སྤྱོད་པའི་རྒྱུད་དུ་རིགས་ལྔའི་དོན་གྲུབ་པར་འཇོག་པ་ཡང་དཀའ་བ་ཡིན་ཏེ། སངས་རྒྱས་ཐམས་ཅད་རིགས་ལྔར་བསྡུས་པ་ནི་དེ་ན་ཡང་མི་སྣང་བའི་ཕྱིར་དང༌། དེ་ལ་དེ་མེད་པར་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར། སྙམ་པའི་དོགས་པ་འདི་དག་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། རང་གི་ལན་གདབ་པ་དང༌། གཞན་གྱི་ལན་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། དེས་དྲི་བ་སོ་གཉིས་པའི་ལན་ཡང་ཐེབས་པར་བསྟན་པའོ། །དང་པོ་ནི། བྱ་བའི་རྒྱུད་ཀྱི་ལྷ་ཇི་སྐད་བཤད་པ་དེ་དང་དེ་དག་གིས། དེ་བཞིན་གཤེགས་པ་རིགས་ལྔའི་དོན་ལེགས་པར་གྲུབ་ཅིང༌། ཐ་སྙད་ཀྱང་ཚང་བ་ཡིན་མོད། དེ་ཙམ་གྱིས་བྱ་བའི་རྒྱུད་དུ་སངས་རྒྱས་རིགས་སྔར་བསྡུས་པ་ཉིད་དུ་ཐལ་བའི་ཉེས་པ་མི་འབྱུང་སྟེ། དེར་འཇོག་པ་ལ་ནི་དཀྱིལ་འཁོར་གཅིག་གི་ནང་དུ་བཀོད་པའི་ལྷ་ཚོགས་ལ་རྒྱལ་བ་རིགས་ལྔ་ཚང་བར་བྱས་ནས། སྦྱང་གཞི་ཕུང་པོ་ལྔའམ། ཡང་ན་དུས་འཁོར་ལས་འབྱུང་བ་ལྟར། འབྱུང་བ་ལྔ་སྦྱོང་བྱེད་དུ་སྦྱར་ནས། སྐུ་མདོག་དང་ཕྱག་རྒྱ་མི་འདྲ་བར་སྦྱར་བ་ཞིག་དགོས་པ་ཡིན་པ་ལས། བྱ་བའི་རྒྱུད་ཀྱི་རྒྱུད་སྡེ་སྒོ་དྲུག་པོ་གང་ན་ཡང་དེ་འདྲ་མ་དམིགས་པའི་ཕྱིར། རྣལ་འབྱོར་གོང་མའི་དཀྱིལ་འཁོར་དུ་རིགས་ཆེ་བ་ལྔ་ཚང་དགོས་པ་དེ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། རྒྱུད་སྡེ་གོང་མ་གཉིས་ཀྱི་དཀྱིལ་འཁོར་ལ་བཀོད་པའི་ལྷ་གང་ཡིན་རིགས་ཆེ་བ་ལྔར་བསྡུས་པ་དང༌། སྐུ་མདོག་དང་ཕྱག་རྒྱ་སོགས་མི་འདྲ་བ་ཁོ་ནར་འབྱུང་བའི་ཁྱབ་པ་མེད་དེ། དེ་དང་དེའི་ཡན་ལག་ཏུ་གྱུར་པ་འགའ་ཞིག་ལ་དེ་ལྟ་བུ་མི་འབྱུང་བ་སྲིད་པའི་ཕྱིར་དང༌། རིགས་གཅིག་ཉིད་ལ་ཡང་རིགས་ལྔར་ཕྱེ་བའི་ཚེ་ན་དེ་ལྟ་བུ་མི་འབྱུང་བ་སྲིད་པའི་ཕྱིར་རོ། །འོ་ན་བྱ་བའི་རྒྱུད་དུ་རིགས་ལྔའི་དོན་གྲུབ་པའི་གོ་བ་ཅི་ཞེ་ན། དེའི་དོན་ནི། བྱ་རྒྱུད་ཀྱི་དཀྱིལ་འཁོར་གཅིག་ནས་བཤད་པའི་ལྷ་ཐམས་ཅད་ལྔའམ་དྲུག་ཏུ་བསྡུས་པ་མ་ཡིན་གྱི་བྱ་བའི་རྒྱུད་ཀྱི་དབང་དུ་བྱས་པའི་རྒྱུད་ཐམས་ཅད་རྒྱུད་སྡེ་སྒོ་དྲུག་ཏུ་བསྡུས་པའི་དབང་དུ་བྱས་པ་ཡིན་ཏེ། བྱ་བའི་རྒྱུད་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་རྒྱུད་དང༌། པདྨའི་རིགས་ཀྱི་རྒྱུད་ལ་སོགས་པ་དྲུག་ཏུ་བསྡུས་ནས། དེ་དག་རེ་རེ་ལའང་ཅི་རིགས་པར། རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་དང༌། གཙུག་ཏོར་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་ཕོ་མོའི་དབང་དུ་བྱས་པའི་རྒྱུད་ཀྱི་བྱེ་བྲག་སོ་སོར་ཕྱེ་ནས་འཆད་པའི་དབང་དུ་མཛད་པའི་ཕྱིར་དང༌། བྱ་རྒྱུད་ཀྱི་དཀྱིལ་འཁོར་གཅིག་གི་ལྷ་གྲངས་ལ་རིགས་གསུམ་ཀའམ་ལྔ་ཚང་བར་བཤད་པ་མེད་པའི་ཕྱིར་རོ། །རྒྱུད་སྡེ་སྒོ་དྲུག་པོ་དེ་ཡང་རིགས་གསུམ་གྱི་རྒྱུད་དུ་འདུས་པ་དང༌། གསུམ་པོ་ཡང་གསང་སྔགས་དང་རིག་སྔགས་ཀྱི་རྒྱུད་གཉིས་སུ་འདུས་ཤིང༌། གཉིས་པོའི་ཁྱད་པར་ཐབས་དང༌། ལྷ་ཕོ་གཙོ་བོར་གྱུར་པ་ནི་གསང་སྔགས་ཀྱི་དང༌། ཤེས་རབ་དང༌། ལྷ་མོ་གཙོ་བོར་གྱུར་པ་ནི་རིག་སྔགས་ཀྱི་རྒྱུད་ཡིན་ནོ། །ཞེས་བླ་མ་གོང་མ་དག་གསུང་ངོ༌། །གཉིས་པ་ནི།། །།དྲི་བ་སོ་གཉིས་པ། སྤྱོད་པའི་རྒྱུད་དུ་རིགས་ལྔ་ཡི། །དོན་གྲུབ་ན་ནི་པདྨའི་རིགས། །རྒྱུད་གཞུང་གང་གིས་སྟོན་པ་འདྲི། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་གཅིག་ལ་བཀོད་པའི་ལྷ་ཐམས་ཅད་རིགས་སྔར་བསྡུས་པ་མེད་པར་ནི། ཇི་སྐད་དུ། བྱ་སྤྱོད་གཉིས་ཀྱི་རྒྱུད་ལས་ཀྱང༌། །སངས་རྒྱས་རིགས་སྔར་བསྡུས་པ་མེད། །ཅེས་བཤད་པ་དེ་ཉིད་ཀྱིས་གྲུབ་ཟིན་པས། དེའི་ཕྱིར་རིགས་ལྔ་སྟོན་བྱེད་ཀྱི་རྒྱུད་སོ་སོ་བ་དག་ཡོད་པ་ལ་འཆད་དགོས་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། འོ་ན་དེ་བཞིན་གཤེགས་པའི་རིགས་སྟོན་བྱེད་ཀྱི་རྒྱུད་ནི་རྣམ་སྣང་མངོན་བྱང་དང༌། རྡོ་རྗེའི་རིགས་སྟོན་བྱེད་ནི་ཕྱག་རྡོར་དབང་བསྐུར་ལྟ་བུ་ཡིན་ཞིང༌། པདྨའི་རིགས་སྟོན་བྱེད་ཀྱི་རྒྱུད་ནི་མེད་དོ། །ཞེས་རྗེ་གོང་མ་དག་དང༌། དེའི་ཡང་གོང་མ་དག་གསུང་བ་དང་འགལ་ལོ་སྙམ་པའི་དོགས་པ་འདི་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། སྤྱོད་པའི་རྒྱུད་དུ་རིགས་ལྔའི་དོན་གྲུབ་ཅེས་པ་དེའི་དོན་ནི། དཀྱིལ་འཁོར་གཅིག་གི་ལྷ་གྲངས་ལ་རིགས་ལྔ་ཚང་མར་བཀོད་པ་ཞིག་ཡོད་པ་ལ་དགོངས་པ་ཡིན་ལ། ཇི་སྐད་དུ། སྤྱོད་པའི་རྒྱུད་དུ། སངས་རྒྱས་རིགས་ལྔར་བསྡུས་པ་མེད། །ཅེས་གསུངས་པ་དེ་ནི། རིགས་ལྔའི་ཐ་སྙད་དང༌། སྐུ་མདོག་དང༌། ཕྱག་རྒྱ་རྣམས་རྣལ་འབྱོར་གོང་མ་གཉིས་བཞིན་དུ་མ་བཤད་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། ཕྱག་རྒྱ་སྐུ་མདོག་རྣམས་དག་ཀྱང༌། །རྣལ་འབྱོར་རྒྱུད་བཞིན་དེར་མ་གསུངས། །ཞེས་བཤད་པས་སོ། །འོ་ན་སྤྱོད་པའི་རྒྱུད་དུ་རིགས་ལྔའི་དོན་གྲུབ་པ་དེ་ལྟ་བུ་གང་ན་ཡོད་ཅེ་ན། ཕྱག་རྡོར་དབང་བསྐུར་ལས་བཤད་པའི་སྙིང་པོའི་དཀྱིལ་འཁོར་ལ། རྣམ་སྣང༌། རིན་ཆེན་ཏོག མེ་ཏོག་ཀུན་རྒྱས། འོད་དཔག་མེད། མི་འཁྲུགས་པ་སྟེ། རྒྱལ་བ་རིགས་ལྔ་བཤད་པ་ལྟ་བུའོ། །གཉིས་པ་ནི། ངན་སོང་སྦྱོང་རྒྱུད་སྤྱོད་པའི་རྒྱུད་དུ་འཆད་པ། བསྟན་བཅོས་མཛད་པའི་དགོངས་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། སྤྱིར་ངན་སོང་སྦྱོང་རྒྱུད་སྤྱོད་རྒྱུད་དུ་འཆད་པའི་ཚད་ལྡན་སུ་ཡང་མི་འདུག་པ་ཙམ་དུ་མ་ཟད། རྗེ་བཙུན་ཆེན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཞེད་པའི་ཕྱིར་དང༌། དེར་བཤད་པའི་རིགས་ལྔའི་སྐུ་མདོག་ཀྱང་དཀར་པོ་ཤ་སྟག་ཏུ་འཆད་པ་རྒྱུད་ཀྱི་དངོས་བསྟན་དང་མཐུན་ནོ་ཞེས་འཆད་པའི་ཚད་ལྡན་དག་ཀྱང་སྣང་བའི་ཕྱིར་རོ། །འདི་ཕྱོགས་སྔ་མས་སྤྱོད་རྒྱུད་དུ་ཁས་བླངས་གསུང་བ་ཡང་མི་འཐད་དེ། དེ་དེར་ཁས་ལེན་པ་ཕྱོགས་ལྔའི་འདོད་པ་ཡིན་པ་ལ་ཤེས་བྱེད་གསལ་པོ་མི་འདུག་པའི་ཕྱིར་དང༌། འདིའི་ཕྱོགས་སྔ་ནི། ཇི་སྐད་དུ། སྤྱོད་པའི་རྒྱུད་ཀྱི་ཀུན་རྫོབ་དང༌། །རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ནི། །རིགས་ལྔའི་རྒྱལ་བར་སྣང་བ་ཡིན། །ཞེས་པ་དེ་ཡིན་ལ། དེ་ལ་ནི་སྦྱོང་རྒྱུད་སྤྱོད་རྒྱུད་དུ་འདོད་པའི་རྒྱུ་མཚན་ཅི་ཡང་མ་ཚང་བའི་ཕྱིར། ཕྱོགས་སྔ་མ་འདི་དག་ནི་ལོ་ཙཱ་བ་ཆེན་པོ་ཀ་བ་དཔལ་བརྩེགས་ཀྱིས་མཛད་པའི་ལྟ་བའི་རིམ་པ་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཀྲཱི་ཡ་དོན་དམ་ཆོས་ཉིད་ལྟ། །ཀུན་རྫོབ་རང་རིག་ཡོན་ཏན་ལྟ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོ་འཁྲུལ་པ་མེད་པར་འདོད། །གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྷར་མཐོང་འཁྲུལ། །མ་ཧཱ་ཡོ་ག་དོན་དམ་དུ། །རང་རིག་གཉིས་མེད་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་དྲུག་སོགས་པའི། །ལྷར་སྣང་བ་ལས་འཁོར་བ་མེད། །ཨ་ནུ་ཡོ་ག་དོན་དམ་དུ། །བདེ་ཆེན་རྟོགས་པའི་རིགས་བཙལ་བས། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང༌། །དེ་ཕྱིར་སྐྱེ་བོས་བཏགས་པས་འཁྲུལ། །ཨ་ཏི་ཡོ་ག་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའི། །ཡེ་ཤེས་མཐའ་གསུམ་བྲལ་བ་ལ། །བཏགས་པ་གཉིས་པོ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་ལྟར། །ཇི་བཞིན་མ་ནོར་བདེན་མཐོང་ཡིན། །ཞེས་གསུངས་སོ། །ཕྱོགས་སྔ་མ་འདི་དག་ལ་ཞིབ་ཏུ་བརྟགས་ནས། ལྟ་སྒོམ་མ་ཕྱེད་པའི་སྐྱོན་ཇི་ལྟར་འབྱུང་ཡང་དཔྱད་པར་བྱའོ།། །།དྲི་བ་སོ་གསུམ་པ་ནི། ཛཻ་ཏཱ་རི་ཡི་ཚེ་དཔག་མེད། །ལྷ་དགུ་རྒྱུད་སྡེ་གང་གི་ལུགས། །རིགས་ལྔ་སེར་འཇམ་མི་འཐད་ན། །དམར་འཇམ་འཐད་པ་དཀའ་བའི་གནས། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། བྱ་སྤྱོད་གཉིས་སུ་རིགས་ལྔའི་ཐ་སྙད་མི་འབྱུང་བར་བཤད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། དེ་ལྟ་ཡིན་པ་འོ་ན། སློབ་དཔོན་ཛཻ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་མེད་ཀྱི་ལྷ་དགུ་འདི་བྱ་སྤྱོད་རྒྱུད་ལྟར་བཀྲལ་བ་ཡིན་ནམ། རྣལ་འབྱོར་རྒྱུད་ལྟར་བཀྲལ་བ་ཡིན། དང་པོ་ལྟར་ན། དེ་གཉིས་སུ་རིགས་ལྔའི་ཐ་སྙད་མི་འབྱུང་བར་འཆད་པ་དང་འགལ། གཉིས་པ་ལྟར་ན། རྣལ་འབྱོར་རྒྱུད་ལས་གསུངས་པའི་རིགས་ལྔ་སྐུ་མདོག་དང་ཕྱག་རྒྱ་མི་མཐུན་པ་ཁོ་ན་འཆད་པ་དང་འགལ་ལོ་སྙམ་པ་དང༌། དེ་བཞིན་དུ་སྤྱོད་རྒྱུད་ཀྱི་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་རིགས་ལྔ་པོ་དཀར་འཇམ་དུ་བཤད་ནས། འཁོར་རྣམས་ཕྱག་རྒྱ་མཐུན་པ་ཁོ་ནར་བཤད་པ་དང༌། བརྟག་གཉིས་སུ། བདག་མེད་མ་ལྷ་མོ་བཅོ་ལྔ་པོ་ཐམས་ཅད་སྐུ་མདོག་ནག་འཇམ་དུ་བཤད་ཅིང༌། དེ་དག་ཀྱང་རྡོ་རྗེའི་རིགས་དང༌། རིན་ཆེན་རིགས་ལ་སོགས་པར་དབྱེ་དགོས་པས་སོ། །སྙམ་པའི་དོགས་པ་འདི་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། རིགས་ལྔའི་མིང་ཅན་ལ། རང་གི་ངོ་བོ་ནས་བཟང་ངན་མེད་ཀྱང༌། གདུལ་བྱའི་རིམ་པ་དང་བསྟུན་ནས་མདོ་དང་རྒྱུད་སྡེ་རྣམས་སུ་རིགས་ལྔའི་མིང་ཅན་ལ་འཆད་ཚུལ་གཉིས་འབྱུང་བ་ཡིན་ཏེ། གཅིག་ནི་བསོད་ནམས་བསོག་པའི་ཡན་ལག་ཏུ་གདུལ་བྱ་རང་ལས་རྫས་གཞན་པའི་ཚུལ་གྱིས་རྒྱུའི་སྐྱབས་སུ་གཞག་པ་དང༌། གཅིག་ཤོས་ནི་སྦྱང་གཞི་སྦྱོང་བྱེད་དུ་སྦྱར་ནས། གདུལ་བྱ་རང་རྒྱུད་ལ་འབྱུང་རུང་གི་ཚུལ་གྱིས་འབྲས་བུའི་སྐྱབས་སུ་གཞག་པ་གཉིས་སོ། །ཕྱི་མ་དེ་ནི་རྣལ་འབྱོར་གོང་མ་གཉིས་ཀྱི་ཁྱད་ཆོས་ཡིན་ཏེ། སྦྱང་གཞི་ཕུང་པོ་ལྔ། སྦྱང་བྱ་ཉོན་མོངས་པ་ལྔ། སྦྱོང་བྱེད་རིག་པའི་དབང་ལྔ་བསྐུར་ནས། ཡེ་ཤེས་ལྔ་རྗེས་མཐུན་པས་འབྲས་བུ་ལམ་དུ་བྱས་པ་ལ་བརྟེན་ནས། སྦྱངས་འབྲས་དེ་བཞིན་གཤེགས་པ་རིགས་ལྔ་འབྱུང་བ་དེ་ནི་བྱ་བའི་རྒྱུད་ལ་མེད་ཅིང༌། སྤྱོད་པའི་རྒྱུད་དུ་ནི་དོན་རྗེས་མཐུན་པ་ཡོད་ཀྱང་ཐ་སྙད་མེད་པའི་ཕྱིར། དོན་ཡོད་པའི་ཤེས་བྱེད་ཀྱི་རྩ་བ་ཡང་རིག་པའི་དབང་ལྔ་རྗེས་མཐུན་པ་ཡོད་པ་ལ་ཐུག་གོ །རྒྱུད་སྡེ་གོང་མ་གཉིས་སུ་རིགས་ཆེན་ལྔ་ལ་སེར་འཇམ་ལ་སོགས་པ་སྐུ་མདོག་དང་ཕྱག་རྒྱ་མཐུན་པ་མི་སྲིད་ཀྱང༌། དེ་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བའི་རིགས་ཆུང་རྣམས་དང༌། རིགས་སོ་སོ་བ་ཡིན་ཀྱང་འདེབས་བྱེད་མ་ཡིན་པ་རྣམས་ལ་ནི་སྐུ་མདོག་དང་ཕྱག་རྒྱ་ཆབས་གཅིག་ཏུ་མཐུན་པ་སྲིད་པས་ཧ་ཅང་ཐལ་བ་མེད་དོ། །འཇོག་ཚུལ་དང་པོ་ནི། བྱ་བའི་རྒྱུད་དུ་མ་ཟད། མདོ་སྡེ་དག་ན་ཡང་ཡོད་པ་ཡིན་ཏེ། གསེར་འོད་དམ་པའི་མདོ་སྡེ་ལས། བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པས་དབུས་ཀྱི་རྣམ་སྣང་བསྟན་པ་ཡིན་ལ། མི་འཁྲུགས་པས་ནི་ཤར་ཕྱོགས་སུ། །རིན་ཆེན་ཏོག་གིས་ལྷོ་ཕྱོགས་སུ། །འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ། །རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ། །ཞེས་གསུངས་པ་དང༌། མདོ་སྡེ་མང་པོ་ནས་མི་འཁྲུགས་པའི་ཞིང་ཁམས་ཤར་ཕྱོགས་ན་ཡོད་པ་དང༌། འོད་དཔག་མེད་ཀྱི་ཞིང་ཁམས་ནུབ་ཕྱོགས་ན་ཡོད་པ་སོགས་རྒྱ་ཆེར་གསུངས་ལ། བྱ་བའི་རྒྱུད་དུ་ཡང་གོང་དུ་དྲངས་ཟིན་པ་ལྟར་རིགས་ལྔའི་དོན་གསལ་བར་གསུངས་པ་ཡིན་ནོ། །དེ་ལྟར་ན་ཛཻ་ཏཱ་རིའི་ཚེ་དཔག་མེད་ལྷ་དགུ་ནི། ཚེ་དཔག་ཏུ་མེད་པའི་མདོ་བྱ་རྒྱུད་རང་རྐང་གི་ཚུལ་དུ་བཀྲལ་བ་ཡིན་ལ། དེའི་ཚེ་ན་རིགས་ལྔའི་མིང་གསལ་བར་གསུངས་ཀྱང༌། སྦྱང་གཞི་ཕུང་པོ་ལྔ་སྦྱོང་བར་ནུས་པའི་རིགས་ལྔ་མཚན་ཉིད་པ་མ་ཡིན་ཏེ། དགུ་པོ་ཐམས་ཅད་ཀྱང་རིགས་ཆེན་ལྔའི་ཡ་གྱལ་དུ་གྱུར་པའི་པདྨའི་རིགས་ལས་ཕྱེ་བ་མ་ཡིན་གྱི། བྱ་རྒྱུད་རིགས་གསུམ་གྱི་ཡ་གྱལ་དུ་གྱུར་པའི་འོད་དཔག་ཏུ་མེད་པ་གཅིག་པུ་ལས་ཕྱེ་བ་ཡིན་པས། པདྨའི་རིགས་གཅིག་པུར་འདུས་པ་དང༌། གཅིག་པུ་དེ་ཡང༌། རང་རང་མཐུན་པའི་རིག་པའི་དབང་མཚན་ཉིད་པ་བསྐུར་བའི་སྒོ་ནས་སྦྱང་གཞི་འདུ་ཤེས་ཀྱི་ཕུང་པོ་དང༌། སྦྱང་བྱ་འདོད་ཆགས་སྦྱོང་བྱེད་དུ་བསྟན་པ་མེད་པའི་ཕྱིར་རོ། །ཛཻ་ཏཱ་རིའི་གཞུང་དེར་མདུན་སྐྱེད་ཀྱི་སྒྲུབ་པ་དང༌། དབང་བསྐུར་བའི་ཚུལ་བྱ་རྒྱུད་རང་རྐང་གཞག་ཀྱང༌། བདག་ཉིད་སངས་རྒྱས་སུ་སྐྱེད་པ་བཤད་པ་ནི་ཛཻ་ཏཱ་རིའི་གཞུང་གི་རང་ལུགས་ལ་ཡོད་པ་ཡིན་ནམ། གོང་མའི་རྒྱ་བཀབ་པ་ཡིན་ཞེས་ཞིབ་ཏུ་བརྟག་པར་བྱའོ། །འདིར་གཞན་དག བྱ་སྤྱོད་དུ་རིགས་ལྔའི་ཐ་སྙད་གསལ་པོ་ཡོད་པ་བཞིན། དབང་བསྐུར་གྱི་ཚེ་རིགས་ལྔའི་སྡོམ་བཟུང་ཡང་བྱེད་དགོས་སོ། །ཞེས་ཟེར་བ་ནི་མི་འཐད་དེ། རྩེ་མོ་ལས། གང་ཞིག་སྡོམ་པ་མི་འཛིན་ཞིང༌། །ཤིན་ཏུ་གདུལ་དཀའ་དད་མེད་ལ། །འཇུག་པ་ཙམ་ཞིག་སྦྱིན་བྱ་ཡི། །རྣམ་པ་ཐམས་ཅད་ཉིད་མི་བྱ། །ཞེས་རིགས་ལྔའི་སྡོམ་པ་མི་འཛིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་དུ་མི་རུང་བར་བཤད་ནས། འོ་ན་དེ་ལ་རིག་པའི་དབང་ཡང་བསྐུར་དུ་མི་རུང་ངམ་སྙམ་པ་ལ། སློབ་དཔོན་ཀུན་དགའ་སྙིང་པོས། མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་ནས། མིང་གི་དབང་བསྐུར་བའི་བར་འདི་ཐམས་ཅད་སྡོམ་པ་བཟུང་བ་དང་མ་བཟུང་བ་སྤྱིའི་དབང་བསྐུར་བ་ཡིན་ནོ། །ཞེས་གསུངས་ལ། བྱ་སྤྱོད་དུ་ནི་མིང་གི་དབང་མན་ཆད་ལས་ལྷག་པ་མ་བཤད་པའི་ཕྱིར་རོ།། །།དྲི་བ་སོ་བཞི་པ་ནི། རྣལ་འབྱོར་རྒྱུད་ཀྱི་ཀུན་རྫོབ་ཀུན། །ལྷ་རུ་གསུངས་པ་མེད་གྱུར་ན། །རྣལ་འབྱོར་རྒྱུད་དང་སེམས་ཙམ་པའི། །གྲུབ་མཐའ་བསྟུན་པ་ཇི་ལྟར་ཡིན། །ཞེས་བྱ་བ་འདི་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། དེས་ན་རྣལ་འབྱོར་རྒྱུད་མན་ཆད། །སྣང་བ་ལྷ་རུ་གསུངས་པ་མེད། །འོན་ཀྱང་ཀུན་རྫོབ་ཐམས་ཅད་ནི། །ཇི་ལྟར་སྣང་བ་བཞིན་དུ་བས། །ཞེས་འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་བཤད་འདུག་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། འོ་ན་འདི་སྐད་ཅེས། རྣལ་འབྱོར་བླ་མའི་རྒྱུད་དུ་ཡང༌། །ཀུན་རྫོབ་ལྷ་རུ་གསུངས་པ་མེད། །འོན་ཀྱང་ཀུན་རྫོབ་ཐམས་ཅད་ནི། །ཇི་ལྟར་སྣང་བ་བཞིན་དུ་བས། །སྣང་བ་ཐམས་ཅད་ལྷར་སྒོམ་པ། །ཐབས་ལ་མཁས་པའི་ཁྱད་པར་ཡིན། །ཞེས་བརྗོད་ན་མཚུངས་པར་འགྱུར་བ་དང༌། སློབ་དཔོན་རིན་པོ་ཆེའི་རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པ་ལས། སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་སུ་ཕྱེ་ནས། རྣམ་བདེན་པ་དང་རང་རྒྱལ་གྱི་ལྟ་བ་མཐུན་པར་བཤད་ནས། དེ་དང་སྒོ་བསྟུན་ལ་རྣལ་འབྱོར་རྒྱུད་དང༌། རྣམ་རྫུན་པའི་ལྟ་བ་དང་སྒོ་བསྟུན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་འཇོག་པར་བཤད་པ་ཡིན་ནོ། །བཤད་མོད། དེ་ལས་ཅིར་འགྱུར་ཅེ་ན། དེའི་ཚེ་རྣམ་བདེན་པ་དང་རང་རྒྱལ་གྱི་གྲུབ་མཐའ་ལ་ནི་སྣང་བ་སེམས་སུ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི་ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་བྱ་བར་ཡིད་ལ་བྱེད་ཅིང༌། ཞེས་དང༌། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་ཡིན་པ་དེའི་ཚེ། རྣལ་འབྱོར་རྒྱུད་དུ་རང་སྣང་བ་ལྷ་རུ་ཁས་ལེན་དགོས་ཏེ། སྣང་བ་སེམས་སུ་ཁས་ལེན་དགོས་ཞིང༌། སེམས་ཉིད་ལྷར་ཁས་ལེན་པའི་ཕྱིར། དེར་ཁས་མི་ལེན་ན། རང་ཉིད་སངས་རྒྱས་སུ་སྐྱེད་ནས། དེ་ལ་འབྲས་དུས་ཀྱི་ཡེ་ཤེས་པ་སྤྱན་དྲངས་ནས་དབྱེར་མེད་དུ་རྒྱས་འདེབས་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །གཉིས་པ་དངོས་ལན་གདབ་པ་ནི། རྣལ་འབྱོར་གོང་མ་གཉིས་ཀྱི་རྣལ་འབྱོར་པའི་བློ་ངོར་སྣང་བ་ཐམས་ཅད་ལྷ་ཡིན་མིན་དང༌། ཀུན་རྫོབ་ཇི་ལྟར་སྣང་བ་བཞིན་དུ་འཇོག་མི་འཇོག་གི་ཁྱད་པར་ཡོད་པ་ཡིན་ཏེ། རྣལ་འབྱོར་པ་དང་པོའི་བསམ་ངོ་ན་མ་དག་པའི་སྣང་བ་འདི་སྦྱངས་ནས། སྣོད་བཅུད་གཉིས་ཀ་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་དེའི་ཚེ་ན། གང་ཤར་ལྷའི་ངོ་བོར་ཁས་ལེན་དགོས་ཀྱང༌། དེ་དེར་མ་སྦྱངས་པ་དང༌། སྦྱངས་ཀྱང་ཕྱག་རྒྱ་བཀྲོལ་བ་དེའི་ཚེ་ན་རང་ཉིད་དམ་ཚིག་རྐྱང་པ་དང༌། གཟུང་འཛིན་གཉིས་ཀྱི་སྣང་བ་གང་ཤར་བ་ཐམས་ཅད་ཀུན་རྫོབ་ཀྱི་སྣང་བར་ཁས་ལེན་དགོས་པའི་ཕྱིར་དང༌། རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་དེའི་བསམ་ངོ་ན་ནི། ཇི་ལྟར་སྣང་བ་འདི་ཐམས་ཅད་དུས་རྟག་ཏུ་ཡེ་ཤེས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་དེ་ཉིད་ལ་ལོངས་སྤྱོད་པ་ཡིན་གྱི། ཡེ་ཤེས་པ་གཤེགས་ནས་ཐ་མལ་དུ་འགྱུར་བའི་གོ་སྐབས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྣང་གྲགས་ཀྱི་ཆོས་ཇི་སྙེད་པ་ཡེ་གདོད་མ་ནས་ཡོད་མ་མྱོང་བས། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཉིད་ལ་མི་འདྲ་བའི་དབྱེ་བ་ཅི་ཡང་ཡོད་པ་མ་ཡིན་པས། རང་བཞིན་ཆོས་ཀྱི་སྐུ་དང༌། མཆོག་གི་དང་པོའི་སྐྱེས་བུ་དང༌། ཐུགས་རྡོ་རྗེ་ཞེས་བྱའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། མ་དག་པའི་ཆོས་ཅན་སོ་སོ་དང་འབྲེལ་བ་ན། གཟུགས་ཀྱི་ཆོས་ཉིད་ལ་རྣམ་པར་སྣང་མཛད་དང༌། ཚོར་བའི་ཆོས་ཉིད་ལ་རིན་ཆེན་འབྱུང་ལྡན་ལ་སོགས་པའི་མིང་གིས་འདོགས་ཤིང༌། ཆོས་ཉིད་དེ་ལུས་ངག་ཡིད་གསུམ་དང་འབྲེལ་བའི་ཚེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དུ་འཇོག་པ་ནས། རིགས་བརྒྱའི་བར་དུ་རྣམ་པར་ཕྱེའོ། །དེ་ལྟ་བུའི་རང་བཞིན་རྣམ་དག་གི་ལྷ་དེ་ལ། གློ་བུར་རྣམ་དག་གི་ཡེ་ཤེས་ཀྱི་འཁོར་ལོ་བསྲེས་ནས། ནམ་མཁའ་མ་ཞིག་གི་བར་དུ་དབྱེར་མེད་དུ་འགྲོ་བ་ཡིན་གྱི། ཐ་མལ་གྱི་སྣང་བར་འགྱུར་མི་སྲིད་པ་ནི་རྣལ་འབྱོར་ཆེན་པོའི་ཁྱད་ཆོས་སོ། །དེའི་ཚེ་ན་ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་དེ་ལ་དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ། ཆོས་ཅན་སོ་སོ་དང་འབྲེལ་བའི་ཚེ། ལྷ་སོ་སོ་བའི་མིང་གིས་འདོགས་པ་དེ་ལ་ལྷ་སོ་སོ་བའི་དག་པ་ཞེས་བྱ། དེ་ལྟར་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་དེ་ལ་རང་རིག་པའི་དག་པ་ཞེས་བྱ། ངག་དོན་བསྡུས་ན། རྣལ་འབྱོར་པ་དང་པོའི་བློ་ངོ་ན་ཕྱི་རོལ་དོན་དུ་སྣང་བ་འདི། ཕྱི་རོལ་དོན་གྱི་སྣང་བ་ཉིད་དུ་ཁས་ལེན་པའི་སྐབས་ཤིག་སྲིད་ལ། རྣལ་འབྱོར་པ་གཉིས་པའི་བློ་ངོ་ན་དེ་དེར་གནས་པ་ཡེ་མི་སྲིད་པ་ཞེས་བྱ་བ་འདི་ནི། རྣལ་འབྱོར་གོང་མ་གཉིས་ཀྱིས་ཀུན་རྫོབ་ཀྱི་སྣང་བ་ལྷར་འཇོག་མི་འཇོག་གི་ཁྱད་པར་དུ་གཞག་པ་ཡིན་ནོ། །རྣལ་འབྱོར་བླ་མར་སྣང་བ་ལྷ་ཡིན་ཞེས་བྱ་བ་འདི་ཡང་སྒོམ་པའི་བློ་ངོ་ན་ཡིན་གྱི། གྲུབ་མཐའ་འཇོག་པའི་དུས་ཀྱི་ལྟ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། རིགས་གསུམ་ལ་སོགས་སངས་རྒྱས་སུ། །སྒོམ་པ་ཡིན་གྱི་ལྟ་བ་མིན། །ཞེས་དང༌། ལྟ་སྒོམ་རྣམ་དབྱེ་མ་ཕྱེད་ཅིང༌། །ཐབས་དང་ཤེས་རབ་མ་ཤེས་པས། །འདི་འདྲའི་དབྱེ་བ་འཁྲུལ་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ཤེས་པ་ན། རང་ཉིད་འཁོར་ལོ་བདེ་མཆོག་ཡིན་ནས་སྒོམ་པ་ཞེས་བྱ་བ་དེ་ཡང༌། སྒོམ་པར་བྱེད་པའི་བློ་ངོ་དབང་བཙན་པར་བྱས་པ་ཡིན་ཏེ། ཞེན་པས་ཞུགས་པ་ན་འབྲེལ་པས་མི་སླུ་བ་འབྱུང་བའི་ཕྱིར། དཔེར་ན། བུམ་འཛིན་རྟོག་པའི་གཟུང་རྣམ་ལ་བུམ་པ་རང་མཚན་དུ་ཞེན་ནས་ཞུགས་པ་ལ་བརྟེན་ནས། མཐར་བུམ་པ་རང་མཚན་འཇུག་ཡུལ་དུ་བྱེད་པ་གཅིག་སྲིད་པ་བཞིན་ནོ། །རང་ཉིད་འཁོར་ལོ་སྡོམ་པར་ཁས་ལེན་པ་དེ་གྲུབ་མཐའ་འཇོག་པའི་ཚེ་མ་ཡིན་ཏེ། ལུང་དང་རིགས་པས་མི་འགྲུབ་པའི་ཕྱིར་དང༌། དེ་ལྟར་ཁས་ལེན་པའི་དགེ་སློང་དེ་རང་ཉིད་བླུན་པོ་མངོན་པའི་ང་རྒྱལ་ཅན་ཡིན་ན་མ་གཏོགས། མིའི་ཆོས་བླ་མ་རྫུན་དུ་སྨྲ་བའི་ཕམ་པར་འགྱུར་བ་ཉིད་དུ། འདུལ་བའི་ལུང་ལས་གསུངས་པའི་ཕྱིར་རོ།། །།དྲི་བ་སོ་ལྔ་པ་ནི། དམ་པ་རིགས་བརྒྱར་ཕྱེ་བའི་ཚེ། །ཀུན་རྫོབ་ལྷ་རུ་ཁས་བླངས་ན། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ནི། །རིགས་ལྔ་རེ་རེ་རིགས་ཆུང་ལྔ། །དེ་རེ་རེ་ལའང་སྙིང་པོ་དང༌། །ཕྱག་རྒྱ་ལ་སོགས་བཞིར་ཕྱེ་བས། །རིགས་བརྒྱ་ཡིན་ཞེས་གསུངས་པ་ཅི། །ཞེས་བྱའོ། །འདི་ལ་གཉིས་ལས། འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། །ཀུན་རྫོབ་ཇི་ལྟར་སྣང་བ་འདི། །ཐབས་ལ་མཁས་པའི་ཁྱད་པར་གྱིས། །སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་པ། །དེ་ཚེ་དམ་པ་རིགས་བརྒྱ་ལ། །སོགས་པའི་དབྱེ་བ་རྒྱལ་བས་གསུངས། །ཞེས་པའི་གཞུང་གི་འཕྲོས་ལ་བརྟགས་པ་ན། དམ་པ་རིགས་བརྒྱར་འབྱེད་པ་དེ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་པའི་དབང་དུ་བྱས་པ་དང༌། དེ་ལྟར་སྤྲད་པའི་ཚེ་ན། ཀུན་རྫོབ་ཀྱི་སྣང་བ་ལྷར་ཁས་ལེན་དགོས་པ་ལྟ་བུའི་བཤད་པ་གཅིག་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་རྣལ་འབྱོར་གྱི་རྒྱུད་དུ་ཡང༌། ཀུན་རྫོབ་ཀྱི་སྣང་བ་ལྷ་རུ་ཁས་ལེན་དགོས་པར་འགྱུར་ཏེ། དེར་དམ་པ་རིགས་བརྒྱར་ཕྱེ་བའི་ཕྱིར། ཇི་ལྟར་ཞེ་ན། རྡོ་རྗེ་རྩེ་མོའི་རྒྱུད་ལས། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང༌། །ལས་དང་ཆོས་དང་རྣམ་པ་ལྔ། །ཞེས་གསུངས་སོ། །སྙམ་པའི་དོགས་པ་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ལ། དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། གཞུང་གི་དངོས་བསྟན་དེ་ལྟར་ཡིན་ཀྱང༌། རྣམ་པར་དཔྱོད་པ་དེ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། ཡོ་ག་རྣལ་འབྱོར་གྱི་རྒྱུད་དུ་སྦྱང་གཞི་སྦྱོང་བྱེད་ངོ་སྤྲད་ནས། དམ་པ་རིགས་བརྒྱར་ཕྱེ་བ་དེའི་ཚེ་ནི། སྭ་བྷ་ཝས་སྔགས་ལ་སོགས་པས་སྟོང་པར་སྦྱངས་ནས། དག་པའི་སྣང་བ་ཁོ་ན་གོམས་པར་བྱེད་པ་དེའི་ཚེ་ཡིན་ལ། ཕྱག་རྒྱ་བཀྲོལ་ནས་ཐ་མལ་གྱི་སྣང་བ་ཤར་བའི་ཚེ་ན། སྣང་བ་དེ་རིགས་བརྒྱར་སྒོམ་པ་མ་ཡིན་པའི་ཕྱིར། ངག་དོན་བསྡུས་ན། ཇི་སྐད་དུ། དེ་ཚེ་དམ་པ་རིགས་བརྒྱ་ལ། །ཞེས་པའི་གཞུང་འདི་སྤྱི་ཁྱབ་འཛིན་པ་མ་ཡིན་གྱི། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ནི། །ཞེས་པ་དང་སྦྲེལ་བས་སྒོས་ཁྱབ་བཟུང་བ་ཡིན་ནོ། །གཉིས་པ་དེ་ལ་འཕྲོས་ནས་དམ་པ་རིགས་བརྒྱའི་ངོས་འཛིན་ནི། ཀྱཻ་རྡོ་རྗེ་ལས། ཐུགས་ཀྱི་བདག་པོ་རིགས་གཅིག་ཉིད། །ཅེས་དང༌། རྒྱས་པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །རྣམ་གསུམ་རྣམ་པ་ལྔ་ཉིད་ཀྱང༌། །ཞེས་དང༌། རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །ཞེས་དང༌། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །ལུས་དང་ངག་དང་ཡིད་སྦྱོར་བས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་པ་དང༌། དུས་འཁོར་ལས། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་བརྒྱ་ཡི་རིགས། །ཞེས་གསུངས་པ་ནི་རྩ་བའི་གཞུང་ངོ༌། །སོ་སོའི་ངོས་འཛིན་ནི། སྤྱོད་བསྡུས་ལས། དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། ས་ཡི་སྙིང་པོ། ཕྱག་ན་རྡོ་རྗེ། ནམ་མཁའི་སྙིང་པོ། འཇིག་རྟེན་དབང་ཕྱུག སྒྲིབ་པ་རྣམ་སེལ་ཏེ། བྱང་ཆུབ་སེམས་དཔའ་ལྔ། གཟུགས་རྡོ་རྗེ་མ་ནས་རེག་བྱ་རྡོ་རྗེ་མའི་བར་ཏེ་ལྷ་མོ་ལྔ་སྟེ། དེ་ལྟར་བཅུ་དགུ་པོ་རེ་རེ་ལ་ལྔ་ལྔར་ཕྱེ་བས་དགུ་བཅུ་རྩ་ལྔ། དེ་ཐམས་ཅད་ཐུན་མོང་དུ་བྱིན་གྱིས་རློབ་བྱེད་ཡེ་ཤེས་ལྔ་སྟེ། བརྒྱ་ཐམ་པའོ། །དེ་དག་ལ་ལྔ་ལྔར་དབྱེ་བའི་ཚུལ་ནི། སྦྱང་གཞི་གཟུགས་ལ། དབྱིབས་ཀྱི་དང༌། རྣམ་པའི་དང༌། ཁ་དོག་གི་དང༌། སྣང་བའི་དང༌། རང་རིག་པ་ཙམ་གྱི་གཟུགས་ཏེ་ལྔ་དང༌། ཚོར་བ་ལ། འདུས་པ་དང༌། འཁྲིས་པ་ལས་བྱུང་བའི་ཚོར་བ་དང༌། བད་ཀན་དང་རླུང་ལས་བྱུང་བའི་ཚོར་བ་དང༌། བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བ་སྟེ་ལྔའོ། །འདུ་ཤེས་ལ། རྐང་གཉིས་པའི་དང༌། རྐང་བཞི་པའི་དང༌། རྐང་མེད་པའི་དང༌། རྐང་མངས་ཀྱི་དང༌། མི་གཡོ་ཞིང་མི་འགྱུར་བའི་འདུ་ཤེས་དང་ལྔའོ། །འདུ་བྱེད་ལ། ལུས་ངག་ཡིད་གསུམ་གྱི་དང༌། ཁམས་གསུམ་གྱི་གཅིག་དང༌། ཐར་པའི་འདུ་བྱེད་དེ་ལྔའོ། །རྣམ་པར་ཤེས་པ་ལ། མིག་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་ལྔའོ། །སའི་ཁམས་ལ། སྐྲ་དང་རུས་པ་ལ་སོགས་པའི་ཚོགས་དང༌། སྤུ་དང་སེན་མོའི་ཚོགས་དང༌། སོ་དང་ལྤགས་པ་ལ་སོགས་པའི་ཚོགས་དང༌། རྒྱུས་པ་དང༌། རྩིབ་མ་ལ་སོགས་པའི་ཚོགས་དང༌། དྲི་མ་དང༌། རྒྱུ་མ་ལ་སོགས་པའི་ཚོགས་དང་ལྔའམ། ཡང་ན་གླིང་བཞི་དང་རི་རབ་སྟེ་ལྔའོ། །སྦྱང་གཞི་ཆུ་ལ། བད་ཀན་སོགས་དང༌། གཅིན་དང༌། རྔུལ་དང༌། ཁྲག་དང༌། ཁ་ཆུ་དང་ལྔའོ། །སྦྱང་གཞི་མེ་ལ། སྙིང་ཁ་དང༌། མགོ་བོ་དང༌། ལྟེ་བ་དང༌། ཡན་ལག་ཀུན་དང༌། ལྟོ་བའི་དྲོད་དེ་རྣམ་པ་ལྔའོ། །རླུང་ལ། སྲོག་དང༌། ཁྱབ་བྱེད་དང༌། འཐུར་སེལ་དང༌། གྱེན་རྒྱུ་དང༌། མཉམ་གནས་རྣམས་སོ། །ས་སྙིང་གི་སྦྱང་གཞི་མིག་ལ། མིག་དབང་དང༌། མིག་འབྲས་དཀར་པོ་དང༌། ཟུར་མིག་དང༌། མི་གཡོ་བ་དང༌། གཟུགས་གསུམ་འཛིན་པ་དང་ལྔའོ། །རྣ་བ་ལ། རྣ་བའི་དབང་པོ་དང༌། སྒྲ་གསུམ་འཛིན་པ་དང༌། རྣ་བའི་བུ་ག་དང༌། རྣ་བའི་རྩ་བ་དང༌། རྣ་བའི་རང་བཞིན་རྣམས་སོ། །སྦྱང་གཞི་སྣ་ལ། སྣའི་དབང་པོ་དང༌། ནང་གི་དབུས་དང༌། དྲི་གསུམ་འཛིན་པ་དང༌། བུག་པ་དང༌། སྣའི་རང་བཞིན་རྣམས་སོ། །ལྕེ་ལ་ལྕེ་དབང་དང༌། རྩ་བ་དང༌། རྩེ་མོ་དང༌། རོ་གསུམ་འཛིན་པ་དང༌། ལྕེའི་རང་བཞིན་རྣམས་སོ། །ལུས་ལ་ལུས་དབང་དང༌། རུས་པ་དང༌། ཤ་དང༌། པགས་པ་དང༌། རེག་བྱ་གསུམ་འཛིན་པ་རྣམས་སོ། །གཟུགས་རྡོ་རྗེ་མའི་སྦྱང་གཞི་གཟུགས་ལ། གཟུགས་ཀྱི་ཡུལ་དང༌། འགྱིང་ཞིང་རོལ་པའི་གཟུགས་དང༌། ཆགས་པའི་གཟུགས་དང༌། ཡིད་དུ་འོང་མི་འོང་བར་མའི་གཟུགས་དང༌། བྱ་བ་སྒྲུབ་པའི་གཟུགས་རྣམས་སོ། །སྒྲ་ལ། རྣ་བའི་ནང་གི་དང༌། ཆུ་ཀླུང་སོགས་ཀྱི་དང༌། ལྕེ་རྐན་གྱི་སྒྲ་དང༌། ནགས་ཚལ་དང་རྫ་རྔ་ལ་སོགས་པའི་སྒྲ་རྣམས་དང༌། ཡེ་གི་ཧཱུྃ་གི་ཞི་དྲག་གི་སྒྲ་རྣམས་སོ། །དྲི་ལ་དྲི་སྤྱི་དང༌། ཡན་ལག་གི་དྲི་དང༌། དྲི་གསུམ་གྱི་བྱེ་བྲག་གི་དྲི་དང༌། རོའི་དྲི་དང༌། དྲི་མི་ཟད་པ་རྣམས་སོ། །རོ་ལ་དངར་བ་དང༌། སྐ་བ་དང༌། ལན་ཚྭ་དང༌། ཚ་སྐྱུར་དང༌། ཁ་བ་རྣམས་སོ། །རེག་བྱ་ལ། སྟན་གཅིག་ལ་གནས་པའི་དང༌། མཁྱུད་པའི་དང༌། འོ་བྱེད་པའི་དང༌། རྔུབ་པའི་དང༌། དབང་པོ་གཉིས་སྦྱོར་བའི་རེག་བྱ་རྣམས་སོ། །དུས་ཀྱི་འཁོར་ལོ་ལས་ནི། ཕུང་ཁམས་སོ་དྲུག ཐོད་པ་དུམ་བུ་བཅུ་གཉིས། སོ་སུམ་ཅུ་རྩ་གཉིས། སེན་མོ་ཉི་ཤུ་སྟེ། སྦྱང་གཞི་བརྒྱ་ཐམ་པའི་དབྱེ་བས་རིགས་བརྒྱའོ། །ཞེས་བཞེད། སྦྱང་གཞི་བརྒྱའི་དབྱེ་བས་དམ་པ་རིགས་བརྒྱར་འགྱུར་བ་ཇི་ལྟར་ཞེ་ན། རྩ་བའི་དབྱེ་བ་ཕུང་པོ་ལྔ་པོ་རེ་རེ་ཞིང༌། ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་དབྱེ་བས་གསུམ་གསུམ་མོ། །སྦྱང་གཞི་དངོས་ནི་རྣམ་པར་བརྟགས་པའི་གཟུགས་ཏེ། མཚན་གཞི་ནི་གཟུགས་ཕུང་དུ་སྣང་བའི་རྣམ་རིག་གོ །སྦྱང་བྱ་ནི་ཀུན་བཏགས་པའི་གཟུགས་ཏེ། གཟུང་འཛིན་གཉིས་སོ། །སྦྱོང་བྱེད་ལ་གཞི་ལམ་འབྲས་བུའི་དབྱེ་བས་གསུམ་ལས། གསུམ་ཀ་ཡང་ཆོས་ཉིད་ཀྱི་གཟུགས་ཀྱི་གནས་སྐབས་ལ་བཏགས་པ་ཡིན་ལ། དེ་ཡང་ཆོས་ཅན་སོ་སོ་དང་འབྲེལ་བའི་གཞི་དུས་ཀྱི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་ནི། གཞི་དུས་ཀྱི་དམ་པ་རིགས་བརྒྱ་ཞེས་བྱ་ལ། གནས་གྱུར་མཐར་ཐུག་པའི་ཚེ་ན་ནི་འབྲས་དུས་ཀྱི་དམ་པ་རིགས་བརྒྱ་ཞེས་བྱ། དེའི་ཚེ་ན་ཀུན་རྫོབ་ཀྱི་ཆོས་ཅན་སོ་སོ་བ་རྣམས་དག་ཟིན་པས། ཆོས་ཅན་གྱི་སྒོ་ནས་དམ་པ་རིགས་བརྒྱར་འབྱེད་པ་མེད་ལ། སྐུ་གསུམ་དང་ལྔ་དང་ཆོས་ཀྱི་སྐུ་གཅིག་པུར་བསྡུ་བའི་བྱེ་བྲག་གིས། རིགས་གསུམ་དང་ལྔ་དང་གཅིག་ཉིད་དོ། །གནས་སྐབས་གསུམ་པོ་དེ་ལ་ནི། གོ་རིམ་བཞིན་དུ་རྒྱུ་དང༌། ཐབས་དང༌། འབྲས་བུའི་རྒྱུད་ཅེས་བྱའོ། །དོན་འདི་དག་ཀྱང༌། ཇི་སྐད་དུ། དགྱེས་པ་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱེ་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཕུང་པོ་ལྔ་དང་དབང་པོ་དྲུག །སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ། །རང་བཞིན་གྱིས་ནི་རྣམ་པར་དག །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་པས་ནི། སྦྱང་གཞི་དང༌། སྦྱང་བྱ་དང༌། སྦྱོང་ནུས་པའི་རྒྱུ་མཚན་རྣམས་བསྟན་པ་ཡིན་ལ། སྦྱོང་བྱེད་ནི། ཇི་སྐད་དུ། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་པ་དང༌། དེ་ཉིད་ཀྱི་འཕྲོ་ནས། ཀྱཻ་བཅོམ་ལྡན་འདས། རྣམ་པར་མ་དག་པ་གང་ལགས། བཀའ་བསྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཞེས་གསུངས་སོ། །འདི་དག་གི་དོན་ལ་བརྟགས་པ་ན། མ་དག་པའི་ཕུང་པོ་ལྔ་པོ་ཉིད་ལྷག་པའི་ལྷར་སྒོམ་པ་མ་ཡིན་ཏེ། དེ་དག་ནི་མ་རིག་པའི་དབང་གིས་བྱུང་བས། ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ལྷ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་གྲུབ་པས། གནས་ཚུལ་ལ་དོན་དམ་པའི་བདེན་པར་གཞག་དགོས་པའི་ཕྱིར། དེས་ན་གཟུང་བ་ཀུན་བཏགས་ནི་སེམས་ཙམ་པས་ཀྱང་ཐ་སྙད་དུ་མི་འདོད་ལ། འཛིན་པ་ཀུན་བཏགས་ནི་རྣམ་རྫུན་པས་ཀྱང་ཐ་སྙད་དུ་ཡོད་པར་མི་འདོད་ན། ངོ་བོ་ཉིད་མེད་པར་སྨྲ་བས་ལྟ་ཅི་སྨོས། དེ་ལྟ་ཡིན་པ་དེའི་ཕྱིར། ཀུན་རྫོབ་ཀྱི་སྣང་བ་མ་དག་པ་འདི་ཡི་སྣང་ཆ་དེ་ནི་ཡོད་པར་མི་འདོད་ལ། དེའི་ངོ་བོ་ནི་ལྷག་པའི་ལྷ་ཉིད་དུ་གནས་པ་ཡིན་ནོ། །ཞེས་བྱ་བ་ནི། རྣལ་འབྱོར་བླ་མེད་ཀྱི་ཐེག་པ་པ་དག་གི་གནས་སྐབས་ཀྱི་གྲུབ་པའི་མཐའོ། །མཐར་ནི་ཆོས་ཉིད་ཀྱི་ངོ་བོ་ལྷག་པའི་ལྷ་ཉིད་དུ་གནས་པར་ཁས་བླངས་ན། གྱ་ནོམ་ལྷར་ཞེན་གྱི་རྟོག་པ་ལས་མ་འདས་པའི་ཕྱིར་རང་གི་ངོ་བོས་སྟོང་ངོ༌། །གྲུབ་པའི་མཐའ་འདི་ཉིད་ཀྱང་གོ་རིམ་བཞིན་དུ། མཉམ་གཞག་ཏུ་རིམ་པ་གཉིས་སྦྱོང་བའི་གནས་སྐབས་ལ་ལྟོས་པའི་རྗེས་ཐོབ་ཀྱི་གྲུབ་པའི་མཐའ་སྟེ། རིམ་པ་དང་པོའི་རྗེས་ཐོབ་ཏུ་མ་དག་པའི་སྣང་བ་སྦྱངས་ནས། ལྷག་པའི་ལྷའི་ང་རྒྱལ་ལ་གནས་ནས་བླང་དོར་གྱི་གནས་ལ་འཇུག་པ་དང༌། རིམ་པ་གཉིས་པའི་ཡེ་ཤེས་དངོས་ཀྱི་རྗེས་ཐོབ་ཏུ་སྤྲོས་པའི་མཚན་མ་ཐམས་ཅད་འགོག་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། བྱམས་པའི་གཞུང་དང་ཐོགས་མེད་མཆེད་ཀྱི་གཞུང༌། །ཇི་བཞིན་མ་བསླབས་བླ་མེད་ཐེག་པ་ཡི། །སྐྱེད་པའི་རིམ་པས་མ་དག་སྣང་བ་ཀུན། །རིམ་པར་སྦྱོང་བའི་ངེས་དོན་སུ་ཡིས་ཤེས། །ཀླུ་སྒྲུབ་གཞུང་ལུགས་ཐལ་རང་སྲོལ་གཉིས་ཀྱིས། །རིགས་པར་བཀྲལ་དེ་ཇི་བཞིན་མ་ཀླགས་ན། །རྫོགས་རིམ་ཡེ་ཤེས་མཚན་མའི་སྤྲོས་པ་ལས། །རྣམ་གྲོལ་ཆོས་སྐུའི་རང་བཞིན་སུ་ཡིས་ཤེས། །ཐ་སྙད་བདེན་པ་འཇིག་རྟེན་གྲགས་པ་བཞིན། །ཁས་ལེན་བྱེད་པོས་གང་ཤར་སྣང་བ་ཀུན། །དམ་པ་རིགས་བརྒྱའི་ངོ་བོར་མཐོང་ཞེས་པ། །འགལ་ལ་མི་འཁྲུལ་ཚད་མ་ཡོད་དམ་ཅི། །ཀུན་རྫོབ་སྣང་བ་རང་སར་མེད་པ་དང༌། །གང་ཤར་ལྷ་སྐུའི་ངོ་བོར་མཐོང་བ་དང༌། །ལྷག་པའི་ལྷ་ཚོགས་གཉིས་མེད་ཡེ་ཤེས་ཀྱིས། །དེས་བསྐྲུན་འདི་དག་དོན་གཅིག་ཁོངས་སུ་འདུ། །གང་འདི་མི་ཤེས་རིམ་གཉིས་རྣལ་འབྱོར་པ། །མཚན་འཛིན་ཆོས་སུ་སྨྲ་བའི་ཞགས་པ་ཡིས། །རང་དང་དད་པའི་རྗེས་འབྲང་བགྲང་ཡས་པ། །ལན་བརྒྱར་འཆིང་བའི་བྱེད་པོ་འགའ་མེད་དམ། །རྒྱུ་རྒྱུད་སྦྱང་གཞིར་བཤད་པ་མ་ལྟས་ཤིང༌། །གཞི་མི་སྤོང་བའི་འཐད་པ་མ་ཀླགས་པར། །སྦྱང་གཞི་སྦྱང་བྱའི་དབྱེ་བ་མེད་དོ་ཞེས། །གོང་མའི་དགོངས་པ་སྐོང་རྣམས་རན་པར་སྨྲོས།། །།དྲི་བ་སོ་དྲུག་པ་ནི། རྒྱུད་སྡེ་བཞི་ཡི་སྒྲུབ་པ་ཡང༌། །འཁྲུལ་པར་བྱས་པས་ཐག་རིང་ན། །བྱ་རྒྱུད་རྣལ་འབྱོར་རྒྱུད་བཞིན་དང༌། །བླ་མེད་རྒྱུད་བཞིན་བསྒྲུབས་ན་ཡང༌། །དངོས་གྲུབ་རིང་བར་འགྱུར་ལགས་སམ། །དེ་ལྟ་ན་ནི་ཀླུ་སྒྲུབ་དང༌། །འཕགས་མ་དཔལ་མོས་མཛད་དེ་ཅི། །ཐེག་པ་མཆོག་གི་རྣལ་འབྱོར་པས། །བྱ་རྒྱུད་ཆོ་ག་ཇི་ལྟར་བྱ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། རྒྱུད་སྡེ་བཞི་ཡི་སྒྲུབ་པ་ཡང༌། །འཁྲུལ་པར་བྱས་ན་དངོས་གྲུབ་རིང༌། །བྲིས་སྐུ་མཆོད་ནས་གསོལ་བ་འདེབས། །བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །ཞེས་པའི་སྒྲ་ཇི་བཞིན་པ་འདི་ལ། སྔ་ཕྱི་འགལ་བ་ལྟ་བུར་མངོན་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། འོ་ན་བྱ་རྒྱུད་རྣལ་འབྱོར་གྱི་རྒྱུད་ལྟར་དུ་བསྒྲུབས་ན་ཡང་དངོས་གྲུབ་རིང་བར་ཐལ་བ་དང༌། བླ་མེད་ཀྱི་རྒྱུད་བཞིན་དུ་བསྒྲུབས་ན་ཡང་དེར་ཐལ་བ་དང༌། རྣལ་འབྱོར་བླ་མེད་ཀྱི་སྒྲུབ་པ་པོས་བྱ་སྤྱོད་སོགས་ཀྱི་ཆོ་ག་བྱེད་མི་ཤེས་པར་ཐལ་བ་དང༌། ཤེས་ཀྱང་དངོས་གྲུབ་ཐག་རིང་བར་འགྱུར་ཏེ། དེའི་ཚེ་ན་བདག་ཉིད་སངས་རྒྱས་སུ་སྐྱེད་པ་དང༌། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཞུགས་པ་དང་གཉིས་ཀ་ཡོད་པའི་ཕྱིར། དེ་གསུམ་ཀ་ལ་འདོད་ནུས་པ་མ་ཡིན་ཏེ། རྣལ་འབྱོར་རྒྱུད་ནས་གསུངས་པའི་ཆོ་ག་བྱ་སྤྱོད་གཉིས་ལ་སྦྱོར་དུ་རུང་བར། སློབ་དཔོན་ཀུན་དགའ་སྙིང་པོས་གསུངས་པའི་ཕྱིར་ཏེ། དེ་ཉིད་སྣང་ཆེན་ལས། བྱ་བ་དང༌། སྤྱོད་པ་དང༌། གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱིས་ཀྱང༌། ཆོ་ག་དེས་འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ། །ཞེས་གསུངས་པའི་ལུང་དང་འགལ་བ་དང༌། བྱ་རྒྱུད་ཀྱི་སྒྲུབ་པ་པོས་རྒྱུད་སྡེ་གོང་མ་ལ་མ་རྟེན་པར། མཆོག་གི་དངོས་གྲུབ་སྒྲུབ་པར་མི་ནུས་པའི་རིགས་པ་དང་ཡང་འགལ་ལོ། །བྱ་རྒྱུད་རྣལ་འབྱོར་གྱི་རྒྱུད་ལྟར་བཀྲལ་བའི་མཚན་གཞི་ནི། རྣམ་སྣང་སྒྱུ་དྲྭའི་ལེའུ་བདུན་པའི་འགྲེལ་པ་སློབ་དཔོན་ཀུན་སྙིང་གིས་མཛད་པ་ན་ཡོད་དོ། །ཞེས་རྗེ་བླ་མ་གསུངས་སོ། །དེར་མ་ཟད་བྱ་རྒྱུད་སྤྱོད་རྒྱུད་ལྟར་བཀྲལ་བ་ཡང༌། སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མའི་འགྲེལ་པར་མཛད་དོ། །ཞེས་གསུང་བ་དག་སྣང་བ་དང༌། བྱ་རྒྱུད་བླ་མེད་ལྟར་བཀྲལ་བ་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱིས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་མཛད་པ་དང༌། དགེ་སློང་མ་དཔལ་མོས་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་མཛད་པ་དང༌། སློབ་དཔོན་ཙནྟྲ་གོ་མིས་གདུགས་དཀར་དང༌། ཤནྟི་པ་དང༌། ཛཻ་ཏཱ་རིས་གྲྭ་ལྔ་དང༌། ཇོ་བོ་རྗེས་གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས་མཛད་པ་དང༌། སྒྲུབ་ཐབས་རྒྱ་མཚོ་དང༌། ཕྱེད་དང་ཉིས་བརྒྱ་པ་དང༌། བརྒྱ་རྩ་རྣམས་སུ་བྱ་རྒྱུད་བླ་མེད་ལྟར་བཤད་པའི་ཕྱིར། དེ་ཡང་ཀླུ་སྒྲུབ་ཀྱིས་ནི། ཐོག་མར་སྤྱན་རས་གཟིགས་འཁོར་བཅས་ཆོ་ག་གསུམ་གྱིས་སྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཞིང༌། རིགས་བདག་གིས་རྒྱས་གདབ་པ་རྣམས་བཤད་ལ། དེའི་འོག་ཏུ་རྫོགས་རིམ་སྒོམ་པར་ཡང་བཤད་པས་སོ། །སྙམ་པའི་དོགས་པ་འདི་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། དངོས་དང༌། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། རྒྱུད་སྡེ་བཞིར་འཇོག་པ་ནི་དེ་དང་དེ་ནས་བཤད་པའི་བསྒྲུབ་བྱ་ལྷ་ལ་བཟང་ངན་གྱི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་སོ་སོར་འབྱེད་པ་མ་ཡིན་ཏེ། ཡིན་ན། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་མ་ཡིན་པར་ཐལ་བས་སོ། །དེའི་ཕྱིར། སྒྲུབ་བྱེད་ཐབས་དང་ཆོ་གའི་སྒོ་ནས་འབྱེད་པ་ཡིན་ལ། དེ་ཡང་གདུལ་བྱ་དབང་པོ་རྣོ་རྟུལ་གྱི་རིམ་པ་དང་འཚམ་པར་གཞག་པ་ཡིན་ཏེ། ཇི་སྐད་དུ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་ཏེ། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར། སྔགས་ཀྱི་གདུལ་བྱ་བྱ་བའི་རྒྱུད་ཀྱི་ཆོ་ག་ཁོ་ནས་མཆོག་གི་དངོས་གྲུབ་སྒྲུབ་དགོས་པ་དེས་ནི། རྒྱུད་སྡེ་གོང་མ་གསུམ་པོ་གང་རུང་གི་སྒྲུབ་པའི་ཐབས་ཀྱིས་བསྒྲུབ་བྱ་དེ་བསྒྲུབས་ཀྱང༌། མཆོག་གི་དངོས་གྲུབ་ལ་ཐག་རིང་བ་ཡིན་ཏེ། དེས་དེ་སྒྲུབ་པའི་སྣོད་དུ་མ་གྱུར་པའི་ཕྱིར། དཔེར་ན། སྐམ་གྱི་ལམ་ལ་ངེས་པར་འགྲོ་དགོས་པའི་མགྲོན་པོ་དེ། ཆུ་བོ་མགྱོགས་པའི་ལམ་གྱིས་ཕྱིན་ཀྱང༌། བགྲོད་བྱའི་ཡུལ་དུ་བདེ་བར་མི་ཕྱིན་པ་བཞིན་ནོ། །དེ་ལྟ་བས་ན། རྣམ་པར་དཔྱོད་པ་དང་པོས་མི་གནོད་དོ། །འོ་ན་བྱ་རྒྱུད་བླ་མེད་ལྟར་བཀྲལ་བས་ཅི་ཞིག་བྱ་ཞེ་ན། དེའི་དོན་ནི། བྱ་རྒྱུད་ཀྱི་སྒྲུབ་ཐབས་དང༌། བླ་མེད་རྒྱུད་ཀྱི་དབང་དུ་བྱས་པའི་སྒྲུབ་ཐབས་ཀྱི་གཞི་མཐུན་ཁས་བླངས་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། བྱ་རྒྱུད་ནས་འབྱུང་བའི་ལྷ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་པ་ལྟ་བུ་གཅིག་ལ། བླ་མེད་ཀྱི་དབང་དུ་བྱས་པའི་ལམ་རིམ་པ་གཉིས་སྦྱར་བ་ཡིན་ནོ། །འདི་བྱ་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱས་ཉམས་སུ་ལེན་པའི་དབང་དུ་བྱས་པ་མ་ཡིན་ཏེ། བླ་མེད་རྒྱུད་ཀྱི་གདུལ་བྱས་བྱ་རྒྱུད་ནས་བཤད་པའི་ལྷག་པའི་ལྷ་སྒྲུབ་པའི་ཐབས་ཀྱི་དབང་དུ་མཛད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། བྱ་རྒྱུད་བླ་མེད་ལྟར་བཀྲལ་བ་ཞེས་སོགས་ཀྱི་ཐ་སྙད་འདི་ཅུང་ཞིག་མ་བདེ་བས། བྱ་རྒྱུད་ནས་གསུངས་པའི་ལྷ། བླ་མེད་ནས་འབྱུང་བའི་སྒྲུབ་ཐབས་ལྟར་སྒྲུབ་པ་ཞེས་སོགས་ཀྱི་ཐ་སྙད་སྦྱར་ན་ལེགས་པ་ཡིན་ཏེ། རྒྱུད་སྡེ་བཞི་པོ་སོ་སོའི་མཆོག་གི་དངོས་གྲུབ་སྒྲུབ་པའི་སྒྲུབ་ཐབས་ལ་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་དཔྱོད་པ་གཉིས་པས་ཀྱང་མི་གནོད་དོ། །རྣམ་པར་དཔྱོད་པ་གསུམ་པས་མི་གནོད་པའི་ཚུལ་ནི། ཐེག་པ་མཆོག་གི་རྣལ་འབྱོར་པས་མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར་དུ་ནི། བྱ་རྒྱུད་ཀྱི་སྒྲུབ་པ་ཉམས་སུ་ལེན་པའི་དོན་མེད་དེ། སྒྲུབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་པ་ཡོད་བཞིན་དུ། དམན་པ་ལ་རྟེན་པ་ལ་དགོས་པ་མེད་པའི་ཕྱིར། བྱ་རྒྱུད་པ་དག་ཀྱང་མཐར་ནི་བླ་མེད་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སྒྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ལ། བྱ་བའི་རྒྱུད་ཀྱི་སྒྲུབ་པ་ལ་བདག་སྐྱེད་མེད་པའི་ཤེས་བྱེད་དང༌། ཡོད་པའི་སྒྲུབ་བྱེད་མ་ངེས་པའོ། །དང་པོ་ནི། དེར་མདུན་དུ་ལྷ་སྒོམས་པ་ཡོད་ཀྱང༌། རང་ཉིད་ལྷར་སྐྱེད་པ་མེད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། ཇི་སྐད་དུ། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང༌། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་གཅོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་པའི་ཕྱིར་དང༌། བྱ་རྒྱུད་ཀྱི་རྒྱུད་སྡེ་སྒོ་དྲུག་པོ་གང་ནའང་བདག་སྐྱེད་ཀྱི་བཤད་པ་མེད་པའི་ཕྱིར། གཉིས་པ་ནི། གངས་ཅན་པ་ཕྱི་མ་དག་ན་རེ། བྱ་རྒྱུད་རང་ངོས་ནས་བདག་སྐྱེད་ཡོད་པར། སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མའི་འགྲེལ་པར་བཤད་པ་ཡིན་ཏེ། རྩ་བར། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་འགྲེལ་པར། སྒྲ་ནི་སྔགས་ཀྱི་ཡི་གེའོ། །སེམས་ནི་སྔགས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའོ། །གཞི་ནི་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ། །ཞེས་གསུངས་ལ། རང་གི་ལྷ་ཞེས་པ་བདག་སྐྱེད་ལ་འཆད་དགོས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་ལ་ནི་སྒྲ་ཞེས་བྱ། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ལ་བྱ་བ་ཡིན། །གཉིས་པའི་གཞི་ཞེས་བྱ་བ་ནི། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་བཤད་པ་དང་དོན་གཅིག་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མི་འཐད་དེ། སྒྲུབ་བྱེད་མ་ངེས་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། ཁྱབ་པ་མ་ངེས་ཏེ། སློབ་དཔོན་སངས་རྒྱས་གསང་བ་ནི། བྱ་སྤྱོད་གཅིག་ཏུ་བསྲེས་ནས་རྒྱུད་སྡེ་གཅིག་ཏུ་མཛད་པའི་ཕྱིར་ཏེ། སློབ་དཔོན་དེས་བསམ་གཏན་གྱི་བྱ་བ་ལ་བདག་སྐྱེད་ཡོད་པའི་ཤེས་བྱེད་དུ་སྤྱོད་རྒྱུད་ཀྱི་ལུང་དྲངས་པའི་ཕྱིར། བསམ་གཏན་ཕྱི་མ་ནས་བཤད་པའི་གཞི་གཉིས་པོ་དང༌། མངོན་བྱང་གི་གཞི་གཉིས་པོ་དོན་གཅིག་པར་འཆད་དགོས་པ་མ་ཡིན་ཏེ། རྒྱུད་སྡེ་གོང་འོག་གི་རིམ་པ་མི་འདྲ་བས་འབྱེད་དགོས་པའི་ཕྱིར་དང༌། རང་གི་ལྷའི་གཟུགས་ཞེས་པ། རང་གི་ལྷག་པའི་ལྷའི་གཟུགས་བྲིས་སྐུ་ལྟ་བུ་དང༌། གཞི་གཉིས་པ་དེ་ལ་སྤྱན་དྲངས་པའི་ཡེ་ཤེས་པ་ལ་བཤད་དགོས་པའི་ཕྱིར། གནོད་བྱེད་ནི། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་གཉིས་སོ། །དང་པོ་ནི། བྱ་རྒྱུད་ཀྱི་མཆོག་གི་ལྷའི་སྒྲུབ་ཐབས་ཐམས་ཅད་ལ་བདག་སྐྱེད་ཡོད་པས་ཁྱབ་པར་འགྱུར་ཏེ། དེའི་སྔགས་ཀྱི་བཟླས་བརྗོད་བྱེད་པའི་ཚེ། བསམ་གཏན་ཕྱི་མ་ནས་བཤད་པ་དེ་ངེས་པར་དགོས་པའི་ཕྱིར། འདོད་ན། ཁྱེད་རང་གིས་ཚད་མར་ཁས་བླངས་པའི་སློབ་དཔོན་བྱང་ཆུབ་མཆོག་གི་བྱ་བ་སྤྱིའི་སྒྲུབ་ཐབས་ལས། ཇི་སྐད་དུ། བྱ་བའི་རྒྱུད་ལས་ལྷ་སྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ། །སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང༌། དེ་ཁོ་ན་ཉིད་བཅུ་པ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །ཞེས་གསུངས་པ་དང་འགལ་ལོ། །ལུང་འདིས་རང་ལ་མི་གནོད་པ་ནི། འདི་ཡང་བྱ་སྤྱོད་བསྲེས་པའི་ལུགས་ཡིན་པ་དང༌། ལྷ་སྒྲུབ་པའི་རྣལ་འབྱོར་ཞེས་པ་ཡང༌། བདག་སྐྱེད་ཁོ་ན་ལ་འཇུག་པའི་ངེས་པ་མེད་པ་ལས་སོ། །རིགས་པ་དང་འགལ་བ་ནི། བྱ་སྤྱོད་གཉིས་ཀྱི་ལྷག་པའི་ལྷའི་སྒྲུབ་ཐབས་ལ་ཁྱད་མེད་པར་འགྱུར་ཏེ། བདག་ཉིད་ལྷར་སྐྱེད་པ་དང༌། དེ་ལ་ཡེ་ཤེས་པ་བཞུགས་པ་ནི་གཉིས་ཀ་ལ་སྣང་བའི་ཕྱིར་དང༌། ཁྱད་པར་གཞན་ནི་ཚད་ལྡན་གཞན་དང༌། ཁྱེད་རང་གིས་ཀྱང་མ་ཕྱེ་བའི་ཕྱིར། རྣམ་པར་སྤྲོས་པ་དེ་ཙམ་མོ།། །།དྲི་བ་སོ་བདུན་པ་ནི། ཕྱི་རོལ་ཡུལ་ཆེན་སོ་བདུན་ཞེས། །བྱ་བ་རྒྱུད་གཞུང་གང་ནས་བཤད། །འཛམ་གླིང་ཙམ་པོ་ཡུལ་ཆེན་དུ། །ཁས་ལེན་ནུས་ན་རང་ལ་ཡང༌། །མི་འདོད་པ་དག་མི་འབྱུང་ངམ། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་དང༌། མ་དྲིས་པའི་ཉེས་པའོ། །དང་པོ་ནི། རྒྱུད་སྡེ་དག་དང་ཚད་ལྡན་གྱི་གཞུང་དུ་ཡུལ་སོ་བདུན་གྱི་བཤད་པ་གསལ་པོ་མ་བྱུང་ལ། བསྟན་བཅོས་འདིར། ཇི་སྐད་དུ། ཡུལ་ཆེན་སུམ་ཅུ་སོ་བདུན་དུ། །རིག་པའི་བརྟུལ་ཞུགས་སྤྱོད་ཕྱིར་རྒྱུ། །ཞེས་ཕྱི་རོལ་ན་ཡུལ་ཆེན་སོ་བདུན་ཡོད་པ་དང༌། དེར་བརྟུལ་ཞུགས་ཀྱི་དོན་དུ་རྒྱུ་དགོས་པར་བཤད་ལ། བསྟན་བཅོས་འདིའི་རྣམ་བཤད་མཛད་པ་པོ་དག་གིས་ནི། སོ་བདུན་པོ་འདི་ཡིན་གྱི་བཤད་པ་གསལ་པོ་མི་སྣང་བའི་རྒྱུ་མཚན་གྱིས་ཡིན་ལ། དེ་ཡང་འདི་ལྟར། རྣམ་བཤད་མཛད་པ་ལྷ་བཙུན་པས་ནི། དགྱེས་རྡོར་གྱི་རྩ་བས་ཟིན་པའི་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་གླིང་བཞི་དང༌། བཞི་པོ་གཅིག་ཏུ་བསྡོམས་པ་སྟེ་ལྔ་བསྣན་པས་སུམ་ཅུ་སོ་བདུན་ནོ་ཞེས། རྗེ་བཙུན་ཆེན་པོས་ཨིནྡྲ་བྷཱུ་ཏིའི་ལམ་སྐོར་དུ་བཤད་དེ། ཕྱི་རོལ་ན་རེ་རེ་ནས་སོ་སོར་བགྲང་དུ་མེད་ཀྱང༌། ནང་གི་དག་པ་དང་སྦྱར་བས་སོ་བདུན་དུ་བཞེད་པར་མངོན་ནོ། །ཞེས་གསུང༌། སྤོས་ཁང་པ། གནས་ཆེན་པོ་སུམ་ཅུ་རྩ་བདུན་ནི། རྒྱུད་དུ་གསལ་བར་གསུངས་པའི་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ། ལུས་ལ་སྦས་པའི་རྩ་རྣམས་ཕྱི་རོལ་དུ་གླིང་བཞི་ལྷུན་པོ་དང་བཅས་པ་སུམ་ཅུ་རྩ་བདུན་ནོ། །ཞེས་བླ་མ་གོང་མ་གསུང་ངོ༌། །ཞེས་འཆད་དོ། །སྒ་གདོང་པ། བདེ་མཆོག་ལས་གསུངས་པའི་ཡུལ་ཉི་ཤུ་རྩ་བཞི་དང༌། དེའི་སྟེང་དུ་སྙིང་ཁར་པདྨ་འདབ་བརྒྱད་རིམ་པ་གཉིས་ཡོད་པའི་ནང་མའི་ཕྱོགས་བཞི། དབུས་དང་བཅས་པ་ལྔ་དང༌། ཕྱི་མའི་ཕྱོགས་མཚམས་བརྒྱད་དང་བཅས་པས་ཡུལ་སུམ་ཅུ་སོ་བདུན་ཞེས་བྱའོ། །ནང་ན་ཡུལ་སོ་བདུན་ཡོད་པ་ལྟར། ཕྱི་ན་ཡང་ཙ་རི་ཊ་སོགས་སུམ་ཅུ་སོ་བདུན་ཡོད་པར་ཤེས་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་ལ་ཞུ་ཕྲིན་ལས། ཨུ་བརྒྱན་ཛཱ་ལནྡྷ་ར་དང༌། །ཞེས་པ་ནས། ལྷོ་དང་ནུབ་ན་གནས་པའི་ལྗོངས། །སྔོན་ནི་ཁྱོད་ཀྱི་བསྟན་པའི་གཞི། །ཞེས་གསུངས་པ་དང་ཆ་འདྲའོ། །ཞེས་འཆད། ཀུ་མཱ་རའི་རྣམ་བཤད་ལས། ཀྱཻ་རྡོ་རྗེའི་རྒྱུད་ལས། གནས་ནི་ཛཱ་ལནྡྷ་རར་བཤད། །ཅེས་སོགས་བཤད་པ་རྣམས། ཡུལ་སུམ་ཅུ་སོ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན། རྩ་སུམ་ཅུ་སོ་བདུན་རྣམས་ནི་ཕྱིའི་གནས་འཛམ་བུའི་གླིང་ན་གནས། ནང་རང་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ་གནས་ཏེ། ཞེས་འཆད་པར་བྱེད་དོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། ལུགས་དང་པོ་མི་འཐད་དེ། ཕྱི་རོལ་ན་ཡུལ་སོ་བདུན་མེད་ན། བསྟན་བཅོས་འདི་ཉིད་ཀྱི་རྩ་བ་དང་འགལ་བ་དང༌། གླིང་བཞི་ཡུལ་ཆེན་དུ་འཇོག་པ་རྗེ་བཙུན་གྱི་ལུགས་ཡིན་པར། ཁྱེད་རང་གིས་བཤད་པའི་ལུང་དང་འགལ་བས་སོ། །ལུགས་གཉིས་པ་ཡང་མི་རིགས་ཏེ། ཕྱི་རོལ་གྱི་ཡུལ་སོ་བདུན་པོ་རེ་རེ་ནས་བགྲང་རྒྱུ་མ་བྱུང་བ་དང༌། ལུས་ལ་སྦས་པའི་རྩ་ཞེས་པ། ཡི་གེའི་དོན་ལ་མ་ཞུགས་པ་ཡིན་ཏེ། སྦས་པའི་དོན་ནི། རྒྱུད་དུ་གསལ་བར་མ་བསྟན་པ་ལ་འཆད་དགོས་པ་ཡིན་གྱི། ལུས་ལ་སྦས་པའི་དོན་ལ་འཆད་པ་ཚད་ལྡན་གྱི་ལུགས་མ་ཡིན་པའི་ཕྱིར། ལུགས་གསུམ་པ་མི་སྲིད་དེ། ནང་ན་སྙིང་ཁའི་རྩ་འདབ་བཅུ་གཉིས་གནས་པ་དང་མཐུན་པའི་ཕྱི་རོལ་ན་གནས་ཆེན་བཅུ་གཉིས་ཡོད་དུ་ཆུག་ཀྱང༌། དེའི་ཤེས་བྱེད་དུ། ཞུ་འཕྲིན་གྱི་ལུང་དྲངས་པ་དེ་ནི་མ་འབྲེལ་བ་ཡིན་ཏེ། ལུང་དེ་ནི་སྔོན་བསྟན་པ་གང་དུ་བྱུང་བའི་ཡུལ་ངོས་འཛིན་པ་ཡིན་གྱི། དཔའ་བོ་དང་རྣལ་འབྱོར་མ་འདུ་བའི་གནས་ཆེན་ངོས་འཛིན་པ་མ་ཡིན་པའི་ཕྱིར་དང༌། ལུང་དེར་ནི། ཧོར་དང༌། ཧོར་ཆེན་པོ་དང༌། རྒྱ་ནག་དང༌། རྒྱ་ནག་ཆེན་པོ་རྣམས་ཀྱང་བགྲངས་པའི་ཕྱིར་རོ། །ལུགས་བཞི་པ་དེ་ཡང་ལེགས་པ་མ་ཡིན་ཏེ། ཀྱཻ་རྡོ་རྗེའི་རྒྱུད་ན་ཡུལ་ཆེན་སུམ་ཅུ་སོ་བདུན་ཚང་བར་བགྲངས་པ་མེད་པའི་ཕྱིར་དང༌། དེའི་སྟེང་དུ་སྣོན་རྒྱུ་གང་ཡིན་གསལ་བར་མ་བཤད་པས། སོ་བདུན་ངོས་མ་ཟིན་པའི་ཕྱིར། ལུགས་བཞི་པོ་དེ་དག་གང་གི་ལྟར་ན་ཡང༌། གླིང་བཞི་པོ་གནས་ཆེན་དུ་ཁས་ལེན་ན། བསྟན་བཅོས་འདིའི་རང་ལུགས་དང་མི་མཐུན་ཏེ། འདིར་ནི། རིམ་གཉིས་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་རང་གི་ཁྱིམ་དུ་སྒོམ་པ་དང༌། དེ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འཇུག་པ་སྐབས་སུ་བབ་པའི་ཚེ། ཡུལ་ཆེན་རྣམས་སུ་རྒྱུ་བར་གསུངས་ལ། དང་པོར་གང་དུ་སྒོམ་པའི་གནས་དེ་ཉིད་ཡུལ་ཆེན་ཡིན་ན། ཡུལ་གཞན་དུ་འགྲོ་བ་དོན་མེད་པའི་ཕྱིར་དང༌། དོན་ཡོད་ནའང༌། གང་དུ་ཕྱིན་ཀྱང་ཡུལ་ཆེན་ལས་མ་འདས་པར་ཁས་ལེན་དགོས་པས། ཨོཌྱ་ནི་ལ་སོགས་པའི་ངེས་བཟུང་མི་དགོས་པར་ཐལ་བའི་ཕྱིར་དང༌། འཛམ་གླིང་ཙམ་པོ་ཡུལ་ཆེན་ཡིན་ན། འཛམ་བུ་གླིང་གི་ས་ཕྱོགས་ཐམས་ཅད་དེར་ཁས་ལེན་ནམ། གནས་ཀྱི་ཁྱད་པར་རེ་རེ་བ་ཞིག་དེར་ཁས་ལེན། དང་པོ་ལྟར་ན། རྒྱུད་གཞུང་ཐམས་ཅད་དང་མི་མཐུན། གཉིས་པ་ལྟར་ན། ཨོཌྱ་ནི་ལ་སོགས་པའི་གནས་ཆེན་གྱི་ཁྱད་པར་སུམ་ཅུ་རྩ་གཉིས་པོ་དེ་དག་ཉིད་དམ། དེར་མ་འདུས་པ་གཞན་ཞིག་ཡོད་པ་ཡིན། དང་པོ་ལྟར་ན། སོ་བདུན་གྱི་གྲངས་བགྲང་བ་ལ་མ་ཕན། གཉིས་པ་ལྟར་ན། གནས་དེ་ཉིད་ངོས་བཟུང་ནས་གྲངས་སུ་བགྲང་བར་རིགས་ཀྱི། ཙམ་ལྡོག་ནས་འདྲེན་པར་མི་རིགས་སོ། །ཡང་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས། གླིང་བཞི་ཀ་གནས་སུ་བཤད་པ་ཡོད་ཀྱང༌། དེས་ནི་འདི་ལ་ཕན་པ་མ་ཡིན་ཏེ། དེར་ནི་རྟེན་དཀྱིལ་འཁོར་བཞི་ཀ་ལ་ཕྱོགས་བཞི་དང་མཚམས་བཞི་བཞིར་ཕྱེ་ནས། གནས་ལ་སོགས་པའི་དབྱེ་བ་བཞི་བཅུ་ཞེ་བརྒྱད་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། དེར་ནི་འབུམ་ཕྲག་བཞི་པའི་འཇིག་རྟེན་གྱི་ཁམས། ནང་གི་ལུས་འདོམ་གང་གྲུ་བཞི་དང་ཕྱི་ནང་སྦྱོར་བའི་དབང་དུ་བྱས་པ་ཡིན་གྱི། སྤྱོད་པ་ལ་རྒྱུ་བའི་ཡུལ་གྱི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། ཞེས་བྱ་བའི་ཀླན་ཀ་འདི་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། ཡུལ་སོ་བདུན་གྱི་རྐང་གྲངས་བཟུང་བ་དང༌། དེའི་ཤེས་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དགྱེས་རྡོར་ལས་ཇི་ལྟར་གསུངས་པ་དང༌། བདེ་མཆོག་ལས་ཇི་ལྟར་གསུངས་པ་དང༌། དུས་ཀྱི་འཁོར་ལོ་ལས་ཇི་ལྟར་གསུངས་པའོ། །དང་པོ་ལ་གསུམ་སྟེ། རིགས་ཀྱི་དབྱེ་བ་བཅུ་གཉིས་བཤད་པ་དང༌། བསལ་བའི་དབྱེ་བ་སུམ་ཅུ་རྩ་གཉིས་བཤད་པ་དང༌། དེར་ཁ་བསྐང་ནས་སོ་བདུན་དུ་འགྲོ་བའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། ཀྱཻ་བཅོམ་ལྡན་འདས། འདུ་བའི་གནས་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང༌། །ཚནྡོ་ཉེ་བའི་ཚནྡོ་དང༌། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་དང༌། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་གསུངས་སོ། །འདིས་ཅི་ཞིག་བསྟན་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པར། རབ་ཏུ་དགའ་བ་ལ་སོགས་པའི་མིང་ཅན་གྱི་ས་བཅུ་བཤད་པ་དེ་ཉིད་ལ། འདིར་གནས་ལ་སོགས་པའི་མིང་གིས་བཏགས་ནས་བསྟན་པ་ཡིན་ཏེ། སམྦུ་ཊར། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད། །པུ་ལ་སོགས་པ་ཅི་གསུངས་པ། །ཕྱི་དང་ནང་དུ་ཡང་དག་བསམ། །ཞེས་གསུངས་པས་སོ། །ས་གང་དང་གང་སྦྱོར་བ་ཡང༌། དེ་ཉིད་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་ཅན། །ཚནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཏེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཞེས་གསུངས་ལ། དེར་འཐུང་སྤྱོད་གཉིས་གང་དང་སྦྱར་གྱི་གསལ་ཁ་མ་བྱུང་ཞིང༌། དེའི་འགྲེལ་པ་མན་ངག་གི་སྙེ་མར། མོས་སྤྱོད་དང༌། ཀུན་ཏུ་འོད་ཀྱི་ས་གཉིས་དང་སྦྱོར་བ་ཡིན་ཞེས་འཆད་ཀྱང༌། དཔེ་མེད་པའི་ས་དང༌། ཡེ་ཤེས་ཆེན་པོའི་ས་གཉིས་དང་སྦྱོར་དགོས་པ། རྒྱུད་རྒྱས་པའི་ལུང་ཀུ་མུ་ཏིར་དྲངས་པ་ལས་གསལ་བ་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །དེ་ལྟར་ཡུལ་དེ་དག་དང༌། ས་དེ་དག་སྦྱོར་བའི་གོ་དོན་ཡང༌། ཆོས་རྗེ་པཎྜི་ཏའི་གསུང་གིས། བདག་མེད་བསྟོད་འགྲེལ་ལས། ཇི་སྐད་དུ། ཕྱི་རོལ་ན་གནས་དང༌། ཉེ་བའི་གནས་ལ་སོགས་པ་ཉི་ཤུ་རྩ་བཞི་ཡོད་ལ། ངོ་བོ་སངས་རྒྱས་ཡིན་ཀྱང༌། རྣམ་པ་ས་དང་པོ་ལ་སོགས་པ་ཐོབ་པའི་ཚུལ་བཟུང་བའི་དཔའ་བོ་དང་རྣལ་འབྱོར་མ་གནས་སོ། །དེ་བཞིན་དུ་ཡུལ་ཉི་ཤུ་རྩ་བཞི་རང་གི་ལུས་ལ་ཡང་གནས་ལ། དཔའ་བོ་དང་རྣལ་འབྱོར་མ་དང་རྗེས་སུ་མཐུན་པའི་རླུང་དང༌། བྱང་ཆུབ་ཀྱི་སེམས་གནས་པ་དེ་རྣམས་དབུ་མར་ཐིམ་པས། ས་རྣམས་ཀྱི་རྟོགས་པ་སྐྱེ་ཞིང༌། ཕྱི་རོལ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་བདག་གི་གྲོགས་སུ་འགྱུར་བ་ཡིན་ཞེས་གསུང་ངོ༌། །གཉིས་པ་བསལ་བའི་དབྱེ་བ་བཤད་པ་ནི། ཇི་སྐད་དུ། ཀྱེ་བཅོམ་ལྡན་འདས། གནས་ལ་སོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། །གནས་ནི་ཛཱ་ལནྡྷ་རར་བཤད། །དེ་བཞིན་དུ་ནི་ཨོཌྱ་ནི། །གནས་ནི་ཀོལླ་གི་རི་ཉིད། །དེ་བཞིན་དུ་ཡང་ཀམ་རུ་ཉིད། །ཉེ་གནས་མཱ་ལ་ཝ་ཞེས་བརྗོད། །སིནྡྷཱུ་ནཱ་ག་ར་ཉིད་དོ། །ཞིང་ནི་མུམྨུ་ནིར་བཤད་དེ། །ཞིང་ནི་བྱེད་པའི་བྲང་ཉིད་དོ། །དེ་ཝི་ཀོ་ཊ་དེ་བཞིན་ཞིང༌། །ཞིང་ནི་ལྕགས་པའི་བྲང་ཉིད་དོ། །ཉེ་ཞིང་ཀུ་ལུ་ཏ་ཞེས་བརྗོད། །དེ་བཞིན་ཨརྦུ་ཏ་ཉིད་དོ། །བ་ཡི་མཆོག་སྦྱིན་ཁ་བའི་རི། །ཉེ་བའི་ཞིང་ནི་མདོར་བསྡུས་པའོ། །ཚནྡོ་ཧ་རི་ཀཻ་ལ་དང༌། །ལན་ཚྭ་རྒྱ་མཚོའི་ནང་སྐྱེས་དང༌། །ལམྦ་ཀ་དང་ཀཉྩི་ཉིད། །དེ་བཞིན་སཽ་རཥྚ་ཉིད་དོ། །ཉེ་བའི་ཚནྡོ་ཀ་ལིང་ཀ །གསེར་དང་ལྡན་པའི་གླིང་དང་ནི། །ཀོང་ཀ་ན་ཡང་ཉེ་ཚནྡོ། །མདོར་བསྡུས་པ་ནི་བརྗོད་པར་བྱ། །འཐུང་སྤྱོད་གྲོང་ཁྱེར་གྱི་དང་ཡང༌། །འཐུང་སྤྱོད་གྲོང་གི་མཐར་གནས་པ། །ཙ་རི་ཊ་དང་ཀོ་ས་ལ། །བིནྡ་གཞོན་ནུའི་གྲོང་ཁྱེར་རོ། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཉེ་བའི་འཐུང་སྤྱོད་དེ་ཉེ་བའོ། །དུར་ཁྲོད་རབ་སོན་དགེ་འདུན་དང༌། །དུར་ཁྲོད་རྒྱ་མཚོའི་འགྲམ་ཉིད་དོ། །སྐྱེད་ཚལ་རྭ་བའི་རྫིང་བུ་འགྲམ། །ཉེ་བའི་དུར་ཁྲོད་བརྗོད་པར་བྱ། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་དངོས་སུ་བསྟན་པ་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ་ལྔ་བསྣན་ནས། ཡུལ་སུམ་ཅུ་རྩ་བདུན་དུ་བྱ་དགོས་པ་ཡིན་པ་ལ། འགའ་ཞིག་ན་རེ། གླིང་བཞི་དང་རི་རབ་སྣོན་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ། བདེ་དགྱེས་གཉིས་ཀ་ནས་མ་བཤད་པས་ལུང་མེད་པ་དང༌། དུས་འཁོར་དང༌། རི་ཥི་ཨ་ར་ལིའི་རྒྱུད་ནས་གླིང་བཞི་གནས་སུ་བཤད་ཀྱང༌། རི་རབ་གནས་སུ་བཤད་པ་མེད་པ་དང༌། གླིང་བཞི་གནས་སུ་བཤད་ཀྱང༌། སུམ་ཅུ་རྩ་གཉིས་ཀྱི་ཁ་སྐོང་དུ་བྱས་ནས་སུམ་ཅུ་སོ་བདུན་དུ་འཆད་པ་རྒྱུད་དེ་དག་གི་དོན་མ་ཡིན་པ་ནི་རང་རང་གི་ནང་ན་གསལ་བའི་ཕྱིར། འོན་ཀྱང་རྗེ་བཙུན་གྱིས། ཨིནྡྲ་བྷཱུ་ཏིའི་ལམ་སྐོར་དུ། གླིང་བཞི་པོ་སོ་བདུན་གྱི་ཁ་སྐོང་དུ་འཆད་པ་དེ་ལ་ཡང་ཕྱི་ནང་གང་གི་དབང་དུ་བྱས་པ་དང༌། གྲངས་ངེས་ལ་རྒྱུད་ཀྱི་ཁུངས་བཙལ་དགོས་ཤིང༌། འདིར་བཤད་པའི་སོ་བདུན་གྱི་དབྱེ་བར་ནི་ནམ་ཡང་མི་རུང་སྟེ། འཛམ་བུ་གླིང་གི་རྣལ་འབྱོར་པས་ནང་གི་ས་ལམ་བགྲོད་པའི་ཕྱིར་དུ། བྱང་སྒྲ་མི་སྙན་ལ་སོགས་པའི་གླིང་གསུམ་དུ་རྒྱུ་དགོས་ན་ཧ་ཅང་ཐལ་བའི་ཕྱིར། ཡང་ཁ་ཅིག་ན་རེ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་སྐོར་གྱི་རྩ་འདབ་མ་བཞི་ནི། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་དུ་ཤུགས་ལ་བསྟན་པ་དང༌། སྙིང་ཁའི་དབུས་ཀྱི་གནས་དང་ལྔ་སྟེ། ཡུལ་ཆེན་སོ་བདུན་ལེགས་པར་བཤད་པ་ཡིན་ནོ་ཞེས་གསུང༌། དེ་ཡང་རིགས་པ་མ་ཡིན་ཏེ། ཕྱིའི་ཡུལ་ཆེན་ལྔ་ངོས་འཛིན་རྒྱུ་ལ། ནང་གི་སྦས་པའི་རྩ་ལྔ་ངོས་བཟུང་བ་ཙམ་གྱིས་ཞེ་འདོད་མི་རྫོགས་པའི་ཕྱིར་དང༌། སྦས་པའི་རྩ་ལྔ་དང་རྗེས་སུ་མཐུན་པའི་ཕྱི་རོལ་གྱི་ཡུལ་ལྔ་ལ་བསམ་པ་ཡིན་ན་ནི་དེ་ཉིད་ངོས་འཛིན་དགོས་པའི་ཕྱིར། གླིང་བཞི་པོ་གནས་ལ་སོགས་པ་གང་རུང་གི་དབྱེ་བར་འཆད་པ་བདེ་དགྱེས་གཉིས་ན་མེད་ལ། དེ་མེད་པ་ན། གླིང་བཞི་པོ་ཡུལ་སོ་བདུན་གྱི་ཁ་སྐོང་དུ་མི་རུང་བས་ཁྱབ་སྟེ། ཡུལ་སོ་བདུན་ནི་ས་བཅུ་གསུམ་དང་དོན་གཅིག་ཏུ་སྦྱོར་དགོས་རྒྱུ་ཡིན་ལ། དེའི་ཚེ་སློབ་པའི་ས་བཅུ་གཉིས་པོ་གང་རུང་ཡིན་ན། གནས་ལ་སོགས་པའི་མིང་ཅན་བཅུ་གཉིས་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། དེས་ན་རང་གི་ལུགས་ནི། དབྱེ་གཞི་འདུ་བ་དང་ཉེ་བའི་འདུ་བ་གཉིས་ལ། དབྱེ་བའི་ཡ་གྱལ་གཉིས་གཉིས་ཡོད་པས་བཞི་དང༌། མི་སློབ་པའི་ཕྱི་རོལ་གྱི་གནས་རྡོ་རྗེའི་གདན་ནམ། འོག་མིན་གྱི་གནས་དང་སོ་བདུན་ནོ། །དེ་ལྟར་འདྲེན་རྒྱུ་ཡིན་པའི་ཤེས་བྱེད་ཀྱང༌། གོང་དུ་རིགས་ཀྱི་དབྱེ་བ་འཆད་པ་ན། འདུ་བ་དང་ཉེ་འདུ་ལ་སོགས་པའི་བཅུ་གཉིས་པོ་ཚང་མར་བཤད་ནས། འོག་ཏུ་དབྱེ་བའི་ཡ་གྱལ་འཆད་པ་ན། སུམ་ཅུ་རྩ་གཉིས་པོ་ཐམས་ཅད་འདུ་བ་གཉིས་པོའི་ལྷག་མ་བཅུ་པོ་ཁོ་ནའི་དབྱེ་བར་བཤད་ཀྱི། གཉིས་པོའི་དབྱེ་བ་དངོས་སུ་མ་བཤད་པའི་ཕྱིར། གཉིས་པོའི་དབྱེ་བ་མ་བཤད་ན། གོང་དུ་ཁ་སྦྱོར་གྱི་ལུང་དྲངས་མ་ཐག་པ་ལྟར་སློབ་པའི་ས་བཅུ་གཉིས་མི་ཚང་བའི་ཕྱིར་རོ། །འོ་ན་འདུ་བ་གཉིས་པོའི་དབྱེ་བའི་ཡ་གྱལ་བཞི་པོ་གང་ཞེ་ན། ཕྱག་ཆེན་ཐིག་ལེ་ལས། འདུ་བ་ལ་ཀརྨྨ་རཱ་པ་ཊ་ཀ་དང༌། གསེར་གླིང་གཉིས་དང༌། ཉེ་བའི་འདུ་བ་ལ་ཀོངྐ་ན་དང༌། འབིགས་བྱེད་གཉིས་ཏེ། བཞིར་བཤད། བདེ་མཆོག་ལས། འདུ་བ་ལ་པྲེ་ཏ་པུ་རི་དང༌། གྲི་ཧ་དེ་བ་སྟེ་གཉིས། ཉེ་བའི་འདུ་བ་ལ་སཽ་རཥྚ་དང༌། སུ་ཝརྞཎ་དྭཱི་པ་དང་བཞིར་བཤད་དོ། །ཁ་སྐོང་བཞི་པོ་དེའི་ནང་ན། སུམ་ཅུ་རྩ་གཉིས་ཀྱི་ནང་ཚན་དུ་བཤད་ཟིན་པའི་མིང་ཅན་འགའ་ཞིག་ཡོད་མོད་ཀྱང༌། བཟློས་པ་ནི་མ་ཡིན་ཏེ། དབྱེ་བའི་ཡ་གྱལ་དེ་དག་དབྱེ་གཞི་སོ་སོ་བ་ཡིན་པས་མིང་འདྲ་ཡང༌། དོན་ས་མི་འདྲ་བ་ཐ་དད་དང་སྦྱོར་དགོས་པའི་ཕྱིར། དེ་ལྟར་བརྟག་གཉིས་དངོས་བསྟན་གྱི་ཡུལ་སུམ་ཅུ་རྩ་གཉིས་ཀྱི་སྟེང་དུ། འདུ་བ་གཉིས་པོའི་དབྱེ་བ་བཞི་དང༌། གང་དུ་སངས་རྒྱ་བའི་གནས་དང་ལྔ་བསྣན་ནས། ཕྱི་རོལ་གྱི་ཡུལ་སོ་བདུན་དུ་བཤད་པ་ལས་ཡང་ན། དགྱེས་རྡོར་དངོས་བསྟན་གྱི་སུམ་ཅུ་རྩ་གཉིས་པོ་དེའི་སྟེང་དུ་དེར་མ་བཤད་ཅིང༌། བདེ་མཆོག་ལས་བཤད་པ་ལྔ་བསྣན་ནས་སོ་བདུན་ནོ། །ལྔ་པོ་གང་ཞེ་ན། རསྨི་ཤྭ་ར་དང༌། ཨོ་ཏྲེ་དང༌། ཏྲི་ཤ་ཀུ་ནེ་དང༌། པྲེ་ཏ་པུ་རི་དང༌། གྲི་ཧ་དེ་བ་སྟེ་ལྔའོ། །དེ་ལྟར་བཤད་ན་སློབ་པའི་གནས་རྐྱང་པ་ལ་སོ་བདུན་ནོ། །གཉིས་པ་བདེ་མཆོག་ནས་གསུངས་ཚུལ་ལ། རྩ་བའི་དབྱེ་གཞི་གནས་ལ་སོགས་པ་བཅུ་གཉིས་པོ་ལ། དབྱེ་བའི་ཡ་གྱལ་ཉི་ཤུ་བཞིར་ཕྱེ་ནས་འཆད་པ་ནི། ཀུན་གྱི་མཐུན་སྣང་དུ་གྲུབ་ལ། དེ་ལ་ཁ་སྐོང་ཇི་ལྟར་སྦྱར་ནས། སུམ་ཅུ་རྩ་བདུན་དུ་དབྱེ་བའི་ཚུལ་བཤད་པའི་རྣམ་གྲངས་མི་འདྲ་བ་གསུམ་གྱི་སྒོ་ནས་བཤད་པར་བྱ་བ་ལས། དང་པོ་ལ། ཐོག་མར་དབྱེ་བའི་ཡ་གྱལ་ཉི་ཤུ་རྩ་བཞི་ནི། པུལླི་ར་མ་ལ་ཡ་ཞེས་པ་རྒྱས་པའི་རི་དང༌། ཛཱ་ལནྡྷྲར་ཞེས་པ། ཛཱ་དང་ཛྭཱའི་འདོད་ཚུལ་གྱི་དབྱེ་བས་དྲྭ་བ་འཛིན་པ་དང་འབར་པ་འཛིན་པ། ཨོཌྱ་ནི་ཞེས་པ་ཨུ་རྻན་དང༌། ཨརྦུ་ཏ་ཞེས་པ་མཆོད་འོས་དང༌། ཨཽ་ད་ཝ་རི་ཞེས་པ་བའི་མཆོག་སྦྱིན་དང༌། རསྨ་ཤྭ་ར་ཞེས་པ་དགའ་བྱེད་དབང་ཕྱུག་དང༌། དེ་ཝི་ཀོ་ཊ་ཞེས་པ་ལྷ་མོའི་མཁར་དང༌། མཱ་ལ་ཝ་ཞེས་པ་ཕྲེང་བ་ཅན་དང༌། ཀ་མ་རཱུ་པ་ཞེས་པ་འདོད་པའི་གཟུགས་དང༌། ཨོ་ཏྲེ་ཞེས་པ་རོལ་པ་ཅན་དང༌། ཏྲི་ཤ་ཀུ་ནེ་ཞེས་པ་དགེ་མཚན་གསུམ་པ་དང༌། ཀོ་ས་ལ་ཞེས་པ་མཛོད་ལེན་ནམ། དགེ་བ་ཅན་དང༌། ཀ་ལིང་ཀ་ཞེས་པ་སྨྲ་བའི་རྟགས་དང༌། ལམྦ་ཀ་ཞེས་པ་འཕྱང་བ་ཅན་ནམ། མགོར་ཐོགས་དང༌། ཀཉྩི་ཀ་ཞེས་པ་སྐྱུར་བག་ཅན་དང༌། ཧི་མ་ལ་ཡ་ཞེས་པ་གངས་ཅན་དང༌། པྲེ་ཏ་པུ་རི་ཞེས་ཡི་དྭགས་ཀྱི་གྲོང་ཁྱེར་དང༌། གྲི་ཧ་དེ་བ་ཞེས་པ་ཁྱིམ་གྱི་ལྷ་དང༌། སཽ་རཥྚ་ཞེས་པ་ཡུལ་འཁོར་བཟང་པོའམ། གྲོང་ཆེན་པོ་དང༌། སུ་ཝརྞཎ་དྭཱི་པ་ཞེས་པ་གསེར་དང༌། ནཱ་ག་ར་ཞེས་པ་གྲོང་ཁྱེར་དང༌། ཡང་ན་པ་ཊ་ལི་པུ་ཏྲ་དང་ནཱ་ག་ར་དོན་གཅིག་ཏུ་འཆད་པའི་ལུགས་ལྟར་ན། གྲོང་ཁྱེར་སྐྱ་བོའི་བུ་ཞེས་པའི་དོན་ནོ། །ཞེས་འཆད་པ་དག་ཡོད་དོ། །སིནྡྷཱུ་ར་ཞེས་པ་ནི་ལེགས་སྦྱར་སོར་གཞག་པའོ། །མ་རུ་ཞེས་པ་ནི་མྱ་ངམ་གྱི་ཐང་ངམ། ཆུ་མེད་པའི་ཡུལ་ལོ། །ཀུ་ལུ་ཏ་ཞེས་པ་ནི་རིགས་དང་ལྡན་པའོ། །དེ་ལྟར་དབྱེ་བ་ཉེར་བཞི་པོའི་སྟེང་དུ། དབྱེ་གཞི་བཅུ་གཉིས་བསྣན་པས་སོ་དྲུག གང་དུ་སངས་རྒྱ་བའི་གནས་དང་སོ་བདུན་ནོ། །རྣམ་གྲངས་གཉིས་པ་ནི། བདེ་མཆོག་ནས་བཤད་པའི་ཡུལ་ཉེར་བཞི་པོའི་སྟེང་དུ། དེར་མ་བཤད་ཅིང༌། ཀྱཻ་རྡོར་ནས་བཤད་པ་བཅུ་གསུམ་ཁ་བསྐང་བར་བྱའོ། །དེ་གང་ཞེ་ན། ཞིང་གི་ནང་ཚན། མུམྨུ་ནིར་ཞེས་བྱ་བ་དང༌། བྱེད་པའི་བྲང་ཞེས་བྱ་བ་དང༌། ལྕགས་པའི་བྲང་ཞེས་དང༌། ཚནྡོ་ཧའི་ནང་ཚན། ཧ་རི་ཀེ་ལ་དང༌། རྒྱ་མཚོའི་ནང་སྐྱེས་ཞེས་བྱ་བ་གཉིས་དང༌། ཉེ་བའི་ཚནྡོ་ཧའི་ནང་ཚན། ཀོངྐ་ན་ཞེས་བྱ་བ་དང༌། འཐུང་སྤྱོད་ཀྱི་ནང་ཚན། གྲོང་གི་མཐར་གནས་དང༌། ཙ་རི་ཊ་དང༌། བིནྡ་དང༌། གཞོན་ནུའི་གྲོང་ཁྱེར་ཏེ་བཞི་དང༌། དུར་ཁྲོད་ཀྱི་ནང་ཚན། རབ་སོན་དང༌། རྒྱ་མཚོའི་འགྲམ་དང༌། སྐྱེད་ཚལ་རྭ་བའི་རྫིང་བུའི་འགྲམ། །ཞེས་པ་རྣམས་སོ། །དེ་ལྟར་ན་སློབ་པའི་ས་རྐྱང་པ་ལ་ཕྱི་རོལ་གྱི་ཡུལ་སོ་བདུན་ནོ། །རྣམ་གྲངས་གསུམ་པ་ནི། ཡུལ་ཉེར་བཞི་པོའི་སྟེང་དུ། བདེ་ཆེན་གྱི་འཁོར་ལོའི་ལྷ་ལྔ་དང༌། སྒོ་མཚམས་མ་བརྒྱད་དེ། བཅུ་གསུམ་པོའི་དབང་དུ་བྱས་པའི་ཕྱི་རོལ་གྱི་ཡུལ་བཅུ་གསུམ་མོ། །བཅུ་གསུམ་པོའི་ནང་ནས། འཁོར་གྱི་ལྷ་མོའི་གནས་ནི། སློབ་པའི་སའི་དབང་དུ་བྱས་པ་ཡིན་ལ། དེ་ཡང༌། འཐུང་སྤྱོད་དང༌། ཉེ་བའི་འཐུང་སྤྱོད་གཉིས་ཀྱི་དབྱེ་བར་འཆད་དགོས་པ་ཡིན་ཏེ། གོང་དུ་བཤད་པའི་ཡུལ་ཉི་ཤུ་རྩ་བཞི་པོའི་ནང་ན་འཐུང་སྤྱོད་གཉིས་ཀྱི་དབྱེ་བ་བསྟན་པ་མེད་པའི་ཕྱིར་དང༌། དེ་མ་བསྟན་ན་བཅུ་གཉིས་མི་ཚང་བའི་ཕྱིར། དེ་ཡང་ཕར་ཕྱིན་ཐེག་པར་སྦས་པའི་ས་གཉིས་དང༌། རྒྱུད་དུ་སྦས་པའི་རྩ་ལྔ་དང་སྦྱོར་དགོས་པར་བཞེད་དོ། །འོ་ན་འཁོར་གྱི་ལྷ་མོ་བཅུ་གཉིས་པོ་དེའི་དབང་དུ་བྱས་པའི་ཕྱི་རོལ་གྱི་ཡུལ་བཅུ་གཉིས་ཡོད་པར་གང་ལས་བཤད། ཅེ་ན། སྒོ་མཚམས་མ་བརྒྱད་ཀྱི་གནས་ནི་དུར་ཁྲོད་ཆེན་པོ་བརྒྱད་དང༌། བདེ་ཆེན་གྱི་འཁོར་ལོའི་འཁོར་གྱི་ལྷ་མོ་བཞིའི་གནས་ནི། དབང་ཕྱུག་གི་ཆུང་མ་བཞི་གང་ན་འཁོད་པའི་གནས་ཏེ། རི་རབ་ཀྱི་བྱང་ཤར་དང༌། དབུས་དང༌། གཞན་འཕྲུལ་དབང་བྱེད་དང༌། རྡོ་རྗེའི་གདན་ནོ། །ཞེས་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་ལ་སོགས་པར་གསུངས་སོ། །འོ་ན་སྒོ་མཚམས་མ་བརྒྱད་དང་ཡུམ་བཞི་དཔའ་བོ་དང་ལྷན་ཅིག་ཏུ་མི་འཇུག་པ་ཅི་ཞེ་ན། བརྒྱད་ཀྱིས་ནི་ཡབ་རྣམས་གདོང་བརྙན་དང་ཕྱེད་གཟུགས་ཀྱི་ཚུལ་དུ་སྦས་ལ། སྙིང་པོའི་རྣལ་འབྱོར་མ་ལྔ་ལ་ནི་ཐུན་མོང་དུ་ཡབ་བཅོམ་ལྡན་འདས་གཅིག་པོ་ཉིད་དོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །རྡོ་རྗེ་མཁའ་འགྲོ་ལས། ཇི་སྐད་དུ། དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་སྦས་པ་ངེས་པར་བྱ། །ཡང་དག་བསྡུས་པའི་ཆོ་ག་ནི། །བཤད་ཀྱིས་སྒྲུབ་པ་པོ་རྣམས་ཉོན། །བདེ་མཆོག་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། །ཡེ་ཤེས་ལྡན་པའི་རང་སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །དེ་ནི་མཁའ་འགྲོ་མ་ཞེས་བྱ། །རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་ཡིན། །རྣལ་འབྱོར་མ་དྲུག་སྒྲུབ་པོ་ལ། །བརྡ་ཡི་སྐད་ཀྱིས་བཤད་པ་ཡིན། །ཀུ་ལུནྟ་དང་མ་རུ་ཡི། །ཡུལ་དུ་གནས་པ་མ་མོ་སྟེ། །ཞེས་པ་ནས། ཡུལ་འདི་རྣམས་ཀྱི་བུ་མོ་གང༌། །དཔའ་བོ་གཉིས་མེད་ཁྱབ་པ་སྟེ། །ཀུན་ཀྱང་འདོད་པའི་གཟུགས་ཅན་མ། །ཞེས་པའི་བར་གྱིས་ནི་དཔའ་བོ་དང་ཟུང་དུ་འཇུག་པའི་རྣལ་འབྱོར་མ་རྣམས་ཀྱི་གནས་བསྟན་པ་ཡིན་ལ། དེའི་དེ་མ་ཐག་ཏུ་ཕྱིའི་རྣལ་འབྱོར་མ་རྣམས་ཀྱི་གནས་དྲིས་ལན་གྱི་སྒོ་ནས་གཏན་ལ་འབེབས་པ་ནི། དེ་ཉིད་ལས། ཇི་སྐད་དུ། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོས། མཆོད་ཅིང་ཕྱག་བྱས་ཏེ། སླར་ཡང་འདི་སྐད་ཅེས་གསོལ་ཏོ། །མཁའ་འགྲོ་མ་ཡི་ཁྱད་པར་དང༌། །ཞིང་སྐྱོང་འཇིག་པ་ཆེན་པོ་ཡི། །མིང་དང་ཞིང་གི་མིང་དང་ནི། །གནས་རྣམས་ཀྱི་ནི་ཁྱད་པར་དང༌། །གང་དུ་སྒྲུབ་པ་པོས་ཐོས་ནས། །ཐེ་ཚོམ་མེད་པར་འགྲུབ་འགྱུར་བ། །དེ་དག་ཐམས་ཅད་མདོར་བསྡུས་ཏེ། །གཙོ་བོས་བདག་ལ་བཤད་དུ་གསོལ། །ཞེས་པའི་ལན་རྒྱས་པར་གསུངས་པ་རྣམས་ཀྱིས། སྒོ་མཚམས་མ་བརྒྱད་དང་བདེ་ཆེན་གྱི་ལྷ་མོ་བཞིའི་གནས་ཀྱང་རྟོགས་པར་ནུས་ཏེ། རྒྱས་པར་དེ་ཉིད་ལ་བལྟ་བར་བྱའོ། །མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། ཇི་སྐད་དུ། དངོས་པོ་མེད་པ་མིན་ལྷ་མོ། །གཉིས་མེད་གོ་འཕངས་ལ་བརྟེན་མ། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །སྐྱེད་འགྱུར་རང་གི་སྔགས་ལས་སྐྱེས། །ཞེས་གསུངས་པ་དང༌། གཞན་ཡང་ལྟེ་བ་སྤྲུལ་བའི་འཁོར་ལོ་ན་གནས་པའི་ལྷ་མོ་དྲུག་བཅུ་རྩ་བཞི་པོ་ལ། ཕྱི་རོལ་གྱི་གནས་ཀྱང་དྲུག་བཅུ་རྩ་བཞི་ཡོད་པར་གསུངས་ཏེ། ཇི་སྐད་དུ། ཡུལ་དབུས་མ་དང་ཀ་ལིང་ཀ་མ་དང༌། ཞེས་པ་ནས། དུར་ཁྲོད་མ་དང་ཉེ་བའི་དུར་ཁྲོད་མ། །རྒྱ་མཚོ་ཆེན་པོའི་འགྲམ་མཁས་མ། །ཀླ་ཀློ་མ་དང་ཐམས་ཅད་ཡུལ་མ་སྟེ། །དེ་ལྟར་རིམ་པས་དྲུག་བཅུ་བཞི་ལྷ་མོ། །ཞེས་གསུངས་ལ། དེ་ལྟར་བཤད་པ་དེས་ཀྱང༌། བདེ་ཆེན་གྱི་ལྷ་མོ་བཞི་དང་སྒོ་མཚམས་བརྒྱད་ཀྱི་ཕྱི་རོལ་གྱི་ཡུལ་སོ་སོ་བ་དག་རྣམ་པར་གཞག་ནུས་པ་ཡིན་ནོ། །དེ་ལྟ་ན་ཡང༌། ཕྱི་རོལ་གྱི་ཡུལ་སོ་བདུན་དུ་གྲངས་ངེས་པར་བཤད་པ་ནི་ནང་གི་ངེས་པའི་དབང་གིས་སོ། །གསུམ་པ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་ཚུལ་ལ་གཉིས་ཏེ། གནས་ལ་སོགས་པའི་དབྱེ་གཞི་བཅུ་གཉིས་པོ་འབུམ་ཕྲག་བཞི་པའི་འཇིག་རྟེན་གྱི་ཁམས་ལ་གཞག་པ་དང༌། དབྱེ་བའི་ཡ་གྱལ་སོ་བདུན་པོ་ཡུལ་གང་ན་ཡོད་ཀྱི་ངེས་པ་མེད་པ་གཉིས་སོ། །དང་པོ་ནི། རྒྱུད་ལས། དཔལ་ལྡན་ལྷུན་པོའི་ཕྱོགས་རྣམས་ཀུན་ཏུ་ས་ཡི་དཀྱིལ་འཁོར་ལ་སོན་གནས་རྣམས་ཀུན་དང་ཉེ་བའི་གནས། །ཞེས་པའི་འགྲེལ་ཆེན་དྲི་མེད་འོད་དུ། གནས་ནི་ཕྱོགས་བཞིར་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་གྱིས་གནས་པ། ཤར་གྱི་ལུས་འཕགས་དང༌། འཛམ་བུའི་གླིང་ཆུང་ངུ་དང༌། བྱང་གི་སྒྲ་མི་སྙན་དང༌། ནུབ་ཀྱི་བ་ལང་སྤྱོད་དོ། །ཉེ་བའི་གནས་ནི། རང་བཞིན་དེ་ཉིད་ཀྱིས་ཕྱོགས་མཚམས་རྣམས་སུ་སྟེ། མེ་དང༌། བདེན་བྲལ་དང༌། དབང་ལྡན་དང༌། རླུང་གི་ཕྱོགས་སུའོ། །དེ་བཞིན་དུ། ཞིང་དང་ཉེ་བའི་ཞིང་ནི་རྒྱ་མཚོའི་ཕྱེད་ལའོ། །འདུན་པ་དང༌། ཉེ་བའི་འདུན་པ་ནི་རྒྱ་མཚོའི་ཕྱེད་གཞན་ལའོ། །འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་ནི་མེའི་དཀྱིལ་འཁོར་གྱི་ཕྱེད་ལའོ། །ཁང་པ་དང་ཉེ་བའི་ཁང་པ་ནི་མེའི་ཕྱེད་གཞན་ལའོ། །དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ནི་རླུང་གི་དཀྱིལ་འཁོར་གྱི་ཕྱེད་ལའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི་རླུང་གི་དཀྱིལ་འཁོར་གྱི་མཐའ་ལ་དང༌། དེ་ལྟར་གནས་ལ་སོགས་པ་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། ལུས་ལ་ཡང་ས་བཅུ་གཉིས་ནི། ལག་པ་དང་རྐང་པ་དག་གི་ཚིགས་བཅུ་གཉིས་སོ། །ཞེས་གསུངས་ལ། དེའི་ལྟར་ན། བཅུ་གཉིས་པོ་འཛམ་གླིང་ཁོ་ནའི་གནས་སུ་མ་བཤད་པས། སྤྱོད་པ་སྤྱད་པའི་ཕྱིར་རྒྱུ་བའི་ཡུལ་དུ་མ་གསུངས་ལ། ཕྱི་ནང་མཐུན་པར་སྦྱར་བའི་ཕྱིར་དུ་དེ་ལྟར་གསུངས་པ་ཡིན་ནོ། །གཉིས་པ་ནི། དཔལ་ལྡན་རྒྱུད་ལས། སུམ་ཅུ་རྩ་བདུན་རབ་ཏུ་དབྱེ་བས་སྲིད་པ་གསུམ་གྱི་གནས་སུ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཏེ། །དེ་རྣམས་མཐའ་དག་རྣལ་འབྱོར་མ་རྣམས་ས་ཡི་སྟེང་གི་གནས་སུ་རྣལ་འབྱོར་པ་ཡིས་རིགས་པར་བྱ། །དེ་ལྟར་གནས་ལ་སོགས་པ་ཐམས་ཅད་མི་ཡི་བདག་པོ་ཕྱི་དང་ལུས་ལ་ཡང་ནི་དེ་བཞིན་འགྱུར། །ཞེས་གསུངས་ལ། དེ་ཡང་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱི་དང་ནང་གི་གནས་སུམ་ཅུ་རྩ་དྲུག་ཏུ་གསུངས་ལ། དེ་ཡང་ནང་གི་གནས་སོ་དྲུག་ནི། ནང་གི་ཁམས་དང༌། སྐྱེ་མཆེད་དང༌། རྒྱུ་མ་ལ་སོགས་པའི་དབྱེ་བས་སོ་སོར་སྦྱར་ནས་བཤད་ལ། ཕྱིའི་གནས་ལ་དྲང་བའི་དོན་གྱི་དབང་དུ་བྱས་པ་དང༌། ངེས་དོན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྒྱུད་སྡེ་གཞན་དང་གཞན་ལས། ཨོ་ཌྱ་ནི་དང༌། ཛཱ་ལནྡྷ་ར་ལ་སོགས་པ་གནས་སོ་སོར་བཤད་པ་དེ་དག་ཡིན་ལ། གཉིས་པ་ནི། བོད་ཡུལ་ལྟ་བུའི་ཡུལ་ཁམས་རེ་རེ་བ་དང༌། གཉན་ཡོད་ལྟ་བུའི་གྲོང་ཁྱེར་རེ་རེ་ནའང་རྣལ་འབྱོར་མའི་རིགས་སོ་དྲུག་གི་དབྱེ་བས་ཡུལ་སོ་དྲུག་དང༌། དེ་ཐམས་ཅད་ལ་ཁྱབ་པར་བྱེད་པ་རྡོ་རྗེ་སེམས་དཔའི་གནས་དང་སོ་བདུན་པོ་ཐམས་ཅད་ཚང་བར་ཡོད་དོ། །ཞེས་འཆད་དགོས་པ་ཡིན་ཏེ། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། ཇི་སྐད་དུ། ད་ནི་གནས་ཤེས་པ་ལ་སོགས་པས་ཉེ་བའི་གནས་ལ་སོགས་པའི་གནས་རྣམས་གསུངས་ཏེ། འདིར་ཐུན་མོང་གིས་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ། ཛཱ་ལན་དྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་དུ་ཁྱད་པར་བྱེད་པ་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན། བོད་ལ་སོགས་པ་དང༌། རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ན་ཡང་གནས་ལ་སོགས་པ་རྣམས་ཡོད་དོ། །དེ་ཉིད་ནི་བསྡུས་པའི་རྒྱུད་གཞན་དུ་མ་བསྟན་ནོ། །ཡུལ་ཐམས་ཅད་དང༌། གྲོང་ཐམས་ཅད་དུ་གནས་ལ་སོགས་པ་གསུངས་པ་ནི། གནས་ནི་སྒྲོལ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་སྟེ། རྣམ་པ་བཞིའོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་རྣམ་པ་དྲུག་གོ །ཙརྩི་ཀ་ལ་སོགས་པ་རྣམས་ཀྱི་ཁྱིམ་ནི་ཚནྡྷོ་རྣམ་པ་བརྒྱད་དོ། །རྨུགས་བྱེད་མ་ལ་སོགས་པའི་ཁྱིམ་ནི་འདུས་པ་རྣམ་པ་བཅུའོ། །ཁྱི་གདོང་མ་ལ་སོགས་པའི་ཁྱིམ་ནི་དུར་ཁྲོད་རྣམ་པ་བརྒྱད་དོ། །ཞེས་གསུངས་པས་སོ། །དེ་དག་ལ་འདི་སྐད་ཅེས། དགྱེས་པ་རྡོ་རྗེར་ཡུལ་རྣམས་ཀྱི། །དབྱེ་བ་འཆད་པའི་མདོར་བསྟན་དུ། །འདུ་བ་གཉིས་པོ་བཤད་གྱུར་ཀྱང༌། །རྒྱས་བཤད་སྐབས་སུ་མ་བྱུང་བས། །འདུ་བ་གཉིས་པོའི་དབྱེ་བ་བཞི། །བསྣན་ནས་སློབ་པའི་གནས་སོ་དྲུག །མི་སློབ་གནས་དང་སོ་བདུན་ནོ། །ཡང་ན་བདེ་དགྱེས་ཕན་ཚུན་དུ། །ཁ་བསྐང་ནས་ནི་སོ་བདུན་བྱ། །དགྱེས་པ་རྡོ་རྗེར་སོ་གཉིས་དང༌། །འཁོར་ལོ་སྡོམ་པར་ཉེར་བཞི་བཤད། །ཉེར་བཞིའི་ནང་ན་དགྱེས་རྡོར་དུ། །མ་བཤད་རྣམ་པ་ལྔ་ཡོད་དེ། །སོ་གཉིས་ནང་ན་བདེ་མཆོག་ཏུ། །མ་བཤད་རྣམ་པ་བཅུ་གསུམ་མོ། །ཕན་ཚུན་མཐུན་པ་བཅུ་དགུ་ལ། །ནཱ་ག་ར་ཡི་མིང་གཅིག་གིས། །གྲོང་ཁྱེར་རྣམ་པ་གཉིས་བསྟན་པར། །བཤད་པའི་ཡུལ་ཆེན་སོ་བདུན་གྲུབ། །ཡང་ན་ཡུལ་ཆེན་ཉེར་བཞི་ལ། །གནས་སོགས་དབྱེ་གཞི་བཅུ་གཉིས་པོ། །བསྣན་པས་སློབ་པའི་ས་སོ་དྲུག །མི་སློབ་གནས་དང་སོ་བདུན་ནོ། །དེའི་ཤེས་བྱེད་གཞུང་འདི་ལས། །གནས་དང་ཉེ་བའི་གནས་ལ་སོགས། །ཡུལ་ཆེན་སུམ་ཅུ་སོ་བདུན་ཞེས། །གསལ་བར་གསུངས་པ་ཡིན་ཕྱིར་རོ། །དུས་ཀྱི་འཁོར་ལོར་གནས་ལ་སོགས། །བཅུ་གཉིས་འབུམ་ཕྲག་བཞི་པ་དང༌། །ཁྲུ་བཞི་ལྡན་པ་ཕྱི་ནང་གི །ལུས་ལ་ཚང་བར་དེས་བཤད་ནས། །ཛཱ་ལན་དྷ་ར་སོགས་དབྱེ་བ། །ཡུལ་ཁམས་སོ་སོར་གནས་སོ་ཞེས། །རྒྱུད་སྡེ་གཞན་དུ་གང་གསུངས་པ། །བྱིས་པ་རྣམས་ནི་དྲང་བའི་དོན། །ཡུལ་ཁམས་གཅིག་ན་རྣལ་འབྱོར་མའི། །རིགས་ཀྱི་དབྱེ་བ་སུམ་ཅུ་དྲུག །ཐམས་ཅད་ཚང་བའི་གནས་དེ་ན། །ཡུལ་ཆེན་སུམ་ཅུ་སོ་དྲུག་ཚང༌། །ཁྱབ་བདག་དུས་ཀྱི་འཁོར་ལོ་ཉིད། །གང་ན་འཁོད་པའི་གནས་དེ་དང༌། །སུམ་ཅུ་སོ་བདུན་ཡིན་ནོ་ཞེས། །གསལ་བར་གསུངས་པའང་བཟུང་བར་བྱ། །ཡང་ན་བདེ་མཆོག་འཁོར་ལོ་ལས། །རྣལ་འབྱོར་མ་ནི་སོ་བདུན་གྱི། །གྲངས་ངེས་བཤད་ཅིང་དེའི་གནས་ཀྱང༌། །ཕྱི་དང་ནང་ན་སོ་བདུན་ནོ། །གཉིས་པ་དེ་དག་གི་ཤེས་བྱེད་བསྟན་པ་ནི། དེ་ལྟར་ཕྱི་ནང་གི་ཡུལ་སོ་བདུན་དུ་འཇོག་པ་ཡང༌། སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་གསུམ་ལ་སོ་བདུན་རེར་འཇོག་པའི་རྒྱུ་མཚན་གྱིས་སོ། །ཞེས་བླ་མ་གོང་མ་རྣམས་གསུང་ངོ༌། །དེ་ཡང་ཇི་ལྟར་ཞེ་ན། གཞི་འཁོར་བའི་གནས་སྐབས་ན་ཡོད་པའི་སྦྱང་བྱ་ནི། ཕུང་པོ་ལྔ། འབྱུང་བ་ལྔ། ཕྱིའི་ཡུལ་དྲུག ནང་གི་སྐྱེ་མཆེད་དྲུག དཔུང་པ་གཉིས། ལག་ངར་གཉིས། ཁ། གཤང་བ། པུས་མོ་གཉིས། སྤྱི་བོ། རྐང་མཐིལ་གཉིས་ཏེ་བཅུ། ཉོན་མོངས་པ་ལྔ་དང་སོ་བདུན་ནོ། །སྦྱོང་བྱེད་ལམ་ལའང༌། ཕར་ཕྱིན་དང་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལམ་གཉིས་ལས། དང་པོ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་སོ་བདུན་ནོ། །གཉིས་པ་ལ་སྐྱེད་རིམ་གྱི་དང༌། རྫོགས་རིམ་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ལ། རྟེན་གཞལ་ཡས་ཁང་གི་དང༌། རྟེན་པ་ལྷའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། ཐམས་ཅད་གསང་བ་ལས། དྲན་པ་ཉེར་གཞག་བཞི་པོ་ནི། །ཁ་ཁྱེར་ཞེས་ནི་བརྗོད་པ་ཡིན། །ཞེས་སོགས་གསུངས་པ་ལྟར། གཞལ་ཡས་ཁང་གི་ཆོས་རྣམས་དང་བྱང་ཕྱོགས་སོ་བདུན་དང་སྦྱར་བའོ། །གཉིས་པ་ནི། རིགས་ལྔ། ཡུམ་ལྔ། གཏི་མུག་རྡོ་རྗེ་མ་སོགས་དང༌། གཟུགས་རྡོ་རྗེ་མ་སོགས་དྲུག་ཚན་གཉིས། ཁྲོ་བོ་བཅུ། མངོན་བྱང་ལྔ་སྟེ་སོ་བདུན་ནོ། །གཉིས་པ་རྫོགས་རིམ་གྱི་དབང་དུ་བྱས་པ་ལ། རྟེན་དཀྱིལ་འཁོར་བཞིའི་དབང་དུ་བྱས་པ་དང༌། བརྟེན་པ་ཡེ་ཤེས་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། མི་ཕྱེད་མ་སོགས་དངོས་བསྟན་གྱི་རྩ་སོ་གཉིས་ཀྱི་སྟེང་དུ་སྦས་པའི་རྩ་ལྔ་བསྣན་པས་སོ་བདུན། པུ་ཛཱ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིའི་སྟེང་དུ་ཧཱུྃ་རིང་པོ་བརྒྱད། བྲུྃ། ཨྃ། ཛྲིཾ། ཁྃ། ཧཱུྃ་བསྣན་པས་ཡི་གེ་སོ་བདུན། དེ་དག་གི་ནང་ན་གནས་པའི་ཁམས་བདུད་རྩི་སོ་བདུན། དེ་དག་ལ་དབང་སྒྱུར་བའི་རླུང་ནི། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་སོ་བདུན་ནོ། །གཉིས་པ་ནི། རྟེན་དེ་དག་ལ་རྟེན་ནས་སྐྱེས་པའི་མཚོན་བྱེད་དཔེའི་ཡེ་ཤེས་སོ་བདུན་དང༌། མཚོན་བྱ་དོན་གྱི་ཡེ་ཤེས་སོ་བདུན་ནོ། །གསུམ་པ་སྦྱངས་པའི་འབྲས་བུ་ནི། སངས་རྒྱས་ཀྱི་སར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། ཚད་མེད་བཞི། རྣམ་པར་གྲོལ་བའི་ཡེ་ཤེས་ཏེ་ལྔ། མངོན་པར་ཤེས་པ་དྲུག ཟག་པ་མེད་པའི་ཡུལ་དྲུག སྟོབས་བཅུ། ཡེ་ཤེས་ལྔ་སྟེ་སོ་བདུན་ནོ། །ཞེས་རྗེ་བླ་མ་དམ་པས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་ལས་འབྱུང་ངོ༌།། །།དྲི་བ་སོ་བརྒྱད་པ་ནི། མ་ཕམ་མ་དྲོས་མིན་གྱུར་ན། །གངྒཱའང་དེ་ཉིད་མིན་པར་འགྱུར། །ཞེས་པའི་ལན་ཡང་ལྡོན་དགོས་སོ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་འདིར། གངས་ཅན་དེ་ནི་ཏི་སེ་མིན། །མ་དྲོས་རྒྱ་མཚོ་མ་ཕམ་མིན། །ཞེས་བཤད་པ་ལ། སྔོན་གྱི་རྒོལ་བ་ཁ་ཅིག་ན་རེ། གངྒཱ་འདི་ནས་འབབ་པའི་ཕྱིར། །མ་དྲོས་ཚོལ་བའི་ངལ་བས་ཅི། །འདུས་བྱས་རྟག་པ་མེད་པའི་ཕྱིར། །སྔོན་བཞིན་ད་ལྟ་གནས་པ་མེད། །ཅེས་པའི་རྒོལ་བ་བྱུང་བ་ལ། གཞུང་འདིའི་རྣམ་བཤད་མཛད་པ་ཕལ་ཆེར་གྱིས་ལན་མ་བཏབ་ཅིང༌། ལྷ་བཙུན་བསམ་ཡས་པས། དེ་དེ་ནས་འབབ་པར་ཚན་མ་གང་གིས་གྲུབ། བོད་ཀྱི་བླུན་པོ་ནོར་གྱི་ཕྱིར་ཁྱི་བཞིན་དུ་འཁྱམ་པ་ཞིག་གམ། ཨ་ཙ་ར་བླུན་པོ་དེ་ལྟ་བུ་ཞིག་ལས་གཞན་འོས་ཅི་ཡོད། དེ་དག་གི་ཚིག་ཙམ་ལ་བརྟེན་ནས་པཎྜི་ཏ་ཆེན་པོའི་གསུང་ལ་དགག་པ་བྱེད་པ་ནི་བཞད་གད་དོ། །ཞེས་གསུངས་ལ། དེ་ཙམ་གྱིས་ནི་རྒོལ་བ་དེ་ལ་ལན་མི་ཐེབས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། གཞུང་འདིར། དེས་ན་རི་བོ་གངས་ཅན་དུ། །རྫུ་འཕྲུལ་མེད་པར་འགྲོ་མི་ནུས། །ཞེས་དང༌། དེར་ནི་རྫུ་འཕྲུལ་མི་ལྡན་པས། །བགྲོད་པར་བྱ་བ་མིན་ཞེས་བཤད། །ཅེས་པ་ལ། སློབ་དཔོན་ཆེན་པོ་རལ་གྲི་ལ་སོགས་པ་རྣམས་ན་རེ། ཇི་སྐད་དུ། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ། །ཞེས་པ་དེ་ནི་ཏི་སེ་ཉིད་ལ་འཆད་དགོས་པ་དང༌། མཚོ་མ་དྲོས་པ་ཡང་མ་ཕམ་ཉིད་ལ་འཆད་དགོས་པ་ཡིན་ཏེ། གཉན་ཡོད་དང་ཏི་སེ་ནི་ལྷོ་བྱང་ཐད་མཉམ་དུ་དེར་ཕྱིན་པའི་མིའི་ཚད་མས་གྲུབ་པ་དང༌། གངྒཱ་ཡང་མ་ཕམ་ལས་འབབ་པར་དེར་ཕྱིན་པའི་མིའི་ཚད་མས་གྲུབ་པའི་ཕྱིར། རྫུ་འཕྲུལ་དང་མི་ལྡན་པའི་མིས། གངས་ཅན་དུ་བགྲོད་དཀའ་བར། མཛོད་འགྲེལ་དུ་གསུངས་པ་ཡང་བགྲོད་དཀའ་བར་སྟོན་གྱི། བགྲོད་མི་ནུས་པར་སྟོན་པ་ནི་མ་ཡིན་ཏེ། འཛམ་བུའི་གླིང་ན་མེད་པར་ཐལ་བའི་ཕྱིར་རོ། །གླིང་ཕྲན་པས་ཀྱང་དེར་བགྲོད་ན། འཛམ་བུ་གླིང་པ་ཉིད་ཀྱིས་དེར་བགྲོད་མི་ནུས་པའི་རྒྱུ་མཚན་ཅི་ཡིན། འདི་ལྟར། གནོད་སྦྱིན་གཏུམ་པོ་དང༌། གཅོང་རོང་ཟབ་མོ་དང༌། ཆུ་ཆེན་པོ་ལ་སོགས་པས་ཆོད་པ་ཡིན་དྲང་ན། དེ་འདྲ་བས་བགྲོད་པར་མི་ནུས་པའི་ཡུལ་ནི་འཛམ་བུའི་གླིང་གི་རྒྱ་མཚོའི་མཐར་ཐུག་པ་ན་ཡེ་མེད་དོ། །གང་ཡང་ཕལ་པོ་ཆེ་དང༌། གདགས་པ་སོགས་ནས་བཤད་པའི་མཚན་ཉིད་དང་མི་ལྡན་ནོ་ཞེས་ཟེར་བ་ཡང༌། བྱ་རྒོད་ཕུང་པོའི་རི་དང༌། བསིལ་བ་ཚལ་དང༌། ཡངས་པ་ཅན་དང༌། གཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རྣམས་ལ་མཚུངས་པ་ཡིན་ཏེ། དེ་དག་ཀྱང་སྔོན་མདོ་ནས་བཤད་པ་བཞིན་ད་ལྟ་མེད་པའི་ཕྱིར། གཅིག་ནི་སྒྲོ་བཏགས་པ་སྙན་ངག་མཁན་གྱི་ལུགས་དང༌། གཅིག་ནི་དངོས་པོའི་རང་བཞིན་བརྗོད་པའོ། །ཞེས་ཟེར་བ་དེ་ཡང་མི་འཐད་དེ། དེ་འདྲའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར། ཞེས་ཟེར་རོ། །དངོས་ལན་གདབ་པ་ལ་གཉིས་ཏེ། སུན་འབྱིན་སོ་སོའི་ལན་དང༌། ཆུ་བོ་གངྒཱའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ལ་ལྔ་ལས། སུན་འབྱིན་དང་པོའི་ལན་ལ། སྒྲུབ་བྱེད་འཁྲུལ་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། མཉན་ཡོད་ཀྱི་བྱང་ཐད་ཀྱི་གངས་རི་ཡིན་པ་ཙམ་གྱིས་གདགས་པ་ནས་བཤད་པའི་གངས་ཅན་དུ་འགྲུབ་ན་ཧ་ཅང་ཐལ་བའི་ཕྱིར་དང༌། མཉན་ཡོད་ནས་ཏི་སེའི་བར་དུ་རི་ནག་པོ་དགུ་བྱང་ནས་བྱང་དུ་ཡོད་པ་མ་ཡིན་པར་དེར་ཕྱིན་པའི་མི་དག་གི་ཚད་མས་གྲུབ་པའི་ཕྱིར་དང༌། སྐྱོན་དེ་སྤོང་བར་འདོད་ནས། མཛོད་ཀྱི་རྣམ་བཤད་མཛད་པ་ཁ་ཅིག རི་ནག་པོ་གླུ་མཁན་གསུམ་བཤིབས་ནས་གླུ་ལེན་པ་འདྲ་བ་གསུམ་གསུམ་དགུ་ཞེས་ཟེར་དགོས་པ་བྱུང་བའི་ཕྱིར། གཉིས་པ་ལ། ལུང་དང་མི་མཐུན་པ་དང༌། རིགས་པས་གནོད་པའོ། །དང་པོ་ནི། མཉན་ཡོད་འདི་ནས་ཞེས་པ་ཡི་གེའི་དོན་མ་ཡིན་ཏེ། རང་འགྲེལ་དང་མི་མཐུན་པའི་ཕྱིར། འོ་ན་ཅི་ཞེ་ན། འདི་ན་བྱང་དུ་རི་ནག་པོ། །དགུ་འདས་ཞེས་སོགས་འཆད་པ་རང་འགྲེལ་གྱི་དགོངས་པ་ཡིན་ལ། དེའི་དོན་ནི་འཛམ་བུའི་གླིང་འདི་ན་བྱང་ཕྱོགས་ན་དེ་ལྟར་དུ་ཡོད་ཅེས་པའི་དོན་ནོ། །གཉིས་པ་ནི། ཁྱོད་ཀྱི་འདོད་པ་དེ་མངོན་སུམ་གྱི་རིགས་པ་དང་འགལ་བ་ཡིན་ཏེ། རི་བོ་སྤོས་ངད་ཅན་དང༌། གངས་མཚོའི་སྡོད་ལུགས་ལུང་ལས་བཤད་པ་དང་གོ་ལོག་པའི་ཕྱིར་དང༌། གདགས་པ་ལས། གངྒཱ་གླང་པོའི་ཁ་ནས་ཤར་དུ་འབབ་པར་བཤད་པ་ལས། ཁྱེད་འདོད་པའི་གངྒཱ་ནི་མཚོ་མ་ཕམ་ལས་ནུབ་ཏུ་འབབ་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། སུན་འབྱིན་གཉིས་པའི་ལན་ལ། ཐལ་འགྱུར་དང༌། རང་རྒྱུད་དོ། །དང་པོ་ནི། ཆུ་བོ་ཆེན་པོ་བཞིའི་ཟླས་ཕྱེ་བའི་གངྒཱ་མ་ཕམ་ལས་འབབ་པར་མངོན་སུམ་གྱིས་གྲུབ་ན། སིནྡུ་དང༌། སི་ཏ་དང༌། པཀྵུ་རྣམས་ཀྱང་དེ་ལས་འབབ་པར་མངོན་སུམ་གྱིས་གྲུབ་པར་འགྱུར་རོ། །ཁྱབ་པ་མ་ངེས་ན། ཁྱེད་ཀྱི་རྩ་བའི་ཁྱབ་པ་དེའི་ཤེས་བྱེད་གང་ཡིན། གངྒཱ་གང་ལས་འབབ་པའི་མཚོ་དེ་མ་དྲོས་པར་ལུང་ལས་བཤད་དོ་ཞེ་ན། འོ་ན་གངྒཱ་གང་ནས་འབབ་པའི་མཚོ་དེ་ནས་སིནྡུ་སོགས་ཀྱང་འབབ་པར་ལུང་ལས་བཤད་དོ། །གཉིས་པ་ནི། མཚོ་མ་ཕམ་ནས་འབབ་པའི་གངྒཱའི་མིང་ཅན་དེ་ཆོས་ཅན། ཆུ་བོ་བཞིའི་ཟླས་ཕྱེ་བའི་གངྒཱ་དངོས་མ་ཡིན་ཏེ། ཁྱོད་དང་འབབ་སའི་ཆུ་མཚོ་གཅིག་ནས་འབབ་པའི་ཆུ་བོ་གཞན་གསུམ་མ་དམིགས་པའི་ཕྱིར། དུས་ཀྱི་དབང་གིས་གཞན་དུ་གྱུར་ནས། ཆུ་བོ་གཞན་གསུམ་པོ་མ་ཕམ་ལས་མི་འབབ་ན། གངྒཱ་ཡང་དུས་འདིར་དེ་ལས་མི་འབབ་པར་ཐལ་བ་དང༌། སྔོན་གྱི་དུས་སུ་ཆུ་བོ་གཞན་གསུམ་འབབ་དུ་རུང་བའི་ཤུལ་ཙམ་ཡང་མི་སྣང་བས་གནོད་དོ། །སུན་འབྱིན་གསུམ་པའི་ལན་ལ། རིགས་པས་མ་ངེས་པ་དང༌། ལུང་གིས་གནོད་པའོ། །དང་པོ་ནི། འོ་ན་བྱང་ཤམྦྷ་ལའི་གནས་ཀྱང་འཛམ་བུའི་གླིང་ན་མེད་པར་འགྱུར་ཏེ། འཕགས་ཡུལ་གྱི་མི་རྫུ་འཕྲུལ་དང་མི་ལྡན་པས་དེར་བགྲོད་མི་ནུས་པས་སོ། །གཉིས་པ་ནི། ལུང་སྨན་གྱི་གཞི་ལས། དེ་ལས་རྒྱ་མཚོ་དུག་ཅན་དག་ཏུ་འགྲོ་བ་ཡི། །ཆུ་བོ་བཞི་པོ་འདི་དག་ཕྱོགས་བཞིར་འབབ། །གངྒཱ་དང་ནི་སིནྡུ་པཀྵུ་དང༌། །སི་ཏ་དེ་ལས་རྫུ་འཕྲུལ་སྟོབས་ཐོབ་པ། །མ་གཏོགས་མི་རྣམས་ཀྱིས་ནི་མི་བགྲོད་པ། །དེར་ནི་ཐུབ་པ་དགེ་འདུན་བཅས་པར་བཞུགས། །ཞེས་གསུངས་སོ། །སུན་འབྱིན་བཞི་པའི་ལན་ནི། ཕལ་ཆེར་གཞུང་ལས་འབྱུང་བ་དེ་ཡིན་ལ། གོ་བདེ་བའི་ལན་ནི། བྱ་རྒོད་ཕུང་པོའི་རིའི་རྣམ་གཞག་དཀོན་བརྩེགས་ནས་གསུངས་པ་དེ་ནི། ཆོས་གསུང་བའི་དུས་དེར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དབང་དུ་བྱས་ལ། གཅིག་ཤོས་ནི་ཆོས་མངོན་པར་དངོས་པོའི་ཀུན་རྫོབ་ཀྱི་གནས་ལུགས་འཆད་པའི་དབང་དུ་བྱས་སོ། །སུན་འབྱིན་ལྔ་པའི་ལན་ནི། འོ་ན་ཁྱེད་ལྟར་ན། དེ་གཉིས་ཀ་དངོས་པོའི་གནས་ལུགས་འཆད་པའམ། གཉིས་ཀ་སྙན་དངགས་མཁན་གྱི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན། ཆོས་མངོན་པར་མཚོ་མ་དྲོས་པ་དང་ཆུ་བོ་ཆེན་པོ་བཞིའི་རྣམ་གཞག་དངོས་པོའི་གནས་ལུགས་དང་མི་མཐུན་པར་བཤད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེང་སང་གི་དུས་སུ་ཚད་མས་གྲུབ་པ་དང་ཆ་ཙམ་ཡང་མི་མཐུན་པའི་ཕྱིར། དཔེར་ན་མངོན་པ་ལས། མཚོ་གངས་ཅན་གྱི་བྱང་ན་ཡོད་པར་བཤད་པ་ལ། དེང་སང་ལྷོ་ན་སྣང་བ་དང༌། རི་བོ་སྤོས་ངད་ཅན་མཚོའི་བྱང་ན་ཡོད་པར་བཤད་པ་ལ། ལྷོ་ན་སྣང་བ་དང༌། གངྒཱ་གླང་པོའི་ཁ་ནས་ཤར་དུ་འབབ་པར་བཤད་པ་ལ། དེང་སང་མཚོ་མ་ཡིན་པ་གཞན་ཞིག་ནས་བབས་ནས་མཚོའི་གཞུང་བཤགས་ཏེ་ནུབ་ཏུ་འབབ་པར་མངོན་སུམ་གྱིས་གྲུབ་པ་དེ་དག་མཚན་ཉིད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཉིས་པ་ལྟར་ན། ཆོས་མངོན་པ་ལས་འཇིག་རྟེན་ཁམས་ཀྱི་ཚད་རྣམ་པར་བཞག་པ། ཐ་སྙད་བདེན་པའི་ངོ་ན་མེད་བཞིན་དུ། སྙན་དངགས་མཁན་གྱིས་སྒྲོ་བཏགས་པར་འཆད་ན་དེ་ལས་མི་རིགས་པ་ཅི་ཞིག་ཡོད། བྱ་རྒོད་ཕུང་པོའི་རི། མཐོ་བ་དང༌། ཟླུམ་པ་དང༌། མེ་ཏོག་དང༌། རི་དྭགས་སྣ་ཚོགས་དང༌། མཚེའུ་དང་རྫིང་བུ་མང་པོས་གང་བར་བཤད་པ་དེ། དུས་དེར་བྱིན་གྱིས་བརླབས་པའམ་སྙིགས་མའི་དུས་སུ་མེད་པར་སོང་བའམ། སྙན་དངགས་ཀྱི་ལུགས་སུ་བྱས་པ་གང་དུ་ཁས་བླངས་ཀྱང་འགལ་བ་མེད་དེ། དཔེར་ན་ཡུམ་གྱི་གླེང་བཞིར། མི་མཇེད་ཀྱི་འཇིག་རྟེན་ཁམས་འདི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་པར་བཤད་པ་བཞིན་ནོ། །གཉིས་པ་ནི། འཕགས་པའི་ཡུལ་དུ་ཆུ་བོ་གངྒཱ་ཞེས་འཇིག་རྟེན་པ་དང་བསྟན་བཅོས་པ་ཀུན་ལ་ཐུན་མོང་དུ་གྲགས་པ་དེ། མཚོ་མ་དྲོས་པ་ནས་འབབ་པའི་གངྒཱ་དེར་ཁས་བླངས་ན་ནི། མཚོ་མ་ཕམ་མ་དྲོས་པའི་རྒྱ་མཚོ་མ་ཡིན་པའི་ཤེས་བྱེད་འགོད་པར་མི་ནུས་ལ། དེ་དེར་ཁས་མ་བླངས་ན་ཡང་ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་སྤང་དཀའ་བ་གཉིས་ཤིག་འབྱུང་སྟེ། ཡུམ་ལས། ཇི་སྐད་དུ། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང༌། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །ཞེས་འཛམ་བུའི་གླིང་གི་ཆུ་ཆེན་ཐམས་ཅད་ཀྱི་རྩ་བ་མ་དྲོས་པ་ནས་འབབ་པ་ལྟ་བུར་གསུངས་ལ། དེ་ཡང་དེ་ལྟ་ན། ཆུ་བོ་དེ་དག་གང་ནས་འབབ་པའི་རྩ་བ་བཅད་པས། མཚོ་མ་དྲོས་པ་བདེ་བླག་ཏུ་རྙེད་སླ་བ་དང༌། རིགས་པ་ཡང༌། མཚོ་མ་དྲོས་པ་ནས་ལྷོ་ཕྱོགས་སུ་འབབ་པའི་ཆུ་བོ་ཞིག་ཡོད་ན། རྒྱ་གར་ཤར་ནུབ་ཀྱི་མི་རྣམས་ཀྱི་ཚད་མ་ལ་སྣང་དགོས་ཏེ། དེའི་ཁོངས་སུ་མི་འདུ་བའི་འཛམ་གླིང་ལྷོ་ཕྱོགས་ཀྱི་ཡུལ་མེད་པའི་ཕྱིར། དེ་ལྟར་དོགས་པའི་མཐའ་ཤེས་པར་བྱས་ནས། ཆུ་བོ་གངྒཱའི་མིང་ཅན་ནི་གཉིས་ཏེ། ཕྱི་རོལ་པ་སོགས་འཇིག་རྟེན་པ་དག་དང་ཐུན་མོང་དུ་གྲགས་པ་དང༌། སངས་རྒྱས་ཀྱི་ཆོས་ལས་ཐུན་མོང་མ་ཡིན་པར་བཤད་པའོ། །དང་པོ་ནི། རྩ་བ་མ་ཕམ་ནས་འབབ་པ་འདི་ཉིད་ཡིན་ཏེ། ཐོག་མར་མ་ཕམ་ནས་ནུབ་ཏུ་བབས། རྒྱ་གར་ནུབ་ཕྱོགས་སུ་སླེབ་པ་ན། ཤར་དུ་ཁ་བལྟས་ཏེ་འབབ་པ་རྡོ་རྗེའི་གདན་གྱི་བྱང་ཕྱོགས་ནས་བསྐོར་ཏེ། མཐར་ལྷོ་ཕྱོགས་ཀྱི་རྒྱ་མཚོར་འབབ་པ་དེ་ཡིན་ལ། འདི་ལ་ནི། མངོན་བརྗོད་དང༌། སྨན་སྤྱད་དང༌། འདུལ་བ་སོགས་ལས་ཆུ་བོ་གངྒཱ་ཞེས་རྒྱ་ཆེར་བཤད་ཅིང༌། ལྷོ་བལ་གྱི་སྐྱེ་བོ་ཀུན་ལ་གངྒཱ་ཞེས་གྲགས་ལ། མདོ་སྡེ་དག་ལས་ཀྱང་གངྒཱའི་ཀླུང་གི་བྱེད་མ་སྙེད་ཅེས་བཤད་དོ། །དེ་དང་འདྲ་བར། སིནྡུའི་ཡུལ་དུ་འབབ་པའི་ཆུ་བོ་སིནྡུ་དང༌། བྱང་ཕྱོགས་ན་ཆུ་བོ་ཤཱི་ཏ་ཞེས་བྱ་བ་བཤད་མོད། དེ་དག་ནི་མཚོ་མ་དྲོས་པ་ཞེས་བྱ་བ། མངོན་པ་ནས་འབྱུང་བའི་ཡོན་ཏན་དང་ལྡན་པ་དེ་ནས་འབབ་པའི་བཤད་པ་མི་བཞེད་དོ། །དེ་ཡང་མུ་སྟེགས་ཀྱི་གཞུང་ལས། གངྒཱའི་སྒོ་དང་ཀུ་ཤ་འཁྱིལ། །བིལ་བ་ཅན་དང་སྔོན་པོའི་རི། །ཀཱ་ལི་ཀ་ནིའི་འཇུག་ངོགས་སུ། །ཁྲུས་བྱས་ཡང་འབྱུང་སྲིད་མ་ཡིན། །ཞེས་འཆད་ལ། དེའི་རྒྱས་བཤད་ཀྱང༌། ཁྱབ་འཇུག་གིས་མིའུ་ཐུང་དུ་སྤྲུལ་ནས། ལྷ་མིན་གྱི་རྒྱལ་པོ་སྟོབས་ལྡན་གྱི་བུ་དྲུག་ཁྲི་བསད། དེ་རྣམས་དམྱལ་བར་སོང་བ། དེ་དག་གི་ཚ་བོ་བྷང་གིར་ཏ་ཞེས་བྱ་བས་མ་བཟོད་ནས། ལྷ་ཚངས་པ་ལ་གསོལ་བ་བཏབ་པས། ལྷ་ཡུལ་ན་ཆུ་བོ་གངྒཱ་ལྷ་མོའི་གཟུགས་སུ་གནས་པ་དེ། ཆུ་བོའི་གཟུགས་སུ་བྱས་ནས་བྱིན་པ་ན། བར་སྐབས་སུ་དབང་ཕྱུག་ཆེན་པོའི་རལ་པར་ཟེད་པས་ལོ་སྟོང་གི་བར་དུ་འཁྱིལ། དུས་དེར་དེ་ཉིད་ལ་གསོལ་བ་བཏབ་པས། རལ་པ་བཙིར་བའི་ཐིགས་པ་ཅིག་གངས་ཏི་སེའི་འགྲམ་དུ་འཁྱིལ། དེ་རྒྱ་མཚོར་བབས་ནས་ས་འོག་ཏུ་སོང་བས། ལྷ་མིན་གྱི་བུ་དྲུག་ཁྲིའི་རུས་པ་བཀྲུས་པས། དམྱལ་བ་ནས་ཚེ་འཕོས་ཏེ་མཐོ་རིས་སུ་སྐྱེས་པར་འཆད་ལ། དེ་ལྟར་ཆུ་བོ་འདི་ནམ་མཁའ་ནས་བབ་པའི་རྒྱུ་མཚན་གྱིས་གངྒཱ་དང༌། ལྷ་ཡུལ་དང༌། ས་སྟེངས་དང༌། ས་འོག་གསུམ་དུ་བབ་པའི་རྒྱུ་མཚན་གྱིས་རྒྱུན་གསུམ་པ་དང༌། ལམ་གསུམ་ཅན་དང༌། སྐལ་ལྡན་ཤིང་རྟ་དང༌། ཛཱ་ན་ཧཱུའི་བུ་མོ་ལ་སོགས་པའི་མིང་གིས་འདོགས་སོ། །དེ་ཡང་མ་ཕམ་ནི་གངྒཱ་འཁྱིལ་བ་ལས་བྱུང་བའི་མཚོར་ཁས་ལེན་པ་ཡིན་གྱི། ཆུ་བོ་ཆེན་པོ་བཞི་གང་ནས་འབབ་པའི་རྩ་བར་གྱུར་པའི་མཚོ་མ་དྲོས་པར་ཁས་ལེན་པ་མ་ཡིན་ནོ། །དེ་ལྟར་ན། མུ་སྟེགས་བྱེད་ཀྱིས་སྡིག་པ་དག་བྱེད་ཀྱི་ཆུ་དང༌། གངས་ཏི་སེ་ལྷ་དབང་ཕྱུག་ཆེན་པོའི་བཞུགས་གནས་སུ་ཁས་ལེན་ཞིང༌། འཕགས་ཡུལ་གྱི་འཇིག་རྟེན་པ་དག་ལ་དེ་ལྟར་གྲགས་ཀྱང༌། དངོས་པོ་ལ་དེ་ལྟར་མི་གནས་ཏེ། སངས་རྒྱས་ཀྱི་གསུང་དང་མི་མཐུན་པའི་ཕྱིར་རོ། །གཉིས་པ་ནི། ཆོས་མངོན་པ་སོགས་ལས་གསུངས་པའི་མཚན་ཉིད་ཅན་གྱི་མཚོ་མ་དྲོས་པ་དེ་ལས་འབབ་པའི་ཆུ་བོ་བཞི་དང་བཅས་པ། འཛམ་བུའི་གླིང་འདི་ཉིད་ན་བྱང་གི་ཕྱོགས་ན་ཡོད་ཀྱང༌། རྒྱ་བོད་དང་ཧོར་ལ་སོགས་པའི་མི་རིགས་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱི་མངོན་སུམ་གྱི་ཡུལ་ལས་འདས་པ་ཞིག་སྟེ། དཔེར་ན་བྱང་ཤམྦྷ་ལའི་བཀོད་པ་བཞིན་ནོ། །དེ་སྐད་དུ་ཡང༌། མཛོད་འགྲེལ་ལས། འཛམ་བུའི་གླིང་འདིའི་བྱང་ཕྱོགས་འཛམ་བུའི་གླིང་འདི་ཉིད་ན། རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །གངས་རི་དེའི་ཕ་རོལ། རི་སྤོས་ཀྱི་ངད་ལྡན་པའི་ཚུ་རོལ་ན། མཚོ་མ་དྲོས་པ་ཞེས་བྱ་བ་གང་ལས། ཆུ་བོ་ཆེན་པོ་བཞི་པོ། གངྒཱ་དང༌། སིནྡུ་དང༌། སི་ཏ་དང༌། པཀྵུ་འབབ་པ་ཡོད་དོ། །དེའི་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་ལ། མཆུར་ཡང་དཔག་ཚད་ལྔ་བཅུ་ཡོད་དེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ༌། །དེར་ནི་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་པར་དཀའོ། །དེ་ཉིད་ཀྱི་དྲུང་ན། གང་ལ་འབྲས་བུ་མངར་པོ་དག་ཡོད་པའི་ཤིང་འཛམ་བུ་ཞེས་བྱ་བ་མངོན་པར་གྲུབ་སྟེ། དེའི་དབང་གིས་འདི་འཛམ་བུའི་གླིང་ཞེས་བྱ་བར་གྲགས་སོ། །ཞེས་འབྱུང་ངོ༌། །མངོན་པ་ནས་གསུངས་པའི་གངས་ཅན་འདི། ཡུལ་སོ་བདུན་གྱི་ནང་ཚན་དུ་འཆད་པ་རྒྱུད་སྡེའི་དགོངས་པར། རྗེ་བཙུན་གྲགས་པའི་ཞབས་ཀྱིས་ནི་བཀྲལ་བར་མི་གསལ་ལ། ཕྱག་རྒྱ་བ་རྣམས་ཀྱིས་ཏི་སེ་གནས་ཆེན་དུ་འཆད་པ་དེ་ཡང༌། ལྷ་དབང་ཕྱུག་ཆེན་པོ་དང༌། དགྲ་བཅོམ་ལྔ་བརྒྱའི་བཞུགས་གནས་སུ་བསམས་ནས་དེ་ལྟར་ཁས་ལེན་པ་ཡིན་ཏེ། རྗེ་བཙུན་མི་ལའི་མགུར་ལས། གངས་དཀར་ཏི་སེ་སྐད་པ་དེ། །དགྲ་བཅོམ་ལྔ་བརྒྱ་བཞུགས་པའི་གནས། །རི་བོ་གངས་ཅན་བྱ་བ་ཡིན། །མ་ཕམ་གཡུ་མཚོ་སྐད་པ་དེ། །མ་དྲོས་མཚོ་མོ་བྱ་བ་ཡིན། །བྲག་དམར་སྤོ་མཐོ་སྐད་པ་དེ། །རི་ནག་འབིགས་བྱེད་བྱ་བ་ཡིན། །ཞེས་གསུངས་པ་འདི་ལ་བརྟེན་པ་ཡིན་མོད། འདི་ནི་སྙན་དངགས་ཀྱི་ལུགས་སུ་མཛད་པ་ཡིན་ཏེ། བྲག་དམར་སྤོ་མཐོ་དེ་རི་བོ་འབིགས་བྱེད་དངོས་མ་ཡིན་པ་བཞིན་ནོ།། །།དྲི་བ་སོ་དགུ་པ་ནི། མངོན་པ་ནས་གསུངས་གངས་ཅན་དེ། །ཏི་སེ་ཡིན་པར་ཕྱོགས་སྔ་མས། །ཁས་བླངས་ཤམྦྷ་ལ་ཡི་ནི། །གངས་ཅན་ཏི་སེར་མ་སྨྲས་པས། །རྩོད་ལན་འབྲེལ་པ་གང་ཡིན་བརྟག །རང་གི་ལུགས་ལ་མངོན་པ་ནས། །གསུངས་པའི་གངས་ཅན་རྒྱུད་སྡེ་ལས། །བཤད་པའི་གངས་ཅན་དེར་བཞེད་དམ། །གཞན་ཡང་བདེ་མཆོག་ཀྱཻ་རྡོར་ལས། །འབྱུང་བའི་གངས་ཅན་གང་ཡིན་པ། །ཤམྦྷ་ལ་ཡི་གངས་ཅན་དུ། །ངེས་པར་ཞལ་གྱིས་བཞེས་ནུས་སམ། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་འདིར། ཇི་སྐད་དུ། དེ་ཡི་གཏན་ཚིགས་འདི་ལྟར་ཡིན། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །ཞེས་སོགས་ཀྱི་དོན་འཆད་པ་ན། །གཞུང་འདིའི་རྣམ་བཤད་བྱེད་པ་ཕལ་ཆེ་བས། གངས་ཏི་སེ་ཡུལ་ཆེན་གྱི་ནང་ཚན་དུ་གྱུར་པའི་རི་བོ་གངས་ཅན་མ་ཡིན་པའི་ཤེས་བྱེད་དུ། དུས་འཁོར་དང་མི་མཐུན་པ་དང༌། མངོན་པ་དང་འགལ་བ་དང༌། ཕལ་པོ་ཆེའི་མདོ་སྡེ་དང་མི་མཐུན་པ་རྣམས་གཏན་ཚིགས་སུ་འགོད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། གཞུང་དུ། དཔལ་ལྡན་དུས་ཀྱི་འཁོར་ལོ་དང༌། །མངོན་པའི་གཞུང་དུ་གསུངས་པ་ཡི། །ཞེས་སོགས་ཀྱི་སྒྲ་ཇི་བཞིན་པ་ལ་བལྟས་ན། ལུང་དེ་གཉིས་ཀ་ནས་རི་བོ་གངས་ཅན་དོན་མཐུན་པ་གཅིག་ཉིད་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ལྟ་བུར་སྣང་ཡང༌། དེ་ལྟར་ཁས་ལེན་དུ་མི་རུང་བ་དང༌། དུས་འཁོར་ན་གསུངས་པའི་གངས་ཅན་གྱི་བཤད་པ་དང་མ་མཐུན་པ་ཙམ་གྱིས། ཡུལ་ཆེན་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་མ་ཡིན་པར་ཁས་ལེན་ནུས་ན། བདེ་ཀྱཻ་གཉིས་ནས་མཐུན་པར་ཡུལ་ཆེན་དུ་གསུངས་པའི་ཧི་མ་ལ་ཡ་ཞེས་བྱ་བ་དེས་མ་ངེས་པ་དང༌། གཞན་ཡང༌། མཚོ་མ་དྲོས་པ་དང་འབྲེལ་ཆགས་སུ་གནས་པའི་རི་བོ་གངས་ཅན་དེ། ཡུལ་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་དུ་ཁས་ལེན་ནམ་མི་ལེན། དང་པོ་ལྟར་ན། རྗེ་བཙུན་གྱི་རྣམ་བཤད་དག་ལྡན་དུ། ཡུལ་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་དེ། བལ་བོད་ཀྱི་མཚམས་ན་ཡོད་པར་བཤད་པ་དང་འགལ། གཉིས་པ་ལྟར་ན། གཞུང་འདི་ཉིད་ཀྱི་གོང་འོག་གི་འཕྲོས་དང་མ་མཐུན་ནོ་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་ལ། སློབ་དཔོན་རས་གྲིས། བསྟན་བཅོས་མཛད་པ་འདི་ལ། མངོན་པ་དང་དུས་འཁོར་གཉིས་ཀྱི་གངས་ཅན་གྱི་ཤན་མ་ཕྱེད། ཅེས་ཟེར་བར་སྣང་སྟེ། དེ་ཡང་དོགས་པ་སྔ་མ་དེ་ཉིད་དང་དོན་གཅིག་གོ །གཉིས་པ་དངོས་ལན་གདབ་པ་ནི། ཕྱོགས་སྔ་མས་གངས་ཏི་སེ་རིག་འཛིན་གྱི་རྟོགས་པ་སྤེལ་བའི་གནས་ཆེན་དུ་ཁས་བླངས་པ་ལ། དེ་དེ་མ་ཡིན་པའི་ཤེས་བྱེད་དུ། མངོན་པ་ནས་གསུངས་པའི་གངས་ཅན་ཡང་མ་ཡིན། དུས་འཁོར་ནས་གསུངས་པའི་གངས་ཅན་ཡང་མ་ཡིན། རྨ་བྱ་ཆེན་མོའི་མདོ་སོགས་ནས་གསུངས་པའི་གངས་ཅན་ཡང་མ་ཡིན་པའི་ཕྱིར། ཞེས་འཆད་པའོ། །དེས་ན་བསྟན་བཅོས་མཛད་པ་འདིའི་བཞེད་པ་ལ་ནི། ཡུལ་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་གངས་ཅན་ནི། མངོན་པ་དང་དུས་འཁོར་ནས་གསུངས་པ་གང་རུང་ལ་འཆད་དགོས་པ་ཡིན་ཏེ། དེ་ལས་གཞན་དུ་ན། གཞུང་གི་འཕྲོས་སྒྲིག་མི་ཤེས་པ་དང༌། དེ་གང་རུང་ལས་མ་གཏོགས་པའི་གངས་ཅན་ཞིག་ཁས་ལེན་ན། དེ་ཡང་དེ་མ་ཡིན་པར་ཧ་ཅང་ཐལ་བའི་ཤེས་བྱེད་དུ། དཔལ་ལྡན་དུས་ཀྱི་འཁོར་ལོ་དང༌། །མངོན་པའི་གཞུང་ལས་གསུངས་པ་ཡི། །ཞེས་སོགས་ཏི་སེ་གངས་ཅན་མ་ཡིན་པའི་ལུང་རིགས་རྣམས་ཇི་ལྟ་བ་བཞིན་དུ་མཚུངས་པའི་ཕྱིར་དང༌། མཁས་པ་འཇུག་པའི་སྒོ་ལས་ཀྱང༌། ཧི་མ་ལ་ཡའི་སྒྲ་ལྷ་མོ་ཨུ་མའི་ཕ་དབང་ཕྱུག་ཆེན་པོ་འདུག་པའི་གནས། མཚོ་མ་དྲོས་དང་ཉེ་བའི་རི་བོ་གངས་ཅན་ཞེས་བྱ་བ་ཡིན་མོད་ཀྱི། ལོ་ཙཱ་བ་མི་ཤེས་པ་དག་གིས་ཏི་སེར་བསྒྱུར་བ་འགའ་རེ་མཐོང༌། ཞེས་གསུངས་པའི་ཕྱིར་རོ། །རྗེ་བཙུན་གྱིས་ནི་ལྗོན་ཤིང་དུ། ཧི་མ་ལ་ཡ་ནི་བལ་པོར་གཏོགས་པའི་བོད་དེ། ལྟག་པའོ། །ཞེས་གསུངས་པ་དེའི་དགོངས་པ་ཡང་འདི་དང་མཐུན་ནམ་ཞེས་བརྟག་པར་བྱའོ། །བདེ་ཀྱཻ་ནས་འབྱུང་བའི་གངས་ཅན་དང༌། ཤམྦྷ་ལའི་གངས་ཅན་དོན་གཅིག་ཏུ་འཆད་ནུས་པ་མ་ཡིན་ཏེ། ཤམྦྷ་ལའི་ཡུལ་ཙམ་གྱི་ལུང་ཁུངས་ཀྱང༌། རྒྱུད་སྡེ་གཞན་ནས་ཚོལ་བ་ཤིན་དུ་དཀའ་བར་བྱུང་ན། དེ་ནས་བཤད་པའི་གངས་ཅན་བདེ་ཀྱཻ་གཉིས་བཤད་པར་མཐུན་སྣང་དུ་གྲུབ་པ་ལྟ་ཅི་སྨོས་པའི་ཕྱིར་རོ།། །།དྲི་བ་བཞི་བཅུ་པ་ནི། དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམྦྷ་ལ་རུ་དམག་འདྲེན་པའི། །བཤད་པ་གསལ་པོ་གང་ན་བཞུགས། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་ལས། སྙིགས་མའི་དུས་སུ་འཕགས་པའི་ཡུལ། །ཀླ་ཀློའི་ཆོས་ཀྱིས་གང་བར་འགྱུར། །དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཞེས་སོགས་ཀྱི་སྒྲ་ཇི་བཞིན་པ་དང༌། དེའི་རྣམ་བཤད་མཛད་པ་པོ་ཀུན་གྱིས། ཀླ་ཀློའི་རྫུ་འཕྲུལ་གྱིས་ཤམྦྷ་ལར་དམག་འདྲེན་པའི་བཤད་པ་མཛད་འདུག་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་དག་ན། ཤམྦྷ་ལ་ནས་རིགས་ལྡན་གྱི་རྒྱལ་པོ་དྲག་པོ་འཁོར་ལོ་ཅན་གྱིས། ཀླ་ཀློ་གང་ན་འཁོད་པའི་ཡུལ་དེར་དམག་འདྲེན་པར་བཤད་ཀྱི། ཀླ་ཀློའི་རྒྱལ་པོས་ཤམྦྷ་ལར་དམག་འདྲེན་པའི་བཤད་པ་གསལ་པོ་གཅིག་ཀྱང་མི་སྣང་ངོ༌། །ཞེས་རྒོལ་བ་དག་འབྱུང་བར་འགྱུར་རོ། །དེའི་ཤེས་བྱེད་ཀྱང༌། དཔལ་ལྡན་རྒྱུད་ལས། ཀླ་ཀློ་རྣམས་ནི་གཞོམ་པའི་སླད་དུ་མི་ཡི་བདག་པོ་དབང་པོ་བཅུ་གཉིས་དག་དང་ལྡན་པར་འགྲོ། །དུམ་བུ་དུམ་བུ་དག་ཏུ་ཀླ་ཀློའི་ཆོས་ནི་བཅོམ་ནས་འཁོར་ལོ་ཅན་ཡང་བདེ་བའི་གནས་སུ་འགྲོ། །ཞེས་གསུངས་པ་དང༌། རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཀླ་ཀློའི་དབང་པོ་གདུག་པ་ཇི་སྙེད་པ་དང་ཇི་སྙེད་ལྷ་མཆོག་གིས་བཏུད་དྲག་པོའི་རིགས་ལྡན་ཡང༌། །དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར། །གཡུལ་དུ་ཀླ་ཀློ་དག་ལ་མཐའ་དག་ས་ཡི་སྟེང་དུ་སྣུན་བྱེད་འཁོར་ལོ་སྒྱུར་བ་རང་གི་དཔུང༌། །ཡན་ལག་བཞི་ལྡན་ཀཻ་ལ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ནས་དུས་མཐར་འབྱུང་བར་འགྱུར། །དྲག་པོ་གདོང་དྲུག་ཚོགས་ཀྱི་དབང་པོ་འཕྲོག་བྱེད་རྣམས་ཀྱང་རིགས་ལྡན་ལ་ནི་གྲོག་དག་སྦྱིན་འགྱུར་ཏེ། །རྡོ་རྟ་གླང་པོའི་དབང་པོ་གསེར་གྱི་ཤིང་རྟ་མི་བདག་དཔའ་བོ་ཕྱག་ན་མཚོན་ལྡན་རྣམས་ཀྱང་ངོ༌། །ཞེས་རྩོད་དུས་ཀྱི་མཐར་རིགས་ལྡན་དྲག་པོ་དཔུང་གི་ཚོགས་བཅས་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་སུ་ཚུར་འོངས་ནས། ཀླ་ཀློའི་ཚོགས་དང་སའི་སྟེང་དུ་འཁྲུག་པ་བྱས་ནས། ཀླ་ཀློ་གཡུལ་དུ་བཅོམ་སྟེ། རིགས་ལྡན་དྲག་པོ་གླིང་བཞིར་རིམ་པ་བཞིན་དུ་རྒྱུ་བས་དུས་བཞི་ཕྱི་མའི་འགོ་རྩོམ་པས་སོ། །སྙམ་དུ་དོགས་པ་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། ཀླ་ཀློའི་རྫུ་འཕྲུལ་གྱིས། ཤམྦྷ་ལ་རུ་དམག་འདྲེན་པར་འགྱུར་ཞེས་པ། བརྟག་པ་མཐར་བཟུང་བའི་ཚུལ་ཡིན་གྱི། དངོས་སུ་འདྲེན་སྲིད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། རིགས་ལྡན་གྲགས་པའི་ཆོས་སྟོན་པའི་དུས་ལ་བབ་པ་དེའི་ཚེ། ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་དུས་ཀྱི་འཁོར་ལོའི་གཞལ་མེད་ཁང་པར་དབང་བསྐུར་ནས། རྡོ་རྗེའི་རིགས་གཅིག་ཏུ་བྱ་དགོས་ཏེ། གལ་ཏེ་མ་བྱས་ན། འཇམ་དབྱངས་གྲགས་པས་ཆོས་བསྟན་ཟིན་ནས་ལོ་བརྒྱད་བརྒྱ་འདས་པའི་འོག་ཏུ། འཕགས་པའི་ཡུལ་དུ་ཀླ་ཀློའི་ཆོས་འཇུག་ལ། དེའི་ཚེ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོའི་བུ་བརྒྱུད་རྣམས་ཀྱང་ཀླ་ཀློའི་ཆོས་ཀྱི་སྣོད་དུ་གྱུར་ནས། འཕགས་ཡུལ་གྱི་ཀླ་ཀློའི་དབང་པོའི་རྫུ་འཕྲུལ་གྱིས། ཤམྦྷ་ལའི་གནས་སུ་ཡང་ཀླ་ཀློའི་ཆོས་འཇུག་པར་འགྱུར་རོ། །དེ་བས་ན་དེ་མི་འཇུག་པར་བྱ་བའི་ཕྱིར་དུ། དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་རྡོ་རྗེའི་རིགས་སུ་བྱེད་པའམ། དེར་མི་བྱེད་ན་ཡུལ་ཁམས་གཞན་དུ་ཕྱུང་དགོས་སོ། །ཞེས་བྱ་བའི་དོན་དུ་འཆད་དགོས་པ་ཡིན་ཏེ། འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། ཇི་སྐད་དུ། རྒྱལ་པོ་གྲགས་པས་གསུངས་པ། འདིར་བདག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པ་འདིར་ཁྱེད་རྣམས་བཞུགས་པར་བྱ་ཞིང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་སྦྱིན་པར་བྱའོ། །ཅི་སྟེ་ཁྱེད་རྣམས་བདག་གི་བཀའ་མི་བྱེད་པ་དེ་ལྟ་ན། བདག་གི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བོར་ལ། གང་དང་གང་དུ་མོས་པ་དེ་དང་དེར་ཁྱེད་རྣམས་སོང་ཤིག རྣམ་པ་གཞན་དུ་ན་ལོ་བརྒྱད་བརྒྱ་འདས་པའི་རྗེས་ལ། ཁྱེད་ཀྱི་རིགས་ཀྱི་བུ་དང་ཚ་བོ་ལ་སོགས་པས་ཀླ་ཀློའི་ཆོས་དར་བར་བྱས་ནས། ཤམྦྷ་ལ་ལ་སོགས་པའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་སྟོན་པར་བྱེད་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ན། འཇམ་དབྱངས་གྲགས་པས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་པོ་རྡོ་རྗེའི་རིགས་གཅིག་ཏུ་བྱས་པའི་སྟོབས་ཀྱིས། ཤམྦྷ་ལའི་གནས་སུ་ནི་ཀླ་ཀློའི་ཆོས་འཇུག་པའི་མཐུ་མེད་ལ། ནམ་ཞིག་འཕགས་པའི་ཡུལ་ལ་སོགས་པས་དུམ་བུ་བཅུ་གཉིས་སུ་ཀླ་ཀློའི་ཆོས་ཞུགས་པ་ན། འཇམ་དབྱངས་གྲགས་པའི་སྐྱེ་བ་རིགས་ལྡན་དྲག་པོ་རིམ་གྱིས་བྱོན་ནས་ཀླ་ཀློའི་ཆོས་ཀུན་བཅོམ་སྟེ། སངས་རྒྱས་ཀྱི་ཆོས་ལ་འགོད་པར་གསུངས་སོ། །དེ་ལྟར་ན་ཡང༌། དུས་དེར་རབ་ཏུ་བྱུང་བ་དང༌། དམ་པའི་ཆོས་འདུལ་བའི་བསྟན་པ་འབྱུང་བར་ནི་མ་བཤད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། ལུགས་འདི་ལ་སྐྱོན་བརྗོད་པ་དག་ན་རེ། དུམ་བུ་བཅུ་གཉིས་པ་ལ་ཀླ་ཀློ་ཡི། །ཆོས་འཇུག་འཁོར་ལོ་ཅན་གྱིས་དེ་འཇོམས་ལོ། །སྒྲ་མི་སྙན་ན་མི་དགེ་བཅུ་མེད་ཅིང༌། །སངས་རྒྱས་བསྟན་པའི་སྣོད་དུ་མི་རུང་ཞེས། །འདུལ་བ་མངོན་པའི་སྡེ་སྣོད་རྣམས་ལས་གསུངས། །དེ་དང་དེ་ཡི་འགལ་བ་ཇི་ལྟར་སྤོང༌། །ཞེས་པའི་སུན་འབྱིན་དག་ཀྱང་ལེགས་པར་སྤངས་པ་གྲུབ་པ་ཡིན་ནོ།། །།དྲི་བ་ཞེ་གཅིག་པ་ནི། རིགས་ལྡན་དྲག་པོ་ཞེས་བྱ་བ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་དངོས། །ཡིན་པའི་བཤད་པ་གང་ན་ཡོད། །ཅེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་དུ། དེ་ཚེ་ཕྱག་ན་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །ཞེས་པ་ལ། རྣམ་བཤད་མཛད་པ་པོ་ཕལ་ཆེ་བས་རྣམ་པར་དཔྱད་པ་ཅི་ཡང་མི་སྣང་ལ། སྤོས་ཁང་པས། དེ་ཚེ་འཇམ་དཔལ་གྲགས་པ་ཡི། །སྤྲུལ་པ་ཞེས་བཤད་ལ། དེ་ཉིད་ཀུ་མཱ་རའི་རྣམ་བཤད་དུའང་བྲིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། ངེས་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཡིན་པའི་ཕྱིར་གཅིག་གི་སྤྲུལ་པའི་སྐུ་གང་ཡིན་པ་དེ་ཉིད། གཞན་གྱི་ཡང་སྤྲུལ་པའི་སྐུར་འགྱུར་མོད། དྲང་བའི་དོན་དུ་སྔོན་གྱི་རྒྱུད་སོ་སོའི་དབང་གིས་སངས་རྒྱས་ཀྱི་གཟུགས་སྐུ་སོ་སོར་འཇོག་པ་དང༌། སྔོན་གྱི་སྨོན་ལམ་གྱི་དབང་གིས། ཕྲིན་ལས་སོ་སོར་ངེས་པར་འཇོག་པ་དེའི་ཚེ་ན། གང་གི་སྤྲུལ་པ་གང་ཡིན་མ་འདྲེས་པར་འཆད་དགོས་ཏེ། དུས་ཀྱི་འཁོར་ལོར། བྱང་ཆུབ་སེམས་དཔའ་བཅུ་གསུམ་དང༌། ཁྲོ་བོ་བཅུའི་སྤྲུལ་པ་རྣམས་མ་འདྲེས་པ་ཁོ་ནར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་ཆེན་དུ་རྩ་བའི་རྒྱུད་དྲངས་པ་ལས། ཇི་སྐད་དུ། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་དང༌། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང༌། །རྨུགས་བྱེད་ཁེངས་བྱེད་རིམ་པ་སྟེ། །ནམ་མཁའི་སྙིང་པོ་འཇམ་དབྱངས་དང༌། །འཇིག་རྟེན་མགོན་པོ་གོ་རིམ་བཞིན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་རྣམས་རིམ་པ་ཡིས། །རིགས་ལྡན་རིགས་ལ་འབྱུང་བར་འགྱུར། །གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང༌། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང༌། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང༌། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཉི་མའི་ཤིང་རྟ་ལ་སོགས་ཀྱི། །སྟོན་པ་སྨྲ་མཁས་འབྱུང་འགྱུར་གང༌། །ཟླ་བཟང་ཁྱོད་ནི་རྩ་བའི་རྒྱུད། །དེ་ནི་སྡུད་པར་བྱེད་པ་སྟེ། །རྒྱས་འགྲེལ་བྱེད་པ་པོ་ཡང་ཁྱོད། །འདིར་ནི་སེམས་ཅན་ཡོངས་སྨིན་བྱེད། །འཇམ་པའི་རྡོ་རྗེའི་བསྡུས་རྒྱུད་ལ། །རྒྱས་འགྲེལ་བྱེད་པ་པད་འཛིན་རང༌། །ཞེས་རིགས་ལྡན་གྲགས་པ་སླར་རིགས་ལྡན་ཉེར་བཞི་པ་མཐའ་ཡས་རྣམ་རྒྱལ་གྱི་སྲས་སུ་འཁྲུངས་པ་ནི་དྲག་པོ་འཁོར་ལོ་ཅན་དུ་བཤད་པ་ཡིན་ནོ། །འཇམ་དབྱངས་དང་ཕྱག་རྡོར་གནས་ཚུལ་ལ་མི་འགལ་བ་ཙམ་གྱིས། རིགས་ལྡན་དྲག་པོ་ཕྱག་རྡོར་གྱི་སྤྲུལ་པར་འཆད་ནུས་ན། རྒྱལ་པོ་ཟླ་བ་བཟང་པོ་འཇམ་དབྱངས་ཀྱི་སྤྲུལ་པར་ཡང་འཆད་ནུས་པས། དེ་སྐབས་ཀྱི་རྣམ་གཞག་ཐམས་ཅད་འཆོལ་པར་འགྱུར་རོ། །ཡང༌། དྲག་པོ་འཇམ་དབྱངས་གྲགས་པའི་སྤྲུལ་པར་འཆད་པ་ཡང༌། སྤྲུལ་པ་དང་སྐྱེ་བའི་ཤན་མ་ཕྱེད་པས་ནོངས་པ་ཡིན་ཏེ། རྒྱུད་འགྲེལ་ལས་དེ་དེའི་སྐྱེ་བར་བཤད་ལ། སྤྲུལ་པར་འཇོག་པ་ལ་ནི། སྤྲུལ་པ་པོས་མྱ་ངན་ལས་འདའ་བའི་ཚུལ་མ་བསྟན་པ་ཞིག་ངེས་པར་དགོས་པའི་ཕྱིར་རོ། །ཞེས་པའི་རྒོལ་བ་འདི་དག་འབྱུང་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ལ་གཉིས་ཏེ། ཕྱི་དྲང་དོན་གྱི་དབང་དུ་བྱས་པ་དང༌། ནང་ངེས་དོན་གྱི་དབང་དུ་བྱས་པའོ། །དང་པོ་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། རྗེ་བཙུན་འཇམ་པའི་དབྱངས་གཉིས། གཞི་སྔོན་འཁོར་བའི་གནས་སྐབས་དང༌། ལམ་བྱང་ཆུབ་སེམས་དཔའི་གནས་སྐབས་གཉིས་ཀར་དུ། རིགས་དང་ཤེས་རྒྱུད་རྫས་ཐ་དད་པའི་དབང་དུ་བྱས་ནས། འཆད་པ་དེའི་ཚེ་ན། རིགས་ལྡན་དྲག་པོ་འཇམ་དབྱངས་ཀྱི་སྤྲུལ་པར་འཆད་དགོས་པ་ཡིན་ཏེ། རྒྱལ་པོ་འཇམ་དཔལ་གྲགས་པ་དེའི་སྤྲུལ་པར་རྩོད་པ་མེད་ཅིང༌། དྲག་པོ་ནི་དེའི་སྐྱེ་བར་རྩོད་མེད་དུ་ལུང་གིས་གྲུབ་པའི་ཕྱིར་རོ། །དེས་ན་གཞུང་འདི་ལྟར། དེ་ཚེ་འཇམ་དཔལ་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བའི། །རྒྱལ་པོས་ཀླ་ཀློ་ཀུན་བཅོམ་ནས། །ཞེས་སྦྱར་རོ། །གཞུང་གི་ཚིག་རང་འདོད་ཀྱི་རྟོག་པས་གཞན་དུ་སྒྱུར་བ་ན། ཆོས་ལ་དབང་ཟ་བའི་ཉེས་པར་འགྱུར་རོ་སྙམ་དུ་བསམ་པར་མི་བྱ་སྟེ། དུས་ཀྱི་དབང་གིས་གཞུང་མ་དག་པ་རྒྱ་འབྱམས་པ་འགའ་ཞིག་སྣང་བ་ནི། འདི་ལྟར། ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མདོ་དང་བསྟན་བཅོས་དག་ལས་ནི། །ཆོས་ཀྱི་དབྱིངས་ནི་དུས་གསུམ་དང༌། །ཞེས་སོགས་སྦྱར་རྒྱུ་ཡིན་པ་དང༌། འཕགས་པ་དཀོན་མཆོག་འབྱུང་བ་ལས། སེང་གེ་གང་ལའང་མི་འཇིགས་མོད། །ཞེས་གསུངས་དགོས་རྒྱུ་ཡིན་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མར། མ་རིག་ལྡོངས་པའི་མུ་སྟེགས་ལའང༌། །ཞེས་སྦྱར་དགོས་རྒྱུ་ཡིན་པ་ལ་གཞན་དུ་སྣང་བ་བཞིན་ནོ། །དེའི་ཤེས་བྱེད་ཀྱང༌། ཡུལ་གྱི་མདོ་ན་ཆོས་ཀྱི་དབྱིངས་དུས་གསུམ་དང་ཁམས་གསུམ་ལས་གྲོལ་བའི་བཤད་པ་ཡོད་ཀྱང༌། དགེ་སྡིག་ལས་གྲོལ་བའི་བཤད་པ་མི་སྣང་བ་དང༌། དཀོན་མཆོག་བརྩེགས་པ་ན། སེང་གེ་མེ་ལ་འཇིགས་པ་སོགས་ཀྱི་དཔེ་དོན་དེ་མི་སྣང་བ་དང༌། བྱམས་ཆོས་ཀྱི་རྒྱུད་བླ་ན། མ་རིག་ལྡོངས་པའི་མུ་སྟེགས་ཞེས་སོགས་ཀྱི་གཞུང་དེ་ཡོད་ན། ཇི་སྐད་དུ། གང་ལས་རྒྱུ་མཚན་གང་ཕྱིར་ནི། །ཞེས་སོགས་རྗེ་བཙུན་ཉིད་ཀྱི་གཞུང་དང་འགལ་བར་སྣང་བས་སོ། །གཉིས་པ་ནི། ནང་ལུས་ལ་སྦྱོར་བའི་དབང་དུ་བྱས་པ་དེའི་ཚེ། རིགས་ལྡན་དྲག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གཞག་པས་ཆོག་པ་ཡིན་ཏེ། ཇི་སྐད་དུ། དཔལ་ལྡན་རྒྱུད་ལས། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ལག་བཅུ་གཉིས་འགོག །རིགས་ལྡན་དག་ནི་ཡང་དག་ཡེ་ཤེས་གླང་པོ་རྟ་དང་ཤིང་རྟ་མངག་གཞུག་འཕགས་པའི་ཚད་མེད་རྣམས། །དྲག་པོ་རང་རྒྱལ་མིང་ཅན་དུ་འགྱུར་ཧ་ནུ་མན་ནི་ཉན་ཐོས་དག་སྟེ་གདུག་པ་ཀླ་ཀློའི་དབང༌། །སྲོག་ཆགས་རྣམས་ཀྱི་སྡིག་པ་དག་སྟེ་གང་ཞིག་བྱེད་པའི་བློ་གྲོས་སྡུག་བསྔལ་སྦྱིན་བྱེད་མི་དགེའི་ལམ། །རྟ་ལ་གནས་པ་མ་རིག་པ་སྟེ་ལྷ་མིན་དཔུང་རྣམས་མཐའ་དག་བདུད་ཀྱི་ཕྱོགས་ནི་རྣམ་པ་བཞི། །དེ་ཡི་གཡུལ་ལ་བསྡུད་པ་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་དཔལ་ལྡན་རྒྱལ་བ་ཐར་པའི་ལམ། །ཞེས་པ་ནས། དེ་ལྟར་ཀླ་ཀློའི་དབང་པོའི་འཁྲུག་པར་འགྱུར་ཏེ་ངེས་པར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའོ། །སྒྱུ་མའི་གཟུགས་ཀྱང་ཕྱི་རོལ་དུ་ནི་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློ་འཁྲུག་སྟེ་འཁྲུག་པ་མིན། །ཞེས་གསུངས་པ་དང༌། དེ་ཉིད་ཀྱི་འགྲེལ་ཆེན་དུ། ཕྱི་རོལ་དུ་ལེའུ་དང་པོ་ལས་གསུངས་པའི་འཁོར་ལོ་ཅན་གང་ཡིན་པ་དེ་ནི་ལུས་ལ་རྡོ་རྗེ་ཅན་ཏེ་ཐུགས་རྡོ་རྗེའོ། །ཞེས་པའི་དོན་ཏོ། །ལྷ་མཆོག་བདག་པོ་དབང་ཕྱུག་ལ་སོགས་པ་བཅུ་གཉིས་གང་ཡིན་པ་དེ་རྣམས་ནི་ཡན་ལག་བཅུ་གཉིས་འགོག་པ་རྣམས་སོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །འདིར་ཐུགས་རྡོ་རྗེ་ཞེས་བྱ་བ། ངེས་དོན་གྱི་ཕྱག་ན་རྡོ་རྗེ་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དཔལ་མཆོག་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་པ་ནས་རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་འབྱུང་བ་ལྟར་རོ།། །།དྲི་བ་ཞེ་གཉིས་པ་ནི། ཇི་ལྟར་མདུད་པའི་བྱེ་བྲག་གིས། །ཞེས་སོགས་དགྲ་བཅོམ་རང་རྒྱལ་གྱིས། །སྟོང་ཉིད་རྟོགས་པའི་སྒྲུབ་བྱེད་དུ། །དྲངས་ན་མདོ་སྡེ་རྒྱན་གྱི་ལུང༌། །སེམས་ཙམ་གཞུང་དུ་ཇི་ལྟར་འགྱུར། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། དཀར་པོ་གཅིག་ཐུབ་ཀྱི་དོན་དང་ཐ་སྙད་འགོག་པའི་སྐབས་སུ། སྟོང་ཉིད་ལྟ་བས་མྱ་ངན་འདའ། །ཐབས་ལ་མཁས་ན་རྫོགས་སངས་རྒྱ། །ཞེས་དང༌། སྟོང་ཉིད་རྐྱང་པ་བསྒོམས་ན་ནི། །སྟོང་པ་ཉིད་ཀྱང་རྟོགས་མི་ནུས། །གལ་ཏེ་སྟོང་ཉིད་རྟོགས་ན་ཡང༌། །ཉན་ཐོས་ཀྱི་ནི་འགོག་པར་ལྟུང༌། །ཞེས་ཐེག་པ་གསུམ་ཀ་ལ་སྟོང་ཉིད་རྟོགས་པ་ཡོད་པར་བཤད་ནས། དེའི་ཤེས་བྱེད་དུ་མདོ་སྡེ་རྒྱན་གྱི་ལུང་དེ་དྲངས་པར་གསལ་བས་སོ། །གཉིས་པ་མ་དྲིས་ན་སྐྱོན་ཡོད་པ་ནི། དེ་ལྟ་ན་མདོ་སྡེ་རྒྱན་གྱི་རང་ལུགས་ལ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འགྱུར་ཏེ། ཐེག་པ་གསུམ་ཀ་ལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ཡོད་པའི་ཕྱིར། འདོད་ན་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་དུ་འགྱུར་ཏེ། ཆོས་ཀྱི་བདག་མེད་པའི་གོ་དོན་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ལ་འཆད་དགོས་པའི་ཕྱིར་སྙམ་དུ་དོགས་པར་འགྱུར་རོ། །དངོས་ལན་གདབ་པ་ལ་གཉིས་ཏེ། དངོས་དང༌། ཞར་ལ་དཀར་པོ་གཅིག་ཐུབ་འགོག་པའི་གཞུང་དོན་བཤད་པའོ། །དང་པོ་ནི། སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་རྟོགས་ན། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་དགོས་སོ་ཞེས་གངས་ཅན་པ་ཕྱི་མ་དག་གིས། གྲུབ་མཐའ་གོང་འོག་གི་གནས་སྐབས་ཐམས་ཅད་དུ་ཁས་ལེན་པ་ནི། །སློབ་དཔོན་ཟླ་བ་གྲགས་པའི་གཞུང་ལུགས་ཞེ་ཕུགས་སུ་གཞག་ནས་སྨྲས་པ་དེ་ཉིད། ཀུན་ལ་རླུང་ལྟར་གྲགས་མོད་ཀྱང༌། བྱམས་ཆོས་དང་དབུ་མ་རང་རྒྱུད་དུ་སྨྲ་བ་དག་གི་ལུགས་མ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དབྱེ་གཞི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་རྣམས་ལ། དབྱེ་ངོ་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་གཉིས་སུ་ཕྱེ་ནས། དང་པོ་ནི། ཉན་ཐོས་འཕགས་པས་ཀྱང་རྟོགས་ལ། གཉིས་པ་ལ་ཉི་ཚེ་བ་དང༌། ཁྱབ་པའི་སྟོང་ཉིད་གཉིས་སུ་ཕྱེ་ནས། དང་པོ་རང་སངས་རྒྱས་ཀྱིས་ཀྱང་རྟོགས་པ་དང༌། གཉིས་པ་ལ་དེ་ཁོ་ན་ཉིད་མཆོག་ཅེས་པའི་ཐ་སྙད་བཏགས་ནས། དེ་མངོན་སུམ་དུ་རྟོགས་པ་ནི་ཐེག་པ་ཆེན་པོའི་འཕགས་པ་ཁོ་ནའི་ཁྱད་ཆོས་སུ་འཆད་ལ། དེ་ཉིད་བྱམས་ཆོས་བར་པ་གསུམ་རྗེས་འབྲང་དང་བཅས་པའི་ལུགས་ཡིན་པར་གདོན་མི་ཟ་བའི་ཕྱིར་དང༌། འཕགས་སེང་གཉིས་ཀྱིས་ཀྱང༌། ཆོས་ཀྱི་དབྱིངས་རྒྱུའི་སྒོ་ནས་རིགས་སུ་འཇོག་ཚུལ། དབུས་མཐའ་དང་མངོན་པ་ཀུན་ལས་བཏུས་དང་མཐུན་པར་བཤད་པས་སོ། །དེ་ལྟ་ན་ཡང༌། གཞུང་འདིར་རིགས་ཅན་གསུམ་ཀས་སྟོང་ཉིད་རྟོགས་པ་ལ་ཁྱད་པར་མེད་ཅིང༌། འབྲས་བུ་བཟང་ངན་གྱི་ཁྱད་པར་ཐབས་ཀྱིས་བྱས་པ་ལྟ་བུར་གསུངས་པ་ནི་ཅུང་ཟད་བཤད་དཀའ་བ་ཡིན་ཏེ། རིགས་ཅན་གསུམ་གྱི་བྱང་ཆུབ་འགྲུབ་པ་ནི་ཐབས་ཀྱི་ཁྱད་པར་ཁོ་ནར་མ་ཟད། ཤེས་རབ་ཀྱིས་སྒྲིབ་པ་སྤོང་ཚུལ་ལས་ཀྱང་ངེས་པར་གཞག་དགོས་པའི་ཕྱིར། དེ་ལྟར་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། འོ་ན་གཞུང་དུ། ཐགས་ཀྱི་རྒྱུ་རྣམས་ཕལ་ཆེར་མཐུན། །སྤུན་གྱི་དབྱེ་བས་བཟང་ངན་འབྱུང༌། །དེ་བཞིན་སྟོང་ཉིད་ཕལ་ཆེར་མཐུན། །འབྲས་བུའི་བཟང་ངན་ཐབས་ཀྱིས་བྱེད། །ཅེས་བཤད་པ་དང་འགལ་བ་མ་ཡིན་ནམ་སྙམ་པའི་དོགས་པ་འདི་སྐྱེའོ། །ཉེས་པ་དེས་གནོད་པ་མ་ཡིན་ཏེ། དཀར་པོ་གཅིག་ཐུབ་ཀྱི་དོན་ནི། ཐབས་དང་བྲལ་བའི་སྟོང་ཉིད་ཀྱི་ལྟ་བ་ལ་ཟེར་བ་ཡིན་ལ། ཐབས་དང་བྲལ་ན་ཐེག་པ་ཆེ་ཆུང་གི་དབྱེ་བ་མི་འབྱུང༌། དབྱེ་བ་དེ་མེད་པར། སྟོང་པ་ཉིད་རྐྱང་པ་བསྒོམས་ན་ཆད་པའི་མྱང་འདས་སུ་འགྲོ་བ་ལས་གཞན་མེད་དོ། །ཞེས་པའི་དོན་དུ་འཆད་དགོས་པའི་ཕྱིར་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་མེད་ན། སྟོང་ཉིད་སྒོམ་ཡང་སྟོང་པ་ཉིད་མཆོག་སྒོམ་པ་ནི་མི་འབྱུང་སྟེ། དེ་བསྒོམས་པའི་འབྲས་བུ་དོན་དུ་མི་གཉེར་བའི་ཕྱིར། གཉིས་པ་ནི། སྐབས་འདིའི་ཕྱོགས་སྔ་མ་ན་རེ། ཕྱག་རྒྱ་ཆེན་པོའི་མིང་ཅན། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད། མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་ན། དེ་ཉིད་རྐྱང་པ་བསྒོམས་པས་འབྲས་བུ་སྐུ་གསུམ་མངོན་དུ་བྱེད་ནུས་པ་ཡིན་ནོ། །ཞེས་ཟེར། དེ་ནི་རིགས་པ་མ་ཡིན་ཏེ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར། སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་གོམས་པར་བྱས་ན། ཤེས་བྱའི་སྒྲིབ་པ་མ་ལུས་པར་ཟད་པའི་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ནུས་ཀྱང༌། སྐུ་གསུམ་ཀ་ཚང་བའི་སངས་རྒྱས་ཀྱི་སྐུ་མངོན་དུ་བྱེད་མི་ནུས་པར། ཐེག་པ་ཆེན་པོའི་ལུང་ལས་འབྱུང་བའི་ཕྱིར། ཞེས་བྱ་བའི་དོན་ནོ།། །།དྲི་བ་ཞེ་གསུམ་པ་ནི། ཡི་དམ་སྒོམ་པ་དཀྲོངས་སྐྱེད་ཀྱིས། །སྦྱང་གཞི་སྦྱོང་བྱེད་མི་འཕྲོད་ན། །ཤིན་ཏུ་ཟབ་པ་བཅོས་མིན་གྱི། །སྐྱེད་པའི་རིམ་པ་དེ་ཅི་ཞིག །ཅེས་པ་འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་དུ། བརྒྱ་ལ་སྐྱེད་རིམ་སྒོམ་ན་ཡང༌། །སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་ཡན་ལག་ཀུན་བོར་ནས། །རང་བཟོའི་དཀྲོངས་སྐྱེད་སྒོམ་པར་ཟད། །ཅེས་པའི་སྒྲ་ཇི་བཞིན་པ་ལ། རྣམ་བཤད་མཛད་པ་ཀུན་གྱིས། ཏིང་ངེ་འཛིན་གསུམ་དང༌། བསྙེན་སྒྲུབ་ཡན་ལག་བཞི་དང༌། མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པའི་རིམ་པས་སྐྱེད་པ་མེད་པར། རང་ཉིད་ལྷག་པའི་ལྷར་དཀྲོངས་སྐྱེད་བྱས་པ་ཙམ་གྱིས་སྦྱང་གཞི་སྦྱོང་བར་མི་ནུས་པའི་བཤད་པ་མཛད་འདུག་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟ་ཡིན་པ་དེའི་ཚེ། རྫུས་སྐྱེས་ཀྱི་དབང་དུ་བྱས་པའི་སྐྱེད་རིམ་སྒོམ་པ་མི་སྲིད་པར་འགྱུར་བ་དང༌། རང་བཞིན་གྱིས་གྲུབ་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རིམ་གྱིས་སྐྱེད་མི་དགོས་པར། གཅིག་ཆར་དུ་གསལ་བཏབ་ནས་གོམས་པར་བྱེད་པའི་སྐྱེད་རིམ་མཚན་ཉིད་པ་མི་སྲིད་པའམ། སྲིད་ཀྱང་དེས་སྦྱང་གཞིའི་སྟེང་གི་སྐྱེ་འཆི་བར་དོ་གསུམ་གྱི་དྲི་མ་སྦྱོང་མི་ནུས་པར་འགྱུར་རོ། །དེ་འདོད་ན་རྡོ་རྗེ་དྲིལ་བུ་པས། སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་སྒོམ། །ཞེས་དང༌། བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་དང༌། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་བཤད་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་གི་དོན། སྐྱེད་པའི་རིམ་པ་མཚན་ཉིད་པ་ཡིན་ན། དཀྲོངས་སྐྱེད་མ་ཡིན་པས་ཁྱབ་པར་སྟོན་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། མངོན་པར་བྱང་ཆུབ་པ་ལྔ་ལྟ་ཞོག ས་བོན་ཙམ་ལས་སྐྱེད་པ་ཡང་མེད་པའི་ལྷ་ཕོ་རེང་པོ་གཅིག་ཙམ་སྒོམ་པ་སྐྱེད་རིམ་དུ་འདོད་པ་འགོག་པ་ཡིན་ཏེ། དེས་ནི་སྐྱེ་གནས་བཞི་པོ་གང་ཡང་སྦྱོང་བར་མི་ནུས་པའི་ཕྱིར། ཞེས་པའི་དོན་དེ། ཇི་སྐད་དུ། སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་ཡན་ལག་ཀུན་བོར་ནས། །ཞེས་དང༌། རང་བཟོའི་དཀྲོངས་སྐྱེད། ཅེས་པ་ལ་ནུས་པ་འདོན་དགོས་པས་སོ། །དེ་ལ་སྤྱིར། མངོན་བྱང་ལྔའི་སྐྱེད་ཆོག་གིས་དྲོད་བཤེར་ལས་སྐྱེས་པ་དང༌། ཞུ་བ་གླུས་བསྐུལ་བ་ཡོད་མེད་གཉིས་ཀྱིས། མངལ་སྐྱེས་དང་སྒོང་སྐྱེས་སྦྱོང་ལ། སྐད་ཅིག་གིས་བསྐྱེད་པས་རྫུས་ཏེ་སྐྱེས་པ་སྦྱོང༌། ཞེས་བླ་མ་གོང་མ་རྣམས་གསུང་པ་དེ་ཉིད་ཡིན་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོར་སྒོམ་པར་བྱེད་པའི་སྐྱེད་རིམ་དེ་ནི། རྫུས་སྐྱེས་ཁོ་ནའི་སྦྱོང་བྱེད་མ་ཡིན་ཏེ། དེ་ནི་གང་ཟག་དབང་པོ་རྣོན་པོ་ཞིག་གིས། སྐྱེ་གནས་བཞི་ག་སྦྱོང་བྱེད་ཀྱི་ལམ་དུ་གསུངས་པའི་ཕྱིར་རོ། །དེ་ཡང་དབང་པོ་བརྟུལ་འབྲིང་གི་དབང་དུ་བྱས་ཏེ། སྭ་བྷཱ་ཝ་ལ་སོགས་པའི་སྔགས་དོན་བསམས་ནས། མ་དག་པའི་ཕུང་ཁམས་སྐྱེ་མཆེད་སྦྱངས་པ་ལས། ཡེ་ཤེས་ཀྱིས་བསྒྲུབས་པའི་སྐྱེད་རིམ་སྒོམ་པ་དང༌། དེ་མ་སྦྱངས་པར། མ་དག་པའི་ལུས་ཉིད་གཞལ་ཡས་ཁང་དང༌། རྩ་དང་ཁམས་རྣམས་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གསལ་བཏབ་ནས་སྒོམ་པར་བྱེད་པའི་ཚེ་ན། སྦྱོང་བྱེད་ལྷ་དང་དཀྱིལ་འཁོར་གཉིས་ཀ་ཡང་དག་མ་དག་གི་དབྱེ་བ་ཡོད་པ་མ་ཡིན་ཏེ། གཉིས་ཀ་ཡང་ཡེ་ཤེས་ཀྱི་ངོ་བོར་ཁས་ལེན་དགོས་པའི་ཕྱིར་ཏེ། གཞན་དུ་ན། མ་དག་པའི་ལུས་ཀྱིས་དེ་ཉིད་སྦྱོང་ནུས་པར་ཐལ་བ་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་མ་འདས་པར་ཐལ་བས་སོ། །དེ་ཡང་དཔེར་ན། སྤྱི་བོ་སྣ་ཚོགས་རྡོ་རྗེ། ཞེས་འཆད་པ་དེའི་ཚེ་ན། ཐ་མལ་པའི་ལུས་ཀྱི་སྤྱི་བོ་ནི། གསུམ་སྟེ། ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱིའོ། །དེ་ལས་དང་པོ་གཉིས་ནི་སྣ་ཚོགས་རྡོ་རྗེར་མི་རུང་སྟེ། ཡེ་གདོད་མ་ནས་གྲུབ་པ་མ་ཡིན་པའི་ཕྱིར་དང༌། གཟུང་འཛིན་གཉིས་ཀྱིས་བསྡུས་པས། གནས་གྱུར་མཐར་ཐུག་པའི་ཚེ་ན་འདོར་དགོས་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བས་ཡོད་པ་ཡང་མ་ཡིན་པའི་ཕྱིར། དེས་ན་ཆོས་ཉིད་ཀྱི་སྤྱི་བོ་ཞེས་པ་ནི། མ་དག་པའི་ལུས་ཀྱི་སྤྱི་བོའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་ཏེ་ཤེས་པར་བྱས་ནས། ལུས་ཀྱི་དཀྱིལ་འཁོར་གོམས་པ་མཐར་ཕྱིན་པ་ན། ཡེ་གདོད་མ་ནས་ཡེ་ཤེས་ཀྱི་ངོ་བོར་གྲུབ་པའི་བདེ་མཆོག་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་འདི་ལ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་གོ་དོན་འཕྲོད་ཀྱང༌། དངོས་བསྟན་ལ་སོ་སོར་ངོ་སྤྲོད་དགོས་པ་མེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞུ་འཕྲིན་ལས་ཀྱང༌། སྐྱེད་རིམ་སྒོམ་པ་ཕལ་ཆེར་ཡང༌། །སྦྱང་གཞི་སྦྱོང་བྱེད་ལེགས་འཕྲོད་པའི། །ཆོ་གའི་རྣམ་གཞག་མི་ཤེས་པར། །རང་བཟོའི་དཀྲོངས་སྐྱེད་སྒོམ་པ་མཐོང༌། །སྐྱེད་རིམ་གསལ་བ་རབ་ཀྱི་མཐར། །སོང་བའི་གང་ཟག་ཡང་རབ་ཀྱིས། །རྫོགས་རིམ་གཙོ་བོར་སྦྱོང་བའི་ཚེ། །དཀྲོངས་སྐྱེད་གསུངས་ཀྱི་ད་ལྟ་མིན། །དཔེར་ན་ཁ་ཟས་དཀྲོངས་སྐྱེད་ལ། །སྔོན་དུ་འཚོག་ཆས་མི་དགོས་སམ། །སྐྱེད་པའི་རིམ་པས་མ་སྦྱངས་པའི། །ལྷ་སྒོམ་དཀྲོངས་སྐྱེད་དེ་དང་འདྲ། །ཞེས་གསུངས་སོ།། །།དྲི་བ་ཞེ་བཞི་པ་ནི། རིམ་པ་ལྔ་པར་འོད་གསལ་དང༌། །ཟུང་འཇུག་ཅེས་པ་ཆོས་སྐུ་དང༌། །སྒྱུ་མའི་སྐུ་ལ་བཤད་པས་ན། །འོད་གསལ་འབྲས་བུའི་མཐར་ཐུག་ཏུ། །ཁས་བླངས་པ་ལ་འགལ་ཅི་ཡོད། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་དུ། ཁ་ཅིག་འབྲས་བུའི་མཐར་ཐུག་ནི། །འོད་གསལ་ཡིན་ཞེས་སྨྲ་བ་ཐོས། །འདི་ནི་འཕགས་པའི་དགོངས་པ་མིན། །ཞེས་པའི་སྒྲ་ཇི་བཞིན་པ་དང༌། དེའི་རྣམ་བཤད་མཛད་པ་པོ་རྣམས་ཀྱིས་ཀྱང་ཟུར་ཐོན་པའི་བཤད་པ་མི་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ལ། ལུང་དང་རིགས་པ་གཉིས་ལས། དང་པོ་ནི། སྤྱོད་བསྡུས་སུ་འོད་གསལ་གྱི་མིང་གི་རྣམ་གྲངས་འཆད་པ་ན། ཆོས་ཀྱི་སྐུ་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང༌། ཐམས་ཅད་མཁྱེན་པ་དང༌། ལམ་གྱི་རྣམ་པ་མཁྱེན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཞེས་སོགས་གསུངས་པ་དང༌། ཟླ་བའི་ཞབས་ཀྱིས། སྒྲོན་གསལ་ལས་ཀྱང༌། འོད་གསལ་བ་ནི་རབ་སྟོན་དང༌། །ཟུང་དུ་འཇུག་པ་རབ་རྟོགས་བྱེད། །མཐར་ཐུག་རྣམ་པ་གཉིས་སུ་བཤད། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་གསུངས་པ་དང༌། རིམ་ལྔ་ལས། ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པས། །རྡོ་རྗེ་འཛིན་པ་ཆེན་པོའང་དེ། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་ཡང་དག་པའི་མཐའ་མངོན་དུ་བྱས་པའི་རྗེས་སུ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཉིད་དུ་བཤད་ལ། ཡང་དག་པའི་མཐའ་མངོན་དུ་བྱས་པ་ནི། མཐར་ཐུག་གི་ཆོས་སྐུ་མངོན་དུ་བྱས་པ་ལས་གཞན་ལ་མི་འབྱུང་བའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང༌། མཐར་ཐུག་གི་ཆོས་ཀྱི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་གནས་ཀྱང༌། གདུལ་བྱ་བློའི་མེ་ལོང་ཐོབ་མ་ཐོབ་ཀྱི་ཁྱད་ལས། གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་བར་བཤད་པ་བཞིན་ནོ། །རིགས་པ་ནི། འདིར་མཐར་ཐུག་ཏུ་འཆད་པའི་ཟུང་འཇུག་ལ་ཡང༌། སློབ་པ་དང༌། མི་སློབ་པའི་དབྱེ་བས་གཉིས་སུ་འཆད་པ་ནི། ཇི་སྐད་དུ། རིམ་ལྔ་ལས། སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །ཟུང་དུ་འཇུག་པ་སྒོམ་གྱུར་པ། །ཞེས་དང༌། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཡང་གང་ལའང་མི་སློབ་བོ། །ཞེས་གསུངས་ལ། དེའི་ཚེ་ན། སློབ་པའི་ཟུང་འཇུག་ནི་མཐར་ཐུག་ཏུ་མི་རུང་བས། མི་སློབ་པའི་ཟུང་འཇུག་ཁོ་ན་མཐར་ཐུག་ཏུ་འཆད་དགོས་ལ། ཟུང་འཇུག་གཉིས་པོ་དེའི་དངོས་ཀྱི་རྒྱུར་གྱུར་པའི་འོད་གསལ་ལ་ཡང༌། སློབ་མི་སློབ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། མི་སློབ་པའི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མ་བྱས་པར། མི་སློབ་པའི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་མི་ནུས་པའི་ཕྱིར་དང༌། སྤྱོད་བསྡུས་ལས་ཀྱང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་ནས། མཚན་ཕྱེད་ཀྱི་དུས་སུ་འོད་གསལ་མངོན་དུ་མཛད་པར་བཤད་པ་འདིས་ཀྱང༌། འོད་གསལ་ཞེས་བྱ་བ་སངས་རྒྱས་ཀྱི་ཡེ་ཤེས་ལ་འཆད་པར་གྲུབ་བོ། །སྙམ་དུ་དོགས་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། དེ་ཡང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཐོབ་བྱའི་འབྲས་བུ་མཐར་ཐུག་པ་དང༌། གང་ལ་དམིགས་ནས། རིམ་པ་གཉིས་གོམས་པར་བྱེད་པའི་དམིགས་ཡུལ་མཐར་ཐུག་པ་ནི། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཞེས་པ་དེ་ཉིད་ལ་འཆད་དགོས་པ་ཡིན་ཏེ། དཔལ་ཁ་སྦྱོར་ལས། མཚན་གཞི་མཚོན་པར་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་པ་དང༌། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་སེམས་བསྐྱེད་ཀྱི་ཁྱད་པར་ཡང༌། ཟུང་འཇུག་གི་སྐུ་ལ་དམིགས་པ་དང༌། ཆོས་ཀྱི་སྐུ་ཙམ་ལ་དམིགས་པའི་ཁྱད་པར་ལས་དབྱེ་དགོས་པའི་ཕྱིར། དེ་ལྟ་བུའི་ཟུང་འཇུག་དེ་ལའང༌། རྗེས་མཐུན་པ་སློབ་པའི་དང༌། མཚན་ཉིད་པ་མི་སློབ་པའི་ཟུང་འཇུག་གོ །གཉིས་པའི་ས་མཚམས་ནི། དང་པོ་ནི། གསང་བ་འདུས་པའི་རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་ཐོབ་པའི་ས་དང་པོའི་རྗེས་ཐོབ་ནས་དང༌། གཉིས་པ་ནི་བཅུ་གསུམ་རྡོ་རྗེ་འཛིན་པའི་སའོ། །ཟུང་འཇུག་དེ་གཉིས་ཀའི་ཡང་ཉེ་བར་ལེན་པའི་རྒྱུ་ནི། ཀུན་རྫོབ་བདེན་པའི་མིང་ཅན་སྒྱུ་ལུས་ཞེས་བྱ་བ་དེ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་ནི། དོན་དམ་བདེན་པའི་མིང་ཅན་འོད་གསལ་ཞེས་བྱ་བ་དེའོ། །དེ་ཡང་སྒྱུ་ལུས་ཞེས་པ། ལུས་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གྱུར་པ་ཙམ་གྱི་གོ་དོན་ལ་མི་བཟུང་སྟེ། གསང་བའི་དབང་བསྐུར་ནས། རང་བྱིན་གྱིས་རླབ་པའི་རིམ་པ་གོམས་པར་བྱས་པའི་ནུས་པ་མཐར་ཐུག་པ་ལས། གཉིས་མེད་ཀྱི་ཡེ་ཤེས་དང༌། རླུང་འོད་ཟེར་ལྔ་པ་ལྷན་ཅིག་ཏུ་གནས་པ་ཙམ་ལས་གྲུབ་པའི་འཇའ་ཚོན་ལྟ་བུར་གྱུར་པའི་ལུས་ཤིག་ལ་འཆད་དགོས་པར། སྤྱོད་བསྡུས་སོགས་ལས་གསུངས་པའི་ཕྱིར། འོད་གསལ་ཞེས་པ་ཡང༌། སྤྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་དགོས་ཀྱང༌། ཕར་ཕྱིན་གྱི་ཐེག་པ་ནས་འབྱུང་བ་དང་དོན་གཅིག་པ་མ་ཡིན་ཏེ། དབང་གསུམ་པ་ལས་ཐོབ་པའི་བདེ་ཆེན་གྱི་ཡེ་ཤེས་ལ་འཆད་དགོས་པར། རིམ་ལྔ་དང༌། སྤྱོད་བསྡུས་གཉིས་ཀ་ལས་གསལ་བའི་ཕྱིར། དེ་ལྟ་བུའི་རྒྱུ་བདེན་པ་གཉིས་ཀྱིས། འབྲས་བུ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའི་ཚུལ་ལ། ལོ་ཙཱ་བ་ཆེན་པོ་མགོས་ཀྱིས། གསུམ་དུ་མཛད་པ་ཡིན་ཏེ། བརྩོན་འགྲུས་ཅན་ཚེ་འདི་ལ་འཚང་རྒྱ་བ་དང༌། ལེ་ལོ་ཅན་བར་དོར་སངས་རྒྱ་བ་དང༌། བར་ཆད་ཅན་སྐྱེ་བ་བརྒྱུད་དེ་སངས་རྒྱ་བའོ། །དང་པོ་ནི། སྒྱུ་ལུས་གོམས་པར་བྱེད་པའི་སྐབས་སུ། སྤྱོད་པ་གསུམ་པོ་གང་རུང་ལ་གོམས་པར་བྱས་ཟིན་པའི་སྟོབས་ཀྱིས། འོད་གསལ་ལ་ལོ་དང་ཟླ་བ་ལ་སོགས་པར་མཉམ་པར་གཞག་པའི་ངང་ཉིད་ནས་ཟུང་འཇུག་གི་སྐུ་མངོན་དུ་བྱའོ། །སྙམ་པའི་འཕེན་པ་བཏང་ནས། རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ནུས་པའོ། །དེ་ལྟར་ནུས་པའི་རྒྱུ་མཚན་ཡང༌། སྔོན་སྤྱོད་པ་ལ་སྤྱད་པ་སྔོན་དུ་སོང་བ་དང༌། དོན་དམ་པའི་བདེན་པ་ཡུན་རིང་དུ་གོམས་པའི་སྟོབས་ཀྱིས་སོ། །གཉིས་པ་ནི། རྣལ་འབྱོར་པ་གང་ཞིག རྣལ་འབྱོར་པ་མ་ཚང་བའི་དབང་གིས། སྤྱོད་པ་མ་སྤྱད་ཅིང༌། བདེན་པ་མཐོང་ཡང་ལས་ཀྱི་མཐའ་ལ་ཆགས་པའི་དབང་གིས། ཚེ་འདི་ཉིད་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་མ་ནུས་པས། འཕེན་པ་འདི་ལྟར་བཏང་སྟེ། འཆི་བའི་དུས་ཀྱི་འོད་གསལ་མངོན་དུ་གྱུར་པ་དེའི་ཚེ། ལམ་གྱི་འོད་གསལ་མངོན་དུ་བྱས་ནས། བར་དོའི་སྲིད་པར་འཆར་རྒྱུ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་མངོན་དུ་བྱེད་པའོ། །དེ་ཡང་དང་པོ་ནི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་དང༌། གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ལྟ་བུའོ། །གསུམ་པ་ནི། འཆི་བའི་དུས་དེར་ཡང་འོད་གསལ་མཐར་མ་ཕྱིན་ན། རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གནས་སུ། སྐྱེ་བ་བརྒྱུད་ནས་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཟུང་འཇུག་གི་ཉེ་བར་ལེན་པའི་རྒྱུ་སྒྱུ་ལུས་ཀྱི་རྟེན་དེ་ལ། འོད་གསལ་གྱི་ཡེ་ཤེས་དེས་སྒྲིབ་པའི་བག་ཆགས་མ་ལུས་པར་སྤངས་པ་ཞིག་བྱུང་ན། དེའི་ཚེ་དེ་སྤངས་པའི་སྐད་ཅིག་མ་དང་པོ་དེ་དང༌། རྣམ་མཁྱེན་སྐད་ཅིག་དང་པོ་མངོན་དུ་བྱས་པ་དང༌། ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་གྱུར་པ་དུས་མཉམ་དུ་འབྱུང་བ་ཡིན་ནོ། །དེའི་ཚེ་འོད་གསལ་དང་སྒྱུ་ལུས་གཉིས་སོ་སོ་བ་མ་ཡིན་པར། གཅིག་ཏུ་དབྱེར་མེད་པར་འདྲེས་པ་དེ་ལ་ཟུང་དུ་འཇུག་པ་ཞེས་བྱ་ཞིང༌། དེ་ཡང་འདིར་ནི་མི་སློབ་པའི་ཟུང་འཇུག་སྟེ། བཅུ་གསུམ་རྡོ་རྗེ་འཛིན་པའི་སའོ། །དེ་ལྟར་ན་སྐུ་གསུམ་དབྱེར་མི་ཕྱེད་པའི་ཆོས་སྐུ་མངོན་དུ་བྱས་པ་དེ་ཉིད་ལ་ཟུང་འཇུག་གི་སྐུ་ཞེས་འཇོག་པ་ཡིན་གྱི། མཐར་ཐུག་གི་ཆོས་སྐུ་ལས་གཞན་སྣང་གི་གཟུགས་སྐུའི་སྣང་བ་སྟོན་པ་ནི། འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བའི་དོན་དུ་འཆད་པ་མ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལས་ཡང་ན། སྒྱུ་ལུས་ཀྱི་རྟེན་དེ་ལ། འོད་གསལ་གྱིས་མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་ཙམ་སྤངས་ཀྱང༌། དེ་ལ་ཡུན་རིང་དུ་མཉམ་པར་མ་གཞག་པས། སྤང་བྱ་ལྷག་མ་རྣམས་ལུས་ཀྱང༌། མཉམ་གཞག་དེ་ལས་ལངས་ཏེ། རྗེས་ཐོབ་ཏུ་འོད་གསལ་བའི་ཡེ་ཤེས་དེ་དང༌། ལྷའི་སྐུ་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ཚོན་ལྟ་བུ་དེ་དབྱེར་མེད་དུ་འདྲེས་པ་དེ་ལ་ནི་སློབ་པའི་ཟུང་འཇུག་ཅེས་བྱའོ། །འདི་ནི་སློབ་པ་ཡིན་པའི་ཕྱིར། མཐར་ཐུག་གི་འབྲས་བུ་མ་ཡིན་ཀྱང༌། རིམ་པ་ལྔ་པའི་མཐར་ཐུག་པར་གྱུར་པ་ཡིན་པ་ལ་བསམས་ནས། མཐར་ཐུག་ཏུ་བཤད་པ་ཡིན་ཏེ། དེ་ཕན་ཆད་དུ་མ་རྙེད་པའི་རིམ་པ་དྲུག་པ་གཞན་ཚོལ་མི་དགོས་པའི་ཕྱིར། འོ་ན་འདིས་སྤང་བྱ་ལྷག་མ་རྣམས་ཇི་ལྟར་སྤོང་ཞེ་ན། སླར་ཡང་འོད་གསལ་བའི་རིམ་པ་ལ་ཞུགས་ནས་སྤོང་བ་ཡིན་ཏེ། ལྷག་མོས་འོད་གསལ་དུ་འཇུག་པ་ཞེས་བྱ་བའི་ཐ་སྙད་དེ་དང་མཐུན་ནོ། །དེ་ལྟར་ན། འོད་གསལ་གྱི་མིང་གི་རྣམ་གྲངས་ཆོས་ཀྱི་སྐུར་བཤད་པ་ནི། འོད་གསལ་ལ། ཡུལ་སྟོང་ཉིད་དང༌། ཡུལ་ཅན་ཡེ་ཤེས་ཀྱི་དབྱེ་བས་གཉིས་ལས། དང་པོ་ནི་རང་བཞིན་ཆོས་སྐུ་དང༌། གཉིས་པ་ནི་གློ་བུར་རྣམ་དག་གི་ཆོས་སྐུའོ། །ཤེས་ཕྱིན་དང་མཁྱེན་པ་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལས་གཞན་དུ། ཆོས་ཀྱི་སྐུར་བཤད་པ་ཙམ་གྱིས་འབྲས་བུ་མཐར་ཐུག་ཏུ་འགྱུར་ན། སྒྱུ་ལུས་ཞེས་བྱ་བ་ཀུན་རྫོབ་བདེན་པའི་མིང་ཅན་དེ་ཡང་མཐར་ཐུག་ཏུ་འགྱུར་ཏེ། ཇི་སྐད་དུ། སྒྱུ་མའི་རིམ་པ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བརྟན་པ་ནི། །ཀུན་རྫོབ་བདེན་པར་གསུངས་པ་ཡིན། །ཞེས་དང༌། མགོས་ལོ་ཙཱ་བའི་གསུང་ལས། སྒྱུ་མ་ལྟ་བུའི་མིང་གི་རྣམ་གྲངས་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། སྒྱུ་མ་ཞེས་ཀྱང་བྱའོ། །ཞེས་གསུངས་སོ། །ཡང་ཤཱཀྱ་ཐུབ་པས། བྱང་ཆུབ་ཀྱི་ཤིང་དྲུང་དུ་འོད་གསལ་མངོན་དུ་བྱས་པར་བཤད་པ་དེ་ཡང༌། དུས་དེར་སངས་རྒྱས་ཟིན་པའི་དབང་དུ་བྱས་ནས་བཤད་པ་མ་ཡིན་ཏེ། དེ་ནི་སྔོན་བྱུང་སྟོན་པའི་རྣམ་ཐར། ཉན་ཐོས་སྡེ་པ་དང་མཐུན་པར་བཤད་ནས། རྗེས་འཇུག་ལམ་ལ་སློབ་པའི་ཚུལ་འཆད་པ་ཡིན་པར་ནི། རིམ་པ་ལྔ་པར། རྒྱ་ཆེར་རོལ་པའི་ལུང་དྲངས་ནས་བཤད་པ་ལྟར་ཡིན་པས་སོ། །ཟུང་འཇུག་གི་སྐུ་འདིའི་མིང་གི་རྣམ་གྲངས་ནི། རིག་པ་ཆེན་པོའི་སྐྱེ་བུའི་གཟུགས་དང༌། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། བར་ཆད་མེད་པའི་ལམ་དང༌། ཟུང་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པ་བཤད་ལ། འདིའི་ས་མཚམས་ས་བཅུ་པར་འཆད་པ་དག་བྱུང་སྟེ། དེ་སུན་འབྱིན་པ་ནི་གཞན་དུ་བལྟའོ། །ལུང་རིགས་ཆ་ཙམ་མ་སྦྱངས་པ། །རྣམས་ཀྱི་ཁ་ན་ཆོས་འདིའི་གཏམ། །བག་རྐྱོང་བྱེད་དེ་སྤང་དོན་དུ། །འབེལ་བའི་གཏམ་བརྒྱ་རིགས་པར་བཀོད། །འདི་ཡིས་མང་པོའི་རྟོགས་པ་ནི། །རབ་འཕེལ་ལ་ལའི་སྨྲ་བ་གཅོད། །ཡིད་མི་བདེ་བའི་ཟས་ཅན་འགའ། །ཕྲག་དོག་ཞུགས་ཀྱིས་རང་བློ་ཡི། །བུད་ཤིང་ལན་བརྒྱར་བསྲེག་བྱེད་མོད། །ལེགས་བཤད་ཁྲུས་ཀྱིས་བསིལ་གྱུར་ཅིག །ཅེས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ཀྱི་རིག་འཛིན་སྡོམ་པའི་སྐབས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ། ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བའི་བསྟན་བཅོས་ཀྱི་རིམ་པར་ཕྱེ་བ་གསུམ་པའོ།། །།དྲི་བ་ཞེ་ལྔ་པ་ནི། བྱང་ཆུབ་བར་དུ་བླངས་བ་ཡིས། །སོ་སོར་ཐར་པ་འཇིག་འགྱུར་ན། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །ཞེས་སོགས་ཟེར་བ་ཇི་ལྟར་ཡིན། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། བསྟན་བཅོས་འདི་ལ་འབེལ་གཏམ་དུ་བྱེད་པ་ཕྱི་མ་དག གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སོ་ཐར་གྱི་སྡོམ་པ་དེའི་ངོས་འཛིན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་བྱང་སེམས་ཀྱི་སོ་ཐར་ཞེས་བྱ་བ་དེ་ལ་ངོས་བཟུང་ནས། སྡོམ་གསུམ་ཡར་ལྡན་དུ་རྒྱུད་ལ་ཡོད་པའི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་གསུམ་ལ་གཞི་མཐུན་ཡོད་པར་ཁས་ལེན་གྱིན་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། འོ་ན་བྱང་སེམས་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ། བྱང་ཆུབ་བར་དུ་ལེན་པ་མི་རིགས་པར་འགྱུར་ཏེ། གསུམ་གྱི་ཟླས་ཕྱེ་བའི་སོ་ཐར་གྱི་སྡོམ་པ་དེ་དེའི་བར་དུ་བླངས་ན། སོ་ཐར་གྱི་གནད་བཅོས་པར་འགྱུར་བ་གང་ཞིག གསུམ་གྱི་ཟླས་ཕྱེ་བའི་སོ་ཐར་ནི། བྱང་ཆུབ་སེམས་དཔའི་སོ་ཐར་ལ་འཆད་པར་སྣང་བས་སོ། །སྙམ་པའི་དོགས་པ་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། ཉེས་པ་དེ་འཇུག་པ་མ་ཡིན་ཏེ། འདིར་བསྟན་གསུམ་གྱི་ཟླས་ཕྱེ་བའི་སོ་ཐར་སྡོམ་པ་ནི། ཐེག་པ་ཐུན་མོང་གི་འདུལ་བ་ནས་འབྱུང་བའི་སོ་སོར་ཐར་བའི་སྡོམ་པ་དེ་ཉིད་ལ་འཆད་པར་ནི། ཇི་སྐད་དུ། སོ་སོར་ཐར་པའི་སྡོམ་པ་ནི། །བྱང་ཆུབ་བར་དུ་བླངས་གྱུར་ན། །ཞེས་པ་འདི་དང༌། དེས་ན་སོ་སོར་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་དང༌། བསམ་པ་སེམས་བསྐྱེད་ཀྱིས་ཟིན་ནས། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་གསུངས་པ་ལས་གསལ་བའི་ཕྱིར། དེ་ལས་གཞན་དུ་ན། སྐབས་འདིར། སོ་སོར་ཐར་པའི་སྡོམ་པ་ནི། །ཞེས་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱའི་མཆོག །ཅེས་དང༌། གསང་སྔགས་ཀྱི་ནི་དབང་བསྐུར་བ། །ཞེས་པའི་གཞུང་ཚན་པ་གསུམ་པོ་དེ། བསྟན་བཅོས་འདིའི་བསྟན་བྱའི་གཙོ་བོར་འགྱུར་བའི་སྡོམ་པ་གསུམ་གྱི་གནད་ལ་འཁྲུལ་པ་འགོག་བྱེད་མ་ཡིན་པར་འགྱུར་རོ།། །།དྲི་བ་ཞེ་དྲུག་པ་ནི། ཕག་མོའི་བྱིན་རླབས་མར་པ་ལ། །མེད་པའི་རྒྱུ་མཚན་གསལ་པོ་ཅི། །མར་པ་རིམ་ལྔ་གདན་རྫོགས་ཀྱི། །ཐོག་མར་ཕག་མོའི་བྱིན་རླབས་ནི། །ངེས་པར་བྱེད་ཅེས་ཟེར་བ་ཐོས། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། གཞུང་འདིའི་འཆད་པ་པོ་ཁ་ཅིག་ནི། མར་པ་ལ་དེའི་བྱིན་རླབས་མེད་དོ། །ཞེས་སྒྲ་ཇི་བཞིན་པར་འཆད། བསམ་ཡས་པའི་རྣམ་བཤད་སོགས་ཕལ་ཆེ་བ་ལས། དེས་ཆོས་སྒོ་འབྱེད་པ་དེའི་ལུགས་མ་ཡིན། ཞེས་འཆད་པར་སྣང་བའི་རྒྱུ་མཚན་གྱིས་སོ། །གཉིས་པ་མ་དྲིས་པའི་ཉེས་པ་ནི། ལུགས་དང་པོ་ལྟར་ན། ཚད་ལྡན་དག་གིས། མར་པ་ལོ་ཙཱ་བ་ཕག་མོའི་བརྒྱུད་པའི་རིམ་པ་ལ་སྦྱར་བ་ཡོད་བཞིན་དུ། དེ་ལ་དེའི་བྱིན་རླབས་ཀྱི་བརྒྱུད་པ་མེད་པར་འཆད་ན། ཧ་ཅང་དབང་གིས་ཕྱུག་པར་འགྱུར་ཞིང༌། བྱིན་རླབས་ཀྱི་རྒྱུད་པ་གཞན་དག་ལ་ཡང་སྐུར་པ་གདབ་དགོས་པར་འགྱུར་རོ། །ལུགས་གཉིས་པ་དེ་ལྟར་ན། རྗེས་མར་པ་ལོ་ཙཱ་ནི། རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཀྱི་སྔོན་རོལ་དུ། རྡོ་རྗེ་རྣལ་འབྱོར་མའི་སིནྡྷཱུ་རའི་དཀྱིལ་འཁོར་བཞེངས་ནས། དབང་གོང་མ་གསུམ་བསྐུར་བ་དང༌། དེའི་ཡང་སྔོན་དུ། གསང་བ་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཡིན་ནོ། །ཞེས་བརྒྱུད་པ་དེ་དག་ལ་གྲགས་པ་དང༌། རྗེ་བླ་མའི་གསུང་ལས་ཀྱང༌། སྐྱེས་མཆོག་མར་པ་ལོ་ཙཱས། ཇོ་བོ་ནཱ་རོ་ཏ་པ་ལ། འཕགས་པའི་དངོས་ཀྱི་སློབ་མ་གྲུབ་ཆེན་མ་ཏིངྐ་པ་ནས། བླ་མ་ཏི་ལོ་པ་ལ་བརྒྱུད་པའི་དབང་བཀའ། རྒྱུད་རྐྱང་གི་མན་ངག་གི་བཤད་པ། རིམ་ལྔ་གདན་རྫོགས་ཀྱི་ཁྲིད་བཀའ་རྣམས་གསན། དབང་གོང་མ་གསུམ་པོ་ལ་ཡང༌། སིནྡྷཱུ་རའི་དཀྱིལ་འཁོར་རེ་རེ། དེའི་འོག་ཏུ་ཐོད་པ་ཆང་གིས་བཀང་བ། དེའི་འོག་ཏུ་རྡུལ་ཚོན་གྱི་ཆོས་འབྱུང་གྲུ་གསུམ་རེ་རེ། དབང་གོང་མ་གསུམ་པ་ལའང༌། ཡེ་ཤེས་དབབ་པ། དཀྱིལ་འཁོར་དུ་མེ་ཏོག་དོར་བ་སོགས་བྱེད་པ་ཡོད་དོ། །ཞེས་གསུང་པ་དེ་དག་གི་དོན་ཅི་སྙམ་དུ་དོགས་པར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། རྗེ་མར་པ་ལོ་ཙཱས་ཕག་མོའི་བྱིན་རླབས་མེད་པ་དང༌། བྱིན་རླབས་དེ་རྫོགས་རིམ་འགའ་ཞིག་གི་ཆོས་སྒོ་འབྱེད་པ། དེའི་ལུགས་ལ་མེད་དོ་ཞེས་པ་ནི། གཞུང་འདིའི་དགོངས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཕག་མོ་གྲུའི་ཆོས་སྒོ་བས། རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱི་འཇུག་ཏུ། ཕག་མགོ་ལ་སོགས་པའི་བརྡ་བཞིས་མཚོན་པའི་དོན་ངོ་སྤྲོད་པ་ལ། སློབ་མ་མ་སྨིན་པ་སྨིན་པར་བྱེད་པའི་དབང་གི་གོ་དོན་དུ་བྱས་ཏེ། ཆོས་སྒོ་འབྱེད་པ་ཞེས་བྱ་བའི་ཐ་སྙད་ཉེ་བར་སྦྱར་ནས། དེ་ཙམ་གྱིས་སྨིན་བྱེད་ཀྱི་དབང་གི་གོ་ཆོད་པར་བྱས་པའི་འོག་ཏུ། ནཱ་རོའི་ཆོས་དྲུག་ལ་སོགས་པའི་གདམས་པ་ཟབ་མོ་སྒོམ་པ་ནི། མར་པ་ལྷོ་བྲག་པའི་ལུགས་མ་ཡིན་ཏེ། ལུགས་དེ་ལ་སྣང་རུང་མ་དམིགས་པའི་ཕྱིར། ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ། མར་པའི་བརྒྱུད་པ་འཛིན་བཞིན་དུ། །ཕག་མོས་ཆོས་སྒོ་འབྱེད་པ་ནི། །ཞེས་གསལ་བར་གསུངས་པས་སོ།། །།དྲི་བ་ཞེ་བདུན་པ་ནི། རྗེ་བཙུན་མི་ལ་མན་ཆད་ལ། །ཆོས་དྲུག་ཡོད་དམ་མེད་པ་ནི། །གཞུང་གི་དགོངས་པ་གང་ཡིན་འདྲི། །ཡོད་ན་ནཱ་རོའི་བརྒྱུད་པ་ནི། །འདེད་ལ་འགལ་བ་ཅི་ཞིག་ཡོད། །མེད་ན་ཆོས་དྲུག་ལུགས་གསུམ་པོ། །གསན་ཚུལ་ཇི་ལྟར་ཡིན་པ་འདྲི། །བདེ་མཆོག་སྙན་བརྒྱུད་ཅེས་བྱ་བ། །རྫུན་མའི་ཆོས་སུ་མཁས་རྣམས་བཞེད། །ཞེས་པ་འདི་ལ་གཉིས་ལས། དང་པོ་ལ་འདྲི་བའི་རྒྱུ་མཚན་ནི། མི་ལ་ཡན་ཆད་དེ་ལས་མེད། །ཅེས་པའི་སྒྲ་ཇི་བཞིན་པ་ལ། མི་ལ་མན་ཆད་ལ་ཆོས་དྲུག་གི་གདམས་པ་མེད་པར་འཆད་པ་ལྟ་བུར་སྣང་བ་དང༌། ཕྱིས་ཀྱི་འབེལ་གཏམ་བྱེད་པ་དག་ཀྱང་དེ་ལྟར་དུ་འཆད་པ་དང༌། ཁྱད་པར་སྤོས་ཁང་པའི་རྣམ་བཤད་ལས། མི་ལ་རས་པ་ལ་སློབ་མ་མང་དུ་བྱུང་ཡང༌། རས་ཆུང་རྡོ་རྗེ་གྲགས་ཐོག་མར་ཞབས་ཏོག་སྒྲུབས་པ་དང༌། བསྟེན་ཡུན་རིང་བས་ཆོས་དྲུག་གནང་ནས་བཀའ་རྒྱས་བཏབ་བོ། །དེ་ལས་གཞན་པའི་སློབ་མ་རྣམས་ལ། ཆོས་དྲུག་ཚང་བར་གནང་བ་མེད་པས། དུས་ཕྱིས་མི་ལ་རས་པའི་སློབ་མ་རྣམས་ལ། གདམས་ངག་ཁ་འཐོར་དུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། བསྲེ་འཕོ་དང༌། ཕྱག་རྒྱ་ཆེན་པོ་དང༌། ཕག་མོའི་བྱིན་རླབས་སོགས་སྣ་ཚོགས་བསྡུས་པ་ལ། ཆོས་དྲུག་གི་ཐ་སྙད་བཏགས་པ་ཡིན་ནོ། །ཞེས་འཆད་པ་དང༌། སྒ་གདོང་པ། ནཱ་རོའི་ཆོས་དྲུག་ལ། རྒྱུད་དང་འབྲེལ་བ་དང༌། བྱིན་རླབས་དང་འབྲེལ་བ་གཉིས་ལས། དང་པོ་ནི། དགས་པོ་ལྷ་རྗེ་དང༌། མེས་སྟོན་ཚོན་པོ་སོགས་ལ་བརྒྱུད་པ་ཡིན་ལ། དབང་བྱིན་རླབས་དང་འབྲེལ་བ་ནི། མི་ལ་ཡན་ཆད་དེ་ལས་མེད་དོ། །ཞེས་འཆད་པའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་སྐྱོན་ནི། ལུགས་དང་པོ་མི་འཐད་དེ། ཕྱག་རྒྱ་ཆེན་པོ་དང༌། ཕག་མོའི་བྱིན་རླབས་བསྲེས་པ་ལ། ཆོས་དྲུག་གི་ཐ་སྙད་འདོགས་མཁན་སུ་ཡང་མི་སྣང་བའི་ཕྱིར་དང༌། ཆོས་དྲུག་རས་ཆུང་པ་ལས་བརྒྱུད་པ་ཡོད་ན། དེ་ལས་མེད། ཅེས་པའི་གོ་དོན་དེ་མན་ཆད་ལ་མེད་པར་འཆད་པ་ཡང་འགལ་བའི་ཕྱིར་དང༌། ནཱ་རོ་ཆོས་དྲུག་ལུགས་གསུམ་གྱི་གསན་ཚུལ་འཆད་པ་ན། མེས་སྟོན་ཚོན་པོ་དང༌། དགས་པོའི་སློབ་མ་རྩང་བཞེར་པ་ལས་བརྒྱུད་པ་གསན་ཞེས་ཟེར་བ་ཡང་འགལ་བའི་ཕྱིར། ལུགས་གཉིས་པ་མི་འཐད་དེ། ཆོས་དྲུག་ལ་དབང་བྱིན་རླབས་དང་འབྲེལ་མ་འབྲེལ་གཉིས་སུ་འཆད་པ་སུ་ཡང་མི་སྣང་ཞིང༌། དབང་བྱིན་རླབས་དང་མ་འབྲེལ་ན། ཆོས་དྲུག་གོ་ཆོད་པོར་འགལ་བའི་ཕྱིར་དང༌། བྱིན་རླབས་དང་འབྲེལ་བའི་ཆོས་དྲུག་མི་ལ་མན་ཆད་ལ་མེད་པ་དང༌། བྱིན་རླབས་དང་འབྲེལ་བའི་ཆོས་དྲུག རས་ཆུང་པའི་དངོས་སློབ་བུར་སྒོམ་ནག་པོ་ལས་ཐོས་པ་དེ། ཤངས་པ་རྨོག་ཅོག་པ་ནས་བརྒྱུད་པ་ཡིན་ནོ། །ཞེས་གསུངས་པའི་ཚིག་ལ་ཡང་སྙིང་པོ་མི་སྣང་བའི་ཕྱིར། ནཱ་རོའི་ཆོས་དྲུག་ལ་རྒྱུད་དང་འབྲེལ་བ་དང༌། བྱིན་རླབས་དང་འབྲེལ་བ་གཉིས་ཀྱི་གྲངས་ངེས་མཛད་ནས། དེ་གཉིས་ཀ་མི་ལ་མན་ཆད་ལ་ཡོད་པར་འཆད་པ་དང༌། མི་ལ་ཡན་ཆད་དེ་ལས་མེད་ཀྱི་འབྲུ་གནོན་དེ་ལྟར་མཛད་པའི་ཕྱིར་དང༌། རས་ཆུང་པ་ལ་དབང་བྱིན་རླབས་དང་འབྲེལ་བའི་ཆོས་དྲུག་ཡོད་པར་འཆད་པ་དང༌། རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། །ཅེས་པའི་དོན། བྱིན་རླབས་ཀྱིས་ཆོས་སྒོ་འབྱེད་པ་ལུགས་དེ་ལ་མེད་ཅེས་འཆད་པ་ཡང་འགལ་བ་ལྟ་བུར་སྣང་བའི་ཕྱིར། ཡང་ལ་ལ་ན་རེ། མི་ལས་རས་ཆུང་པ་ལ་གནང་བའི་ནཱ་རོའི་ཆོས་དྲུག་ནི། བདེ་མཆོག་སྙན་བརྒྱུད་ཅེས་ཡོངས་སུ་གྲགས་པའི་ནང་ན་ཡོད་པ་དེ་ཡིན་ལ། དེ་ལས་གཞན་པའི་ཆོས་དྲུག་ནི་མི་ལ་མན་ཆད་ལ་མེད་དོ། །ཅེས་ཟེར་བ་དེ་ཡང་མི་རིགས་ཏེ། བདེ་མཆོག་སྙན་རྒྱུད་ནི། མར་པ་དོ་པས་རྒྱ་གར་སྐད་ཐོགས་ཀྱི་ཆོས་བརྒྱ་རྩ་བརྒྱད་པ་རྩམས་པའི་ནང་ན། བདེ་མཆོག་སྐོར་གྱི་དབང་བྱིན་རླབས་དང་འབྲེལ་བའི་ཆོས་མང་པོ་དང༌། ནཱ་རོའི་ཆོས་དྲུག་གི་ནང་ཚན་འགའ་ཞིག་གདམ་ངག་ཏུ་སྦྱར་ནས་རང་དགར་བརྩམས་པ་ཡིན་གྱི། མར་པ་དང་མི་ལ་ལས་བརྒྱུད་པའི་ཆོས་མ་ཡིན་ནོ། །ཞེས་ཕྱག་ལོ་ཙཱ་བ་ལ་སོགས་པ་སྔོན་གྱི་དམ་པའི་ཆོས་ཀྱི་དག་སྟེར་མཛད་པའི་མཁས་པ་མང་པོས་བཤད་པ་ལྟར་དཔྱད་དགོས་པ་དང༌། བསྟན་བཅོས་མཛད་པ་འདི་ཉིད་ཀྱིས་ནཱ་རོའི་ཆོས་དྲུག་ལུགས་གསུམ་གསན་པ་དེ། བདེ་མཆོག་སྙན་བརྒྱུད་ཀྱི་ལུགས་སུ་གསན་པའམ། ཡང་ན་རྒྱུད་པ་ཆད་པའི་ཆོས་དྲུག་ལུགས་གསུམ་གསན་པར་འགྱུར་རོ། །སྙམ་པའི་དོགས་པ་འདི་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། མི་ལ་ཡན་ཆད་དེ་ལས་མེད། །ཅེས་པའི་གཞུང་གི་དོན། མི་ལ་ཡན་ཆད་དུ་ཆོས་དྲུག་མེད་ཅེས་བྱ་བའི་དོན་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། མི་ལ་ཡན་ཆད་དུ་ནི། ནཱ་རོ་པའི་རྒྱུད་འཛིན་དག་ལ་ནཱ་རོའི་ཆོས་དྲུག་དེ་ལས་གཞན། ལམ་འབྲས་དང༌། ཕྱག་ཆེན་གྱི་མིང་ཅན་དཀར་པོ་གཅིག་ཐུབ་སོགས་ལ་གོམས་པར་བྱེད་པ་མེད་ལ། རྗེ་དགས་པོ་ལྷ་རྗེས། ཆོས་དྲུག་ཁོ་ན་རང་རྒྱུད་ལ་ནན་ཏན་དུ་གོམས་པར་བྱེད་པ་བོར་ནས། ཕྱག་རྒྱ་ཆེན་པོའི་མིང་འདོགས་ཅན་གྱི་དཀར་པོ་གཅིག་ཐུབ་ལ་སྒོམ་དུ་བྱས་པ་དང༌། ཕག་མོ་གྲུབ་པས་ལམ་འབྲས་གོམས་པས་གྲུབ་པ་བརྙེས་པ་ལྟ་བུ། ནཱ་རོ་ཏ་པ་ལས་གཞན་གྱི་གདམས་ངག་སྒོམ་བཞིན་དུ། བརྒྱུད་པ་གཞན་དེ་དག་གསང་ནས། རྗེ་ནཱ་རོ་པ་ཁོ་ནའི་རྒྱུད་འཛིན་དུ་འདོད་པ་ནི་རང་གཞན་གྱི་ལུགས་གཉིས་དང་འགལ། ཞེས་བསྟན་བཅོས་མཛད་པ་འདིས་ནི། ཆོས་དྲུག་ཐོས་ཀྱང་དེ་ལ་ནན་ཏན་གྱིས་གོམས་པར་མི་མཛད་པས། ནཱ་རོའི་རྒྱུད་འཛིན་དུ་ཞལ་གྱིས་མི་བཞེས་པ་ལ་འགལ་བ་མེད་ཅེས་བྱ་བའི་དོན་ཏོ།། །།དྲི་བ་ཞེ་བརྒྱད་པ་ནི། ཕྱག་རྒྱ་ཆེན་པོ་སྒོམ་བཞིན་དུ། །ནཱ་རོའི་བརྒྱུད་པ་འདེད་པ་ལ། །འགལ་བ་ཅི་ཞིག་ཡོད་པ་དྲི། །ཞེས་པ་འདི་ལ་འདྲི་བའི་རྒྱུ་མཚན་ནི། ཇི་སྐད་དུ། ཕྱག་རྒྱ་ཆེན་པོ་ལ་སོགས་པ། །ཞེས་པའི་གཞུང་དེའི་སྒྲ་ཇི་བཞིན་པ་དེ་ཉིད་དང༌། རྣམ་བཤད་མཛད་པ་སྤོས་ཁང་པ། མཻ་ཏྲཱི་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དང༌། སྒ་གདོང་པ། ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་སྦྱོར་བར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། ཕྱག་ཆེན་བསྒོམས་ནས་ནཱ་རོའི་བརྒྱུད་པ་འདེད་པ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཕྱག་རྒྱ་བར་གྲགས་པ་དག་ནི། ཕྱག་རྒྱ་ཆེན་པོ་ནཱ་རོ་པ་དང༌། མཻ་ཏྲཱི་པ་ལས་རྒྱུད་པ་དེ་སྒོམ་པར་ཁས་ལེན་ཞིང༌། བརྒྱུད་པ་ཡང་སོ་སོ་ནས་བརྒྱུད་པར་ཁས་ལེན་གྱི། མཻ་ཏྲཱི་པ་ནས་མ་བརྒྱུད་པར་ཁས་མི་ལེན་པའི་ཕྱིར་དང༌། ལྔ་ལྡན་ནི། ནཱ་རོ་པ་ལས་གཞན་འདི་ལྟ་བུ་ཞིག་གི་གདམས་ངག་གོ་ཞེས་སྟོན་པར་མི་ནུས་པའི་ཕྱིར། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་དེའི་དོན་ནི། ནཱ་རོ་པའམ་མཻ་ཏྲཱི་པའི་ཕྱག་རྒྱ་ཆེན་པོ་སྒོམ་བཞིན་དུ་ཞེས་པའམ། ཡང་ན། ཕྱག་རྒྱ་ཆེན་པོ་ཡིན་ངོ་ཤེས་པ་དེ་སྒོམ་བཞིན་དུ། ཞེས་བྱ་བའི་དོན་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ་ཕྱག་རྒྱ་ཆེན་པོར་མིང་བཏགས་པ་དེ་སྒོམ་བཞིན་དུ། ནཱ་རོའི་བརྒྱུད་པ་འདེད་ན་ལུགས་གཉིས་དང་འགལ་ཞེས་པའི་དོན་ཏེ། ཇི་སྐད་དུ། གཞུང་འདི་ཉིད་ལས། ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ནཱ་རོ་དང་ནི་མཻ་ཏྲཱི་པའི། །ཕྱག་རྒྱ་ཆེན་པོ་གང་ཡིན་པ། །དེ་ནི་ལས་དང་ཆོས་དང་ནི། །དམ་ཚིག་དང་ནི་ཕྱག་རྒྱ་ཆེ། །གསང་སྔགས་རྒྱུད་ལས་ཇི་སྐད་དུ། །གསུངས་པ་དེ་ཉིད་ཁོང་བཞེད་དོ། །ཞེས་བཤད་པས་སོ།། །།དྲི་བ་ཞེ་དགུ་པ་ནི། བཅོམ་ལྡན་གྱི་ནི་བཤད་པ་ལ། །བཞི་བཅོམ་དྲུག་ལྡན་མི་དགོས་ན། །གང་རུང་རེ་རེས་ཆོག་གམ་ཅི། །དེ་ལྟ་ན་ནི་དགྲ་བཅོམ་དང༌། །ལེགས་ལྡན་སོགས་ལའང་མི་ཐལ་ལམ། །ཞེས་པ་འདི་ལ་འདྲི་བའི་རྒྱུ་མཚན་ནི། བཅོམ་ལྡན་འདས་ཀྱི་བཤད་པ་ལ། །ཞེས་པའི་སྒྲ་ཇི་བཞིན་པ་དེ་ཉིད་དང༌། རྣམ་བཤད་མཛད་པ་བསམ་ཡས་པས། བྷ་ག་ཝཱན་ཞེས་པ་བཅོམ་པ་དང༌། ལྡན་པ་གཉིས་ཀའི་སྐད་དོད་ཡིན་ཞེས་གསུངས་པར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ལ་ལུང་རིགས་གཉིས་ལས། དང་པོ་ནི། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་རྣམས། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདྲའི་བཅོམ་ལྡན་འདས་སུ་བཤད། །ཅེས་དང༌། སམྦུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་བཞི་བཅོམ་དྲུག་ལྡན་དུ་བཤད་པ་མ་ཡིན་ནམ་སྙམ་པ་དང༌། གཉིས་པ་ནི། སྒྲ་འཆད་ཚུལ་གཉིས་ཀ་མི་དགོས་པར་གང་རུང་གཅིག་གིས་ཆོག་པ་ཡིན་ན། དམན་པའི་དགྲ་བཅོམ་ཡང་བདུད་བཞི་བཅོམ་པ་དང་ལྡན་པ་ཉིད་ཀྱི་ཕྱིར། བཅོམ་ལྡན་དུ་ཐལ་བ་དང༌། ལྷ་དབང་ཕྱུག་ཆེན་པོ་ཡང་སྐལ་ལྡན་ནམ། ལེགས་ལྡན་དུ་བཤད་པའི་ཕྱིར། བཅོམ་ལྡན་དུ་ཐལ་བར་འགྱུར་རོ། །སྙམ་པའི་དོགས་པ་འདི་སྐྱེ་བ་ཡིན་ནོ། །གཉིས་པ་དངོས་ལན་གདབ་པ་ནི། བཅོམ་པ་དང༌། ལྡན་པ་གཉིས་ལ། བདུད་བཞི་བཅོམ་པ་དང༌། བསྐལ་པ་དྲུག་དང་ལྡན་པ་ཞེས་སོ་སོར་སྦྱར་ནས་སྒྲ་བཤད་ན་འཁྲུལ་པ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། བྷ་ག་ཞེས་པའི་སྐད་དོད་གཅིག་པོ་དེ་ཉིད། བཅོམ་པ་དང་བསྐལ་པ་གཉིས་ཀ་ལ་འཇུག་པ་ཡིན་ལ། ཝཱན་ཞེས་པ་ནི་ལྡན་པ་ལ་འཇུག་པས། བཅོམ་པ་དང་བསྐལ་པ་གཉིས་ཀ་དང་ལྡན་པས་ན་བཅོམ་ལྡན་ནོ། །དེའི་ཕྱིར་རྫོགས་པའི་སངས་རྒྱས་ལས་གཞན་ལ་མི་འཇུག་གོ །དེ་ལྟ་ནའང༌། སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གིས། སྒྲ་བཤད་དེ་གཉིས་པོ་གང་རུང་ལ་འཇུག་པར་བསམས་ནས། འདས་ཞེས་པའི་སྐད་དོད་མེད་ཀྱང་བསྣན་པར་སྣང་ངོ༌།། །།དྲི་བ་ལྔ་བཅུ་པ་ནི། ཕྱག་རྒྱ་ཆེན་པོའི་སྒྲ་དོན་ལ། །ལག་པའི་སྒྲ་དོན་འཁྲུལ་གྱུར་ན། །བརྟག་པ་གཉིས་པར་བརྡ་དང་ནི། །བརྡ་ཡི་ལན་ལ་ཕྱག་རྒྱ་ཞེས། །གསུངས་པའི་དགོངས་པ་གང་ཡིན་བཙལ། །རྡོ་རྗེ་འབྱུང་བར་ལྷ་རྣམས་ཀྱི། །ལག་པའི་རྣམ་འགྱུར་མི་འདྲ་བ། །ཕྱག་རྒྱ་ཆེན་པོར་བཤད་དེ་ཅི། །ཞེས་པའོ། །འདི་ལ་གཉིས་ལས། དང་པོ་ལ། འདྲི་བའི་རྒྱུ་མཚན་ནི། གཞུང་གི་སྒྲ་ཇི་བཞིན་པ་དེ་ལ། གང་ལ་ལག་པའི་རྒྱའི་སྒྲ་བཤད་ཡོད་པ་དེ་ལ། གང་གིས་འདེབས་བྱེད་དུ་གྱུར་པའི་ཕྱག་རྒྱའི་སྒྲ་བཤད་མ་ཚང་པ་ལྟ་བུར་སྣང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། དེ་ལྟ་ཡིན་པ་འོ་ན། བརྟག་པ་གཉིས་པར། ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི། །དམ་ཚིག་གིས་ནི་རྣམ་པར་དབྱེ། །ཞེས་དང༌། ཕྱག་རྒྱ་དེ་ཉིད་འཆད་པ་ན། །གང་ཞིག་སོར་མོ་གཅིག་སྟོན་ན། །གཉིས་ཀྱིས་ལེགས་པར་འོངས་པར་ཡིན། །གཡོན་པའི་མཐེ་བོ་བཅངས་པ་ལ། །སྙུང་གི་ཕྱག་རྒྱར་རྣམ་པར་ཤེས། །གང་ཞིག་སྲིན་ལག་སྟེར་བ་ལ། །དེ་ལ་མཐེའུ་ཆུང་རྣམ་པར་སྦྱིན། །གང་ཞིག་སྲིན་ལག་སྟོན་པ་ལ། །དེ་ཡི་མགྲིན་པ་རབ་ཏུ་བསྟན། །གང་ཞིག་གོས་ནི་སྟོན་པ་ལ། །དེ་ཡི་རྩེ་གསུམ་རབ་ཏུ་བསྟན། །གང་ཞིག་ནུ་མ་སྟོན་པ་ལ། །དེ་ཡི་མཚམས་ནི་རབ་ཏུ་བསྟན། །ཞེས་ལག་པའི་བརྡ་ལ་ཕྱག་རྒྱར་བཤད་པ་དེ་ཡང་མི་འཐད་པར་འགྱུར་ཏེ། དེ་ལ་ལག་པའི་སྒྲ་དོན་བཤད་དུ་ཡོད་པ་ཉིད་ཀྱི་ཕྱིར། གཞན་ཡང་དེ་ཉིད་བསྡུས་པའི་རྒྱུད་དང༌། རྡོ་རྗེ་འབྱུང་བའི་བསྟན་ཆོས་རྣམས་སུ། གང་གིས་འདེབས་བྱེད་ཕྱག་རྒྱ་བཞིའི་ཟླས་ཕྱེ་བའི་ཕྱག་རྒྱ་ཆེན་པོ་དེ། ལྷ་སོ་སོའི་ཕྱག་སྟབས་མི་འདྲ་བ་ཁོ་ན་ལ་བཤད་པ་དེས་ནི་ལག་པའི་སྒྲ་དོན་བཤད་ན། ཕྱག་རྒྱ་ཆེན་པོའི་སྒྲ་དོན་དུ་མི་རུང་ཞེས་པ་དེ་དང༌། ཇི་སྐད་དུ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་སྐྱེས་པའི་ཡེ་ཤེས་ཡིན། །ཞེས་པ་དེ་ལ་གནོད་པར་འགྱུར་རོ། །སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་རོ། །གཉིས་པ་དངོས་ལན་གདབ་པ་ནི། འདིར་གཞུང་གི་དོན་ནི། ཕྱག་རྒྱ་ཆེན་པོའི་སྐད་དོད། མ་ཧཱ་མུ་དྲཱ་ཞེས་པའི་སྒྲ་ཇི་བཞིན་པ་ནི་རྒྱ་ཆེན་པོ་ཞེས་པ་ཡིན་པས། ཕྱག་གི་སྐད་དོད་མེད་ཀྱང༌། གཞན་དང་འཁྲུལ་གྱིས་དོགས་ནས། ཕྱག་ཅེས་པ་ལོ་ཙཱ་བས་བསྣན་པ་ཡིན་ནོ། །ཞེས་པ་ཀུན་གྱིས་ཤེས་པ་དེ་ཉིད་དངོས་ལན་ཡིན་མོད། དེ་ལྟ་ནའང༌། དོགས་པ་འདི་འཇུག་སྟེ། །དེར་ལོ་ཙཱ་བས་བསྣན་པའི་ཕྱག་ཅེས་པ་དེ། ལག་པ་ལ་འཇུག་པ་ཡིན་ནམ་མིན། མིན་ན་གཞན་གང་ཞིག་ཡིན། དང་པོ་ལྟར་ན། ཕྱག་རྒྱ་ཆེན་པོ་ཞེས་པའི་མིང་དེ། དོན་གང་ལ་དངོས་མིང་དུ་འཇུག་པའི་དོན་དེ་ལ་མིང་དེའི་སྒྲ་བཤད་བྱེད་པ་ན། ལག་པའི་སྒྲ་དོན་བཤད་དུ་ཡོད་པར་འགྱུར་ཏེ། ཕྱག་རྒྱ་ཞེས་པའི་ཕྱག་དེ་ལག་པ་ལ་བསམས་ནས་ལོ་ཙཱ་བས་བརྡ་སྦྱར་བའི་ཕྱིར། ཞེས་རྒོལ་བ་བྱུང་ན་ལན་གང་འདེབས། བོད་སྐད་ལ་སྒྲ་བཤད་བྱེད་པ་མེད་དོ་ཅེ་ན། སྒྲ་བཤད་བྱེད་པ་ཐམས་ཅད་ལེགས་སྦྱར་གྱི་སྐད་ལས་འདྲེན་དགོས་ན། ཧ་ཅང་ཐལ་བར་འགྱུར་ཏེ། ལེགས་སྦྱར་ཤེས་པའི་ལོ་ཙཱ་བ་དག་གིས། ལྷ་རྫས་ཀྱི་མེ་ཏོག་དང༌། འདབ་ཆགས་བྱ་ཞེས་པ་ལྟ་བུ་སྐད་དོད་ལ་མེད་བཞིན་དུ་བསྣན་པ་དག་ལ་ཡང་སྒྲ་བཤད་དུ་ཡོད་པའི་ཕྱིར་དང༌། ལེགས་སྦྱར་མི་ཤེས་པའི་རྒན་པོས་ཀྱང༌། སྒྲ་བཤད་དུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པ་མང་བའི་ཕྱིར། ཞེས་པའི་དོགས་པ་འདི་ཡང་སྤང་དགོས་སོ། །དོགས་པ་གཉིས་པའི་ལན་ནི། རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་བཞི་དང༌། བླ་མེད་ཀྱི་ཕྱག་རྒྱ་བཞིའི་ཁྱད་པར་ཡིན་ཞེས་ཟེར་བ་ལས་འོས་མེད་མོད། དེ་ལྟ་ནའང༌། བླ་མེད་རྒྱུད་ཀྱི་ཕྱག་རྒྱ་བཞིའི་ཁུངས་གསལ་པོ་རྩོད་མེད་བཙལ་ནས་ངེས་པར་བྱེད་དགོས་སོ། །དེ་ལྟར་ན། དྲི་བ་བཅུ་གཅིག་པ་སོགས་གསུམ་བསྟན་བྱའི་དོན་གཅིག་པས་གཅིག་ཏུ་བགྲངས་ནས་དྲིས་ལན་བརྒྱ་ཐམ་པའོ།། །།ཁ་སྐོང་བའི་དྲི་བ་བརྒྱད་ལས། དང་པོ་ནི། ཏི་ལོ་ཏེ་ལོར་མི་རུང་ན། །ཨི་ཡི་ཡི་གེ་ཨེ་ཞེས་པར། །ཀ་ལཱ་པ་ལས་བཤད་དེ་ཅི། །ནཱ་རོ་ཞེས་པ་བྲམ་ཟེ་ཡི། །བྱེ་བྲག་ཡིན་མོད་ཏ་ཞེས་པ། །ཞེ་སའི་ཚིག་ཏུ་སྦྱར་མིན་ནམ། །ཞེས་པ་འདི་ལ་གཉིས་ལས། དང་པོ་དྲི་བའི་བསམ་པ་ནི། ཏི་ལོ་ཞེས་པ་ཏིལ་བརྡུང་ལ་འཇུག་པ་བཞིན་དུ། ཏེ་ལ་ཞེས་པ་ཡང་དེ་ཉིད་ལ་འཇུག་པ་ཡིན་ཏེ། དེའི་ཤེས་བྱེད་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། ཀ་ལཱ་པ་ལས་ཨེ་ཨེཏ་ཨུ་ཨོཏ། རྫས་ལའོ། །སམྦུ་དྷི་ལའོ། །དེ་ལའོ། །ཞེས་རྣམ་དབྱེ་དང་པོའི་མང་ཚིག་དང༌། བོད་པ་དང༌། རྣམ་དབྱེ་བཞི་པའི་གཅིག་ཚིག་རྣམས་ཕྱི་མར་ཡོད་པ་ལ། ཨི་ཨེར་འགྱུར་བ་དང༌། ཨུ་ཨོར་འགྱུར་བ་ཉིད་དུ་བཤད་པའི་ཕྱིར་དང༌། ཀུན་བཤད་ལས། ཇི་སྐད་དུ། བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ཞེས་བྱེད་པ་པོའི་དོན་ལ། ཨི་དང༌། ཨུ་དང༌། ཀྲིཊ་རྣམས། ཨེ་དང༌། ཨོ་དང༌། ཀཱ་ར་རྣམས་སུ་འགྱུར་བར་བཤད་པ་དང༌། མཚམས་སྦྱོར་གཉིས་པ་ལས། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡ་སྟེ། ཕ་རོལ་དབྱི་བའང་མ་ཡིན་ནོ། །ཞེས་བཤད་ལ། ཡ་བཏགས་ནི་རིང་ཆ་མེད་པའི་འགྲེང་བུའོ་གདངས་ཅན་ཉིད་དུ་ཀློག་དགོས་པར་འཆད་པའི་ཕྱིར་དང༌། འགྲེལ་ཆེན་དྲི་མེད་འོད་དུ། བྱེད་པ་བཅུ་གཅིག་ལས། ཏིལ་བརྡུང་གི་མིང་འཆད་པ་ན། ཏཻ་ཏི་ལམ་ཞེས་གསལ་བར་བཤད་པའི་ཕྱིར། རིགས་པ་ཡང༌། ཏྲཻ་ལོག་ཞེས་དང༌། ཏྲི་ལོ་ཀ་ཞེས་པ་དོན་གཅིག་པ་དང༌། ལོ་ཀེ་དང༌། ལོ་ཀི་དོན་གཅིག་ལ་འཇུག་པ་དང༌། གོ་ཨུ་དང༌། གོ་དོན་གཅིག་ལ་འཇུག་པ་དང༌། ཨུརྻན་དང༌། ཨཽཌྱ་ནི་དོན་གཅིག་ལ་འཇུག་པ་བཞིན་ནོ། །ཞེས་པའོ། །གཉིས་པ་དངོས་ལན་གདབ་པ་ནི། ཏི་ལ། ཞེས་པ་བསྒྱུར་ན་ཐིག་ལེའམ། མ་སྒྱུར་བར་ཟུར་བཅག་ན་ཏིལ་ཞེས་པ་ཡིན་ལ། ཨོ་ཊ་ཞེས་པ་བརྡུང་བ་ལ་འཇུག་པས། མཚམས་སྦྱར་ན་ཏེ་ལོ་པ་ཞེས་པ། རྒྱ་སྐད་སོར་གཞག་གི་བརྡ་དག་པ་ཡིན་པ་ལ། དེའི་དོན་སྤྱི་མ་ཤར་བས། ཏི་ཞེས་བཏོན་ན་མ་དག་པར་བསམས་ནས། ཏེ་ཞེས་པ་ཁོ་ནའི་མིང་གིས་འབོད་པ་ནི། མ་ཤེས་པ་ཡིན་ནོ། །ཞེས་པའི་དོན་ནོ། །དེ་ལྟ་ན་ཡང༌། ཏེ་ལོ་ཞེས་པ་ཏིལ་བརྡུང་ལ་མི་གོ་བ་མ་ཡིན་ཏེ། དཔེར་ན། དི་བུ་དང་དེ་བ་བཞིན་དང༌། བི་ཏ་དང་བེ་ཏ་བཞིན། ཞེས་པ་དང༌། ལཱུ་ཨི་བ་དང༌། ལོ་ཧི་བ་བཞིན་ནོ། །ཡང༌། རྒྱ་གར་སྐད་དུ་ནཱ་རོའི་སྒྲ། །བྲམ་ཟེའི་རིགས་ཀྱི་བྱེ་བྲག་ཡིན། །ཞེས་སྦྱར་ན་ལེགས་པ་ཡིན་ཏེ། ནཱ་རོ་ཏ་ཞེས་པ་ནི་ན་རོ་པ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར། ཡང་རྒྱ་སྐད་ཨིནྡྲ་བྷཱུ་ཏི་ཞེས་པ། བོད་སྐད་བརྒྱ་བྱིན་བྱང་ཆུབ་ལ་འཇུག་པ་གཅིག་མཁས་པ་འཇུག་པའི་སྒོར་བཤད་པ་ཡང་ཡོད་དེ། དེ་ཉིད་ལས། ཇི་སྐད་དུ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས། བྷཱུ་ཏ་ཨརྠ་ཞེས་པ་ཡང་དག་པའི་དོན་ཡིན། དེ་སངས་རྒྱས་ཀྱི་སྒྲར་སྒྲུབ་པ་ལ། བྷཱུ་ཏའི་གནས་སུ་བུད་གཞག ཨརྠའི་གནས་སུ་དྷ་གཞག་ནས་སངས་རྒྱས་སུ་སྒྲུབ་པ་དང༌། ཞེས་ཀྱང་གསུངས་མོད། འདིར་ནི་སྐད་དོད་སྒྲ་ཇི་བཞིན་པའི་དབང་དུ་བྱས་པས་མི་འགལ་ལོ། །ཡང་བྷཱུ་ཏི་དང་དྷོ་ཏི་གཉིས་ཀྱི་ཁྱད་པར་བཤད་པ་དེ་ཡང༌། དྷོ་ཏི་བོད་སྐད་ཡིན་པར་བསམས་པ་དེ་ལ་དགག་པ་མཛད་པ་ཡིན་གྱི། གཉིས་ཀ་རྒྱ་སྐད་ཡིན་པ་སོར་གཞག་གི་དབང་དུ་བྱས་ན། ཁྱད་པར་དབྱེ་དཀའ་བ་ཡིན་ཏེ། བུད་དྷི་དང༌། བོ་དྷི་བཞིན་ནོ།། །།དྲི་བ་གཉིས་པ་ནི། ཀཽ་ཤི་ཀའི་མདོ་ཞེས་པ། །རྫུན་མ་དེ་ཡི་མཚན་གཞི་དྲི། །མུ་སྟེགས་བྱེད་ཀྱི་རྒྱུད་ཡིན་པས། །ལུང་དུ་བྱ་བར་མི་རུང་ན། །དབྱངས་འཆར་རྒྱུད་དང་སྨན་སྤྱད་དང༌། །ཀ་ལཱ་པ་དང་དཎྜི་ཡི། །ཚིག་རྒྱན་གཞུང་དང་འཆི་མེད་ཀྱི། །བང་མཛོད་ལ་སོགས་མཁས་རྣམས་ལ། །གྲགས་པའི་ལུང་དག་འདོར་དགོས་སམ། །ཞེས་པ་འདི་ལ། འདྲི་བའི་བསམ་པ་ནི། ཀཽ་ཤི་ཀའི་མདོ་ལ་སོགས་པ་མིང་མཐུན་པ་དག་མ་དག་གི་རིམ་པ་གཉིས་གཉིས་ཡོད་པར་སྣང་ལ། དེ་དག་གི་མཚན་གཞི་སོ་སོར་འཛིན་དགོས་ཏེ། གཞན་དུ་ན། དག་མ་དག་གཉིས་ཀྱི་དབྱེ་བ་མི་ཕྱེད་པའི་ཕྱིར། དཔེར་ན། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་དང༌། ཡེ་ཤེས་ཐིག་ལེའི་རྒྱུད་དང༌། ཆར་ཡང་རྣམ་གསུམ་དང༌། ཕྱག་རྒྱ་བཞི་པ་ལ་སོགས་པ་རྣམས་བཞིན་ནོ། །ཡང་ཇི་སྐད་དུ། མུ་སྟེགས་བྱེད་ཀྱི་རྒྱུད་ཀྱང་ཡོད། །དེ་ལ་ལུང་དུ་བྱར་མི་རུང༌། །ཞེས་པའི་སྒྲ་ཇི་བཞིན་པ་ལྟར་ན། གསུང་བ་པོ་སངས་རྒྱས་ཁོ་ན་ལ་རག་མ་ལས་པ། རིག་བྱེད་ཀྱི་བསྟན་བཅོས་ནས་འབྱུང་བ་དག་ལའང༌། སངས་རྒྱས་པ་དག་གིས་ལུང་དུ་བྱར་རུང་བ་མེད་པར་འགྱུར་ལ། དེ་ལྟར་ན། དབྱངས་འཆར་གྱི་རྒྱུད་ཅེས་བྱ་བ། ལྷ་དབང་ཕྱུག་ཆེན་པོས་གསུངས་པ་དེ་དང༌། གསོ་བ་རིག་པའི་བསྟན་བཅོས་ཡན་ལག་བརྒྱད་ལྟ་བུ། ཚངས་པས་ཚེའི་རིག་བྱེད་དྲན་ནས་བཤད་པ་རྣམས་དང༌། སྒྲའི་མདོ་ཀ་ལཱ་པ་ལྟ་བུ། གཞོན་ནུ་སྨིན་དྲུག་གིས་དབང་ཕྱུག་གོ་ཆ་ལ་བཤད་པ་དང༌། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་ཞེས་བྱ་བ། མུ་སྟེགས་ཀྱི་པཎྜི་ཏ་དབྱུག་པ་ཅན་གྱིས་སྦྱར་བ་དང༌། མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་ཅེས་བྱ་བ། རིག་བྱེད་ནས་འབྱུང་བའི་གཏམ་རྒྱུད་དབང་རྩན་པར་བྱས་ནས་སྦྱར་བ་དེ་དག་ཀྱང་འདོར་དགོས་པར་འགྱུར་ལ། དེ་ལྟར་ན། རིག་པའི་གནས་དང་པོ་བཞི་ཕྱི་ནང་གི་རིག་པའི་གནས་ཐུན་མོང་བ་མ་ཡིན་པར་འགྱུར་ལ། དེ་དག་སངས་རྒྱས་པས་གང་ལ་མཁས་པར་བྱ་བའི་ཡུལ་མ་ཡིན་ན། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་སོགས་དང་འགལ་ལོ། །སྙམ་པའི་དོགས་འདི་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། ཀཽ་ཤི་ཀའི་མདོ་ཞེས་པ། སྲས་ཡུམ་བཅུ་བདུན་གྱི་ཡ་གྱལ་དུ་གྱུར་པ་དེ་ནི་རྣམ་པར་དག་པ་ཁོ་ན་ཡིན་པས། མ་དག་པ་གཞན་ཞིག་སྣང་བ་དེ་ངོས་འཛིན་དགོས་པ་དང༌། གཉིས་མེད་རྣམ་རྒྱལ་གྱི་དབྱེ་བ་མཁས་པ་དག་ལ་གྲགས་ཟིན་པ་དང༌། ཕྱག་ཆེན་ཐིག་ལེ་སོགས། ཡང་དག་པ་མ་ཡིན་པའི་བཤད་པ། ཕོ་བྲང་ཞི་བ་འོད་དང༌། ལྷོ་བྲག་པའི་སྔགས་ལོག་སུན་འབྱིན་སོགས་མང་པོ་ཞིག་ན་བཤད་སྣང་བས། དེ་དག་ལའང་དག་མ་དག་གཉིས་གཉིས་ཡོད་དམ་ཞེས་བརྟག་པར་བྱའོ། །མུ་སྟེགས་ཀྱི་ལུང་ལ་དོར་བྱས་ཁྱབ་པར་བཤད་པ་དེ་ནི། ངེས་དོན་སྟོན་པ་དང༌། ཐར་པའི་ལམ་སྟོན་པའི་དབང་དུ་བྱས་པ་ཡིན་ཏེ། གཞུང་འདི་ཉིད་ལས། དེས་ན་སངས་རྒྱས་བསྟན་པ་མཆོག །ངེས་དོན་ཚད་མ་ཡིན་པར་བཟུང༌། །ཞེས་དང༌། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་སོ།། །།དྲི་བ་གསུམ་པ་ནི། མ་རིག་ཅེས་སོགས་རྒྱུད་བླ་ཡི། །ལུང་དེ་གང་ན་ཡོད་པ་དྲི། །བཤད་དང་གང་ཞིག་ཅེས་པའི་བར། །ཡོད་ན་རྗེ་བཙུན་ཉིད་ཀྱིས་ནི། །དེ་ལྟར་ཡིད་ཆེས་མན་ཆད་ཀྱི། །ཚིགས་བཅད་གྲངས་ངེས་མཛད་དེ་ཅི། །ཅེས་པ་འདི་ལ་གཉིས་ལས། འདྲི་བའི་བསམ་པ་ནི། གཞུང་དུ། དེ་ཡི་འཐད་པ་རྒྱུད་བླ་མར། །མགོན་པོ་བྱམས་པས་འདི་སྐད་གསུངས། །མ་རིག་སྡོངས་པའི་མུ་སྟེགས་ལའང༌། །སྲིན་བུའི་ཡི་གེ་འདྲ་བ་ཡི། །ཅུང་ཟད་བདེན་པ་ཡོད་མོད་ཀྱི། །འོན་ཀྱང་ཡིད་བརྟན་མི་བྱ་གསུང༌། །ཞེས་པའི་ལུང་འདི་རྒྱུད་བླ་མའི་བསྟན་བཅོས་ན་མི་སྣང་ངོ༌། །ཞེས་ཟེར་བ་ལ། མཐོང་རྒྱ་ཆེ་བར་ཁས་ལེན་པ་དག་ན་རེ། གང་ཞིག་དོན་ལྡན་ཞེས་པའི་ཤླཽ་ཀ་འདི་དང༌། གང་ཞིག་རྒྱལ་བའི་བསྟན་པ་ཞེས་སོགས་ཀྱི་བར་འདི་ན་ཡོད་པར། ལོ་ཙཱ་བ་ཆེན་པོ་དང༌། སློབ་དཔོན་ཕྱྭ་བའི་རྣམ་བཤད་ལས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། མ་རིག་སྡོངས་རྣམས་ཀྱིས་ཀྱང་སྲིན་བུའི་ཡིག་འདྲ་མུ་སྟེགས་བསྟན་བཅོས་སུའང༌། །དོན་ལྡན་ཆོས་ལྡན་ས་གསུམ་ཉོན་མོངས་ཟད་བྱེད་བརྗོད་གྱུར་གང་ཡིན་དང༌། །འཇིག་རྟེན་སོ་སོའི་ལེགས་བཤད་གང་དེའང་བློ་ལྡན་དྲང་སྲོང་བཞིན་འཛིན་ན། །གསུང་གང་ཟག་མེད་བློ་མངའ་རྣམས་ཀྱི་ཞལ་ནས་འབྱུང་བ་སྨོས་ཅི་དགོས། །ཞེས་འབྱུང་བ་འདི་ལ། ལོ་ཆེན་དཔོན་སློབ་ཀྱིས་རྣམ་བཤད་ཀྱང་མཛད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལྟ་ཡིན་པ་འོ་ན། རྗེ་བཙུན་ཉིད་ཀྱི་གཞུང་དང་འགལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། གང་ལས་རྒྱུ་མཚན་གང་ཕྱིར་ནི། །ཇི་ལྟ་བུར་ནི་གང་བཤད་དང༌། །རྒྱུ་མཐུན་པ་ནི་གང་ཡིན་དེ། །ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །གཉིས་ཀྱི་བདག་ཉིད་དག་པ་ཡི། །ཐབས་དང་གཅིག་གིས་ཉམས་པའི་རྒྱུ། །དེ་ནས་ཚིགས་སུ་བཅད་པ་ནི། །གཉིས་ཀྱིས་འབྲས་བུ་བསྟན་པ་ཡིན། །འཁོར་གྱི་དཀྱིལ་འཁོར་བཟོད་པ་དང༌། །བྱང་ཆུབ་ཐོབ་པའི་ཆོས་བརྗོད་པའི། །མདོར་ན་འབྲས་བུ་རྣམས་གཉིས་ནི། །ཐ་མ་ཡིས་ནི་བསྟན་པ་ཡིན། །ཞེས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལས། །ཞེས་སོགས་མན་ཆོད། བཤད་པ་མཐར་ཕྱིན་པའི་གཞུང་གི་ཚོགས་རྣམས་ལ། ཚིགས་སུ་བཅད་པ་བཅུའི་གྲངས་ངེས་བཤད་པ་དང་འགལ་ལོ། །སྙམ་པའི་དོགས་པ་འདི་སྐྱེའོ། །གཉིས་པ་དངོས་ལན་གདབ་པ་ནི། གཞུང་འདིར། མགོན་པོ་བྱམས་པས་འདི་སྐད་གསུངས། །ཞེས་པ་སྒྲ་ཇི་བཞིན་པའི་དབང་དུ་བྱས་ན། རྒྱུད་བླར། བཟློག་པ་གཞན། ཞེས་པ་ལ་སྙེག་པ་ཡིན་ལ། མ་རིག་ལྡོངས་པའི་མུ་སྟེགས་ལའང༌། །ཞེས་སོགས་ནི། གཞུང་དེའི་བཤད་བྱའི་མདོ་ཉིད་ལ་འཆད་པ་ཡིན་ཏེ། གང་ཞིག་དོན་ལྡན་སོགས་ཀྱི་ཤླཽ་ཀ་འདི་ནི། ལྷག་པའི་བསམ་པ་སྐུལ་བའི་མདོ་ན་ལྷུག་པར་ཡོད་པ་དེ། ཚིགས་བཅད་དུ་སྡེབས་པ་ཙམ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བྱམས་པ། གཞན་ཡང་རྒྱུ་བཞིས་ན། སྤོབས་པ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པར་རིག་པར་བྱའོ། །བཞི་གང་ཞེ་ན། སྤོབས་པ་དོན་དང་ལྡན་པ་དང༌། ཆོས་དང་ལྡན་པ་དང༌། ཉོན་མོངས་པ་ཟད་པར་བྱེད་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་སྟོན་པ་ཡིན་གྱི། དོན་དང་མི་ལྡན་པ་ལ་སོགས་པ་ནི་མ་ཡིན་ནོ། །བྱམས་པ། བཞི་པོ་འདི་དག་ནི་སངས་རྒྱས་རྣམས་ཀྱིས་སྤངས་པ་ཡིན་ཏེ། བཞི་གང་ཞེ་ན། སྤོབས་པ་དོན་མེད་པ་དང༌། ཆོས་དང་མི་ལྡན་དང༌། ཉོན་མོངས་པ་འཕེལ་བར་བྱེད་པ་དང༌། མྱ་ངན་ལས་འདས་པའི་ཕན་ཡོན་མི་སྟོན་པ་སྟེ། བཞི་པོ་དེ་དག་ནི་སངས་རྒྱས་རྣམས་ཀྱིས་སྤངས་ཤིང༌། མ་གནང་བ་ཡིན་ནོ། །ཞེས་གསུངས་པ་དང༌། མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་ལས། མུ་སྟེགས་རྣམས་ཀྱིས་བདག་བསྟན་པ་ནི། སྲིན་བུས་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་ང་སེམས་ཅན་ཐམས་ཅད་ལ་བདག་མེད་དོ། །ཞེས་བསྟན་པ་སྟོན་པར་མཛད་དེ། བདག་མེད་པ་ནི་སངས་རྒྱས་ཚིག་ཡིན་ནོ། །ཞེས་གསུངས་པ་དེ་ཤེས་བྱེད་དུ་འདྲེན་པར་བཞེད་ནས། མ་རིག་ཅེས་སོགས་ཀྱི་ལུང་འདི་དྲངས་པ་ཡིན་ནོ།། །།དྲི་བ་བཞི་པ་ནི། བཀའ་བསྡུ་གསུམ་གྱི་ཐ་སྙད་ནི། །གཞུང་ལུགས་གང་ནས་འབྱུང་བ་འདྲི།། །།དྲི་བ་ལྔ་པ་ནི། ལྷ་ཆེན་ཆོས་ལོག་སུན་འབྱིན་པ། །བསྡུ་བ་གསུམ་པར་གང་ནས་བཤད། །ཉི་མའི་དངོས་གྲུབ་ཅེས་པ་ཡི། །གཏམ་བརྒྱུད་འདི་ཡང་གང་ནས་འབྱུང༌། །ཞེས་པ་འདི་ལ་གཉིས་ལས། དང་པོ་འདྲི་བའི་བསམ་པ་ནི། སྤྱིར་ཉན་ཐོས་ཀྱི་བཀའ་བསྡུ་བ་གཉིས་ཀྱི་ཐ་སྙད་ནི། ལུང་ཕྲན་ཚེགས་ནས་གསུངས་པས། འཆད་པ་པོ་ཀུན་གྱིས་མཐུན་པར་འཆད་ལ། བསྡུ་བ་གསུམ་པའི་ཐ་སྙད་འདི་ཀུན་ལ་གྲགས་ཀྱང༌། ལུང་ཁུངས་ཤེས་དཀའ་བ་དང༌། གཞུང་འདིར། བསྡུ་བ་གསུམ་པ་བྱས་ཞེས་ཐོས། །ཞེས་བཤད་པ་དེའི་ལུང་ཁུངས་འདྲི་བ་ཡིན་པ་དང༌། བསྡུ་བ་གསུམ་པའི་ངོས་འཛིན་ཡང༌། སྡེ་པ་བཅོ་བརྒྱད་པོ་སངས་རྒྱས་ཀྱི་བཀར་སྒྲུབ་པ་ལ་འཆད་པ་དེ། ཕལ་ཆེ་བ་དག་གི་ལུགས་ཡིན་ཀྱང༌། འདིར་དགེ་སློང་ལྷ་ཆེན་པོའི་ཆོས་ལོགས་སུན་ཕྱུང་བ་དེ། བསྡུ་བ་གསུམ་པར་ཁུངས་གང་ལས་འབྱུང་ཞེས་པ་དང༌། སྤྱིར་ཉི་མའི་སྒྲུབ་ཐབས་དང༌། དེ་གྲུབ་པ་ན་ཉི་མའི་ཟེར་གྱིས་བསྲེས་རྫས་གང་འདོད་བསྲེག་པར་ནུས་པའི་བཤད་པ་གཅིག་བྱེད་པར་འདུག་པ་འདིའི་དོན་དང༌། གཏམ་བརྒྱུད་གཉིས་ཀ་ལ་ཡིད་ཆེས་པ་དཀའ་བར་སྣང་བས། དེའི་ཁུངས་དྲིས་པའོ། །གཉིས་པ་ལ་གཉིས་ལས། དྲི་བ་དང་པོའི་དངོས་ལན་གདབ་པ་ནི། བསྡུ་བ་གཉིས་ནི་ལུང་ལས་འབྱུང་ལ། གསུམ་པ་ནི་བསྟན་བཅོས་ལས་འབྱུང་བ་ཡིན་ཏེ། འདུལ་བ་འོད་ལྡན་ལས། གྱེས་པ་བཅོ་བརྒྱད་པོ་བཀར་བསྒྲུབས་པ་དེ་བསྡུ་བ་གཉིས་པའི་འོག་ཏུ་བྱུང་བར་བཤད་པ་དང༌། རྟོག་གེ་ལ་འབར་བ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །ཞེས་གསུང་ལ། དེ་བསྡུ་བ་གསུམ་པར་འཆད་དགོས་པ་ཡིན་ཏེ། བསྡུ་བ་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་བཅུ་ན་བྱུང་བར་བཤད་པའི་ཕྱིར། གསུམ་པ་འདི་ལ་ངོས་འཛིན་མི་མཐུན་པར་སྨྲ་བ་དུ་མ་བྱུང་ཡང༌། དགོས་པ་ཉན་ཐོས་ཀྱི་སྡེ་པ་རྣམས་ཐ་དད་དུ་གྱེས་པ་མཐུན་པར་སྒྲུབ་པའི་ཕྱིར་དུ་མཛད་པ་ཡིན་པར་ནི། སྔོན་གྱི་འཆད་པ་པོ་མཐའ་དག་མཐུན་པ་ཡིན་ནོ། །དྲི་བ་གཉིས་པའི་དངོས་ལན་ནི། བསྟན་བཅོས་མཛད་པ་འདིས་ནི། དགེ་སློང་ལྷ་ཆེན་པོའི་ཆོས་ལོག་སུན་ཕྱུང་བ་ལ། བསྡུ་བ་གསུམ་པར་འཆད་པའི་ཤེས་བྱེད་ནི། དགེ་སློང་ལྷ་ཆེན་པོའི་ཆོས་ཀྱིས། སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་འགའ་ཞིག་ལ་སླད་ནས་ཡོད་པ་དེ་སུན་ཕྱུང་བ་ན། གྱེས་པ་བཅོ་བརྒྱད་པོ་བཀའ་ཉིད་དུ་མཐུན་པར་གྲུབ་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། འོན་ཀྱང་དེ་ཡི་ལག་ལེན་གྱིས། །སྡེ་པ་བཅོ་བརྒྱད་རྣམས་ལ་ཡང༌། །ཅུང་ཟད་སླད་པ་ཡོད་ཅེས་ཟེར། །མཁས་པའི་གཙུག་རྒྱན་དབྱིག་གཉེན་གྱིས། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་གསུངས་པ་ཡང་དེ་ལ་དགོངས། །ཞེས་བཤད་པས་སོ། །ལྷ་ཆེན་གྱི་ཆོས་དེ་སུན་འབྱིན་པ་པོ་ནི། ཕལ་ཆེ་བ་དག་གིས། བཀའ་བསྡུ་གསུམ་པའི་བྱེད་པ་པོར་འཆད་པ་དེ་དག་ཡིན་པར་བཤད་ན་ལེགས་སོ། །དེ་ཡང༌། ལྷ་ཆེན་པོ་ཡོད་པའི་དུས་སམ། ཤི་བའི་དེ་མ་ཐག་ཏུ་སུན་ཕྱུང་བར་འཆད་པ་ནི་མ་ཡིན་ཏེ། དགེ་སློང་དེ་ནི་བཀའ་བསྡུ་བ་གཉིས་པ་བྱས་པའི་དེ་མ་ཐག་ཏུ་བྱུང་བར་བཤད་པའི་ཕྱིར། དེ་ཡང༌། འདི་སྐད་ཐོས་ཏེ། མ་རུ་ཊ་ཞེས་བྱ་བའི་གྲོང་ཁྱེར་དུ། ཚོང་དཔོན་ཞིག་གི་བུ་མཧཱ་དེ་བ་ཞེས་བྱ་བའི་མིང་ཅན། མཚམས་མེད་པ་གསུམ་བྱས་པ་ཞིག་འགྱོད་པ་སྐྱེས་ནས། སྡིག་པ་དེ་བཤགས་པའི་སྐབས་ཡོད་དམ་མེད་སྙམ་པ་ལ། དགེ་སློང་ཞིག་ན་རེ། གང་གིས་སྡིག་ཆེན་བྱས་པ་ཡང༌། །དགེ་བ་བྱས་པས་འབྱང་བར་འགྱུར། །དེ་ནི་འཇིག་རྟེན་སྣང་བ་སྟེ། །ཉི་མ་སྤྲིན་དང་བྲལ་བ་བཞིན། །ཞེས་ཟེར་བ་ཐོས་ནས། རབ་ཏུ་བྱུང་སྟེ། སྡེ་སྣོད་གསུམ་ལ་མཁས་པར་བྱས་སོ། །དེས་དགྲ་བཅོམ་པ་མང་པོའི་དབུས་སུ་མདོ་འདོན་པའི་རེས་ལ་བབ་པ་ན། མདོའི་མཇུག་ཏུ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང༌། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཏོན་པས། དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་རྩད་པ་ན། དགེ་སློང་གཞོན་པ་ཕལ་ཆེར་གྱིས་ཁོའི་ཕྱོགས་བཟུང་བས། དགེ་འདུན་གྱི་སྡེ་འཁྲུགས་པ་ལ་བརྟེན་ནས། གྱེས་པ་བཅོ་བརྒྱད་ཀྱི་བར་དུ་སོང་བ་ཡིན་ནོ། །ཞེས་ལུང་གི་འགྲེལ་བྱེད་དག་འཆད་དོ། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །ཞེས་པའི་དོན་ནི། ཇི་སྐད་དུ། རྣམ་བཤད་རིགས་པ་ལས། བླ་མ་ཀུན་དགའ་འོད་སེལ་དང༌། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང༌། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་མཚོ་ཆུ་ཤིང་དང༌། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང༌། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་གསུངས་ལ། དེའི་དོན་ཡང༌། གཞུང་འདི་ནི་ཐེག་པ་ཆེན་པོ་བཀར་སྒྲུབ་ཀྱི་སྐབས་ན་ཡོད་པ་ཡིན་ལ། དེ་ཡང༌། ཐེག་པ་ཆེན་པོའི་ནང་ན་ངེས་དོན་ཅུང་ཟད་ཀྱང་མེད་པའི་རྒྱུ་མཚན་གྱིས། བཀའ་མ་ཡིན་ནོ་ཞེ་ན། དེ་སྐད་སྨྲ་བ་ཁྱོད་ཀྱིས་ནི། ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་ཀྱང་མ་མཐོང་ན། ཐེག་པ་ཆེན་པོ་ལྟ་ཅི་སྨོས། དེའི་ཤེས་བྱེད་ཀྱང༌། དིང་སང་ཉན་ཐོས་ཀྱི་སྡེ་སྣོད་ཀྱང༌། ཡང་དག་པར་བསྡུས་པའི་གཞི་ཉམས་པས་ཚང་བར་གནས་པ་མ་ཡིན་ཏེ། དཔེར་ན། བླ་མའི་མདོ་དང༌། ཀུན་དགའི་མདོ་ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པའི་མིང་ཅན་དེ་དང་དེར། མདོའི་ཚིག་འདི་དང་འདི་ཞེས་བྱ་བ་ཞིག་ཡོད་པར། གཞུང་གཞན་དང་གཞན་གྱིས་གྲུབ་པ་ཡིན་ཀྱང༌། དིང་སང་མདོ་དེ་དང་དེ་དག་ན་ཚིག་དེ་དག་མི་སྣང་བའི་ཕྱིར། ཞེས་པའི་དོན་དུ་བཤད་དོ། །འདི་ལྷ་ཆེན་གྱི་ཆོས་ཀྱིས། སྡེ་པ་བཅོ་བརྒྱད་ལ་བསླད་པའི་ཤེས་བྱེད་དུ་འགྲོ་བ་ཅུང་དཀའ་བར་སྣང་ཡང༌། ལུང་ཚིག་མ་ཚང་བ་དེ་དག་ལྷ་ཆེན་པོས་ཕྱིས་ནས། དེ་དང་འགལ་བ་ཅན་འགའ་ཞིག་བཅུག་པ་ཡིན་ཞེས་འཆད་དགོས་པ་འདྲའོ། །རྣམ་པར་དཔྱོད་པ་གསུམ་པའི་ལན་ནི་ལྡོན་དཀའ་བ་ཡིན་ཏེ། ལྷ་བཙུན་བསམ་ཡས་པའི་རྣམ་བཤད་ལས། གཏམ་འདི་ཡང་བོད་ཀྱི་སློབ་དཔོན་རྣམས་ལ་གྲགས་པ་ཙམ་མ་གཏོགས། རྒྱ་གར་བའི་གཞུང་ལས་བཤད་པ་མ་མཐོང་ཞིང༌། དེ་ཡང༌། འཕགས་པ་ཀླུ་སྒྲུབ་མ་བྱོན་པའི་གོང་དུ་བྱུང་དགོས་ཀྱི། གཞན་དུ་ན་མི་འགྲིག་པ་མང་པོ་འོང་ངོ༌། །ཞེས་བཤད་པ་ལྟར་རོ།། །།དྲི་བ་དྲུག་པ་ནི། དར་མས་བསྟན་པ་བསྣུབས་པ་དང༌། །མངའ་བདག་ཡེ་ཤེས་འོད་ཀྱི་བར། །ཆོས་ལོག་དུ་མ་འཕེལ་དེ་གང༌། །རིན་ཆེན་བཟང་པོའི་བསྟན་བཅོས་ན། །སྦྱོར་སྒྲོལ་བཀག་པ་ཙམ་ཞིག་ནི། །མ་གཏོགས་ཆོས་ལོག་ཐམས་ཅད་པ། །སུན་འབྱིན་མཛད་པའི་གཞུང་མི་སྣང༌། །ཕོ་བྲང་ཞི་བ་འོད་དང་ནི། །མགོས་ཀྱི་སྔགས་ལོག་སུན་འབྱིན་ན། །རང་ལ་གནོད་པ་འགའ་ཡང་སྣང༌། །ཞེས་པ་འདི་ལ་གཉིས་ལས། དང་པོ་དྲི་བའི་བསམ་པ་ནི། གཞུང་ལས། ཕྱི་ནས་གངས་རིའི་ཁྲོད་འདི་རུ། །སངས་རྒྱས་བསྟན་པ་ལེགས་པར་བསྒྱུར། །དེ་ནས་བསྟན་པ་དར་བའི་ཚེ། །རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །དེ་ཚེ་བླ་མ་ཡེ་ཤེས་འོད། །ཅེས་སོགས་ཀྱི་སྒྲ་ཇི་བཞིན་པ་ལ། རྒྱལ་པོ་དར་མ་ཡན་ཆད་དུ་ཆོས་ལོག་མང་པོ་མ་བྱུང་བ་ལྟ་བུར་བཤད་པ་དང༌། སྔོན་གྱི་འཆད་པ་པོ་གཞན་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་དར་མ་ཡན་ཆད་དུ་རྒྱུད་རྫུས་མ་མང་པོ་བྱུང་བར་བཤད་པས། ཇི་ལྟར་ཡིན་སྙམ་པ་དང༌། གཞུང་དུ། ཆོས་ལོག་ཐམས་ཅད་ནུབ་པར་མཛད། །ཅེས་འབྱུང་ལ། ལོ་ཙཱ་བ་ཆེན་པོའི་བསྟན་བཅོས་ན་ནི། བླ་ན་མེད་པའི་རྒྱུད་དུ། སྦྱོར་སྒྲོལ་གྱི་རྣམ་གཞག་གསུངས་པ་སྒྲ་ཇི་བཞིན་པར་བཀག་ནས། དྲང་ངེས་ཀྱི་རྣམ་གཞག་མཛད་པ་ཙམ་ཞིག་གཙོ་བོར་སྣང་གི རྩོམ་པ་པོ་འདི་དང་འདིས། གཞུང་ལོག་པ་འདི་དང་འདི་སྦྱར་བའི་རྐང་གྲངས་ངོས་མ་བཟུང་བས་ན། ཆོས་ལོག་ཐམས་ཅད་ནུབ་པར་མཛད་ལུགས་ཇི་ལྟར་ཡིན་སྙམ་པ་དང༌། ཞི་བ་འོད་དང༌། མགོས་ཀྱི་འབྱམ་ཡིག་ན་ནི། སྔགས་གསར་མའི་ཆོས་ལ། ཕྱག་རྒྱ་ཆེན་པོ་ཐེག་ལེ་དང༌། ཡེ་ཤེས་ཐིག་ལེ་དང༌། ཆར་པ་རྣམ་གསུམ་དང༌། ཕྱག་རྒྱ་བཞི་པ་དང༌། ཐེག་ཆེན་ཉི་ཤུ་པ་དང༌། སུམ་ཅུ་པ་དང༌། སྒྱུ་མ་ངེས་བསྟན་དང༌། རྨི་ལམ་ངེས་བསྟན་ལ་སོགས་པ་རྣམས་ཀྱང་དྲི་མ་ཅན་དུ་བཤད་པས། རང་ལུགས་ལ་ཡང་དེ་ལྟར་ཁས་ལེན་པར་བྱེད་དམ་སྙམ་དུ་དོགས་པ་དང༌། ཁྱད་པར་མགོས་ཀྱི་འབྱམ་ཡིག་ན། ཆོས་དྲི་མ་ཅན་ཡིན་པའི་ཤེས་བྱེད་དུ། རྒྱ་གར་གྱི་པཎྜི་ཏ་བདུན་བཅུ་རྩ་གཉིས་ལ་དྲིས་པས། རྒྱ་གར་ན་མེད་ཅེས་ཟེར་བ་གཏན་ཚིགས་སུ་བཀོད་ལ། མགོས་ཀྱི་བརྒྱད་འཛིན་དུ་གྱུར་པའི་རྔོག་ལྷོ་བྲག་པས། བླ་ཆེན་འབྲོག་མིའི་ཟབ་ཆོས་འགའ་ཞིག མགོས་དང་དུས་མཚུངས་པའི་པཎྜི་ཏ་བདུན་བཅུ་རྩ་གཉིས་ལ་དྲིས་པས། རྒྱ་གར་ན་མེད་དོ་ཞེས་ཟེར་རོ། །ཞེས་པའི་ཕྱོགས་ཆོས་བསྒྲུབས་སྣང་བས། རྗེ་མགོས་ཀྱང༌། བླ་ཆེན་དང༌། གཱ་ཡ་དྷ་རའི། སློབ་མར་མཚུངས་ཀྱང༌། རང་ལ་མ་བྱུང་བའི་ཆོས་དེར་བྱུང་བ་ལ་ཟུར་ཟ་བར་ནི་ཅང་མི་མཛད་དམ། སྙམ་དུ་དོགས་པའོ། །གཉིས་པ་དངོས་ལན་གདབ་པ་ནི། དར་མས་བསྟན་པ་ནུབ་པའི་འོག་ཏུ། ཆོས་ལོག་འཕེལ་ཞེས་པའི་དོན། རྒྱུད་དྲི་མ་ཅན་དུ་བྱེད་པ་དེ་ཐམས་ཅད། དུས་དེ་ཁོ་ནར་བྱུང་བ་ཉིད་དུ་འཆད་པ་ནི་མ་ཡིན་ཏེ། དེའི་གོང་དང་འོག་ཏུ་བྱུང་བ་ཅི་རིགས་པ་ཡོད་པའི་ཕྱིར། དཔེར་ན། རྨ་ཨཱ་ཙརྻ་རིན་ཆེན་མཆོག་དང་ཨཱ་ཙརྻ་མཉན་ཆེན་དཔལ་དབྱངས་ལ་སོགས་པས་མཛད་པ་ནི། དེའི་གོང་དུ་བྱུང་བ་ཡིན་ལ། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། རྗེ་དཔལ་འཁོར་བཙན་པོ་དང་དུས་མཚུངས་པར་བྱུང་བས། དར་མའི་རྗེས་ལའང་བྱུང་བ་བཞིན་ནོ། །འདིར་ཆོས་ལོག་འཕེལ་ཞེས་པ། རྒྱུད་དྲི་མ་ཅན་དུ་བྱེད་པ་དེ་དག་དུས་དེར་གསར་དུ་བརྩམས་ནས་དར་བ་ཙམ་ལ་དགོངས་པ་ནི་མ་ཡིན་ཏེ། རྨ་རིན་ཆེན་མཆོག་དང༌། དར་ཆེན་དཔལ་གྱི་གྲགས་པ་ལ་སོགས་པས་མཛད་པ་འགའ་ཞིག་ནི། རྒྱུད་དངོས་མ་ཡིན་ཀྱང༌། རྒྱུད་དང་མཐུན་པར་སྦྱར་བའི་བསྟན་བཅོས་སྐྱོན་མེད་དག་ཡོད་པའི་ཕྱིར། དཔེར་ན། བཅོམ་ལྡན་རལ་གྲིས། གསང་སྙིང་རྣམ་དག་ཏུ་བསྒྲུབས་པ་བཞིན་ནོ། །འོ་ན་ཅི་ཞེ་ན། དར་མས་བསྟན་པ་བསྣུབས་པའི་འོག་ཏུ་འདུལ་བའི་བསྟན་པ་མེད་པས། སོ་སོར་ཐར་པའི་ཚུལ་ཁྲིམས་བསྟན་པའི་རྩ་བར་བྱེད་དགོས་པའི་གོ་བ་མེད་ཅིང༌། རྒྱུད་རྣམ་དག་གམ་དྲི་མ་ཅན་གང་ཡིན་ཀྱང་སྟེ། དེའི་དངོས་བསྟན་ལ་སྒྲ་ཇི་བཞིན་པ་ཉིད་དུ་བཟུང་ནས། མི་དགེ་བ་བཅུ་ལ་ཅི་དགར་ལོངས་སྤྱད་ནས་དེ་ཉིད་ཆོས་སུ་སྨྲ་བ་དག་བྱུང་བས། དེ་སུན་དབྱུང་བའི་ཕྱིར་དུ། ལོ་ཙཱ་བ་ཆེན་པོས་བསྟན་བཅོས་མཛད་པའི་ནང་ན། རྒྱུད་དེ་དང་དེའི་མིང་སྨོས་ནས་ཡང་དག་པ་མ་ཡིན་ཞེས་གསུངས་པ་ནི་མེད་ལ། རྒྱུད་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པར་བཟུང་ནས་ཉམས་སུ་ལེན་པ་དེ་ཉིད། རྒྱུད་སྡེ་གོང་མ་གཉིས་ཀྱི་ལུང་དང༌། ཐེག་པ་ཆེན་པོའི་མདོ་སྡེ་འགའ་ཞིག་གི་ལུང་དང༌། དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་དུ་མའི་ལུང་དྲངས་ནས། སུན་འབྱིན་པར་བྱེད་པའི་བསྟན་བཅོས་ཁྱད་པར་ཅན་དེ་མཛད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རྣམ་པར་དཔྱོད་པ་གཉིས་པའི་ལན་ནི། རྒྱུད་དང་སྡེ་སྣོད་ཀྱི་གཞུང་ལོ་པཎ་གྱིས་བསྒྱུར་བར་ཁས་ལེན་པ་དེ་དག འཕགས་ཡུལ་གྱི་པཎྜི་ཏ་མང་པོ་དེ་དག་ལ་མ་གྲགས་ན་དྲི་མ་ཅན་དུ་འགྲུབ་པ་ཡིན་གྱི། སྙན་བརྒྱུད་ཀྱི་གདམས་ངག་ཟབ་མོ་རྣམས་ནི་གཏན་ཚིགས་དེ་ཙམ་གྱིས་དེར་མི་འགྲུབ་ཅིང༌། ལོ་ཆེན་གྱིས་ཀྱང་རྒྱུད་དང་བསྟན་བཅོས་ཀྱི་དབང་དུ་མཛད་ནས་གཏན་ཚིགས་དེ་ལྟར་བཀོད་པ་ཡིན་གྱི། མན་ངག་གི་དབང་དུ་མཛད་པ་ནི་མ་ཡིན་ནོ། །མི་འགྲུབ་པའི་ཤེས་བྱེད་ཀྱི་དཔེ་ནི། ནཱ་རོ་དང༌། ནི་གུའི་ཆོས་དྲུག་བཞིན། དེས་ན་ལོ་ཆེན་མགོས་ཀྱིས་ནི་འབྲོག་མིའི་ཟབ་ཆོས་ལ་ཟུར་ཟ་བ་ག་ལ་ཡོད། རྔོག་གིས་ནི་རང་དགར་བྱས་པའོ། །ཆོས་དྲི་མ་ཅན་རྣམས་ཀྱི་མིང་གི་རྣམ་གྲངས་ནི། ཕོ་བྲང་ཞི་བ་འོད་དང༌། མགོས་ལོ་ཙཱ་བའི་འབྱམ་ཡིག་ཆེ་ཆུང་དང༌། ཙ་མི་ལོ་ཙཱ་བའི་སྤྲིང་ཡིག་ཆེན་མོ་དང༌། རྔོག་ལྷོ་བྲག་པའི་གསང་སྔགས་ཀྱི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཆེན་མོ་ཞེས་བྱ་བ་དང༌། ཕྱག་ལོ་ཙཱ་བའི་སྤྲིང་ཡིག་རྣམས་ལས་གསལ་བར་བཤད་པ་ཡིན་མོད། དེ་དག་ནས་གང་བཤད་ཐམས་ཅད་ལོག་པའི་ཆོས་སུ་འཆད་དགོས་པའི་ངེས་པ་མེད་དོ། །ཞར་ལ་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་དཔལ་འཛིན་ཞེས་པའི་མཚན་ཅན། རྣམ་དཔྱོད་ཅན་ཞིག་གིས་སྦྱར་བའི་བསྟན་བཅོས་ན་འདི་ལྟར་སྣང་སྟེ། རྨ་པན་རིན་ཆེན་མཆོག་ཅེས་བྱས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་གསན་ནས་བཙལ་བའི་ཚེ། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲག །དེ་རྗེས་རྒྱལ་པོ་ཁྲི་དར་མས། །སངས་རྒྱས་བསྟན་པ་བསྣུབས་ནས་ཤི །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་བཤིག །ལོ་པན་ཐམས་ཅད་ས་མཐར་བྲོས། །དཔང་པོ་མེད་ཅིང་འཇིགས་མེད་པས། །བོད་ཀྱི་སྔགས་པ་ངན་པ་རྣམས། །ལས་སུ་རྫུན་རྒྱུད་འབའ་ཞིག་རྩོམ། །སྦྱོར་སྒྲོལ་ལོག་སྤྱོད་མེ་ལྟར་མཆེད། །མངའ་བདག་དཔལ་འཁོར་བཙན་གྱི་དུས། །བསྣུབས་བན་སངས་རྒྱས་ཡེ་ཤེས་བྱུང༌། །ཁ་ཐུན་ལ་སོགས་གཤིན་རྗེ་གཤེད། །རྟ་མགྲིན་པདྨ་དབང་ཆེན་དང༌། །མ་མོ་སྲིད་པ་རྒྱུད་ལུང་དང༌། །ཀཱ་ལི་ཡ་ཡི་བཅུ་གཉིས་པ། །དེ་སོགས་སྒྲུབ་ལུགས་རྒྱུད་བརྒྱད་དང༌། །ཁ་སྐོང་གི་ནི་རྒྱུད་དྲུག་དང༌། །དེ་བཞིན་རྒྱུད་ཀྱི་རྒྱལ་པོ་དྲུག །སྒྲུབ་པའི་མན་ངག་མཐའ་ཡས་བྱས། །ཁྱད་པར་ཧྭ་ཤང་གྲུབ་མཐའ་དང༌། །མན་ངག་ལྟ་བའི་ཕྲེང་བ་བསྲེས། །རྫོགས་པ་ཆེན་པོའི་ཆོས་སྒོར་ནི། །རྨད་བྱུང་ལ་སོགས་བཅུ་གསུམ་བྱས། །དེ་རྗེས་དཔལ་གྱི་གྲགས་པ་ཡིས། །ཀུན་འདུས་རིག་པའི་མདོ་དང་ནི། །དགོངས་འདུས་ཡེ་ཤེས་རྔམ་པ་ཀློག །དུར་ཁྲོད་ཁུ་བྱུག་རོལ་པ་དང༌། །སེམས་ལུང་ཆེན་མོ་ལྔ་རུ་བྱས། །ཉང་སྟོད་སྨྲ་བའི་སེང་གེ་ཡིས། །ཀུན་བྱེད་རྒྱལ་པོ་ལ་སོགས་པ། །སེམས་སྡེ་མ་བུ་བཅོ་བརྒྱད་བྱས། །ལྕེ་བཙུན་སེང་གེ་དབང་ཕྱུག་གིས། །བི་མ་ལ་ཡི་སྙིང་ཏིག་དང༌། །དེ་ཡི་རྒྱུད་ཆེན་བཅུ་བདུན་བྱས། །རྒྱལ་པོ་གཡུ་སྒྲ་སྙིང་པོ་ཡི། །ཐུགས་དམ་མན་ངག་ལྟ་ཕྲེང་ཡང༌། །ཕྱི་ནས་དེ་ཡི་རྒྱུད་འཛིན་གྱིས། །རྫོགས་པ་ཆེན་པོའི་ཆོས་སུ་བསྒྱུར། །སྦས་ཡུལ་ཀ་ཐོག་པ་ལ་སྦྱར། །མངའ་བདག་ཉང་བན་རལ་པ་ཅན། །གུ་རུ་ཆོས་དབང་ཆོས་བློ་དང༌། །ཆོས་རྒྱལ་རིན་ཆེན་གླིང་པ་དང༌། །སྤྲུལ་སྐུ་ཨུ་རྒྱན་གླིང་པ་དང༌། །ཚེ་བརྟན་རྒྱལ་མཚན་ལ་སོགས་པ། །རྫུན་གྱི་གཏེར་བཏོན་མང་པོ་བྱུང༌། །བཀའ་བརྒྱད་བདེ་གཤེགས་འདུས་པ་དང༌། །རྟ་མགྲིན་བདེ་གཤེགས་འདུས་པ་དང༌། །ཚེ་བདག་ཨུརྨོ་ལ་སོགས་པའི། །ཆོས་གཏེར་རྫུན་མ་བསམ་མི་ཁྱབ། །པདྨ་ལས་འབྲེལ་རྩལ་གྱིས་ཀྱང༌། །མཁའ་འགྲོའི་སྙིང་ཏིག་ཆོས་སྐོར་བྱས། །གཏེར་བཏོན་རྡོ་རྗེ་གླིང་པས་ནི། །རྡོ་རྗེ་སེམས་དཔའི་སྙིང་ཏིག་བྱས། །ཞེས་དང༌། གསང་སྔགས་གསར་མའི་ཁྲོད་ན་ཡང༌། །གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །རྡོ་རྗེ་འཇིགས་བྱེད་སམ་ལུགས་དང༌། །བདེ་མཆོག་ར་ལྀ་སུམ་ཅུ་གཉིས། །དུས་འཁོར་ལྕེ་སྤྱང་གླུ་གར་དང༌། །ཀྱཻ་རྡོར་སྐུ་གསུང་ཐུགས་གསང་མཛོད། །ཕྱག་ན་རྡོ་རྗེ་མི་གཡོ་བ། །རྡོ་རྗེ་ཕག་མོ་སེང་གདོང་མ། །ཕྱག་རྒྱ་ཆེན་པོའི་རྒྱུད་འགའ་དང༌། །མགོན་པོ་དང་ནི་ལྷ་མོའི་རྒྱུད། །བརྒྱ་དང་ལྔ་བཅུ་ལྷག་ལ་སོགས། །རང་བཟོའི་རྫུན་རྒྱུད་དུ་མ་སྣང༌། །རྡོ་རྗེ་སྙིང་པོའི་སྨད་འགྲེལ་དང༌། །ལྷོ་པ་ཐམས་ཅད་མཁྱེན་པ་ཡིས། །ནཱ་རོ་འགྲེལ་ཆེན་ཞེས་པའང་བྱས། །ཞེས་དང༌། དེ་དག་འགོག་པ་ན། ཁྱེད་ཀྱི་ཐོག་མའི་མཚན་ཙམ་ལས། །སྐད་དོད་ནོར་བས་རང་མཚན་བསྟན། །ཕལ་ཆེར་སྔགས་བསྡུའི་སྐབས་ནས་ནོར། །སྔགས་དང་སྒྲ་བཤད་ཕལ་ཆེར་ནོར། །དང་པོར་འབུས་པས་འབུད་དྷཱ་ཡ། །བར་དུ་དར་བས་དར་མ་ཡ། །ཐ་མར་སངས་བས་སང་གྷཱ་ཡ། །འདི་འདྲའི་སྒྲ་བཤད་རྒྱུད་དུ་བྲིས། །ཅ་ཆ་ཇ་དང་ཞ་ཟ་འ། །འདི་དྲུག་རྒྱ་གར་སྐད་དུ་བསྲེས། །གསལ་བྱེད་བརྩེགས་པ་རེ་རེ་ལ། །དབྱངས་ཡིག་གཉིས་གསུམ་བཞི་ཡིས་བརྒྱན། །རྦད་རྦུད་ཁམ་ཤག་རོ་མྱགས་ཆུམས། །ཐོད་ཕྲེང་རྩལ་དང་གྲོ་བོ་ལོད། །ཨེ་མྱགས་ཡ་རྡུབས་མུགས་ཤག་དུན། །བཾ་རིལ་དུན་ཐིབས་ཏྲིག་ཏྲིག་ཁྲམ། །ཧེར་ཤོག་ནིར་ཤོག་རྒྱུག་བྲེང་བྲེང༌། །མནལ་མ་མནལ་ཏེ་གསོད་ལ་རྔམ། །བཛྲ་ཞང་ཞུང་མ་ལ་སོགས། །སྔགས་ལ་འཆལ་གཏམ་བརྒྱ་སྟོང་བསྲེས། །ཨ་ཏི་ལ་ནི་བརྟེན་ནས་ཀྱང༌། །ཡ་ཏི་ཅི་ཏི་ཟེར་བ་དང༌། །ཤ་རཱི་རཾ་ལ་བརྟེན་ནས་ཀྱང༌། །ཉ་རཱི་རཾ་དང་ཆུ་རི་རཾ། །དེ་བ་ཡ་ཤ་རཀྵ་ལས། །དེ་མ་མག་མོ་རག་མོ་དང༌། །མ་མོའི་སྐད་དོད་མ་མ་དང༌། །བདུད་ཀྱི་སྐད་དོད་རུ་ཏྲ་དང༌། །མཧཱ་སནྟི་རྫོགས་ཆེན་དང༌། །སནྟི་མཧཱ་ཟེར་ལ་སོགས། །རྒྱ་བོད་སྡེབ་སྦྱོར་མ་ཕྱེད་པའི། །ཐ་སྙད་གོ་རིམ་ནོར་བ་མང༌། །ཞེས་དང༌། ཤད་ཀྱི་དོན་དུ་ཚེག་དྲག་འདི། །རྒྱ་བོད་གཉིས་ཀའི་ལུགས་དང་འགལ། །གྱིང་ཕོ་གྱིང་མོ་ཞེས་བྱ་བ། །མོན་ཡུལ་ལ་ལར་བཙུན་པའི་མིང༌། །ལྷ་ལ་གྱིང་ཆེན་ཞེས་བྱ་བ། །ལོ་པཎ་མཁས་ལ་འདི་མ་གྲགས། །ཨ་ཏྲི་སེམས་པ་ཉིད་སང་སད། །གཡའ་སྤངས་སྐྱེས་ཅིག་གནམ་ཐེའུ་དཀར། །ཨ་ཕྱི་ཆེན་པོ་ཤམ་ཤམ་མོ། །དཀྱིལ་འཁོར་ལྷ་ཡི་མིང་འདི་འདྲ། །ཆོས་མིན་བོན་ཡང་འདྲ་ལ་མིན། །དམུ་བཙན་ཐེའུ་བྲང་འགོང་པོ་གཉན། །འཕགས་པའི་ཡུལ་ན་གྲགས་པ་མེད། །སྒྲ་གཅན་ལ་ནི་ཁྱབ་འཇུག་སོགས། །མིང་གི་མངོན་བརྗོད་བརྒྱ་སྟོང་ནོར། །འདི་དག་ཚིག་གི་ནོར་པ་སྟེ། །གཞན་ཡང་མཐའ་ལས་འདས་པ་ནོར། །རྒྱལ་བ་གསུམ་ནི་དགོངས་པའི་བརྒྱུད། །རིག་འཛིན་གསུམ་ནི་བརྡ་ཡི་བརྒྱུད། །གང་ཟག་གསུམ་ནས་སྙན་དུ་བརྒྱུད། །བསྟན་པའི་བབས་ཚུལ་དེ་ལྟར་སྨྲ། །ལོ་རྒྱུས་ཁུངས་མ་དག་ཏུ་ནི། །རྒྱལ་བ་ཉིད་ཀྱིས་གསུངས་པ་དེ། །བསྡུད་པ་པོ་ཡིས་ཉན་ཞིང་བསྡུས། །གླེགས་བམ་ལ་ཡང་བཀོད་པར་བཤད། །ཁྱེད་ཀྱི་ཐེག་པ་རིམ་དགུ་ལ། །རྒྱུད་རྒྱལ་གསང་འདུས་འཁོར་ལོ་སྡོམ། །ཀྱེ་ཡི་རྡོ་རྗེ་ཐེག་པ་དམན། །རྫོགས་པ་ཆེན་པོ་མཐོ་བོ་ལོ། །མན་ངག་ལྟ་བའི་ཕྲེང་བ་ལས། །ཐེག་པ་རིམ་དགུ་གསུངས་པ་ནི། །དཔལ་ལྡན་འདུས་པ་ལ་བརྟེན་ཞིང༌། །དེ་ལས་མཐོ་བའང་བཤད་པ་མེད། །མཧཱ་ཨ་ནུ་ཨ་ཏི་གསུམ། །འདུས་པའི་སྐྱེད་རྫོགས་ཉམས་ལེན་གྱི། །རིམ་པ་ཙམ་གྱིས་སོ་སོར་ཕྱེ། །རྒྱུད་སྡེ་སོ་སོར་དབྱེ་བ་མིན། །ཞེས་དང༌། ལྟ་བ་ཁྱད་པར་འཕགས་པའི་ཕྱིར། །རྫོགས་པ་ཆེན་པོ་མཆོག་གོ་ལོ། །སྔགས་ཀྱི་ཁྱད་ཆོས་ལྟ་བ་མིན། །དབུ་མ་ལས་ལྷག་ག་ལ་ཡོད། །སྐྱེ་འདིར་སངས་རྒྱས་འགྲུབ་བྱེད་པ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ། །ཐབས་ཀྱིས་ཁྱད་པར་འཕགས་སོ་ཞེས། །ཟབ་མོའི་རྒྱུད་འགྲེལ་ཀུན་ལས་འབྱུང༌། །གཞན་ཡང་ལོངས་སྐུ་སྤྲུལ་སྐུས་བསྟན། །རྫོགས་ཆེན་ཆོས་སྐུས་གསུངས་སོ་ལོ། །ཞེས་དང༌། བཱི་མ་ལ་ཡི་སྙིང་ཏིག་ལས། །སེམས་ནི་གློ་བའི་ནང་ན་གནས། །རིག་པ་སྙིང་དང་ཀླད་པའི་ནང༌། །ཡུངས་འབྲུ་ཙམ་གྱི་ལྷ་སྐུ་ལོ། །འདི་འདྲ་མུ་སྟེགས་ཆོས་ལུགས་ཡིན། །ཀུན་བྱེད་རྒྱལ་པོའི་ཉམས་ལེན་དུ། །རྡོ་རྗེ་ལུས་ཀྱི་བྱེད་བཅིངས་དང༌། །ལུས་གནད་ལྟ་སྟངས་ཐམས་ཅད་བཀག །ཡང་དག་འཇོག་ལ་སྐྱོན་དུ་ལྟ། །སྤྱོད་ལམ་ཕལ་པས་ཡིད་འགུ་ཞིང༌། །མ་དག་ལས་སྣང་འདི་ཐམས་ཅད། །ཆོས་དབྱིངས་ཉིད་དུ་ཤེས་བྱས་ན། །སྐྱོན་ཀུན་ཡོན་ཏན་ཉིད་འགྱུར་ཕྱིར། །འདི་འདྲའི་མན་ངག་ཐོས་མ་ཐག །སངས་རྒྱས་ཉིད་དུ་འགྱུར་རོ་ལོ། །བར་དོ་གསང་སྐོར་ཉམས་ལེན་དུ། །རྒྱ་མཚོ་ཨར་ལ་གཏང་བ་ཞེས། །མིག་གཉིས་བཙིར་ནས་མུན་པར་བལྟ། །དབང་པོ་བསླད་པའི་མཐོང་སྣང་བསྲུང༌། །བཱི་མ་ལ་ཡི་སྙིང་ཏིག་ལས། །ཉི་ཟླ་མར་མེའི་འོད་ཟེར་ལ། །ཟེ་འབྲུར་བལྟ་བའི་རྫི་མ་ཡིས། །འཇའ་ཚོན་བསྲུང་བ་མཆོག་ཏུ་འདོད། །ཉི་མ་བལྟ་བའི་སྒོམ་པ་འདི། །མུ་སྟེགས་ཉི་མ་པ་ཡི་ལུགས། །རང་གི་རིག་པ་གཏང་བ་ལས། །བེམས་པོ་འགུལ་པར་ནུས་པའི་ཚེ། །རང་གི་རིག་པ་གཏང་བ་ཡིས། །མི་རབས་སུམ་སྟོང་སངས་རྒྱ་ལོ། །སྣང་གྲགས་ཆོས་རྣམས་ཆོས་ཉིད་དུ། །ཤེས་ནས་ཕ་མ་གསད་གྱུར་ཀྱང༌། །སྡིག་པའི་ལས་ནི་མི་སྲིད་དེ། །ཐར་ལམ་ཉག་གཅིག་དེ་ཡིན་ལོ། །མཚམས་མེད་ལྔ་པོ་སྤྱོད་བཞིན་དུ། །སྔགས་པ་སངས་རྒྱས་འགྲུབ་འགྱུར་ཏེ། །སྦྲུལ་སྒོང་ཁྱུང་དུ་མི་འགྱུར་བཞིན། །འགྱུར་ཡང་གསེར་འགྱུར་སྨན་བཞིན་ལོ། །དེ་ཡི་ཤེས་བྱེད་འདི་སྐད་དུ། །ཆོས་དབྱིངས་རྟོགས་པའི་གང་ཟག་ལ། །དགེ་སྡིག་བླང་དོར་མ་མཆིས་པས། །སྤྱོད་པ་དེ་ལ་དགོངས་སོ་ལོ། །བླང་དོར་མེད་པ་སྤྱོད་པ་མིན། །དེ་ནི་ལྟ་བའི་རྣམ་གཞག་ཡིན། །སྤྱོད་པ་ཆོས་དབྱིངས་རྟོགས་ནས་ཀྱང༌། །སྒོམ་སྤང་ཐམས་ཅད་ད་སྡོད་སྤོང༌། །ཞེས་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས། །འཇམ་དཔལ་སྐུ་དང་པདྨ་གསུང་གི་རྒྱུད། །ཡང་དག་ཐུགས་དང་ཆེ་མཆོག་ཡོན་ཏན་དང༌། །ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རྒྱུད། །འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་ཏེ། །སྒྲུབ་པ་བཀའ་བརྒྱད་ཅེས་བྱར་དབྱེ་བ་དང༌། །བདེ་གཤེགས་འདུས་པ་ཞེས་བྱར་བསྡུ་བའོ། །འདི་འདྲ་གར་ཡང་བཤད་པ་མེད། །རྒྱལ་བས་གསུངས་པའི་རྒྱུད་རྣམས་ལས། །བརྗོད་བྱ་ལྷ་ཡི་རིགས་དབྱེ་བ། །བྱ་བའི་རྒྱུད་ལ་རིགས་གསུམ་སྟེ། །རྡོ་རྗེ་པདྨ་དེ་བཞིན་གཤེགས། །སྤྱོད་དང་རྣལ་འབྱོར་རྒྱུད་སྡེ་ལས། །ལས་དང་རིན་ཆེན་བསྣན་པས་ལྔ། །རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སུ། །ཁྱབ་བྱེད་རྡོ་རྗེ་འཆང་དང་དྲུག །ཅེས་དང༌། ཁྱོད་ཀྱི་ཐུབ་པའི་དབྱེ་བ་ལ། །འགྲོ་དྲུག་ཐུབ་པ་དྲུག་ཡིན་ལོ། །འོ་ན་ཐུབ་པ་གཞན་ལྔ་ཡིས། །མཛད་པ་བཅུ་གཉིས་ཇི་ལྟར་བསྟན། །ཆོས་ཀྱི་འཁོར་ལོ་གང་དུ་བསྐོར། །བསྟན་པ་གང་ཡིན་དེ་འཛིན་སུ། །གལ་ཏེ་དེ་དག་མེད་ན་ནི། །ཐུབ་པ་ཡིན་པའི་སྒྲུབ་བྱེད་གང༌། །སློབ་དཔོན་པདྨ་སངས་རྒྱས་ལས། །ཡོན་ཏན་གསུམ་གྱིས་ལྷག་གོ་ལོ། །རྫོགས་སངས་རྒྱས་ལས་ལྷག་པ་ཡི། །གང་ཟག་ནམ་མཁའི་ཁོངས་ན་མེད། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །རུ་ཊ་ནག་པོ་འདུལ་བ་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་མངགས། །བདུད་ཀྱིས་བསྟིངས་པའི་ཚིག་ཙམ་གྱིས། །ཐུབ་དབང་ཞུམ་ཞིང་སྐྱེངས་པར་གྱུར། །མཐུ་མེད་རང་གནས་ལོག་གོ་ལོ། །ཁྱེད་ཀྱི་སྟོན་པ་ཀུན་ཏུ་བཟང༌། །རྡོ་རྗེ་འཆང་ལས་ལྷག་གོ་ལོ། །བླ་མེད་རྒྱུད་ལས་གང་གསུངས་པའི། །ཀུན་ཏུ་བཟང་པོ་རྒྱལ་བ་ནི། །རྡོ་རྗེ་འཆང་ཆེན་ཉིད་ཡིན་ཞེས། །ཟླ་བ་གྲགས་པ་དེ་སྐད་གསུང༌། །རྣལ་འབྱོར་རྒྱུད་དུ་བསྟན་པ་ཡི། །ཀུན་བཟང་རྣམ་པར་སྣང་མཛད་དེ། །དེ་ཕྱིར་ཁྱེད་ཀྱི་ཁུངས་མ་ཡིན། །དེ་དག་དོན་གྱི་ནོར་བའོ། །རྡོ་རྗེ་ཐེག་པའི་ཁྱད་ཆོས་ནི། །དབང་དང་རིམ་པ་གཉིས་སུ་འདུས། །སྨིན་པར་བྱེད་པ་དབང་ཡིན་ཏེ། །གྲོལ་བར་བྱེད་པ་སྐྱེད་རྫོགས་གཉིས། །དིང་སང་གསང་སྔགས་རྙིང་མ་བ། །སོ་སོར་ཐར་བའི་སྡོམ་མེད་པར། །དབང་བསྐུར་ལེན་ཞིང་སྔགས་པར་འདོད། །སོ་ཐར་ཞུས་ན་ལྟུང་ཞེས་ཟེར། །ཁྱེད་ཀྱི་དབང་བསྐུར་ཆོ་ག་ལ། །འཇིག་རྟེན་པ་ཡི་དབང་རྣམས་ཀྱང༌། །རང་བཟོའི་དཀྱིལ་འཁོར་སྣ་ཚོགས་དང༌། །དྲན་རྒུའི་ཆོ་ག་སྣ་ཚོགས་སྣང༌། །བོད་ཀྱི་ཡུལ་འདྲེའི་དབང་བསྐུར་ལ། །རྒྱ་གར་ཆོ་ག་གཞུང་མར་འདོད། །གཏོར་མའི་དབང་བསྐུར་ཞེས་བྱ་དང༌། །དེ་ལས་དབང་བཞི་རྫོགས་པར་འདོད། །འཇིག་རྟེན་འདས་པའི་དབང་རྣམས་ལ། །སྤྲོས་བཅས་ལ་སོགས་མིང་ཡང་གཞན། །རྡུལ་ཚོན་བུམ་པ་བསྣོལ་མ་སོགས། །རྒྱུ་མཚན་མེད་པའི་དཀྱིལ་འཁོར་འབྲི། །མདའ་དར་མེ་ལོང་རྨ་བྱ་ཤེལ། །ལྷ་སྐུ་བུམ་སོགས་དབང་རྫས་བཤམ། །བསྲུང་སྐུད་མེ་ཏོག་མིག་འབྱེད་དང༌། །མཐོང་བ་རྣམ་བཞི་སྟོན་པར་བྱེད། །མཆོག་དབང་བཞི་པ་སྐུར་བ་ལ། །གདོན་གྱིས་ཟིན་འདྲའི་འོ་དོད་བྱེད། །བདེ་ཆེན་སྤྱིའུ་བླུགས་དབང་བསྐུར་དང༌། །རྒྱས་གདབ་ཚངས་པའི་དབང་བསྐུར་དང༌། །ཆོས་གོས་ལྷུང་བཟེད་མཁར་སིལ་དབང༌། །ཁུངས་མེད་བབ་བཅོལ་སྣ་ཚོགས་བྱེད། །དེ་བཞིན་གཤེགས་གསུངས་རྒྱུད་སྡེ་བཞིར། །བོད་ཀྱི་ཡུལ་འདྲའི་དབང་བསྐུར་མེད། །གཏོར་མའི་དབང་བསྐུར་བཤད་པ་མེད། །འཇིག་རྟེན་འདས་པའི་དབང་བཞིར་ངེས། །གསུམ་ལ་རྡུལ་ཚོན་དཀྱིལ་འཁོར་མེད། །ཕྱི་རོལ་དབང་རྫས་གང་ཡང་མེད། །བསྲུང་སྐུད་མེ་ཏོག་ལ་སོགས་མེད། །ལྷུང་བཟེད་མཁར་སིལ་ཆོས་གོས་སོགས། །སོ་ཐར་ནང་གི་དབང་རྫས་མེད། །ཅེས་དང༌། ཁྱེད་ཀྱི་སྐྱེད་པའི་རིམ་པ་ལ། །དག་བྱ་དག་བྱེད་མ་ཤེས་པས། །ཆོ་གའི་གོ་རིམ་མ་ཤེས་ཕྱིར། །སངས་རྒྱས་དགྱེས་པའི་སྒྲུབ་ཐབས་མེད། །མངོན་པར་བྱང་ཆུབ་རྣམ་ལྔ་དང༌། །རྒྱུ་ཡི་རྡོ་རྗེ་འཛིན་པ་དང༌། །བྱང་ཆུབ་སེམས་སུ་ཞུ་བ་དང༌། །འབྲས་བུའི་སྐུ་རུ་བཞེངས་པ་དང༌། །ལྷུམས་སུ་སྐྱེད་དང་སྤྲོ་བ་དང༌། །སྐྱེ་མཆེད་བྱིན་གྱིས་རློབ་པ་མེད། །ཕྲ་དང་ཐིག་ལེའི་རྣལ་འབྱོར་ལ། །རིལ་པོར་འཛིན་པའི་རིམ་པ་སོགས། །མོས་པ་ལམ་དུ་བྱེད་པ་ཡི། །རྫོགས་པའི་རིམ་པ་དག་ཀྱང་མེད། །དཀྱིལ་འཁོར་དང་ནི་ལྷ་རྣམས་ཀྱི། །དག་པ་སྒོམ་པའང་ཕལ་ཆེར་མེད། །ཕྱི་རོལ་པ་ཡང་སྐྱེད་རིམ་བྱེད། །དག་པ་སྒོམ་པ་སངས་རྒྱས་ཆོས། །སྒྲིབ་ཀུན་བྱང་ཞིང་ཡོན་ཏན་ཀུན། །རྫོགས་པ་རྟེན་འབྲེལ་དག་པས་འགྲིག །ཁྱེད་ཀྱི་སྒྲུབ་ཐབས་ཕལ་ཆེ་བ། །རང་བཟོའི་ལྷ་དང་སྔགས་སུ་སྣང༌། །མངོན་པར་རྟོགས་པ་དབྱངས་སུ་གྱེར། །རྟ་མགྲིན་པདྨ་དབང་ཆེན་གྱིས། །ཡེ་ཤེས་མཁའ་འགྲོ་བརྒྱད་པོ་ཡི། །ཁོག་པ་དམར་པོ་དྲལ་ནས་ཀྱང༌། །སྒལ་ཚིགས་འཇོམས་ཤིང་བརྫིས་པ་བྱས། །རྒྱུད་ཆེན་དངོས་གྲུབ་བརྟན་གཟིགས་ཀྱི། །ལེའུ་སུམ་ཅུ་རྩ་གཉིས་པར། །དཔལ་ལྡན་ལྷ་མོ་ནག་མོ་ཡིས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་མནན། །ཁྲམ་ཁ་སྟོང་གི་དབང་མོ་ཆེས། །སངས་རྒྱས་རྣམ་པར་སྣང་མཛད་བརྫིས། །རི་རབ་གླིང་བཞི་དབང་མོ་ཆེས། །རྒྱལ་བ་རིན་ཆེན་འབྱུང་ལྡན་བསྒྱེལ། །རྒྱ་མཚོ་གླིང་གི་དབང་མོ་ཆེས། །སྣང་བ་མཐའ་ཡས་གདན་དུ་བྱས། །ས་གཞི་འདེགས་པའི་དབང་མོ་ཆེས། །དོན་གྲུབ་ཞོན་པ་བསྒོམས་ཤིག་ལོ། །གུ་རུའི་སྒྲུབ་ཐབས་གསང་འདུས་ལས། །བསྙེན་དུས་བླ་མ་སྤྱི་བོར་བསྒོམས། །དེ་ལ་སྐྱོན་ཡོད་མ་ཡིན་ཡང༌། །སྒྲུབ་དུས་བླ་མར་རང་བསྒོམས་ནས། །རང་གི་གདན་དུ་བཅོམ་ལྡན་འདས། །ཁྲོ་བོའི་དབང་ཕྱུག་རྟ་མགྲིན་བསྒོམས། །རྫོགས་པ་ཆེན་པོའི་རང་བཞིན་གྱིས། །རྡོ་རྗེ་ཕག་མོའི་ཞབས་འོག་ཏུ། །ཐེག་བརྒྱད་ཟིལ་གྱིས་མནན་པའི་ཕྱིར། །ཤཱཀ་ཐུབ་གདན་ཁྲིར་བསྒོམས་ཤིག་ཟེར། །ཀྱེ་མ་བླུན་པོ་སྙིང་ཁམས་ཅན། །ཐུབ་པའི་བསྟན་པ་འདི་ལྟར་དཀྲུགས། །ཞེས་སོགས་དང༌། ཁྱེད་ཀྱི་དཀྱིལ་འཁོར་ལྷ་རྣམས་ལ། །ཉང་སྟོད་ཁུ་ལེ་ན་ཐོག་གི །འགོང་པོ་ཁུ་ལེ་ལག་དགུ་དང༌། །ཡམ་ཤུད་ཡུལ་གྱི་བཙན་འགོང་དམར། །འུ་ཡུག་རྡོ་རྗེ་ལེགས་པ་དང༌། །ནགས་ཤོད་ཀུ་ལ་གསང་བ་དང༌། །གླགས་འདའི་བ་གླང་དྲེའུའི་སྣ་མ། །ཚ་བ་སྒང་གི་གཡུ་སྒྲོན་མ། །རྩང་གི་ཇོ་མོ་ཁ་རག་མ། །མོན་གྱི་དུན་ཏིང་ནག་མོ་སོགས། །བོད་ཀྱི་ཡུལ་འདྲེ་སྣ་ཚོགས་སྣང༌། །ཁྱེད་ཀྱི་དཀྱིལ་འཁོར་མཆོད་པ་ལ། །སྨན་དང་རཀྟ་གཏོར་མ་ཞེས། །དང་པོ་བདུད་རྩིའི་ནང་མཆོད་འབུལ། །དེ་རྗེས་ཁྲག་གི་ཡོན་ཆབ་དང༌། །དེ་ནས་གཏོར་མ་དེ་རྗེས་ལ། །ཕྱི་མཆོད་རྣམས་དང་བསྟོད་པ་བྱེད། །ཁུངས་མའི་རྒྱུད་གཞུང་ཐམས་ཅད་ལས། །ཐོག་མར་ཆུ་བཞི་ཉེར་སྤྱོད་ལྔ། །རོལ་མོ་བ་དན་རྒྱལ་མཚན་གདུགས། །རྒྱལ་སྲིད་བདུན་དང་གྲུབ་པ་བརྒྱད། །འདོད་ལྔ་མཆོད་པའི་མཎྜལ་སོགས། །ཕྱི་ཡི་མཆོད་པ་ཀུན་རྫོགས་ནས། །བསྟོད་པའི་རྗེས་ལ་ནང་མཆོད་དང༌། །ཀུན་གྱི་མཐའ་ལ་གཏོར་མ་མཛད། །ཅེས་སོགས་རྒྱས་པར་བཤད་དོ། །དེ་ལྟར་དེ་ཙམ་དུ་བཤད་པས་ཅི་ཞིག་བྱ་སྙམ་ན། རྒྱལ་པོ་དར་མས་བསྟན་པ་བསྣུབས་པའི་འོག་ཏུ། ཆོས་ལོག་འཕེལ་བའི་རྣམ་གྲངས་འདི་དང་འདི་ཡིན་ནོ་ཞེས། ཁུངས་དག་ཅིང་ཚིག་ཉུང་བར་བསྡུས་ནས་བཤད་པ་འདི་གསལ་བར་མཐོང་ནས་བྲིས་པ་ཡིན་ནོ།། །།དྲི་བ་བདུན་པ་ནི། དཔའ་བོ་ཁྱོད་ཀྱི་བསྟན་པ་ནི། །ཞེས་སོགས་འདི་ནི་སུ་ལ་བསྟོད། །རང་རེའི་སྟོན་པ་ཐུགས་རྗེ་ཅན། །ཉིད་ཀྱི་བསྟོད་པ་ཡིན་ལགས་སམ། །ཞེས་པ། མ་ཁོལ་གྱི་མཛད་པའི་སངས་རྒྱས་སུམ་ཅུ་སོ་ལྔའི་བསྟོད་པ་དང༌། སྟོན་པ་ཉིད་ཀྱི་བསྟོད་པ་བརྒྱ་ལྔ་བཅུ་པ་དང་གཉིས་ཀའི་ནང་ན་སྣང་བ་ལས། ལུང་དུ་དྲངས་པ་འདི་གང་ཡིན་ཞེས་པའོ། །དངོས་ལན་གདབ་པ་ནི། ལུང་ཁུངས་རྟིང་མ་ནས་དྲངས་པ་ཡིན་སྙམ་པ་ཀུན་ལ་སྣང་ཡང༌། སྔ་མ་ནས་དྲངས་པར་བྱས་ན་འབྱོར་བ་ཡིན་ཏེ། དཔའ་བོའི་སྡེའི་མཚན་དང་སྤེལ་བའི་བསྟོད་པར་སྣང་བས་སོ།། །།དྲི་བ་བརྒྱད་པ་ནི། རིག་འཛིན་སྡོམ་པའི་སྐབས་ཤེས་པའི། །ལེའུའི་མཚན་ཡང་མི་འབྱུང་ཅི། །ཞེས་པའི་བསམ་པ་ནི། བསྟན་བཅོས་འདིའི་རྫོགས་མཚམས་དེ་ཉིད་དུ་དོན་གྱིས་ཐོབ་པ་ཡིན་ནམ་སྙམ་དུ་སེམས་པ་དག་མང་བའི་རྒྱུ་མཚན་གྱིས་སོ། །མ་དྲིས་པའི་ཉེས་པ་ནི། ཁ་ཅིག་ཐེག་པ་རང་ས་ན། །ཞེས་པ་མན་ཆད་ནི། རིག་འཛིན་སྡོམ་པ་ཁོ་ནའི་དབང་དུ་བྱས་པའི་རྒྱུ་མཚན་ཅི་ཡང་མི་སྣང་སྟེ། སྤྱིར་ཆོས་ལོག་བྱུང་ཚུལ་བཤད་ནས་སུན་འབྱིན་པའི་དབང་དུ་བྱས་པའི་ཕྱིར་དང༌། དེ་མན་ཆོད་ནི། གོང་དུ་བཤད་པའི་ལེའུ་ཐམས་ཅད་ཀྱི་དོན་བསྡུས་ནས་འཆད་པར་སྣང་གི སྙམ་པའི་དོགས་པ་འདི་སྐྱེས་སོ། །དངོས་ལན་ནི། ཇི་སྐད་དུ། ཅི་སྟེ་འཕགས་པའི་སར་བྱེད་ན། །མདོ་རྒྱུད་ཀུན་དང་འགལ་བར་འགྱུར། །ཞེས་པ་དང༌། ཁ་ཅིག་ཐེག་པ་རང་ས་ན། །ཞེས་པའི་བར་དེར། རིག་པ་འཛིན་པའི་སྡོམ་པའི་སྐབས་ཏེ་ལེའུ་གསུམ་པའོ། །ཞེས་པ་ཞིག་དོན་གྱིས་ཐོབ་པར་སྣང་ངོ༌། །དེ་ནི་རང་དགར་འཆད་པའོ་སྙམ་ན། དེ་ལྟ་བུའི་ལེའུའི་མཚན་ཞིག་བསྟན་བཅོས་འདིར་འབྱུང་རྒྱུ་མ་ཡིན་ན་ནི། །དོན་ཐོབ་མཐའ་དག་དང་འགལ་ལ། སྦྱོར་རྒྱུ་ཡིན་ན་ནི། རྫོགས་མཚམས་སུ་སྦྱར་ཡང༌། རང་དགར་བྱས་པའི་ཉེས་པ་ཉིད་དུ་མཚུངས་པར་འགྱུར་ཏེ། བསྟན་བཅོས་མཛད་པ་པོས་དངོས་སུ་མ་སྦྱར་བའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར་རོ། །དེ་བས་ན་བསྟན་བཅོས་འདིའི་ལུས་ནི་གཉིས་ཏེ། སྡོམ་པ་གསུམ་གྱི་ལེའུ་སོ་སོར་བཤད་པ་དང༌། ཆོས་ལོག་སུན་འབྱིན་སྔ་མ་རྣམས་མཛད་ཟིན་པའི་འོག་ཏུ། ཆོས་ཀྱི་གནད་འཁྲུལ་པ་དག་ཇི་ལྟར་བྱུང་བའི་ཚུལ་བཤད་ནས། དེ་ཇི་ལྟར་སུན་འབྱིན་པའི་ཐབས་ཀྱི་ལུང་རིགས་རྣམས་གོ་བདེ་བར་བཤད་པའོ། །ཞེས་བྱ་བ་འདི་ལེགས་པར་གྲུབ་པའོ།། །།སྨྲས་པ། །གཞན་དང་མི་མཉམ་རྣམ་དཔྱོད་ཀྱི། །སྟོབས་བརྒྱས་ཕྱུག་པའི་གྱད་ཟུང་གིས། །དེས་དྲངས་ལུང་བརྒྱའི་ཤིང་རྟ་ལ། །རབ་ཞོན་འབེལ་བའི་གཏམ་མང་པོས། །རྗེ་བཙུན་དགྱེས་པའི་ཞལ་གྱི་མདངས། །འཆར་ཀའི་གོས་དམར་གྱིས་བཀླུབས་པའི། །དགེ་མཚན་གང་འདིས་ཐུབ་བསྟན་གྱི། །ཉི་མ་ལན་བརྒྱར་འཆར་བྱེད་ཤོག །དཔྱོད་མེད་རྣམ་དཔྱོད་སྐྱེད་པ་དང༌། །དཔྱོད་ཆེན་སོམ་ཉི་སེལ་བྱེད་པ། །གང་འདི་རང་དོན་གཏན་ཚིགས་ཏེ། །ཕལ་ཆེར་ལུང་གི་རྗེས་སུ་འབྲང༌། །གཞལ་བྱའི་གནས་གཉིས་དངོས་སྟོབས་ཀྱི། །རིགས་པས་མ་སྦྱངས་དེ་སྲིད་དུ། །ལུང་གི་བྱེད་པ་འཇུག་མིན་པ། །དེ་ཕྱིར་ཐོག་མར་རིགས་གཞུང་སྦྱོངས། །དེ་འདྲ་དེ་ལ་འབེལ་གཏམ་འདིས། །གཞན་དོན་རྗེས་སུ་དཔག་བྱས་ནས། །བསམ་བྱའི་དོན་ལ་ཚན་མ་ཡིས། །དྲངས་པའི་ངེས་པ་སྐྱེད་པར་འགྱུར། །གང་གིས་རྣམ་བརྟགས་དྲི་བ་འདིའི། །བསམ་པ་ཇི་བཞིན་མི་ཤེས་ན། །སླར་ཡང་འདྲི་པོར་དྲི་བྱོས་ཞེས། །སྔར་ལུང་བསྟན་ནས་དེང་འདིར་སྦྱར། །གང་འདིའི་རྗེས་འཇུག་དད་པ་ཡི། །རྗེས་འབྲང་ལུང་བརྒྱ་བལྟ་བ་དང༌། །རང་བློས་དཔྱོད་པའི་མཐུ་བྲལ་བ། །དེ་ཀུན་རྣམ་དཔྱོད་རྒྱས་ཕྱིར་བསྔོ། །དེང་འདིར་དགོས་དོན་བསྡུས་དོན་དང༌། །རྒལ་ལན་སྦྱར་ནས་འཆད་བྱེད་པ། །གང་དེ་གསུང་རབ་མཐའ་དག་ལ། །བལྟ་བའི་མིག་ཅན་ཡིན་སྙམ་བྱེད། །དེ་ནས་མཁས་པའི་གཞུང་ལུགས་མཆོག །དད་པའི་རྒྱལ་མཚན་རྩེར་མཆོད་ནས། །དཔྱོད་ཅན་རེ་བའི་སྣོད་མང་པོ། །འགེངས་བྱེད་འདོད་རྒུའི་ཆར་ཆེན་ཕེབས། །ཨེ་མ་དྲི་བའི་བསམ་པ་ནི། །ལོག་པའི་བློ་ཡིས་གཞན་ཞིག་ཏུ། །དྲངས་ནས་དེ་སུན་འབྱིན་པ་ཡི། །ངལ་བས་འདི་ལན་ཇི་ལྟར་ལྡོན། །དྲི་བས་ཆོས་འདི་སུན་ཕྱུང་ཞེས། །དྲིལ་ཆེན་ཕྱོགས་མཐར་སྒྲོག་བྱེད་པ། །གང་དེའི་བློ་མཚོའི་གཏིང་ཟབ་ན། །འདོད་པའི་རིན་ཆེན་གཞན་མེད་དམ། །གང་ཡང་ཆོས་འདིར་བསམས་ངེས་ན། །དྲི་བའི་བསམ་པ་འདི་ལོང་ལ། །འདིར་འབྱུང་མིན་པའི་ལན་གཞན་ཞིག །འདེབས་བྱེད་ཡོད་ན་རྗེས་ཡི་རང༌། །ལེགས་བཤད་ཁྲུས་ཀྱི་དག་བྱེད་མཁན་དེ་ཡིས། །ཐུབ་བསྟན་ཡིད་བཞིན་རིན་ཆེན་མ་ཉམས་པ། །ཀུན་དགའི་རྒྱལ་མཚན་རྩེ་མོར་ལེན་མཛད་པའི། །དཔལ་ལྡན་ཕྲིན་ལས་བཟང་པོར་འདི་འབུལ་གྱི། །རིག་གནས་མདོ་སྔགས་ཆུ་གཏེར་བཅུད་ཆེན་པོ། །རྣམ་དཔྱོད་ཧུབ་ཐེབས་གཅིག་གིས་ཞལ་གྱི་སྒོར། །གང་དྲངས་བསྟན་འཛིན་ཡོངས་འདུའི་དཔག་བསམ་ལ། །ཉེར་སིམ་བྱེད་པོའི་ཕྱག་གིས་འདི་ལོང་ཤིག །ཅེས་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ཞེས་བྱ་བའི་བསྟན་བཅོས་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་འདི་ནི། མ་བྱོན་པའི་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི་བྷ་དྲའི་ཆོས་ཀྱི་སེང་གེའི་ཁྲི་ལ། མང་དུ་གསན་པའི་ཞབས་ཟུང་ངེས་པར་བསྟི་ཞིང༌། རྣམ་དཔྱོད་ཀྱི་མགྲིན་པ་མངོན་པར་མཐོ་བ། ཉི་མ་རྒྱལ་མཚན་དཔལ་བཟང་པོའི་ཞལ་མངའ་ནས་དང༌། རྒྱལ་སྲས་སེམས་དཔའ་ཆེན་པོ་བསོད་ནམས་གྲགས་པའི་རྒྱལ་ཚབ། རཏྣ་ཨཱ་ཀཱ་རའི་གསུང་གིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པས་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་དམ་པ་ཨཱ་ནནྡ་བྷ་དྲའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པའི་སྤྱི་བོས་ཉེ་བར་བླངས་ནས། སྡོམ་པ་གསུམ་གྱི་བཀའ་དྲིན་གྱིས་སྐལ་བ་བཟང་པོར་བགྱིས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ། ཆུ་སྟོད་ཀྱིས་ཉ་ཡོངས་སུ་གང་བའི་ཉིན། གཡས་རུ་རྩང་གི་སའི་ཐིག་ལེ་ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་སུ་ཡོངས་སུ་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ། །དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་སྒྲེང་བ་ལ་མཁས་པར་གྱུར་ཅིག། །།སྭ་སྟི་སི་དྡྷཾ། བདེ་ཆེན་ཉིན་མོར་བྱེད་པའི་མདངས་གསལ་བ། །ཆོས་དབྱིངས་ནམ་མཁའི་དབུས་སུ་རོལ་རྩེད་མཁན། །སྤྲོས་བའི་སྤྲིན་ཚོགས་རྣམ་དྲལ་ཟུང་འཇུག་སྐུ། །རིགས་བརྒྱའི་མགོན་དུ་ཤར་ལ་ཕྱག་འཚལ་ལོ། །ངེས་དོན་འཇུག་པ་རྣམ་བཅུའི་གར་རྩེ་ཡང༌། །དྲང་དོན་ནོར་ལྷའི་བུ་དང་པད་དཀར་མིག །རིག་བྱེད་དྲན་པོས་མ་ཐོབ་རོ་བརྒྱ་པས། །འགྲོ་ཀུན་བདུད་རྩིར་མཛད་ལ་ཕྱག་བགྱིའོ། །དངོས་ཀུན་རང་བཞིན་བརྗོད་པ་ཀུན་གྱི་རྒྱུ། །རྨོངས་རྣམས་སེལ་བྱེད་བརྗོད་བྲལ་ཡེ་ཤེས་བློ། །གཟུང་འཛིན་འཁྲུལ་པའི་དྲི་མ་དྲུངས་ཕྱུང་བ། །གཞི་ལམ་འབྲས་བུའི་འཇམ་དབྱངས་ཨེ་མ་མཚར། །གང་ཁྱོད་ཟབ་གསལ་ཡིད་འཕྲོག་གཞོན་ནུའི་སྐུ། །ལ་ལར་དཀྱིལ་འཁོར་འཁོར་ལོ་སྒྱུར་བའི་གཟུགས། །གཞན་དུ་ཚངས་དབང་གྲུབ་པའི་ཚུལ་བཟུང་ནས། །རིག་གནས་རྣམ་བརྒྱ་སྟོན་ལ་འགྲུས་མི་ལྷོད། །སྐབས་དེར་ཀུན་དགའི་འཛུམ་ཕྲེང་འཆར་ཀའི་མདངས། །ཤར་ཕྱོགས་ས་སྐྱོང་རི་བོའི་ཅོད་པཎ་གྱི། །རྒྱལ་མཚན་རྩེ་མོར་མཆོད་འོས་བསྟན་པའི་དཔལ། །ཕྲིན་ལས་བཟང་པོའི་ཉི་མ་འདི་ན་ཤར། །ཀུན་ཁྱབ་གྲགས་པའི་གསུང་གི་བ་དན་ནི། །འཕགས་ཡུལ་དམ་ཆོས་དགའ་བའི་ཚལ་དུ་བརྐྱང༌། །རྒྱལ་རྔ་བརྡུངས་པའི་པཎ་ཆེན་མང་པོས་ཀྱང༌། །ཁྱོད་ཞབས་ཡ་མཚན་བསྟོད་པའི་ཕྲེང་བས་བསྔགས། །དུས་དེར་བདུད་རྩིས་སྦགས་པའི་དུག་ཅན་མཚོ། །གངས་ཅན་ཁོར་ཡུག་དབུས་སུ་འཕྱུར་བ་ན། །ལུང་རིགས་མཁའ་ལྡིང་ཁ་སྒོར་རྣམ་དཔྱོད་ཀྱི། །རོ་འཛིན་རྩེ་མོར་བླངས་པའི་སྦྲང་རྩི་ནི། །འཆད་རྩོམ་དཔག་བསམ་ཡོངས་འདུའི་དཔུང་པར་བླངས། །དེ་ཡི་རིས་ན་རྣམ་དཔྱོད་མདངས་གསལ་ཞིང༌། །ངེས་དོན་ཆ་ཤས་གང་བའི་བློ་བཟང་པོ། །རིག་པའི་གནས་བརྒྱར་འཕྲོ་བའི་འོད་དཀར་ཅན། །བདེ་འབྱུང་གཙུག་རྒྱན་གཉིས་པ་དེང་འདིར་ཤར། །དྲག་པོའི་ཅོད་པཎ་མ་ཉམས་ཤིང༌། །འཆི་མེད་ལམ་ལས་མ་ལྷུང་བར། །རབ་དཀར་ཀུ་མུཏ་བཞད་པའི་གཉེན། །གངས་ཅན་ལྗོངས་སུ་རྒྱུ་བ་ཡང༌། །ཚ་ཟེར་ལམ་ལས་རྒྱང་སྲིངས་པ། །ཐུན་མཚམས་རི་བོའི་རྩེར་འཛེགས་ནས། །རྒྱུ་སྐར་ཕྲེང་ལྡན་སྔོ་སངས་མའི། །བཞིན་མདངས་རི་མོ་མ་ཉམས་པ། །གཅིག་ཆར་འཆར་བྱེད་དངུལ་དཀར་གྱི། །ཐིག་ལེ་ལྷ་ཡི་ལམ་ཆེན་པོར། །གེགས་བྱེད་མེད་པར་རྒྱུ་བ་ནི། །མཚན་མོའི་ཉི་མ་གཉིས་པ་བཞིན། །སྡོམ་གསུམ་བསྟན་འཆོས་མཁས་རྨོངས་མཐའ་དག་གི །བློ་ལ་བཤིན་ཕྱིར་དོན་བཟང་ལུགས་བརྒྱ་པ། །ཚིག་ཟུར་ཕྱིན་པའི་སྦྱོར་བས་མ་བཅིངས་པར། །འཇམ་པོའི་ངག་གིས་ལྷོད་པར་འདོམས་པ་ནི། །གཞུང་བརྒྱའི་ཕ་རོལ་སོན་པའི་བློ་བཟང་གིས། །ཚད་ལྡན་མཁས་པའི་གཞུང་གི་ལམ་སྲང་དུ། །རིགས་པས་དྲངས་ཏེ་ཚིག་ལ་མི་རྟོན་པར། །དོན་རྟོན་བྱེད་པོས་འཁྲུལ་པར་མི་འཆད་མོད། །གཞུང་འདིར་བློ་མི་ཕྱོགས་དང་འདུད་བྱེད་ཀྱང༌། །ཉེས་བཤད་ཟེགས་ཕྲེང་བསྡུད་པའི་བློ་ངན་དག །ཆོས་མིན་གཏམ་གྱིས་གཞུང་འཆད་དོར་བྱའི་ཕྱིར། །ངོ་མཚར་ལེགས་བཤད་འབེལ་གཏམ་འདི་བྱས་སོ། །གཞུང་ཆེན་འཆད་རྣམས་རྒལ་ལན་ལུགས་བརྒྱ་ཡི། །ཤིང་རྟའི་ཁྲི་ལ་བླངས་ནས་འཆད་བྱོས་ཞེས། །བྱམས་པའི་གཞུང་བཞིན་དབྱིག་གཉེན་གྱིས་འདོམས་པ། །ཕྱོགས་གླང་གྲགས་པའི་རིང་ལུགས་འདི་ན་དགེ །དཔལ་ལྡན་ལེགས་བཤད་སྨྲ་བའི་སྒོ་བརྒྱ་པ། །གང་འདིའི་དོ་ཟླར་ལྷགས་པའི་རྣམ་བཤད་གཞན། །ཕལ་ཆེར་ལྡོངས་ཤིང་ལ་ལ་ལྡབ་ལྡིབ་ཅན། །གཞན་དག་བྱིས་པའི་རོལ་རྩེད་ལྷུར་ལེན་བྱེད། །རང་གི་མདུན་སར་ཉི་མ་ཇི་བཞིན་དུ། །མངོན་རློམ་དྲེགས་པས་རྒྱལ་བའི་རྒྱུ་སྐར་འགའ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཟེར་ཕྲེང་གིས། །ཟོས་ཤིང་འཐུངས་པས་མུན་པར་བྱས་མིན་ནམ། །སྡོམ་གསུམ་བསྟན་བཅོས་ཡིད་བཞིན་རྒྱ་མཚོ་ཡི། །ཕ་རོལ་བལྟ་འདོད་གཞན་སྨོད་གྲུར་ཞུགས་ནས། །རང་བསྟོད་སྐྱ་བ་ཐོགས་པའི་མཉན་པ་དག །མང་ཐོས་གྲུ་གཞན་སླར་བཟུང་དགོས་མིན་ནམ། །ཚད་ཐུབ་འགྲེལ་ཆེན་བཞི་དང་གཞུང་ཉིད་དུ། །ཚིག་ཟུར་ཇི་བཞིན་མ་ཕྱིན་འདིར་དཔྱོད་ཀྱི། །ཚངས་པར་རློམ་པའི་ཅོལ་ཆུང་བགྲང་ཡས་དག །དཔྱད་ཡུལ་མིན་ཕྱིར་བདེ་བར་གཉིད་བྱོས་ཤིག །རྙེད་བཀུར་འདྲིས་འཁྲེན་འགའ་དང་དབྱེན་དཔྱོ་བའི། །རྟོག་དཔྱོད་ལན་བརྒྱར་བཏང་ནས་ཡ་རབས་ཀྱི། །ཚོགས་པར་དབྱུང་བྱ་མིན་པའི་ཚིག་གི་མདའ། །དུག་ཅན་འཕེན་དེས་དེ་ཉིད་སྲེག་མིན་ནམ། །རང་གཞུང་སྒྲུབ་དང་གཞན་གཞུང་སུན་འབྱིན་པའི། །ཟབ་རྒྱས་ལུང་རིགས་སྦྱོར་བའི་མཐུ་གྲུབ་འགའ། །གསོང་པོར་སྨྲ་དང་ལ་ལར་བསྟིངས་པའི་ཚིག །བརྗོད་མཁས་གཏན་ཚིགས་རིག་རྣམས་སྨྲ་བའི་རྒྱན། །ཀྭ་ཡེ་རབ་དཀར་སེང་ཆེན་མགོ་འཕངས་གྱེན་དུ་བཏེག་འདྲའི་ས་འཛིན་དཀར་པོའི་ངོས་ཀྱི་འཇམ་དབྱངས་ཆོས་ཀྱི་གདུང་འཛིན་རྗེ་བཙུན་གང་གང་གི །གཞུང་ལུགས་འཛིན་པའི་མངོན་རློམ་ཅན་འགའ་དྲེགས་པས་བསྙེམས་མོད་དེ་དེའི་རིང་ལུགས་སྒྲུབ་བྱེད་ལུང་དང་རིགས་པའི་རྟགས་ཀྱི་ཚེར་མ་འབྱིན་ནུས་དུ། །དེའི་གཞན་ཕྱོགས་ལ་སྡང་བྱེད་མཁན་རྣམས་རང་གཞུང་སྙིང་རྩ་འཕྲོག་བྱེད་སྡེ་པའི་གཞུང་མང་བལྟའམ་རྟོག་གམ་རིགས་པར་སུན་འབྱིན་ནུས་པའང་སུ། །སྡང་འདོད་འདི་ནི་ལྟ་དང་གྲུབ་མཐའི་འཛིན་སྐྱོང་ཟོལ་གྱིས་འོངས་མོད་འཁོར་དང་རྙེད་བཀུར་ངེས་པར་སེམ་བྱེད་མིན་ནམ་གཟུ་བོའི་བློས་རྟོགས་ཤིག །རྒྱན་དྲུག་གཞུང་ལུགས་བལྟ་བའི་ལེགས་བཤད་ཀྱི། །སྨིན་ལེགས་རྣམ་དྲུག་ལྡན་པའི་རྣམ་དཔྱོད་འདིས། །ཆེན་པོའི་ཡུལ་འཛིན་གླང་པོའི་གདོང་ཅན་གྱི། །མངོན་རློམ་མཆེ་བའི་རྣོ་ངར་བཅག་སྙམ་བྱེད། །མང་ཐོས་ལུང་དང་རིགས་པའི་ཁྱུ་མཆོག་ཏུ། །བསྔགས་འོས་གླང་ཆེན་བྱེ་བས་བརྩད་གྱུར་ཀྱང༌། །འཇིགས་མེད་གངས་རིའི་ངོས་ལ་གནས་འཆའ་བའི། །ངོ་མཚར་སྤོབས་པའི་སེང་ཆེན་འདི་འཁྲུངས་སོ། །གཞུང་འདིར་ཁས་ལེན་བྱེད་གཞན་མང་པོ་ཡིས། །དྲིས་ལན་གནས་གཅིག་ཙམ་ལའང་རྡེང་ཐོབ་བམ། །དཔྱོད་ལྡན་ཡོད་ན་སླར་ཡང་དྲིས་ཤིག་དང༌། །གང་འདིས་གཏན་ལ་མ་ཕེབས་ལྷག་མ་གང༌། །རབ་དཀར་ཆ་ཤས་རྫོགས་པའི་ཟླ་བ་ནི། །ཐེར་འབུམ་གྲངས་མཉམ་ཅིག་ཆར་ཤར་བ་ན། །དེ་རེ་རེ་ལ་བརྩེ་ཆེན་གཟུགས་ཀྱི་ཉམས། །འབྲི་མཁས་བརྒྱ་བྱིན་ལག་པའི་འཕྲུལ་བཞིན་དུ། །དཀར་འཇམ་ཤོག་བུའི་ངོས་ལ་ལེགས་བཤད་ཀྱི། །ལང་ཚོ་མ་ཉམས་འཆར་མཁས་བདག་པོའི་རྐྱེན། །རྒྱུ་ཚོགས་མ་ཚང་མེད་པར་སྦྱོར་བྱེད་པོ། །ཚོགས་གཉིས་ཡན་ལག་བཞི་པའི་དཔུང་ཚོགས་ཅན། །མངའ་རིས་ནོར་འཛིན་སྐྱོང་བར་བཀྲ་ཤིས་ཀྱི། །བགྲང་ཡས་མེ་ཏོག་གསར་པའི་ཆར་ཆེན་པོ། །ས་གསུམ་སྐྱེ་རྒུའི་མགོན་དང་རྒྱལ་བའི་སྲས། །དམ་ཅན་རྒྱ་མཚོས་ངེས་པར་བསྩལ་དེ་ཡིན། །གང་འདིའི་རྣམ་དཔྱོད་ས་སྐྱོང་གཞན་མང་པོའི། །བློ་གྲོས་བྱིས་པའི་བཟློས་གར་ལྟར་བྱེད་ཅིག །རྒྱལ་ཕྲན་ལ་ལའི་ཕྲིན་ལས་ཆུ་ཤིང་གི །ལོ་འབྲས་རྒྱས་པའི་སྡོང་པོ་ལྟར་བགྲངས་ནས། །བཀའ་བསྩལ་དང་དུ་ནོད་པའི་ཁོར་ཡུག་ཁོངས། །ཕན་བདེར་བགྱིས་པའི་སྟབས་ལ་སུ་ཡིས་འགྲན། །ཐུབ་བསྟན་འབུམ་ཕྲག་བཞི་པའི་གླིང་ཆེན་པོ། །སྒྲིན་འགྲུས་གྱད་ཀྱིས་བསླད་པའི་ཡ་མཚན་ནི། །ལྷུན་སྟུག་རིན་ཆེན་ལས་སྦྱངས་གཙུག་ལག་ཁང༌། །མང་པོས་མི་སྒྲུན་བསོད་ནམས་ཕོ་བྲང་ན། །ཡིད་འཕྲོག་བཀོད་ལེགས་བརྩེགས་པའི་ཁྲི་འཕང་ལ། །ཐུབ་ཆེན་མིག་སྟོང་ལྡན་པ་ལྷ་ཡི་བླ། །དབང་སྔོན་ལང་ཚོར་ཞུགས་པའི་གསེར་ཕྲེང་གི །ཉི་འོད་རབ་འབར་བཀའ་འགྱུར་འཛམ་གླིང་རྒྱན། །མཆོད་རྫས་རོལ་མཚོའི་ཕྲེང་བ་མཚར་དུ་དངར། །འདི་དག་ལྷ་ཡི་བཟོ་བོ་ལས་ཀུན་པའི། །ངོ་མཚར་སྒྱུ་མའི་རྣམ་རོལ་བགྲང་ཡས་ཀྱི། །སྒྱུ་འཕྲུལ་མཁན་དེའི་རྣམ་འཕྲུལ་མིན་ནམ་ཅི། །མཆོག་ཚོགས་འདུས་པའི་གླིང་ཆེན་བཅུ་གཉིས་པོར། །མཐུན་རྐྱེན་ཕྱི་ཡི་མཚོ་ཆེན་ངེས་པར་འདུད། །ཕྱི་རྒོལ་བལྟ་ཟེར་བསྲུང་བའི་རྟ་གདོང་མེ། །ཕ་རོལ་རི་གཞན་མཐོན་པོས་དེར་མི་ནོན། །ཚུ་རོལ་ནང་གི་རྒྱ་མཚོ་ངེས་མི་འཁྲུག །སྟེང་ནས་གདུང་བྱེད་ཞུགས་ཀྱིས་མི་འགོང་པའི། །ཁོར་ཡུག་རི་བོའི་ཁོངས་དེ་སྐྱབས་གསུམ་གྱིས། །ཕྱོགས་ལས་རྣམ་རྒྱལ་ས་འཛིན་ལྷུན་པོ་བཞིན། །གང་གི་གྲགས་པའི་མེ་ལོང་དུ། །ལེགས་བྱས་རི་མོ་མ་ཉམས་པ། །གང་ཤར་ནམ་ཡང་གསུབ་མེད་དེ། །སྔོན་གྱི་བྱེད་པོ་མཐུ་གྲུབ་པས། །བྱས་པ་མིན་ནམ་སྙན་གྲགས་ཀྱི། །ཨུཏྤལ་ཕྱོགས་ཀྱི་བུ་མོ་ཡི། །རྣ་བར་བརྒྱུད་མཁས་རྣམ་དཔྱོད་ཀྱི། །ལག་པས་སླར་ཡང་ཆོས་དང་ནི། །སྲིད་ཀྱི་རྒྱལ་མཚན་ཕྲེང་མཛེས་དང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ། །འཛིན་ཞིང་ཁོར་ཡུག་ཡངས་པའི་ས། །སྐྱོང་ཞིང་བསྲུང་བ་ཉིད་གྱུར་ཅིག །དེ་ནས་སྲིད་དང་ཞི་བ་ཡི། །དགྲ་ཚོགས་ཀུན་ལས་རྣམ་རྒྱལ་བའི། །ཆོས་ཀྱི་རྒྱལ་པོ་རྫོགས་སངས་རྒྱས། །དོན་གཉིས་མཐར་ཕྱིན་དེ་བརྙེས་ཤོག །ཀྱཻ་ཧོ་འདི་ན་ཁ་ཅིག་རྩྭ་རྩེའི་ཚད་ཀྱིས་བཅལ་བའི་ལེགས་བཤད་ཀྱིས་ཁེངས་གཏི་མུག་ལྗོན་ཕྲེང་རྒྱས་བའི་ནགས་ན་མཁའ་ལྡིང་ལྟ་བུར་རོལ་ཞིང་འགྱིང༌། །གཞན་ནི་ཕྲག་དོག་ཟས་ཀྱིས་ལྟོ་ཁེངས་དུག་ཅན་མཚོ་ནས་བརྒྱུད་པའི་མྱོས་བྱེད་ཀྱིས་མྱོས་དྲན་ཉམས་བཞིན་དུ་མང་པོར་སྨྲ་བ་རབ་འཕྱོ་བྱེད། །ལེགས་བཤད་ཀླུང་བརྒྱས་ཕྱོགས་བཅུར་དྲངས་ཀྱང་མི་ཟད་ལུང་རིགས་མན་ངག་ཆར་ཆེན་བསྡུད་པའི་མཚོ་ཆེན་འདི་དང་དེ་འཛིན་བྱེད་པོའི་ཀླུ་དབང་ཡང༌། །ཐུབ་བསྟན་གསེར་གྱི་ནོར་འཛིན་སྒེག་མོའི་འཕང་པར་རིང་འཚོ་བསྟན་བསྲུང་དམ་ཅན་རྒྱ་མཚོས་བསྲུང་ཞིང་སྐྱོང་ལ་རྟག་ཏུ་བརྩོན་པ་ལྷུར་ལོངས་ཤིག །རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཛིན། །སླུ་མེད་དཀོན་མཆོག་གསུམ་དང་བསྲུངས་མའི་ཚོགས། །ཕན་པར་དགོངས་པའི་བཀྲ་ཤིས་དགེ་ལེགས་ཀྱིས། །སྐྱེ་རྒུའི་མགོན་ལ་བསྲུང་ཞིང་སྐྱོབ་མཛད་ཤོག །གང་འདིའི་ཞུས་དག་མངའ་རིས་པ། །ཆོས་ཀྱི་རྒྱལ་མཚན་སྙན་ངག་མཁན། །ཡི་གེར་འབྲི་པོ་སྟག་ཚང་པ། །ཚུལ་ཁྲིམས་འཕེལ་ཡིན་རྐོས་བྱེད་མཁན། །ར་ས་འཕྲུལ་གྱི་ཆོས་བཟང་དང༌། །ཆོས་སྐྱོང་བཟང་པོ་སྒ་གདོང་པ། །ཆོས་དཔལ་ལྡན་སོགས་མཆེད་ལྔ་པོས། །ཐུབ་བསྟན་གསེར་མདོག་ཅན་གྱི་གྲྭར། །མྱུར་མགྱོགས་བར་ཆད་མེད་པར་གྲུབ། །དགེ་དེས་མཚན་ནས་སྨོས་པ་ཀུན། །དུས་ཀྱི་དགྲ་ལས་རྣམ་རྒྱལ་ནས། །མ་རྣམས་དོན་དུ་རྫོགས་སངས་རྒྱས། །ཆོས་ཀྱི་རྒྱལ་པོ་དེ་ཐོབ་ཤོག །ས་སྐྱོང་སྲས་དང་དེ་ཡུམ་བཅས། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་ལོའི་ཆོ་འཕྲུལ་ཆེན་པོའི་ཡར་ངོ་ལ་དབུ་བཙུགས་ནས། ལྷ་ལས་བབས་པའི་དུས་ཁྱད་པར་ཅན་ལ་གྲུབ་པའོ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།