིས་པོ་གང་རུང་དང་མཐུན་པར་ཐོབ་པ། སྔགས་ཀྱི་སྡོམ་པ་གསང་སྔགས་བླ་མེད་ཀྱི་ཆོ་གས་བླངས་པའོ། །དེ་ཡང་སྡོམ་པ་གསུམ་ལྡན་དུ་འཇོག་པ་ལ། རང་རང་སོ་སོའི་སྡོམ་པ་ཡོངས་སུ་རྫོགས་པར་ཐོབ་དགོས་པ་ནི་མ་ཡིན་ཏེ། དགེ་བསྙེན་གྱི་སྡོམ་པ་ཙམ་དང༌། སྨོན་སེམས་ཀྱི་སྡོམ་པ་རྐྱང་པ་དང༌། བླ་མེད་ཀྱི་བུམ་དབང་ཙམ་ཞིག་བསྐུར་བས་སྡོམ་པ་གསུམ་ལྡན་དུ་འཇོག་ནུས་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་བུམ་དབང་ཙམ་བསྐུར་བ་ལ་སྔགས་སྡོམ་འཛིན་དགོས་པར་མི་བཞེད་པ་ནི་མ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ལེགས་བཀོད་ནས། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །ཞེས་བྱ་བའི་གཞུང་འདི་རྗེ་བཙུན་གོང་མ་དེ་དག་གིས་ལུང་ཁུངས་སུ་ཡང་ཡང་མཛད་པའི་ཕྱིར་རོ།།  །།དྲི་བ་གཉིས་པ་ནི། རྡོ་རྗེ་ཕག་མོ་འགའ་ཞིག་གི །དབང་བཞི་ཚད་ལྡན་གཞུང་ལས་བཤད། །དེ་དག་སྨིན་བྱེད་དབང་བསྐུར་དུ། །རུང་ངམ་མི་རུང་གང་ཡིན་དྲི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་གི་དངོས་བསྟན་ལ། རྡོ་རྗེ་ཕག་མོ་ལ་དབང་བསྐུར་མཚན་ཉིད་པ་སྤྱིར་ཡོད་པ་དང༌། བྱིན་རླབས་དབང་བསྐུར་ཡིན་པ་གཉིས་ཀ་བཀག་འདུག་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་བའི་སྐྱོན་ནི། འོ་ན། རྡོ་རྗེ་ཕག་མོ་ལ་སྡོམ་པ་འབོགས་པའི་ཆོ་ག་དང༌། དབང་བསྐུར་དང༌། དཀྱིལ་འཁོར་སོགས་རང་བཟོ་མ་ཡིན་པ་ཡོད་དམ་མེད། མེད་ན་ཕག་མོ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་ག ཤམྦྷ་ལའི་རིགས་ལྡན་ཁྱབ་འཇུག་སྦས་པས་མཛད་པ་དང༌། ཕག་མོ་ལྷ་སུམ་ཅུ་སོ་བདུན་མའི་སྒྲུབ་ཐབས། སློབ་དཔོན་དགེ་བའི་འབྱུང་གནས་སྦས་པས་མཛད་པ་དང༌། རྡོ་རྗེ་རྣལ་འབྱོར་མའི་དབང་གི་ཆོ་ག ཤ་ཝཱ་རི་དབང་ཕྱུག་གིས་མཛད་པ་དང༌། ཕག་མོ་མངོན་བྱུང་གི་དཀྱིལ་འཁོར་གྱི་ཆོ་ག ཤྲཱི་ཨུ་མ་པ་ཏིས་མཛད་པ་དང༌། དེ་ཉིད་ཀྱི་སྒྲུབ་ཐབས། ཨུ་མ་པ་ཏིས་མཛད་པ་ཡོད་པར་མངོན་སུམ་གྱིས་གྲུབ་པ་དང་འགལ། གལ་ཏེ་ཡོད་ན། དེ་དག་སློབ་མ་མ་སྨིན་པ་སྨིན་པར་བྱེད་པའི་དབང་རུང་ངམ་མི་རུང༌། རུང་ན། ཇི་སྐད་དུ། རྡོ་རྗེ་ཕག་མོ་ཉིད་ལས་ཀྱང༌། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །དེ་ལ་རྡོ་རྗེ་ཕག་མོ་སྦྱིན། །ཞེས་པའི་ལུང་ཁུངས་སུ་དྲངས་ནས་འཆད་པ་དང་འགལ། སྨིན་བྱེད་ཀྱི་དབང་དུ་མི་རུང་ན། རྡོ་རྗེ་ཕག་མོ་ལ་དབང་བསྐུར་མཚན་ཉིད་པ་ཡོད་ཀྱང༌། སྨིན་བྱེད་དུ་མི་རུང་ཞེས་གསུངས་པས་ཆོག་པ་ལ། དེ་ལ་དབང་མཚན་ཉིད་པ་ཡོད་པ་འབད་ནས་འགོག་པར་མཛད་པ་འདི་ཅི་ཞིག་ཡིན། ཞེས་རྒོལ་བ་དག་བྱུང་ན་ལན་གང་ཡིན། གཉིས་པ་དངོས་ལན་གདབ་པ་ནི། སྤྱིར་རྡོ་རྗེ་རྣལ་འབྱོར་མའི་ལྷ་གྲངས་མང་ཉུང་གི་དཀྱིལ་འཁོར་དང༌། དེའི་ཆོ་ག་སྤྱིར་ཡོད་མེད་དང༌། ཡོད་ཀྱང་དེའི་ཆོ་ག་དེང་སང་ལག་ལེན་དུ་བྱེད་པ་ཡོད་མེད་ཀྱི་དཔྱད་པ་པོར་ནས། བསྟན་བཅོས་འདི་རྩོམ་པའི་ཕྱོགས་སྔ་མར་འཇོག་པ་ནི། རྗེ་དགས་པོ་ལྷ་རྗེའི་བཀའ་རྒྱུད་འཛིན་པ་རྣམས། མར་པ་ལོ་ཙཱ་ནས་མ་རྒྱུད་པའི་རྡོ་རྗེ་ཕག་མོ་ལྷ་ལྔའི་བྱིན་རླབས་ཙམ་ཞིག སྔོན་སྔགས་ལ་འཇུག་མ་མྱོང་བའི་གང་ཟག་གིས། གསང་སྔགས་ཟབ་མོ་ཉམས་སུ་ལེན་པའི་ཆོས་ཀྱི་སྒོར་མཛད་པ་འདི་འགོག་པ་ཡིན་ལ། དེ་འགོག་པའི་ཚུལ་ཡང༌། ཆོས་སྒོ་ཞེས་བྱ་བའི་ཐ་སྙད་ཚད་ལྡན་གྱི་གཞུང་ལུགས་ན་མེད་ཀྱང༌། ཁྱེད་ཀྱིས་འདོད་པ་དེ་ཡིན་ན། སློབ་མ་མ་སྨིན་པ་སྨིན་པར་བྱེད་པའི་དབང་ཡིན་དགོས་ལ། ཁྱེད་འདོད་པའི་བྱིན་རླབས་དེ་ནི་དེར་མི་རུང་སྟེ། དེ་ལ་སྦྱང་གཞི་སྦྱོང་བྱེད་ཀྱི་ཡན་ལག་མ་ཚང་བས། སྨིན་བྱེད་ཀྱི་དབང་གི་མཚན་ཉིད་ཐམས་ཅད་མ་ཚང་བའི་ཕྱིར་དང༌། དེ་ཙམ་གྱིས་སྡོམ་པ་གསུམ་ལྡན་དུ་བྱ་བར་མི་རུང་བའི་ཕྱིར་དང༌། སྔར་དབང་བསྐུར་མཚན་ཉིད་དང་ལྡན་པ་མ་ཐོབ་པ་ལ་བྱིན་རླབས་དེ་བྱ་བར་མི་རུང་བའི་ཕྱིར་ཞེས་པ་ཡིན་ལ། དེ་ལ་ཁ་ཅིག་གིས་སྡོམ་པ་འབོགས་པའི་ཆོ་ག་སྦྱར་ནས། བྱིན་རླབས་ཀྱི་ཆོ་ག་དེ་ཙམ་ཞིག་ཐོབ་པ་ལ་སྡོམ་པ་གསུམ་ལྡན་དུ་འཇོག་པ་དང༌། ཡང་ཁ་ཅིག་གིས། དབང་མེད་པར་སྡོམ་པ་བཟུང་བ་ཙམ་གྱིས་སྡོམ་ལྡན་དུ་མི་འགྱུར་བར་རྟགས་ནས། ཕག་མགོ་ལ་སོགས་པ་བརྡ་བཞིའི་དབང་བྱས་ནས། གསང་སྔགས་ཀྱི་ཆོས་སྒོ་ཕྱེ་བར་ཁས་ལེན་ནོ། །དེ་ནི་རང་བཟོ་ཁོ་ན་ཡིན་ཏེ། བརྡ་བཞིའི་དབང་ལ་སྟོན་བྱེད་ཀྱི་ཁུངས་མེད་པས། དེ་ལ་སྡོམ་བཟུང་གི་ཆོ་ག་སྦྱར་ཡང༌། རང་བཟོ་ལས་མ་འདས་པའི་ཕྱིར། ཞེས་བྱ་བའི་དོན་དུ་བཟུང་བར་བྱའོ།།  །།དྲི་བ་གསུམ་པ་ནི། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །སྡོམ་པ་འབོགས་པའི་ཆོ་ག་དང༌། །དཀྱིལ་འཁོར་དང་ནི་དབང་བསྐུར་བ། །རང་ལུགས་ལ་ཡང་མི་བཞེད་དམ། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། ལ་ལ་རྡོ་རྗེ་ཕམ་མོ་ལ། །ཞེས་པ་ནས། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། །སྡོམ་པ་ཕོག་ཀྱང་ཆགས་མི་འགྱུར། །ཞེས་པའི་སྒྲ་ཇི་བཞིན་པ་དེ་ལ་བལྟས་པ་ན། རྡོ་རྗེ་ཕག་མོའི་བྱིན་རླབས་ལ། སྡོམ་པ་བཟུང་བའི་ཆོ་ག་དང༌། དབང་གི་ཆོ་ག་སྤྱིར་མེད་པ་དང༌། དེ་འདྲ་བྱས་ཀྱང་སྡོམ་པ་མི་འཆགས་པར་གསུངས་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་རང་ལུགས་ཀྱི་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ལ། རིགས་ལྔའི་སྡོམ་པ་འཛིན་པའི་ཆོ་ག་དང༌། དབང་བཞིའི་ཆོ་ག་བཤད་པ་དེ་འདོར་དགོས་པར་འགྱུར་རོ། །ཞེས་རྒོལ་བ་དག་འབྱུང་བར་དོགས་སོ། །གཉིས་པ་དངོས་ལན་གདབ་པ་ནི། རང་ལུགས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ལ་སྡོམ་བཟུང་གི་ཆོ་ག་སྦྱར་བ་དེ། སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པའི་ཐབས་མ་ཡིན་ཏེ། འཁོར་ལོ་བདེ་མཆོག་གི་དམ་ཚིག་དང་སྡོམ་པ་ཐོབ་ལ་མ་ཉམས་པ་ཞིག་ལ་བྱིན་རླབས་འདི་བྱ་བ་ཡིན་གྱི། གཞན་ལ་མ་ཡིན་པའི་ཕྱིར། དེ་ལྟ་ནའང༌། སྡོམ་བཟུང་གི་ཆོ་ག་བྱས་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། སྔར་གྱི་སྡོམ་པ་བཟུང་ཟིན་གསལ་བཏབ་པ་ལ་བརྟེན་ནས། དབང་བཞིའི་མིང་ཅན་གྱི་བྱིན་རླབས་དེ་འཆགས་པའི་དགོས་པ་ཡོད་པའི་ཕྱིར། ཞེས་པའོ།།  །།དྲི་བ་བཞི་པ་ནི། བྱིན་རླབས་ཆོས་སྒོར་མི་བཞེད་ན། །རྫོགས་རིམ་འགའ་ཞིག་ཉན་པའི་སྔར། །བྱིན་རླབས་ངེས་པར་མཛད་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། གཞན་ཡང་ཕག་མོའི་བྱིན་རླབས་ལ། །གསང་སྔགས་ཆོས་སྒོར་བྱེད་པ་ནི། །རྒྱུད་སྡེ་གང་ནའང་བཤད་པ་མེད། །ཅེས་པའི་སྒྲ་ཇི་བཞིན་པ་ལ་བལྟས་ན། ཕག་མོའི་བྱིན་རླབས་དེ་གསང་སྔགས་ཀྱི་ཆོས་སྒོ་ཡིན་པར་འགལ་བར་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི། ཆོས་སྒོ་ཞེས་བྱ་བའི་ཐ་སྙད་དང་དོན་གཉིས་ལས། ཐ་སྙད་ནི་རྒྱུད་དང་རྒྱ་གཞུང་གང་ནས་ཀྱང་མི་འབྱུང་བས། དེ་དེར་འཆད་པ་མེད་མོད། དེའི་དོན་ནི་ངེས་པར་ཁས་ལེན་དགོས་ལ། དེ་ལ་དབང་དང་བྱིན་རླབས་གཉིས་ལས། དབང་བསྐུར་ཆོས་ཀྱི་སྒོ་ཡིན་པར་ཁས་ལེན་པ་དེ་བཞིན་དུ། བྱིན་རླབས་ཀྱང་ཁས་ལེན་དགོས་པ་ཡིན་ཏེ། རྒྱུ་མཚན་གང་ཡོད་པ་དེ་མཚུངས་པའི་ཕྱིར་རོ། དཔེར་ན་གསང་བ་འདུས་པའི་རིམ་ལྔ་སྟོན་པ་ལ། གསང་བ་འདུས་པའི་དབང་གིས་ཆོས་སྒོ་ཕྱེ་དགོས་པ་དང༌། བདེ་མཆོག་གི་རིམ་ལྔ་དང༌། རིམ་བཞིའི་གདམས་ངག་ཉམས་སུ་ལེན་པ་ལ། འཁོར་ལོ་སྡོམ་པའི་དབང་གིས་ཆོས་སྒོ་ཕྱེ་དགོས་པ་དེ་བཞིན་དུ། རྩ་དབུ་མའི་རྫོགས་རིམ་དང༌། ཤིན་ཏུ་སྤྲོས་མེད་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ་དང༌། བདེ་མཆོག་དཀར་པོའི་ཁྲིད་ལ་སོགས་པ་གདམས་པ་མང་པོ་ལ། རང་རང་གི་ལུགས་ཀྱི་བྱིན་རླབས་རེ་རེ་ངེས་པར་སྔོན་དུ་འགྲོ་དགོས་ཀྱིན་འདུག་པའི་ཕྱིར། བྱིན་རླབས་དེ་ལ་ཡང་དབང་མཚན་ཉིད་པ་ཞིག་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས་ཆོས་སྒོར་མི་འཇོག་ན། དབང་གོང་མ་གསུམ་དང་དུས་འཁོར་དུ། འཇིག་རྟེན་པ་དང་དེ་ལས་འདས་པའི་དབང་གཉིས་སུ་ཕྱེ་བའི་དུས་ཀྱི་འཇིག་རྟེན་ལས་འདས་པའི་དབང་བཞི་པོ་རྣམས་དང༌། བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་གྱི་དབང་བསྐུར་བ་རྣམས། དེ་དང་དེའི་རྫོགས་རིམ་ཉན་པའི་ཆོས་སྒོ་མ་ཡིན་པ་དང༌། ཀྱཻ་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ཡང༌། དེ་ལ་ལྟོས་པའི་རིམ་གཉིས་ཀྱི་ཆོས་ཀྱི་སྒོ་མ་ཡིན་པར་འགྱུར་ཏེ། དེ་དག་གི་སྔོན་རོལ་དུ། ཕྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་རེ་རེ་འགྲོ་དགོས་པར་བཞེད་པའི་ཕྱིར། ཞེས་བྱ་བའི་དོགས་པ་འདི་དག་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། སྤྱིར་རྫོགས་རིམ་ཟབ་མོ་རྣམས་ལ། རང་རང་ལ་ལྟོས་པའི་ཆོས་ཀྱི་སྒོ་དབྱེ་ཐབས་མི་འདྲ་བ་རེ་རེ་ཡོད་པས། ཆོས་སྒོ་དབྱེ་བ་ཞེས་བྱ་བའི་སྒྲ་བཤད་ནི། དབང་དང་བྱིན་རླབས་གཉིས་ཀ་ལ་ངེས་པར་ཚང་བའོ། །དེ་ཡང་ཐོག་མའི་ཆོས་སྒོ་ནི་དབང་བསྐུར་བ་ཁོ་ན་ཡིན་ཏེ། དེ་མ་ཐོབ་པར་བྱ་རྒྱུད་ཀྱི་ཁྱད་པར་རེ་རེ་བ་མ་གཏོགས། གསང་སྔགས་ཟབ་མོའི་ཆོས་སྟོན་པ་དང༌། ཉན་པ་ལ་འཇུག་ཏུ་མི་རུང་བའི་ཕྱིར་རོ། །དེ་བས་ན། འདིར་བཤད་པའི་རྩོད་གཞི་ནི། ཕྱོགས་སྔ་མའི་འདོད་པ་གཞིར་གཞག་ནས། ཆོས་ཀྱི་སྒོ་ཐོག་མར་དབྱེ་བ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་ཕྱོགས་ཕྱི་མ་པ་དག་ལ་གྲགས་པའི་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང་དོན་གཅིག་པ་ཡིན་པ་དེའི་ཕྱིར། ཕག་མོའི་བྱིན་རླབས་ནི་དེར་མི་རུང་སྟེ། སྨིན་བྱེད་ཀྱི་དབང་གིས་ཆོས་སྒོ་ཕྱེ་མ་ཟིན་པ་ལ་དེ་བྱ་བར་མི་རུང་བའི་ཕྱིར། ཁྱད་པར་ནཱ་རོའི་ཆོས་དྲུག་ལྟ་བུའི་ཆོས་སྒོ་དབྱེ་བྱེད་དུ་མི་རུང་སྟེ། གདམས་པ་དེ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་དུ་མ་ནས་བཏུས་པའི་གདམས་པ་ཁྱད་པར་ཅན་ཡིན་ལ། དེ་ལ་ནི་རྣལ་འབྱོར་ཕ་མའི་རྒྱུད་སྡེ་གཉིས་ཀ་ལ་བརྟེན་པའི་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་པའོ། །སྐབས་འདིའི་རྩོད་གཞི་དེ་ཡང༌། ཕག་མོའི་བྱིན་རླབས་གང་ཡང་རུང་བ་ལ་ཟེར་བ་མ་ཡིན་གྱི། ཕག་མོ་གྲུའི་ཆོས་སྒོ་བས་ལག་ཏུ་ལེན་པའི་རིམ་པ་དེ་རྩོད་གཞིར་གཞག་ནས། གཞུང་གི་ཚོགས་འདི་དག་གསུངས་པ་ཡིན་ནོ།།  །།དྲི་བ་ལྔ་པ་ནི། རང་བྱུང་ནས་ནི་ཚུར་ཤོག་བར། །སྔོན་ཆོག་ཡིན་པར་གང་དུ་བཤད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། འཁྲུལ་པ་ཡིན་པ་མཉམ་པོ་ལ། །འདི་དག་སྔོན་གྱི་ཆོ་གར་བཤད། །ཅེས་པ་འདིའི་རྣམ་བཤད་མཛད་པ་མང་པོས། དེ་དག་དེར་འདུལ་བའི་ལུང་དུ་བཤད་ཅེས་ཟེར་བར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འདུལ་བའི་ལུང་ལས་ཚུར་ཤོག་སོགས་གསུངས་པ་དེ་རྣམས་ད་ལྟར་གྱི་ཆོ་གའི་ཟླས་ཕྱེ་བའི། སྔོན་ཆོག་ཏུ་བཤད་པ་ནི་མ་ཡིན་ཏེ། མདོ་དང་ལུང་གཉིས་ཀ་ལས། སྔོན་ཆོག་དང་ད་ལྟར་གྱི་ཆོ་གའི་དབྱེ་བ་ནི། གསོལ་བཞིའི་ཆོ་གས་བསྙེན་པར་རྫོགས་པའི་ཚུལ་ཁོ་ན་ལ་བཤད་ཀྱི། གཞན་ལ་མ་བཤད་པའི་ཕྱིར་དང༌། བོད་ཀྱི་འདུལ་བ་འཛིན་པ་དག རང་བྱུང་དང་ཡེ་ཤེས་ཁོང་དུ་ཆུད་པ་སོགས་བཅུ་སྔོན་ཆོག་གི་དབྱེ་བར་འཆད་པ་ཡོད་ཀྱང༌། དེ་དག་ལུང་དང་མི་མཐུན་པའི་ཕྱིར། ལུང་ལས་ནི། བཅུ་པོ་དེ་དག་སྤྱིར་བསྙེན་རྫོགས་ཀྱི་དབྱེ་བར་བཤད་པ་ཡིན་གྱི། སྔོན་ཆོག་གི་དབྱེ་བར་མ་བཤད་པའི་ཕྱིར། ལུང་མ་མོ་དང་མཛོད་འགྲེལ་དུ་གསུངས་པའི་བཅུ་པོ་དེ་དག སྔོན་ཆོག་གི་དབྱེ་བ་ཡིན་པ་རིགས་པས་ཀྱང་མི་འཐད་དེ། སྔོན་ཆོག་ཡིན་ངོ་ཤེས་པའི་གསོལ་གཞིའི་ཆོ་ག་དེ་དེར་མ་བགྲངས་པའི་ཕྱིར་དང༌། དེར་བགྲངས་པའི་ལྔ་ཚོགས་དང་བཅུ་ཚོགས་ནི། ད་ལྟར་གྱི་ཆོ་གའི་དབྱེ་བ་ལས་འབྱུང་བའི་ཕྱིར། གཉིས་པ་དངོས་ལན་གདབ་པ་ནི། འདི་རྣམས་སྔོན་གྱི་ཆོ་གར་བཤད། །ཅེས་པ། བོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱི་འདོད་པ་ལྟར་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྱིར་སྡོམ་པའི་སྣོད་དུ་གྱུར་པའི་གང་ཟག་ལ་གཉིས་ཏེ། སྔོན་གྱི་གང་ཟག་དང༌། ད་ལྟར་གྱི་གང་ཟག་གོ །དང་པོ་ནི། རྒྱུད་ཡོངས་སུ་སྨིན་པ་སྲིད་པ་ཐ་མ་པར་གྱུར་པའི་གང་ཟག་ལ་བྱ་ལ། གང་ཟག་དང་པོ་དེ་དག་ལ་ནི། སྡོམ་པའི་འཐོབ་རྒྱུ་བཤད་པ་དེ་དག་ལས་གང་ཡང་རུང་བ་ཞིག་གིས་ཀྱང་སྡོམ་པ་འཐོབ་པར་ནུས་ལ། གཉིས་པ་ལ་ནི། ད་ལྟར་གྱི་ཆོ་ག་ཁོ་ནས་བསྙེན་པར་རྫོགས་དགོས་པར་འདུལ་བ་ལས་གསུངས་སོ། །དེ་བས་ན་སྔོན་གྱི་གང་ཟག་ཁོ་ན་ལ་བྱ་བའི་ཆོ་ག་ལ་བསམས་ནས། ཇི་སྐད་དུ། འདི་རྣམས་སྔོན་གྱི་ཆོ་གར་བཤད། །ཅེས་གསུངས་པ་ཡིན་ཏེ། བསྟན་བཅོས་འདི་ཉིད་ལས། འདི་འདྲ་སྔོན་གྱི་ཆོ་ག་སྟེ། །ད་ལྟའི་སྐྱེ་བོས་བྱར་མི་རུང༌། །ཞེས་དང༌། སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་ག་འཕགས་པའི་ཡིན། །ཞེས་གསུངས་པ་ལྟར། སྔོན་ཆོག་གི་སྒྲ་ཡངས་པར་མཛད་པའོ།།  །།དྲི་བ་དྲུག་པ་ནི། གསང་བ་སྤྱི་རྒྱུད་དག་ལས་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བའི། །སློབ་མ་གཉིས་དང་བཞི་ལ་སོགས། །ཟུང་དུ་བཤད་པ་འགའ་ཞིག་ཡོད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། སྔགས་ཀྱི་དབང་བསྐུར་བྱེད་པ་ནི། །གྲངས་ངེས་མེད་པར་དབང་བསྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གིས་བཀག །ཅེས་པའི་ལུང་འདི་ཁུངས་སུ་འདྲེན་པ་ཀུན་གྱིས། ཉི་ཤུ་རྩ་ལྔ་མན་ཆད་ཟུང་དུ་མ་གྱུར་པ་ཁོ་ན་ལ་དབང་བསྐུར་བ་ཡིན་གྱི། ཟུང་དུ་གྱུར་པ་ལ་དབང་བསྐུར་དུ་མི་རུང་བ་ཡིན་ནོ་ཞེས་གསུང་བར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི། དེ་ལྟར་ཡིན་པ་དེའི་ཚེ་འོ་ན། གསང་བ་སྤྱི་རྒྱུད་ལས། བླ་མས་སློབ་མ་གཅིག་པུ་ནི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་བྱ། །མཁས་པས་ཅིག་ཆར་སློབ་མ་གཉིས། །དབང་བསྐུར་བ་ནི་ཡོངས་མི་བྱ། །གཉིས་སམ་གསུམ་མམ་བཞི་ཡང་རུང༌། །བླ་མས་དབང་བསྐུར་བྱ་བ་ནི། །ཡོ་བྱད་གསར་པ་གཞན་རྣམས་ཀྱིས། །ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་གསུངས་ལ། དེའི་ཚེ་ན་སློབ་མ་གཉིས་དང་བཞི་ལ་ཡང༌། དབང་དུས་གཅིག་ཏུ་བསྐུར་བར་བཤད་པ་མ་ཡིན་ནམ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །ཡང་འདིར་དྲི་བ་འདི་ལྟ་བུ་ཞིག་ཀྱང་འཇུག་སྟེ། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་གྲངས་ངེས་མེད་གྱུར་ན། །གཅིག་ནས་བཅུ་ཡི་བར་དག་གི །གྲངས་ངེས་མཛད་པ་ཇི་ལྟར་ཡིན། །གསང་བ་སྤྱི་རྒྱུད་ལུང་གིས་ནི། །རྗེས་བཟུང་ཆོ་གས་སློབ་མ་རྣམས། །རྗེས་འཛིན་དུས་ཀྱི་སློབ་མ་ཡི། །གྲངས་ངེས་བསྟན་པ་མ་ཡིན་ནམ། །ཞེས་པ་འདི་ལའང་འདྲི་བའི་རྒྱུ་མཚན་གཉིས་ལས། དང་པོ་ནི། དེ་ལྟར་འཆད་པ་འོ་ན། རྣམ་སྣང་མངོན་བྱང་ལས། སློབ་མ་དད་ཅིང་རིགས་བཙུན་པ། །དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡིད་རབ་བརྟན་པ་ནི། །བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང༌། །དཔྱད་མི་དགོས་པར་བཟུང་བར་བྱ། །ཞེས་བཅུ་ཚུན་ཆད་ལ་ཟུང་དུ་མ་གྱུར་པའི་ངེས་པ་མ་མཛད་མོད། བཅུ་ལས་ལྷག་པ་མ་བཤད་པ་དེ་ཇི་ལྟར་ཡིན་སྙམ་དུ་དོགས་པ་དང༌། བཅུ་ཚུན་ཆད་མཚོན་བྱེད་ཙམ་ཡིན་གྱི། དེ་ལས་གྲངས་མང་བ་ཡང་རྒྱུད་དེའི་དགོངས་པ་ལ་ཡོད་དོ་སྙམ་ན། དེ་ཡང་ཡིན་པའི་ངེས་པ་མི་སྣང་སྟེ། ལུང་དྲངས་མ་ཐག་པ་དེ་དང་འབྲེལ་ཆགས་སུ། འདི་སྐད་ཅེས། གསང་བའི་བདག་པོ། གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །ཞེས་གསུངས་པས་སོ། །འདྲི་བའི་རྒྱུ་མཚན་གཉིས་པ་ནི། དབང་བསྐུར་གྱི་ཕྱག་ལེན་མཛད་པའི་བླ་མ་རྣམས། སློབ་པ་རྗེས་འཛིན་གྱི་དུས་ཀྱི་སློབ་མ་ལ་གྲངས་ངེས་མི་མཛད་པར། སློབ་མ་སྟ་གོན་དུ་གནས་པ་ཕན་ཆད་དུ་གྲངས་ངེས་མཛད་པ་གསང་བ་སྤྱི་རྒྱུད་ཀྱི་ལུང་དེའི་དགོངས་པར་འཆད་མོད། ལུང་དེས་ནི་སློབ་མ་རྗེས་འཛིན་གྱི་གྲངས་ངེས་བསྟན་པར་སྣང་སྟེ། ཇི་སྐད་དུ། ཟུང་དུ་མ་གྱུར་སློབ་མ་བཟུང༌། །ཞེས་པ་དང༌། ཡོངས་སུ་བཟུང་བར་མི་ཤིས་སོ། །ཞེས་རྗེས་འཛིན་གྱི་ཚིག་གསལ་པོར་བྱུང་བ་དང༌། དབང་བསྐུར་གྱི་དབང་དུ་བྱས་ནས། གོང་དུ་གྲངས་པའི་ལུང་དེ་དག་གསུངས་པའི་ཕྱིར། དོན་དེ་ཉིད་བླ་མ་གོང་མའི་བཞེད་པ་ཡིན་ཏེ། ཇི་སྐད་དུ། དབང་གི་ཆུ་བོ་ལས། མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྲངས་ཁ་ཡར་བ་བཟུང་བར་བྱའི། ཁ་འཆམ་པ་དང་དེ་ལས་ལྷག་པ་དཀྱིལ་འཁོར་གཅིག་ཏུ་མི་བཟུང་སྟེ། དེ་སྐད་དུ་ཡང༌། སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གི །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང༌། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་བཟུང་བ་མི་ཤིས་སོ། །ཞེས་གསུངས་པས་སོ། །ཞེས་སློབ་མ་རྗེས་འཛིན་གྱི་ཆོ་གའི་སྐབས་སུ་བཤད་པའི་ཕྱིར་རོ། །སྙམ་དུ་དོགས་པའི་རྒོལ་བ་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གསུམ་ལས། དྲི་བ་དང་པོའི་ལན་ནི། གསང་བ་སྤྱི་རྒྱུད་ཀྱི་དགོངས་པ་ནི། སློབ་མ་རྗེས་འཛིན་དང་སྟ་གོན་གྱི་དུས་སུ། ཉེར་ལྔ་མན་ཆད་གྱི་གྲངས་ཁ་ཡར་བ་ཇི་ཙམ་ཡོད་པ་དེ་ཐབས་གཅིག་ཏུ་ཚོགས་པ་ལ། རྗེས་འཛིན་དང་སྟ་གོན་གྱི་ཆོ་ག་ཡོངས་སུ་རྫོགས་པར་བྱས་ནས། དབང་བསྐུར་དངོས་གཞིའི་ཆོ་ག་ནི་སློབ་མ་རེ་རེ་ནས་བྱ་བར་གསུངས་པ་ཡིན་ཏེ། སྤྱི་རྒྱུད་ཉིད་ལས། བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་རྣམས་ནི་ལེགས་པར་བཟུང༌། །སློབ་མ་རེ་རེ་ནས་བཀུག་སྟེ། །གསང་གཏོར་སྔ་མ་བཞིན་བྱས་ལ། །ཞེས་དང༌། སློབ་མ་གཅིག་ནས་བཀུག་ནས་ནི། །ཆོ་ག་བཞིན་དུ་ཡོན་ཕུལ་ཏེ། །ཆོ་ག་ཤེས་པས་གསང་གཏོར་བྱ། །ཞེས་དང༌། མཁས་པས་ཅིག་ཆར་སློབ་མ་གཉིས། །དབང་བསྐུར་བར་ནི་ཡོང་མི་བྱ། །ཞེས་གསུངས་སོ། །དེ་ཡང་དབང་བསྐུར་དངོས་གཞིའི་དུས་སུ། སློབ་མ་གཉིས་སམ་བཞི་དུས་གཅིག་ཏུ་གྲལ་ལ་འདུག་ཏུ་མི་རུང་བ་ནི་མ་ཡིན་མོད། དབང་རྫས་གཅིག་ཉིད་ཀྱིས། སློབ་མ་གཉིས་ལ་སོགས་པ། དུས་ཅིག་ཆར་དུ་དབང་བསྐུར་དུ་རུང་བ་ནི་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། དེ་ཉིད་ལས། གཉིས་སམ། ཞེས་པ་ནས། ཐམས་ཅད་སོ་སོ་སོ་སོར་བྱ། །ཞེས་པའི་བར་གསུངས་སོ། །དོན་དེ་ལ་རྗེས་སུ་དཔགས་ན། དབང་དེ་ལ་དགོས་པའི་དབང་གི་ཡོ་བྱད་ཆ་གཅིག་ལས་མེད་ན། སློབ་མ་རྣམས་རིམ་གྱིས་བསྐུར་བ་དང༌། སློབ་མའི་གྲངས་དང་མཉམ་པའི་དབང་རྫས་ཡོད་ན། ཅིག་ཆར་དུ་དབང་བསྐུར་བས་ཆོག་པ་ལྟ་བུར་མངོན་ནོ། །སྟ་གོན་གྱི་ཚེ་ནི། ཐམས་ཅད་ཅིག་ཆར་དུ་ཚོགས་དགོས་པ་ཡིན་ཏེ། དེ་ལས་འགའ་ཞིག་མ་ཚང་ན་དེའི་སྐྱིན་པོ་གཞུག་པ་དང༌། དེ་ཡང་མ་འབྱོར་ན་གང་མ་ཚང་བ་དེའི་གཟུགས་བརྙན་བྱེད་དུ་བཅུག་ནས། སྟ་གོན་གྱི་ཆོས་རྣམས་བྱེད་དགོས་པར་གསུངས་པའི་ཕྱིར། དེ་སྐད་དུ་ཡང༌། སྤྱི་རྒྱུད་ཉིད་ལས། སློབ་མ་ཡོངས་སུ་བཟུང་བ་གང༌། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྱས་ནས་སུ། །ཇི་སྐད་བཤད་པའི་ལས་རྣམས་བྱ། །སློབ་མ་ཡོངས་སུ་བཟུང་བ་གང༌། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་སོ། །འདི་ཡང་རྗེས་བཟུང་གི་སློབ་མ་དབང་བསྐུར་དངོས་གཞིའི་དུས་སུ། གཏན་སླེབ་མི་སྲིད་པ་ཞིག་གི་དབང་དུ་བྱས་པ་ནི་མ་ཡིན་པ་འདྲ་སྟེ། ཡིན་ན་དེ་འདྲ་དེའི་གཟུགས་བརྙན་ནམ། སྐྱིན་པ་ལ་སྟ་གོན་བྱས་པ་ལ་དགོས་པ་མེད་པའི་ཕྱིར། གལ་ཏེ་གྲངས་ཚང་བ་གཅིག་པུའི་ཕྱིར་དུ་ཡིན་ན་ནི། རྗེས་བཟུང་གི་དུས་ཀྱི་གྲངས་ལས། གཉིས་དང༌། བཞི་དང༌། དྲུག་དང༌། བརྒྱད་ལ་སོགས་པ་མ་ཚང་ན་སྐྱིན་པ་གཞུག་མི་དགོས་པར་འགྱུར་རོ། །འོ་ན་སྐྱིན་པ་ལ་སྟ་གོན་བྱས་པའི་དགོས་པ་ཅི་ཞེ་ན་སྟ་གོན་གྱི་དུས་སུ་སྐྱིན་པ་བཅུག་ནས། དངོས་གཞིའི་དུས་སུ་རང་ཉིད་ཀྱིས་དབང་བླངས་ཆོག་པའི་རྒྱུ་མཚན་གྱིས་ཡིན་ཏེ། དེ་ལས་གཞན་དུ། སྐྱིན་པ་དེ་ཉིད་ལ་དབང་བསྐུར་བ་ཡིན་ན་ནི། གཟུགས་བརྙན་བྱས་པ་དེ་ལ་ཡང་དབང་བསྐུར་བར་ཐལ་བའི་ཕྱིར་དང༌། རྗེས་སུ་མ་བཟུང་བ་ཞིག་ལ་སྟ་གོན་བྱས་ནས་དབང་བསྐུར་བར་ཐལ་བའི་ཕྱིར་རོ། །འདི་ཡང་བྱ་བའི་རྒྱུད་དུ་སྟ་གོན་གྱི་ཆོས་ཉུང་ངུ་ཞིག་གིས་ཆོག་པའི་དབང་དུ་བྱས་པ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །རྣམ་པར་དཔྱོད་པ་གཉིས་པའི་ལན་ནི། འདི་སྐད་ཅེས། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་ཁ་འཆམ་ཁ་ཡར་གྱི། །ངེས་པ་མེད་མོད་གྲངས་མེད་མིན། །བཅུ་ལས་ལྷག་པ་བཀག་ཕྱིར་རོ། །དེ་ལྟ་ན་ཡང་རྗེས་བཟུང་གི །སློབ་མའི་གྲངས་ལ་ངེས་པ་མེད། །སློབ་དཔོན་སྙིང་རྗེ་ཆེན་པོ་ཡིས། །ཚད་མེད་བཟུང་ཞེས་གསུངས་ཕྱིར་རོ། །ཞེས་ལན་གདབ་པར་བྱ་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གྲངས་ཀྱི་ཚད་འདི་བྱས་སོ། །ཞེས་པའི་དེ་མ་ཐག་ཏུ། འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་ལྡན་པས། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར། སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གཞུང་འདི་ལྟར་བཏོན་ན་བདེ་བ་ཡིན་ཏེ། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ། །སློབ་མ་རྗེས་བཟུང་གྲངས་ངེས་མེད། །ལྷག་མ་དམིགས་བསལ་མཛད་པ་ཡི། །ཞེས་སོགས་སྦྱར་རོ། །སྤྱི་རྒྱུད་དང༌། མངོན་བྱང་ལས། རྗེས་འཛིན་གྱི་སློབ་མ་ལ་གྲངས་ངེས་ཡོད་མེད་ཀྱི་ཁྱད་པར་ནི། བརྟགས་ནས་རྗེས་སུ་འཛིན་པ་དང༌། རྗེས་སུ་བཟུང་ནས་བརྟག་པའི་ཁྱད་པར་ཡིན་པར་སྣང་ངོ༌། །དཀྱིལ་འཁོར་དུ་འཇུག་པ་ཙམ་ལ་ནི་བརྟག་མི་དགོས་པར་གྲངས་མེད་རྗེས་སུ་བཟུང་བས་ཆོག་པ་ཡིན་ཏེ། དེ་ཉིད་བསྡུས་པ་ལས། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་མི་འཚལ་ལོ། །ཞེས་གསུངས་པས་སོ། །རྣམ་པར་དཔྱོད་པ་གསུམ་པའི་ལན་ནི། གསང་བ་སྤྱི་རྒྱུད་དུ། སློབ་མ་རྗེས་འཛིན་གྱི་སློབ་མའི་གྲངས་ལ་ཉི་ཤུ་རྩ་ལྔ་མན་ཆད་ཀྱི་གྲངས་ངེས་མཛད་པ་དེ། དབང་གི་ཆུ་བོའི་དགོངས་པ་ཡིན་པར་གདོན་མི་ཟ་ཡང༌། བླ་མ་རྣམས་ཕྱག་ལེན་དུ་མཛད་པ་དེ་ནི། རྣམ་སྣང་མངོན་བྱང་ནས་གསུངས་པ་ལྟར། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བའི་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་གྲངས་ངེས་མ་མཛད་པའམ། ཡང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཏུ་སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཚར་གཅིག་ལས་མི་མཛད་པའི་དབང་དུ་བྱས་ནས། རྗེས་བཟུང་གི་གྲངས་ཉེར་ལྔ་ལས་ལྷག་པ་མ་བཤད་དོ། །ཞེས་ཀྱང་བསམ་པར་བྱའོ། །མདོར་ན་བྱ་སྤྱོད་གཉིས་ཀར་དུ། སློབ་མ་དབང་བསྐུར་གྱི་དུས་ཀྱི་སློབ་མ་ལ་གྲངས་ངེས་ཡོད་པར་གྲུབ་ཅིང༌། དེའི་རིགས་པས་རྣལ་འབྱོར་གོང་མ་གཉིས་ཀྱི་དབང་བསྐུར་གྱི་སློབ་མ་ལ་གྲངས་ངེས་ཡོད་པ་ཉིད་དུ་ཡང་གྲུབ་པར། དཱ་རི་ཀཱ་པ་ལ་སོགས་པའི་ཚད་ལྡན་མང་པོས་བཤད་པར་སྣང་ཞིང༌། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། སྐལ་བ་དང་ལྡན་ན་སྟོང་གི་བར་དུ་ཡང་བཟུང་བར་བྱའོ། །ཞེས་གསུངས་པ་ཡང༌། ལེགས་པར་བརྟགས་ན། རྗེས་བཟུང་གི་དུས་ཀྱི་གྲངས་བཤད་པ་མིན་ལ། དེ་ཙམ་གྱིས་དབང་བསྐུར་བའི་དུས་ཀྱི་གྲངས་སུ་མི་འགྲུབ་པའི་ཕྱིར་ན། ཇི་སྐད་དུ། བླུན་པོ་སྙིང་ཕོད་ཅན་གྱིས་ཀྱང༌། །འདུལ་བའི་ཆོ་ག་རྒལ་མ་ནུས། །གསང་སྔགས་ཆོ་ག་ཐམས་ཅད་ལ། །བླུན་པོ་རྣམས་ཀྱིས་རང་བཟོར་སྤྱོད། །དཔེར་ན་རབ་བྱུང་གང་ཟག་ནི། །གསུམ་ལས་མང་བ་འཇུག་མི་ནུས། །སྔགས་ཀྱི་དབང་བསྐུར་བྱེད་པ་ནི། །གྲངས་ངེས་མེད་པར་དབང་བསྐུར་བྱེད། །འདི་ནི་རྡོ་རྗེ་འཆང་གིས་བཀག །ཅེས་བྱ་བ་དེ་ལེགས་པར་གྲུབ་པ་ཡིན་ནོ། །འཆད་ཚུལ་དེ་ལས་གཞན་དུ་བཤད་ན། སློབ་མ་ལ་གྲངས་ངེས་མེད་པར་དབང་བསྐུར་བྱེད་པ་དག་གིས་འདི་སྐད་ཅེས་རྒོལ་བར་འགྱུར་ཏེ། བྱ་བའི་རྒྱུད་ཀྱི་རིགས་པ་ཡིས། །རྒྱུད་སྡེ་གོང་མའི་དབང་བསྐུར་གྱི། །སློབ་མའི་གྲངས་ངེས་འགྲུབ་འགྱུར་ན། །སྤྱོད་པའི་རྒྱུད་ཀྱི་རིགས་པ་ཡིས། །གྲངས་ངེས་མེད་པ་ཅིས་མི་འགྲུབ། །སྤྱི་རྒྱུད་ཡིན་པས་མི་མཚུངས་ན། །ཀུན་གྱི་སྤྱི་རྒྱུད་ཡིན་པར་དཀའ། །ཞེས་རྒོལ་བར་འགྱུར་རོ། །འོ་ན་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པའི་ཉེས་པ་དེ་ཁྱེད་ཀྱིས་ཀྱང་སྤོང་བར་མི་ནུས་སོ་ཞེ་ན། ཀུན་གྱི་སྤྱི་རྒྱུད་མ་ཡིན་ཀྱང༌། །དེ་ཡི་སློབ་མའི་གྲངས་ངེས་ནི། །ཚད་ལྡན་མང་པོས་གཞན་ལའང་སྦྱར། །རྗེས་བཟུང་མ་གཏོགས་དབང་བསྐུར་གྱི། །སློབ་མ་གྲངས་ངེས་མེད་དོ་ཅེས། །སྟོན་བྱེད་ཡོད་ན་དང་དུ་ལེན། །དྲང་སྲོང་བྱེ་བ་ཕྲག་ལ་སོགས། །སྔོན་གྱི་ཆོ་གའི་དབང་དུ་མཛད། །ཅེས་སྦྱར་བ་ཡིན་ནོ། །ཡང་སྐབས་འདིར། རབ་བྱུང་གསུམ་ལས་མི་འཇུག་པ། །དགེ་བསྙེན་རབ་བྱུང་དགེ་ཚུལ་རྣམས། །ཚོགས་ལ་མི་འཆགས་པ་ཡིས་མིན། །ཞུ་བར་བྱེད་པའི་ལས་ལ་དགོངས། །ཞེས་ཀྱང་སྦྱར་རོ།།  །།དྲི་བ་བདུན་པ་ནི། ལྷ་ཡང་ཉི་མ་ཤར་བ་ན། །ངེས་པར་མཆོད་ནས་གཤེགས་དགོས་ན། །སྟ་གོན་དངོས་གཞིའི་བར་དུ་ཡང༌། །མཆོད་ནས་གཤེགས་གསོལ་བྱེད་དགོས་སམ། །སློབ་མའི་དབང་དང་སློབ་དཔོན་གྱི། །དབང་གི་བར་དུ་ཞག་གིས་ནི། །ཆོད་པ་དག་ལའང་དེ་དགོས་སམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ལྷ་ཡང་ཉི་མ་ནུབ་པ་ན། །ཞེས་སོགས་ཀྱི་རྣམ་བཤད་མཛད་པ་པོ་ཕལ་ཆེ་བ་དག ཉི་མ་ནུབ་པ་ན་འདུ་བ་དང༌། ཉི་མ་མ་ཤར་བར་གཤེགས་དགོས་པའི་ལྷའི་མཚན་གཞི་ནི། དཀྱིལ་འཁོར་ལ་བཞུགས་སུ་གསོལ་བའི་ཡེ་ཤེས་ཀྱི་ལྷ་ལ་མཛད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་སྟ་གོན་གྱི་ལྷ་ནམ་མཁའ་ལ་བཏེག་ནས། དཀྱིལ་འཁོར་བྲི་བའི་དུས་སུ་ཡང་སྟ་གོན་གྱི་ལྷ་གཤེགས་དགོས་པར་ཐལ་བ་དང༌། གལ་ཏེ་བྲིས་ཟིན་པའི་དཀྱིལ་འཁོར་ལ་བཞུགས་པའི་ལྷ་ལ་བྱེད་པ་ཡིན་ན། རྡུལ་ཚོན་གྱི་དཀྱིལ་འཁོར་གང་ཡིན་ཐམས་ཅད་ཞག་གཅིག་ལས་ལྷག་པ་བཞུགས་སུ་མི་རུང་བར་ཐལ་བར་འགྱུར་བ་དང༌། ཉིན་མོ་དབང་བསྐུར་དུ་མི་རུང་བར་འགྱུར་རོ་སྙམ་པའི་དོགས་པ་དེ་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། འདིར་ལྷ་ཞེས་པ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་དུ་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ལྷ་དང༌། གང་གིས་དབང་བསྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་ལྷ་ལྟ་བུ་ལ་བྱེད་པ་མ་ཡིན་ཏེ། ཡིན་ན་རས་བྲིས་ཀྱི་དཀྱིལ་འཁོར་དང༌། ཟླུགས་སྐུ་སོགས་ལ་རབ་ཏུ་གནས་པའི་ལྷ་ཡང་ཉི་མ་ཤར་བ་ན་གཤེགས་དགོས་པར་ཐལ་བའི་ཕྱིར་དང༌། སྒྲུབ་ཅིང་མཆོད་པ་ཚར་གཅིག་ལ་ཉི་མ་མང་པོ་ཐོགས་པ། དཔལ་མཆོག་དང༌། རྩེ་མོ་རིགས་བསྡུས་ལྟ་བུ་དང༌། སློབ་མ་རྣམས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་མན་ཆད་ཀྱི་དབང་ཚར་གཅིག་ལ། ཞག་མང་པོ་ཐོགས་པ་དེ་དང་དེ་དག་ལ་ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཁང་པའི་གནས་དེར། དཀྱིལ་འཁོར་གྱི་ཆོ་གའི་ཡན་ལག་ཏུ་ངེས་པར་སྤྱན་འདྲེན་དགོས་པ་མ་ཡིན་ཞིང༌། བྱིན་རླབས་ཀྱི་སྟོབས་ཀྱིས། ངེས་པར་མཚན་མོའི་དུས་ཁོ་ན་འདུ་བའི་དཔའ་བོ་དང་རྣལ་འབྱོར་མའི་ལྷ་ཚོགས། རྗེས་ཀྱི་ཆོ་གའི་དུས་ཀྱི་གཏོར་མ་ལ་སོགས་པས་མཆོད་པའི་འོས་སུ་གྱུར་པ་རྣམས་དང༌། རྒྱལ་ཆེན་རིས་བཞི་དང༌། སུམ་ཅུ་རྩ་གསུམ་པའི་ལྷ་ལ་སོགས་པ་འཛམ་བུའི་གླིང་དུ་མཚན་མོ་ཁོ་ན་འོང་ཞིང༌། ཆོས་ཉན་པ་སྦྱིན་པ་དག་བྱུང་ན། མཚན་ཐོག་ཐག་ཏུ་འཁོད་པ་རྣམས་ལ་བྱ་བ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། ལྷ་ཡང་ཉི་མ་ནུབ་པ་ན། །ཕན་པར་བྱེད་པའི་དཀྱིལ་འཁོར་དུ། །ངེས་པར་བྱིན་གྱི་རླབས་ཀྱིས་འདུ། །ཞེས་དང༌། གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་བསྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། །ཞེས་པ་ནས། དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པའི་རིགས། །ཞེས་གསུངས་པ་དང༌། ཆོས་བསྒྲགས་ཀྱི་མདོ་ལས། ལྷ་དང་ལྷ་མིན་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་མཆོག་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱི་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །ཅེས་གསུངས་པ་དང༌། འདུལ་བ་ལས། ཚེས་བརྒྱད་དང༌། བཅུ་བཞི་དང༌། བཅོ་ལྔའི་ནུབ་མོ་མཚན་ཐོག་ཐག་ཏུ་ཆོས་ཉན་པ་སྦྱིན་པར་གསུངས་པ་ཡིན་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། སློབ་མ་དབང་བསྐུར་གྱི་ཆོ་ག་དག་ཉི་མ་ནུབ་པའི་འོག་ཏུ་མགོ་ཚུགས་པར་བྱས་ནས། ཉི་མ་མ་ཤར་གོང་དུ་མཇུག་རྫོགས་པར་ཟིན་པ་བྱས་ན། མཚན་མོ་ཁོ་ན་འདུ་བའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་མཉེས་པར་འགྱུར་ཞིང༌། གསང་སྤྱོད་ལྟ་བ་ལ་དབང་བའི་ལྷ་རྣམས་ཆོས་ཀྱིས་ཚིམ་པ་དང༌། ཕན་ཐོགས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེས་ན་ཆོ་ག་དེ་ཉི་མ་མ་ཤར་གོང་དུ་ངེས་པར་ཟིན་དགོས་ཏེ། ཉི་མ་ཤར་བ་ན་ལྷ་དེ་དག་རང་ཤུགས་ཀྱིས་འགྱེས་པ་ཆོས་ཉིད་ཡིན་པས། ཆོ་གའི་མཇུག་མ་རྫོགས་ན་ཆོས་ཟབ་མོའི་བར་ཆད་ཅན་དུ་སོང་ཞིང༌། བསམ་པ་མ་རྫོགས་པས་མི་ཤིས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་འདུལ་བ་ལས་དེ་ལྟར་གསུངས་པའི་དོན་ཡང༌། མཚན་ཐོག་ཐག་ཏུ་ཆོས་ཀྱི་གཏམ་བྱས་ན་ལྷ་རྣམས་དགའ་ཞིང༌། ཇི་སྲིད་ཆོས་ཀྱི་གཏམ་ཡོད་པ་དེར་གནས་ནས་དགེ་ལེགས་སྦྱིན་པར་འགྱུར་ཞིང༌། ཆོས་ཀྱི་གཏམ་དང་བྲལ་བ་ན་གཞན་དུ་འཕོ་བར་བྱེད་པ་ཡིན་ནོ། །འདི་ནི་གསང་སྔགས་ཟབ་མོའི་ཆོས་ཀྱི་དབང་དུ་བྱས་པ་ཡིན་པའི་ངེས་པ་མེད་དོ།།  །།དྲི་བ་བརྒྱད་པ་ནི། དཀྱིལ་འཁོར་གཞན་དུ་མ་ཞུགས་པར། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི། །དབང་གི་ཆོ་གས་གསང་སྔགས་ཀྱི། །སྡོམ་པ་འཐོབ་བམ་མི་འཐོབ་འདྲི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། རྡོ་རྗེ་ཕག་མོ་ཉིད་ལས་ཀྱང༌། །ཞེས་སོགས་ཀྱི་གཞུང་ལ་རྣམ་བཤད་མཛད་པ་པོ་རྣམས་ཀྱི་འཕྲོས་ལ་བརྟགས་པ་ན། ཕྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་མ་ཐོབ་པ་ལ་བྱིན་རླབས་འདི་བྱར་མི་རུང་བ་རྟགས་སུ་བཀོད་ནས། ཕག་མོའི་བྱིན་རླབས་ཙམ་གྱིས་སྡོམ་པ་གསུམ་ལྡན་བྱར་མི་རུང་བར་བཤད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པའི་དབང་གི་བྱ་བའི་གཞུང་ནས་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་བརྟེན་ནས་དབང་བསྐུར་བས་ཀྱང༌། སྡོམ་པ་གསུམ་ལྡན་དུ་བྱར་མི་རུང་བར་འགྱུར་ཏེ། འཁོར་ལོ་སྡོམ་པའི་ཕྱིའི་དཀྱིལ་འཁོར་ཞིག་ཏུ་དབང་མ་བསྐུར་བར། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་འདི་བྱར་མི་རུང་བ་ནི། བླ་མ་དག་གི་ཕྱག་ལེན་ལ་སྣང་བའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། འདི་ལ་སྡོམ་བཟུང་གི་ཆོ་གས་སྡོམ་པ་རྫོགས་པར་ལེན་པ་དང༌། དབང་བཞི་མཚན་ཉིད་ཚང་བ་ཡོངས་སུ་རྫོགས་པར་བསྐུར་བ་ཡོད་པའི་ཕྱིར་དང༌། ཇི་སྐད་དུ། སྨིན་པར་བྱེད་པའི་དབང་བསྐུར་ཡང༌། །ཞེས་པ་ནས། དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །བྱ་བའི་བར་གྱི་སྔགས་སྡོམ་གྱི་ཐོབ་རྒྱུར་བཤད་པ་ཐམས་ཅད་ཚང་བའི་ཕྱིར། གལ་ཏེ་དེ་འདྲ་དེ་ལས་སྔགས་ཀྱི་སྡོམ་པ་སྔར་མེད་གསར་དུ་སྐྱེ་བ་ཞིག གང་ཟག་དབང་པོ་རབ་ཏུ་གྱུར་པ་ལ་ཡོད་དོ། །ཅེ་ན། ཇི་སྐད་དུ། དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་བཤད་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་ལུས་དཀྱིལ་གྱི་དབང་གི་ཆོ་ག་དེ། གང་ལ་བྱར་རུང་བའི་སྣོད་ཀྱི་གདུལ་བྱ་དེ་ལ་ལྟོས་ནས། སྨིན་བྱེད་ཀྱི་དབང་དང༌། སྡོམ་པ་གསུམ་ལྡན་དུ་བྱ་བའི་ཆོ་གར་འཆད་དགོས་པ་ཡིན་ཏེ། དེ་དེར་རུང་བ་སློབ་དཔོན་དེ་ཉིད་ཀྱིས་བཤད་ཅིང༌། རྗེ་བཙུན་བསོད་ནམས་རྩེ་མོའི་ཞབས་ཀྱིས་ཀྱང་དེ་ལྟར་དུ་བཀྲལ་བའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་དུ། རྩ་བའི་གཞུང་དེ་ཉིད་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་ད་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་བཀྱེའི་རིམ་པ་བསྟན། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་གསུངས་ལ། དེའི་དོན་ནི། སློབ་དཔོན་འདིའི་ལུགས་ཀྱིས། སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ལམ་གཉིས་ལས། དང་པོ་ནི། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་འདི་ཡིན་ལ། གཉིས་པ་ནི། དབང་དེས་སྨིན་པར་བྱས་པའི་སློབ་མ་ལ། གྲོལ་བར་བྱ་བའི་ལམ་རིམ་པ་ལྔ་བསྟན་པར་བྱ་བ་ཡིན་ཏེ། གཞུང་དེ་ཉིད་ལས། དབང་བསྐུར་བཞི་པོ་བསྟན་རྣམས་ཀྱིས། །གལ་ཏེ་བརྟུལ་ཞུགས་ཅན་དབང་བསྐུར། །བསམ་མེད་ཆོས་ནི་ཐོབ་ཕྱིར་ཏེ། །ཞེས་གསུངས་པས་སོ། །འོ་ན་དབང་དེ་དཀྱིལ་འཁོར་གང་དུ་བསྐུར་བ་ཡིན་སྙམ་པ་ལ། དཀྱིལ་འཁོར་ལ་རྣམ་པ་གསུམ་དུ་ཕྱེ་ནས། དབང་ཆོག་འདིའི་སྣོད་དུ་གྱུར་པའི་སློབ་མ་དེ་ནི། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱ་བ་མ་ཡིན་ཏེ། སློབ་མ་དེ་ནི་མཁས་པའི་རང་བཞིན་ཅན་ཡིན་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་མཐོང་ནས། དེར་དབང་བསྐུར་བ་ཙམ་གྱིས་གྲོལ་བའི་ཕྱིར། ཞེས་འཆད་པ་ནི། བཅོས་མ་གཉིས་ཀྱི་ངོ་བོ་གང༌། །ཞེས་སོགས་སོ། །གལ་ཏེ་དབང་འདིའི་སྔོན་རོལ་དུ་བཅོས་མ་གཉིས་པོ་གང་རུང་དུ་དབང་བསྐུར་དགོས་པ་ཡིན་ན། དེ་སྐད་ཅེས་གསུང་བའི་སྐབས་མེད་དོ། །དེ་ལྟ་ནའང༌། དེང་སང་གི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ནི། སློབ་མ་མཁས་པའི་རང་བཞིན་ཅན་ཡིན་མིན་དང༌། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་བསྟན་པ་ལ། ཡིད་ཆེས་པའི་ཤེས་རབ་དང་ལྡན་མི་ལྡན་བརྟག་པར་དཀའ་བའི་རྒྱུ་མཚན་གྱིས། འཁོར་ལོ་སྡོམ་པའི་དབང་དོན་དུ་གཉེར་བ་ལ། ཐོག་མ་ནས་ཆོ་ག་འདིས་དབང་མི་བསྐུར་བར། བཅོས་མ་གཉིས་པོ་གང་རུང་དུ་དབང་བསྐུར་ཏེ། རིམ་གྱིས་བཀྲི་བར་བྱས་ན་འཕར་འབུབ་ཆུང་བ་ལ་དགོངས་ནས། བླ་མ་དག་གིས་ཕྱག་ལེན་དེ་ལྟར་དུ་མཛད་པར་སྣང་གི གྲུབ་ཆེན་དྲིལ་བུ་པའི་ཞབས་ཀྱི་གཞུང་དེ་ཉིད་ཀྱི་དགོངས་པས་ནི། ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་འཆད་སྲོལ་ལྟར་ཕྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་མ་སོང་བར། ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་མི་རུང་ངོ༌། །ཞེས་འཆད་པ་ནི་གཏན་མ་ཡིན་ནོ།།  །།དྲི་བ་དགུ་པ་ནི། རྡུལ་ཚོན་མིན་པར་སྨིན་བྱེད་ཀྱི། །དབང་བསྐུར་དེང་སང་མི་རུང་ན། །འཁོར་ལོ་སྡོམ་པའི་རས་བྲིས་ཀྱི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་ནས། །ཕག་མོའི་བྱིན་རླབས་མཛད་འདི་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་དང༌། དེའི་རྣམ་བཤད་མཛད་པ། ཀུ་མཱ་རས་ནི། རྡུལ་ཚོན་ལས་གཞན་གྱི་སྨིན་བྱེད་མངོན་བརྗོད་བླ་མ་ལས་བཀག་ཅེས་གསུང་བ་དང༌། ཡང་གཞན་དག་གིས་ནི། རས་བྲིས་ཀྱང་རྡུལ་ཚོན་གྱི་ནང་དུ་བསྡུས་ནས་འཆད་པ་དང༌། ཡང་གཞན་དག་ནི། རྡུལ་ཚོན་དང་རས་བྲིས་གང་རུང་ལས་གཞན་པའི་སྨིན་བྱེད་རྒྱུད་ལས་བཀག ཅེས་གསུང་བར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་ན་སྐྱོན་ཡོད་པ་ནི། སྤྱིར་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྨིན་བྱེད་དུ་མི་རུང་བ་དང༌། ཁྱད་པར་མངོན་བརྗོད་ལས་བཀག་པ་ཡིན་ན། ཇི་སྐད་དུ། བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །ཅེས་རས་བྲིས་སུ་དབང་བསྐུར་བ། གདུལ་བྱ་དབང་པོ་རྟུལ་པོའི་སྨིན་བྱེད་དུ་གསུངས་པ་དང༌། དོན་དེ་ཡང་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས། བསྟན་པ་ཡིན་ནོ། །ཞེས་སློབ་དཔོན་སྔ་མ་རྣམས་འཆད་པ་དང་འགལ་ལོ་སྙམ་པ་དང༌། དེར་མ་ཟད། ཀྱཻ་རྡོ་རྗེའི་དབང་གི་ཆུ་བོ་ལས། ཇི་སྐད་དུ། སྤྱིར་དཀྱིལ་འཁོར་བྲིས་སྐུ་ལ་རྟེན་པའི་ལུགས་དང༌། རྡུལ་ཚོན་གྱི་བྲི་བའི་ལུགས་གཉིས་ལས། བྲིས་སྐུ་ལ་རྟེན་པའི་ལུགས་ནི། དེའི་ཉིན་མོ་ཇི་ལྟར་བདེ་བར་གནས་ཏེ། ལྷའི་དཀྱིལ་འཁོར་སྒོམ་པ་ལ་སོགས་པས་དུས་འདའ་བར་བྱའོ། །རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ལུགས་འདི་ནི། བདེ་མཆོག་ཨ་བྷི་དཱ་ན་ལས་གསུངས་པ་ལ་བརྟེན་ཏེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང༌། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དེང་སང་རྒྱ་གར་གྱི་ཡུལ་ན་ཡང༌། ཆོ་ག་ཕལ་ཆེར་འདི་ལ་བྱེད་དོ། །བླ་མ་གོང་མ་རྣམས་ཀྱང་སྐབས་སུ་ཕྱག་ལེན་འདི་ལ་མཛད་པས། ལུགས་འདི་ཧ་ཅང་ལེགས་པ་ཡིན་ནོ། །ཞེས་གསུངས་པ་དང༌། ཡང་རས་བྲིས་ལ་ཡང༌། ཁ་ཅིག་གིས། ཆུ་ཚོན་གྱི་དཀྱིལ་འཁོར་ཞེས་པའི་མིང་གིས་བཏགས་ནས། དེ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གང་རུང་མ་ཡིན་པར། སྨིན་བྱེད་ཀྱི་དབང་བསྐུར་བ་མི་རུང་ངོ༌། །ཞེས་འཆད་པ་དག་སྣང་བ་དེ་ལྟ་ན། བློ་སློངས་ཀྱི་དཀྱིལ་འཁོར་གཞལ་མེད་ཁང་དུ་གྲུབ་ཟིན་པ་དག་ཏུ་ཡང༌། སྨིན་བྱེད་ཀྱི་དབང་བསྐུར་མི་རུང་བར་འགྱུར་ལ། དེ་ཡང་འདོད་ན། འཇམ་དབྱངས་གྲགས་པས། དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ། དུས་ཀྱི་འཁོར་ལོའི་གཞལ་མེད་ཁང་པར་སྨིན་བྱེད་ཀྱི་དབང་བསྐུར་བར་གསུངས་ཤིང༌། རིགས་ལྡན་གྱི་རྒྱལ་པོ་ཕྱི་མ་རྣམས་ཀྱིས་ཀྱང༌། དེ་ཉིད་དུ་དབང་བསྐུར་བར་འཆད་དགོས་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་དག་ནི་བཤད་པའི་རྣམ་གྲངས་ཙམ་ཡིན་གྱི། དེང་སང་ལག་ལེན་དུ་བྱ་བ་མ་ཡིན་ནོ་སྙམ་ན། ཇི་སྐད་དུ། དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །དེ་ལ་བྱིན་རླབས་བྱ་ཞེས་གསུངས། །ཞེས་པའི་དོན། དེང་སང་ཡང་བླ་མ་དམ་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ན། དབང་བསྐུར་པ་ཐོབ་མ་མྱོང་བའི་སློབ་མ་ཞིག་ལ། འཁོར་ལོ་བདེ་མཆོག་ལོ་ཧི་པའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་མཛད་པ་འདི་ཡང་མ་དག་པར་འགྱུར་རོ། །ཞེས་པའི་དོགས་པ་དག་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། ཇི་སྐད་དུ། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་པ། འཆད་ཚུལ་གཉིས་ཀྱིས་བཤད་པར་བྱ་བ་ལས། དང་པོ་ནི། གཞན་ཞེས་པ་རྡུལ་ཚོན་ལས་གཞན་ལ་བྱ་བ་མ་ཡིན་ཏེ། ཕག་མོའི་བྱིན་རླབས་དང༌། སྤྲུལ་པའི་དཀྱིལ་འཁོར་དང༌། ཏིང་ངེ་འཛིན་དང༌། གཏོར་མའི་དབང་བསྐུར་སོགས་ལ་འཆད་པར་སྐབས་སྟོབས་ཀྱིས་ཤེས་པའི་ཕྱིར། དེ་སྐད་དུ་ཡང༌། ཕྱོགས་བཅུའི་སངས་རྒྱས་ལ་འཕྲིན་དུ་ཞུ་བ་ལས། ཁ་ཅིག་ཕག་མོའི་བྱིན་རླབས་དང༌། །ཏིང་ངེ་འཛིན་གྱི་དབང་བསྐུར་དང༌། །གཏོར་མའི་དབང་བསྐུར་ལ་སོགས་པ། །བརྫུན་མས་སྦྱར་བའི་ཆོ་ག་ལ། །བླུན་པོ་འཇུག་པ་སྨོས་ཅི་དགོས། །སྡེ་སྣོད་འཛིན་པར་རློམ་པ་ཡི། །སྙིང་མེད་རྣམས་ཀྱང་འདི་ལ་དད། །གལ་ཏེ་འདི་འདྲ་ཆོས་ཡིན་ན། །དེ་ལས་ཆོས་མིན་གང་ཞིག་ལགས། །ཞེས་གསུངས་སོ། །ཡང་ཁ་ཅིག་རྡུལ་ཚོན་ལས་གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག་པའི་ཤེས་བྱེད་དུ། དམ་པ་དང་པོའི་སངས་རྒྱས་ལས། དབང་བསྐུར་བདུན་པོ་འདི་དག་ནི། །དཀྱིལ་འཁོར་གཞེངས་ལ་སྦྱིན་པར་བྱ། །ཅེས་པའི་འགྲེལ་པར། ནཱ་རོ་པས། དབང་བསྐུར་བ་བདུན་པོ་འདི་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས། གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པས་སོ། །ཞེས་འཆད་པ་དག་ཡོད་ཀྱང༌། དཔྱིས་ཕྱིན་པ་ནི་མ་ཡིན་ཏེ། དུས་ཀྱི་འཁོར་ལོའི་ཆོས་སྐད་ལ། འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་དུ་མཆོག་གི་དཀྱིལ་འཁོར་གསུམ་དུ་དབང་བསྐུར་བ་ཞེས་བྱ་བའི་ཐ་སྙད་གཉིས་མཛད་ནས། ཕྱི་མ་གཙོ་བོ་ཡིན་ཞིང༌། འདི་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་མེད་པར་བཤད་པས་སོ། །དེ་སྐད་དུ་ཡང༌། འགྲེལ་ཆེན་ལས། དོན་དམ་པའི་བདེན་པས་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་མེད་དེ། བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །དེ་བཞིན་དུ། དང་པོའི་སངས་རྒྱས་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་ཐིག་རྣམས་གདབ་པ་དང༌། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །མི་བྱ་སྔགས་ཀྱི་དེ་ཉིད་ཀྱིས། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་དང༌། འདིར་ཡེ་ཤེས་སྒྲུབ་པའི་སླད་དུ། མཆོག་གི་དཀྱིལ་འཁོར་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་གསུངས་པ་ཡིན་ལ། དེའི་ཚེ་ན། ལུགས་དེ་ལ་འཇིག་རྟེན་ལས་འདས་པའི་སྔོན་རོལ་དུ། བྱིས་པ་འཇུག་པའི་དབང་བདུན་སྔོན་དུ་འགྲོ་དགོས་པ་དང་མི་དགོས་པ་ནི་རྩོད་པའི་གཞིར་སྣང་མོད། དེ་ལྟ་ནའང༌། འཇིག་རྟེན་ལས་འདས་པའི་དབང་དུ་བཤད་པ་དེ་དང་དེ་དག སློབ་མ་སྨིན་བྱེད་ཀྱི་དབང་དུ་ནི་ངེས་པར་འདོད་དགོས་ཏེ། ལུགས་དེའི་དབང་གི་གཙོ་བོ་ཡིན་པའི་ཕྱིར། འཆད་ཚུལ་གཉིས་པ་ནི། གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་པའི་དོན་འདི་ལྟར་བཤད་པར་བྱ་སྟེ། དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །སྤྲུལ་པའི་དཀྱིལ་འཁོར་ལ་སོགས་པ། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་བཏོན་ན་སྔ་མའི་འཕྲོས་དང་འགྲིག་པར་འགྱུར་རོ། །མདོར་ན། ལུས་དཀྱིལ་དང༌། རས་བྲིས་དང༌། གཞལ་མེད་ཁང་པར་དབང་བསྐུར་བ་དང༌། ཚོམ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་ནི་དམིགས་བསལ་གྱི་བཤད་པ་ཡིན་གྱི། སྤྱིར་བཏང་དུ་སློབ་མ་སྨིན་བྱེད་ཀྱི་དབང་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཉིད་དུ་བསྐུར་དགོས་པ་ཡིན་ཏེ། རྒྱུད་སྡེ་ཀུན་ལས་དེ་ལྟར་གསུངས་པའི་ཕྱིར་དང༌། ཇི་སྐད་དུ། འདུལ་བ་ལས། ཆོ་ག་བཙན་པོ་དག་ཡོད་ན། བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཞེས་བཤད་པ་དང་ཆ་མཐུན་པར། སྤྱིར་བཏང་སྒྲུབ་པའི་ནུས་པ་ཡོད་བཞིན་དུ། དམིགས་བསལ་ལ་བརྟེན་པར་མི་རིགས་པའི་ཕྱིར་དང༌། སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་སློབ་མའི་སེམས་རྒྱུད་མི་རྟོགས་པ་རྣམས་ཀྱིས། སྐལ་དམན་རིམ་གྱིས་འཇུག་པའི་ཚུལ་ལ་བརྟེན་དགོས་པའི་ཕྱིར་རོ།།  །།དྲི་བ་བཅུ་པ་ནི། སྨིན་བྱེད་མིན་པའི་དབང་བསྐུར་ལས། །སྡོམ་གསུམ་ཐོབ་པ་ཡོད་དམ་མེད། །མེད་ན་དེ་ལས་གང་ཞིག་ཐོབ། །ཡོད་ན་དེ་ཡང་སྨིན་བྱེད་དུ། །ཐལ་བར་འགྱུར་བ་མ་ཡིན་ནམ། །དེས་ན་སྨིན་བྱེད་མ་ཡིན་པའི། །དབང་བསྐུར་བཞེད་དམ་མི་བཞེད་འདྲི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྟེན་དེ་ལ་སྔགས་ཀྱི་སྡོམ་པ་སྔར་མེད་གསར་དུ་འཐོབ་བྱེད་ཀྱི་དབང་ཞིག་ཡིན་ན། སྨིན་བྱེད་ཀྱི་དབང་ཡིན་པས་ཁྱབ་པ་ལྟ་བུ་ཞིག་ནི། ཇི་སྐད་དུ། སྨིན་པར་བྱེད་པའི་དབང་བསྐུར་ཡང༌། །ཞེས་པ་ནས། གསུམ་ལྡན་འགྱུར། ཞེས་པའི་བར་གྱིས་བསྟན་པ་ལྟ་བུར་འཆད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་བླ་མེད་ཀྱི་སྔགས་སྡོམ་ཐོབ་ལ་མ་ཉམས་པའི་སྔགས་པས། རྒྱུད་སྡེ་འོག་མའི་དབང་བསྐུར་གསར་དུ་ཐོབ་པའི་ཚེ་ན་དང༌། དེ་བཞིན་དུ་འོག་མའི་སྔགས་སྡོམ་ལ་གནས་པས། གོང་མའི་དབང་ཐོབ་པ་དང༌། བརྒྱུད་ཀྱི་སྔགས་སྡོམ་ལ་གནས་པས། མ་རྒྱུད་ཀྱི་དབང་གསར་དུ་བླངས་པའི་ཚེ་ན། སྔགས་སྡོམ་གསར་པ་ཞིག་ཐོབ་རྒྱུ་ཡོད་དམ་མེད། མེད་ན་ནི། དེ་འདྲ་དེས་སློབ་མ་ལ་ཕྱིས་ཐོབ་པའི་རྒྱུད་སྡེ་དེ་དག་གི་དབང་བསྐུར་ཀྱང༌། སློབ་མས་དེ་དང་དེའི་སྡོམ་པ་མི་ཐོབ་པ་ཉིད་དུ་ཐལ་བར་འགྱུར་ཏེ། སློབ་དཔོན་རང་ལ་དེ་དང་དེའི་སྡོམ་པ་མེད་པའི་ཕྱིར་རོ། །ཐོབ་པ་ཡོད་ན། དགྱེས་པ་རྡོ་རྗེའི་སྡོམ་པ་ཡོངས་སུ་རྫོགས་པ་ཐོབ་ལ་མ་ཉམས་པའི་སྔགས་པས། གསང་བ་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པར་ཐོབ་པའི་དུས་ཀྱི་དབང་དེ་ཆོས་ཅན། སློབ་མ་སྨིན་བྱེད་ཀྱི་དབང་དུ་ཐལ། རང་འབྲས་སྔགས་ཀྱི་སྡོམ་པ་སྔར་མེད་གསར་དུ་འཐོབ་བྱེད་ཀྱི་དབང་ཡིན་པའི་ཕྱིར། སྙམ་པ་ལ་སོགས་པའི་དོགས་པ་མང་པོ་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། སྤྱིར་དབང་ལ་གཉིས་ཏེ། རྣལ་འབྱོར་པ་རང་ཉིད་ལ་དགོས་པའི་དབང་དང༌། གཞན་རྗེས་སུ་འཛིན་པའི་དབང་གཉིས། དང་པོ་ལ། མ་སྨིན་པ་སྨིན་པར་བྱེད་པའི་དབང་དང༌། སྨིན་ཟིན་གོང་དུ་འཕེལ་བར་བྱེད་པའི་དབང་དང༌། སྨིན་ཟིན་ཉམས་པ་ཕྱིར་འཆོས་པར་བྱེད་པའི་དབང་རྣམས་སོ། །དང་པོ་ལ་གསུམ་སྟེ། སྤྱིར་གསང་སྔགས་ཀྱིས་མ་སྨིན་པ་སྨིན་པར་བྱེད་པ་དང༌། བྱེ་བྲག་ཏུ་རྒྱུད་སྡེ་དེ་དང་དེའི་ཆོ་གས་མ་སྨིན་པ་སྨིན་པར་བྱེད་པའི་དབང་དང༌། རྒྱུད་སྡེ་གཅིག་ཀྱང་ནང་ཚན་སོ་སོའི་ཆོ་གས་མ་སྨིན་པ་སྨིན་པར་བྱེད་པའི་དབང་རྣམས་སོ། །དང་པོ་ནི། ཚེ་འདིར་སྔགས་ལ་འཇུག་མ་མྱོང་བའི་གང་ཟག་གིས་ཐོག་མར་བླངས་པའི་དབང་ལྟ་བུའོ། །གཉིས་པ་ནི། རྒྱུད་སྡེ་འོག་མ་འོག་པའི་དབང་གིས་སྨིན་ནས། གོང་མ་གོང་མའི་དབང་ལེན་པ་ལྟ་བུའོ། །གསུམ་པ་ནི། ཕ་རྒྱུད་ཀྱི་དབང་གིས་སྨིན་ནས་མ་རྒྱུད་ཀྱི་དབང་ལེན་པ་ལྟ་བུའོ། །ཡང་གཉིས་པ་ནི། རྒྱུ་དུས་སུ་དབང་གང་ཐོབ་པ་དེ་ཉིད། ལམ་དུས་སུ་སློབ་དཔོན་གཞན་ལས་སམ། བདག་འཇུག་གི་ཚུལ་དུ་ལེན་པ་ལྟ་བུའོ། །གསུམ་པ་ནི། རྩ་བའི་ལྟུང་བ་བྱུང་ནས་སླར་གསོ་བའི་དོན་དུ། སློབ་དཔོན་ལས་སམ་བདག་ཉིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་དབང་ལེན་པ་ལྟ་བུའོ། །ཡང་གཉིས་པ་ནི། གོང་མའི་སྡོམ་པ་ལ་གནས་ནས། འོག་མའི་དབང་ལེན་པ་ལྟ་བུ་དང༌། ཟབ་མི་ཟབ་ཀྱི་ཁྱད་པར་མེད་པའི་དབང་དུ་མ་ལེན་པར་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན། སྨིན་བྱེད་ཀྱི་དབང་ཞེས་པ་ཙམ་དང༌། མ་སྨིན་པ་སྨིན་པར་བྱེད་པའི་དབང་ཞེས་པའི་ཐ་སྙད་འདི་ན། སྤྱི་མིང་བྱེ་བྲག་ལ་སྦྱར་བ་ཡིན་ཏེ། ཚེ་དེ་ལ་གསང་སྔགས་བླ་མེད་ཀྱི་སྒོར་འཇུག་མ་མྱོང་བའི་གང་ཟག་ཞིག དགྱེས་པ་རྡོ་རྗེ་ལྟ་བུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ལ། སྨིན་བྱེད་ཀྱི་དབང་ཞེས་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་ཕྱིར། དེས་ན་སྨིན་བྱེད་ཀྱི་དབང་ཞེས་པའི་སྒྲ་བཤད་དུ་ཡོད་པ་ནི་དབང་བསྐུར་ཕལ་ཆེ་བ་དག་ཡིན་ཀྱང༌། འཇུག་པ་ནི་བཤད་མ་ཐག་པ་གཅིག་པུ་དེ་ཙམ་མོ། །ཞེས་བྱ་བ་ཡིན་ནོ།།  །།དྲི་བ་བཅུ་གཅིག་པ་ནི། རྒྱུད་སྡེ་འོག་མ་གསུམ་པོ་ལ། །དབང་བཞི་རིམ་གཉིས་མི་རུང་ན། །རྒྱུད་སྡེ་གོང་མའི་རྒྱ་བཀབ་ནས། །རུང་བར་འཆད་པ་འདི་ཅི་ཞིག །ཅེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར། །དབང་བཞི་དང་ནི་རིམ་གཉིས་མེད། །གལ་ཏེ་ཡོད་ན་དེ་དག་ཀྱང༌། །རྣལ་འབྱོར་ཆེན་པོ་ཉིད་དུ་འགྱུར། །ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། འོ་ན་ཉེས་པ་སོ་ན་འདུག་སྟེ། ཇི་སྐད་དུ། བདག་སྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །ཞེས་གསུངས་པའི་དོན། རྒྱུད་སྡེ་འོག་མ་གསུམ་ཀ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལྟར་བཀྲལ་བ་ཞེས་བྱ་བའི་ཐ་སྙད་ཅིག བླ་མ་གོང་མ་དག་བཞེད་ཀྱིན་འདུག་པའི་ཕྱིར་སྙམ་པའོ། །དེའི་དངོས་ལན་ནི། རྒྱུད་སྡེ་འོག་མ་གསུམ་གྱི་རང་རྐང་ལ་དབང་བཞི་དང་རིམ་གཉིས་མེད་པའི་དོན་ནོ། །ཞེས་ཟེར་བ་ལས་འོས་མེད་དོ།།  །།དྲི་བ་བཅུ་གཉིས་པ་ནི། བཤད་མ་ཐག་པའི་ལས་ལ་འཕྲོས་ནས། འདི་སྐད་ཅེས། རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །སྨིན་གྲོལ་གཉིས་ལ་འབད་དགོས་ཤིང༌། །སྨིན་གྲོལ་རིམ་གཉིས་ལ་བཞེད་ན། །རྒྱུད་སྡེ་འོག་མའི་རང་རྐང་ལས། །སངས་རྒྱས་སྒྲུབ་པ་ཇི་ལྟར་བྱ། །དེ་ལའང་རིམ་གཉིས་བཞེད་དམ་ཅི། །འདི་ལ་འདྲི་བའི་རྒྱུ་མཚན་ནི་ལན་གོང་མ་དེ་ཉིད་དོ། །ཉེས་པ་ནི། རྒྱུད་སྡེ་འོག་མ་གཉིས་ཀྱི་རང་རྐང་ལ་སྨིན་གྲོལ་གཉིས་བཞེད་པར་ཐལ། དེའི་རང་རྐང་ལ་རྡོ་རྗེ་ཐེག་པ་རང་ལུགས་ཀྱི་སངས་རྒྱས་སྒྲུབ་པའི་ཐབས་ཤིག་ཡོད་པའི་ཕྱིར། དེའི་ཁྱབ་པ་ནི། རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །ཞེས་སོགས་ཀྱི་འཕྲོས་ལས་ཤེས་སོ་སྙམ་དུ་དོགས་པར་འགྱུར་རོ། །དེའི་དངོས་ལན་ནི། གསུམ་པོ་རང་རྐང་ལ་དབང་དང་རིམ་གཉིས་མེད་ཀྱང༌། དེའི་སངས་རྒྱས་སྒྲུབ་པའི་ཐབས་ནི། རང་རང་གི་གཞུང་ལས་འབྱུང་བ་བཞིན་དུ། རྗེ་འབངས་ལྟ་བུ་དང༌། གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་སོགས། རང་རང་གི་གཞུང་བཞིན་དུ་བྱས་པས་འགྲུབ་བོ། །ཞེས་ཟེར་བ་ལས་འོས་མེད་དོ། །དེ་ལ་འཕྲོས་ནས།།  །།དྲི་བ་བཅུ་གསུམ་པ་ནི། རང་རང་གཞུང་བཞིན་བྱས་ཆོག་ན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་སོགས་གསུངས་པ་ཅི་ལ་དགོངས། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི་ལེན་གོང་མ་ཉིད་དུའོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟར་ཡིན་པ་འོ་ན། ལུང་དེ་ཉིད་དང༌། གཞན་ཡང་ཇི་སྐད་དུ། གལ་ཏེ་གསང་སྔགས་སྒོམ་འདོད་ན། །ནོར་བ་མེད་པའི་དབང་བཞི་ལོང༌། །འཁྲུལ་པ་མེད་པའི་རིམ་གཉིས་བསྒོམས། །ཞེས་པ་དང༌། རྒྱུད་སྡེ་རྣམས་ཀྱི་གསང་ཚིག་མཆོག །འདི་ཉིད་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །འདིའི་ལན་ལ། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་ལ་ལ་དག རྒྱུད་སྡེ་འོག་མ་གསུམ་གྱི་རང་རྐང་ལ་དབང་བཞི་མེད་ཀྱང་རིམ་པ་གཉིས་ཡོད་དོ། །ཞེས་གསུང་བ་དེ་དག་ནི། ཚད་ལྡན་གྱི་གཞུང་ལུགས་དང་འགལ་བས། ཁས་བླང་བར་བྱ་བ་མ་ཡིན་ནོ། །དངོས་ལན་གདབ་པ་ནི། དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་པ་ནི། སྤྱི་ཁྱབ་འཛིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དབང་མ་ཐོབ་པར་བརྡ་བཞི་ཙམ་ལ་བརྟེན་ནས། ཐབས་ལམ་སྒོམ་པར་འདོད་པའི་ཆོས་པའི་གཟུགས་བརྙན་གྱི་ཚོགས་ཤིན་ཏུ་མང་བ་དེ་དག་ལ་གསུང་བ་ཡིན་ལ། དེའི་ཁྱབ་པ་ནི་ཚད་མས་གྲུབ་པར་མ་ཟད། ཁས་ལེན་པ་ཡིན་ཏེ། རྒྱུད་སྡེ་འོག་མ་གསུམ་གྱི་གསང་སྔགས་པར་ནི་ཁོང་རང་གིས་ཀྱང་མི་འདོད་པའི་ཕྱིར་རོ། །སྔགས་ལ་ཞུགས་ནས་སངས་རྒྱས་སྒྲུབ་པར་འདོད་ན། དབང་བཞི་དང་རིམ་གཉིས་སྒོམ་དགོས་སོ་ཞེས་ཡང་ཡང་གསུངས་པ་དེ། རྒྱུད་སྡེ་འོག་མའི་རང་རྐང་ལ་དེ་དག་ཡོད་པར་སྟོན་པ་ནི་མ་ཡིན་གྱི། སྔགས་ལ་རྟེན་ནས་སངས་རྒྱས་སྒྲུབ་པར་འདོད་ན། གསང་སྔགས་བླ་མེད་ཀྱི་ལུགས་བཞིན་བྱེད་པ་ནི་མཆོག་ཏུ་གྱུར་པ་ཡིན་ཏེ། སྔགས་ལུགས་ཀྱི་སངས་རྒྱས་སྒྲུབ་པའི་ཐབས་བླ་ན་མེད་པ་ནི་དེ་ལས་འབྱུང་བའི་ཕྱིར། ཞེས་བྱ་བའི་དོན་ཏོ།།  །།དྲི་བ་བཅུ་གསུམ་པ་ནི། དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང༌། །དོན་ཡོད་ཞགས་སོགས་སྒྲུབ་རུང་ན། །དོ་ཀོར་བ་ཡི་དྲིས་ལན་ལས། །རྣམ་རྒྱལ་དོན་ཡོད་ཞགས་སོགས་ལ། །སེམས་བསྐྱེད་ཐོབ་ནས་སྨྱོང་དགོས་པར། །གསུངས་པའི་དགོངས་པ་གང་ཡིན་བཙལ། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་འདིར་འབྱུང་བ་དང༌། དྲིས་ལན་དེར་འབྱུང་བ་གཉིས་ཅུང་ཟད་མ་མཐུན་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བསྟན་བཅོས་འདི་འཆད་པར་ཁས་འཆེ་བ་དག བཀའ་དང་བསྟན་བཅོས་ཚད་ལྡན་ལ་མི་རྟོག་པར། རྗེ་བཙུན་འདི་ཉིད་ཀྱིས་མཛད་པའི་དྲིས་ལན་དང༌། གཞུང་ཕྲན་དག་གཙོ་ཆེ་བར་ཁས་བླངས་ནས། དག་མ་དག་གི་རྟོག་དཔྱོད་ཙམ་ཡང་མི་གཏོང་བར། དྲིས་ལན་ན་ཡོད་པ་ཡིན་ཞེས་ངོ་སོར་བྱེད་པ་དག་སྣང་ལ། དེ་ཡང་ཚད་ལྡན་གྱི་གཞུང་དང་མཐུན་ན་ཅི་དཀར་བླངས་པས་ཆོག་ཀྱང༌། ཡི་གེ་མ་དག་པ་དང༌། གཞན་གྱིས་བཅུག་པའི་མཚམས་སྦྱོར་སོགས་ལ་མ་བརྟགས་པའི་ཉེས་པ་ཅི་རིགས་སུ་འབྱུང་ངོ༌། །འདི་ནི་མཚོན་པ་ཙམ་སྟེ། གཞན་ཡང་རྒྱ་ཆེར་ཤེས་དགོས་སོ། །དངོས་ལན་ནི། གཞུང་འདི་ཉིད་ནས་འབྱུང་བ་དག་པ་ཡིན་ཏེ། སྤྱིར་བྱ་བའི་རྒྱུད་ལ་རིགས་གསུམ་ལས། པདྨའི་རིགས་ཀྱི་ཉམས་ལེན་འགའ་ཞིག་ནི། སེམས་བསྐྱེད་མ་ཐོབ་པ་ལ་ཡང་བྱར་རུང་བ་དང༌། རྡོ་རྗེའི་རིགས་ཀྱི་ཕྲིན་ལས་འགའ་ཞིག་ནི། དབང་བསྐུར་མ་ཐོབ་ཀྱང༌། འཇུག་པ་སེམས་བསྐྱེད་ཐོབ་པ་བྱར་རུང་བ་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་དང་སྒྲུབ་པ་རྣམས་ནི། དབང་བསྐུར་མ་ཐོབ་པ་ལ་བྱར་མི་རུང་བར། རང་རང་གི་གཞུང་ལས་གསལ་བས་སོ། །ཡང་ན། དྲིས་ལན་གྱི་དགོངས་པ་སྨོན་སེམས་དང༌། འདིར་སེམས་བསྐྱེད་མ་ཐོབ་ཀྱང་ཞེས་པ། འཇུག་སེམས་ལ་འཆད་དགོས་པ་ཡིན་ཏེ། སྨོན་སེམས་ནི་ཐེག་པ་ཆེན་པོའི་ཆོས་སྤྱིའི་ཉམས་ལེན་གྱི་སྔོན་འགྲོ་ཡིན་པའི་ཕྱིར་དང༌། གཞུང་འདིར། འཇུག་པ་སེམས་བསྐྱེད་ཐོབ་ནས་ནི། །ཞེས་པའི་འཕྲོས་ལས་ཤེས་པའི་ཕྱིར་རོ།།  །།དྲི་བ་བཅུ་བཞི་པ་ནི། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི། །སྒོམ་ཆེན་གང་དེ་ཕ་རོལ་དུ། །ཕྱིན་པའི་སྒོམ་ཆེན་དུ་བཞེད་དམ། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། རིམ་པ་གཉིས་པོ་མི་སྒོམ་པའི། །སྒོམ་ཆེན་བཟང་ཡང་ཕ་རོལ་དུ། །ཕྱིན་པའི་སྒོམ་ཆེན་ལས་མ་འདས། །ཞེས་དང༌། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར། །དབང་བཞི་དང་ནི་རིམ་གཉིས་མེད། །ཅེས་གསུངས་པ་གཉིས་འགལ་བ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། ཇི་སྐད་དུ། དེས་ན་རྒྱུ་སྡེ་བཞི་པོ་ཡི། །དབང་དང་ལམ་གྱི་དབྱེ་བ་ལ། །མི་འདྲའི་དབྱེ་བ་རྣམ་བཞི་ཡོད། །རང་རང་ཆོ་ག་བཞིན་བྱས་ན། །དེ་ནས་གསུངས་པའི་དངོས་གྲུབ་འབྱུང༌། །ཞེས་བཤད་པས། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་རང་རང་གི་གཞུང་ནས་བཤད་པ་བཞིན་ཉམས་སུ་ལེན་པའི་སྒོམ་ཆེན་པ་དེ་ཆོས་ཅན། ཕ་རོལ་ཏུ་ཕྱིན་པའི་སྒོམ་ཆེན་ལས་མ་འདས་པར་ཐལ། རིམ་པ་གཉིས་པོ་མི་སྒོམ་པའི་སྒོམ་ཆེན་ཡིན་པའི་ཕྱིར། ཞེས་དོགས་པར་འགྱུར་རོ། །དངོས་ལན་གདབ་པ་ནི། རིམ་པ་གཉིས་པོ་མི་སྒོམ་པའི། །སྒོམ་ཆེན་བཟང་ཡང༌། ཞེས་སོགས་ནི་སྤྱི་ཁྱབ་འཛིན་པ་མ་ཡིན་གྱི། ཕྱོགས་སྔ་མ་ཁས་ལེན་གྱི་སྒོམ་ཆེན་པར་ཁས་འཆེ་བ་དག་གཞིར་གཞག་ནས། སྒོས་ཁྱབ་བཟུང་བ་ཡིན་ཏེ། དེ་འདྲའི་སྒོམ་ཆེན་པ་དེ་ལ་རིགས་གཉིས་སྣང་བ་ལས། གཅིག་ནི། སྔགས་ལམ་དུ་གཏན་མ་ཞུགས་པར་ཕྱག་རྒྱ་ཆེན་པོ་སྒོམ་ཟེར་བ་དང༌། གཅིག་ཤོས་ནི། དབང་མ་ཐོབ་པར་བྱིན་རླབས་ཙམ་ལ་རྟེན་ནས། ནཱ་རོའི་ཆོས་དྲུག་ཉམས་སུ་ལེན་པར་བྱེད་པ་དག་སྟེ། སྒོམ་ཆེན་གྱི་རིགས་གཉིས་པོ་དེ་ནི། ཙ་རི་དང་ཏི་སེ་ལ་སོགས་པའི་གནས་ཆེན་རྣམས་སྐོར་བ་ན། རྩ་མདུད་གྲོལ་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་ནོ། །ཞེས་ཟེར། དེ་འདྲའི་སྒོམ་ཆེན་དེ་དག་ཆོས་ཅན། ཕ་རོལ་ཏུ་ཕྱིན་པའི་སྒོམ་ཆེན་དུ་ཐལ། ཆོས་འདི་པ་དག་གི་སྒོམ་ཆེན་གང་ཞིག གསང་སྔགས་ལུགས་ཀྱི་སྒོམ་ཆེན་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཏེ། ཕྱག་རྒྱ་ཆེན་པོ་དང༌། ཐབས་ལམ་སྒོམ་པར་ཁས་བླངས་པས། རྒྱུད་སྡེ་འོག་མའི་སྒོམ་ཆེན་དུ་ནི་མི་རུང༌། དབང་མ་ཐོབ་ཅིང༌། ཐོབ་ཀྱང་རིམ་པ་གཉིས་མི་སྒོམ་པས། བླ་མེད་ཀྱི་སྒོམ་ཆེན་དུ་མི་རུང་བའི་ཕྱིར། འདོད་ན། ཡུལ་ཆེན་བསྐོར་བའི་ནང་དུ་རྩ་མདུད་འགྲོལ་བའི་བཤད་པ། ཕར་ཕྱིན་ཐེག་པ་ནས་བཤད་པ་མེད་པས་བསལ་ལོ། །ཞེས་བྱ་བའི་དོན་ཏོ།།  །།དྲི་བ་བཅུ་བཞི་པ་ནི། ཕར་ཕྱིན་ཐེག་པས་འཚང་རྒྱ་བ། །སྔགས་ཀྱི་ཐེག་པའི་ཉེ་ལམ་ལ། །ལྟོས་པར་བཞེད་ན་འདི་ཉིད་ལས། །གལ་ཏེ་འདི་བཞིན་སྒྲུབ་འདོད་ན། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཅེས་སོགས་གསུངས་པ་ཅི་ལ་དགོངས། །མི་ལྟོས་ན་ནི་བདག་མེད་མའི། །བསྟོད་པའི་འགྲེལ་པར་གསུངས་དེ་ཅི། །ཞེས་པའོ། །འདི་ལ་འདྲི་བའི་བསམ་པ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་གཉིས་ལས། འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། རྫོགས་པའི་སངས་རྒྱས་ལམ་པོ་ཆེ། །རྩོད་པ་ཀུན་ལས་གྲོལ་བའི་ཆོས། །མཁས་པ་རྣམས་ཀྱིས་གུས་པས་བསྟེན། །གལ་ཏེ་འདི་བཞིན་སྒྲུབ་འདོད་ན། །རྡོ་རྗེ་ཕག་མོའི་བྱིན་རླབས་མེད། །ལྷན་སྐྱེས་ལ་སོགས་འདིར་མི་སྒོམ། །གཏུམ་མོ་ལ་སོགས་ཐབས་ལམ་བྲལ། །ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད། །ཅེས་པ་ནས། རྫོགས་པའི་སངས་རྒྱས་ཐོབ་པར་གསུངས། །ཞེས་པའི་བར་གྱི་དངོས་བསྟན་ལ། ཕར་ཕྱིན་ཐེག་པ་རྐྱང་པས་རྫོགས་པའི་སངས་རྒྱས་ཐོབ་པར་བཤད་པ་ལྟ་བུ་གཅིག་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་སྔགས་ཀྱི་ཉེ་ལམ་ལམ་ལྟོས་པར། ཕར་ཕྱིན་ཐེག་པ་རྐྱང་པས་སངས་རྒྱས་འཐོབ་བམ་མི་འཐོབ། མི་འཐོབ་ན་བསྟན་བཅོས་འདིའི་དངོས་བསྟན་དང་འགལ། འཐོབ་ན་རྗེ་བཙུན་འདི་ཉིད་ཀྱིས་མཛད་པའི་བདག་མེད་མའི་བསྟོད་འགྲེལ་དུ། རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་འབྱུང་བར་རིགས་ཏེ། ཀོ་ཊཱ་བ་དང་སཱ་ལུ་བཞིན་ནོ། །ཞེས་དང༌། འོ་མས་བཅུས་པའི་ཀྱུ་རུ་ར་དང༌། ཆུས་བཅུས་པའི་ཀྱུ་རུ་ར་དཔེར་གཞག་ནས། ཐེག་པ་ཆེན་པོའི་ཚུལ་གཉིས་ཀྱི་སངས་རྒྱས་གཉིས་ལ་བཟང་ངན་གྱི་ཁྱད་པར་ཡོད་པར་བཤད་པ་དང་འགལ་ལོ། །སྙམ་དུ་དོགས་པ་འདི་འབྱུང་བར་འགྱུར་རོ། །དངོས་ལན་གདབ་ལ་གཉིས་ཏེ། རང་གི་ལན་དང༌། ཡོངས་སུ་གྲགས་པ་གཞན་གྱི་ལན་ནོ། །དང་པོ་ནི། བསྟན་བཅོས་འདིར་དངོས་བསྟན་ལ་བཤད་པ་དེ་ནི། ཕར་ཕྱིན་ཐེག་པའི་རང་ལུགས་ལ་གནས་པའི་དབང་དུ་མཛད་ནས་བཤད་པ་ཡིན་ཏེ། ལུགས་དེར་ནི། ས་བཅུ་པའི་རྒྱུན་གྱི་ཐ་མའི་ཡེ་ཤེས་ཀྱིས་གཞོམ་པར་མི་ནུས་པའི་སྤང་བྱ་མི་སྲིད་པའི་ཕྱིར་རོ། །བདག་མེད་མའི་བསྟོད་འགྲེལ་དུ་གསུངས་པ་དེ་ནི། ཚུལ་ཆེན་གྱི་ལུགས་ལ་གནས་ནས་གསུངས་པ་ཡིན་ཏེ། ལུགས་དེ་ལ་ནི། ས་བཅུ་རྒྱུན་གྱི་ཐ་མའི་ཡེ་ཤེས་ཀྱིས་གཞོམ་པར་མི་ནུས་པའི་སྤང་བྱ་ཞིག་སྲིད་པའི་ཕྱིར། དེ་གང་ཞེ་ན། འཕོ་བའི་བག་ཆགས་སོ། །དེ་སྤོང་བྱེད་ཀྱི་གཉེན་པོ་ཅི་ཞེ་ན། བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་འཐོབ་བྱེད་ཀྱི་རྒྱུ་ནི་སྔགས་ཀྱི་ཉེ་རྒྱུ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །དེ་ལས་དེ་འབྱུང་བའི་ཚུལ་ནི། བུམ་དབང་གི་བསྒོམ་བྱ་སྐྱེད་པའི་རིམ་པ་ལེགས་པར་སྦྱངས་པའི་རྟེན་ལ། གསང་དབང་གི་སྒོམ་བྱ་རང་བྱིན་གྱིས་རླབ་པའི་རིམ་པ་བྱང་ཆུབ་པར་བྱས་ནས། དབང་གསུམ་པའི་ཉམས་སུ་བླང་བྱ་ལས་ཀྱི་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་སྟེ། རྣམ་པ་གསུམ་ལ་རིམ་གྱིས་གོམས་པར་བྱས་པས། མཚོན་བྱེད་ཀྱི་དཔེ་དང༌། མཚོན་བྱ་དོན་གྱི་རིམ་པས་བདེ་ཆེན་གྱི་ཡེ་ཤེས་འདྲེན་པར་བྱེད་དོ། །ཡེ་ཤེས་དེས་ཕར་ཕྱིན་ཐེག་པ་ལ་གྲགས་པའི་ས་བཅུ་རྒྱུན་ཐའི་མཇུག་ཐོགས་སུ། སྔགས་ཀྱི་ཐེག་པའི་གཞུང་ནས་བཤད་པའི་ཐུན་མོང་མ་ཡིན་པའི་སྤང་བྱ་འཕོ་བའི་བག་ཆགས་ཞེས་བྱ་བ་དེ་ཡང་དག་པར་བཅོམ་ནས། ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་མདོན་དུ་བྱས་པའི་ས་དེ་ལ་ནི། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་བརྗོད་དོ། །གཉིས་པ་ནི། གཞན་དག་ན་རེ། ཕར་ཕྱིན་ཐེག་པ་ནས་བཤད་པའི་སངས་རྒྱས་ཀྱི་ས་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཡིན་ལ། དེ་ནི་ཕར་ཕྱིན་ཐེག་པ་རང་རྐང་གི་ལམ་གྱིས་ཐོབ་པར་ནུས་པས་སྔགས་ཀྱི་ཉེ་ལམ་ལ་མི་ལྟོས་ལ། དེ་ནི་སངས་རྒྱས་སུ་བཏགས་ཀྱང༌། མཚན་ཉིད་པ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པའི་ཕྱིར། དེས་ན་སངས་རྒྱས་མཚན་ཉིད་པ་ནི་ས་བཅུ་གསུམ་པ་ལ་གནས་པ་དེའོ། །དེ་ནི་སྔགས་ཀྱི་ཉེ་ལམ་ལ་ངེས་པར་ལྟོས་པ་ཡིན་ཏེ། ཇི་སྐད་དུ། སམྦུ་ཊ་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་པས་སོ། །ཞེས་འཆད་པར་བྱེད་དོ།།  །།དྲི་བ་བཅོ་ལྔ་པ་ནི། བཅུ་གཅིག་ཀུན་དུ་འོད་ཀྱི་ས། །དེ་ལ་མི་ལྟོས་བཅུ་གསུམ་པ། །སྔགས་ལ་ལྟོས་པར་བཞེད་ཅེ་ན། །ཀུན་ཏུ་འོད་ས་བཅུ་གཅིག་པ། །ཡིན་པར་སྔགས་གཞུང་གང་ལས་གསུངས། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། གོང་དེ་མ་ཐག་པའི་དྲི་བ་དེའི་ལན་གཞན་ལ་གྲགས་པ་དེ་ཉིད་དོ། །མ་དྲིས་པའི་ཉེས་པ་ནི། དེང་སང་འདི་ན་སྔགས་ཀྱི་ཐེག་པའི་ཞལ་འཛིན་པར་བྱེད་པ་དག་གི་བསམ་པ་ལ། ཕར་ཕྱིན་པས་སངས་རྒྱས་ཀྱི་སར་གཞག་པའི་བཅུ་གཅིག་ཀུན་ཏུ་འོད་དེ། སྔགས་ཀྱི་ཐེག་པས་ལམ་བགྲོད་པའི་ཚེ་སློབ་ལམ་དུ་བྱས་ནས། དེའི་སྟེང་དུ་ཡང་སློབ་པའི་ལམ་གྱི་དབང་དུ་བྱས་པའི་ས་ཕྱེད་དང་གཉིས་བསྣན་ནས། ཕྱེད་ལྷག་མ་དེ་སངས་རྒྱས་ཀྱི་སར་འཇོག་པ་དེ། རྒྱུད་དང་རྒྱ་གཞུང་གི་དགོངས་པ་ཡིན་ནོ་སྙམ་དུ་སེམས་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། བོད་ཀྱི་གསང་སྙིང་འཆད་པ་དག ཇི་སྐད་དུ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །བཅུ་གཉིས་མ་ཆགས་པདྨའི་ས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཞེས་ཟེར་བ་དེ་ནི་འདིར་ཁུངས་སུ་མི་རུང་ཞིང༌། གཞན་ཁུངས་ཐུབ་ཀྱི་ལུང་ཡོད་ན་སྟོན་པར་རིགས་པའི་ཕྱིར་རོ། །བདེ་མཆོག་ལས་ས་བཅུ་གཅིག་པའི་མིང་ལ་དཔེ་མེད་པ་ཞེས་གསུངས་ཞིང༌། བདག་མེད་མའི་བསྟོད་འགྲེལ་དུ་ཡང་དེ་ཉིད་བཤད་ལ། གཞན་རྒྱུད་སྡེ་དག་ཏུ་ས་བཅུ་གཉིས་དང༌། བཅུ་དྲུག་དང༌། ཉི་ཤུ་རྩ་ལྷག་པ་ལ་སོགས་པའི་བཤད་པ་བྱུང་བའི་ཚེ། ཀུན་ཏུ་འོད་ཀྱི་སའི་མིང་ཞིག་བྱུང་ཡང༌། དེ་འདྲ་དེ་མཚན་ཉིད་ཐེག་པའི་ལུགས་ཀྱི་ས་བཅུ་གཅིག་པ་དེར་བྱས་ནས། བཅུ་གསུམ་པ་ལ་རྡོ་རྗེ་འཛིན་པའི་སར་བཤད་པ་གཅིག་དགོས་རྒྱུ་ཡིན་པ་ལ་དེ་འདྲ་མ་བྱུང་བའི་ཕྱིར། གཉིས་པ་ནི། ཕར་ཕྱིན་ཐེག་པ་ནས་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་སངས་རྒྱས་དེས། སྤང་བྱ་མ་ལུས་པར་སྤངས་ཤིང༌། ཐོབ་བྱ་མ་ལུས་པ་ཐོབ་པས་ཁྱད་པར་དུ་བྱས་པ་ཞིག་བཤད་པ་དེ། སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་འཆད་དགོས་ལ། དེ་ལྟ་ན། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་དགོས་པ་ལས། དེ་ཡང་རིགས་པ་མ་ཡིན་ཏེ། དངོས་ལ་གནོད་བྱེད་ཀྱི་ཚད་མ་ནི་སུས་ཀྱང་བཤད་པ་མེད་པའི་ཕྱིར་རོ། །ཡོད་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པས་ས་བཅུ་གཅིག་པ་ལ་གནས་པར་འདོད་པའི་སངས་རྒྱས་དེའི་མཚན་གཞི་གང་ཡིན། སྟོན་པ་ཐུབ་པའི་དབང་པོའོ། །ཞེ་ན། སྔགས་ཀྱི་ཞལ་འཛིན་པ་དག་གིས། དེ་རྫོགས་པའི་སངས་རྒྱས་མ་ཡིན་པར་སྒྲུབས་ཤིག གལ་ཏེ་ཕར་ཕྱིན་པས། ཤཱཀྱའི་དབང་པོ་ས་བཅུ་གཅིག་པ་ལ་གནས་པར་འདོད་ཀྱང༌། དེ་དེ་ལ་གནས་པ་མ་ཡིན་ཏེ། བཅུ་གསུམ་པ་ལ་གནས་པའི་ཕྱིར་ཞེ་ན། སྤྱིར་དེ་སྐད་དུ་སྨྲ་བར་རིགས་པ་ཡིན་པས། ཁོ་བོ་ཅག་གི་འདོད་པ་གྲུབ་ཅིང༌། ཁྱོད་ལ་ནང་འགལ་བ་འདི་ལྟར། ཕ་རོལ་ཏུ་ཕྱིན་པ་པས་ས་བཅུ་གཅིག་པར་འདོད་པའི་ས་དེ་ཆོས་ཅན། ཚུལ་ཆེན་པའི་རང་ལུགས་ཀྱི་ས་བཅུ་གཅིག་པ་མ་ཡིན་པར་ཐལ། དེའི་ལུགས་ཀྱི་ས་བཅུ་གསུམ་པ་ཡིན་པའི་ཕྱིར། ཞེས་འཕངས་ན་ལན་གྱིས་ཟློག་པར་མི་ནུས་སོ། །དེས་ན་འདི་ལྟར་འཆད་དགོས་པ་ཡིན་ཏེ། ཚུལ་གཉིས་ཀྱི་ཐོབ་བྱའི་འབྲས་བུ་མཐར་ཐུག་ལ་ནི་བཟང་ངན་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། སྟོན་པ་ཐུབ་པའི་དབང་པོས་སྤངས་རྟོགས་ཀྱི་ཁྱད་པར་གང་ཞིག་བརྙེས་པ་དེ་ཉིད། གཉིས་ཀས་ཀྱང་ཐོབ་བྱའི་འབྲས་བུ་མཐར་ཐུག་ཏུ་འདོད་ལ། དེ་ལས་མཐོ་བའམ་དམའ་བར་འདོད་པ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང༌། ཞེས་དང༌། དཔལ་ཁ་སྦྱོར་ལས། བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འགྲུབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཅེས་གསུངས་སོ། །དེ་ལྟ་ནའང༌། རྡོ་རྗེ་འཛིན་པའི་ས་དེ་འགྲུབ་བྱེད་ཀྱི་ལམ་ཆ་ཚང་བ་ནི་ཕར་ཕྱིན་པ་ལ་ཡོད་པ་མ་ཡིན་ཏེ། ཁ་སྦྱོར་ལྟར་ན། བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོ་ལྟར་ན། རྡོ་རྗེ་རྣལ་འབྱོར་མ་ཐོབ་པའི་ཕྱིར། མདོར་ན་སམྦུ་ཊའི་དགོངས་པས། ཚུལ་གཉིས་ཀའི་མཐར་ཐུག་གི་ཐོབ་བྱ་གཅིག་ཡིན་ཀྱང༌། ལྡོག་པའི་སྒོ་ནས་མིང་འདོགས་ལུགས་མི་འདྲ་བ་ནི། གཅིག་ལ་ནི་སངས་རྒྱས་དང༌། གཅིག་ཤོས་ལ་ནི་རྡོ་རྗེ་འཛིན་པ་ཞེས་བྱའོ། །གཉིས་པོའི་ཁྱད་པར་ནི། ཤེས་སྒྲིབ་སྤངས་པ་དང༌། འཕོ་བའི་བག་ཆགས་སྤངས་པའི་ལྡོག་པའི་ཁྱད་པར་ལས་སོ། །འོ་ན་ཕྱི་མ་མ་སྤངས་པར། སྔ་མ་སྤངས་པ་ཡོད་དམ་ཞེ་ན། སྤོང་བའི་ནུས་པ་ཡོད་མོད། སྤངས་པ་ནི་མི་སྲིད་དེ། དེ་སྤངས་པའི་ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་འཇོག་ནུས་ཀྱང༌། ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་མི་ནུས་པའི་ཕྱིར། དཔེར་ན། ཕར་ཕྱིན་པ་རང་ལུགས་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ཞག་བདུན་གྱིས་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ནུས་ཀྱང༌། དེ་ཙམ་གྱིས་གཟུགས་ཀྱི་སྐུ་མངོན་དུ་བྱེད་མི་ནུས་པའི་རྒྱུ་མཚན་གྱིས། ཇི་སྲིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་ཇི་སྲིད་དུ། ཤེས་སྒྲིབ་ཀྱི་བག་ཆགས་ཟད་པར་མི་སྤོང་བ་བཞིན་ནོ།།  །།དྲི་བ་བཅུ་དྲུག་པ་ནི། ས་བཅུའི་ཐ་མར་བདུད་འདུལ་བའི། །བཤད་པ་གཞུང་ལུགས་གང་ན་ཡོད། །ཅེས་པ་འདི་ལ། འདྲི་བའི་རྒྱུ་མཚན་ནི། འདིའི་ཐད་ཀྱི་རྣམ་བཤད་མཛད་པ་པོ་ཀུན་གྱིས། བྱང་ཆུབ་ཀྱི་ཤིང་དྲུང་དུ། སྲོད་ལ་ལྷའི་བུའི་བདུད་བཏུལ་བའི་བཤད་པ་མཛད་པ་ཤ་སྟག་ཏུ་སྣང་ཞིང༌། ལ་ལས་ནི། དེའི་སྟེང་དུ་ཐོ་རངས་ཡེ་ཤེས་ཀྱི་རྡོ་རྗེས་ཉོན་མོངས་པའི་བདུད་བཅོམ་ཞེས་ཀྱང་འཆད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟར་འཆད་པ་དེ་ནི་ས་བཅུའི་རྣམ་གཞག་དང༌། སྐུ་གསུམ་གྱི་རྣམ་གཞག་མི་འཆད་པ། ཉན་ཐོས་སྡེ་པ་དག་གི་ལུགས་ཡིན་གྱི། ཐེག་པ་ཆེན་པོ་པ་དག་གི་ལུགས་མ་ཡིན་ཏེ། ལུགས་དེར་ནི། སྐལ་པ་གྲངས་མེད་པའི་གོང་དུ་སངས་རྒྱས་ཟིན་པ་ཞིག བྱང་ཆུབ་ཀྱི་ཤིང་དྲུང་དུ་འཚང་རྒྱ་བའི་ཚུལ་སྟོན་པར་འཆད་པའི་ཕྱིར་དང༌། ས་བཅུའི་ཐ་མར་འདུལ་རྒྱུའི་བདུད་དེ། རྣམ་བཤད་བྱེད་པ་ཀུན་གྱིས་བདུད་བཞི་ལ་བཤད་འདུག་ཀྱང༌། རྣམ་པ་ཀུན་ཏུ་མི་རིགས་པའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ནི། གནས་ངན་ལེན་གྱི་བག་ཆགས་ལ་བདུད་ཀྱི་མིང་གིས་བཏགས་པ་ཡིན་ཏེ། སྤྱན་རས་གཟིགས་ཀྱིས། འགྲེལ་ཆེན་དྲི་མེད་འོད་དུ། བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་པ་ནས། དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །འདིར་ཕྱི་རོལ་དུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི་རྨི་ལམ་བཞིན་དུ། སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།  །།དྲི་བ་བཅུ་བདུན་པ་ནི། མུ་སྟེགས་བྱེད་ལ་སྡོམ་པ་ལས། །བྱུང་བའི་དགེ་བ་ཡོད་མིན་ན། །མངོན་པའི་གཞུང་དུ་མུ་སྟེགས་ལ། །བསམ་གཏན་སྡོམ་པ་བཤད་དེ་ཅི། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་ཀུ་མཱ་རས། མུ་སྟེགས་བྱེད་ལ་སྐྱབས་འགྲོ་མེད་པའི་ཕྱིར། སྡོམ་པ་མེད་དོ་ཞེས་བཤད། བསམ་ཡས་པ་དང༌། སྤོས་ཁང་པས། མུ་སྟེགས་བྱེད་ལ་ངེས་འབྱུང་གི་སྡོམ་པ་མེད་པས། དེ་ལས་བྱུང་བའི་དགེ་བ་མེད་དོ་ཞེས་བཤད། སྒ་གདོང་པས། གསང་སྔགས་ཀྱི་སྡོམ་པ་མེད་པ་དེ་ཡིས་དགེ་བ་སྤྱད་ཀྱང་བར་མ་ཡིན་གྱི། གསང་སྔགས་ཀྱི་སྡོམ་པ་ལས་བྱུང་པའི་དགེ་བ་མ་ཡིན། ཞེས་འཆད་དོ། །མ་དྲིས་པའི་ཉེས་པ་ནི། དང་པོ་མི་རིགས་ཏེ། སྐྱབས་འགྲོ་མེད་ཀྱང་བསམ་གཏན་གྱི་སྡོམ་པ་སྲིད་པའི་ཕྱིར། གཉིས་པ་ཡང་མི་རིགས་ཏེ། མུ་སྟེགས་ཅན་དང་སོ་ཐར་སྡོམ་ལྡན་གྱི་གཞི་མཐུན་མེད་ན། འདུལ་བ་ལས། མུ་སྟེགས་ཅན་ཞུགས་པ་ཞེས་བྱ་བ་དེའི་མཚན་གཞི་རྙེད་པར་མི་འགྱུར་བའི་ཕྱིར་དང༌། ཟླ་བ་བཞིའི་བར་དུ་མགུ་བ་བརྟག་པའི་མུ་སྟེགས་ཅན་དགེ་བསྙེན་གྱི་སྡོམ་ལྡན་ཞིག་ཀྱང་བཤད་པའི་ཕྱིར་དང༌། སྤྱིར་ཡང༌། མུ་སྟེགས་ཀྱི་ལྟ་བ་ཅན་སོ་ཐར་གྱི་སྡོམ་པ་སྐྱེ་བའི་བར་ཆད་མ་ཡིན་པའི་ཕྱིར། ལུགས་གསུམ་པ་ཡང་ཧ་ཅང་སྦོམས་པ་ཡིན་ཏེ། གསང་སྔགས་ཀྱི་སྡོམ་པ་མེད་ཀྱང༌། སྡོམ་པ་གཞན་གཉིས་ཡོད་པར་མི་འགལ་བའི་ཕྱིར་རོ་སྙམ་པའི་དོགས་པ་འདི་དག་འབྱུང་ངོ༌། །རྒལ་ཞིང་བརྟག་པ་འདི་འདྲ་འདི་ཡང་ཧ་ཅང་ཐལ་བས། གཞུང་འཆད་པའི་ཐབས་མེད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། འཆད་པ་པོ་རྣམས་ཀྱིས། གཞུང་ཞལ་གསལ་བ་རྒྱུ་མཚན་དུ་བྱས་ནས། འོལ་སྤྱི་ཙམ་དུ་བཤད་པའི་བླུན་པོ་ལ་གོ་བ་མགྱོགས་པར་སྐྱེད་སྐྱེད་འདྲ་ཡང༌། མཁས་པའི་བསྟན་བཅོས་ཆུད་གསོན་པ་མང་བར་སྣང་བས། སྡེ་སྣོད་དང་མཐུན་པ་ཉིད་དུ་ཞིབ་མོར་བཤད་ཤེས་དགོས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །དངོས་ལན་གདབ་པ་ནི། ཇི་སྐད་དུ། ཕྱོགས་སྔ་མ་ལས། སྡིག་པ་སྤོང་ཞིང་དགེ་བྱེད་ན། །མུ་སྟེགས་ཡིན་ཡང་ཅི་ཞིག་སྐྱོན། །ཞེས་པའི་ལན་འདེབས་པ་ནི། ཆོས་ཀྱི་ཕྱག་རྒྱ་བཞི་ལས་གང་ཡང་རུང་བ་ཞིག་ཁས་མི་ལེན་པ་དེ་ལ་ནི་ཕྱི་རོལ་མུ་སྟེགས་བྱེད་ཅེས་བྱ་ལ། དེས་བྱས་པའི་དགེ་བ་དང༌། ནང་པ་སངས་རྒྱས་པས་བྱས་པའི་དགེ་བ་གཉིས་ལ་ཁྱད་པར་མེད་པ་མ་ཡིན་ཏེ། དེས་དགེ་བ་ཅི་བྱས་ཀྱང༌། བསོད་ནམས་ཆ་མཐུན་གྱི་དགེ་བ་ལས་ལྷག་པར་འགྲོ་བ་མི་སྲིད་ལ། གཅིག་ཤོས་ཀྱི་དགེ་བ་ནི་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ངག་དོན་ཡིན་ལ་ཚིག་དོན་ནི། ཆོས་ཀྱི་ཕྱག་རྒྱ་བཞི་པོ་གང་རུང་ཁས་མི་ལེན་པའི་མུ་སྟེགས་བྱེད་ལ་སྐྱབས་འགྲོའི་སྡོམ་པ་མེད་ལ། དེའི་ཕྱིར་དེ་ལས་བྱུང་བའི་ཐར་པ་ཆ་མཐུན་གྱི་དགེ་བ་སྲིད་པ་མ་ཡིན་ནོ། །སྤྱིར་སྡོམ་ལྡན་གྱི་རྒྱུད་ལ་བར་མ་དགེ་བ་མི་འབྱུང་བ་ནི་མ་ཡིན་ཏེ། དགེ་བསྙེན་གྱི་རྒྱུད་ལ་བར་མ་རབ་བྱུང་སྐྱེ་བ་ཡིན་ནོ། །མུ་སྟེགས་ཅན་ཞུགས་པ་དང༌། མགུ་པ་བརྟག་དགོས་སུ་བཤད་པ་དེ་ནི། ལྟ་བ་མུ་སྟེགས་ཅན་ཡིན་ཀྱང༌། སྤྱོད་པ་ཆོས་ལ་སྐྱབས་སུ་སོང་བས། སོ་སོར་ཐར་པའི་སྡོམ་པ་ཅན་ཡིན་ལ། དེ་བས་ན། དེ་འདྲ་དེས་ཆོས་ཀྱི་ཕྱག་རྒྱ་བཞི་ལས་མྱ་ངན་ལས་འདས་པ་ཞི་བ་ཡིན་པ་དེ་ཁས་བླངས་པའི་ཕྱིར་ན་ཉེས་པ་མེད་དོ།།  །།དྲི་བ་བཅོ་བརྒྱད་པ་ནི། སྡོམ་པ་མེད་ལ་དགེ་བའི་རྒྱུན། །མེད་ན་སེམས་བསྐྱེད་ཆོ་ག་ལས། །དེ་ལ་དེ་ཡོང་གསུངས་དེ་ཅི། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། རབ་འབྱུང་མིན་ལ་མཁན་པོ་མེད། །དབང་མ་སྐུར་ལ་བླ་མ་མེད། །སྡོམ་པ་མེད་ལ་དགེ་རྒྱུན་མེད། །ཅེས་གསུངས་པ་དེའོ། །མ་དྲིས་པའི་ཉེས་པ་ནི། རབ་བྱུང་སྔོན་དུ་མ་སོང་བའི་བསྙེན་རྫོགས་ལ་མཁན་པོ་མེད་པར་འགྱུར་རོ་སྙམ་པ་དང༌། དབང་མ་བསྐུར་ན་རྒྱུད་དང་མན་ངག་བསྟན་ཀྱང་བླ་མར་མི་འགྱུར་རམ་སྙམ་པ་དང༌། བསྟན་བཅོས་མཛད་པ་ཉིད་ཀྱི་སེམས་བསྐྱེད་པའི་ཆོ་ག་ལས། ཇི་སྐད་དུ། སྡོམ་པས་མ་ཟིན་ཀྱང་བསོད་ནམས་རྒྱུན་ཆགས་འབྱུང་བ་ལ་འགལ་བ་མེད་དེ། སངས་རྒྱས་ལ་དམིགས་ནས་མེ་ཏོག་ཙམ་ཕུལ་བ་ལ་བསོད་ནམས་རྒྱུན་ཆགས་འབྱུང་བར་བཤད་པའི་ཕྱིར། ཞེས་གསུངས་པས་སོ། །སྙམ་དུ་དོགས་པའོ། །དངོས་ལན་ནི། རབ་བྱུང་དང་བསྙེན་རྫོགས་མ་ཡིན་པ་ལ། ཞེས་དང༌། སྤྱིར་དབང་བསྐུར་ཐོབ་མ་མྱོང་བ་ལ་བླ་མ་མེད་ཅེས་དང༌། སྐྱབས་འགྲོའི་སྡོམ་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བ་རྒྱུན་ཆགས་མེད་ཅེས་པའོ། །འདིར་སྐྱབས་འགྲོ་སྐྱེས་པའི་ཚད་ནི། ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བ་ནས་བྱེད་པ་ཡིན་ཏེ། སྐྱབས་དངོས་ཡིན་པའི་ཕྱིར། སྐྱབས་སུ་སོང་བའི་ཚད་ནི། ཆོས་དེ་ལ་དོན་གཉེར་གྱི་བློ་སྐྱེས་པ་སྟེ། མདོ་སྡེའི་རྒྱན་ལས། འདི་ནི་དེ་དངོས་འདོད་པའི་ཁས་ལེན། །ཞེས་པ་སྐྱབས་སུ་སོང་བའི་ཚད་སྟོན་བྱེད་ཡིན་པའི་ཕྱིར། ཆོས་དཀོན་མཆོག་དེའི་ངོ་བོ་ནི། ཐེག་པ་གསུམ་པོ་གང་རུང་གི་མྱ་ངན་ལས་འདས་པ་ལ་བྱ་སྟེ། ཇི་སྐད་དུ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཅེས་གསུངས་པའི་ཕྱིར། དེ་ལྟར་ཆོས་ལ་སྐྱབས་སུ་སོང་ནས། དགེ་བ་གང་བྱེད་དེའི་དོན་དུ་བསྔོ་བར་བྱེད་ན་ཐར་པ་ཆ་མཐུན་གྱི་དགེ་བར་འགྱུར་ཞིང༌། དེ་ཡང་རྒྱུན་ཆགས་སུ་འབྱུང་བ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུར་བསྔོས་པའི་དགེ་བ་ཡིན་པས། ཁོང་ཁྲོ་དང་ལོག་ལྟ་སོགས་ཀྱིས་རྒྱུན་བཅད་པར་མི་ནུས་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས། སྐྱབས་འགྲོའི་སྡོམ་པ་ཙམ་གྱིས་ཀྱང་མ་ཟིན་པ་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་རྒྱུན་ཆགས་པ་མི་འབྱུང་བར་གསུངས་པ་ཡིན་ནོ། །འོ་ན་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་ཕུལ་བ་ལྟ་བུའི་དགེ་བ་དེ་ཐར་པ་ཆ་མཐུན་གྱི་དགེ་བར་མི་འཆད་པ་ཅི་ཞེ་ན། དེ་ལའང་གཉིས་ཏེ། རྒྱུའི་སྐྱབས་ལ་དམིགས་པ་ཡིན་ན་ནི། བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་ལས་མི་ཐོབ་པ་སྲིད་ལ། འབྲས་བུའི་སྐྱབས་ལ་དམིགས་པ་ཡིན་ན་ནི། ཐར་པ་ཆ་མཐུན་གྱི་དགེ་བ་ཁོ་ནར་གཞག་སྟེ། སྒྲུབ་བྱེད་གོང་དུ་བསྟན་ཟིན་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་བས་ན། དགེ་སྦྱོར་གང་བྱེད་ཀྱི་ཐོག་མར། བྱང་ཆུབ་གསུམ་པོ་གང་རུང་ཐོབ་པར་བྱ། དེའི་ཆེད་དུའོ། །སྙམ་པའི་བསམ་པས་ཟིན་ན། ངེས་པར་སྡོམ་པས་ཟིན་པ་དང༌། ཐར་པའི་ཆ་དང་མཐུན་པའི་དགེ་བ་རྒྱུན་ཆགས་པ་ཉིད་དུ་གྲུབ་པ་དེའི་ཕྱིར། དགེ་བ་དེས་ནི་བདག་པོ་དང༌། རྒྱུ་མཐུན་དང༌། རྣམ་སྨིན་དང༌། བྲལ་བའི་འབྲས་བུ་བཞི་ཀ་འདྲེན་པར་བྱེད་དོ། །འདིར་སྨྲས་པ། ཆོས་ཀྱི་གནད་རྣམས་ངེས་བརྟགས་པའི། །ཆོས་འདི་ཙམ་གྱིས་མང་པོའི་དོན། །ཆོས་བཞིན་ཤེས་འགྱུར་མ་བརྟགས་པའི། །ཆོས་མང་ལུང་གིས་ཅི་ཞིག་བྱ།།  །།དྲི་བ་བཅུ་དགུ་པ་ནི། རྒྱུད་སྡེ་འོག་མའི་དབང་བསྐུར་ལས། །སྔགས་ཀྱི་སྡོམ་པ་འཐོབ་བམ་ཅི། །འཐོབ་ན་དབང་བཞི་སྔགས་སྡོམ་གྱི། །འཐོབ་རྒྱུར་གསུངས་པ་ཇི་ལྟར་ཡིན། །རྫོགས་རིམ་སྡོམ་པ་ཞེས་བྱ་བ། །བསྒོམས་པའི་སྟོབས་ཀྱིས་འཐོབ་མོད་ཀྱི། །དབང་ཆོག་ལས་འཐོབ་གསུངས་པ་མེད། །རྒྱུད་སྡེ་འོག་མའི་སྔགས་སྡོམ་ནི། །མེད་པར་བཞེད་ན་འདི་ཉིད་ལས། །དབང་བསྐུར་སྡོམ་པས་མ་སྦྲེལ་ན། །བཟང་ཡང་ཕ་རོལ་ཕྱིན་པ་ཡིན། །ཞེས་གསུངས་པ་དེ་གང་ལ་དགོངས། །ཞེས་བྱ་བའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་སློང་བ་དང༌། དངོས་ལན་གདབ་པའོ། །དང་པོ་ལ་གཉིས་ཏེ། འདྲི་བའི་རྒྱུ་མཚན་དང༌། མ་དྲིས་པའི་ཉེས་པའོ། །དང་པོ་ནི། རྗེ་བཙུན་གོང་མ་དེ་དག་གིས། རྒྱུད་སྡེ་འོག་མ་གསུམ་གྱི་དབང་ལས་སྡོམ་པ་གང་ཐོབ་པ་དང༌། དེ་ལ་ལྟོས་པའི་རྩ་བའི་ལྟུང་བ་གང་ཡིན་པ་དང༌། དེར་སེམས་བསྐྱེད་ཀྱི་སྡོམ་པ་མ་གཏོགས་པའི་སྡོམ་པ་གང་འཛིན་རྒྱུ་ཡིན་སོགས་ཀྱི་རྣམ་གཞག་གསལ་པོ་མ་གསུངས་པ་ཁོ་ནར་མ་ཟད། བསྟན་བཅོས་འདིར། སྔགས་ཇི་ལྟར་འཛིན་པའི་ཚུལ་དང༌། ཐོབ་པའི་ས་མཚམས་རྣམས་ནི། གསང་སྔགས་བླ་མེད་ཀྱི་གཞུང་ལས་ཇི་ལྟར་བཤད་པ་དེ་ཙམ་ཞིག་ལས་ལྷག་པ་མ་བཤད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། འོ་ན་རྒྱུད་སྡེ་འོག་མ་གསུམ་གྱི་དབང་ལས་ཐོབ་པའི་སྔགས་སྡོམ་བཞེད་དམ་མི་བཞེད། མི་བཞེད་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ལྷག་པའི་ཐབས་ཀྱི་ཁྱད་པར་མ་བསྟན་པར་འགྱུར་ཏེ། དེར་མ་བཤད་པའི་སྡོམ་པ་འཛིན་རྒྱུ་དང་འཐོབ་རྒྱུ་གཉིས་ཀ་མ་དམིགས་པའི་ཕྱིར། བཞེད་ན་སྡོམ་པ་གསུམ་ལྡན་དུ་འགྱུར་བ་དབང་བཞི་ཀ་བླངས་པ་ལ་རག་ལས་པར་བཤད་པ་དང་འགལ་ལོ། །གལ་ཏེ་དེ་ལྟར་བཤད་པ་དེ་སྔགས་སྡོམ་ཡོངས་སུ་རྫོགས་པའི་དབང་དུ་བྱས་པ་ཡིན་ལ། དེ་རྫོགས་པ་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་སྡོམ་པ་གཉིས་ཀ་ཚང་དགོས་ཤིང༌། དེ་ཚང་བ་ལ་དབང་བཞི་ཚང་དགོས་པའི་ཕྱིར་སྙམ་ན། འོ་ན་རྫོགས་རིམ་གྱི་སྡོམ་པ་དེ་བརྡ་ལས་བྱུང་བའི་སྡོམ་པར་འགྱུར་ཏེ། དབང་གི་ཆོ་ག་ལས་ཐོབ་པའི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། ཕྲ་བ་ཆོས་ཉིད་ཀྱི་སྟོབས་ཀྱིས་ཐོབ་པར་མི་འགྱུར་ལ། དེ་ཡང་འདོད་ན། རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་ཐོབ་པ་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། སྟོང་པ་ཉིད་དང་རང་བྱིན་གྱིས་རླབ་པ་བསྒོམས་པའི་སྟོབས་ཀྱིས་ཐོབ་པ་མ་ཡིན་པར་འགྱུར་རོ། །སྙམ་པའི་དོགས་པ་འདི་དག་སྐྱེ་བར་འགྱུར་རོ།།  །།གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། དོན་གྱི་ཁོག་འབུབས་བྱེད་རྒྱས་པར་བཤད་པ་དང༌། དངོས་ལན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་སྔགས་སྡོམ་གྱི་ངོ་བོ་ངོས་བཟུང་བ། དེ་རྒྱུད་སྡེ་སོ་སོའི་ཆོ་ག་ལས་ཇི་ལྟར་ཐོབ་པ། རྒྱུད་སྡེ་སོ་སོ་ནས་འབྱུང་བའི་རྩ་ལྟུང་གི་གྲངས་བསྟན་པའོ། །དང་པོ་ནི། སྡོམ་བྱེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས། བསྡམ་བྱ་འཕོ་བའི་བག་ཆགས་དང༌། མཚན་འཛིན་གྱི་རྟོག་པ་སྡོམ་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཛིན་པར་ཁས་བླངས་པའི་སེམས་པ་ས་བོན་དང་བཅས་པ་གང་ཞིག རང་རྒྱུ་དབང་བསྐུར་ལས་མངོན་དུ་གྱུར་པའོ། །དབྱེ་ན་གཉིས་ཏེ། རྒྱུད་སྡེ་འོག་མ་གསུམ་གྱི་དབང་ལས་ཐོབ་པ་དང༌། གོང་མའི་དབང་ལས་ཐོབ་པའོ། །དང་པོ་ལ་གཉིས་ཏེ། སྡོམ་པ་ཇི་ལྟར་འཛིན་པའི་ཚུལ་དང༌། བཟུང་བ་དེ་ཉིད་ཐོབ་པའི་དུས་སོ། །དང་པོ་ལ་གསུམ་སྟེ། བྱ་བའི་རྒྱུད་ནས་འབྱུང་བ་དང༌། སྤྱོད་པའི་རྒྱུད་ནས་འབྱུང་བ་དང༌། རྣལ་འབྱོར་གྱི་རྒྱུད་ནས་འབྱུང་བའོ། །དང་པོ་ལ་གཉིས་ཏེ། སྡོམ་བཟུང་གི་སྔགས་ཆོག་བཤད་པ་དང༌། དེས་སྡོམ་པ་གང་བཟུང་བའོ། །དང་པོ་ལ་གཉིས་ཏེ། དམ་ཚིག་གསུམ་བཀོད་ལས་འབྱུང་བ་དང༌། འཇམ་དཔལ་རྩ་རྒྱུད་ལས་འབྱུང་བའོ། །དང་པོ་ནི། དེ་ཉིད་ལས། ཇི་སྐད་དུ། དེ་ལ་དམ་ཚིག་དང་སྡོམ་པ་བླང་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ལ། གཙང་སྦྲ་བྱས་ནས་གཡས་སུ་མེ་ཏོག་ཐོགས་ཏེ། གདོང་གཡོག་པས་འཇུག་པར་བྱའོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། གཅིག གཉིས། གསུམ། བཞི།  ལྔ་ཡང་བཞུག་པར་བྱ་ཞིང༌། སྡོམ་པ་འདི་ལྟར་བཟུང་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱི། ཐམས་ཅད་ཀྱིས་དུས་ཐམས་ཅད་དུ། བདག་རབ་ཏུ་གཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བདག་བྱིན་གྱིས་རླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས། བདག་ལ་ཡོངས་སུ་སྐྱབས་ཏུ་གསོལ། ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོ་བདག་ལ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་འདི་ལན་གཅིག་བརྗོད་པར་བྱ་སྟེ། ནམ་མཁའ་མཐའ་ཡས་དང་མཉམ་རྒྱལ་དབང་པོ། །མ་ལུས་སྲས་བཅས་ཀུན་གྱི་དམ་ཚིག་གསོལ། །འཆི་མེད་བསད་མེད་སེམས་ཅན་སྐྱབ་པ་མེད། །ཤིན་ཏུ་བརྟན་པས་འདི་ལྟར་བྱ་བ་ཉིད། །དེ་ནས་མེ་ཏོག་འཕྱར་བར་བྱའོ། །མེ་ཏོག་གང་ལ་བབས་པ་དེ་ནི་རིགས་ཀྱི་ལྷ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས། སློབ་མ་རྗེས་སུ་བཟུང་བར་བྱ་བ་ལ། སློབ་མ་དབང་པོ་ཚང་ཞིང་སྡོམ་པ་ལ་གནས་པ། སེམས་བསྐྱེད་པ། གཙང་སྦྲ་ལ་གནས་པ། གཅིག་ནས་བརྒྱད་ཀྱི་བར་དཀྱིལ་འཁོར་གྱི་ཕྱི་རོལ་དེ་ཉིད་དུ་ཧ་ཅང་མི་རིང་བར་གཞག་པར་བྱའོ། །ཞེས་དང༌། དཀྱིལ་འཁོར་གྱི་སློབ་དཔོན་གྱིས། སློབ་མ་ཉིད་དུ་ཁས་བླངས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ། གསོ་སྦྱོང་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་ལུས་ཕུལ་བ། གཅིག་ལ་སོགས་པ་ནས་ལྔའི་བར་དབང་བསྐུར་བར་བྱའོ། །ལྷག་མ་ནི་སྤང་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་སྡོམ་པ་འཛིན་པའི་ཚིག་དེ་ཉིད་ཀྱིས་ཅི་ཞིག་བསྟན་ཞེ་ན། སེམས་བསྐྱེད་པའི་སྡོམ་པ་དང༌། བདག་འབུལ་བའི་སྡོམ་པ་ཞེས་བྱ་བའི་རིམ་པ་གཉིས་བསྟན་ནོ། །བདག་འབུལ་བའི་སྡོམ་པ་ཞེས་བྱ་བ་དེ་སེམས་བསྐྱེད་པའི་སྡོམ་པར་འདུས་སོ་སྙམ་ན། དེ་ཡང་མ་ཡིན་ཏེ། སྡོམ་པ་ཕྱི་མ་འདི་ལ་ནི་རྣམ་སྣང་མངོན་བྱང་རྩ་འགྲེལ་དུ། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་པའི་མིང་གིས་བསྟན་པའི་ཕྱིར་རོ། །འདི་ཡང་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པར་བགྱིའོ། །ཞེས་པའི་སྡོམ་པ་དེ་དང་དོན་གཅིག་པར་སྣང་སྟེ། འཆད་པར་འགྱུར་རོ། །གཉིས་པ་ནི། རྣམ་སྣང་མངོན་བྱང་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པ། དུས་འདི་ནས་ཞུགས་ནས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང༌། འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས། རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར། བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་ཤིང༌། དེའི་གོང་དུ། བདག་འབུལ་བའི་སྡོམ་པ་ལེན་པའི་ཆོ་ག་སྔར་དྲངས་ཟིན་པ་དེ་ཉིད་གསུངས་པ་ཡིན་ལ། དེ་གཉིས་འབྲེལ་ཆགས་སུ་བྱུང་བའི་དོན་ཡང༌། བདག་འབུལ་པའི་དོན་ནི་ལུས་ངག་ཡིད་གསུམ་གཏོང་བ་ཡིན་ལ། དེ་བཏང་ནས་ཅི་ཞིག་བྱ་སྙམ་པ་ལ། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ནས། སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མིང་ཅན། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ངོ་ཤེས་པར་བྱས་ནས། དེ་འཛིན་པའི་སྡོམ་པའི་ཆོ་ག་ནི་དྲངས་མ་ཐག་པ་དེ་ཉིད་དོ། །འདི་ལ་ནི་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་བའི་མིང་གིས་བཏགས་པ་ཡིན་ཏེ། མངོན་བྱང་གི་རྒྱུད་དུ། བཅོམ་ལྡན་འདས་དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བ་བཤད་དུ་གསོལ། ཞེས་དང༌། དེའི་འགྲེལ་པར། སངས་རྒྱས་གསང་བས། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སྤངས་པའི་མཚན་ཉིད་པས། འདས་པ་དང༌། ད་ལྟར་དང༌། མ་འོངས་པའི་དུས་ཐམས་ཅད་དུ། ཡང་དག་པ་ཉིད་ཀྱི་དངོས་པོ་ལ་མི་སྒྲིབ་ཅིང༌། ཐོགས་པ་མེད་པར་མཐོང་བས་ན། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་དེ་ཐོབ་པར་བྱ་བའི་ཕྱིར། མི་དགེ་བ་བཅུ་སྤོང་བའི་སྡོམ་པ་ནི། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན། བྱ་སྤྱོད་གཉིས་སུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འཛིན་རྒྱུ་ནི། དུས་གསུམ་སྒྲིབ་མེད་ཀྱི་ཡེ་ཤེས་ཀྱི་སྡོམ་པ་ཞེས་བྱ་བ་དེ་ཡིན་ལ། དེ་ཇི་ལྟར་འཛིན་པའི་ཚུལ་ལ། བྱ་བའི་རྒྱུད་དུ་ནི། དམ་ཚིག་དེ་ལ་འཇུག་པའི་ཚུལ་གྱིས་སྡོམ་པ་བཟུང་བ་ཡིན་ལ། སྤྱོད་པའི་རྒྱུད་དུ་ནི། དམ་ཚིག་དེ་ལ་གནས་པའི་ཚུལ་གྱིས་སྡོམ་པ་བཟུང་བ་ཡིན་ཏེ། བྱ་བའི་རྒྱུད་དུ་ནི། ཀུན་བཏགས་པའི་དངོས་པོ་གསུམ་བཏང་བ་ཙམ་ཡིན་གྱི། ཆོས་ཉིད་ཀྱི་དངོས་པོ་གསུམ་ལ་མཉམ་པར་འཇོག་པའི་སྡོམ་པ་མ་བཟུང༌། སྤྱོད་པའི་རྒྱུད་དུ་ནི། སྔར་གོང་དུ་ལུང་དྲངས་ཟིན་པ་ལྟར་འཇུག་པའི་སྡོམ་པ་དང༌། གནས་པའི་སྡོམ་པ་གཉིས་ཀ་སྦྱོར་བ་དང་དངོས་གཞིའི་ཚུལ་གྱིས་གོ་རིམ་བཞིན་དུ་ལེན་པར་མཛད་པའི་ཕྱིར། འདིར་འཛིན་རྒྱུའི་ཡེ་ཤེས་དེའི་མིང་གི་རྣམ་གྲངས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དང༌། བདེ་བ་ཆེན་པོའི་ཡེ་ཤེས་དང༌། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་ལ། དེ་མངོན་དུ་བྱེད་པའི་ཐབས་ལ་རྒྱུད་སྡེ་བཞི་པོ་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་ཀྱང༌། དེ་མངོན་དུ་བྱེད་པའི་ཐབས་ཙམ་ཡིན་པ་དང༌། གང་མངོན་དུ་བྱ་རྒྱུའི་ཡེ་ཤེས་དེ་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ། སྐལ་བཟང་བདེ་བ་ཆེན་པོ་ལའོ། །ཞེས་ཟེར་བའི་དུས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཡང་འདི་ཉིད་ལ་འཆད་དགོས་པའི་ཕྱིར་དང༌། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་དོན་ཡང་འདི་ཉིད་ལ་འཆད་དགོས་པའི་ཕྱིར་དང༌། དྲིས་ལན་འདི་ནི་བྱ་སྤྱོད་ཀྱི་དཀྱིལ་ཆོག་ཚད་ལྡན་དག་ནའང་བཤད་པ་མང་བའི་ཕྱིར། དེ་ལྟར་ན་གངས་ཅན་པ་ཕྱི་མ་དག བྱ་སྤྱོད་གཉིས་སུ་ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པ་ལས་མ་གཏོགས་པའི་སྔགས་ཀྱི་སྡོམ་པ་འཛིན་རྒྱུ་དང་ཐོབ་རྒྱུ་གང་ཡང་མེད་དོ། །ཞེས་གསུངས་པ་དེ་ཡང་མ་བརྟགས་པ་ཉིད་དུ་རིག་པར་བྱ་སྟེ། དེ་ལྟ་ན་དེ་ལ་ལྟོས་པའི་རྩ་བའི་ལྟུང་བ་ཡང་བྱང་སེམས་ཀྱི་སྡེ་སྣོད་དུ་བཤད་པ་དེ་ལས་གཞན་མི་འཆད་པར་རིགས་པ་ལས། དེ་ལས་གཞན་དུ་མ་ཞིག་བྱ་སྤྱོད་ཀྱི་རྒྱུད་དུ་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་སྡོམ་པ་བཟུང་བའི་ཆོ་ག་བཤད་པ་ལ། རྡོ་རྗེ་རྩེ་མོའི་རྒྱུད་ལས་འདི་ལྟར་གསུངས་ཏེ། ཐོག་མར་དྲིས་ལན་གྱི་སྒོ་ནས་སྡོམ་པ་འཛིན་ལུགས་གཏན་ལ་ཕབ། དེ་ནས་འཛིན་རྒྱུའི་སྡོམ་པ་སྒྲག དེའི་འོག་ཏུ་བསྒྲགས་པ་དེ་ཉིད་ཇི་ལྟར་འཛིན་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། རིག་པའི་རྒྱུད་ནི་རབ་སྒྲུབ་ཕྱིར། །སྡོམ་པ་ཇི་ལྟར་བླང་བར་བགྱི། །ཇི་ལྟར་དམ་ཚིག་བསྲུང་བར་བགྱི། །དམ་ཚིག་ཉམས་པ་ཇི་ལྟ་བུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐེག་པ་གཞན་ལ་འདོད་མི་བྱ། །དེ་ནས་རྣལ་འབྱོར་ཡང་དག་རྩམ། །དཀྱིལ་འཁོར་གང་ན་གནས་ཀྱང་རུང༌། །སློབ་དཔོན་གྱི་ནི་མདུན་སོང་སྟེ། །ཞབས་དག་ལ་ནི་བཏུད་ནས་བརྗོད། །དགའ་ཆེན་ཁྱོད་བདག་སྟོན་པ་ལ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བསྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །གཙོ་བོ་བདག་ལ་སྡོམ་པ་སྩོལ། །སློབ་དཔོན་གྱིས་ནི་ཉེ་བར་བརྟག །རྣམ་པ་ཀུན་ཏུ་དྲི་བར་བྱ། །དམ་ཚིག་བརྗོད་བྱ་གང་ཞིག་ནི། །སྣོད་དུ་རུང་བ་དེ་གཞུག་བྱ། །བུ་དང་སློབ་མ་ཡིན་མ་ཡིན། །སྣོད་དང་ལྡན་ལ་སྦྱིན་པར་བྱ། །གལ་ཏེ་སྣོད་དང་ལྡན་པར་ཤེས། །སྲོག་དང་བདོག་པ་ཀུན་སྦྱིན་བྱ། །མངོན་དུ་དཀྱིལ་འཁོར་རབ་གཞུག་ཅིང༌། །ཆོ་ག་བཞིན་དུ་བཅུག་ནས་ཀྱང༌། དེ་ནས་མེ་ཏོག་བཅས་ཐལ་མོ། །ལུས་བཏུད་དགའ་བ་ཆེ་རྣམས་ཀྱིས། །གཤགས་པ་དང་ནི་གསོལ་བ་གདབ། །རྗེས་སུ་ཡི་རང་ཀུན་ཏུ་བྱ། །མཆོད་པ་དང་བཅས་ཡོངས་སུ་བསྔོ། །ཕྱོགས་རྣམས་ཀུན་ཏུ་ཕྱག་བྱ་ཞིང༌། །སྡོམ་པ་ཆེན་པོ་བླང་བར་བྱ། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་བར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བྱ། །གསང་བའི་རིགས་མཐོ་ཐམས་ཅད་དུ། །སློབ་དཔོན་ཆེན་པོས་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱི་རྒྱས་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོས་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །གསང་བའི་རིགས་ལས་བྱུང་བ་ཡི། །རྡོ་རྗེ་རིགས་བཅས་འཁོར་ལོ་སྟེ། །རྟ་བབས་བཅས་པར་ཡང་དག་ལྡན། །སློབ་དཔོན་གྱུར་པར་ཤེས་པར་བྱ། །བདག་ཉིད་ཉེ་བར་ཞི་བ་ཉིད། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །གསང་བ་ཡི་ནི་འཁོར་ལོ་རུ། །སྡོམ་པ་དང་བཅས་འཇུག་པར་བགྱི། །དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོ་རིགས་དག་པ། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །གཉིས་པ་ནི། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་གྱིས་ནི་བཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཚིག་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱེད། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པས་ལོག་པར་གཡེམ་པ་དང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་བཞི་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །ཐེག་པ་དམན་པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །དེ་དག་ཀྱང་ནི་བརྗོད་པར་བྱ། །གསུམ་པ་ནི། འདིར་ནི་སློབ་དཔོན་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་རྣམས་གསུངས་པ་དང༌། ཡང་དེ་ཉིད་ལས། ཁྱིམ་པའི་སྡོམ་པ་ལ་གནས་ནས། །དེ་ཚེ་རིག་པའི་རྒྱལ་པོ་སྒྲུབ། །གལ་ཏེ་དེ་ནི་རབ་བྱུང་གྱུར། །སྡོམ་པ་གསུམ་ལ་ཡང་དག་གནས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིགས་པ་འཛིན་པ་མཆོག་ཡིན་ནོ། །ཞེས་དང༌། གང་ཞིག་སྡོམ་པ་མི་ལེན་ཞིང༌། །ཤིན་ཏུ་གདུལ་དཀའ་དད་མེད་ལ། །གཞུག་པ་ཙམ་ནི་སྦྱིན་པར་བྱ། །དེ་ལ་ལས་ནི་མི་བྱའོ། །དཀོན་མཆོག་གསུམ་ལ་དད་དང་ལྡན། །སྡིག་ལ་འཇིགས་ཤིང་ཤིན་ཏུ་བསྡམས། །དད་དང་དང་བ་ཕུན་སུམ་ཚོགས། །དེ་ལ་དམ་ཚིག་སྦྱིན་པར་བྱ། །དེ་ལ་དམ་ཚིག་གང་ཞེ་ན། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་སེམས་ངེས་པར་དོར་མི་བྱ། །ལྷ་རྣམས་ལ་ནི་སྨད་མི་བྱ། །སྔགས་དང་ཕྱག་རྒྱ་ནམ་ཡང་མིན། །རྡོ་རྗེ་སློབ་དཔོན་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །བཞོན་པ་མཚོན་ཆ་ཕྱག་མཚན་དང༌། །དམན་མ་ལུས་ཀྱི་གྲིབ་མ་རྣམས། །གྱ་ཚོམ་དུ་ནི་རྫི་མི་བྱ། །ནམ་ཡང་བཟའ་བར་མི་བྱའོ། །བདག་གིས་སྔོན་ནི་ཇི་ལྟར་མཐོང༌། །སེམས་ཅན་གཞན་ལ་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་བསླབས་པ་ནི། །ནམ་ཡང་དོར་བར་མི་བྱའོ། །སེམས་ཅན་བསད་པར་མི་བྱ་ཞིང༌། །ཐེག་པ་གཞན་ལ་དགའ་མི་བྱ། །སེམས་ཅན་དོན་དང་འཁོར་བ་ལས། །ནམ་ཡང་སྐྱོ་བར་མི་བྱའོ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །བྱ་བ་མ་ཡིན་རྟག་ཏུ་སྤང༌། །ཁྱོད་ཀྱི་དམ་ཚིག་སྡོམ་པ་ཡིན། །ཞེས་གསུངས་སོ། །གཉིས་པ་བཟུང་བ་དེ་ཉིད་ཇི་ལྟར་ཐོབ་པའི་དུས་ལ་གཉིས་ཏེ། ཐོབ་པའི་དུས་དང༌། དེས་ཐོབ་པའི་སྡོམ་པ་གསུམ་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་རང་གི་ལུགས་དང༌། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། རྒྱུད་སྡེ་འོག་མ་གསུམ་པོ་རང་རང་སོ་སོ་ལ་ལྟོས་པའི་སྡོམ་པ་དེ་དང་དེ་དག་ཡོངས་སུ་རྫོགས་པ་ན། རང་རང་ལ་ལྟོས་པའི་སློབ་དཔོན་དུ་དབང་བསྐུར་བ་རྫོགས་པའི་མཐའ་རྟེན་དུ། སློབ་དཔོན་ལ་དགོས་པའི་དམ་ཚིག་རྣམས་རྒྱས་པར་བསྒྲགས་ནས། བསྡུས་ཏེ་བཟུང་བ་ལན་གསུམ་བྱས་པའི་མཐར་ཐོབ་པ་ཡིན་ཏེ། དེའི་ཚེ་དེ་འདྲ་དེ་རང་རང་ལ་ལྟོས་པའི་རྩ་བའི་ལྟུང་བ་དེ་དང་དེ་སྐྱེད་པའི་རྟེན་དུ་རུང་བ་ཡིན་གྱི། སྔ་རོལ་དུ་མ་ཡིན་པའི་ཕྱིར། གཉིས་པ་ནི། གཞན་དག་ན་རེ། སྡོམ་པ་འཐོབ་པ་ནི་དབང་བསྐུར་ལ་ལྟོས་པ་མ་ཡིན་ཏེ། རང་རང་ལ་ལྟོས་པའི་སྡོམ་བཟུང་གི་ཆོ་ག་ལན་གསུམ་བྱས་པའི་མཐའ་དེ་ཉིད་དུ་སྐྱེ་བ་མ་ཡིན་ན། སྡོམ་བཟུང་གི་ཆོ་ག་ལན་གསུམ་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་གསུང་ངོ༌། །དེ་ནི་རིགས་པ་མ་ཡིན་ཏེ། སྡོམ་པ་བཟུང་ནས་དབང་མ་ཐོབ་པའི་གང་ཟག་དེ། རང་རང་གི་རྩ་ལྟུང་སྐྱེད་པའི་རྟེན་དུ་མི་རུང་བའི་ཕྱིར་དང༌། ཐ་ན་བྱ་རྒྱུད་ཀྱི་རྩ་ལྟུང་ལ་ཡང༌། འཇམ་དཔལ་རྩ་བའི་རྒྱུད་ནས་རྩ་བའི་ལྟུང་བ་ལྔ་བཤད་པ་ལས། གཉིས་ནི་དབང་བསྐུར་བ་སྤོང་བ་དང༌། བླ་མ་ལ་མཁུ་བ་ཞེས་དང་ལྔ་བཤད་ལ། དེ་དག་ནི་དབང་མ་བསྐུར་བ་ལ་མི་འབྱུང་བའི་ཕྱིར་དང༌། རྣལ་འབྱོར་རྒྱུད་དུ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཞེས་ལན་གསུམ་བརྗོད་པ་ཙམ་གྱིས་དེ་དང་དེའི་སྡོམ་པ་ཐོབ་པ་ཡིན་ན། སླར་ཡང་རྡོ་རྗེ་སློབ་དཔོན་གི་དབང་གྱི་དུས་སུ་དམ་ཚིག་གསུམ་འཛིན་དགོས་པར་བཤད་པ་དང་འགལ་བའི་ཕྱིར་དང༌། སློབ་དཔོན་གྱི་དབང་གི་གསོལ་གདབ་ཏུ། སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་ཚད་ལྡན་མང་པོས་བཤད་པ་དང་འགལ་བའི་ཕྱིར་དང༌། སྡོམ་བཟུང་གི་མཐར་སྡོམ་པ་རྫོགས་པར་ཐོབ་པ་ཡིན་ན། དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་དམ་ལ་གཞག་པ་རྣམས་དོན་མེད་པར་ཐལ་བའི་ཕྱིར་དང༌། གལ་ཏེ་དགེ་ཚུལ་གྱི་སྡོམ་པ་ཐོབ་ནས་བསླབ་པ་བརྗོད་པ་དང་འདྲའོ་སྙམ་ན། མི་འདྲ་སྟེ། དེར་ནི་བསླབ་བྱ་ཤེས་པའི་ཕྱིར་དུ་བརྗོད་དུ་བཅུག་པ་ཙམ་ཡིན་ལ། འདིར་ནི་མནའ་བསྒགས་པའི་སྒོ་ནས་འཛིན་དུ་བཅུག་པ་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན། རྣལ་འབྱོར་གོང་མ་གཉིས་ཀྱི་སྡོམ་པ་ལ་ཁྱད་པར་མེད་པར་འགྱུར་ཏེ། སྡོམ་བཟུང་གི་ཆོ་ག་ཁྱད་པར་མེད་པ་གཅིག་གིས་སྡོམ་པ་དེ་གཉིས་ཀ་ཐོབ་པར་མཚུངས་པའི་ཕྱིར། འདོད་ན་སྡོམ་པ་དེ་ལ་ལྟོས་པའི་བསྲུང་བ་དང༌། བསྟན་པ་དང༌། བཟའ་བ་དང༌། མི་འབྲལ་བའི་དམ་ཚིག་རྣམས་ཀྱང་ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་དབང་བསྐུར་མ་ཐོབ་པ་ལ་སྔགས་པའི་དོན་དང་ཐ་སྙད་གཉིས་ཀ་མེད་ཅིང༌། །དེ་མེད་པ་ལ་སྔགས་ཀྱི་སྡོམ་པ་ཡོད་པར་མི་འགྱུར་ཏེ། གཞུང་འདི་ཉིད་ལས། དབང་བསྐུར་དག་དང་མ་འབྲེལ་བ། །དེ་ལ་སྔགས་ཀྱི་སྡོམ་པ་མེད། །ཅེས་དང༌། རིག་འཛིན་སྔགས་ཀྱི་སྡོམ་པ་ཡང༌། །དབང་བསྐུར་མེད་པར་འཐོབ་མི་ནུས། །ཞེས་གསུངས་པ་ཉིད་རིགས་པའི་ཕྱིར་རོ། །དེ་ལྟར་ན་སྡོམ་པ་སྐྱེས་པའི་ཐོག་མ་ནི། སློབ་མའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་དེ་ནས་འགོ་བཟུང་བ་ཡིན་ལ། སྐྱེས་ཟིན་པའི་མཐའ་ནི་རྒྱུད་སྡེ་རང་རང་གི་དབང་གི་མཐའ་རྟེན་རྫོགས་ཟིན་པའི་དུས་དེ་ཁོ་ནའོ། །ཞེས་བྱ་བ་འདི་ཡིན་ནོ། །གཉིས་པ་དེས་བཟུང་བའི་སྡོམ་པའི་ཁྱད་པར་ནི། དེ་ལ་སྤྱིར་སྔགས་ཀྱི་སྡོམ་པ་ཞེས་བྱ་བའི་དོན་ནི། རིག་པ་འཛིན་པའི་སྡོམ་པ་ཞེས་པ་ཡིན་ལ། དེར་འཛིན་རྒྱུའི་རིག་པ་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། །འདི་ཡང་སྔར་མེད་གསར་དུ་སྐྱེད་དགོས་པ་ནི་མ་ཡིན་གྱི། གཞི་གདོད་མ་ནས་གྲུབ་ཟིན་དེ་ཉིད་གསལ་བཏབ་པའི་སྒོ་ནས་འཛིན་པ་ཡིན་ལ། དེ་འཛིན་པར་བྱེད་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ལ་ཡང་ཡོད་མོད་ཀྱི། ཐབས་དེ་ལ་སྡོམ་པར་འཇོག་པ་ནི་སྔགས་ཀྱི་ཐེག་པའི་ཁྱད་ཆོས་ཏེ། ཇི་སྐད་དུ། གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཐུན་མོང་གི་སྤང་བྱ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཕྲ་རགས་བཞི་དང༌། སྔགས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པའི་སྤང་བྱ་འཕོ་བའི་བག་ཆགས་ཕྲ་རགས་མི་འདྲ་བ་བཞིའི་གཉེན་པོར། ཆོ་ག་མི་འདྲ་བ་བཞིའི་དབྱེ་བས་གཟུང་འཛིན་གཉིས་སུ་མེད་པའི་རིག་པ་དེ་འཛིན་པར་དམ་བཅས་ནས། དེའི་ཐབས་ལ་སློབ་པར་ཁས་ལེན་པའི་སེམས་པ་ས་བོན་དང་བཅས་པ་ནི། རྒྱུད་སྡེ་བཞི་པོ་སོ་སོ་ནས་གསུངས་པའི་རིག་པ་འཛིན་པའི་སྡོམ་པ་སོ་སོའི་ཁྱད་པར་དུ་བྱ་བ་དག་ཡིན་ནོ། །འོ་ན་འདོད་ཆགས་རིས་བཞི་དང་སྤང་བྱ་རྣམ་པར་རྟོག་པའི་ཁྱད་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། དཔལ་སམྦུ་ཊ་ལས། རྒོད་དང་བལྟ་དང་ལག་བཅངས་དང༌། །གཉིས་གཉིས་མཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་པའི་རྒྱུ་མཚན་གྱིས། རྒོད་པ་དང༌། བལྟ་བ་དང༌། ལག་བཅངས་དང༌། དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་རྣམས་ལམ་དུ་བྱས་པའི་སྒོ་ནས། ཆགས་པ་དེ་དང་དེ་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པར་བྱེད་པའོ། །དེ་སྤོང་སླ་བ་ལ་རགས་པ་དང༌། དཀའ་བ་ལ་ཕྲ་བའི་ཐ་སྙད་བྱས་པ་ནི་གྲུབ་པའི་མཐའ་སྨྲ་བ་དག་གི་སྤྱིའི་སྐད་དོ། །གཉིས་པ་ནི། སྤྱིར་རྟོག་པ་ལ་གང་ཟག་ཏུ་འཛིན་པ་དང༌། ཆོས་སུ་འཛིན་པ་གཉིས་སུ་ངེས། ཕྱི་མ་ལ་བཟུང་བའི་ཆོས་ལ་རྟོག་པ་དང༌། འཛིན་པའི་ཆོས་ལ་རྟོག་པ་གཉིས་སུ་ངེས། དང་པོ་ལའང༌། དོན་དུ་སྣང་བ་དེ་ཉིད་ལ་དོན་དུ་འཛིན་པའི་རྣམ་པར་རྟོག་པ་དང༌། སྣང་བ་དེ་ལས་རྫས་གཞན་པའི་དོན་གཞན་ཡོད་པར་འཛིན་པའི་རྣམ་པར་རྟོག་པའོ། །རྟོག་པ་སོ་སོ་བ་དེ་དང་དེའི་གཉེན་པོར་སྟོང་པ་ཉིད་ཀྱི་ཡེ་ཤེས་འཛིན་པ་ནི་རིག་པ་འཛིན་པ་ཡིན་ལ། དེ་འཛིན་པའི་ཚུལ་མི་འདྲ་བ་བཞིའི་དབྱེ་བས་རྒྱུད་སྡེ་བཞིའི་སྡོམ་བཟུང་གི་ཆོ་ག་མི་འདྲ་བ་བཞི་དང༌། དེས་བཟུང་བའི་སྡོམ་པ་མི་འདྲ་བ་བཞི་རྣམ་པར་གཞག་གོ །དེ་ལྟ་ཡིན་པ་དེའི་ཕྱིར། སྡོམ་བཟུང་གི་དུས་སུ་གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་པོ་གང་རུང་གིས་སྟོང་པའི་སྟོང་པ་ཉིད་འཛིན་པར་དམ་བཅས་པའི་རྒྱུ་མཚན་གྱིས། རྩ་བའི་ལྟུང་བ་འཆད་པ་ན་ཡང༌། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་དང༌། མིང་སོགས་བྲལ་པའི་ཆོས་ལ་དེར་རྟོག་པ་རྩ་བའི་ལྟུང་བར་བཤད་པ་དང༌། རྣལ་འབྱོར་རྒྱུད་དུ་སྡོམ་པ་འཛིན་པ་ན། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཞེས་བཤད་པ་དང༌། འཇམ་དཔལ་རྩ་བའི་རྒྱུད་དང༌། རྣམ་སྣང་མངོན་བྱང་དུ། ཚུལ་ཁྲིམས་ལ་འདུས་བྱས་ཀྱི་ཚུལ་ཁྲིམས་དང༌། འདུས་མ་བྱས་ཀྱི་ཚུལ་ཁྲིམས་གཉིས་སུ་ཕྱེ་ནས། ཕྱི་མའི་བསླབ་བྱ་འཆད་པ་ན། བྱང་ཆུབ་སེམས་དཔའ་ཆོས་གཅིག་ལ་གནས་པས་གསང་སྔགས་མངོན་པར་འགྲུབ་སྟེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་གསུངས་པ་དང༌། བྱ་བའི་རྒྱུད་ཀྱི་དམ་ཚིག་སྒྲག་པའི་ཐོག་མར། ཤེས་ཕྱིན་གྱི་མདོ་སྡེ་བཀླགས་པར་གསུངས་པ་ཡང་དོན་དེ་ལ་དགོངས་པ་ཡིན་ནོ། །གཉིས་པ་རྣལ་འབྱོར་བླ་མེད་ཀྱི་སྡོམ་པ་བཟུང་བའི་ཆོ་ག་ལ་གཉིས་ཏེ། བུམ་དབང་གི་དང༌། དབང་གོང་མ་ལས་བྱུང་བའི་སྡོམ་པ་བཟུང་བའི་ཆོ་གའོ། །སྡོམ་པ་གཉིས་པོའི་ཁྱད་པར་ནི། བདེ་ཆེན་གྱི་ཡེ་ཤེས་མངོན་དུ་མ་གྱུར་པ་འཛིན་པའི་སྡོམ་པ་དང༌། མངོན་དུ་གྱུར་ཟིན་པའི་དབྱེ་བས་རབ་ཏུ་ཕྱེ་བ་ཡིན་ལ། ཆོ་ག་དེ་གཉིས་པོའི་ཁྱད་པར་ཡང་ཡེ་ཤེས་དེ་བརྒྱུད་ནས་འདྲེན་པ་དང༌། དངོས་སུ་འདྲེན་པའི་ཁྱད་པར་ཡིན་ནོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་རྒྱུད་དང་ཐུན་མོང་གི་སྡོམ་པ་དབང་གི་སྔོན་འགྲོའི་སྐབས་སུ་འཛིན་པ་དང༌། ཐུན་མོང་མ་ཡིན་པའི་བུམ་དབང་གི་སྡོམ་པ་མཐའ་རྟེན་གྱི་སྐབས་སུ་ལེན་པའོ། །དང་པོ་ནི། ཀུན་ལ་གྲགས་ཟིན་པས་གོ་བར་སླ་བ་དེ་ཉིད་ཡིན་ལ། གཉིས་པ་ནི། དབང་གི་ཆུ་བོ་ལས། ཇི་སྐད་དུ། རྡོ་རྗེ་གུར་ལས་བཤད་པ་འདི་དག་བརྗོད་པ། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་པ་ནས་བཟུང་སྟེ། བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་བཤད་དེ། དེ་དག་གི་དོན་ཡང་ཞིབ་ཏུ་བཤད་པར་བྱའོ། །དེ་ལྟར་དེ་དག་གིས་ནི་རྣལ་འབྱོར་པའི་དམ་ཚིག་དང་སྡོམ་པ་མཐའ་དག་བསྡུས་པ་ཡིན་ཏེ། དེ་དག་དེ་ལྟར་བསྒྲགས་སོ། །དེ་ནས་སློབ་མས་དེ་དག་བཟུང་བར་བྱའོ་སྙམ་པའི་བསམ་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་པ་ལན་གསུམ་བརྗོད་པས་དམ་ཚིག་མ་ལུས་པ་བཟུང་བར་འགྱུར་རོ། །ཞེས་གསུངས་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། བུམ་དབང་དང་གསང་དབང་གི་སྒོམ་བྱ་ལ་བརྟན་པ་ཐོབ་པའི་སློབ་མ་ལ་བསྐུར་བར་བྱ་བའི་དབང་གསུམ་པའི་ཆོ་ག་གང་དང་གང་ཡིན་པ་དེ་ནི། རྫོགས་རིམ་གྱི་སྡོམ་པ་དེ་ཐོབ་པར་བྱེད་པའི་ཆོ་ག་ཡིན་ལ། དེ་ལས་སྐྱེས་པའི་ཡེ་ཤེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ་ལྟ་ཞོག སྐྱེད་རིམ་པ་མན་ཆད་ཀྱིས་མ་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པ་དེ་ལ་སྡོམ་པ་ཞེས་བྱ་བའི་མིང་གིས་འདོགས་པ་ནི་རྒྱུད་གཞུང་གི་དངོས་བསྟན་ཡིན་ལ། ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་ན། བདེ་ཆེན་གྱི་ཡེ་ཤེས་མ་སྐྱེས་པ་སྐྱེད་པའི་ཕྱིར་དུའམ། སྐྱེས་ཟིན་གྱི་ཡེ་ཤེས་དེས་བྱིན་གྱིས་བརླབས་ནས། གསང་སྔགས་ཀྱི་ཀུན་སྤྱོད་མཐའ་དག་ཉམས་སུ་ལེན་པར་བྱེད་པའི་སེམས་པ་ས་བོན་དང་བཅས་པ་ནི་རྫོགས་རིམ་གྱི་སྡོམ་པའོ། །དེ་སྐད་དུ་ཡང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། ཨཱརྻ་དེ་བས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པ། །དེ་ཡིས་དེ་ཉིད་མཐོང་མི་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་ཡེ་ཤེས་དེ་བླ་མའི་དུས་ཐབས་བསྟེན་ནས་ཇི་ལྟར་སྐྱེད་པའི་རིམ་པ་འཆད་པ་ནི། རྒྱུད་ལས། སྡོམ་པ་དང་ནི་དབང་དང་ཡང༌། །དེ་བཞིན་དགོངས་པའི་སྐད་ཉིད་དང༌། །དགའ་དང་སྐད་ཅིག་དབྱེ་བ་དང༌། །ཞེས་པ་ནས། ཨེ་ཡི་ཆ་བྱད་བཟང་པོ་གང༌། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེ་བར་འགྱུར། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ཡང་དབང་གསུམ་པ་ལས་དངོས་སུ་སྐྱེས་པའི་ཡེ་ཤེས་ནི། མཚོན་བྱེད་དཔེའི་ཡེ་ཤེས་ཡིན་ལ། དེའི་རྒྱུན་གོམས་པར་བྱས་པ་ལས་མཚོན་བྱ་དོན་གྱི་ཡེ་ཤེས་སུ་འགྱུར་བ་ཡིན་པ་དེའི་ཚེ། གོམས་བྱེད་ཀྱི་རྣལ་འབྱོར་ནི་དབང་བཞི་པ་ལས་སྐྱེས་པའི་ཡེ་ཤེས་ལ་བྱ་དགོས་པ་ཡིན་ཏེ། དབང་གསུམ་པར་སྐྱེས་པའི་ཡུལ་ཅན་བདེ་བ་ཆེན་པོ་དེ། དབང་བཞི་པ་སྐུར་བྱེད་ཀྱི་ཚིག་དང་ཕྲད་པ་ན། དེས་ཡུལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་མཐོང་བ་ཡིན་ཞིང༌། དེའི་རིགས་རྒྱུན་གོམས་པར་བྱས་པས། མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་ལ། དེ་ལ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་ཀྱང་བྱའོ། །ཡེ་ཤེས་དེ་གཉིས་ཀ་ལ་ཡང༌། སྡོམ་པ་ཞེས་བྱ་བའི་ཐ་སྙད་ནི་དངོས་མིང་དུ་འཇུག་པར་རྒྱུད་འགྲེལ་ན་ཤིན་ཏུ་གསལ་ལོ། །དབང་གསུམ་པའི་དུས་སུ་ཐོག་མར་སྐྱེས་པ་དེ་དང༌། དེའི་རྒྱུན་གོམས་པར་བྱས་པའི་ཡེ་ཤེས་གཉིས་ཀ་ཡང༌། དོན་གྱི་ཡེ་ཤེས་དངོས་ཡིན་པར་ནི་བླ་མ་རྔོག་པ་རྣམས་བཞེད་པར་གྲགས་ལ། དེ་དེ་ཡིན་པའི་ཤེས་བྱེད་ཀྱང༌། །ཇི་སྐད་དུ། སློབ་མ་སྙིང་རྗེ་ཅན་མཐོང་ནས། །རྡོ་རྗེ་ཅན་གྱིས་འདི་སྐད་སྨྲ། །འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཞེས་གསུངས་པ་ལ་བརྟེན་པ་ཡིན་ནོ། །ཞེས་འཆད་ལ། དེ་མི་འཐད་པ་ལ་ལུང་རིགས་གཉིས་ལས། ལུང་ནི། རྒྱུད་ལས། གང་ཕྱིར་འབྱུང་བ་ཆེ་བདེ་བ། །དེ་ཡི་བདེ་བ་བདེ་ཆེན་མིན། །ཞེས་དང༌། ཡེ་ཤེས་གྲུབ་པ་ལས། དབང་པོ་གཉིས་འབྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེས་ངན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་དང༌། དེ་དེར་འདོད་པ་མུ་སྟེགས་ཀྱི་གསང་བའི་ལུགས་ཡིན་པར། མཻ་ཏྲི་པས་བཤད་པ་དང༌། རིགས་པ་ནི། དེའི་དུས་སུ་ཆོས་ཀྱི་བདག་མེད་མངོན་གསུམ་དུ་མ་མཐོང་བ་དང༌། དེའི་སྐད་ཅིག་གཉིས་པར་མཐོང་སྤང་ལས་མ་གྲོལ་བའི་ཕྱིར། ཞེས་པ་རྣམས་སོ། །དེ་ལྟ་ནའང༌། དེའི་དུས་སུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཤིག་སྐྱེས་པ་དེ། སངས་རྒྱས་ཀྱི་ཡེ་ཤེས་དང་འདྲ་བའི་དོན་གྱིས་ན་དེའི་ཡེ་ཤེས་ཞེས་བྱ་སྟེ། ཇི་སྐད་དུ། རྒྱུད་ཉིད་ལས། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་སོ། །དེའི་ཕྱིར་དབང་དུས་སུ་མངོན་དུ་གྱུར་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འདི་ཡང༌། སངས་རྒྱས་ཀྱི་ཡེ་ཤེས་དངོས་སུ་མི་འཆད་པ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་པ་ཡིན་པ་དེ་ལྟ་ན། གཞི་དུས་ཀྱི་ཡེ་ཤེས་དེར་འཆད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ནའང༌། མཚོན་བྱ་དོན་གྱི་ཡེ་ཤེས་ལ་སངས་རྒྱས་ཀྱི་ཡེ་ཤེས་དངོས་སུ་འཆད་པ་རྒྱུད་འགྲེལ་གྱི་བབས་ལ་སྣང་བ་དེ་ནི། གློ་བུར་རྣམ་དག་གི་ཆོས་སྐུའི་ཆ་ཤས་གཅིག་ཐོབ་པ་ལ་དགོངས་སོ། །གསུམ་པ་རྒྱུད་སྡེ་སོ་སོ་ནས་འབྱུང་བའི་རྩ་ལྟུང་གི་གྲངས་བསྟན་པ་ནི། དང་པོ་བྱ་བའི་རྒྱུད་ལ། གསང་བ་སྤྱི་རྒྱུད་ལས། དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ནས། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་སྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་སོ། །འདི་དག་ལ་རྗེ་བླ་མའི་གསུང་གིས། དང་པོ་གསུམ་སྤྱིའི་དམ་ཚིག་དང༌། ཕྱི་མ་བཅུ་གསུམ་དབང་གི་དམ་ཚིག་ཡིན་ནོ། །ཞེས་གསུངས་ལ། དུས་འཁོར་རྒྱུད་འགྲེལ་ལས། རྒྱུད་སྡེ་བཞི་ཀ་ཡང་རྩ་ལྟུང་བཅུ་བཞི་པ་ཅན་དུ་འདྲ་བར་གསུངས་པའི་དགོངས་པ་ལ་བརྟགས་ན། ཇི་སྐད་གསུངས་པ་དེ་དག་བཅུ་བཞིར་བསྡུད་དེ། འདི་ལྟར། དཀོན་མཆོག་ལ་དད་པ་དང་གཅིག སྔགས་ལ་དད་པ་དང་གཉིས། ཐེག་ཆེན་ནམ་ཕྱག་རྒྱ་ཆེན་པོ་ལ་མོས་པ་དང་གསུམ། བླ་མ་དང་མཆེད་གྲོགས་ལ་གུས་པ་དང་བཞི། ལྷ་རྣམས་ལ་མི་སྡང་བ་དང༌། དུས་མཚམས་སུ་མཆོད་པ་དང༌། གཞུང་གཞན་མི་མཆོད་པ་དང༌། གློ་བུར་བ་མཆོད་པ་དང༌། བྱམས་པ་མི་བཏང་བ་དང༌། བསོད་ནམས་ལ་འབད་པ་དང༌། གསང་སྔགས་ལ་བརྩོན་པ་དང༌། དམ་ཚིག་གཞན་བསྲུང་བ་དང༌། སྔགས་རྒྱ་མི་སྦྱིན་པ་དང༌། རྒྱུད་གསང་ཞིང་རྟོགས་པར་བྱ་བ་རྣམས་སོ། །དེ་དག་གི་ལོག་ཕྱོགས་རྩ་བའི་ལྟུང་བ་ཉིད་དུ་འགྱུར་བར་ཡང༌། རྒྱུད་དེ་ཉིད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་བ། །དེ་ནི་རང་རིགས་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང༌། །ཡང་ན་ཞི་བའི་སྦྱིན་བསྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་པས་སོ། །འཇམ་དཔལ་རྩ་བའི་རྒྱུད་ལས་ནི། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས། ངས་འདིར་ཆད་པར་ལྟ་བ་དང༌། དཀོན་མཆོག་གསུམ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་སྤོང་བ་དང༌། དབང་བསྐུར་བ་སྤོང་བ་དང༌། བླ་མ་ལ་མཁུ་བ་ཞེས་བྱ་བ། ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཞེས་གསུངས་སོ། །དེའི་ནང་ནས་དབང་བསྐུར་སྤོང་བའི་ངོས་འཛིན་ནི། དབང་བསྐུར་བའི་བླ་མ་སྤོང་བ་ལ་བཤད་དོ། །གཉིས་པ་སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་ནི་བཅུ་བཞི་སྟེ། མི་དགེ་བ་བཅུ་དང༌། རྩ་བ་བཞིའོ། །བཞི་ནི། དམ་པའི་ཆོས་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེར་སྣ་བྱེད་པ་དང༌། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་སྐད་དུ་ཡང༌། མངོན་བྱང་ལས། བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱའོ། །ཞེས་དང༌། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་གསུངས་སོ། །འོ་ན་མི་དགེ་བ་བཅུ་སྤོང་བ་ནི། ཕྱི་རོལ་པ་དང༌། ཉན་རང་སོགས་ལ་ཡང་ཡོད་པ་མ་ཡིན་ནམ། གསང་སྔགས་ཀྱི་དམ་ཚིག་ཏུ་འཇོག་པ་ཅི་ཞེ་ན། འདིའི་ལན་ནི། འདིར་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ཀྱིས། འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བཟུང་ནས། དེ་ལས་མི་འདའ་བའི་དམ་ཚིག་ཏུ་བཅུ་པོ་དེ་བཟུང་བ་ཡིན་པའི་ཕྱིར་ན། ཁྱད་པར་ཡོད་དོ། །ཞེས་འཆད་དགོས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གང་དག་འདས་དང་མ་བྱོན་དང༌། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེས་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་བཟུང་བའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །འདིའི་དོན་ནི། གསང་སྔགས་ཀྱི་ཐབས་དང་མི་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། གསང་སྔགས་ཀྱི་ཡེ་ཤེས་དང་མི་ལྡན་པའི་བསླབ་པ་ཞེས་སྦྱོར་རྒྱུ་ཡིན་པར་སྣང་ངོ༌། །དེ་ལྟར་ཤེས་པ་ན། བོད་ཕྱི་མ་གང་དག རྒྱུད་སྡེ་འོག་མ་གཉིས་ལ། འཇུག་སྡོམ་གྱི་རྩ་ལྟུང་ལས་མ་གཏོགས་པའི་རྩ་བའི་ལྟུང་བ་བཤད་པ་མེད་དོ། །ཞེས་ཟེར་བ་དེ་ཇི་ལྟར་འགོག་པའི་ཚུལ་ཡང་བདེ་བླག་ཏུ་ཤེས་པར་འགྱུར་རོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་རྣམ་པར་གཞག་པ་ལ། འཐད་པའི་ཆ་གཞག་པ་དང༌། བླ་མ་རྣམས་ཀྱི་བཞེད་པའི་རྣམ་གྲངས་སོ། །དང་པོ་ནི། རིགས་ལྔའི་སྡོམ་པ་བཟུང་བའི་སྐབས་སུ། རིགས་དང་པོ་ལ་དཀོན་མཆོག་གསུམ། གཉིས་པ་ལ་རྡོ་རྗེ་དྲིལ་བུ་སློབ་དཔོན་གསུམ། གསུམ་པ་ལ་སྦྱིན་པ་རྣམ་པ་བཞི། བཞི་པ་ལ་ཕྱི་ནང་གསང་བའི་ཆོས་རྣམ་པ་གསུམ། ཐ་མ་ལ་མཆོད་པའི་ལས་གཅིག་པུ་སྟེ། བཅུ་བཞི་པོ་དེའི་ལོག་ཕྱོགས་བཅུ་བཞི་པོ་དེ་ཉིད་རྩ་བའི་ལྟུང་བར་འཆད་པ་ཉིད། སློབ་དཔོན་ཀུན་དགའ་སྙིང་པོའི་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་སྣང་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པར། ཕས་ཕམ་པ་བཅུ་བཞི་ལས་བཟློག་པའི་མཚན་ཉིད་ཅན་ནོ། །ཞེས་དང༌། དཔལ་མཆོག་འགྲེལ་ཆེན་ལས་ཀྱང༌། བསམས་པ་ཙམ་གྱིས་འདི་དག་ཐམས་ཅད་གྲུབ་པ་ཡིན་ཏེ། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ། ཞེས་བྱ་བས། འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བླ་མ་གོང་མ་རྣམས་ཀྱི་ཞལ་ནས། རྩེ་མོ་ནས་གསུངས་པའི་སྡོམ་པ་སྒྲག་གཟུང་གི་དོན་ལ་གཉིས་ཏེ། རིགས་ལྔ་སོ་སོའི་དམ་ཚིག་དང༌། སྤྱིའི་དམ་ཚིག་གོ །དང་པོ་ནི། སངས་རྒྱས་ཆོས་དང༌། ཞེས་པ་ནས་ཅི་ནུས་བགྱི། ཞེས་པའི་བར་གྱིས་བསྟན་ནོ། །གཉིས་པ་ལ། རྩ་བའི་དམ་ཚིག་དང༌། ཡན་ལག་གི་དམ་ཚིག་གོ །དང་པོ་ནི། དེ་ལས་གཞན་པ། ཞེས་པ་ནས། སྦོམ་པོར་འགྱུར། ཞེས་པའི་བར་གྱིས་བསྟན་ནོ། །དེའི་དོན་ནི། སོ་སོའི་དམ་ཚིག་འདི་ལས་གཞན་བཅུ་བཞི་པོ་དེ་དག་ནི། ཕས་ཕམ་པར་རྒྱུད་སྡེ་རྣམས་ལས་བཤད་པའི་ཕྱིར། རྩ་བའི་ལྟུང་བ་ཞེས་བྱའོ། །བཅུ་བཞི་པོ་གང་ལ་བྱ་ན། རྗེ་བཙུན་རྩེ་མོའི་གསུང་གིས། ནམ་མཁའི་སྙིང་པོའི་མདོ་སྡེ་ལས་གསུངས་པའི་བྱང་སེམས་སྡོམ་པ་ལ་ལྟོས་པའི་ཕམ་པ་བཅུ་བཞི་ལ་འཆད། བོད་སྔ་མ་གཞན་དག་ནི། སྲོག་ཆགས་བསད་མི་བྱ་ནས། ཆང་སྤོང་བའི་བར་ལྔའི་ལོག་ཕྱོགས་དང༌། དམ་པ་བསྟེན་པ་དང༌། རྣལ་འབྱོར་པ་ལ་བསྙེན་བཀུར་བྱ་བའི་ལོག་ཕྱོགས་གཉིས་དང༌། དགེ་བ་བཅུའི་ལོག་ཕྱོགས་ལ་གཅིག་ཏུ་བགྲངས་པ་དང༌། ཐེག་པ་དམན་པ་ལ་འདོད་མི་བྱ་ལ་སོགས་ལས་ཟློག་པ་བཞི། ལྷ་སོགས་ལ་བརྙས་པ་དང༌། མཚན་མ་འགོམ་པ་སྟེ་བཅུ་བཞིའོ། །ཞེས་གསུང་ངོ༌། །ཡང་ཁ་ཅིག་ན་རེ། དེ་ལས་གཞན་པ་བཅུ་བཞི་ཞེས་པ་ནི། སྒྲུབ་ཕྱོགས་ཀྱི་དམ་ཚིག་བཅུ་བཞི་ལས་གཞན་པ། དགག་ཕྱོགས་ཀྱི་དམ་ཚིག་བཅུ་བཞིའོ། །དེའི་ངོས་འཛིན་ནི། རྩེ་མོ་ལས། དེ་ལ་དམ་ཚིག་གང་ཞེ་ན། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །གཙོ་བོ་དེ་དག་ལྷུར་བླང་བྱ། །ཞེས་པ་ནས། བྱ་བ་མ་ཡིན་རྟག་ཏུ་སྤང༌། །ཁྱོད་ཀྱི་དམ་ཚིག་སྡོམ་པ་ཡིན། །ཞེས་པའི་བར་གྱིས་སྟོན། ཞེས་འཆད་ལ། ལུང་ཚད་མ་ནི་གོང་དུ་དྲངས་ཟིན་པ་ལས་བརྟགས་ན། གྲངས་འགྲིག་པར་སྣང་ཡང༌། ཅུང་ཟད་བཟློས་པའི་ཚུལ་ནི་བརྟགས་པས་ཤེས་པར་སླའོ། །གངས་ཅན་པ་ཕྱི་མ་དག་ན་རེ། དེ་ལས་གཞན་པ་བཅུ་བཞི་ཞེས་པ། རིགས་ལྔ་སོ་སོའི་དམ་ཚིག་ལས་བཟློག་པའི་མཚན་ཉིད་ཅན་ལ་འདོད་པ་མི་འཐད་དེ། དེ་ཉིད་སྣང་ཆེན་གྱི་ལུང་དེས་ནི། རིགས་ལྔའི་དམ་ཚིག་དེ་ཕས་ཕམ་བཅུ་བཞི་ལས་བཟློག་པར་བསྟན་པ་ཡིན་ལ། དེ་ཙམ་གྱིས་ནི། དེའི་ལོག་ཕྱོགས་ཕམ་པར་སྟོན་མི་ནུས་པའི་ཕྱིར། ནུས་སུ་ཆུག་ནའང༌། སེམས་བསྐྱེད་ཀྱི་ལོག་ཕྱོགས་ཕམ་པར་སྟོན་དགོས་པ་ལས། དེ་ཡང་ཁྱོད་ཀྱིས་མ་བགྲངས་པའི་ཕྱིར། དཔལ་མཆོག་འགྲེལ་ཆེན་དུ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་སྤང་མི་བྱ། །ཞེས་གསུངས་ལ། ལུང་དེས་ནི། ཁྱེད་ཕྱག་རྒྱ་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་མི་བགྲང་བ་ལ་གནོད་པའི་ཕྱིར། དེས་ན་བཅུ་བཞི་པོ་འདི་ནི། བླ་མེད་ནས་གསུངས་པའི་བཅུ་བཞི་ལ་བྱ་དགོས་ཏེ། རྒྱུད་སྡེ་གོང་མ་གཉིས་སྡོམ་བཟུང་གི་ཆོ་ག་འདྲ་བས། རྩ་ལྟུང་མཐུན་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་རྩ་ལྟུང་བཅུ་བཞི་ནི་བཤད་ལ། བླ་མེད་ཀྱི་བཅུ་བཞི་མ་ཡིན་པ་གཞན་ཡོད་ན། རྒྱ་གཞུང་ཁུངས་མ་རྣམས་སུ་བགྲང་བར་རིགས་པ་ལས། སུས་ཀྱང་མ་བགྲངས་པ་དང༌། རྡོར་དབྱིངས་དོན་བསྡུས་ཀྱི་འགྲེལ་པ་དང༌། ཛཱ་ལན་དྷ་རའི་སློབ་དཔོན་ཀཱ་མ་དྷེ་ནུ་པས་མཛད་པའི་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པར། བུད་མེད་ལ་བརྙས་པ་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་པར་བཤད་པའི་ཕྱིར། ཞེས་འཆད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། དེ་ལྟ་ན། རྣལ་འབྱོར་གྱི་རྒྱུད་དུ་བླ་མེད་ཀྱི་རྒྱུད་ནས་བཤད་པའི་རྩ་ལྟུང་བཅུ་བཞིའི་གྲངས་ཙམ་ཞིག་འབྱུང་བར་རིགས་པ་ལས། དེའི་བཤད་པ་མེད་ཅིང༌། དེ་ལྟར་དུ་ཁྱེད་རང་གིས་ཀྱང་འདོད་པ་དང༌། རྒྱུད་སྡེ་གོང་མ་གཉིས་ལ་རྩ་ལྟུང་གཞི་མཐུན་པ་ཡོད་པ་ཙམ་གྱིས། ཐམས་ཅད་དེར་མི་འགྲུབ་པ་དང༌། བཅུ་བཞིའི་གྲངས་འདྲེན་ཚུལ་མ་བཤད་ཅིང༌། བཅུ་བཞི་ཞེས་པའི་མིང་གཅིག་བྱུང་བ་ཙམ་གྱིས་དེ་དེར་འགྲུབ་ན། སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་པོ་དེ། འདིའི་བཅུ་བཞིའི་ངོས་འཛིན་དུ་ཧ་ཅང་ཐལ་བ་དང༌། ཡང་ཁྱེད་རང་ལྟར་ན། ཕམ་པ་བཅུ་བཞི་ལས་བཟློག་པ་རིགས་ལྔའི་དམ་ཚིག་ཏུ་འདོད་ན། ཕམ་པ་བཅུ་བཞི་པོ་གང་ལ་བྱེད། བླ་མེད་ཀྱི་རྩ་ལྟུང་བཅུ་བཞིའོ། །ཞེས་ཟེར་བ་ལས་འོས་མེད་པས། དེ་ལྟ་ན། རིགས་ལྔའི་སྡོམ་བཟུང་གི་ཚིག་འདི་དག་གིས། བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་བསྲུང་བའི་དམ་ཚིག་བཟུང་བ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་ཞིང༌། དེ་ཡང་དེ་ལྟ་ན། རིགས་ལྔའི་དམ་ཚིག་ཏུ་རྩ་ལྟུང་བཅུ་བཞི་བཟུང་ཟིན་ན། སླར་ཡང༌། དེ་ལས་གཞན་པ་བཅུ་བཞི་ནི། །ཞེས་བཟུང་མ་དགོས་པ་དང༌། རིགས་ལྔའི་དམ་ཚིག་གིས་ཟིན་པ་དེ་རྣམས་རྩ་ལྟུང་བཅུ་བཞིའི་འགལ་བ་མི་མཐུན་ཕྱོགས་སུ་མི་འདུག་པ་དང༌། སྡོམ་པ་སྒྲག་བཟུང་གང་གི་སྐབས་སུ་ཡང་མ་བཤད་པས། ལུང་མེད་པ་དང༌། ཁྱེད་རང་གིས་ཀྱང་དེ་དེར་མ་བཟུང་ཀྱང༌། བསྲུང་དགོས་པའི་ཤེས་བྱེད་ཀྱི་དཔེར་སོ་ཐར་གྱི་སྡོམ་པ་བཀོད་པས། ཁས་ལེན་འགལ་བ་དང༌། སེམས་བསྐྱེད་ཀྱི་ཟློག་ཕྱོགས་ཕམ་པར་མ་བཤད་པ། ཁྱེད་རང་གི་ཕྱོགས་ལ་ཁས་བླངས་དངོས་སུ་འགལ་བ་དང༌། སྔ་རབས་པའི་ཕྱོགས་ལ་སེམས་བསྐྱེད་བཏང་བ། བྱང་སེམས་སྡོམ་པའི་རྩ་ལྟུང་དུ་བཤད་ཟིན་པས་འདིར་མི་དགོས་པའི་ཕྱིར། སྒྲུབ་བྱེད་མེད་དོ། །གཉིས་པ་གནོད་བྱེད་ནི། རིགས་པ་དང་འགལ་བ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། རྣལ་འབྱོར་རྒྱུད་ཀྱི་སྡོམ་པ་དང་ལྡན་པ་དེ་ལ། བླ་མེད་ཀྱི་སྡོམ་པ་དང་ལྡན་པས་ཁྱབ་པར་འགྱུར་ཞིང༌། གཅིག་ཤོས་ལ་ཡང་དེ་དང་ལྡན་པས་ཁྱབ་པར་འགྱུར་ཏེ། གཉིས་པོའི་སྡོམ་པ་སྒྲག་བཟུང་གི་ཆོ་ག་ལ་ནི། ཁྱད་པར་ཅུང་ཟད་ཀྱང་མེད་ཅིང༌། སྡོམ་བཟུང་གི་ཆོ་ག་ལས་གཞན་པའི་སྔགས་སྡོམ་འཐོབ་བྱེད་ཀྱི་རྒྱུ་ནི་གཉིས་ཀ་ལ་མི་དམིགས་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། གཉིས་པ་ནི། རྣལ་འབྱོར་རྒྱུད་ཀྱི་སྡོམ་ལྡན་དེས། བླ་མེད་ཀྱི་སྡོམ་པ་བསྲུང་དགོས་པ་མ་ཡིན་པར་ཐལ། དེར་རིགས་ལྔའི་དམ་ཚིག་ཙམ་བཟུང་བ་ཡིན་གྱི། བླ་མེད་ཀྱི་དབང་དུ་བྱས་པའི་སྡོམ་པ་མ་བཟུང་བའི་ཕྱིར། ཁྱབ་པ་ཁས་ཀྱང་བླངས་པའི་དཔེ་ནི། བྱ་སྤྱོད་དུ་སེམས་བསྐྱེད་ཀྱི་སྡོམ་པ་ལས་གཞན་ཁས་མ་བླངས་པའི་རྒྱུ་མཚན་གྱིས། སྔགས་ཀྱི་སྡོམ་པ་བསྲུང་རྒྱུ་མེད་པ་བཞིན་ནོ། །བཞི་པ་བླ་མེད་ལ་ལྟོས་པའི་རྩ་ལྟུང་ནི། བླ་མེད་ཀྱི་སྡོམ་པ་ལ་གོང་འོག་གཉིས་ཡོད་ཀྱང༌། རྩ་བའི་ལྟུང་བ་ནི་བཅུ་བཞི་པོ་ཁོ་ནར་ངེས་ཏེ། སྡོམ་པ་ལ་དབང་གི་དབྱེ་བས་གཉིས་བཤད་ཀྱང༌། རྩ་བའི་ལྟུང་བ་ལ་མི་འདྲ་བའི་དབྱེ་བ་མ་བཤད་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོར་རྫོགས་རིམ་གྱི་སྡོམ་པ་ཐོབ་ནས་རྩ་ལྟུང་བཅུ་བཞི་པོ་གང་རུང་འབྱུང་ན། ཆད་ལས་ཀྱིས་འདག་པའི་ཐབས་མེད་པར་གསུངས་པའི་རྒྱུ་མཚན་གྱིས། སྔ་མ་ལས་ལོགས་པ་མི་འཆད་པའི་རིགས་པ་གྲུབ་པ་ལས་སོ། །བླ་མེད་ཀྱི་བཅུ་བཞིའི་གྲངས་དང༌། དངོས་འཛིན་སོགས་ནི་ཀུན་ལ་གྲགས་པས། རེ་ཤིག་རྟོགས་པར་སླ་བའི་དབང་དུ་བྱས་སོ། །དེ་ལྟ་ནའང༌། དབང་གོང་མ་ལས་ཐོབ་པའི་སྡོམ་པ་དེས། མི་མཐུན་ཕྱོགས་གང་ཞིག་སྡོམ་པ་དང༌། མཐུན་པའི་ཕྱོགས་གང་ཞིག་སྒྲུབ་པ་ནི། ཇི་སྐད་དུ། རྡོ་རྗེ་སྙིང་པོས་གསོལ་པ། སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་སྲོག་ཆགས་བསད་པ་དང༌། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང༌། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང༌། །ཕ་རོལ་བུད་མེད་བསྟེན་པར་གྱིས། །སེམས་གཅིག་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སེམས་ནི་སྲོག་ཏུ་བརྗོད། །འཇིག་རྟེན་སྒྲལ་བ་ཞེས་བྱ་བ། །རྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས། །བཙུན་མོའི་ཁུ་བ་མ་བྱིན་པར། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་གསུངས་སོ། །གཉིས་པ། དངོས་ལན་བསྡུས་ཏེ་བཏབ་པ་ནི། རྒྱུད་སྡེ་བཞི་ལ་རང་རང་གི །ཆོ་གས་ཐོབ་པའི་དམ་ཚིག་དང༌། །སྡོམ་པ་མི་འདྲའི་དབྱེ་བ་དང༌། །རྩ་བའི་ལྟུང་བའང་སོ་སོར་བཤད། །འོག་མ་འོག་མའི་སྡོམ་པ་དང༌། །དམ་ཚིག་དང་ནི་ལྟུང་བ་རྣམས། །གོང་མ་གོང་མའི་སྡོམ་པ་དང༌། །ལྟུང་བའི་ནང་ཚན་དག་ཏུ་འདུས། །རྒྱུད་སྡེ་འོག་མའི་སྡོམ་ལྡན་ཡང༌། །ཚེ་འདི་ཉིད་ལ་གྲོལ་བཞེད་ན། །རྣལ་འབྱོར་བླ་ན་མེད་པ་ཡི། །དབང་བཞི་བླངས་ནས་དེ་སྒོམ་བྱ། །རྫོགས་རིམ་སྡོམ་པ་ཞེས་བྱ་བ། །དཔེ་དང་དོན་གྱི་ཡེ་ཤེས་གཉིས། །དཔེ་ཡི་ཡེ་ཤེས་དབང་ཆོག་ལས། །དངོས་སུ་སྐྱེ་བ་གཞུང་ན་གསལ། །ཡེ་ཤེས་དེ་ཉིད་ནམ་མཁའ་ལྟར། །སྟོང་པ་ཉིད་དུ་ཤེས་བྱས་ནས། །དེ་གོམས་པ་ལས་དོན་གྱི་ནི། །ཡེ་ཤེས་ཕྱག་རྒྱ་ཆོན་པོ་མཐོང༌། །ཡེ་ཤེས་དེ་གཉིས་མ་ཐོབ་ན། །ཐོབ་བྱའི་ཕྱིར་དང་བརྟན་ཕྱིར་དུ། །དཀྱིལ་འཁོར་འཁོར་ལོའི་ཐབས་བསྟན་པ། །གོང་མའི་དབང་གི་སྡོམ་པ་ཞེས། །བཏགས་ན་ཐ་སྙད་བདེ་བར་འགྱུར། །གུར་ལས་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་གསུངས་པ་དང་འགྲིག་ཕྱིར་རོ། །ཞེས་སྦྱར་བ་ཡིན་ནོ། །བཤད་བྱ་མིན་པའི་དོན་འགའ་ཞིག །བཤད་པ་ཧ་ཅང་ཐལ་ཆེས་མོད། །བཤད་ཉན་བྱེད་ལ་ཕན་ཕྱིར་དང༌། །བཤད་ཟིན་ཉམས་སུ་བླང་ཕྱིར་ཡིན། །བསྟན་བཅོས་ཡིད་བཞིན་མཚོ་ཆེན་འདི། །བསྟན་བྱའི་གཙོ་བོ་གཏིང་ཟབ་པས། །བསྟན་པའི་རྒྱ་མཚོར་མཚོན་ནོས་ཀྱི། །བསྟན་ཚིག་ལྦུ་ཕྲེང་མཚར་བས་མིན།།  །།དྲི་བ་ཉི་ཤུ་པ་ནི། ཕྱག་རྒྱ་བཞི་པ་ཞེས་བྱ་བའི། །བསྟན་བཅོས་བོད་ན་བཞུགས་པ་འདི། །ཀླུ་སྒྲུབ་ཀྱིས་ནི་མ་མཛད་པར། །ལོ་ཆེན་མགོས་ཀྱིས་བཤད་དེ་ཅི། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཕྱག་རྒྱ་ཆེན་པོ་སྔགས་བླ་མེད་ཀྱི་ཁྱད་ཆོས་ཡིན་པའི་ཤེས་བྱེད་དུ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང༌། །ཕྱག་རྒྱ་བཞི་པར་འདི་སྐད་གསུངས། །ཞེས་གསུངས་པ་དང༌། ལོ་ཙྪ་བ་ཆེན་པོ་མགོས་དང༌། ཕོ་བྲང་ཞི་བ་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་ལ་རྗེས་སུ་ཡི་རང་བར་མཛད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བསྟན་བཅོས་ཕྱག་རྒྱ་བཞི་པ་དེ་ཀླུ་སྒྲུབ་ཀྱིས་མ་མཛད་དོ་ཞེས། ཨ་བྷྱ་ཀ་རས་མན་ངག་སྙེ་མར་བཤད་པ་དང༌། ཕོ་བྲང་ཞི་བ་འོད་ཀྱི་སྔགས་ལོག་སུན་འབྱིན་ན། ནཱ་གཱརྫུ་ནས་མཛད་པར་གྲགས་པའི་ཕྱག་རྒྱ་བཞི་པ་དང༌། ལྔ་པ་དང༌། དེའི་མན་ངག་དང༌། རྣལ་འབྱོར་མའི་བྱིན་རླབས་དང༌། ཕག་མོའི་བྱིན་རླབས་ལ་སོགས་པའི་སྒྲུབ་ཐབས་འགའ་ཞིག་དང༌། ཐེག་ཆེན་ཉི་ཤུ་པ་དང༌། སུམ་ཅུ་པ་དང༌། སྒྱུ་མ་ངེས་བསྟན་དང༌། རྨི་ལམ་ངེས་བསྟན་ལ་སོགས་པ་རྣམས་ནི། ལྟ་བ་གཞན་དང་མཐུན་པ་ཙུག་ཟེར། སྤྱོད་པ་དང་མན་ངག་གི་རྫོགས་རིམ་མུ་སྟེགས་དང་མཐུན་པས་ཅི་ཡང་མ་བཏུབ། ཅེས་གསུངས་པ་བྲིས་སྣང་བ་དང༌། མགོས་ཀྱི་འབྱམ་ཡིག་ཆེ་བའི་ནང་ན། དེ་བཞིན་དུ་སྣང་བ་འདི་དག་དང་འགལ་བ་མ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བར་འགྱུར་རོ། །དངོས་ལན་གདབ་པ་ནི། སྤྱིར་ནི་དོགས་པའི་གནས་དེ་དག་ལ་བསམ་པ་ཡིན་ནམ། ཤེས་བྱེད་ཀྱི་ལུང་རིགས་གཞན་ཡོད་པ་ཡིན་ཀྱང་རུང་སྟེ། བསྟན་འགྱུར་གྱི་དཀར་ཆག་མཛད་པའི་སློབ་དཔོན་འགའ་ཞིག་གིས་ཀྱང་དོར་བར་སྣང་བས། མཐའ་གཅིག་ཏུ་བཤད་དཀའ་བ་ཡིན་མོད། བསྟན་བཅོས་འདིའི་ལུགས་གཞིར་གཞག་པ་ལ། དེས་དེ་མཛད་པར་ཁས་ལེན་དགོས་པ་དེའི་ཚེ། ཨ་བྷྱའི་ལུགས་ནི་བསྟན་བཅོས་མཛད་པ་འདིས་ཕྱོགས་སྔ་མར་བཞག་པ་ཤིན་ཏུ་མང་བས། ཚད་མར་མི་རུང་ལ། སྔགས་ལོག་སུན་འབྱིན་མཛད་པ་པོ་དེ་དག་ཀྱང༌། རྣམ་གྲངས་བཀོད་པ་ཙམ་ཡིན་གྱི། དེ་ནས་གང་བཤད་ལུང་དུ་བྱ་བར་མ་ངེས་ཏེ། དེ་དག་ན་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དང༌། ཡེ་ཤེས་ཐིག་ལེའི་རྒྱུད་དང༌། ཆར་བ་རྣམ་གསུམ་ཀྱང༌། ཨ་ཙ་ར་དམར་པོས་བྱས་པར་བཤད་པའི་ཕྱིར་དང༌། སྒྲོན་གསལ་གྱི་འགྲེལ་ཆེན་བྷ་བྱ་ཀིརྟིས་མཛད་པ་དང༌། རིམ་ལྔའི་འགྲེལ་པ་ཀླུ་བྱང་གིས་མཛད་པ། རིན་པོ་ཆེའི་ཕྲེང་བ་ཞེས་པ་ཡང་མ་དག་པར་བཤད་པ་དང༌། བོད་ཀྱི་ཚད་ལྡན་མང་པོས་ནི་དེ་རྣམས་དག་པར་འཆད་ཅིང༌། ཐེག་ཆེན་ཉི་ཤུ་པ་དང༌། སྒྱུ་མ་ངེས་བསྟན་ལ་སོགས་པ་དེ་དག་ནི། རྩོད་པ་དང་བྲལ་བའི་ཆེན་པོ་དག་གིས་ཀྱང༌། ཚད་མར་མཛད་པ་ཤིན་ཏུ་མང་བའི་ཕྱིར། ཡང་དེ་དེས་མཛད་པ་མིན་ཀྱང་བླ་སྟེ། དེ་དེས་མཛད་པར་ཕྱོགས་སྔ་མ་དག་གིས་ཁས་བླངས་པ་དང༌། དེ་ནས་བསྟན་པའི་དོན་དེ་ལུང་རིགས་རྣམ་དག་གིས་གྲུབ་པའི་ཕྱིར་ན། འདིར་སྒྲུབ་བྱེད་ལྟར་སྣང་དུ་འགྱུར་བའི་ཉེས་པ་མེད་དོ། །དེ་ཡང༌། སྐབས་འདིར་ཕྱག་རྒྱ་ཆེན་པོ་ལ་འཁྲུལ་པ་འགོག་པའི་ལུང་རིགས་མང་དུ་གསུངས་པ་འདི་དག་གི་གོ་དོན་ནི། བོད་དུ་ཕྱག་རྒྱ་བར་གྲགས་པ་རྣམས་ཀྱིས། དབུ་མའི་ལྟ་བ་ལ་ཕྱག་རྒྱ་ཆེན་པོར་མཛད་པ་ཡིན་ལ། དེ་ལ་ཡང༌། འགའ་ཞིག་གིས་ནི། སྣང་བ་སེམས་སུ་རྟོགས་པ་ལ་ཕྱག་རྒྱ་ཆེན་པོར་མཛད། འགའ་ཞིག་གིས་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་རིག་རང་གསལ་བར་རྟོགས་པ་ལ་ཕྱག་རྒྱ་ཆེན་པོའི་ལྟ་བར་མཛད། ཡང་འགའ་ཞིག་གིས་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་རྟོགས་པ་ལ་ཕྱག་རྒྱ་ཆེན་པོའི་ལྟ་བར་མཛད། དེ་ཡང་ཕར་ཕྱིན་གྱི་ཐེག་པ་ན། ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད་པ་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་ནས་ཕྱག་རྒྱ་ཆེན་པོའི་ཐ་སྙད་འབྱུང་བར་མཻ་ཏྲི་པས་བཤད་པ་དང༌། རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་པ་དང༌། ངེས་པ་དང་མ་ངེས་པའི་ཕྱག་རྒྱ་ལ་འཇུག་པ་ཞེས་བྱ་བའི་ཐ་སྙད་གསུངས་པས་སོ། །ཞེས་གསུང་བ་ཡིན་ཏེ། རྒྱས་པར་དེ་དག་གི་གསུང་རབས་རྣམས་ལ་བལྟས་བས་ཤེས་པ་དང༌། ཁྱད་པར་དགོངས་གཅིག་གི་ནང་ན། ཕྱག་རྒྱ་ཆེན་པོ་བྱ་བ་དེ། །རང་གི་རིག་པ་འདི་ཉིད་ཡིན། །དེ་ལ་མ་ཡེངས་སྐྱོང་བ་དེ། །གཉུག་མ་ཆོས་སྐུ་སྒོམ་པ་ཡིན། །ཕྱག་རྒྱ་ཆེན་པོའི་བོགས་འདོན་དེ། །བླ་མ་དམ་པའི་མོས་གུས་ཡིན། །ཞེས་དང༌། ཡང༌། ཕྱག་རྒྱ་ཆེན་པོ་དང༌། སོ་སོར་ཐར་པའི་ཚུལ་ཁྲིམས་དོན་གཅིག་ཅེས་པ་དང༌། ཡང༌། སྣང་བ་ཐམས་ཅད་སེམས་སུ་རྟོགས་ན་ཕྱག་རྒྱ་ཆེན་པོ་ཡིན་ཞེས་པ་དང༌། ཡང༌། ངའི་ཕྱག་རྒྱ་ཆེན་པོ་དང་རྒྱུད་བླ་མའི་ལྟ་བ་དོན་གཅིག ཅེས་པ་དང༌། ཡང༌། ཕྱག་རྒྱ་ཆེན་པོའི་ལྟ་བ་འདི་ལ། ཆེན་པོ་གསུམ་གྱིས་མ་རེག་པ་བྱ་བ་ཡིན་ཏེ། དེ་ཡང་མཚན་ཉིད་ཐེག་པའི་ཡང་རྩེར་འགྱུར་པ། དབུ་མ་ཆེན་པོས་མ་རེག གསང་སྔགས་ལ་གསར་སྙིང་གཉིས་ལས། སྙིང་མའི་མཐར་ཐུག་ནི། ཨ་ཏི་ཡོ་ག་ཞེས་བྱ་བ་རྫོགས་པ་ཆེན་པོ་ཡིན་ལ། དེས་ཀྱང་འདི་ལ་མ་རེག གསར་མའི་མཐར་ཐུག་ནི། མཚན་མེད་ཀྱི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཡིན་ལ། དེས་ཀྱང་འདི་ལ་མ་རེག་སྟེ། ཆེན་པོ་གསུམ་ནི། བློས་གཞལ། ཚིག་གིས་བརྗོད་པ་ཡིན་ལ། ངེད་ཀྱི་སེམས་ཉིད་རྟོགས་པ་འདི་ནི་བློའི་ཡུལ་ལས་འདས་པའི་ཕྱིར། ཞེས་གསུང་ངོ༌། །དོན་དེ་དག་མི་འཐད་པའི་དབང་དུ་མཛད་ནས། དེང་སང་གི་ཕྱག་རྒྱ་ཆེན་པོ་དང༌། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས་དོན་གཅིག་ཏུ་མཛད་ནས་འགོག་པར་མཛད་པའི་གཞུང་རྣམས་གསུངས་པ་ཡིན་ནོ། །འདི་ལ་དཀར་པོ་གཅིག་ཐུབ་ཅེས་བྱ་བའི་མིང་གིས་འདོགས་པ་ཡང༌། རྗེ་དགས་པོ་ལྷ་རྗེ་བཞེད་པ་ཡིན་པར་སྣང་སྟེ། དགོངས་གཅིག་ཏུ། རྗེ་སྒམ་པོ་པས། སྨན་ལ་དཔེར་མཛད་ནས། ངའི་སེམས་ཉིད་རྟོགས་པ་འདི་སྨན་དཀར་པོ་གཅིག་ཐུབ་དང་འདྲ། དེ་ལ་མཁས་པ་ཆེན་པོ་གཅིག་གིས་རྒོལ་བ་ན། ཁྱོད་ཀྱི་དཀར་པོ་གཅིག་ཐུབ་དེ་ལ་བསྔོ་བ་དང་སེམས་བསྐྱེད་དགོས་སམ་མི་དགོས་ཟེར་བ་ལ། གཅིག་ཐུབ་ཀྱི་ངོས་ནས་མི་དགོས་བྱས་ཀྱང་ཆོག འཁོར་བ་ལས་ཐར་པ་རྐྱང་པའི་ངོས་ནས་གཅིག་ཐུབ་ཡིན་ཟེར་བ་བྱས་ཀྱང་ཆོག ཅེས་གསུང་ངོ༌། །འོན་ཀྱང་བཀའ་རྒྱུད་འདི་པ། རྒྱ་ནག་མཁན་པོ་དང་ལྟ་བ་ལ་བཟང་ངན་མི་སྣང་ཡང༌། སྤྱོད་པ་ལ་ཁྱད་པར་ཡོད་པའི་ཚུལ་ནི། ལུགས་འདི་པས་ནི། ལས་རྒྱུ་འབྲས་དང་ཚུལ་ཁྲིམས་གསུམ་གྱི་བསླབ་བྱ་ལ་ཤིན་ཏུ་ནན་ཏན་དུ་མཛད་པར། དེ་དག་གི་གསུང་རབ་ལ་བལྟས་པས་ཤིན་དུ་གསལ་བའི་ཕྱིར་ན། སྐུར་པ་གདབ་པར་མི་བྱ་སྟེ། གཞུང་འདིར་ཡང༌། ལ་ལ་གཅིག་ཐུབ་སྒོམ་པ་ཡི། །རྗེས་ལ་བསྔོ་བ་བྱ་དགོས་ཟེར། །ཞེས་སོགས་རྣམས་ཀྱང༌། རྗེ་དགས་པོའི་རྒྱུད་འཛིན་རྣམས་ལ་གསུང་བ་ཡིན་པས་སོ། །དེས་ན་འདིར་དགག་བྱའི་གཙོ་བོ་ནི། ཕྱག་རྒྱ་ཆེན་པོ་ངོས་མ་ཟིན་པ་དང༌། དེ་ལ་དཀར་པོ་གཅིག་ཐུབ་ཀྱི་མིང་འདོག་པ་གཉིས་འགོག་པར་མཛད་པ་ཡིན་གྱི། རྒྱ་ནག་མཁན་པོའི་ཆོས་ལུགས་གང་ཡིན་དེང་སང་གི་ཕྱག་རྒྱ་བས་བྱེད་པར་སྟོན་པ་ནི་མ་ཡིན་ནོ། །སྤྱིར་ཕྱག་རྒྱ་ཆེན་པོ་ཞེས་པའི་མིང་ཙམ་ནི། བྱ་སྤྱོད་ཀྱི་རྒྱུད་ནའང༌། ཇི་སྐད་དུ། ཕྱག་རྒྱ་ཆེ་ལ་གུས་པ་དང༌། །ཞེས་སོགས་མང་པོ་སྣང་ལ་རྣལ་འབྱོར་གྱི་རྒྱུད་ནས་ཀྱང་ཕྱག་རྒྱ་བཞི་ཀ་བཤད་ཅིང༌། བླ་མེད་ཀྱི་རྒྱུད་ནའང༌། ལས་ཀྱི་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་གསུམ་གྱི་ཟླས་ཕྱེ་བ་དང༌། ལས་དང༌། ཡེ་ཤེས་དང༌། ཆོས་ཀྱི་ཕྱག་རྒྱ་གསུམ་གྱི་ཟླས་ཕྱེ་བའི་བཞི་པ་དང༌། དེ་དག་གང་གི་ཡང་ཟླས་མ་ཕྱེ་བར། ཟུང་འཇུག་གི་སྐུ་ལ་ཕྱག་རྒྱ་ཆེན་པོར་བཤད་པ་དང༌། དབང་བཞི་པའི་ཡེ་ཤེས་ལ་ཕྱག་རྒྱ་ཆེན་པོར་བཤད་པ་སོགས་དུ་མ་ཡོད་ཀྱང༌། ཕྱོགས་སྔ་མའི་འདོད་པ་ལྟར། ཕར་ཕྱིན་ཐེག་པ་ནས་འབྱུང་བའི་དབུ་སེམས་ཀྱི་ལྟ་བ་གང་རུང་ལ་ཕྱག་རྒྱ་ཆེན་པོར་འདོད་པ་འདི་ནི་རིགས་པ་མ་ཡིན་ཏེ། དེ་འདྲ་སྤྱིར་གསུང་རབ་ནས་བཤད་པ་མེད་པའི་ཕྱིར་དང༌། ཁྱད་པར་དུ། ཁྱེད་ནཱ་རོ་དང༌། མཻ་ཏྲིའི་རྗེས་འབྲང་དུ་ཁས་འཆེ་བ་ཡིན་ལ། ཁོང་གཉིས་དེ་ལྟར་དུ་མི་བཞེད་པའི་ཕྱིར། ཞེས་བྱ་བའི་དོན་ནོ།།  །།དྲི་བ་ཉེར་གཅིག་པ་ནི། ལུས་རྒྱ་གཤིག་པའི་ཤི་མ་ཐག །ཡོན་ཏན་འབྱུང་བ་འགོག་མཛད་ན། །འཆི་བ་འོད་གསལ་ཆོས་སྐུ་ལས། །བར་དོར་ལོངས་སྐུ་འབྱུང་དེ་ཅི། །ཞེས་པའོ། །འདི་ལ་འདྲི་བའི་རྒྱུ་མཚན་ནི། ལ་ལ་ཞིག་ནས་ཅུང་ཟད་དང༌། །སྣང་སྟོང་རྟོགས་པ་ཕྲ་མོ་ལ། །མཐོང་ལམ་ཡིན་ཞེས་ངོ་སྤྲོད་བྱེད། །ཁྱུང་གི་སྒོང་རྒྱ་ཇི་བཞིན་དུ། །ལུས་ཀྱི་རྒྱ་ཡིས་བཅིངས་པས་ན། །ལུས་རྒྱ་ཞིག་པའི་ཤི་མ་ཐག །ཡོན་ཏན་ཕྱི་ནས་འབྱུང་ཞེས་ཟེར། །ཞེས་པ་དེ་འགོག་པ་ན། ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནང་པར་འབྱུང་བ་མཚར། །ཞེས་ཐེག་ཆེན་མཐོང་ལམ་ཚེ་འདིར་ཐོབ་པ་ལ། ལུས་བརྒྱར་སྤྲུལ་ནུས་པ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་ཤི་བའི་འོག་རོལ་ཏུ་འབྱུང་ངོ༌། །ཞེས་ཟེར་བ་ལ། ཉི་མ་དང་དེའི་འོད་ཟེར་གྱི་དཔེ་ལ་བརྟེན་ནས་དགག་པ་མཛད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་ན་སྐྱོན་འབྱུང་བའི་ཚུལ་ནི། འོ་ན་ཚེ་འདིར་འོད་གསལ་གྱི་མིང་ཅན། སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཀྱང༌། དེའི་རྟེན་དུ་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་མ་བྱས་པ་གཅིག་མི་སྲིད་པར་ཐལ་བ་དང༌། ཚེ་འདིར་སངས་རྒྱས་ཀྱི་ཆོས་སྐུ་མངོན་དུ་བྱས་ནས། ཕྱི་མར་ལོངས་སྐུ་མངོན་དུ་བྱེད་པ་གཅིག་མི་སྲིད་པར་འགྱུར་ཏེ་སྟོང་ཉིད་མངོན་སུམ་དུ་རྟོགས་ནས། དེའི་ཡོན་ཏན་མངོན་དུ་བྱེད་པ་ལ་ལུས་ཀྱི་རྒྱས་བཅིངས་མ་བཅིངས་ལ་ཁྱད་པར་མེད་པའི་ཕྱིར། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ནི། གསང་བ་འདུས་པ་ལས། ལམ་རིམ་པ་ལྔ་ཉམས་སུ་བླངས་པ་ན། བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་འཚང་རྒྱ་བ་དང༌། ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་ཚུལ་གཉིས་གསུངས་པ་ཡིན་ལ། དེའི་ནང་ནས་གཉིས་པ་དེ་འཆད་པ་ན། སྤྱོད་པ་བསྡུས་པའི་སྒྲོན་མ་ལས། ཇི་སྐད་དུ། རྡོ་རྗེ་སློབ་མས་གསོལ་པ། གལ་ཏེ་སྒྲུབ་པ་པོ་བདེན་པ་མཐོང་ཡང༌། སྔོན་གྱི་བག་ཆགས་ལ་གོམས་པའི་སྟོབས་ཀྱིས་ཞིང་ལས་དང༌། ཚོང་དང༌། བསྙེན་བཀུར་ལ་སོགས་པས་གཡེངས་ནས། སྤྱོད་པ་སྤྱད་པ་རྣམ་པ་གསུམ་སྤྱོད་པར་མི་བྱེད་པ་དང༌། སྒྲུབ་པ་པོ་གཞན་དག་འབྱོར་པ་མ་ཚང་བས། རྒྱུད་ལས་ཇི་སྐད་གསུངས་པའི་ཆོ་ག་རྫོགས་པར་བྱེད་མི་ནུས་པའི་ཕྱིར། མི་སྤྱོད་པ་དེ་དག་ནི་འཆི་བའི་དུས་བྱས་ན་ཡང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རམ། ཡང་ན་རྡོ་རྗེ་འཆང་བ་ཉིད་ཐོབ་པར་འགྱུར། རྡོ་རྗེ་སློབ་དཔོན་གྱིས་སྨྲས་པ། འདི་ལ་བསལ་བ་གང་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་ནི། རྫོགས་པའི་རིམ་པ་ལ་གནས་པའི་དབང་དུ་བྱས་པའི་ཚིག་སྟེ། འདི་ལྟ་སྟེ་ཡང་དག་པ་མཐོང་བའོ། །ཞེས་བྱ་བ་ནི་ཡང་དག་པ་མཐོང་བས། རྟག་པ་དང༌། ཆད་པ་དང༌། འཕོ་བ་ལ་སོགས་པའི་ལྟ་བ་ངན་པ་འགགས་པར་འགྱུར་རོ། །འོན་ཀྱང་ཐ་སྙད་ལ་བརྟེན་ནས། འཕོ་བ་རྣམ་པར་དག་པ་ངེས་པར་སྤྱད་པར་བྱ་སྟེ། འདི་ན་ཕུང་པོ་ལ་སོགས་པ་ནི་འཇིག་རྟེན་ཕ་རོལ་ཏུ་འཕོ་བར་མི་བྱེད་དེ། རྟག་པའི་སྐྱོན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་འཆི་བ་ལས་གཞན་པ་ཉིད་ལས་ཀྱང་འབྱུང་བ་མ་ཡིན་ཏེ། རྒྱུ་མེད་པའི་ངེས་པའི་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟ་སྟེ། མར་མེ་ལས་མར་མེ་དང༌། རྒྱ་ལས་རྒྱ་དང༌། སྒྲ་ལས་བྲག་ཆ་དག་ནི། དེ་ཉིད་དམ་དེ་ལས་གཞན་པ་ཞེས་བརྗོད་པར་མི་ནུས་སོ། །དེ་བས་ན་གསེར་འོད་དམ་པའི་མདོ་ལས། སངས་རྒྱས་མྱ་ངན་མི་འདའ་ཞིང༌། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་བའི་ཕྱིར། །མྱ་ངན་འདས་པར་བསྟན་པ་ཡིན། །ཞེས་གསུངས་པ་དང༌། ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། །འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། །སྐྱེ་བ་མེད་ཅིང་འགག་པ་མེད། །བཏགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །རིགས་པ་འདིས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཛད་པ་ཐམས་ཅད་མཛད་ནས། མྱ་ངན་འདས་པ་ཉེ་བར་སྟོན་པར་མཛད་པ་ཡིན་ནོ། །དེ་བཞིན་དུ། རྫོགས་པའི་རིམ་པ་རྟོགས་པར་གྱུར་པས་ཀྱང་ཐམས་ཅད་བྱས་ནས། འཇིག་རྟེན་དུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ལ་སོམ་ཉི་མི་བྱའོ། །དེ་བས་ན་དེ་ཁོ་ན་ཉིད་ཤེས་པ་ནི་རྐྱེན་མ་ཚང་བས། ཇི་སྐད་དུ། བཤད་པའི་སྤྱོད་པ་མ་སྤྱད་དུ་ཟིན་ཀྱང༌། ལྟ་བ་ཐམས་ཅད་རྣམ་པར་སྤངས་ནས་འཆི་བར་འགྱུར་བ་ན་དོན་དམ་པའི་བདེན་པ་ཡིན་ལ། སྐྱེ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་ཡང་དག་པར་མངོན་པར་རྟོགས་ནས། བརྒྱ་ལམ་ན། འོད་གསལ་བར་ཞུགས་ནས་ཐ་མལ་པའི་ཕུང་པོ་བོར་ནས། བདག་ལ་བྱིན་གྱིས་བརླབས་པའི་རིམ་གྱིས་ལྡང་བར་བྱའོ། །ཞེས་བརྟེན་པའི་སེམས་བསྐྱེད་དེ། དེ་ཡིད་ལ་བྱེད་པས་གནས་པར་བྱེད་ན། དེ་སྐྱེ་བ་གཞན་དུ་ཡིད་ལ་བྱེད་པ་དེ་འདོར་བར་མི་འགྱུར་ཏེ། དེ་བས་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེ་བས་ན། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་ན་དེ་ཡི་རང་བཞིན་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་སོ། །ཞེས་འབྱུང་བ་ཡིན་ནོ། །ལུང་འདིའི་དོན་ལ་གཉིས་ཏེ། རང་གི་ལུགས་དང༌། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། དེར་བདེན་པ་མཐོང་བ་ཞེས་པ། དཔེའི་འོད་གསལ་གྱི་དབང་དུ་བྱས་ནས་བཤད་པ་དང༌། དོན་གྱི་འོད་གསལ་གྱི་དབང་དུ་བྱས་ནས་བཤད་པ་གཉིས་ལས། དང་པོའི་དབང་དུ་བྱས་ན། འཆི་ཁར་དོན་གྱི་འོད་གསལ་མངོན་དུ་བྱས་ནས། བར་དོར་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ཅེས་པའི་དོན་དུ་སྣང་ལ། གཉིས་པའི་དབང་དུ་བྱས་ན། འཆི་ཁར་ཡང་དག་པའི་མཐའ་མངོན་དུ་བྱས་ནས། བར་དོར་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད། ཅེས་པའི་དོན་དུ་འཆད་དགོས་ལ། དེ་གཉིས་གང་ལྟར་ཡང༌། འོད་གསལ་དང་ཟུང་འཇུག་གི་བར་དུ། སྐྱེ་བ་སྔ་ཕྱིས་ཆོད་པའི་ཚུལ་དུ་འཆད་དགོས་པར་བྱུང་ལ། དེ་ལྟ་ན། རྟེན་དང་རྟེན་པ་ཡ་བྲལ་དུ་སོང་བས། ཉི་མ་དང་ཉི་མའི་འོད་ཟེར་ཡ་བྲལ་བ་བཞིན་དུ་ཐལ་བར་སོང་བ་མ་ཡིན་ནམ། དེའི་ཤེས་བྱེད་ཀྱང༌། དོན་གྱི་འོད་གསལ་ནི་འཕགས་པའི་ཡེ་ཤེས་ཡིན་ལ། དེ་ལ་སློབ་པ་དང་མི་སློབ་པའི་ཡེ་ཤེས་ཀྱི་དབྱེ་བས་གཉིས་ལས། དང་པོ་ནི་རྟེན་སྒྱུ་ལུས་དང་ཟུང་དུ་འཇུག་པའི་སློབ་པའི་ཟུང་འཇུག་ཡིན་ལ། གཉིས་པ་དེ་རྟེན་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་དང་ཟུང་དུ་འཇུག་པ་དེ་ལ་ནི། མི་སློབ་པའི་ཟུང་འཇུག་ཅེས་འཆད་པ་ཡིན་པས། སངས་རྒྱས་ཀྱི་ཆོས་སྐུ་དང༌། ལོངས་སྐུ་ཡ་བྲལ་དུ་སོང་བ་མི་སྲིད་པའི་ཕྱིར་རོ། །སྙམ་པའི་དོགས་པ་འདི་སྤང་དགོས་སོ། །གཉིས་པ་ནི། གངས་ཅན་པ་གཞན་དག འཆི་ཁར་འོད་གསལ་མངོན་དུ་བྱས་པའི་དོན། ཆོས་ཉིད་མངོན་སུམ་དུ་བྱས་པ་མ་ཡིན་ནོ། །ཞེས་གསུངས་པ་ནི་རིགས་པ་མ་ཡིན་ཏེ། འཆི་ཁར་མངོན་དུ་བྱེད་པའི་འོད་གསལ་ལ་དཔེ་དང་དོན་གྱི་ཡེ་ཤེས་གཉིས་ལས་གཞན་ནི་མ་བཤད། གཉིས་པའི་དབང་དུ་བྱས་ན་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་མ་འདས་ལ། དང་པོའི་དབང་དུ་བྱས་ན། སྤྱོད་བསྡུས་དང་འགལ་བ་ཡིན་ཏེ། ལུང་གོང་དུ་དྲངས་ཟིན་པ་ལ་བརྟགས་པ་ན། འཆི་ཁར་འོད་གསལ་མངོན་དུ་བྱེད་པ་པོ་དེ་སྔོན་ནས་བདེན་པ་མཐོང་ཟིན་པ་ཞིག་ལ་བཤད་ལ། སྔོན་ནས་དཔེའི་ཡེ་ཤེས་ཙམ་ཡང་མ་སྐྱེས་ན་བདེན་པ་མཐོང་བའི་དོན་མེད་པའི་ཕྱིར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བསྟན་བཅོས་མཛད་པ་འདིའི་བཞེད་པས། སྤྱོད་བསྡུས་སུ། བདེན་པ་མཐོང་ཡང༌། ཞེས་གསུངས་པ་དེ་དཔེའི་ཡེ་ཤེས་ལ་མཛད་པར་སྣང་ལ། དེའི་ཚེ་ན། འཆི་བ་འོད་གསལ་དུ་བསྲེས་པ་དེ། དོན་གྱི་འོད་གསལ་མངོན་དུ་བྱས་པར་འཆད་དགོས་སོ། །དེ་ལྟ་ན་ཡང༌། འཆི་བ་འོད་གསལ་ཞེས་པ་དེ་ཚེ་འདིའི་རྟེན་ལ་ཡོད་པ་མ་ཡིན་ཏེ། འོད་གསལ་དེ་མངོན་དུ་གྱུར་པ་དང༌། ཚེ་འདིའི་འཆི་སྲིད་འགགས་ཟིན་པ་དུས་མཉམ་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སེམས་ཅན་ཐམས་ཅད་ལ་འཆི་བ་འོད་གསལ་ཞེས་བྱ་བ། དུས་ཀྱི་ཐུང་པའི་མཐར་ཐུག་པ་སྐད་ཅིག་མ་གཅིག་འབྱུང་བ་དེ་ཡང༌། ཇི་སྲིད་འཆི་སྲིད་མ་འགགས་པ་དེ་སྲིད་དུ་འབྱུང་བ་མ་ཡིན་ཏེ། ཇི་སྲིད་ཚེ་འདིའི་རྣམ་སྨིན་གྱིས་བསྡུས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འོད་གསལ་དུ་མ་ཐིམ་པ་དེ་སྲིད་དུ་ནི། འཆི་བ་འོད་གསལ་མངོན་དུ་མི་འགྱུར་ལ། དེ་དེར་ཐིམ་པའི་ཚེ་ན་ནི། ཤི་བར་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་ཡང་མན་ངག་དང་བྲལ་བ་རྣམས་ལ་ནི། འོད་གསལ་དུས་མཐའི་སྐད་ཅིག་མ་ལས་ལྷག་པ་མི་འབྱུང་བས། ཚེ་འདིའི་འཆི་སྲིད་འགགས་པ་དང༌། ཕྱི་མའི་སྲིད་པ་གྲུབ་པ་གཉིས། སྲང་མདའི་མཐོ་དམན་གྱི་ཚུལ་དུ་འབྱུང་ལ། མན་ངག་ཡོད་པ་རྣམས་ལ་ནི། དཔེའི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན། དེ་གཞི་དུས་ཀྱི་འོད་གསལ་དང་ཕྲད་པས་དོན་གྱི་འོད་གསལ་དུ་འགྱུར་ལ། དེ་ལས་ལངས་ནས་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ཅིང༌། འཚང་རྒྱ་བའམ། རིག་པ་འཛིན་པ་ལ་སོགས་པའི་གནས་སུ་འགྲོ་བར་བྱེད་དོ། །དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་པའི་མན་ངག་པ་ཞིག་ཡིན་ན་ནི། དེ་གཞི་དུས་ཀྱི་འོད་གསལ་དང་བསྲེས་པས། ཡང་དག་པའི་མཐའ་མངོན་དུ་བྱས་ཏེ། མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའི་སྒོ་ནས་འཚང་རྒྱ་བ་ཡིན་ནོ། །འོད་གསལ་གཉིས་པོ་གང་ཡང་མངོན་དུ་མ་གྱུར་པར། སེམས་རྣམ་པར་དབེན་པའམ། སྒྱུ་ལུས་ཀྱི་མན་ངག་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་ཡིན་ན་ནི། དེ་གཞི་དུས་ཀྱི་འོད་གསལ་དང་ཕྲད་པ་ན། དཔེའི་ཡེ་ཤེས་མངོན་དུ་བྱེད་ཅིང༌། ཟུང་འཇུག་གི་སྐུ་ཐོབ་པར་མ་ནུས་པས་གང་འདོད་པའི་གནས་སུ་སྐྱེ་བ་ལེན་པར་འགྱུར་རོ། །དེ་གསུམ་ངག་ཡང་སྔོན་གྱི་འཕེན་པའི་དབང་གིས་དེ་ལྟར་ནུས་པ་ཡིན་ཏེ། སྤྱོད་བསྡུས་ཀྱི་ལུང་དྲངས་མ་ཐག་པ་ལས་གསལ་བའི་ཕྱིར། ཚུལ་དེ་ལ་ནི། སྔོན་གྱི་མན་ངག་པ་རྣམས་ཀྱིས། འོད་གསལ་མ་བུ་འཕྲོད་པ་ཞེས་བྱ་བའི་བརྡ་སྦྱར་བ་ཡིན་ལ། དེ་འདྲ་དེ་སྐྱེ་བ་ཕྱི་མར་གཏོགས་པ་མ་ཡིན་ཏེ། ཕྱི་མའི་སྲིད་པ་གང་ཡང་མངོན་དུ་མ་གྱུར་པའི་ཕྱིར། དེ་ལྟ་ནའང༌། འདི་ལ་བར་དོར་འཚང་རྒྱ་བ་ཞེས་པའི་མིང་གིས་བཏགས་པ་ཡིན་ཏེ། འདིའི་འཆི་སྲིད་འགགས་ཤིང༌། ཕྱི་མའི་སྐྱེ་སྲིད་མ་གྲུབ་པའི་བར་དེར་འཚང་རྒྱ་བའི་ཕྱིར་རོ། །ཡང་བར་དོར་སློབ་པའི་ཟུང་འཇུག་མངོན་དུ་བྱས་པ་ཞིག་ཡིན་ན་ནི། སྤྱོད་པ་གསུམ་པོ་གང་རུང་ལ་བསླབས་ནས་འཚང་རྒྱ་བའམ། གང་དུ་ལུས་ལེན་པར་འདོད་པ་དེ་ཉིད་དུ་འཕེན་པ་སྔོན་དུ་བཏང་ནས། དེ་ཉིད་དུ་སྐྱེ་བ་ལེན་པ་ཡིན་ལ། དེའི་ཚེ་བར་དོ་རང་མཚན་པ་མེད་པར་ཟུང་འཇུག་གི་སྐུ་དེ་ཉིད་བར་དོའི་ཚུལ་གྱིས་འཇུག་པ་ཡིན། ཞེས་སྔ་རབས་པ་རྣམས་གསུང་ངོ༌། །འོ་ན་ཟུང་འཇུག་གི་སྐུ་གཉིས་ཀ་ཡང༌། རླུང་སེམས་དྭངས་མ་ལས་གྲུབ་པའི་སྐུར་བཤད་ན། དེ་འདྲའི་རླུང་དྭངས་མ་དེ་ཚེ་འདིའི་འབྱུང་བ་ལས་གྲུབ་པ་ཡིན་ནམ། ཞེ་ན། མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད། གཡོ་བའི་ཆ་ནས་རླུང་དྭངས་མ་ཞེས་བྱ་ལ། དེ་ཡང་སློབ་པའི་ཟུང་འཇུག་གི་དུས་སུ། སྒྲུབ་པ་པོའི་ལུས་རགས་པ་དེའི་ཁོང་ན་གནས་ཤིང༌། དེའི་རྒྱས་བཅིངས་པ་མི་འགལ་ལ། དེའི་ཚེ་ན་ལུས་ཀྱི་རྒྱས་ཇི་ཙམ་བཅིངས་ཀྱང༌། ལུས་བརྒྱར་སྤྲུལ་པ་ལ་སོགས་པའི་ཡོན་ཏན་མཐའ་དག་སྟོན་པར་ནུས་སོ། །མི་སློབ་པའི་ཟུང་འཇུག་མངོན་དུ་བྱས་པ་དེའི་ཚེ་ནི། སྒྲུབ་པ་པོའི་ལུས་གསེར་འགྱུར་གྱི་རྩིས་སྦྱངས་པ་ལྟར། ཟུང་འཇུག་གི་སྐུར་སོང་བའམ། སྦྲུལ་གྱི་ཤུན་པ་རྗེས་པ་ལྟ་བུར་འདོད་པའི་ལུགས་གཉིས་ལས། གང་ཡིན་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་ཉིད། སྐུ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་དུ་སོང་བ་ཡིན་གྱི། འཇའ་ཚོན་ལྟ་བུའི་སྣང་བ་གཅིག་འཆར་བར་བཤད་པ་དེ། སངས་རྒྱས་ཀྱི་སས་བསྡུས་པ་ནི་མ་ཡིན་ཏེ། གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཕྱིར་རོ། །ཞེས་རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །དེ་དག་ལ་འདི་སྐད་ཅེས། འཆི་བ་འོད་གསལ་ཞེས་བྱ་བ། །ཚེ་འདིའི་སྲིད་པས་བསྡུས་པ་མིན། །དེ་ཕྱིར་ཆོས་སྐུ་ལོངས་སྐུ་གཉིས། །ལུས་རྟེན་གཅིག་ལ་མཉམ་དུ་འགྲུབ། །འོད་གསལ་ཞེས་བྱ་སྒྱུ་ལུས་ཀྱི། །བག་ཆགས་སྦྱོང་བའི་གཉེན་པོ་སྟེ། །ཕྱོགས་རེ་བ་དང་མཐའ་དག་གི །དབྱེ་བས་ཟུང་འཇུག་གཉིས་མངོན་བྱེད། །སྒྱུ་ལུས་ཞེས་པ་ཡིད་ལུས་ཏེ། །རླུང་སེམས་དྭངས་མའི་བདག་ཉིད་དོ། །དེ་ཡང་སོ་སོ་སྐྱེ་བོ་ཡི། །ཡིད་ལུས་ཡིན་ཕྱིར་ཀུན་རྫོབ་བདེན། །ཇི་སྲིད་འདི་མངོན་མ་བྱས་པ། །དེ་སྲིད་རྫོགས་རིམ་ལྷ་ཡི་སྐུ། །མི་འབྱུང་དེ་ཕྱིར་དབེན་གསུམ་དང༌། །སྐྱེད་པའི་རིམ་པས་འདི་བསྒྲུབ་བྱ། །འོད་གསལ་བ་ཡིས་འདི་སྦྱངས་ནས། །མི་སློབ་ཡེ་ཤེས་མངོན་གྱུར་ཚེ། །ཆོས་ཀྱི་སྐུ་དང་སྒྱུ་མའི་སྐུ། །ཟུང་འཇུག་དོན་དམ་བདེན་པར་གཞག །ཅེས་སྦྱར་རོ།།  །།དྲི་བ་ཉེར་གཉིས་པ་ནི། ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །སངས་རྒྱས་རྒྱན་ཅན་རྒྱན་མེད་དུ། །ཐལ་བ་འདོད་པ་མ་ཡིན་ནམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། བསྟན་བཅོས་འདིའི་ཕྱོགས་སྔ་མས། ཕར་ཕྱིན་ཐེག་པའི་ཐོབ་པའི་མཐོང་ལམ་པ་དེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་སྟོན་ནུས་པའི་རྒྱུ་མཚན་གྱིས་རྒྱན་ཅན་དང༌། སྔགས་ཀྱི་ཐེག་པས་ཐོབ་པའི་མཐོང་ལམ་པ་དེས། དེ་མི་ནུས་པའི་རྒྱུ་མཚན་གྱིས་རྒྱན་མེད་དུ་ཁས་བླངས་པ་ལ། འོ་ན་ཚུལ་གཉིས་ཀྱིས་ཐོབ་པའི་སངས་རྒྱས་གཉིས་ཀྱང༌། རྒྱན་ཅན་དང༌། རྒྱན་མེད་དུ་ཐལ། ཞེས་འཕངས་འདུག་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་སྐྱོན་ནི་གཉིས་ཏེ། འདིའི་ཕྱོགས་སྔ་མས་འདོད་ལན་ཐེབས་པ་དང༌། ཕྱོགས་གཞན་གྱིས་ཀྱང་འདོད་ལན་ཐེབས་པའི་ཚུལ་བསམ་པའོ། །དང་པོ་ནི། འདིའི་ཕྱོགས་སྔ་སྨྲ་བ་དག རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ། རྟེན་དེ་ལ་ཟུང་འཇུག་གི་སྐུ་བརྙེས་པ་ཡིན་ཀྱང༌། མཛད་པ་བཅུ་གཉིས་ཀྱི་ཚུལ་མ་སྟན་པས་རྒྱན་མེད་དང༌། སྟོན་པ་ཐུབ་པའི་དབང་པོ་ཡང༌། རྒྱལ་པོ་ཟས་གཙང་གི་སྲས་སུ་གྱུར་པའི་རྟེན་དེ་ཉིད་ལ་སངས་རྒྱས་པ་ཡིན་པ་ལྟ་བུའི་བཤད་པ་གཅིག་སྤྱོད་བསྡུས་སུ་གསུངས་ཤིང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཀྱང༌། རྟེན་དེ་ལ་སངས་རྒྱས་པའི་བཤད་པ་མཛད་པ་ལྟར། སྟོན་པ་དེ་ནི་ཐེག་པ་ཆེན་པོའི་ཚུལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སངས་རྒྱས་སུ་འཆད་པ་དེས་ནི། མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པས་རྒྱན་བཅས་སོ། །སྙམ་དུ་དོགས་པར་འགྱུར་བ་དང༌། སྔོན་གྱི་གསང་འདུས་པ་ཕལ་ཆེ་བ་དག མགོན་པོ་ཀླུ་སྒྲུབ་ཀྱིས། ལུས་རྟེན་དེ་ཉིད་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱས་པར་འཆད་ཀྱང༌། ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་སྤྲུལ་སྐུའི་མཛད་པ་མ་བྱས་པར་འཆད་པའི་ཕྱིར་ནི་རྒྱན་མེད་དོ། །གཉིས་པ་ནི། དེ་ལྟར་ཐལ་པ་འཕངས་པའི་ཤུགས་ལ། ཚུལ་གཉིས་ཀྱི་སངས་རྒྱས་གཉིས་པོ་ལ་རྒྱན་ཡོད་མེད་ཀྱི་ཁྱད་པར་མེད་པ་ཉིད་དུ་བཞེད་པར་སོང་བས། བདག་མེད་བསྟོད་འགྲེལ་དུ། བསུན་བཅོས་མཛད་པ་འདི་ཉིད་ཀྱིས། ཚུལ་གཉིས་ཀྱི་སངས་རྒྱས་ལ། འོ་མས་བཅུས་པའི་ཀྱུ་རུ་ར་དང༌། ཆུས་བཅུས་པའི་ཀྱུ་རུ་ར་ལྟ་བུའི་ཁྱད་པར་ཡོད་དོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་དུ་དོགས་པ་དང༌། སྔགས་ཀྱི་ཐེག་པས་འཛམ་བུ་གླིང་གི་མིའི་ལུས་རྟེན་ལ་སངས་རྒྱས་པ་དེའི་ཚེ་ན། ཐུགས་ཆོས་ཀྱི་སྐུར་སངས་རྒྱས་ཀྱང༌། གསུང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལུས་མཆོག་གི་སྤྲུལ་པའི་སྐུར་སངས་རྒྱས་སམ་མ་རྒྱས། རྒྱས་ན་ནི་ངེས་པ་ལྔ་ལྡན་དུ་ཐལ་བ་དང༌། ལུས་དེས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་ཐལ་ལོ། །གཉིས་པ་ལྟར་ན་སྔགས་ཀྱི་སངས་རྒྱས་རྒྱན་མེད་དུ་ཐལ་པ་འདོད་པ་ཡིན་ནོ། །སྙམ་པའི་དོགས་པ་འདི་དག་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། མིའི་ལུས་རྟེན་ལ་སྔགས་ཀྱི་ཐེག་པས་སངས་རྒྱས་དེ་ལ། སྐུ་གསུམ་ཀ་དུས་གཅིག་ཏུ་མ་ཚང་བའི་རྒྱུ་མཚན་གྱིས། རྒྱན་མེད་དུ་ཐལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། དེའི་ཚེ་གནས་དེར་གདུལ་བྱ་གཞན་སྣང་ལ་ལྟོས་པའི་གཟུགས་སྐུ་གཉིས་ཀྱི་སྣང་བ་མ་ཤར་ཀྱང༌། གནས་ཚུལ་གྱི་སྐུ་གསུམ་པོ་ནི། གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཚུལ་གྱིས་གྲུབ་ནས་ཡོད་པའི་ཕྱིར་དང༌། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཏུ་འདུས་ཤིང༌། ཕྲིན་ལས་ཐམས་ཅད་ཀྱང་གཅིག་ཏུ་འཇོག་པ་ཡང་ལུང་ཆོས་ཀྱི་སྙིང་པོར་བཤད་པ་ཡིན་པས། གདུལ་བྱ་གཞན་སྣང་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་ཤར་བ་ཐམས་ཅད་ཀྱང༌། སངས་རྒྱས་མ་ཐག་པ་དེའི་ཡང་གཟུགས་ཀྱི་སྐུར་འཆད་དགོས་པའི་ཕྱིར་དང༌། གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ངོས་འཛིན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ལ་འཆད་པ་ཡིན་ཏེ། ཇི་སྲིད་ཡེ་ཤེས་དེ་གཉིས་མངོན་དུ་མ་གྱུར་པ་དེ་སྲིད་དུ་ནི། ཆོས་ཀྱི་སྐུར་སངས་རྒྱ་བ་ཡང་མི་འབྱུང་བའི་ཕྱིར་རོ།།  །།དྲི་བ་ཉེར་གསུམ་པ་ནི། དགེ་སློང་སྡོམ་པ་མ་ཐོབ་པར། །མཁན་སློབ་བྱས་པས་ཆོག་པ་ཞིག །འདུལ་བའི་མདོ་དང་ལུང་དག་ཏུ། །གསལ་བར་གསུངས་པ་མ་ཡིན་ནམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། དགེ་སློང་སྡོམ་པ་མ་ཐོབ་པར། །མཁན་སློབ་ལ་སོགས་བྱེད་པ་ནི། །གསང་སྔགས་མེད་པར་སྦྲུལ་གདུག་གི །མགོ་ལས་རིན་ཆེན་ལེན་པ་ལྟར། །རང་གཞན་རླག་པའི་རྒྱུ་རུ་བས། །ཞེས་པའི་རྣམ་བཤད་མཛད་པ་པོ་རྣམས་ཀྱིས། སྒྲ་ཇི་བཞིན་པ་དེ་ཉིད་སོར་འཇོག་པ་ལས་གཞན་ཟུར་ཐོན་པའི་བཤད་པ་ཅི་ཡང་མི་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། བསྙེན་པར་མ་རྫོགས་པས་མཁན་པོ་མི་རུང་བ་དེ་ལྟ་ན། མདོ་རྩ་བ་ལས། དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་ངོ༌། །ཞེས་གསུངས་ལ། དེ་འདྲ་དེ་ཡང་མཁན་པོའི་དབང་དུ་བྱས་པ་ཡིན་ཞིང༌། ཡང་སྒྲ་ནི། གོང་དུ་སྡོམ་པ་སྐྱེ་བར་བཤད་པ་དང་འགྲེལ་རྒྱུ་ཡིན་པའི་ཕྱིར་ན། བསྙེན་པར་མ་རྫོགས་པས་མཁན་པོ་མི་རུང་བ་མ་ཡིན་ནོ། །ཞེས་པ་དང༌། ལུང་ཞུ་བ་ལས། མཚམས་མེད་ལྔ་བྱས་པ་དང༌། མུ་སྟེགས་ཅན་དང༌། མུ་སྟེགས་ཅན་ཞུགས་པ་དང༌། དགེ་ཚུལ་གྱིས་བསྙེན་པར་རྫོགས་པར་བྱེད་པའི་གསོལ་བཞིའི་ལས་བྱས་ན། བསྒྲུབ་བྱ་དེ་བསྙེན་པར་རྫོགས་པར་འགྱུར་ཞིང༌། དགེ་འདུན་ནི་འདས་པ་དང་བཅས་པར་རོ། །ཞེས་གསུངས་པའི་ཕྱིར་ན། དེ་འདྲ་དེ་དག་གིས་ཀྱང་ལས་ཀྱི་སློབ་དཔོན་མི་རུང་བ་མ་ཡིན་ནོ། །སྙམ་པའི་དོགས་པ་དག་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བརྟག་པ་དང་པོ་དེ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། མདོ་རྩ་བ་ལས་གསུངས་པ་དེ་ནི། དེའི་འཕྲོ་དེ་ཉིད་ལས། ཇི་སྐད་དུ། དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ། །ཞེས་གསུངས་པས། དགེ་སློང་མ་ཡིན་པ་ལ་དགེ་སློང་དུ་འདུ་ཤེས་ཏེ་མཁན་པོ་མཛད་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་བསྙེན་པར་མ་རྫོགས་པ་ལ་མ་རྫོགས་པ་ཉིད་དུ་འདུ་ཤེས་ཏེ་མཁན་པོ་མི་རུང་བའི་དབང་དུ་མཛད་པ་ཡིན་པས་སོ། །རྣམ་པར་དཔྱོད་པ་གཉིས་པས་ཀྱང་མི་གནོད་དེ། བསྟན་བཅོས་འདིར་བཤད་པ་དེ་ནི། བསྙེན་པར་མ་རྫོགས་པ་ལས་ཀྱི་ཁ་སྐོང་དུ་མི་རུང་བའི་དོན་ཡིན་ཞིང༌། གང་ཞིག་ཁ་སྐོང་དུ་མི་རུང་བ་དེ་ནི་ལས་བྱེད་པ་པོར་འགྱུར་བ་གཅིག་སྲིད་ཀྱང༌། ལས་ཀྱི་སློབ་དཔོན་དུ་ནི་ནམ་ཡང་མི་རུང་བའི་ཕྱིར། དོན་དེ་ལ་དགོངས་ནས། འདུལ་བའི་མདོར། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཞེས་དང༌། འདུལ་བའི་རྣམ་བཤད་མཛད་པ་དག་གིས་ཀྱང༌། ལས་ཀྱི་སློབ་དཔོན་དུ་རུང་བ་ལ་ཁ་སྐོང་གི་ཆོས་དང་ལྡན་པ་ཡན་ལག་ཏུ་དགོས་པར་བཤད་དོ། །ལུང་ལས་གསུངས་པ་དེ་ནི། ལས་བྱེད་པ་པོའི་དགེ་སློང་གིས་ཤིན་ཏུ་ཕོངས་པར་གྱུར་པའི་ཚེ། སྔགས་ཀྱི་ཆོ་ག་བློ་ལ་བཟུང་ནས་དགེ་འདུན་ལ་བརྡ་སྤྲོད་པར་ནུས་པའི་བསྙེན་པར་མ་རྫོགས་པ་དེ་དང་དེ་དག་གིས་ཀྱང༌། ཁ་སྐོང་དུ་མ་གྱུར་པའི་ཚུལ་གྱིས་མཚམས་གཞན་ན་འདུག་པའམ། འགྲེང་པའི་སྤྱོད་ལམ་ལྟ་བུས། བསྒྲུབ་བྱ་བསྙེན་པར་རྫོགས་དུས་ཀྱི་ཁ་སྐོང་གྲངས་ཚང་བ་ལ་སྔགས་ཀྱི་ཆོ་ག་དེ་བརྡ་སྤྲད་པ་ལས། བསྒྲུབ་བྱ་དང་ཁ་སྐོང་གི་དགེ་སློང་གི་དགེ་འདུན་རྣམས་ཀྱིས་ལས་དེ་ཉམས་སུ་མྱོང་བར་གྱུར་པའི་ཚེ། བསྒྲུབ་བྱའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ཞུ་བ་མང་ཤོས་ལས་དེ་ལྟར་གསུངས་པའི་ཕྱིར་དང༌། མདོ་ལས་ཀྱང༌། བསྙེན་པར་རྫོགས་པ་ལ་ནི་བཅུ་ལ་སོགས་པའོ། །མཐའ་འཁོབ་དག་ཏུ་མེད་ན། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་འདུལ་བ་འཛིན་པ་ཟུར་དུ་འདྲེན་པའི་རྒྱུ་མཚན་ཡང༌། འདུལ་བ་འཛིན་པས་ཁ་སྐོང་བྱེད་པའི་ངེས་པ་མེད་པ་ལ་དགོངས་པའོ། །འོ་ན་རྒྱ་ཆེར་འགྲེལ་དུ་ལས་བྱེད་པ་པོ་ཁ་སྐོང་གི་གཙོ་བོར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། ལས་བྱེད་པ་པོས་ཁ་སྐོང་ཡང་མཛད་པའི་དབང་དུ་བྱས་པ་ཡིན་ཏེ། དེའི་ཚེ་ན་དེ་འདྲ་དེ་ལས་ཀྱི་སློབ་དཔོན་དུ་འགྱུར་བས་སོ། །སྤྱིར་ནི་ལས་བྱེད་པ་པོ་ཁ་སྐོང་དུ་དགོས་པའི་ཁྱབ་པ་མེད་དེ། རབ་བྱུང་གི་ཞུ་བ་བྱེད་པ་དང༌། གསང་སྟེ་སྟོན་པའི་ནང་དུ་འོང་བ་ཞུ་བ་བཞིན་ནོ། །དེ་བཞིན་དུ་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་བ་ལ་ནི། ཁ་སྐོང་དུ་འོས་པ་ཞིག་དགོས་ཏེ། དེར་འགྱུར་བ་ལ་དགེ་འདུན་གྱིས་དེར་བསྐོ་དགོས་པའི་ཕྱིར། གསང་སྟོན་ཙམ་དུ་འགྱུར་བ་ལ་ནི་དེ་མི་དགོས་ཏེ། ལྐོག་ཏུ་བར་ཆད་འདྲི་བ་དང༌། དགེ་འདུན་གྱི་ནང་དུ་འོང་བ་ཞུ་བའི་སྔགས་ཆོག་གསལ་བར་བརྗོད་ཤེས་པ་ཙམ་གྱིས། གསང་སྟེ་བསྟན་པའི་གོ་ཆོད་པའི་ཕྱིར།།  །།དྲི་བ་ཉེར་བཞི་པ་ནི། ཁ་འབར་མ་ཡི་གཏོར་མ་ལ། །དེ་བཞིན་གཤེགས་པ་བཞི་ཡི་མཚན། །སྔོན་ལ་བརྗོད་པ་མི་འཐད་ན། །རྗེ་བཙུན་གྲགས་པས་མཛད་དེ་ཅི། །ན་མཿསརྦ་ཏ་ཐཱ་སོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་འཚལ་བ་ཡི་སྔགས་མིན་ནམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་དག་ལ་གཞུང་གི་སྒྲ་ཇི་བཞིན་པ་དེ་ཉིད་ལས་གཞན་མི་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། རྗེ་བཙུན་གྱིས་མཛད་པའི་གཏོར་མ་བརྒྱ་རྩའི་དཔེ་པར་དུ་གྲུབ་པ་ཞིག་གི་ནང་ན། ལྔ་མན་ཆད་ཐམས་ཅད་ལ་ཐོག་མར་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ནས། དེའི་འོག་ཏུ་སྔགས་བརྗོད་པར་གསུངས་འདུག་པ་དང་འགལ་ལོ་སྙམ་པ་དང༌། ཡང་སྔགས་ཀྱི་འོག་ཏུ་སངས་རྒྱས་བཞིའི་མཚན་བརྗོད་རྒྱུ་ཡིན་པ་དེ་ལྟ་ན། རྗེ་བཙུན་གྱིས་མཛད་པའི་གཏོར་ཆེན་གྱི་ཡི་གེ་ན། གཡས་མཆོག་སྦྱིན་ཆོས་འབྱུང་གི་ཕྱག་རྒྱ་དང་ལྡན་པས་སྔགས་ལན་བདུན་བཟླས། གཡས་ཀྱི་ཕྱག་རྒྱ་ཁ་སྦུབ་ཏེ། མཆོད་པ་ལྔ་ལ་རེག་པ་ཙམ་རེ་བྱའོ། །ཏ་ཐཱ་ག་ཏ་བཞིའི་མིང་ནས་བརྗོད་པ་མེད། ཅེས་གསུངས་པ་དང་འགལ་ལོ། །གལ་ཏེ་སྔ་མ་དེ་ཡི་གེ་མ་དག་པ་ཡིན་ནོ་སྙམ་ན། དེ་ལྟར་ཡིན་དུ་ཆུག སྔགས་ཀྱི་ཐོག་མར་དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་ན་ཉེས་པ་ཅི་ཡོད། འགའ་ཞིག་ན་རེ། སངས་རྒྱས་ལ་སྐྱབས་སུ་མ་སོང་བ་འགའ་ཞིག་གྱིས་གཏོར་མ་མི་ཐོབ་པ་ཡིན་ནོ། །ཞེས་ཟེར། འོ་ན་གཏོར་སྔགས་ཀྱི་ཐོག་མར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བའི་ཚིག་བྱུང་བ་དང་འགལ་ལོ། །གཉིས་པ་དངོས་ལན་གདབ་པ་ལ། དང་པོར་གཏོར་མ་བྱིན་གྱིས་རློབ་པའི་ཚེ། ཐོག་མར་དེ་བཞིན་གཤེགས་པ་ཐམས་ཅད་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་བ་ནི། དེའི་བདེན་པའི་སྟོབས་ཀྱིས་གང་འདོད་པ་དེ་དང་དེར་བྱིན་གྱིས་རློབ་པ་ཡིན་ལ། བྱིན་གྱིས་བརླབས་ཟིན་པའི་འོག་ཏུ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་ནི། ཆོས་ཀྱི་སྦྱིན་པ་དང༌། མི་འཇིགས་པའི་སྦྱིན་པ་བྱིན་པའོ། །གཏོར་མ་སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པའོ། །འོ་ན་བཅུ་ཚན་ལྔ་པ་སོགས་གཞན་ལ་སངས་རྒྱས་བཞིའི་མཚན་སྔོན་ལ་བརྗོད་ཅིང༌། བཅུ་ཚན་དགུ་པ་ཁོ་ན་ལ་རྗེས་སུ་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་སངས་རྒྱས་ཀྱི་བཅས་པའི་དབང་གིས་ཡིན་ཏེ། ཡི་དྭགས་ཁ་ལ་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ལས། ལག་པ་གཡས་པ་སྣོད་ཀྱི་སྟེང་དུ་གཞག་ལ། གཟུངས་འདི་ལན་བདུན་བཟླས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་ནས་བརྗོད་པར་བྱའོ། །ཞེས་གསུངས་པས་སོ།།  །།དྲི་བ་ཉེར་ལྔ་པ་ནི། སྨན་པའི་རྒྱལ་པོའི་མདོ་གང་དེ། །མདོ་རྒྱུད་གཉིས་ཀྱི་ཟླས་ཕྱེ་བའི། །མདོ་རུ་བཞེད་དམ་རྒྱུད་ཡིན་དྲང༌། །དང་པོ་ལྟར་ན་དེ་ལས་ནི། །སྔགས་ཀྱི་ཆོ་ག་འབྱུང་དེ་ཅི། །གཉིས་པ་ལྟར་ན་སྐབས་ཀྱི་ནི། །རྩོད་པའི་ལན་དུ་ཇི་ལྟར་འགྱུར། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་གི་འཕྲོས་ལ་བརྟགས་པ་ན། ཕྱོགས་སྔ་མས་རིགས་ལྔ་སེར་འཇམ་འཐད་པའི་ཤེས་བྱེད་དུ། ལྤགས་པ་གསེར་མདོག་ལྤགས་པ་སྲབ་པ་དང༌། །ཞེས་མདོ་ལས་གསུངས་པས་སོ། །ཞེས་པའི་དོགས་པ་བསུ་ནས། འོ་ན་སྨན་བླའི་སྐུ་མདོག་ཀྱང་སེར་པོ་ཉིད་དུ་བྱེད་རིགས་པར་འགྱུར་ལ། དེ་ལྟ་ན་མདོ་ཉིད་ལས་སྔོན་པོར་བཤད་པ་དང་འགལ་ལོ། །ཞེས་འཆད་དགོས་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། འོ་ན་རིགས་ལྔ་སེར་འཇམ་མདོ་ལུགས་ཡིན་པའི་ཤེས་བྱེད་ལ་སུན་འབྱིན་དེ་ལྟར་འཕེན་པ་དེའི་ཚེ་ན། སྨན་བླའི་མདོ་དེ་མདོ་སྔགས་གཉིས་པོ་འགལ་བར་བྱས་པའི་དུས་ཀྱི་མདོ་ཡིན་ནམ་སྔགས་ཡིན། དང་པོ་ལྟར་ན། ཞི་བ་འཚོས་སྔགས་སུ་བཀྲལ་བ་དང་འགལ། དེས་དེ་སྔགས་སུ་མ་བཀྲལ་ན། ཇི་སྐད་དུ། མདོ་དང་རྒྱུད་ཀྱི་ཁྱད་པར་ནི། །ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་འཆད་པ་དང་འགལ། གཉིས་པ་ལྟར་ན། མདོ་ལུགས་ཀྱི་སངས་རྒྱས་གསེར་མདོག་ཅན་ཁོ་ནར་འབྲི་དགོས་པའི་ཤེས་བྱེད་ལ། སྔགས་ལུགས་ཀྱི་སངས་རྒྱས་སུན་འབྱིན་དུ་བརྗོད་པ་ཇི་ལྟར་འབྲེལ། དེ་དེར་འབྲེལ་བའི་རྒྱུ་མཚན་ཞིག་ཡོད་པ་འོ་ན། དུས་ཀྱི་འཁོར་ལོ་དང༌། དགྱེས་པ་རྡོ་རྗེ་དང༌། འཁོར་ལོ་སྡོམ་པ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་འཕེན་པར་རིགས་པ་ལས། སྨན་པའི་རྒྱལ་པོའི་སྐུ་མདོག་ཁོ་ནས་མ་ངེས་པ་འཕེན་པ་ཅི་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་རོ། །དངོས་ལན་བཏབ་པ་ནི། སྨན་བླའི་མདོ་ནི་རང་རྐང་གི་བཞུགས་ཚུལ་མདོ་ཁོ་ནར་ངེས་པས། རིགས་ལྔའི་སྐུ་མདོག་སེར་འཇམ་དུ་བྱེད་པའི་ཤེས་བྱེད་དེ་ལ། སྨན་བླའི་སྐུ་མདོག་བཻ་དུརྻའི་འོད་ཅན་དུ་བཤད་པས་མ་ངེས་པ་འཕངས་པ་ཡིན་ནོ། །རང་རྐང་གི་བཞུགས་ཚུལ་མདོ་ཡིན་ཀྱང༌། བོ་དྷི་སཏྭས་མཛད་པའི་བསྟན་བཅོས་དེ་བཞིན་གཤེགས་པ་བདུན་གྱི་ཆོ་ག་མདོ་སྡེ་ལས་བསྡུས་པ་ཞེས་བྱ་བ་དེས་ནི། མདོ་དེ་སྔགས་སུ་བཀྲལ་བ་ཡིན་ཏེ། དེར་བཀྲལ་བའི་ཁྱད་པར་གྱི་ཆོས་མཐའ་དག་ཚང་བའི་ཕྱིར་རོ།།  །།དྲི་བ་ཉེར་དྲུག་པ་ནི། ལྟུང་གཤགས་སྔགས་ལུགས་མི་བཞེད་ན། །བསྟན་བཅོས་མཛད་པ་འདི་ཉིད་ཀྱིས། །སངས་རྒྱས་སུམ་ཅུ་རྩ་ལྔ་པོ། །རིགས་ལྔར་བསྡུས་པ་ཇི་ལྟར་ཡིན། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་དག་གིས་ཀྱང་གཞུང་གི་སྒྲ་ཇི་བཞིན་པ་དེ་ཉིད་སོར་གཞག་ནས། ལྟུང་བཤགས་ཀྱི་སངས་རྒྱས་ལ་སྔགས་ལུགས་སུ་བཀྲལ་པ་མི་སྲིད་པ་ལྟ་བུའི་བཤད་པ་མཛད་ཅིང༌། དེའི་ཤེས་བྱེད་དུ། རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་ཕྱག་མཚན་དུ་མཚོན་ཆ་ཐོགས་པའི་རྣམ་པ་ཅན་གྱི་སྒྲུབ་ཐབས་བྱེད་པ་མི་འཐད་པའི་ཕྱིར། ཞེས་འཆད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟ་ཡིན་པ་འོ་ན། བསྟན་བཅོས་མཛད་པ་འདི་ཉིད་ཀྱིས། །སངས་རྒྱས་སུམ་ཅུ་སོ་ལྔ་པོའི་སྐུ་མདོག་ཕྱག་མཚན་གྱི་རྣམ་གཞག་མཛད་པའི་བསྟན་བཅོས་ལས། སུམ་ཅུ་སོ་ལྔ་པོ་བདུན་ཚན་ལྔར་བསྡུས་ནས། གོ་རིམ་བཞིན་དུ། རྒྱལ་བ་རིགས་ལྔའི་སྐུ་མདོག་དང་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ། བྲིས་སྐུ་དང༌། ཟླུགས་མའི་བཞེངས་ཐབས་རྒྱས་པར་གསུངས་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བྱང་ཆུབ་ཀྱི་ལྟུང་བ་བཤགས་པ་ཞེས་བྱ་བའི་མདོ་དེ། རང་རྐང་ནས་སྔགས་ལུགས་མ་ཡིན་ཀྱང༌། དེ་ནས་འབྱུང་བའི་ལྷ་ཚོགས་ལ་སྔགས་ལུགས་ཀྱི་སྒྲུབ་ཐབས་འབྱུང་བ་མི་འགལ་ཏེ། བྱ་རྒྱུད་ནས་གསུངས་པའི་ལྷ་ལ་བླ་མེད་ཀྱི་སྒྲུབ་ཐབས་ཡོད་པ་མི་འགལ་བ་བཞིན་དང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་ནས་འབྱུང་བའི་ཤེས་ཕྱིན་ལ། རྒྱུད་སྡེ་བཞི་ཀ་དང་རྗེས་སུ་མཐུན་པའི་སྒྲུབ་ཐབས་སྣང་བ་བཞིན་ནོ། །ལྟུང་བཤགས་སྔགས་ལུགས་ཀྱི་སྒྲུབ་ཐབས་བཞིན་མཛད་པ་དེའི་ཚེ་ཡང༌། རིགས་ལྔའི་སྐུ་མདོག་དང་ཕྱག་རྒྱ་རྗེས་མཐུན་པ་ཉིད་དུ་བྲིས་ན། ཕྱི་ནང་གི་རྟེན་འབྲེལ་འགྲིག་པ་ཡིན་གྱི། གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ཞེས་པ་ལྟ་བུའི་མིང་ལ་དཔགས་ནས། རལ་གྲི་དང་ཕུབ་ལ་སོགས་པ་ལྟ་བུའི་ཕྱག་མཚན་བྱེད་པ་ནི་མི་རིགས་ཏེ། བསྟོད་པ་ལས། ཁྱོད་ཀྱིས་རལ་གྲི་ཕུབ་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །ཞེས་གསུངས་པ་དེ་ཕར་ཕྱིན་ཐེག་པ་དང་མཐུན་པའི་མཆོག་གི་སྤྲུལ་བའི་དབང་དུ་མཛད་ནས་བསྟོད་པས་སོ། །ཞེས་པ་ནི་བསྟན་བཅོས་མཛད་པ་འདིའི་དགོངས་པའོ།།  །།དྲི་བ་ཉེར་བདུན་པ་ནི། ཤེར་སྙིང་སྔགས་སུ་བཀྲལ་བའི་ལུགས། །ཀླུ་སྒྲུབ་ཉིད་ཀྱིས་མ་མཛད་དམ། །ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །སྔགས་ཀྱི་ལྷ་རུ་གསུངས་མིན་ནམ། །ཤེར་སྙིང་སྔགས་ལུགས་མི་བཞེད་ན། །ཤེར་ཕྱིན་སྔགས་ལུགས་བཞེད་པ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། ལྟུང་བཤགས་དང་ནི་ཤེར་སྙིང་སོགས། །སྔགས་ལུགས་ཡིན་ཞེས་འཆད་པ་ཐོས། །ཞེས་པའི་རྣམ་བཤད་མཛད་པ་པོ་དག་གིས་ནི། གཞུང་གི་སྒྲ་ཇི་བཞིན་པ་དེ་ཉིད་ཀྱང་སོར་མི་འཇོག་པར། དེ་དང་དེའི་ལྷ་ལ་སྔགས་ལུགས་སུ་བཀྲལ་བ་མི་སྲིད་པ་ལྟ་བུའི་བཤད་པ་མཛད་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ལ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། ཤེར་སྙིང་སྔགས་ལུགས་སུ་བཀྲལ་བ་མི་སྲིད་ན། ཤེར་སྙིང་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་ཐུབ་པ་གཙོ་འཁོར་ལྔའི་སྒྲུབ་ཐབས་མཛད་པ་དང༌། སློབ་དཔོན་དཱ་རི་ཀ་པས། ཡུམ་ཆེན་མོ་གཙོ་འཁོར་ལྔའི་སྒྲུབ་ཐབས་བླ་མེད་དང་མཐུན་པར་མཛད་པ་རྣམས་དང་འགལ་ལོ། །གཉིས་པ་ནི། དེ་ལྟ་ན། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་སྔགས་ཀྱི་ལྷ་རུ་གསུངས་པ་མེད་པར་ཐལ་བ་དང༌། ཤེར་སྙིང་སྔགས་ལུགས་སུ་བཀྲལ་བ་མི་སྲིད་པ་དེ་ལྟ་ན། དཔལ་མཆོག་ཤེས་ཕྱིན་གྱི་དུམ་བུ་དང༌། ཤེས་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ་དང༌། སྒོ་ཉེར་ལྔ་པ་རྣམས་ཀྱང་སྔགས་ལུགས་སུ་བཀྲལ་བ་མེད་པར་འགྱུར་རོ་སྙམ་པའི་དོགས་པ་འདི་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། བསྟན་བཅོས་འདིར། ལྟུང་བཤགས་དང་ཤེར་སྙིང་སྔགས་ལུགས་སུ་འགྲེལ་བྱེད་ཚད་ལྡན་ཡོད་པ་འགོག་པ་མ་ཡིན་གྱི། མདོ་དེ་དང་དེའི་དངོས་བསྟན་དེ་ཉིད་སྔགས་ལུགས་ཡིན་ནོ། །ཞེས་ཟེར་བ་འགོགས་པ་ཡིན་ཏེ། ཕྱོགས་སྔ་སྨྲ་བ་དག་གིས། ཀླུ་སྒྲུབ་དང་དཱ་རི་ཀ་པ་སོགས་ཀྱི་སྒྲུབ་ཐབས་བཞིན་ཁས་བླངས་ནས། དེ་དག་སྔགས་ལུགས་ཡིན་ཞེས་ཟེར་བ་མ་ཡིན་གྱི། མདོ་དེ་དང་དེའི་དངོས་བསྟན་དེ་ཉིད་སྔགས་ལུགས་སུ་ཁས་བླངས་པའི་ཕྱིར་རོ། །དེའི་འཁྲུལ་གཞི་ཡང༌། ལྟུང་བཤགས་ལ་དེ་བཞིན་གཤེགས་པ་སུམ་ཅུ་རྩ་ལྔ་པོ་མདུན་དུ་སྤྱན་དྲངས་ནས་ཕྱག་འཚལ་བར་བཤད་པ་དང༌། ཤེར་སྙིང་ལ་གཟུངས་སྔགས་བཟླ་བར་བཤད་པའི་རྒྱུ་མཚན་གྱིས་སོ། །སྙམ་དུ་བསམས་པ་ཡིན་ནོ། །དེ་དག་ལ་ཁྱབ་པ་མ་ངེས་པའི་ཤེས་བྱེད་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ལྟ་བུས་མ་ངེས་པ་དང༌། འདུལ་བའི་ལུང་དུ། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་དང༌། རིམས་ནད་ཞི་བར་བྱེད་པའི་སྔགས་དང༌། བསླབ་པ་ཀུན་ལས་བཏུས་སུ། བདུད་ཚར་གཅོད་པའི་དང༌། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་དང༌། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པ་མང་དུ་གསུངས་པ་རྣམས་ཀྱིས་མ་ངེས་སོ། །དེ་བཞིན་དུ་སྨན་བླའི་མདོ་དང༌། ཚེ་དཔག་ཏུ་མེད་པའི་མདོ་སྔགས་ལུགས་ཡིན་པ་དང༌། རྟེན་འབྲེལ་སྙིང་པོའི་ཤླཽ་ཀ་གཅིག་པོ་སྔགས་ལུགས་ཡིན་པ་དང༌། གྲུབ་ཆེན་བརྒྱད་ཅུའི་རྟོགས་བརྗོད་དང༌། གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་ལྟ་བུ་སྔགས་ལུགས་ཡིན་པ་འགོག་ཀྱང༌། དེ་དང་དེ་དག་ཡི་དམ་གྱི་ལྷ་ལ་གནང་བ་ཐོབ་པའི་སློབ་དཔོན་སོ་སོས་སྔགས་སུ་བཀྲལ་བ་ཡོད་ན། འགོག་པར་མི་མཛད་པ་ཡང་དོན་གྱིས་འཐོབ་སྟེ། དཔེར་ན་རབ་འབྱོར་ལ་སོགས་པའི་ཉན་ཐོས་བཅུ་དྲུག་དང༌། རང་རྒྱལ་བ་བཅུ་གཉིས་དང༌། སྐལ་བཟང་གི་སེམས་དཔའ་སྟོང་ལ་སོགས་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་འབྱུང་བའི་རིགས་ཅན་གསུམ་གྱི་གང་ཟག་སོ་སོ་བ་དེ་རྣམས། རང་རྐང་ནས་གསང་སྔགས་ཀྱི་ལྷ་མ་ཡིན་ཀྱང༌། རྒྱུད་དང་སྒྲུབ་ཐབས་ཀྱི་གཞུང་སོ་སོ་ནས་དེ་དག་དེར་འགྲེལ་པ་མི་འགལ་བ་བཞིན་ནོ།།  །།དྲི་བ་ཉེར་བརྒྱད་པ་ནི། གསང་བ་འདུས་པའི་ལྷ་ཚོགས་ལ། །མདོ་ལུགས་ཆོ་ག་མི་སྲིད་ན། །སྤྱན་རས་གཟིགས་དང་འཇམ་དབྱངས་དང༌། །ཕྱག་ན་རྡོ་རྗེ་ལ་སོགས་ལ། །མདོ་ལས་བྱུང་བའི་ཆོ་ག་ཞེས། །བྱ་བ་མཁན་ཆེན་ཞི་བ་འཚོས། །མཛད་པའི་དགོངས་པ་ཅི་ཡིན་དྲང༌། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། དེང་སང་གསང་བ་འདུས་པའི་ལྷ། །བསྒོམས་ནས་མདོ་ལུགས་ཡིན་ཞེས་ཟེར། །ཞེས་སོགས་ཀྱི་སྒྲ་ཇི་བཞིན་པ་ལ་ནི། སྤྱིར་གསང་སྔགས་ཀྱི་ལྷ་དང༌། བྱེ་བྲག་གསང་བ་འདུས་པའི་ལྷ་ལ་མདོ་ལུགས་ཀྱི་ཆོ་ག་མི་སྲིད་པ་ལྟ་བུར་བཤད་ཅིང༌། རྣམ་བཤད་མཛད་པ་དག་གིས་ཀྱང༌། ཟུར་ལྷག་པོ་ཐོན་པ་མི་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟ་ཡིན་པ་འོ་ན། རིགས་ལྔ་དང༌། ཁྲོ་བོ་བཅུ་དང༌། བྱང་ཆུབ་སེམས་དཔའ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས་ལ། མདོ་ལུགས་ཀྱི་ཆོ་གས་ལྷ་དེ་དང་དེ་དག་སྒོམ་པའི་རིམ་པ་མ་བསྟན་པར་འགྱུར་ལ། དེ་ལྟ་ན་གསེར་འོད་དམ་པའི་མདོ་ལས་རིགས་ལྔའི་རྣམ་གཞག་འབྱུང་བ་དང༌། སྨན་བླའི་མདོ་ཆོག་ལས་ལྷ་དེ་དང་དེ་དག་མདུན་དུ་སྤྱན་དྲངས་ནས་སྒོམ་པའི་རིམ་པ་བཤད་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །ཡང་ཇི་སྐད་དུ། སེང་གེའི་ཕྲུ་གུ་གླང་ཆེན་ལས། །བྱུང་ན་སྔོན་མེད་སྲོག་ཆགས་ཡིན། །ཞེས་གསུངས་པ་དེའི་རིགས་པ་ལྟར་ན། བླ་མེད་ཀྱི་ལྷ་ལ་རྣལ་འབྱོར་རྒྱུད་ཀྱི་ཆོ་ག་བྱུང་ན་ཡང་དེར་ཐལ་བ་དང༌། དབུ་མ་རྩ་བའི་ཤེས་རབ་ལྟ་བུ་རང་སྟོང་སྟོན་པའི་གཞུང་རྣམས། རྣལ་འབྱོར་སྤྱོད་པའི་གཞུང་དང་མཐུན་པར་བཀྲལ་ན་ཡང༌། སྔོན་མེད་པའི་སྲོག་ཆགས་དང་འདྲ་བ་ཉིད་དུ་ཐལ་བར་འགྱུར་རོ། །འདོད་ན་གྲུབ་ཆེན་ཀུན་དགའ་སྙིང་པོས་གསང་བ་འདུས་པ་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དང༌། འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་གཞན་སྟོང་གི་ཚུལ་དུ་བཀྲལ་བའི་ཤིང་རྟའི་སྲོལ་དེ་བསྟན་པ་འདིའི་དབང་དུ་བྱས་པའི་ཤིང་རྟའི་སྲོལ་རྣམ་པར་དག་པ་མ་ཡིན་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་འདིའི་ཕྱོགས་སྔ་མར་ཁས་ལེན་པའི་བཤེས་གཉེན་བཀའ་གདམས་པ་དག་གིས་ནི། གསང་བ་འདུས་པའི་ལྷ་སྤྱན་རས་གཟིགས་དང་འཇམ་དབྱངས་ལྟ་བུ་ཞིག་ལ། སྔགས་ལུགས་ཀྱི་སྒྲུབ་ཐབས་མ་ཡིན་པ་མདོ་ལུགས་ཀྱི་སྒྲུབ་ཐབས་ཡིན་པར་རློམ་པ་ཞིག་སྦྱར་ནས། སྒོམ་པའི་ཆོ་ག་བྱེད་པར་ཁས་བླངས་པ་ལྟ་བུའི་བཤད་པ་གཅིག་བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་རྣམས་ཀྱིས་བྱེད་པར་སྣང་ཡང་དེ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིགས་ལྔ་སེར་འཇམ་གྱི་བྲིས་སྐུ་རྣམ་པ་ལྔའི་སྨད་ཚར་ལ། གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་ལྷ་ཚོགས་རྣམས། ཡེ་ཤེས་ཞབས་ལུགས་ཀྱི་སྒྲུབ་ཐབས་ནས་འབྱུང་བའི་སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བ་བཞིན་དུ་བཀོད་ནས། དེ་ལ་མདོ་ལུགས་ཀྱི་ཕྱག་མཆོད་བྱེད་པ་ནི། གསང་འདུས་མདོ་ལུགས་མ་ཇོ་བོའི་མན་ངག་ལས་བྱུང་བ་ཡིན་ནོ། །ཞེས་ཟེར་བ་དེ་འགོག་པའི་དབང་དུ་མཛད་ནས་གཞུང་འདི་གསུངས་པ་ཡིན་ལ། དེའི་དོན་ནི། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་རྣམ་པ་ཅན་གྱི་ལྷ་དེ་དང་དེ་དག་མདོ་ནས་གསུངས་པ་ཡིན་པར་འགྱུར་ལ། དེ་ལྟ་ན་སེང་གེའི་ཕྲུ་གུ་གླང་ཆེན་ལས་འབྱུང་བ་དང་འདྲའོ། །ཞེས་བྱའོ། །དྲི་བྱའི་བསམ་པ་འདི་ལྟ་བུ། །དྲི་ལན་མཁན་གྱིས་མ་བརྟགས་པར། །དྲི་བ་འདི་དག་གཡས་ཆུང་ཞེས། །དྲི་ཡུལ་མཚུངས་པར་རློམ་པ་འགས། །ངེས་ངེས་རྣམ་དཔྱོད་གྲུང་པོ་ཡིས། །རིག་རིག་སྒྲིན་པོས་མ་ལྟས་པར། །ཡམ་ཡམ་བཤད་པས་བྱིས་བློ་ལ། །མཛེས་མཛེས་འདྲ་བ་འགའ་མེད་དམ།།  །།དྲི་བ་ཉེར་དགུ་པ་ནི། རྡོ་རྗེ་སློབ་མའི་དབང་ཙམ་ཞིག །ཐོབ་པས་རབ་གནས་མི་རུང་ན། །ལྷ་སྒོམ་པ་ནས་བརྟན་བཞུགས་བར། །རབ་གནས་དངོས་གཞིར་བཤད་པ་དང༌། །འགལ་བའི་དོགས་པ་མི་འབྱུང་ངམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། རྣམ་བཤད་མཛད་པ་ཀུན་གྱིས། ལྷ་སྒོམ་པ་དང་སྔགས་བཟླ་དང༌། །ཞེས་པ་ནས། བཀྲ་ཤིས་རྒྱས་པར་བྱེད་པར་བྱེད་པ་ཡི། །ཞེས་པའི་བར་གཞུང་གི་སྒྲ་ཇི་བཞིན་པ་དེ་ཉིད་ལས་ལྷག་པའི་བཤད་པ་གང་ཡང་མི་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་དེ་ཙམ་གྱིས་རབ་ཏུ་གནས་པ་ཡོངས་སུ་རྫོགས་པ་ཡིན་ན། འོ་ན་རྡོ་རྗེ་སློབ་མའི་དབང་ཙམ་ཞིག་ཐོབ་པས་ཀྱང་དེ་དག་རུང་བར་འགྱུར་ཏེ། དེས་ཀྱང་དེ་དག་བྱེད་པ་ལ་དབང་བར་ནི། གཞུང་འདི་ཉིད་དུ། རྡོ་རྗེ་སློབ་མའི་དབང་བསྐུར་ཙམ། །ཞེས་པ་ནས། གསང་སྔགས་འགའ་ཞིག་ཉན་པ་ལ། །དབང་བ་ཡིན་གྱི། ཞེས་པའི་བར་གྱིས་གསལ་བར་བསྟན་པའི་ཕྱིར་རོ། །སྙམ་དུ་དོགས་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། སྒྲ་ཇི་བཞིན་པ་ལ་དེ་ལྟ་བུའི་དོགས་པ་འབྱུང་ཡང༌། ཞེན་དོན་ལ་ཉེས་པ་མེད་དེ། དངོས་བསྟན་དེ་དག་གི་སྟེང་དུ་རབ་ཏུ་གནས་བྱའི་རྟེན་གསུམ་ལ་དབང་བསྐུར་བ་ནི་དངོས་གཞི་ཡིན་པ། འོས་མེད་ཀྱི་རིགས་པས་འཐོབ་པའི་ཕྱིར། དེ་སྐད་དུ་ཡང༌། རབ་གནས་དངོས་གཞིའི་སྡོམ་ཚིག་ཏུ། ལོ་ཆེན་གྱིས། དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་བཏབ་མངའ་དབུལ་རྒྱས་པར་བྱ། །ཞེས་གསུངས་པས་སོ།།  །།དྲི་བ་སུམ་ཅུ་པ་ནི། རྡོ་རྗེ་སློབ་དཔོན་མ་ཡིན་པས། །དབང་བསྐུར་རབ་གནས་མི་རུང་ན། །བྱ་སྤྱོད་གཉིས་ཀྱི་དབང་བསྐུར་ཙམ། །ཐོབ་པས་དེ་དག་ཇི་ལྟར་རུང༌། །རྒྱུད་སྡེ་དེ་དག་རང་རྐང་ལ། །རྡོ་རྗེ་སློབ་དཔོན་དབང་བཞེད་དམ། །བཞེད་ན་རྒྱུད་གཞུང་གང་ལས་འབྱུང༌། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་གི་དངོས་བསྟན་ལ་སློབ་མའི་དབང་ཙམ་ཐོབ་ཀྱང༌། སློབ་དཔོན་གྱི་དབང་མ་ཐོབ་པས་མི་རུང་ཞེས་པའི་དུས་ཀྱི་སློབ་དཔོན་དང་སློབ་མའི་དབང་གཉིས་ཀ་ཡང༌། རྣལ་འབྱོར་གོང་མའི་དབང་དུ་བྱས་པར་གསལ་བ་དང༌། དེ་ཡང་ཇི་ལྟར་ཞེ་ན། གཉིས་ཀ་ལ་རྡོ་རྗེ་ཞེས་བྱ་བའི་མིང་གིས་བསྟན་པ་དང༌། རྒྱུད་སྡེ་འོག་མར་སློབ་དཔོན་དུ་བྱེད་པའི་དབང་གི་ཐ་སྙད་བྱུང་ཡང༌། རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བའི་ཐ་སྙད་མི་འབྱུང་བ་དང༌། ཐ་སྙད་དེ་ཡང་རྡོ་རྗེ་སེམས་དཔར་དབང་བསྐུར་བ་ལ་བྱེད་དགོས་པ་དང༌། གཞུང་དུ། རྡོ་རྗེ་སློབ་དཔོན་དབང་ཐོབ་ནས། །འཁོར་ལོ་ལྷ་ཡི་དེ་ཉིད་སོགས། །རྣམ་དག་དཀྱིལ་འཁོར་སྒོམ་པ་དང༌། །ཞེས་རྣལ་འབྱོར་གོང་མའི་དབང་དུ་བྱས་པར་གསལ་བ་དང༌། གཞུང་དུ། རྡོ་རྗེ་སློབ་མའི་དབང་བསྐུར་ཙམ། །ཞེས་པའི་རྣམ་བཤད་མཛད་པ་ཀུ་མཱ་རས། སློབ་མའི་དབང་ཞེས་པ། རིག་པའི་དབང་ལྔ་ལ་འབྲུ་གནོན་པར་འདུག་པ་ལ་སོགས་པའི་རྒྱུ་མཚན་གྱིས་དྲིས་པ་ཡིན་ནོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། དེ་ལྟ་ཡིན་པ་དེའི་ཚེ་བྱ་སྤྱོད་གཉིས་ཀྱི་དབང་མཐའ་རྟེན་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་ཅིང༌། རྣལ་འབྱོར་གོང་མ་གཉིས་ཀྱི་དབང་མ་ཐོབ་པའི་རིག་པ་འཛིན་པ་དེས། རྒྱུད་འཆད་པ་དང༌། དབང་བསྐུར་བ་དང༌། རབ་གནས་སོགས་སློབ་དཔོན་གྱི་ཕྲིན་ལས་དེ་དག་བྱར་མི་རུང་བ་ཉིད་དུ་འགྱུར་ཏེ། དེས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ལྟ་ཞོག རིག་པའི་དབང་ལྔ་ཡོངས་སུ་རྫོགས་པར་མ་ཐོབ་པས། རྡོ་རྗེ་སློབ་མའི་དབང་ཙམ་ཡང་མ་ཚང་བའི་ཕྱིར། རྩ་བར་འདོད་ན། རྣལ་འབྱོར་གོང་མ་གཉིས་ཀྱི་དབང་ཐོབ་པའི་སློབ་དཔོན་མེད་ན། བྱ་སྤྱོད་ཀྱི་བསྟན་པ་རྒྱུན་ཆད་པར་འགྱུར་རོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་འདིར་རྡོ་རྗེ་སློབ་མ་དང་སློབ་དཔོན་གྱི་དབང་ཐོབ་མ་ཐོབ་ལས་རབ་གནས་རུང་མི་རུང་གི་རྣམ་དབྱེ་སོ་སོར་ཕྱེ་བ་དེ་ནི། རྒྱུད་སྡེ་གཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་བ་ཡིན་ཏེ། མ་ཡིན་ན་ལུང་དང་འགལ་བ་དུ་མ་འབྱུང་བས་ཧ་ཅང་ཐལ་བའི་ཕྱིར་རོ། །དེས་ན་བྱ་སྤྱོད་ཀྱི་དབང་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་སུ་འབྱེད་པའི་ཐ་སྙད་ཀྱི་ཚོམས་གསལ་པོ་མི་སྣང་ཡང༌། རང་རང་གི་སློབ་དཔོན་དུ་བྱེད་པའི་དབང་བསྐུར་བ་ཞེས་བྱ་བའི་ཐ་སྙད་གཅིག་ཡོད་ལ། དེར་དབང་བསྐུར་ཟིན་ནས། སློབ་དཔོན་དུ་གནང་བ་ཐོབ་པ་དེ་རྡོ་རྗེའི་སློབ་དཔོན་ཡིན་པ་ལས་འོས་མེད་པའི་ཕྱིར་ན། དབང་བསྐུར་དེ་ལ་ཡང་སྒྲ་ཡངས་པའི་དབང་དུ་བྱས་ན། རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བའི་ཐ་སྙད་འཇུག་ཏུ་རུང་ངོ༌། །སློབ་དཔོན་གྱི་དབང་གི་ཐ་སྙད་ཇི་ལྟར་ཡོད་པ་ཡང༌། གསང་བ་སྤྱི་རྒྱུད་ལས། ལྷ་ཡི་རིགས་རྣམས་མཐོང་བ་ལ། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་གཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དང་པོར་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་བྱའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་གསུང༌། དེ་ཡང་དབང་བསྐུར་དང་པོའི་ངོས་འཛིན་ནི། ཆུ་དང༌། ཅོད་པཎ་གྱི་དང༌། གཉིས་པའི་ངོས་འཛིན་ནི། བཟླས་པའི་ལུང་སྦྱིན་པ་དང༌། གསུམ་པའི་ངོས་འཛིན། ཁྲུས། བྱབ། བསྲུང་བ་གསུམ་ལ་འཆད་དགོས་པ་དང༌། བཞི་པའི་ངོས་འཛིན། བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་སྒོ་ནས་ཤིས་པ་བརྗོད་པ་ལ་འཆད་དགོས་པ་ཡིན་ནོ། །ཞེས་རྗེ་བླ་མ་གསུང་ངོ༌། །དེ་ལྟ་ན་ཡང༌། བྱ་སྤྱོད་ཀྱི་དཀྱིལ་འཁོར་དུ་དབང་དེ་དག་རྫོགས་པར་ཐོབ་པའི་རིག་པ་འཛིན་པ་འདི་ལ། རིགས་གཉིས་ཏེ། སློབ་མའི་རིགས་དང༌། སློབ་དཔོན་གྱི་རིགས་སུ་གྱུར་པའོ། །དང་པོ་ནི། དབང་དེ་བསྐུར་བའི་སྣོད་དུ་རུང་བ་ལྟར་ཐོབ་པ་ཕལ་ཆེ་བ་རྣམས་སོ། །གཉིས་པ་ནི། དེ་དག་གི་ནང་ནས་སློབ་དཔོན་དུ་འོས་པ་གཅིག་གམ་གཉིས་ལ་སོགས་པ་ཉུང་ཤས་ཤིག་དབང་སྟེགས་ཁྱད་པར་ཅན་ལ་གཞག སྤྱི་བོར་གདུགས་ཕུབ། མཆོད་ཅིང་བསྙེན་བཀུར་བ་དང༌། བཀྲ་ཤིས་པའི་རྫས་མང་པོས་ཤིས་པ་བརྗོད་ནས། འདི་སྐད་ཅེས། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །ཞེས་སོགས་བརྗོད་པར་གསུངས་སོ། །དེ་དང་འདྲ་བར། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལས་ཀྱང༌། ལག་པ་གཡས་སུ་རྡོ་རྗེ་དང༌། །གཡོན་དུ་འཁོར་ལོ་གཞག་ནས་སུ། །སློབ་མ་དེ་ལ་འདི་སྐད་དུ། །རྡོ་རྗེ་སློབ་དཔོན་ཁྱོད་གྱུར་ཏེ། །ཞེས་པ་ནས། ཇི་ལྟར་འཁོར་ལོ་སྒྱུར་བའི་རྒྱལ། །བདག་པོ་བྱ་ཕྱིར་དབང་བསྐུར་བ། །དེ་བཞིན་ཆོས་རྒྱལ་དབང་བསྐུར་ཕྱིར། །རྡོ་རྗེ་བློ་ལྡན་དབང་བསྐུར་བརྗོད། །ཅེས་གསུངས་སོ། །དེ་ལྟར་བཤད་པ་ན། དབང་བསྐུར་བཞིའི་ཐོག་མར་སྨོས་པའི་སློབ་དཔོན་གྱི་དབང་ཞེས་པ་དེ། རྡོ་རྗེ་སློབ་དཔོན་གྱི་ཕྲིན་ལས་སྒྲུབ་པ་ལ་ཅི་དགར་དབང་བ་ཉིད་དུ་བྱེད་པའི་བྱེད་ཆོས་སུ་གྱུར་པའི་སློབ་དཔོན་གྱི་དབང་ནི་མ་ཡིན་ཏེ། དེ་ལས་གཞན་པའི་སློབ་མའི་དབང་མེད་པའི་ཕྱིར་དང༌། རྡོ་རྗེ་སློབ་དཔོན་དུ་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ནི། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་དབང་སྟེགས་ལ་འཇོག་པ་ལ་སོགས་པའི་རྗེས་གནང་དེ་དག་ལ་འཇོག་དགོས་པའི་ཕྱིར། དེ་ལས་གཞན་དུ་ན། བྱ་སྤྱོད་ཀྱི་དབང་གི་སྔོན་འགྲོར་རིགས་ལྔའི་སྡོམ་པ་འཛིན་རིགས་པར་འགྱུར་ཏེ། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་མཚན་ཉིད་པ་ལ་སྡོམ་པ་དེ་འཛིན་པ་སྔོན་དུ་འགྲོ་དགོས་པར་ཚད་ལྡན་གྱིས་ལུང་ལས་འབྱུང་བའི་ཕྱིར། འོ་ན་རྒྱུད་སྡེ་འོག་མ་དེ་དང་དེར་དབང་བསྐུར་བ་མ་ཐོབ་བར། བླ་མེད་ཀྱི་དཀྱིལ་འཁོར་དུ་རིག་པའི་དབང་ལྔ་ཙམ་ཐོབ་པའི་རིག་པ་འཛིན་པ་འདིས། རབ་ཏུ་གནས་པ་བྱར་རུང་ངམ་མི་རུང་ཞེས་བརྟགས་ན། གཞུང་གི་དངོས་བསྟན་ལ་ནི་མི་རུང་བ་ལྟ་བུར་སྣང་ལ། སྤྱིར་འགངས་ཀྱི་བབས་ལ་ལྟས་ན། དེ་འདྲ་དེས་བྱ་སྤྱོད་ཀྱི་སྒོ་ནས་རབ་གནས་བྱར་རུང་ངོ་ཞེས་རྣམ་པར་བཤད་དགོས་ཏེ། བླ་མེད་ཀྱི་དཀྱིལ་ཆོག་དག་ན། དེ་འདྲ་དེ་བྱ་སྤྱོད་ཀྱི་སློབ་དཔོན་དུ་འོས་པར་བཤད་པའི་ལུང་ལས་དང༌། དེ་འདྲ་དེས་བྱ་སྤྱོད་ནས་བཤད་པའི་སློབ་དཔོན་དུ་བྱེད་པའི་དབང་བསྐུར་ཚང་བར་ཐོབ་ཟིན་པའི་རིགས་པ་ལས་སོ། །གལ་ཏེ་བྱ་སྤྱོད་ཀྱི་དབང་རང་གིས་མ་ཐོབ་པར། གཞན་ལ་དེའི་དབང་བསྐུར་བ་མི་རིགས་སོ་སྙམ་ན། རང་ལུགས་ལ་མི་རིགས་པར་འཆད་དགོས་པ་ལྟ་བུར་སྣང་ཡང༌། ངེས་པ་མེད་པའི་ཚུལ་འདི་ལྟར། སྤྱི་རྒྱུད་ལས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ། །གང་ཞིག་མངོན་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་གྱི། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་གི །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རིགས་གཉིས་དཀྱིལ་འཁོར་གྱི། །སློབ་དཔོན་དུ་ནི་དབང་བསྐུར་འགྱུར། །ཕྱག་ན་རྡོ་རྗེ་གཟི་བྱིན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེ་རིགས་གཅིག་གི །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །མ་མོ་གནོད་སྦྱིན་དྲག་པོ་ཡི། །དཀྱིལ་འཁོར་གང་དག་ཅི་བཤད་པ། །ཐམས་ཅད་དེ་དག་ཀུན་གྱིས་ཀྱང༌། །དོགས་པ་མེད་པར་བྲི་བར་བྱ། །ཞེས་གསུངས་པས་སོ། །སློབ་དཔོན་གྱི་དབང་གི་མིང་ཅན་ནི་གཉིས་ཏེ། བྱ་སྤྱོད་ལས་བཤད་པ་སློབ་དཔོན་དུ་བྱེད་པའི་རྗེས་གནང་དང༌། རྒྱུད་སྡེ་གོང་མ་ལས་འབྱུང་བ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ལའང་གཉིས་ཏེ། རྣལ་འབྱོར་རྒྱུད་ལས་འབྱུང་བ་དང༌། བླ་མེད་ལས་འབྱུང་བའོ། །དེ་ལའང་གཉིས་ཏེ། བུམ་དབང་ཙམ་ལ་དེར་གཞག་པ་དང༌། དབང་བཞི་ཀ་ཡོངས་སུ་རྫོགས་པ་ལ་དེར་གཞག་པའོ། །ཕྱི་མ་འདི་གཙོ་ཆེ་བ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། བུམ་པའི་དབང་ཙམ་གྱིས་ནི་སློབ་དཔོན་མ་ཡིན་ཏེ། སློབ་དཔོན་གྱི་ངེས་ཚིག་དང་མི་ལྡན་པའི་ཕྱིར་རོ། །ཞེས་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང་དབང་བཞི་ཀ་རྫོགས་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་བསྐུར་བར་གསུངས་པས་སོ། །དངོས་བཏགས་ཞིབ་མོ་དེ་ལྟར་ཡིན་ཀྱང༌། རྗེས་གནང་ལ་དབང་གི་མིང་བཏགས་པ་ཤིན་ཏུ་མང་བས་མི་འགལ་ལོ།།  །།དྲི་བ་སོ་གཅིག་པ་ནི། བྱ་བའི་རྒྱུད་དུ་རིགས་ལྔ་ཡི། །དོན་མ་གྲུབ་ན་རིགས་གསུམ་དང༌། །ནོར་བུ་དང་ནི་རྒྱས་པའི་རིགས། །རྣམ་ལྔ་གསུངས་པ་གང་གི་དོན། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། བྱ་སྤྱོད་གཉིས་ཀྱི་རྒྱུད་ལས་ཀྱང༌། །སངས་རྒྱས་རིགས་ལྔར་བསྡུས་པ་མེད། །ཅེས་དང༌། སྤྱོད་པའི་རྒྱུད་དུ་རིགས་ལྔ་ཡི། །དོན་གྲུབ་ན་ཡང་ཐ་སྙད་མེད། །ཅེས་པའི་གཞུང་ཚན་པ་གཉིས་ཀྱི་སྒྲས་ཟིན་ལ་བརྟགས་པ་ན། སངས་རྒྱས་ཐམས་ཅད་རིགས་ལྔར་བསྡུས་པ་ནི་བྱ་སྤྱོད་གཉིས་ཀ་ན་མེད་མཉམ་དུ་འདྲ་ཡང༌། བྱ་རྒྱུད་ན་ནི་རིགས་ལྔའི་དོན་དང་ཐ་སྙད་གཉིས་ཀ་མེད་པར་མཚུངས་ལ། སྤྱོད་པའི་རྒྱུད་དུ་རིགས་ལྔའི་ཐ་སྙད་མེད་ཀྱང་དོན་ཙམ་ཞིག་གསུངས་སོ། །ཞེས་བཤད་པ་ལྟ་བུར་སྣང་ལ། སྤྱོད་རྒྱུད་དུ་རིགས་ལྔའི་དོན་གྲུབ་པའི་ཤེས་བྱེད་ལ་རྣམ་བཤད་མཛད་པ་བསམ་ཡས་པ་དང༌། ཀུ་མཱ་ར་གཉིས་ཀས། སྤྱོད་རྒྱུད་ཀྱི་མཚན་གཞི་ངན་སོང་སྦྱོང་རྒྱུད་ལ་བཤད་ནས། ཀུན་རིག་རྣམ་སྣང་གི་དོན་དང༌། སྦྱོང་བའི་རྒྱལ་པོ་མི་སྐྱོད་པའི་དོན་དང༌། རྒྱལ་མཆོག་རིན་ཆེན་ནི་རིན་ཆེན་འབྱུང་ལྡན་གྱི་དོན་དང༌། ཤཱཀྱ་རི་དབང་འོད་དཔག་མེད་ཀྱི་དོན་དང༌། མེ་ཏོག་ཆེར་རྒྱས་ནི་དོན་ཡོད་གྲུབ་པའི་དོན་ཡིན་ཞིང༌། དེ་ལྟ་ནའང་དེའི་ཐ་སྙད་བཏགས་པ་མེད་ལ། སྐུ་མདོག་དང་ཕྱག་རྒྱ་ཡང་རྣལ་འབྱོར་གྱི་རྒྱུད་ནས་བཤད་པ་དང་མི་མཐུན་ཏེ། རྣམ་སྣང་དང་སྦྱོང་རྒྱལ་གཉིས་ཀ་སྐུ་མདོག་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དང༌། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དང༌། ཤཱཀྱ་རི་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བཤད་པས་སོ། །ཞེས་གསུང་བར་སྣང་བ་དང༌། སྒ་གདོང་པ་ནི་ཕྱོགས་སྔ་མས་སྤྱོད་རྒྱུད་དུ་འདོད་པའི་ངན་སོང་སྦྱོང་རྒྱུད་ལས། ཞེས་སྦྱར་ནས་སྔ་མ་ལྟར་འཆད་དོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། འོ་ན་བྱ་བའི་རྒྱུད་དུ་ཡང་རིགས་ལྔའི་དོན་གྲུབ་པར་འགྱུར་ཏེ། དེར་དེ་བཞིན་གཤེགས་པའི་རིགས་དང༌། པདྨའི་རིགས་དང༌། རྡོ་རྗེའི་རིགས་དང༌། ནོར་བུའི་རིགས་དང༌། རྒྱས་པའི་རིགས་ཏེ། འཇིག་རྟེན་ལས་འདས་པའི་རིགས་ལྔ་དང༌། འཇིག་རྟེན་པའི་རིགས་དང་དྲུག་བཤད་པ་ལས། དང་པོ་ལྔ་པོ་དེ་རྒྱལ་བ་རིགས་ལྔ་དང་དོན་གཅིག་པའི་ཕྱིར་ཏེ། རྒྱུད་སྡེ་གོང་མའི་ནང་ན་ཡང༌། རིགས་གསུམ་པོ་ནི་དེ་དང་དེའི་རིགས་སུ་འཆད་པ་ལ་རྩོད་པ་མེད་ལ། ནོར་བུ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་པ་དང༌། རྒྱས་པའི་རིགས་ནི་ལས་ཀྱི་རིགས་ལས་འོས་མེད་དེ། ནོར་ཕྱུག་པ་དང༌། རིགས་རྒྱུད་འཕེལ་བ་ལ་སོགས་པ། ལས་རབ་འབྱམས་སྒྲུབ་བྱེད་ཀྱི་ལྷའི་རིས་སུ་གསུངས་པའི་ཕྱིར་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་བ་དང༌། དེ་ཙམ་གྱིས་རིགས་ལྔའི་དོན་གྲུབ་པར་འཇོག་མི་ནུས་ན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*