བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པའི་བཀོད་པ་ངོ་མཚར་ལྷའི་རྔ་དབྱངས།

༼ཇ༽༄༅། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པའི་བཀོད་པ་ངོ་མཚར་ལྷའི་རྔ་དབྱངས་ཞེས་བྱ་བ་བཞུགས་སོ།།

བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པའི་བཀོད་པ་ངོ་མཚར་ལྷའི་རྔ་དབྱངས་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །པད་དཀར་སྐུ་ལྡན་དྲི་ཟའི་དབྱངས་ཅན་མ། །ཐ་སྙད་གཞུང་བརྒྱའི་གླེགས་བམ་གཅིག་བསྡུས་མ། །རྒྱུད་མངས་ལ་སྒྱུར་ཀུན་ལ་སྟེར་མཛད་མ། །འཇམ་དབྱངས་ཞལ་གྱི་བདུད་རྩི་ལེན་མཛད་མ། །གུས་པས་བསྟེན་ན་ངག་དབང་ཉིད་བྱེད་མ། །ཕ་རོལ་ཟིལ་གྱིས་གནོན་ལ་མཁས་གྱུར་མ། །གུས་པས་བསྟོད་དོ་ངོ་མཚར་གཏམ་སྙན་པོ། །འབུམ་ཕྲག་སྐྱེ་བོའི་གཏམ་དུ་གླེང་བར་བྱ། །བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་ཅན་ངོ་མཚར་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་དང་ལྡན་པ་དེ། སྔོན་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དགའ་ལྡན་གྱི་གནས་ན་བཞུགས་པའི་རྣམ་པར་ཐར་པ་ནི། འདི་ལྟ་སྟེ། དམ་པའི་ཡོན་ཏན་ནོར་བུའི་ཏོག་དཀར་ནི། །ཚངས་དང་དབང་པོའི་དྲེགས་པའི་རྒྱལ་མཚན་གྱི། །རལ་པའི་ཅོད་པཎ་རྩེ་ལ་མངོན་མཐོ་བས། །གྲགས་པའི་འོད་དཀར་འཇིག་རྟེན་གསུམ་ན་གསལ། །ལྷག་བསམ་དར་ཆེན་འཕྱར་བ་ཆོས་ཀྱི་གྲུ། །བརྩོན་འགྲུས་ཆུ་བཞིའི་ཕ་རོལ་ལེགས་བརྒལ་ནས། །ཡོན་ཏན་ནོར་བུའི་བང་མཛོད་བཀང་ཟིན་པའི། །སྙིང་སྟོབས་བསྲན་ཐུབ་ལྡན་པའི་དེད་དཔོན་ནོ། །མང་ཐོས་བག་ཡོད་ཚུལ་ཁྲིམས་དྲི་བསུང་ཅན། །བྱང་ཆུབ་ཐུགས་ཀྱི་འདབ་སྟོང་བཞད་པ་ཅན། །ཆོས་བརྒྱད་འདམ་གྱིས་གོས་པ་མེད་པ་ཅན། །ཡེ་ཤེས་འོད་སྟོང་རྒྱས་པའི་ཚ་ཟེར་ཅན། །ཁྱོད་ཐུགས་པདྨ་དཀར་པོའི་དཔལ་དུ་ཤར། །རྫུ་འཕྲུལ་རྐང་བཞིའི་གོམ་སྟབས་མགྱོགས་པ་ཅན། །བདེན་པ་རྣམ་བཞིའི་མཆེ་སྡེར་རྣོན་པོ་ཅན། །ཚངས་པའི་གནས་བཞིའི་སོ་གྲངས་བཟང་པོ་ཅན། །བསྡུ་དངོས་བཞི་སྟོབས་རྒྱས་པའི་མགོ་བོ་ཅན། །རྟེན་འབྲེལ་རྟོགས་པའི་ལུས་སྟོབས་གྲིམས་པ་ཅན། །བྱང་ཕྱོགས་སོ་བདུན་རལ་པའི་ཁུར་ཆེན་ཅན། །རྣམ་ཐར་སྒོ་གསུམ་ཞལ་རབ་གདངས་པ་ཅན། །ཞི་ལྷག་གཉིས་ཀྱི་མིག་ཟུང་དག་པ་ཅན། །སྙོམས་འཇུག་དགུ་ཡི་རི་སུལ་འཛིན་པ་ཅན། །སྐྱེ་དང་འཆི་བའི་སྙོམས་པ་མེད་པ་ཅན། །བདག་མེད་དབྱངས་སྒྲོགས་ལྷ་ཡི་སེང་ཆེན་དེ། །མཚན་དཔེའི་འོད་དཀར་དྲྭ་བས་འཁྱུད་པའི་ཕྱིར། །འཛུམ་ཟེར་རྒྱས་པའི་ཟླ་བ་ལགས་པར་གོ །གྲངས་མེད་བསྐལ་པར་བསོད་ནམས་ཆ་ཤས་བསགས། །སྐུ་གསུམ་དཀྱིལ་འཁོར་རྒྱས་པའི་ཟླ་བ་ཁྱོད། །ནམ་ཡང་ནག་པོའི་ཕྱོགས་དང་བྲལ་བའི་ཕྱིར། །མཚན་མཆོག་གསལ་བའི་ཉི་མ་མ་ལགས་སམ། །བྱང་ཆུབ་ཡན་ལག་རིན་ཆེན་བདུན་ལྡན་ཕྱིར། །ཆོས་ཀྱི་རྒྱལ་པོར་ཐེ་ཚོམ་མ་མཆིས་སོ། །དེ་ལྟ་བུའི་སེམས་དཔའ་ཆེན་པོ་དེ་ཕལ་ཆེར་ནི་དགའ་ལྡན་གྱི་ཁང་བཟང་ཉམས་དགའ་བ་དག་ཏུ་ཆོས་ཀྱི་དགའ་སྟོན་གྱི་རྣམ་པར་རོལ་ཞིང༌། སྔོན་གྱི་སྨོན་ལམ་གྱིས་བྱུང་བའི་བྱང་ཆུབ་ཏུ་བསྐུལ་བའི་ཚིགས་སུ་བཅད་པའི་གཏམ་གྱིས་ཡིད་བདེ་བར་མྱོང་བར་མཛད་དོ། །རེས་འགའ་ནི་ཁང་བཟང་དེ་ནས་ཕྱུང་སྟེ། ཆོས་ཀྱིས་མཐོ་བའི་ཁང་བཟང་ཞེས་རྣམ་པར་གྲགས་པ་དེར་རང་དང་བསྐལ་བ་མཉམ་པའི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་ལྷན་ཅིག་ཏུ་ཐེག་པ་མཆོག་གི་དགའ་སྟོན་གྱིས་རྣམ་པར་རྩེ་བར་བྱེད་ཅིང༌། འཛམ་བུའི་གླིང་དུ་འཕོ་བའི་དུས་དང་ཉེར་སྤྱོད་ལ་རྟོགས་པར་བྱེད་དོ། །དུས་ཁ་ཅིག་ཏུ་ནི་ཆོས་ཀྱི་རྒྱལ་མཚན་མཐོན་པོ་ཞེས་རྣམ་པར་གྲགས་པའི་ཁང་བཟང་ཉམས་དགའ་བ་དེར། འཁོར་གྱི་མཐའ་མ་ལ་ཆོས་སྟོན་ཅིང༌། གནས་དེ་ཉིད་ནས་འཛམ་བུའི་གླིང་དུ་འཕོ་བར་མཛད་དོ། །དེ་ལྟར་བཞུགས་གནས་ཀྱི་བཀོད་པ་རྣམ་པ་གསུམ་ལས། དང་པོ་དགའ་ལྡན་གྱི་གཞལ་མེད་ཁང་ན་བཞུགས་པ་ནི་འདི་ལྟ་སྟེ། ས་གཞི་མཉམ་ཞིང་བཀོད་པ་རབ་མཛེས་དེར། །ངོ་མཚར་གསེར་གྱི་སྟེགས་བུས་བཏེག་པའི་སྟེང༌། །གཞལ་མེད་ཁང་བརྩེགས་སུམ་ཁྲི་ཉིས་སྟོང་ཅན། །འཁྱམས་ཆེན་མཚོ་ལྟར་དྭངས་ཤིང་ཉམས་དགའ་བ། །གནམ་སྔོན་གཞུ་བའི་རྒྱ་མཚོ་རབས་ཡངས་པར། །གསེར་གྱི་མེ་ཏོག་ཚོམ་བུར་བཀོད་པའི་སྟེང༌། །རྒྱལ་སྲས་གཞོན་ནུ་ཆོས་ཀྱི་དར་དིར་ཅན། །ཐེག་མཆོག་པདྨོའི་བཅུད་ལ་མངོན་དགའ་བ། །ཕྲ་རབ་རྡུལ་གྱི་གྲངས་དང་མཉམ་པ་དག །གུས་པའི་ཐལ་མོར་སྦྱར་ཏེ་འཁོད་པ་ཡོད། །གསེར་གྱི་ཀ་བ་འབུམ་ཕྲག་བརྒྱ་ཡི་སྟེང༌། །ཨིནྟྲ་ནི་ལའི་གདུང་ཟླུམ་མཛེས་པར་བསྐོར། །རིན་ཆེན་ནལ་གྱི་ཕྱམ་རྣམས་སོ་སོར་བརྐྱང༌། །པདྨ་རཱ་གའི་ཡ་ཕུབས་སྙོམས་པར་བྲིས། །རིན་ཆེན་དྲྭ་མིག་གསལ་བའི་ངོས་ཁུངས་ནས། །གཡེར་ཁའི་གསུང་སྙན་ཕྱོགས་ཀྱི་མགྲོན་པོ་འབོད། །རིན་ཆེན་དབང་གི་རྒྱལ་པོའི་ཏོག་མཐོ་བ། །མརྒད་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །བ་དན་དཀར་པོ་ཕྱོགས་བརྒྱར་གཡོ་བ་དང༌། །ཕ་རོལ་ཟིལ་གྱིས་གནོན་པའི་རྒྱལ་མཚན་ནི། །པ་ཊས་བསྐོར་བའི་ནོར་བུའི་ཏོག་གིས་མཚན། །མུ་ཏིག་དྲྭ་མིག་གསལ་བའི་དཀར་མདངས་ཅན། །ཕུན་ཚོགས་འཆར་ཁའི་འོད་ཀྱིས་ཉེར་མཛེས་པ། །བུ་ག་ཀུན་ནས་ནོར་བུའི་བསིལ་ཡབ་དང༌། །པུན་ད་རི་ཀའི་ཕྲེང་བས་སྦྲེལ་ཞིང་མཛེས། །གསེར་གྱི་བ་གམ་དངུལ་དཀར་མདའ་ཡབ་ཅན། །སྲིད་པ་ངལ་བསོའི་བསྟི་གནས་མཆོག་དེའོ། །ཀ་བས་བཏེགས་པའི་སྒོ་ཁང་ན། །ཁ་གདངས་སེང་ཆེན་འཕྱོང་ཞིང་རྒྱུག །ག་ཤ་འདོན་པའི་སྒོ་བསྲུངས་ནི། །ང་རྒྱལ་འཇིགས་འཇིགས་འདྲ་བས་བསྲུངས། །ཨ་ཏི་མུག་ཏ་ལ་སོགས་པ། །ཧ་ཅང་མཛེས་པའི་མེ་ཏོག་དང༌། །ས་རྡོ་ལ་སོགས་དྲི་ཞིམ་ཞིང༌། །ཤ་པ་ཙནྡན་ལྗོན་པའི་ཕྲེང༌། །ལ་ལར་ཤང་ཤང་ཏེའུའི་དབྱངས། །རྭ་བ་དངུལ་དཀར་མཛེས་པས་བསྐོར། །ཡ་ཐོད་དཀྲིས་པའི་ལྷ་ཕྲུག་རྣམས། །འ་ཅག་ཆོས་ཀྱིས་དགའ་བོ་ཞེས། །ཟ་མ་ཏོག་ནས་བདུག་སྤོས་ཕུལ། །ཞ་ཝ་ཕུད་ནས་གུས་ཕྱག་འཚལ། །གླུ་དབྱངས་བརྒྱད་ཁྲི་བཞི་སྟོང་ལས། །བསྐུལ་བའི་ཚིགས་བཅད་འདི་འབྱུང་ངོ༌། །སྔོན་ཚེ་མར་མེ་མཛད་པ་ཡིས། །ལུང་བསྟན་གང་མཛད་དུས་དེར་བབ། །ཉོན་མོངས་ཚོགས་བཅོམ་མགོན་པོ་ཁྱོད། །འགྲོ་དོན་ཡོངས་རྫོགས་དགོངས་མཐོ་མཛོད། །དགའ་ལྡན་གཞལ་ཡས་ཁང་དགའ་དང༌། །ལྷ་རྣམས་དད་དང་ལྡན་པ་དང༌། །ཐོས་པས་མ་ངོམས་མང་ཡོད་ཀྱང༌། །ས་ལ་བབ་པར་མཛད་ན་དགའ། །བྱང་ཆུབ་དམ་པ་ཐག་མི་རིང༌། །སྐལ་ལྡན་མི་རྣམས་དེ་ན་ཡོད། །ཚངས་དང་བྱེད་པོ་ལ་སོགས་པ། །གཟུགས་ཁམས་ལྷ་རྣམས་གནས་དེར་འོང༌། །ལྷ་མིན་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ཡི་དྭགས་སྲིན་པོ་སོགས། །ཁྱོད་ལ་བསྒུགས་པ་མང་དུ་སྣང༌། །ལྷ་ཡི་རྟེན་ལ་བྱང་ཆུབ་པ། །འདི་ན་འགའ་ཡང་མེད་ཅེས་གྲགས། །ཞེས་བསྐུལ་བའི་ཚིགས་སུ་བཅད་པ་དག་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱུན་མི་ཆད་པར་ཐོས་པས་དམ་པ་ཏོག་དཀར་པོ། དགའ་ལྡན་གྱི་གཞལ་མེད་ཁང་བཟང་ཆེན་པོ་དེ་ནས་བྱུང་སྟེ། ཆོས་ཀྱིས་མཐོ་བའི་ཁང་བཟངས་ཞེས་བྱ་བ། ལྷ་རྣམས་ལ་ཆོས་སྟོན་པའི་མདུན་ས་དེར། སེང་གེའི་ཁྲི་ཆོས་བཟང་པོ་ཞེས་བྱ་བ་དེར་ལྷུན་ཅིང་བརྗིད་ཆགས་པར་འགྱུར་ཏོ། །ལྷའི་བུ་གང་དག་བྱང་ཆུབ་སེམས་དཔའ་ཏོག་དཀར་པོ་དང་སྐལ་བ་མཉམ་པ། ཐེག་པ་མཚུངས་པར་ཞུགས་པ་དག་ཀྱང་བྱང་ཆུབ་སེམས་དཔའ་དང་རྗེས་སུ་མཐུན་པའི་བསམ་པས། ཁང་བཟང་དེ་ཉིད་དུ་ཡིད་རབ་ཏུ་དྭང་བས་ཞུགས་སོ། །གང་ཡང་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ལྷའི་ལུས་ཅན་དམ་པ་ཏོག་དཀར་པོ་དང་རྗེས་སུ་མཐུན་པའི་སྨོན་ལམ་བསྐལ་པ་མང་པོར་བཏབ་པ། གྲངས་མེད་པ་དག་ཀྱང་རང་རང་དང་རྗེས་སུ་མཐུན་པའི་འཁོར་བྱེ་བ་ཕྲག་དྲུག་བཅུ་རྩ་བརྒྱད་རེ་དང་བཅས་ཏེ་རང་རང་གི་སེང་གེའི་ཁྲི་ལ་འཁོད་པར་གྱུར་ཏོ། །དུས་དེའི་ཚེ་ན་ལྷའི་འཇིག་རྟེན་དང༌། མིའི་ཡུལ་དུ་གྲགས་པའི་རྔ་ཆེན་འདི་ལྟ་བུས་ཁྱབ་པར་སྣང་ངོ༌། །སྔོ་སངས་བུ་མོའི་བཞིན་གྱི་མཛེས་སྡུག་ནི། །ཐུན་མཚམས་སྤྲིན་གྱི་ཁྲོ་གཉེར་བསྡུས་པ་ན། །ཀུན་གསལ་མཛེས་སྡུག་ཉི་མའི་ལང་ཚོ་ཅན། །ནུབ་ཕྱོགས་རྒྱ་མཚོར་ཁྲུས་ཀྱི་དོན་དུ་འཇུག །གླིང་གཞན་བུ་མོ་འཛུམ་པའི་དཀར་མདངས་ཅན། །ཉིན་བྱེད་གདོང་པ་ལྟ་བའི་ཟུར་མིག་མས། །ཕྱོགས་ལས་རྣམ་པར་རྒྱལ་བའི་འོད་སྟོང་ཅན། །འདོད་ལྡན་ཤར་རིའི་རྩེ་ལ་འབོད་པ་བཞིན། །བཅུ་གཉིས་ལོ་ན་དམ་པ་ཏོག་དཀར་པོ། །སུམ་བརྩེན་ཨུཏྤལ་བཞད་པའི་ཟླ་བ་ཡང༌། །དགའ་ལྡན་ནུབ་རིའི་རྩེ་མོ་རབ་སྤངས་ནས། །འཛམ་གླིང་ཤར་གྱི་རི་བོའི་བ་གམ་ལ། །མགྱོགས་པར་འཛེགས་པའི་འཕྲིན་ལས་འོད་དཀར་ནི། །བདེ་འབྱུང་རལ་པའི་རྩེ་ལ་འགོད་དོ་ཞེས། །ཀུན་ཁྱབ་གྲགས་པའི་གསེར་གྱི་རྔ་ཆེན་དེ། །གནས་གཙང་བདག་པོ་རལ་པའི་ཁུར་འཛིན་གྱི། །རྣ་བའི་ཨུཏྤལ་དགོད་པའི་ལྟེ་བ་ལ། །རོལ་ཞིང་ལྡིང་བའི་རྩེ་དགའ་ཨེ་མ་ཧོ། །དེ་ཏེ་གཙང་མའི་རིགས་ཀྱི་ནི། །ལྷ་བུ་འཕགས་པའི་བློ་ལྡན་དག །ས་ཡི་སྟེང་དུ་རབ་འཕོས་ཏེ། །བྲམ་ཟེའི་གཟུགས་སུ་བསྒྱུར་བྱས་ནས། །རིག་བྱེད་གཞུང་ལུགས་སྦྱོར་བྱེད་ཅིང༌། །གཞན་དག་ཀློག་ཏུ་འཇུག་པར་བྱེད། །དེ་ཚེ་བྲམ་ཟེ་མཁས་པ་ཡི། །རིགས་བྱེད་གཞུང་ལས་འདི་ལྟར་ཐོས། །ལྷ་ཡི་ཡུལ་ནས་འཕོས་པ་འགའ། །གཉིས་འཐུང་ཐལ་ཀར་ཡིད་འོང་བ། །རབ་ལྡན་མཆེ་བ་དྲུག་ལྡན་ཞིང༌། །གསེར་གྱི་དྲྭ་མིག་བཞི་ཡིས་ནི། །གདོང་པ་མཛེས་པར་ལེགས་གཡོགས་ཤིང༌། །སྤྱི་གཙུག་དམར་ལ་ཟླུམ་པ་ཅན། །མ་ཡི་མངལ་དུ་ཞུགས་གྱུར་ནས། །མི་དེ་སྐྱེས་བུ་ཆེན་པོའི་མཚན། །སུམ་ཅུ་རྩ་གཉིས་ལྡན་པར་ངེས། །དེ་ནི་རྣམ་པ་གཉིས་འགྱུར་ཏེ། །གསུམ་པར་འགྱུར་བ་ནམ་ཡང་མེད། །ཁྱིམ་ན་གནས་ན་རིན་པོ་ཆེ། །སྣ་བདུན་ལྡན་པའི་འཁོར་ལོ་བསྒྱུར། །གལ་ཏེ་རབ་ཏུ་བྱུང་གྱུར་ན། །མངོན་པར་རྣམ་སངས་རྒྱ་བར་འགྱུར། །ཞེས་སོགས་ལུང་སྟོན་ནུས་པ་ཡི། །བྲམ་ཟེའི་སློབ་དཔོན་འབྱུང་བར་བྱེད། །ལྷ་ཡི་གཞོན་ནུ་གཞན་དག་འགའ། །འཛམ་བུའི་གླིང་འདིར་ལྷགས་གྱུར་ནས། །རང་སངས་རྒྱས་ལ་བསྐུལ་མ་འདེབས། །ད་སྟེ་བཅུ་གཉིས་ལོ་ཚང་ན། །བྱང་ཆུབ་སེམས་དཔའ་ལྷུམས་སུ་འཇུག །ཁྱེད་ཅག་ཞིང་འདི་འོར་ཅིག་ཟེར། །དེ་ཚེ་ཝ་ར་ན་སི་ཡི། །དྲང་སྲོང་ཛ་ཡ་ལྔ་བརྒྱ་པོ། །རི་དྭགས་བག་ཚ་མེད་ནགས་ན། །སྒྲ་དེ་ཐོས་ན་ཙཀྲ་བཞིན། །ཏ་ལ་བདུན་སྲིད་ཙམ་འཕགས་ཏེ། །ཐ་མར་མེ་ཡི་ཁམས་ལ་བཞུགས། །ད་དུང་དྲང་སྲོང་ལྷུང་བར་གྲགས། །ན་རྒ་སྤངས་ཏེ་མྱ་ངན་འདས། །རིང་བསྲེལ་འབའ་ཞིག་གནས་དེར་ལྷུང༌། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི། །ཆོས་ཀྱིས་མཐོ་བའི་ཁང་བཟང་ནས། །འཕོ་བའི་དུས་དང་ཡུལ་ལ་ལྟ། །གླིང་དང་རིགས་ལ་རྟོག་པར་མཛད། །དུས་ནི་སྐྱེ་རྒ་ན་འཆི་ཡི། །ཉི་མས་འཛམ་གླིང་གསལ་གྱུར་ཚེ། །ཡིན་གྱི་རྟག་འཛིན་མུན་པ་ཡིས། །མཚན་མོར་བྱས་པ་གང་དེ་མིན། །གླིང་ནི་བྱང་ཆུབ་སྙིང་པོའི་ས། །རྡོ་རྗེ་གདན་དང་བྱང་ཆུབ་ཀྱི། །ཤིང་བཟང་གང་ན་ཡོད་གྱུར་པ། །འཛམ་བུའི་གླིང་དེ་ཁོ་ནའོ། །ཡུལ་ནི་མཐའ་འཁོབ་ཡུལ་གང་ན། །མི་རྣམས་བླུན་ཞིང་ལུག་ལྟར་ལྐུགས། །བག་མེད་གནས་དེར་མི་ཡིན་གྱི། །ཡུལ་གྱི་དབུས་ཉིད་ཁོ་ནའོ། །རིགས་ནི་རྒྱལ་པོའི་རིགས་ཉིད་དམ། །བྲམ་ཟེ་བཙུན་ཚེ་དེ་རིགས་སུ། །འཁྲུངས་མོད་དུས་འདིར་རྒྱལ་པོའི་རིགས། །ཀུན་གྱིས་བཀུར་བ་ཁོ་ནའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་འཁོར། །འཕགས་པར་གྱུར་པ་བགྲང་ཡས་ཀྱང༌། །རང་རང་དག་དང་རྗེས་མཐུན་པའི། །ཡུལ་དང་རིགས་ལ་རྟོག་པར་བྱེད། །དེ་ཚེ་འཁོར་གྱི་ལྷ་ཚོགས་ཀྱིས། །འཛམ་གླིང་ཡུལ་ཆེན་བཅུ་དྲུག་གི །རྒྱལ་པོའི་རིགས་ལ་བརྟགས་བརྟགས་ཀྱང༌། །ཐམས་ཅད་སྐྱོན་དང་བཅས་མཐོང་ནས། །བྱང་ཆུབ་སེམས་དཔའ་ཉིད་ལ་དྲིས། །དེ་ནས་དེ་ཡི་འཁོར་ཚོགས་ལ། །རིགས་ཀྱི་ཡོན་ཏན་དྲུག་ཅུ་བཞི། །ཡུམ་གྱི་ཡོན་ཏན་སུམ་ཅུ་གཉིས། །གང་ན་ཡོད་དེར་འཇུག་འགྱུར་ཞིང༌། །ཡར་གྱི་རྒྱལ་གྱི་བཅོ་ལྔའི་ཉིན། །གསོ་སྦྱོང་བླངས་པའི་མ་ཡི་ནི། །མངལ་དུ་འཇུག་ཅེས་གསལ་བར་བསྒྲགས། །དེ་ནས་འཁོར་གྱི་བསམ་པ་ནི། །སེར་སྐྱའི་གནས་ཀྱི་ཟས་གཙང་ལ། །རིགས་ཀྱི་ཡོན་ཏན་དེ་དག་ཡོད། །ཡུམ་གྱི་ཡོན་ཏན་དེ་དག་ནི། །མི་ཡི་ལྷ་མོ་སྒྱུ་འཕྲུལ་དེ། །སྒྱུ་མའི་མཁན་པོས་སྤྲུལ་འདྲ་མ། །ཀ་ཙ་ལ་ལྟར་རེག་ན་བདེ། །ཁ་ན་མ་ཐོ་མེད་བཏུད་མ། །ག་ནས་བལྟས་ཀྱང་མཛེས་སྡུག་ཅན། །ང་རྒྱལ་སྤངས་པའི་སྐུ་ལྡན་མ། །ཅ་ཅོ་མེད་ཅིང་ཆགས་སོགས་ཀྱི། །ཆ་ཤས་སྤངས་པའི་གསུང་ལྡན་མ། །ཇ་མཚུངས་བདུད་རྩིའི་ཟས་དང་ནི། །ཉ་རྒྱས་ཟླ་བའི་ཞལ་ལྡན་མ། །ཏ་ཐཱ་ག་ཏའི་ཡུམ་གྱུར་མ། །ཐ་མལ་བུད་མེད་མ་ཡིན་ལ། །ད་ལྟ་སེར་སྐྱའི་ཕོ་བྲང་ན། །ན་ཆུང་གཟུགས་ཀྱིས་གཞུགས་གྱུར་མ། །པཱ་ར་མི་ཏ་ཡིའི་ངོ་བོ། །ཕ་རོལ་མཛེས་སྡུག་འཕྲོག་བྱེད་མ། །བ་དན་དཀར་པོ་ལྟར་གསལ་བའི། །མ་དེ་བྱང་ཆུབ་སེམས་དཔའ་ཡི། །ཡུམ་དུ་འོས་པ་ཡིན་ནོ་ཞེས། །འཁོར་གྱི་ལྷ་རྣམས་སྒྲོགས་པར་བྱེད། །དེ་ལྟར་རིགས་ལ་རྣམ་བལྟས་ནས། །དགའ་ལྡན་གནས་ཀྱི་ཞལ་མེད་ཁང༌། །རྒྱལ་མཚན་མཐོན་པོ་ཞེས་བྱ་བ། །བྱང་ཆུབ་སེམས་དཔའ་ཁྲི་ཆེན་ལ། །འཁོད་ནས་འཁོར་ལ་འདི་སྐད་སྨྲས། །ཐམས་ཅད་གནས་འདིར་འདུ་བར་གྱིས། །ཏ་ཐཱ་ག་ཏ་དང་མཚུངས་པར། །ཐ་མའི་ཆོས་བསྟན་ང་ལ་ཉོན། །ད་ལྟ་རང་དབང་ཡོད་དུས་འདིར། །ན་རྒ་འཆི་བའི་རྒྱ་མཚོ་ཡི། །པཱ་ར་མི་ཏ་དེར་སོན་ཏེ། །ཕ་རོལ་བདུད་ལས་རྒྱལ་ནས་ཀྱང༌། །བ་གླང་སོགས་ལ་སྙིང་བརྩེ་བས། །ཐམས་ཅད་སྲིད་པའི་མཚོ་ལས་སྒྲོལ། །དེ་སྐད་ཐོས་ནས་ཐམས་ཅད་འདུས། །དེ་ནས་བྱང་ཆུབ་སེམས་དཔའ་ཡིས། །འཁོར་གྱི་ཁྱམས་དེ་གླིང་བཞི་ཡི། །ཡངས་པའི་ཚད་དུ་བྱིན་གྱིས་བརླབས། །བཟང་ཞིང་མཛེས་ལ་བལྟ་ན་སྡུག །རྒྱན་གྱི་བཀོད་པ་དེ་མཐོངས་ནས། །འདོད་དང་གཟུགས་ན་སྤྱོད་པ་ཡི། །ལྷ་ཡི་བུ་རྣམས་རང་རང་གི །ཁྱིམ་གྱི་དགའ་བ་བསམས་པ་ན། །དུར་ཁྲོད་ལྟ་བུའི་འདུ་ཤེས་སྐྱེས། །ཁྱམས་ཆེན་དེ་ཡི་བཀོད་པ་བཟང་པོ་ནི། །ཁོར་ཡུག་དངུལ་གྱི་རྭ་བས་ཟླུམ་པོར་བསྐོར། །དེ་ནང་གསེར་གྱི་སྟེགས་བུ་གྲུ་བཞི་པ། །དཔག་ཚད་བཅུ་ཡིས་མཐོ་བའི་རྩ་བ་ན། །རིན་ཆེན་ནལ་གྱི་རྫིང་བུ་འབུམ་ཕྲག་ཙམ། །པདྨ་རཱ་གའི་དཔག་བསམ་ལྗོན་པ་ཡི། །རྩེ་མོ་མཁའ་ལ་རེག་ཅིང་དབང་སྔོན་གྱི། །ལོ་མའི་གུར་ཁང་ཕུབ་པའི་གདུགས་མཛེས་ཀྱི། །བསིལ་ཡབ་ཕྱོགས་བརྒྱར་འབབ་པའི་ལྗོན་པ་ནི། །བྱེ་བ་ཕྲག་བརྒྱས་ཕྱོགས་མཚམས་ཀུན་ནས་བསྐོར། །གསེར་གྱི་ཐག་པས་སྦྲེལ་བའི་ལུང་མིག་ལ། །ཆུ་སྲིན་ཁ་ནས་འཕྱང་བའི་མུ་ཏིག་གི །དྲྭ་བ་དྲྭ་ཕྱེད་ནོར་བུའི་ཕྲ་ཚོམས་ཅན། །ཧར་མིག་དག་ལ་དངུལ་དཀར་མེ་ལོང་བཀོད། །རླུང་གིས་བསྐྱོད་པའི་གཡེར་ཁའི་གསུང་སྙན་ལས། །འདུས་བྱས་མི་རྟག་རྟག་པའི་གོ་སྐབས་མེད། །ཟག་བཅས་མི་བདེ་བདེ་བར་འཛིན་པ་འཁྲུལ། །ཆོས་ཀུན་བདག་མེད་མེད་སོགས་མཐའ་དང་བྲལ། །མྱང་འདས་རབ་ཞི་ཞི་བའི་མཐའ་སྤོངས་ཞེས། །སྙན་པའི་སྒྲ་དབྱངས་རྣ་བར་སྙན། །ཏོག་མཐོ་ལྗོན་པ་ཀུན་གྱི་ཏོག །འོད་འབར་ནོར་བུ་འབར་བའི་འོད། །ཕྱོགས་བརྒྱར་གསལ་ཞིང་འོག་གི་ཕྱོགས། །རིན་ཆེན་མང་པོའི་འབྲས་བུ་ཡི། །རྟག་པར་གཡུར་ཟ་ལྡེམ་པ་ཅན། །ནོར་བུ་འབར་བའི་འོད་ཟེར་གྱི། །བར་བར་དག་ན་ཨན་ད་རྙིལ། །ཁུ་བ་འཁྱིལ་བའི་མཚོ་འགྲམ་ན། །དངུལ་དཀར་ཐིག་ལེའི་པདྨོ་ལ། །གསེར་གྱི་བུང་བ་ལྡིང་ཞིང་རོལ། །སྤྲུལ་བའི་ལྷ་ཕྲུག་གཞོན་ནུ་རྣམས། །སོར་གདུབ་འཕེན་ཅིང་རྩེ་དགའ་བགྱིད། །ནགས་ཀྱི་ཁུ་བྱུག་སྙན་སྒྲོགས་ཤིང༌། །རབ་མཛེས་རྨ་བྱ་གླུ་དབྱངས་ལེན། །ཁྲུང་ཁྲུང་གཤོག་རྩེ་མགྲིན་པ་འདེགས། །ཡིད་འོང་ངུར་པའི་ངར་ངར་གྱིས། །ཡིད་འབྱུང་གཏམ་ཡང་མཚོན་པར་བྱེད། །གསེར་གྱི་སྟེགས་བུ་མཉམ་ཞིང་འཇམ་པའི་ངོས་ལ་ཨིནྟྲ་ནཱི་ལའི་དྲི་ཞིམ་ཆུ་ཡིས་བྱུགས། །ཁྱམས་མཐིལ་སྔོ་ཞིང་དངས་པའི་ངོས་ལ་གསེར་གྱི་པདྨ་འདབ་སྟོང་ལྡན་རྣམས་བཅལ་དུ་བཀྲམ། །ཡིད་འོང་པདྨ་དམར་པོའི་སྐུད་པ་རིང་པོས་མིག་མངས་རིས་སུ་དྲང་པོར་རབ་འཐེན་ནས། །བསྣོལ་མཚམས་ཀུན་དུ་ནོར་བུའི་འཕྲེང་བ་ཉེར་སྤེལ་རིན་ཆེན་བདུན་གྱི་ཕྱེ་མ་གྲམ་བུར་བརྡལ། །དབུས་ན་སེང་ཆེན་བརྒྱད་ཀྱིས་བཏེག་པའི་ཁྲི། །བཀོད་ལེགས་རིན་ཆེན་འབར་བའི་དོ་ཤལ་དང༌། །བཅོས་བུའི་རས་དཀར་བཟང་པོའི་ཁྲི་ཁེབས་དང༌། །མདངས་བཀྲ་ནོར་བུ་འབར་བའི་རྒྱབ་ཡོལ་ཅན། །ཀ་ན་ཀ་ཡི་མེ་ཏོག་ནི། །ཁ་དོག་གསར་པའི་མདངས་ལྡན་པས། །ག་ནས་བལྟས་ཀྱང་ཡིད་འོང་བ། །ང་རྒྱལ་ལྡན་པ་ཀུན་གྱི་མཆོད། །ཨ་ཀ་རུ་ཡི་བདུག་སྤོས་ནི། །དུ་ཁཿམཐའ་ཡས་སེལ་བྱེད་པ། །ཆོ་ག་བཞིན་དུ་གུས་པ་ཡིས། །ལྷ་ང་ས་ལ་བཙུགས་ཏེ་འབུལ། །ཀོའུ་ཤི་ཀའི་ནོར་བུ་ནི། །ཁོ་ནར་མ་ཟད་ཚངས་པས་ཀྱང༌། །གོ་བ་སྐྱེས་ནས་ཕུལ་བ་ཡི། །ངོ་མཚར་ཅན་གྱི་སྣང་གསལ་ཡོད། །ཀུ་མུད་རྒྱས་པའི་ཆུ་གཏེར་གྱི། །ཁུ་བ་དྲི་ཞིམ་བཟང་པོ་དང༌། །གུར་གུམ་གྱིས་བྲན་དྲི་ཆབ་ནི། །ངུར་སྨྲིག་མཚམས་སྤྲིན་གཞོན་ནུ་བཞིན། །ཀ་ར་ཀུ་ཤུའི་ཞལ་ཟས་དང༌། །ཁ་ན་མ་ཐོ་མེད་པའི་སྨན། །ག་བུར་དྲི་ཞིམ་དང་ལྡན་པ། །ང་ཡིར་འཛིན་པ་སྤངས་ཏེ་འབུལ། །ཀ་ལ་པིང་ཀའི་དབྱངས་སྙན་པོ། །ཁ་ནས་གཡེར་ཁའི་གསུང་སྙན་ལྟར། །ག་ལེ་གངྒཱའི་རྒྱུན་བཞིན་དུ། །ང་ཡི་སྒོ་ངའི་ནང་ནས་ནི། །སླར་ཡང་རྫུས་ཏེ་སྐྱེ་བོ་ཞེས། །ཀ་ལ་པིང་ཀའི་མ་རྣམས་སྨྲ། །ཀ་མ་ལ་ཡི་ཡོན་ཏན་ནི། །ཁ་ཅིག་སྨོན་ལམ་དབང་གིས་ཏེ། །ག་ཞ་ཅན་གྱི་འདོད་ལྷ་དང༌། །ང་རྒྱལ་ཅན་གྱི་ཚངས་པས་ཀྱང༌། །ཅ་ཅོ་སྤངས་ནས་མཆོད་པར་བྱེད། །ཆ་ཤས་གསེར་གྱི་ཅོད་པན་ཡང༌། །ཏོག་དཀར་པོ་ཡི་གདན་དུ་འདིངས། །དེ་ལྟའི་ཡོན་ཏན་དང་ལྡན་པའི། །སེང་གེའི་ཁྲི་ཆེན་ཉམས་དགའ་བར། །བྱང་ཆུབ་སེམས་དཔའ་ཏོག་དཀར་པོ། །དལ་ཞིང་བརྗིད་པར་གདན་ཆགས་ནས། །ལྷ་ཡི་འཁོར་ལ་འདི་སྐད་སྨྲ། །གྲོགས་དག་བྱང་ཆུབ་སེམས་དཔའི་ལུས། །བསོད་ནམས་བརྒྱ་ཡི་མཚན་བཟང་གིས། །ལེགས་པར་བརྒྱན་པ་འདི་ལ་ལྟོས། །ཕྱོགས་བཅུ་ཀུན་ནས་འོངས་པ་ཡི། །སེམས་དཔའ་སྲིད་པ་ཐ་མ་པ། །འཛམ་བུའི་གླིང་དུ་འཕོ་འགྱུར་བ། །འདི་དག་ཀུན་ལ་ལེགས་པར་ལྟོས། །དེ་ནས་འཁོར་གྱི་ཚོགས་ཆེན་དེས། །བྱང་ཆུབ་སེམས་དཔའི་ཚོགས་དེ་མཐོང༌། །ཡན་ལག་ལྔ་ཡི་ཕྱག་བྱས་ནས། །ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །དེ་ནས་འདི་སྐད་ཅེས་བཀའ་བསྩལ། །བྱང་ཆུབ་སེམས་དཔའ་འཆི་འཕོ་བའི། །དུས་ལ་བབ་ཚེ་འཁོར་རྣམས་ལ། །ཆོས་སྒོ་བརྒྱ་དང་རྩ་བརྒྱད་པ། །འཆད་པར་འགྱུར་བ་གུས་པས་ཉོན། །དང་དད་མཆོག་དགའ་དགའ་བ་དང༌། །ལུས་ངག་ཡིད་ཀྱི་སྡོམ་པ་གསུམ། །རྗེས་སུ་དྲན་དྲུག་ཚད་མེད་བཞི། །མི་རྟག་སྡུག་བསྔལ་བདག་མེད་བཞི། །ངོ་ཚ་ཤེས་ཁྲེལ་ཡོད་དང་བདེན། །ཡང་དག་ཆོས་སྤྱད་གསུམ་སྐྱབས་འགྲོ། །བྱས་བཟོ་བྱས་པ་རིག་པ་དང༌། །ཆོས་ཤེས་དུས་ཤེས་ང་རྒྱལ་བཅོམ། །ཞེས་འགྲས་མེད་དང་ཁོན་མི་འཛིན། །མོས་དང་མི་སྡུག་གནོད་སེམས་མེད། །གཏི་མུག་མེད་དང་ཆོས་དོན་གཉེར། །ཆོས་འདོད་ཆོས་ཚོལ་ཡང་དག་སྦྱོར། །མིང་དང་གཟུགས་ཤེས་རྒྱུ་ལྟ་བཅོམ། །རྗེས་ཆགས་ཁྲོ་སྤོང་ཕུང་པོར་མཁས། །ཁམས་དང་སྐྱེ་མཆེད་ལ་མཁས་དང༌། །མི་སྐྱེ་ཆོས་ལ་བཟོད་ཐོབ་དང༌། །བྱང་ཆུབ་ཕྱོགས་མཐུན་སུམ་ཅུ་བདུན། །སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཐབས་མཁས་དང༌། །བསྡུ་དངོས་བཞི་དང་སེམས་ཅན་སྨིན། །དམ་ཆོས་འཛིན་དང་ཚོགས་གཉིས་དང༌། །ཞི་ལྷག་སོ་སོ་རིག་བརྟོན་བཞི། །གཟུངས་དང་སྤོབས་པ་ཐོས་པ་དང༌། །རྗེས་མཐུན་ཆོས་ཀྱི་བཟོད་པ་དང༌། །མི་སྐྱེའི་ཆོས་ཀྱི་བཟོད་པ་དང༌། །ཕྱིར་མི་ལྡོག་པའི་ས་དང་ནི། །ཡེ་ཤེས་པ་དང་དབང་བསྐུར་ས། །འདི་དག་ཆོས་སྣང་སྒོ་ཡིན་ཏེ། །གྲོགས་དག་ཆོས་སྒོ་བརྒྱ་རྩ་བརྒྱད། །བྱང་ཆུབ་སེམས་དཔའ་འཆི་འཕོའི་ཚེ། །འཁོར་ལ་གདོན་མི་ཟ་བར་སྟོན། །དེ་སྐད་ཅེས་བཀའ་བསྩལ་པ་དང༌། དེའི་ཚེ་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །སྔོན་སྦྱངས་པ་བྱས་པ་སུམ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བས་རྣམ་པར་དག་གོ །དེ་ནས་བྱང་ཆུབ་སེམས་དཔའ་ཏོག་དཀར་པོས་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །ཀ་ཡེ་གྲོགས་དག་བདེ་བ་ནི། །ཁ་ན་མ་ཐོ་མེད་པའི་དགེ །ག་ཤེད་སྔོན་བྱས་ལས་བྱུང་ཞེས། །ང་ཡིས་ཐེ་ཚོམ་མེད་པར་ཤེས། །ཅ་ཅོ་སྤངས་ཏེ་སླར་ཡང་ནི། །ཆ་ཤས་དགེ་བ་མ་བསགས་ན། །ཇ་ཡི་ནུས་པ་ལན་གཅིག་ཡིན། །ཉ་གང་ཟླ་བ་མར་ངོར་ཉེར། །ཏ་ལའི་མགོ་བོ་བཅད་པ་བཞིན། །ཐ་མར་ངན་འགྲོའི་ཁྱིམ་དུ་འགྲོ། །ད་དུང་དགེ་བ་གོམས་བྱས་ན། །ན་རྒ་འཆི་ལས་མྱུར་དུ་གྲོལ། །པཱ་ར་མི་ཏར་རང་གནས་ནས། །ཕ་རོལ་ཕྱིན་ལ་གཞན་སྦྱོར་མཛོད། །བ་དན་བཞིན་དུ་ཏོག་དཀར་ངས། །མར་གྱུར་འགྲོ་བ་ཀུན་དོན་དུ། །ཙཀྵུ་ལ་སོགས་གཞན་ལ་བཏང༌། །ཚ་གྲང་སྡུག་བསྔལ་ཁྱད་དུ་གསད། །ཛ་ཡའི་གོ་འཕངས་མགྱོགས་པར་ཐོབ། །ཝ་ཀི་ཤྭ་ར་ཉིད་གྱུར་ནས། །ཞ་ལོང་ལ་སོགས་འགྲོ་བའི་དོན། །ཟ་བྱེད་བདུད་དཔུང་ཕམ་བྱས་ཏེ། །འ་ཅག་ཆོས་འཁོར་མྱུར་དུ་བསྐོར། །ཡ་ཐོག་མཐོ་བའི་འོག་མིན་ནས། །ར་ཧུའི་གནས་ཀྱི་བར་ཐམས་ཅད། །ལ་ལ་སྐལ་མེད་མ་གཏོགས་པ། །ཤ་མདངས་དཀར་བས་ཆོས་ཉན་འོང༌། །ས་ཡི་སྟེང་དེར་ཁྱོད་ཀྱང་ཤོག །ཧ་ཅང་དགེས་པའི་བདུད་རྩི་དེ། །ཨ་ལ་ལ་ཞེས་ཁྱོད་ལ་སྟེར། །ང་ཡིས་དོན་ཆེན་དེ་ན་གྲུབ། །དེ་སྐད་བཀའ་སྩལ་དེ་ཐོས་ནས། །འཁོར་གྱི་ལྷ་ཚོགས་མ་ལུས་པ། །ཡིད་ལ་གདུང་བ་རབ་འབར་ཏེ། །ཀུ་མུད་ཟུམ་འདྲའི་བཞིན་མདོག་ནག །ཁུར་གྱིས་ནོན་བཞིན་ཤུགས་ནར་བྱེད། །གུམ་ལ་ཐུག་པའི་སྡུག་བསྔལ་གྱིས། །ངུ་སྐད་བཏོན་ནས་འདི་སྐད་ལོ། །བཅོམ་ལྡན་ཁྱོད་འདིར་མི་བཞུགས་ན། །ཆོས་ཀྱི་སྐལ་བ་སུ་ཡིས་འཆད། །ཇོ་བོ་དམ་པ་སུ་ལ་ཞུ། །ཉོན་མོངས་ཚོགས་རྣམས་སུ་ཡི་འདུལ། །ཏོག་དཀར་པོ་ཡིས་བཀའ་བསྩལ་པ། །ཐོད་དང་ཁོ་བོའི་ཅོད་པཎ་འདི། །དོ་རེད་བྱམས་པ་ལ་གཏོད་ཀྱི། །ནོས་ན་ཁྱེད་ཅག་ཕུན་སུམ་ཚོགས། །ཨཱརྻ་མཻ་ཏྲི་ནཱ་ཐ་འདི། །ཧ་ཅང་རིང་པོར་མི་ཐོགས་པར། །ས་སྟེང་འཛམ་བུའི་གླིང་ཉིད་དུ། །ཤཱཀྱ་ཐུབ་པའི་རྗེས་ཐོགས་དེར། །ལ་གོར་རྫོགས་སངས་རྒྱ་འགྱུར་བས། །རྭ་བ་དངུལ་དཀར་ཁོར་ཡུག་དང༌། །ཡ་ཐོག་ནོར་བུ་འབར་བ་ཅན། །འ་ཅག་ཉིད་ཀྱི་ཆོས་ཀྱི་ཁྲི། །ཟ་འོག་དར་གྱིས་སྤྲས་པ་དེར། །ཞྭ་བཞིན་བཀུར་ལ་ཇོ་བོ་ཞུས། །ཝ་ཏི་གང་གསུང་དེ་ལ་ཉོན། །ཛ་ཡ་ཛ་ཡ་ཞེས་བོས་ལ། །ཚ་ཏྲམ་ཀ་དང་པ་ཏམ་ཀེ །ཙ་མ་ར་ཡི་བསིལ་ཡབ་ཕུལ། །མར་གྱུར་འགྲོ་བ་ཁྱེད་རྣམས་ཀྱི། །ཕ་གཅིག་བྱམས་པའི་འདིས་མཛད་དོ། །བ་གམ་གསལ་བའི་དགའ་ལྡན་འདི། །པ་སངས་ལྟ་བུ་དཀར་བ་དང༌། །ན་རྒ་འཆི་ལས་མགྱོགས་པར་གྲོལ། །ད་ནས་བཟུང་སྟེ་གུས་པར་བྱོས། །ཐ་མར་འདི་ཡིས་བསླུ་མི་སྲིད། །ཏ་ཐཱ་ག་ཏ་དང་མཚུངས་སོ། །ཉ་རྒྱས་ཞལ་གྱི་དཀྱིལ་འཁོར་ལས། །ཇ་མཚུངས་བདུད་རྩི་མྱུར་དུ་ལོང༌། །ཆ་ཤས་རྫོགས་པའི་ཆོས་གང་དེ། །ཅ་ཅོ་མེད་པར་གུས་པས་ཉོན། །ང་རྒྱལ་མ་བྱེད་ཁེངས་པ་སྐྱུངས། །ག་ལེ་ང་དང་མཉམ་པ་འོང༌། །ཁ་ཏ་གང་གསུང་དེ་ལ་ཉོན། །ཀ་མ་དང་ལྡན་ལྷ་རྣམས་ཀྱིས། །མགོན་སྐྱབས་བྱམས་པ་འདི་ཡིན་ནོ། །ཞེས་དེ་སྐད་ཅེས་བཀའ་བསྩལ་ནས། རྒྱལ་བ་མ་ཕམ་པ་རང་གི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བ་ཡིན་ནོ། །དེ་ནས་རིམ་གྱིས་འཛམ་བུའི་གླིང་དུ་འཕོ་བ་དང༌། ལྷུམས་སུ་འཇུག་པ་ལ་སོགས་པ་བཟང་པོ་རྣམ་པ་བཅུ་གཉིས་ཀྱིས་སྟོང་གསུམ་མི་མཇེད་ཀྱི་ཞིང་པ་རྣམས་ཕན་བདེའི་དཔལ་འབྱོར་བཟང་པོ་ལ་ལོངས་སྤྱོད་པ་དང༌། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱིས་ཁྱབ་པར་མཛད་པ་ཡིན་ནོ། །འཕགས་པ་རྒྱ་ཆེ་རོལ་པ་ལས་འབྱུང་བའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པའི་བཀོད་པ་བསྟན་པ་སྟེ་ལེའུ་དང་པོའོ།།  །།འདིར་སྨྲས་པ། དགའ་ལྡན་རྒྱལ་བ་བྱམས་པ་ལ། །རབ་དང་དགའ་བས་དང་ཕྱག་འཚལ། །ལས་ངན་བག་ཆགས་བསལ་མཛད་པ། །འཕགས་པ་མ་ཕམ་དམ་པ་ལགས། །ཀ་ཡེ་རྒྱལ་བ་མ་ཕམ་པ། །ཁ་བ་ཅན་ནས་འདི་སྐད་དུ། །ག་ཤེད་བཞུད་པའི་ཟས་གཙང་སྲས། །ང་ཡི་གང་ན་བཞུགས་མ་ཐོས། །ཅ་ཅོ་མང་པོས་བཙལ་བྱས་ཀྱང༌། །ཆ་ཤས་ཙམ་ཡང་མ་རྙེད་དོ། །ཨ་ལ་ལ་སྟེ་མ་ཕམ་པ། །ཧ་ཅང་ཉེ་བར་བཞུགས་སོ་ཞེས། །ས་སྟོང་མི་རྣམས་ཀུན་གྱིས་ཐོས། །ཤ་ར་ཎམ་སོགས་ལེགས་སྦྱར་གྱིས། །ལ་མོར་སྐྱབས་སུ་མཆི་ལགས་ཀྱི། །ཡུད་ཙམ་ཞིག་གིས་ལོང་མཛོད་ཅིག །འུ་ཅག་ཟས་གཙང་སྲས་པོ་ལ། །ཟུར་དུ་འདུག་ནས་སྙན་ངགས་ཀྱིས། །ཞུ་ཐུག་འགའ་ཞིག་བགྱིད་འཚལ་ལོ། །ཀྱེ་མ་ཟས་གཙང་སྲས་ཁྱོད་ཀྱིས། །ལྷ་ཡུལ་སྐྱེ་བ་གཅིག་ཐོགས་པ། །ཐམས་ཅད་འཛམ་བུའི་གླིང་འདིར་ཁྲིད། །ལྷ་ཡི་འཇིག་རྟེན་སྟོངས་མིན་ནམ། །དེ་ལྟ་ན་ཡང་མི་ཡུལ་གྱི། །འགྲོ་བ་མང་པོ་ཚུལ་ཁྲིམས་ལ། །འགོད་འདི་ལྷ་ཡི་འགྲོ་བ་ཡི། །སྐྱིན་པོར་འབུལ་བ་ཡིན་ལགས་སམ། །ཁྱོད་ཀྱིས་ས་སྟེང་འགྲོ་བ་འདི། །མཐའ་དག་ལྷ་ཡི་ཡུལ་དུ་བཏང༌། །དགའ་ལྡན་ཆོས་ཀྱི་འདུན་ས་དེར། །དེ་འདྲའི་སྤངས་པ་རྔོ་ཐོག་གམ། །སུ་ཡིས་བཤོལ་ཀྱང་མ་གསན་པར། །འཛམ་བུའི་གླིང་དུ་འཕོ་མཛད་ནས། །མི་རྣམས་དགའ་ལྡན་བྱམས་པའི་དྲུང༌། །གཏོང་བར་མཛད་འདི་རྒྱུ་ཅི་ལགས། །ཁྱོད་ཀྱི་ཕྲིན་ལས་གང་ཞུགས་ལ། །དེའི་ཡང་ཕྲིན་ལས་འཇུག་ལགས་སམ། །དེ་ལྟ་ཡིན་ན་བདག་ཅག་ཀྱང༌། །དགའ་ལྡན་གནས་སུ་ཁྱོད་ཀྱིས་ཐོང༌། །ཁྱོད་ཀྱི་དམ་ཆོས་མ་ལུས་པ། །གཞན་ལ་མ་རྒྱུད་དེ་ན་ཡོད། །བདག་ཅག་མི་ཡི་འགྲོ་བ་པ། །བསོད་ནམས་ལྡན་ཞིང་བློ་རྣོ་བ། །མ་ལུས་ཁྱོད་ཀྱིས་ལྷ་ཡུལ་དང༌། །ཞི་བའི་དབྱིངས་སུ་བསྒྲལ་མཛད་ནས། །ངན་སོང་གནས་ནས་ཚེ་འཕོས་པ། །བློ་བརྟུལ་བསོད་ནམས་ཞན་པ་ཡི། །མི་འགའ་འཛམ་བུའི་གླིང་འདིར་གཞག །ཁྱོད་ཉིད་ཞིང་གཞན་གཤེགས་གྱུར་པས། །སྔོན་གྱི་འཛམ་བུ་གླིང་པ་དེ། །ཁྱོད་ཀྱིས་རྒུད་པར་བྱས་མིན་ནམ། །ད་ནི་བདག་ཅག་མགོན་མེད་རྣམས། །ཇི་ལྟར་བྱ་བ་ཁྱོད་ཀྱིས་སྟོན། །བརྩེ་མེད་བདུད་ཀྱི་དགྲ་ཁྱོད་ཀྱིས། །ལྷ་དང་མི་ཡི་འཇིག་རྟེན་གྱི། །འཁོར་བའི་ནགས་ལ་བརྩེ་མེད་པར། །ཐམས་ཅད་ཡེ་ཤེས་ཞུགས་ཀྱིས་བསྲེགས། །མྱང་འདས་ཞི་བའི་འབྲོག་དགོན་དེར། །སྟོབས་དང་ཏིང་འཛིན་མཆེ་བ་ཅན། །གླང་ཆེན་ཁྱོད་ཉིད་གཅིག་པུར་བཞུགས། །རེ་ཤིག་སྐྱོ་བར་མ་ལགས་སམ། །དེ་ལྟ་ན་ཡང་སྲིད་པའི་ལྷ། །རྨོངས་དང་ཆགས་པའི་ཐུགས་རྗེ་ཅན། །ཡན་ལག་བཅུ་གཉིས་དང་ལྡན་པས། །རྒྱུན་མི་ཆད་པའི་འཁོར་ལོ་ཡིས། །རྔ་དབྱངས་སྒྲོགས་པའི་སྤྲིན་རུམ་ནས། །ཉོན་མོངས་ལས་ཀྱི་ཆར་རྒྱུན་སྤེལ། །སྐྱེ་བའི་ས་གཞི་བཟང་པོ་ལ། །འཁོར་བའི་ནགས་ཚལ་རྒྱས་པར་བྱས། །འཁོར་བའི་ནགས་ཚལ་ཉམས་མི་དགའ། །གཞན་ནས་རིངས་པར་འོངས་པ་ཡི། །ལྷ་མིའི་ཁུ་བྱུག་ཚོགས་ཀྱིས་གང༌། །དེ་ནས་ཁྱོད་ཀྱིས་སྐྱོ་སངས་ཐོས། །སྔོན་དུས་ཁྱོད་གསུང་བདུད་རྩི་ནི། །འཛམ་གླིང་མི་ཡི་སྟོན་པར་གཞག །དེ་ཚེ་མི་རྣམས་རྒུད་པ་དང༌། །བྲལ་ཞེས་འཇིག་རྟེན་རྒན་པོས་གླེང༌། །དེང་སང་ཁྱོད་གསུང་བདུད་རྩི་ནི། །མར་ངོར་གྱུར་པས་ལུས་ཕྲ་བ། །ཤེས་རབ་མིག་གིས་བརྟགས་བརྟགས་ཀྱང༌། །ཉིན་རེ་བཞིན་དུ་མི་གསལ་གྱུར། །ཐུགས་རྗེ་ཆེ་ལྡན་ཐུབ་དབང་ཉི་མ་ཁྱེད། །འཆི་མེད་གནས་དེར་འཁྲུངས་པ་ཡིན་ན་ཀོ །འཛམ་གླིང་བསོད་ནམས་ཤར་གྱི་རི་བོའི་རྩེར། །རྟག་པར་མི་བཞུགས་གང་དེ་རྒྱུ་ཅི་ཞིག །གླིང་གཞན་གདུལ་བྱའི་བསོད་ནམས་ཤིང་རྟ་ཡིས། །མགྱོགས་པར་དྲངས་པས་གཤེགས་པ་ཡིན་དགོངས་ན། །སྐལ་མཉམ་སེམས་དཔའི་ཚོགས་དང་ལྷན་ཅིག་ཏུ། །དང་པོ་ཉིད་ནས་གླིང་དེར་མི་འཕོ་ཅི། །གླིང་གཞན་སངས་རྒྱས་བརྙེས་པའི་ས་མིན་པས། །གླིང་འདིར་དབང་པོར་བྱོན་པ་ཡིན་ན་ཀྱེ། །གླིང་འདིར་སངས་རྒྱས་མཛད་ནས་གླིང་གཞན་གྱི། །འགྲོ་བའི་དོན་དུ་རྟག་པར་བཞུགས་མཛད་ན། །དེ་འདྲ་དེ་ལ་བྱས་པ་མི་བཟོ་ཞེས། །འཇིག་རྟེན་ངན་པའི་གྲངས་སུ་བགྲང་མིན་ནམ། །གླིང་གཞན་དོན་གྲུབ་མཛད་པའི་སྐབས་བབ་ན། །ཁྱོད་ཀྱིས་མཉམ་པར་གཞག་ལས་མ་གཡོས་བཞིན། །བགྲང་ཡས་སྤྲུལ་པ་གཅིག་ཆར་སྤྲུལ་ནུས་ཞེས། །དམ་བཅས་གྱུར་པ་དེ་དང་ཅིས་མི་འགལ། །འཛམ་གླིང་གདུལ་བྱའི་དུས་ལས་ཡོལ་གྱུར་ན། །ཕྲིན་ལས་འོད་སྟོང་གསལ་བའི་ཉི་མ་ནི། །བསྟན་འཛིན་ཤར་གྱི་རི་བོའི་ཕྲག་པ་ནས། །ད་དུང་ཡང་ཡང་སྤྲོ་བ་འདི་ཀོ་ཅི། །གླིང་གཞན་འགྲོ་བའི་དོན་མ་གྲུབ་མཛད་ནས། །ཉི་མ་ཇི་བཞིན་འཁོར་བ་ཡིན་གྱུར་ན། །ཐུབ་དབང་ཉི་མ་ནུབ་ནས་སུམ་སྟོང་དང༌། །དྲུག་བརྒྱའི་བར་དུ་མི་འབྱོན་འདི་ཀོ་ཅི། །ཁྱོད་ཀྱིས་སྔོན་དུས་འཛམ་བུ་གླིང་པ་ལ། །ལྷག་པར་དགོངས་ནས་ཐུགས་མཆོག་བསྐྱེད་མིན་ནམ། །བདག་ཅག་འཛམ་གླིང་མི་རྣམས་ཕལ་ཆེ་བ། །ཅི་དགར་བོར་ནས་མགྱོགས་པར་གཤེགས་དེ་ཅི། །འོན་ཀྱང་འདི་དག་ཁྱོད་ཀྱིས་ནོངས་མིན་གྱི། །རང་ཅག་རང་གི་སྐལ་བ་ངན་པར་ཟད། །མཚན་མོའི་དེད་དཔོན་གནས་ལས་མི་གཡོ་ཡང༌། །ཆུ་གཏེར་དྭངས་པའི་དབུས་སུ་འདི་འཆར་གྱི། །མ་རུངས་རྙོག་མའི་རྫིང་བུར་མིན་དེ་བཞིན། །འོན་ཀྱང་འཛམ་བུ་གླིང་པ་ལ། །སྙིང་ནས་དགོངས་པ་ཡིན་ན་སྔོན། །འཛམ་བུའི་གླིང་དུ་མ་འཕོས་པར། །དགའ་ལྡན་གནས་དེར་བཞུགས་མཛད་ན། །བྱམས་པ་ཇི་བཞིན་ཏོག་དཀར་པོ། །ད་ལྟའི་བར་དུ་མི་བཞུགས་ཅི། །དིང་སང་འདི་ན་མི་འགའ་ཞིག །བྱམས་པའི་དྲུང་དུ་ཕྱིན་པ་ཡོད། །ཚུལ་བཞིན་བསྒྲུབས་ན་བྱམས་པ་ཡང༌། །གནས་འདིར་བྱོན་པ་དེ་ཇི་བཞིན། །ཁྱོད་ཀྱང་དགའ་ལྡན་བཞུགས་གྱུར་ན། །ཆོས་རྒྱུན་རྐང་པའི་འགྲོས་ཀྱིས་ནི། །བགྲོད་ན་ཡུལ་དེ་ཐག་མ་རིང༌། །དེ་ནས་བདུད་རྩི་རྫོགས་པར་འཐུང༌། །ཡང་ན་འཆི་བའི་དུས་ཀྱི་ཚེ། །ཁྱོད་སྐུ་ཡིད་ལ་བསམ་བྱས་ན། །ཁྱོད་དྲུང་པདྨའི་ལྟེ་བ་ལ། །རྫུས་ཏེ་སྐྱེ་བ་མ་ཡིན་ནམ། །དིང་སང་ཐུབ་པའི་དབང་པོ་ཁྱོད། །གང་ན་བཞུགས་པའི་གནས་དེ་ཡི། །ཁུངས་ཀྱང་ཁྱོད་ཀྱིས་མ་བསྟན་ན། །བདག་ཅག་སྨོན་ལམ་ཇི་ལྟར་བཏབ། །དེ་ཕྱིར་ཁྱོད་ཀྱི་མཁྱེན་རབ་དང༌། །ཐུགས་རྗེའི་ཚད་དང་མཉམ་པ་དེ། །མ་ཕམ་བྱམས་པ་ཡིན་པ་དང༌། །ཁྱོད་ཀྱིས་ཕྲག་དོག་མི་མཛད་ཅིང༌། །ཐུགས་རྗེས་རྗེས་སུ་གནང་གྱུར་ན། །དེ་ལ་སྙིང་ནས་སྐྱབས་སུ་མཆི། །དེ་ཡི་བཞུགས་པའི་གནས་དེ་ཡང༌། །འདི་ནས་ཧ་ཅང་ཐག་མི་རིང༌། །ཁྱོད་དང་མི་མཉམ་གཞན་ཞིག་ནི། །ཁྱོད་ཀྱི་ཁྲི་ལ་ག་ནས་འཁོད། །དེ་ཕྱིར་རྒྱལ་བ་བྱམས་པ་ལ། །སྙིང་ནས་གུས་པར་ཕྱག་འཚལ་ལོ། །སེམས་ཅན་ཀུན་ལ་བྱམས་པ་དང༌། །བྱང་ཆུབ་སེམས་མཆོག་བསྐྱེད་པ་དང༌། །དམ་པའི་ཆོས་ནི་འཛིན་པ་ཡི། །མཆོད་པར་བཟང་པོས་ཁྱོད་མཆོད་དོ། །མང་དུ་ཐོས་དང་ཤེས་རབ་དང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །བྱམས་པའི་ཞིང་དུ་སྐྱེའོ་ཞེས། །ཐུགས་རྗེ་ཆེ་ལྡན་ཉིད་ཀྱིས་གསུངས། །དེ་ཕྱིར་ཉི་མ་རེ་རེ་བཞིན། །རྗེ་བཙུན་མདུན་གྱི་ནམ་མཁའ་ལ། །མོས་པ་དང་ནི་གསང་སྔགས་དང༌། །ཕྱག་རྒྱས་གསལ་བར་སྤྱན་དྲངས་ནས། །ཚུལ་ཁྲིམས་ལེའུར་གསུངས་པ་ཡི། །ཆོ་གས་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་རྒྱལ་བའི་གསུང་རབ་སྤྱི། །ཁྱད་པར་བྱམས་པའི་གསུང་རབ་ལ། །ཐོས་པ་དྲི་མ་མེད་པ་ནི། །བཙལ་ཞིང་རྟག་ཏུ་བསྲུང་བར་བྱ། །ཇི་ཙམ་ནོད་པའི་ཚུལ་ཁྲིམས་ཀྱང༌། །དེ་ཙམ་ནོད་པའི་དུས་དེ་སྲིད། །དེ་ཡིས་ཉེས་པས་མ་གོས་པར། །སྲོག་བཞིན་རྟག་ཏུ་བསྲུང་བར་བྱ། །དེ་ནས་འཆི་བའི་དུས་ཀྱི་ཚེ། །རྗེ་བཙུན་ཡིད་ལ་དྲན་ཙམ་གྱིས། །སྐད་ཅིག་དེ་ལ་ཐུགས་རྗེ་ཡི། །འོད་ཟེར་བདག་གི་སྤྱི་བོར་ཞོག །རྗེ་བཙུན་ཞལ་གྱི་དཀྱིལ་འཁོར་ནི། །དག་ཅིང་གསལ་བར་མཐོང་གྱུར་ནས། །དེ་ལ་དགའ་དང་སྤྲོ་བ་དང༌། །དད་ཅིང་ངོ་མཚར་དཔག་མེད་ཀྱིས། །འདབ་སྟོང་ལྡན་པའི་ལྟེ་བ་ལ། །དག་ཅིང་གསལ་བའི་ལུས་རྫོགས་ཏེ། །ཐེག་པ་མཆོག་གི་ཆོས་ཐོས་ནས། །སྐྱེ་མེད་ཆོས་ལ་བཟོད་ཐོབ་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །རྣམ་པར་རོལ་པ་དཔག་མེད་ཀྱིས། །འབད་མི་དགོས་པར་ཞིང་རྣམས་སུ། །འགྲོ་བའི་དོན་མང་བགྱིད་པར་ཤོག །ཚེ་འདིའི་ཉིན་བྱེད་རྣམ་གཡེང་འོད་སྟོང་ཅན། །གློ་བུར་རྒས་པའི་གོས་ནག་གིས་སྒྲིབས་བཞིན། །འཆི་བདག་ནུབ་རིའི་མལ་དུ་ཉལ་བ་ན། །མངོན་པར་ཕྱོགས་ཚེ་བྱམས་མགོན་ཐུགས་རྗེ་ཡི། །འོད་དཀར་སྣང་བས་ཕྱོགས་ཀུན་གསལ་མཛད་ན། །བག་ཡོད་མལ་ནས་ལངས་ཏེ་ཚུལ་ཁྲིམས་ཀྱི། །སྨད་གཡོགས་འཇམ་པོ་ཐོས་པའི་བླ་གོས་ཅན། །ངོ་ཚ་ཤེས་པའི་སྐ་རགས་ལེགས་བསྡམས་ཏེ། །རྗེ་བཙུན་ཞབས་ལ་གུས་པར་ཕྱག་བྱས་ནས། །ཚུལ་ཁྲིམས་དག་པའི་བདུག་སྤོས་རབ་འབུལ་ཞིང༌། །གཟུངས་དང་ཏིང་འཛིན་བདུད་རྩིའི་ཞལ་ཟས་དང༌། །སྨོན་ལམ་དག་པའི་རྔ་ཆེན་བརྡུང་བར་ཤོག །ཚེ་འདིའི་ཉིན་བྱེད་ངང་པའི་དེད་དཔོན་ནི། །འཆི་བདག་ནུབ་རིའི་པད་མཚོར་ལྷུང་བ་ཡི། །རྗེ་བཙུན་ཐུགས་རྗེའི་རླུང་ཤུགས་ཆེར་གཡོས་པས། །དགའ་ལྡན་ནམ་མཁའི་ངོས་ལ་འཕུར་བྱེད་ཤོག །ཚེ་འདིའི་ཉིན་བྱེད་འཛམ་གླིང་ནུབ་ཀྱི་རི། །རྣམ་པར་སྤངས་ཚེ་སྐབས་གསུམ་དགའ་ལྡན་གྱི། །ཤར་གྱི་རི་བོའི་བ་གམ་ལ་འཛེགས་ནས། །རྗེ་བཙུན་ཞལ་གྱི་འཛུམ་མདངས་གསལ་བྱེད་ཤོག །རྣམ་དཔྱོད་བཞིན་མདངས་གསལ་བའི་སྔོ་སངས་མ། །ཚུལ་ཁྲིམས་དག་པའི་ཐུན་མཚམས་བླ་གོས་ཅན། །མང་ཐོས་ལང་ཚོ་རྒྱས་པའི་ཟུར་མིག་མས། །རྗེ་བཙུན་ཉི་ཟླའི་ཞལ་གྱི་བདུད་རྩི་ལེན། །བཤེས་གཉེན་གོང་མའི་རི་བརྒྱུད་མ་འཆད་ཅིང༌། །ཐོས་པའི་མདའ་ཡབ་ཤར་དུ་རིང་བརྩེགས་པའི། །རྣམ་དཔྱོད་རི་དབང་མཐོན་པོའི་རལ་པའི་རྩེར། །རྗེ་བཙུན་ཐུགས་རྗེའི་ཉི་མ་ཅིས་མི་འཆར། །འཆི་སྲིད་ནུབ་ཀྱི་རི་བོའི་ཀུ་མུད་ཚལ། །དད་པའི་ངང་མོ་དགོད་པའི་བསྟི་གནས་མཆོག །ཐུགས་རྗེའི་བསིལ་ཟེར་ལྷུང་པའི་ཆུ་གཏེར་དེར། །རྗེ་བཙུན་ངང་པའི་དེད་དཔོན་ཅིས་མི་འབྱོན། །འཆི་མེད་གྲུབ་པའི་བཤེས་གཉེན་འགའ་ཞིག་གི །རྣམ་དཔྱོད་པདྨོ་རབ་རྒྱས་དད་པ་དང༌། །ཐོས་པའི་ཆུ་ཀླུང་གཡོ་བའི་མཚོ་འགྲམ་དེར། །རྗེ་བཙུན་ཞལ་གྱི་དཀྱིལ་འཁོར་ཅིས་མི་འཆར། །ཞེས་ཐུགས་རྗེ་ཅན་ཐུབ་པའི་དབང་པོ་དགའ་ལྡན་གྱི་གནས་ནས་འཕོས་པ་ལ། འཕྱར་ཁ་གཏོང་བའི་ཟོལ་གྱིས་དགའ་ལྡན་གྱི་གནས་སུ་སེམས་བསྐྱེད་པ་ངང་པའི་སྒྲ་དབྱངས་ཞེས་བྱ་བ། ཡུལ་དབུས་ཀྱི་སྙན་ངགས་མཁན་མི་ཕམ་དགེས་པའི་བཤེས་གཉེན་གྱི། གཙང་གཡས་རུའི་སའི་ཐིག་ལེ་ཉུག་རྒྱལ་ཁང་གི་གཙུག་ལག་ཁང་དུ། མགྲིན་དབྱངས་སྙན་གྱི་ལོའམ། ལྕགས་མོ་ཡོས་ཀྱི་སྒྲོན་གྱིས་ཉ་བའི་ཕྱོགས་དང་པོ་ལ། མ་ཕམ་པ་ལ་ཡིད་རབ་ཏུ་དྭང་བ་དང་བཅས་པའི་ངག་གིས་གུས་པར་སྦྱར་བ་ཡིན་ནོ། །མངྒ་ལཾ།།  །། ༄༅། །ཨ་མི་ཏ་བཱ་བྷུ་ཏ། པྲ་བྷ། བི་ཤུ་དྷ། སཱུ་ཏུ་ཨུ་ནུ། མཱ་ལ་ནཱ་མ། བདེ་བ་ཅན་གྱིས་ཞིང་གི་བཀོད་པ་དང༌། སྨོན་ལམ་རྣམ་པར་དག་པ་མདོ་དང་རྗེས་སུ་མཐུན་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་བཅོམ་ལྡན་འཇམ་དཔལ་ཉིད། །རབ་ཡངས་བསིལ་ཟེར་རྒྱས་པའི་གདན་སྟེངས་ན། །མཁས་རྣམས་དགའ་བའི་ལེགས་བཤད་མགྲིན་པའི་དབྱངས། །དྲི་ཟའི་བུ་མོ་སྟོང་གི་རྒྱུད་མངས་ལ། །སྙན་པར་བསྒྱུར་ནས་ཀུན་ལ་ལེགས་འདོམས་པའི། །ཡིད་འཕྲོག་ལྷ་མོའི་ཟོལ་གྱིས་འཛུམ་ཞིང་སྒེག །ཡིད་འོང་སྙན་ངགས་སྤེལ་བས་དོན་མཐུན་ཚོགས། །མ་ལུས་དབང་དུ་བསྡུད་ལ་ཕྱག་འཚལ་ལོ། །དོན་བཟང་སྙན་ངག་འཕྲེང་བ་སྤེལ་ཤེས་པ། །དེ་དག་འཇིག་རྟེན་གསུམ་ན་ཀུན་གྱིས་བཀུར། །སྙན་ངག་ཨུཏྤལ་གསར་པའི་ཕོན་པོ་ནི། །ཕྱོགས་བྲལ་སྐྱེ་བོའི་རལ་པར་གུས་པས་ལེན། །དེ་ཕྱིར་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱི། །གསུང་དབྱངས་སྙན་པ་སྙན་ངག་ཉམས་ཀྱིས་ནི། །གུས་པས་བསྙད་དོ་བློ་མིག་བཟང་དེ་དག །དྭང་བའི་ཡིད་ཀྱིས་གྲིམས་པར་མཉན་འཚལ་ལོ། །སྔོན་ཚེ་ངུར་སྨྲིག་གསར་བའི་ཐུན་མཚམས་ཀྱི། །སྤྲིན་ཕྲེང་གཞོན་ནུའི་བླ་གོས་མདངས་ཀྱིས་ནི། །སྔོ་བསངས་ནམ་མཁའི་མཛེས་པ་འཕྲོག་བགྱིད་པའི། །རབ་བྱུང་ངང་པའི་ཚོགས་ཀྱིས་མདུན་བདར་བ། །དགེ་སློང་བློ་ལྡན་ཆོས་ཀྱི་འབྱུང་གནས་ཞེས། །སྨོན་ལམ་མགྲིན་པའི་རྔ་སྒྲ་མ་ཉམས་ཤིང༌། །སྙིང་སྟོབས་གསེར་གྱི་ཐིག་ལེའི་ཕྲེང་བ་ཡིས། །ཉེར་མཛེས་ཚོགས་གཉིས་གཤོག་ཡངས་དཀར་པོ་ཅན། །ཡོན་ཏན་པདྨོའི་ཕྲེང་བས་ལེགས་འཁྱུད་པའི། །ཞིང་བཟང་འོ་མའི་རྒྱ་མཚོ་བཟུང་བཞེད་པས། །སྟོན་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ལ། །བསྟོད་པའི་ངར་སྒྲ་སྒྲོག་ལ་ཕྱག་འཚལ་ལོ། །སྟོན་པ་དེ་ཡིས་བྱེ་བ་སྙེད་ཀྱི་ལོར། །སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་བཅུ་གཅིག་གི་ཞིང་གི་ཡོན་ཏན་ཀུན། །ལེགས་པར་བསྙད་ནས་དེ་དག་གཅིག་བསྡུས་པའི། །ཞིང་མཆོག་བཟུང་ཞེས་ཁྱོད་ལ་འདོམས་པ་ན། །སྔོན་ཆད་སངས་རྒྱས་སུས་ཀྱང་མ་སྤྲུལ་བའི། །དཔེ་བྲལ་བདེ་བ་ཅན་ཞེས་སྙན་གྲགས་པ། །སྤྲུལ་པར་ཐུགས་མཆོག་བསྐྱེད་ལ་ཕྱག་འཚལ་ལོ། །རང་ཉིད་སྤྲུལ་པའི་གཟུགས་ཀྱིས་ཚང་རྒྱ་བའི། །ཞིང་དེར་ངན་སོང་གསུམ་དང་ལྷ་མིན་གྱི། །དུག་གི་མཚོ་ཆེན་མ་སྐམ་དེ་སྲིད་དང༌། །མི་དང་བདུད་རྩིའི་ཟས་ཅན་འོ་མའི་མཚོར། །གསེར་མདོག་བླ་གོས་མདངས་ཀྱིས་བཀྲ་བ་དང༌། །མངོན་ཤེས་ལུས་མ་རྫོགས་པ་དེ་སྲིད་དུ། །ངང་པའི་རྒྱལ་པོར་འཚང་མི་རྒྱའོ་ཞེས། །དམ་བཅའི་རྔ་ཆེན་བསྒྲགས་ལ་ཕྱག་འཚལ་ལོ། །ཉམས་དགའི་ཞིང་མཆོག་བདུད་རྩིའི་ཆུ་གཏེར་དེར། །ཡིད་འོང་གདུལ་བྱ་ངང་པའི་ཁྱུ་ལྡིང་བ། །ཡང་དག་ཉིད་དུ་ངེས་པར་མ་གྱུར་དང༌། །རྒྱལ་བ་སྟོན་པ་དེ་ཡི་སྐུ་ཚེ་དང༌། །ཉན་ཐོས་འདུས་པའི་ཚོགས་ཀྱི་ཚད་དང་ནི། །ཞིང་དེའི་ལུས་ཅན་ཡོངས་ཀྱི་ཚེ་ཚད་དང༌། །རྒྱལ་དེའི་འོད་ཟེར་ཚད་དང་ལྡན་དེ་སྲིད། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཉེས་སྤྱད་མགྲིན་པའི་རྫ་རྔ་བརྡུང་བྱེད་པའི། །ལུས་ཅན་ངང་མོའི་རོལ་རྩེད་མ་སྤངས་པ། །དེ་སྲིད་ཞིང་དེ་ངང་པའི་རྒྱལ་པོ་ཡི། །ཚངས་པར་སྤྱོད་པའི་ཡིད་བཞིན་མཚོ་མིན་ཞིང༌། །རང་ཉིད་མངོན་སངས་རྒྱས་པའི་མཚན་དང་ནི། །དེ་ལ་བསྔགས་པའི་བསྟོད་དབྱངས་མེ་ཏོག་ཕྲེང༌། །ཕྱོགས་བཅུའི་རྒྱལ་བས་མི་འཛིན་དེ་སྲིད་དུ། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །རང་ཉིད་རྣམས་སངས་རྒྱས་པའི་རྒྱལ་བ་དེའི། །མཚན་བཟང་གསེར་གྱི་ཨུཏྤལ་ཕྲེང་བ་ནི། །ཞིང་གཞན་གནས་པའི་བཞིན་བཟང་གང་དག་གི །རབ་མཛེས་རྣ་བའི་རྒྱན་དུ་འཆང་དེ་དག །འཆི་བའི་དུས་ལ་བབ་ཚེ་རྒྱལ་བ་དེ། །འཁོར་ཚོགས་རྒྱ་མཚོའི་སྤྲིན་དཔུང་མཐུག་པོའི་དབུས། །བསལ་བར་མི་མཐོང་དེ་སྲིད་དེ་ལྟ་ཞེས། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་དེར་སྐྱེས་པའི་ལུས་ཅན་ངང་མོ་ཀུན། །མཚན་མཆོག་སུམ་ཅུ་གཉིས་ཀྱི་མུ་ཏིག་གི །རིན་ཆེན་རྒྱན་ཕྲེང་མ་བཏགས་དེ་སྲིད་དང༌། །ཞིང་མཆོག་བདུད་རྩིའི་ཆུ་གཏེར་ཡིད་འོང་དེའི། །སྙན་གྲགས་རྔ་སྒྲ་ཐོས་བས་ཞིང་བཟང་དེར། །འགྲོ་འདོད་ཡིད་ཀྱི་བཤོག་རྩེ་འདེགས་བྱེད་པ། །ཀུན་ཀྱང་ངང་གིས་སྐྱེ་བར་འགྱུར་དེ་སྲིད། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །རང་ཉིད་རྫོགས་སངས་རྒྱས་པའི་ཞིང་མཆོག་དེར། །སེམས་དཔའ་གང་དག་ཀུན་ཏུ་བཟང་པོ་ཡི། །སྤྱོད་པ་ངེས་པར་འབྱུང་རྣམས་མ་གཏོགས་པ། །སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཏུ། །སྐྱེ་བ་གཅིག་གིས་ཐོགས་པར་མ་གྱུར་དང༌། །ཇི་སྲིད་སོ་སོར་རིག་བཞིན་མ་ཐོབ་པ། །དེ་སྲིད་མངོན་པར་འཚང་མི་རྒྱའོ་ཞེས། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་དེའི་རྒྱལ་བའི་སྲས་རྣམས་ཞིང་གཞན་གྱི། །རྒྱལ་ལ་མཆོད་པའི་ཡོ་བྱད་ཇི་སྙེད་པ། །བསམས་མ་ཐག་ཏུ་ཆར་བཞིན་འབབ་འགྱུར་ཞིང༌། །ཉིན་རེ་བཞིན་ཡང་མཆོད་པར་སེམས་བསྐྱེད་པ། །དེ་ཚེ་ཕྱོགས་བཅུའི་སངས་རྒྱས་དེ་དག་གིས། །མཆོད་པའི་དངོས་པོ་ཐུགས་བརྩེས་ཉེར་བཟུང་སྟེ། །ཇི་སྲིད་བཞེས་པར་མ་གྱུར་དེ་སྲིད་དུ། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་དེར་སྐྱེས་པའི་ལུས་ཅན་ཐམས་ཅད་ཀྱང༌། །རྡོ་རྗེ་ལྟ་བུར་སྲ་བའི་ལུས་བཟང་དང༌། །རྒྱན་གྱི་ཁྱད་པར་ལྷ་ལས་ཕུལ་བྱུང་དང༌། །རྣམ་ཀུན་མཁྱེན་པའི་ཆོས་ཀྱི་བཀའ་མཆིད་དང༌། །སྟོང་ཕྲག་དྲུག་བརྒྱའི་ཚད་ལྡན་བྱང་ཆུབ་ཤིང༌། །འཚལ་བའི་དགེ་རྩ་ཀུན་གྱིས་མ་ཐོབ་པ། །དེ་སྲིད་ཞིང་དེར་འཚང་མི་རྒྱའོ་ཞེས། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་གཞན་གནས་པའི་སེམས་ཅན་གང་དག་གིས། །བདག་གི་མིང་ཙམ་ཐོས་ནས་དད་བྱེད་པ། །དེ་དག་ཀུན་ཀྱང་བྱང་ཆུབ་སྙིང་པོའི་བར། །བུད་མེད་དངོས་པོར་ནམ་ཡང་མི་སྐྱེ་ཞིང༌། །གཟུངས་དང་དབང་པོ་ཀུན་ཚང་ཚངས་པར་སྤྱོད། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར། །ཇི་སྲིད་མ་གྱུར་དེ་སྲིད་དེ་ལྟ་ཞེས། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་དེར་སྐྱེས་མ་ཐག་ཏུ་སེམས་ཅན་རྣམས། །བསམ་གཏན་གསུམ་པར་ཞུགས་པའི་དགེ་སློང་གི །བདེ་བ་ལས་ལྷག་མ་ཐོབ་དེ་སྲིད་དུ། །འཚང་མི་རྒྱ་ཞིང་བྱང་ཆུབ་སེམས་དཔའ་རྣམས། །སངས་རྒྱས་ཞིང་གི་བཀོད་པ་ཕུན་ཚོགས་པ། །དེ་མ་ཐོབ་དང་ཇི་ལྟར་ཉན་ཐོས་བཞིན། །དམ་ཆོས་སྒྲ་དབྱངས་མི་འབྱུང་དེ་སྲིད་དུ། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །ཞིང་གཞན་གནས་པའི་བྱང་ཆུབ་སེམས་དཔའ་ཡིས། །རང་ཉིད་རྣམ་སངས་རྒྱས་པའི་མཚན་ཐོས་པས། །ཏིང་འཛིན་སྒོ་མང་ཐོས་པར་གྱུར་པ་དང༌། །བྱང་ཆུབ་སྤྱོད་ལ་དད་པར་གྱུར་པ་དང༌། །བཟང་པོའི་རིགས་སུ་རྟག་པར་སྐྱེ་བ་དང༌། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་པ་དང༌། །སངས་རྒྱས་ཆོས་ལ་མི་ལྡོག་མིན་དེ་སྲིད། །དེ་ལྟར་དམ་བཅས་དེ་ལ་ཕྱག་འཚལ་ལོ། །དེ་ལྟར་སྙིང་སྟོབས་འགྲོས་ཀྱི་འགྱིང་སྒེག་པའི། །རྩལ་ལྡན་ཆོས་ཀྱི་འབྱུང་གནས་ངང་པའི་དབང༌། །སྨོན་ལམ་ལི་ཁྲིའི་ཐིག་ཕྲེང་མ་ཉམས་ཤིང༌། །དམ་ཆོས་མགྲིན་པའི་དྲིལ་ཆེན་སྒྲགས་བཞིན་དུ། །ཕྱིན་དྲུག་བདུད་རྩིའི་རྒྱ་མཚོ་རབ་ཡངས་པར། །རོལ་ཞིང་བརྩེ་བའི་དགའ་སྟོན་མཐར་ཕྱིན་ནས། །ད་ལྟ་བདེ་བ་ཅན་ཞེས་སྙན་སྒྲོགས་པའི། །ཞིང་དེར་རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་བརྗིད་པ་བྱི་རུའི་ལྷུན་པོ་ལ་འགོངས་ཤིང༌། །ཁྱོད་ཞལ་རྒྱས་པས་ཉི་མ་འབུམ་གྱིས་གཟི་མདངས་འཕྲོག །དཀྱུས་རིངས་སྤྱན་གྱིས་པདྨ་དམར་པོའི་དྲེགས་འཇོམས་པས། །དཔལ་ལྡན་རྒྱལ་བ་འོད་དཔག་མེད་ཅེས་གྲགས་གསལ་བ། །རྣམ་སངས་རྒྱས་ནས་ད་ལྟ་བསྐལ་ཆེན་བཅུར་ལོངས་ཤིང༌། །ད་དུང་གྲངས་མེད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཞིང་གཞན་དག་ན་བྱང་སེམས་མཛད་པས་དུས་འདའ་ཞིང༌། །ཞིང་དེར་རྒྱལ་བ་འོད་དཔག་མེད་ཀྱི་རྒྱལ་ཚབ་ཏུ། །མངོན་པར་རྫོགས་སངས་རྒྱ་བར་དམ་བཅའ་བརྟན་མཛད་པའི། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །ལ་ལར་སངས་རྒྱས་མང་པོའི་མཛོད་འཛིན་སེམས་དཔའི་ཚུལ། །གཞན་དུ་རིགས་རྣམས་ཀུན་གྱི་བདག་པོ་འཁོར་ལོ་བསྒྱུར། །དེ་ལས་གཞན་དུ་གདུག་པ་ཅན་རྣམས་ཚར་གཅོད་མཛད། །ནམ་མཁའི་སྐུ་ཅན་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །རྒྱལ་བ་སྟོན་པ་དེ་ཡི་འོད་དང་ནི། །སྐུ་ཚེའི་ཚད་དང་ཉན་ཐོས་འདུས་པའི་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བ་ན། །ཚད་བཟུང་མེད་ཅེས་འདི་ན་རྒན་པོས་གླེང༌། །སྣ་ཚོགས་རྒྱན་རྣམས་འཁྲོལ་བའི་སྔོ་སངས་མ། །ཆགས་ལྡན་ཀུན་གསལ་བུ་མོའི་གདོང་པ་ཡིས། །འོད་དམར་སྐུ་མདོག་ཡིད་འཕྲོག་མཛའ་བོའི་གདོང༌། །མཇལ་བར་ནུས་ཞེས་ལང་ཚོ་ལྡན་རྣམས་སྨྲ། །ཁྱོད་ཀྱི་འོད་ཟེར་པདྨ་དམར་པོའི་མདངས། །མཐའ་ཡས་ཤེས་བྱའི་ཕ་མཐའ་ལ་འགོངས་ན། །ཨིནྟྲ་ནཱི་ལའི་མདོག་ཅན་སྔོ་སངས་མའི། །ཟུར་མིག་ཁོར་ཡུག་མ་བརྒལ་དེ་ཀོ་ཅི། །ཁྱོད་ཀྱི་སྐུ་ཚེའི་ཚད་དང་མཉམ་པ་ཡི། །དཔེ་གཞན་སུས་ཀྱང་བཙལ་བར་མ་ནུས་ན། །ཉི་ཟླའི་མིག་ཅན་ཨནྡྷ་རྙིལ་གྱི་ནི། །ཤམ་ཐབས་བགོས་པའི་ན་ཆུང་འཇོལ་སྒེག་མཁན། །སྔོ་སངས་མ་དེའི་ཚེ་ཚད་གང་ཡིན་པ། །ཁྱོད་ཀྱི་སྐུ་ཚེའི་ཚད་ཀྱང་དེ་མིན་ནམ། །ཁྱོད་ཀྱི་ཉན་ཐོས་འདུས་པའི་ཚད་གང་དེ། །ནམ་ཡང་གྲངས་བར་མི་ནུས་ན། །ཤེས་བྱའི་གྲངས་ལས་ཉུང་བ་དེ་ཀོ་ཅི། །གྲངས་དེས་ཤེས་བྱའི་གྲངས་ལ་འགྲན་བཟོད་ན། །གྲངས་དེ་ཐམས་ཅད་མཁྱེན་པས་མི་གཟིགས་ཅི། །གཟིགས་ན་གྲངས་དེ་མེད་པ་ངོ་མཚར་ཞེས། །ཏོག་གེ་སྨྲ་བའི་སྙན་ངག་མཁན་པོ་རྣམས། །ཐེ་ཚོམ་བརྒྱ་བྱིན་གཞུའི་གུར་ན་གནས། །འོན་ཀྱང་ཡིད་གཉིས་ཟ་བས་དད་བྱེད་ན། །ཞིང་དེར་སྐྱེས་ཀྱང་པདྨོའི་མངལ་ཉིད་དུ། །ལོ་གྲངས་ལྔ་བརྒྱར་འགོག་པའི་ཆང་གི་མྱོས། །དེ་ཕྱིར་ཐེ་ཚོམ་མེད་པར་ཕྱག་འཚལ་ལོ། །ཐེ་ཚོམ་བསལ་བས་ཕྱོགས་དེར་ཕྱག་བྱེད་ན། །ཞིང་དེར་ཆུ་སྐྱེས་སེང་གེའི་ཁྲི་ཆེན་ལ། །དག་ཅིང་གསལ་བར་སྐྱེས་མ་ཐག་ཉིད་ནས། །ཆོས་ཀྱི་དགའ་སྟོན་མྱོང་བ་དེ་ཡིན་ནོ། །དེ་ཕྱིར་རྒྱལ་བ་དེའི་སྨོན་ལམ་དང༌། །འགྲོ་བ་རྣམས་ཀྱི་རྨད་བྱུང་བསོད་ནམས་ཀྱི། །བགོས་སྐལ་གྱིས་ཐོབ་ཐུགས་རྗེས་བསྒྲུབས་པའི་ཞིང༌། །ཟག་མེད་བདེ་བ་ཅན་ལ་ཕྱག་འཚལ་ལོ། །ངོ་མཚར་རྨ་བྱའི་གདུགས་མཛེས་ཇི་བཞིན་རྣམ་བཀྲའི་དངོས་ཀུན་སྤྲུལ་རློམ་ཚངས་པས་ཀྱང་ནི་སྤྲུལ་མ་ནུས་ན་གཞན་འཕྲུལ་དབང་བྱེད་བདག་པོས་སྨོས་ཀྱང་ཅི་འཚལ་དགེ་རྒྱས་བདེ་བ་བརྒྱ་ཕྲག་སྟོང་གི་ཁེངས་པ་འཕྲོག་བྱེད་ཟག་པ་མེད་པའི་བདེ་བ་ཅན། །ཡིད་འོང་སྨོན་ལམ་དང་ནི་ཐུགས་རྗེའི་ཉི་མ་འབུམ་གྱི་འོད་ཟེར་འཐུངས་པས་འོད་འབར་རིན་ཆེན་མང་པོ་ཞུ་བའི་ཐིགས་པ་གཅིག་ཏུ་འཁྱིལ་པའི་ས་གཞི་མེ་ལོང་ངོས་ལྟར་མཉམ་ཞིང་མདངས་པས་སྔོ་སངས་ཀུན་གསལ་དཔལ་མོའི་གོས་ཀྱི་མདངས་འཕྲོག་པ། །ཚོན་ཆེན་བརྒྱ་ཡི་མདངས་རབ་བཀྲ་བའི་གསེར་གྱི་ཐིག་ཕྲེང་ཤེལ་གྱི་སྐུད་པ་ལ་དྲངས་མིག་མངས་རིས་སུ་བྲེས་པས་མཛེས་མཚོན་སྣ་ཚོགས་ནོར་བུའི་ཕྲ་ཚོམ་ཉེར་སྤྲས་མནན་ན་སོར་བཞི་ཙམ་གྱིས་ནེམ་བྱེད་བཏེག་ན་དེ་ཙམ་གྱིས་ཀྱང་འཕར་བར་བྱེད། །ཡངས་ཤིང་ཐ་གྲུ་ནམ་མཁའི་རྒྱ་ཁྱོན་དང་འགྲན་ཁོར་ཡུག་ཀུན་དུ་གསེར་གྱི་ཕ་གུ་བརྩེགས་པའི་བ་གམ་མཐོན་པོས་བརྗིད་པའི་ཤེལ་དཀར་འཇམ་པོའི་ཁོར་ཡུག་གིས་བསྐོར་བར་མཚམས་དག་ན་ཡིད་འོང་ཆུ་ཀླུང་སྟོང་ཕྲག་འབབ་པའི་འབབ་སྟེགས་བརྒྱ་ལྡན་པ། །རྩེ་མོ་མཁར་ལ་རེག་ཅིང་ལོ་མའི་གུར་ཁྱམས་དཔག་ཚད་བརྒྱ་བརྒྱར་ཁྱབ་པའི་ཨིནྟྲ་ནཱི་ལའི་ཆུ་ཤིང་དང་ནི་ཨནྡྷ་རྙིལ་གྱི་ཏ་ལའི་ཕྲེང་བས་ཡོངས་བསྐོར་གསེར་གྱི་ཕྲེང་བས་བར་མཚམས་སྦྲེལ་བའི་ངོས་ལ་མུ་ཏིག་ཆུན་འཕྱང་བ། །འབྱོར་ཞིང་ལོ་ལེགས་ཉམས་དགའ་ལྷ་དང་མི་རྣམས་ཀྱིས་གང་གསེར་དངུལ་བཻཌཱུ་རྻ་དང་སྤུག་ཤེལ་མུ་ཏིག་དམར་པོ་རྡོ་ཡི་སྙིང་པོ་དག་སྟེ་རིན་ཆེན་བདུན་ལས་གྲུབ་པའི་ལྗོན་ཤིང་གིས་གང་རྒྱལ་བ་ཉིད་ཀྱིས་སྤྲུལ་པའི་བྱ་རྣམས་གསུང་སྙན་སྒྲོགས། །ཕྱོགས་རྣམས་ཀུན་དུ་སེར་བུའི་ངད་ལྡང་ལྷ་ཡི་བདུག་སྤོས་གསར་པས་དབང་པོ་སིམ་བྱེད་རིན་ཆེན་ལྗོན་པའི་མེ་ཏོག་དང་ནི་འབྲས་བུ་ས་ལ་བྲུལ་བས་གསེར་དངུལ་མུ་ཏིག་སོགས་ཀྱི་ཕྱེ་མ་གྲམ་བུར་བརྡལ་བ་ཏ་ལ་བདུན་སྲིད་ཙམ་དུ་ཁེངས། །དུས་དུས་དག་ཏུ་སྤྲུལ་པའི་སྤྲིན་རུམ་ཁྲོད་ནས་ལྷ་ཡི་རོལ་མོའི་འབྲུག་གི་རྔ་དབྱངས་སྙན་སྒྲོགས་སྤོས་ཆུ་དང་ནི་རིན་ཆེན་སྣ་བདུན་ཙནྡན་ཕྱེ་མའི་ཆར་འབེབས་གདུགས་དང་རྒྱལ་མཚན་རྣམས་གཡོ་ཀ་ཙ་ལི་ཀའི་བླ་བྲེས་བཟང་པོས་རྣམ་པར་བྲེས། །ཤེལ་དཀར་གདུགས་མཛེས་གསེར་གྱི་ཡུ་བ་ལ་བརྟེན་དངུལ་གྱི་དྲིལ་ཆུང་འཁྲོལ་བའི་ནོར་བུའི་བསིལ་ཡབ་གཡོབ་པའི་ལྷ་ཡི་བུ་མོ་མཛེས་མ་དག་ཀྱང་ལག་གཉིས་བརྐྱང་ནས་གར་བྱེད་རིན་ཆེན་མེ་ཏོག་ཅི་ཡང་འཐོར་ཞིང་ཙནྡན་དྲི་ཞིམ་ངང་གིས་ལྡང༌། །ཡུ་བའི་ཟོལ་ཅན་རྨ་བྱའི་མགྲིན་པ་མཐོན་པོས་བཏེག་པའི་རིན་ཆེན་འདབ་མ་འབུམ་ལྡན་པདྨོའི་ཁྲི་ཆེན་དཔག་ཚད་གཅིག་ནས་བཅུ་པའི་ཚད་ལྡན་དག་གི་བར་མཚམས་མེད་པར་ཁེངས་ཤིང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་རྣམ་པར་སྤྲོ། །འོད་ཀྱི་རྩེ་མོ་རེ་རེ་ལས་ཀྱང་སངས་རྒྱས་གསེར་གྱི་མདོག་ཅན་མཚན་བཟང་ལྡན་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་རེ་རེ་གསལ་བར་བྱོན་ཏེ་འཁོར་ཚོགས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཕྱོགས་བཅུ་ཀུན་དུ་གཤེགས་ནས་སེམས་ཅན་ཀུན་ལ་དམ་ཆོས་སྟོན་པར་མཛད། །ངོ་མཚར་ལྷའི་བདེ་བ་དང་ནི་གང་ལ་ཅི་དགའི་དཔལ་རབ་སྟེར་བྱེད་གཏིང་དུ་དཔག་ཚད་བཅུ་གཉིས་ཟབ་པའི་རིན་ཆེན་ནལ་གྱི་ཆུ་ཀླུང་འབུམ་ཕྲག་འཁྱིལ་ཞིང་འབབས་པའི་དབྱངས་དང་དཔག་བསམ་ལྗོན་པའི་ངོས་ནས་གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བའི་གསུང་སྙན་པོ། །འགྱུར་ཁུགས་སྟོང་གིས་ཚར་དུ་སྒྲེངས་པའི་དྲི་ཟའི་རྒྱུད་མངས་དག་ལ་ཅོ་འདྲི་བགྱིད་པའི་ཟབ་གསལ་ཆོས་ཀྱི་རྔ་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པས། །རྣ་བའི་དབང་པོ་ཚིམ་བྱེད་ཏ་མ་ལ་དང་རྒྱ་སྤོས་ཙནྡན་སྦྲུལ་གྱིས་སྙིང་པོའི་དྲི་ཞིམ་གྱིས་བསྒོས་སྤོས་ཆུ་འཁྱིལ་པའི་མཚོ་ཆེན་པདྨ་དཀར་པོའི་དྲྭ་བས་སྙོམ་པར་ཁེབས། །ཁོལ་ཁོལ་དག་ན་ངང་པ་དང་ནི་ཁྲུང་ཁྲུང་བཞད་དང་ནེ་ཙོ་ཁུ་བྱུགས་ཀ་པིང་དང་ནི་རྨ་བྱའི་མགྲིན་སྙན་ཡིད་ཀྱི་སྐྱོ་བ་སངས་པར་བྱེད། །གཞན་ཡང་གང་ལ་ཅི་འདོད་དེ་ནི་བསམས་པ་ཙམ་གྱིས་འབྱུང་སྟེ་འདོད་ལྡན་གཞན་སྤྲུལ་དབང་བྱེད་ཀྱི་འགྲན་ག་ལ་ནུས་ཏེ་ཟག་མེད་བདེ་བ་ཅན། །སྟོན་པ་དེ་ཡི་བྱང་ཆུབ་ཤིང་ནི་དཔག་ཚད་སྟོང་ཕྲག་དྲུག་བརྒྱའི་དཔངས་ཀྱིས་མཐོ་བ་དང་ལྡན་དཔག་ཚད་བརྒྱད་བརྒྱར་ཡལ་གས་རྣམ་པར་ཁྱབ་ཅིང་རྩ་བ་དཔག་ཚད་ལྔ་བརྒྱ་པ། །རྟག་པར་ལོ་མ་དང་ནི་མེ་ཏོག་འབྲས་བུ་ཆགས་པས་ཀུན་གྱི་ཡིད་འཛིན་ལྷ་དང་མི་ཡི་ནོར་བུའི་ཕྲེང་བས་རྟག་ཏུ་གཡུར་ཟ་ལྡེམ་ཞིང་ནོར་བུ་འབར་བས་མངོན་པར་བཀྲ། །གསེར་གྱི་སྐུད་པར་བརྒྱུས་པའི་རིན་ཆེན་དོ་ཤལ་དང་ནི་སེ་མོ་དོས་མཛེས་བཀྲ་ཤིས་གཡུང་དྲུང་འཁྱིལ་པས་བརྒྱན་པའི་མུ་ཏིག་སྔོ་དམར་བསྟར་ལ་བརྒྱུས་པའི་རྒྱན་ཕྲེང་རྣམ་པར་གཡོ། །སེང་གེ་དང་ནི་ཆུ་སྲིན་ཁ་ནས་འཕྱང་བའི་རིན་ཆེན་དྲྭ་བ་དྲྭ་ཕྱེད་དང་བཅས་གཡེར་ཁའི་གསུང་སྙན་གྱིས་ནི་ཕྱོགས་ཀྱི་མགྲོན་པོ་འབོད་ཅིང་མ་ལུས་དབང་དུ་སྡུད་པར་བྱེད། །ལྗོན་ཤིང་དེའི་ཡོན་ཏན་རྣམ་དྲུག་པོ། །གང་གིས་དབང་པོ་དྲུག་གིས་ཉམས་མྱོང་ན། །ཟག་པ་མེད་པའི་བདེ་བ་དྲུག་སྐྱེད་ཅིང༌། །ཕྱིར་མི་ལྡོག་ཅིང་མངོན་ཤེས་དྲུག་སྐྱེད་པའོ། །དེ་ལྟར་ཇི་སྐད་ཐོས་མ་ཐག་པ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་དྲན་པ་སྔོན་དུ་སོང་སྟེ་འདི་ནས་ནུབ་ཀྱི་ཕྱོགས་རོལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གི་ཕ་རོལ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་དག་དང་ཉན་ཐོས་ཀྱི་ཚོགས་གྲངས་མེད་པ་དག་གིས་ཡོངས་སུ་བསྐོར་ཏེ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བཞུགས་པའི་ཞབས་ལ་ཇི་ལྟར་འཕགས་པ་ཀུན་དགའ་བོས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བར་མཛད་པ་དེ་བཞིན་དུ། བདག་ཀྱང་ཕྱག་འཚལ་ལོ་མཆོད་པ་འབུལ་ལོ། །དགའ་བ་དང་སྤྲོ་བ་དང་དད་པ་དང་མོས་པ་དང་རྗེས་སུ་ཡིད་རང་བར་བགྱིའོ། །ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ན་བཞུགས་པའི་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་མཚན་ཡང་དག་པར་འཛིན་ཅིང་བསྔགས་པ་བརྗོད་པར་མཛད་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་དེའི་མཚན་ཡང་དག་པར་བཟུང་བར་བགྱིའོ། །བཅོམ་ལྡན་འདས་དེ་ལ་དགའ་བ་དང་སྤྲོ་བ་དང་དད་པ་དང་མོས་པ་དང་རྗེས་སུ་ཡི་རང་བར་བགྱིའོ། །ཇི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དེ་དག་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་ལ་ལྟ་བ་དང༌། ཕྱག་བགྱི་བ་དང༌། བསྙེན་བཀུར་བ་དང༌། ཆོས་ཀྱི་གཏམ་ཡོངས་སུ་དྲི་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འདེབས་པར་མཛད་པ་དེ་བཞིན་དུ། བདག་ཀྱང་འཇིག་རྟེན་གྱི་ཁམས་དེར་སྐྱེ་བའི་སྨོན་ལམ་བཏབ་པར་བགྱིའོ། །འཇིག་རྟེན་གྱི་ཁམས་དེ་ལ་དགའ་བ་ལ་སོགས་པར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་ཡོན་ཏན་གྱི་བཀོད་པའི་ཆོས་ཀྱི་རྣམ་གྲངས་བཟུང་བ་དང༌། བཅང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བགྱིད་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང༌། དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་ལ་སོགས་པ་དེ་ལྟར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་ལ་སོགས་པ་དེ་ལྟར་བགྱིའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ལ་སོམ་ཉི་མི་མངའ་བ་དེ་བཞིན་དུ་བདག་ཀྱང་དེ་ལ་སོམ་ཉི་མི་ཟ་བར་དགའ་བར་བགྱིའོ། །སྤྲོ་བ་དང་དད་པ་ལ་སོགས་པར་བགྱིའོ། །ཇི་ལྟར་ཞིང་དེའི་ཡོན་ཏན་གྱི་བཀོད་པ་ལ་ཐེ་ཚོམ་ཟ་བཞིན་དུ་སྨོན་ལམ་འདེབས་པར་བྱེད་པ་དེ་དག་ནི་ལོ་གྲངས་ལྔ་བརྒྱའི་བར་དུ་པདྨའི་མངལ་དུ་གནས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང༌། དམ་པའི་ཆོས་ཐོས་པ་དང༌། ཆོས་ཀྱི་སྒོ་མང་པོ་འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་མི་འཐོབ་པ་དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་འབད་པར་བྱའོ། །ཐེ་ཚོམ་བསལ་བར་བགྱིའོ། །སོམ་ཉི་ལས་བརྒལ་བར་བགྱིའོ། །ཡིད་གཉིས་སུ་མི་འགྱུར་བར་བགྱིའོ། །ཇི་ལྟར་འཕགས་པ་ཀུན་དགའ་བོས་བདེ་བ་ཅན་གྱི་ཞིང་ལྟ་བར་འཚལ་ལོ་ཞེས་ཚིག་ཏུ་བརྗོད་པ་ཙམ་གྱིས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཕྱག་གི་མཐིལ་ནས་འོད་རབ་ཏུ་ཀྱེ་བ་མཛད་དེ། །མི་མཇེད་འཇིག་རྟེན་གྱི་ཁམས་པ་ཐམས་ཅད་ཀྱིས་བདེ་བ་ཅན་གྱི་ཞིང་མངོན་སུམ་དུ་མཐོང་བར་མཛད་པ་དེ་བཞིན་དུ། བདག་ཀྱང་བསམ་པ་ཐག་པ་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེའི་ཡོན་ཏན་གྱི་བཀོད་པ་ལྟ་བར་འཚལ་ལོ། །དེ་ལྟ་བ་ལ་དགའ་བ་ལ་སོགས་པར་བགྱིའོ། །དེ་ལྟར་བཅོམ་ལྡན་འདས་དེ་དང༌། དེའི་ཞིང་གི་ཡོན་ཏན་གྱི་བཀོད་པ་ལ་དགའ་བ་དང༌། སྤྲོ་བ་དང༌། དད་པ་དང༌། དང་བ་དང༌། མོས་པ་དང༌། ཡི་རང་བ་དང༌། སོམ་ཉི་སྤོངས་པ་དང༌། ཞིང་དེར་སེམས་བསྐྱེད་པའི་དགེ་བ་ཁྱད་པར་དུ་འཕགས་པ་འདི་དང༌། གཞན་ཡང་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ་གང་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་སྡོམ་པའི་མཐུ་དང༌། ཁྱད་པར་དུ་ཡང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱི་མཐུ་ལ་བརྟེན་ནས། གང་གི་ཚེ་བདག་འཆི་བའི་དུས་ཉེ་བར་བྱུང་བ་དེའི་ཚེ། རྒྱལ་བ་འོད་དཔག་ཏུ་མེད་པ་འཁོར་ཚོགས་རྒྱ་མཚོའི་ཚོགས་ཀྱི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བ་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་མཐོང་བར་གྱུར་ཅིག དེ་ལ་དམིགས་པའི་དད་པ་མི་ཕྱེད་པ་དང༌། དཀོན་མཆོག་མངོན་པར་རྟོགས་པ་དང༌། ཆོས་སོ་སོར་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། སེམས་ཅན་ལ་དམིགས་པའི་བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པར་གྱུར་ཅིག རྒྱལ་བ་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་བདེ་བ་ཅན་དུ་འགྲོ་བའི་ལམ་མངོན་སུམ་དུ་མཐོང་ནས་དེ་དག་གི་རྫུ་འཕྲུལ་གྱི་མཐུ་ལས་བདེ་བ་ཅན་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག དེ་ནས་སྐད་ཅིག་དེ་ཉིད་ལ་འདབ་མ་འབུམ་དང་ལྡན་པའི་པདྨའི་ལྟེ་བ་ལ་སྐྱིལ་ཀྲུང་བཅས་བཞིན་དུ་བརྫུས་ནས་སྐྱེས་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ལུས་ཡོངས་སུ་རྫོགས་པ། དབང་པོ་རྣོ་བ་དབང་པོ་རྣམས་ཡོངས་སུ་མ་ཉམས་པ་ཀུན་ཤེས་པའི་དབང་པོ་དང་ལྡན་པ། མ་ཞུམ་པ་དབང་པོ་མི་གཡོ་བ་ཐོབ་ནས་དེ་མ་ཐག་ཏུ་རྒྱལ་བ་སྲས་དང་བཅས་པའི་ཞལ་མངོན་སུམ་དུ་མཐོང་སྟེ། དམ་པའི་ཆོས་ཉན་པ་དང༌། འབེལ་བའི་གཏམ་གྱི་ཆོས་རྣམ་པར་ངེས་པ་ཐོབ་པར་གྱུར་ཅིག མངོན་པར་ཤེས་པ་ལྔ་དང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཅིག སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ཅིག སྔ་དྲོ་རེ་རེ་བཞིན་ཡང་ཇི་ལྟར་འདོད་པ་བཞིན་རང་གི་ལག་པ་ནས་མེ་ཏོག་མངོན་པར་བཀྲ་བ་དང༌། བདུག་སྤོས་དྲི་ཞིམ་པོ་དང་མར་མེ་མདངས་གསལ་བ་དང༌། ཕྲེང་བ་མཚར་དུ་དངར་བ་དང༌། བྱུག་པ་དང༌། ཕྱེ་མ་དབང་པོ་རབ་ཏུ་ཚིམ་པར་བྱེད་པ་དང༌། གོས་རབ་ཏུ་འཇམ་ཞིང་འཁྲིལ་བག་ཆགས་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་མངོན་པར་མཐོ་བ་དང༌། སིལ་སྙན་དང༌། གླུ་དབྱངས་རབ་ཏུ་སྙན་ཅིང་ཡིད་དུ་འོང་བ་དང༌། རོལ་མོའི་སྒྲ་ལྷུན་སྟུག་ཅིང་བྱིན་ཆགས་པ་དག་སེམས་བསྐྱེད་མ་ཐག་ཏུ་འབྱུང་སྟེ། འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་བཅོམ་སྡན་འདས་དེ་དག་ལ་མཆོད་པ་དམ་པ་བྱེད་པར་གྱུར་ཅིག མཆོད་པའི་དངོས་པོ་དེ་དག་ཀྱང་མཆོད་ཡུལ་དེ་དག་རང་རང་གི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་པ་བརྩེགས་པའི་གདུགས་ཀྱི་དབྱིབས་ཅན་དཔག་ཚད་བརྒྱ་སྟོང་གི་ཚད་དང་ལྡན་པར་གྱུར་ཏེ། ཡུན་རིང་དུ་ས་ལ་མི་ལྟུང་བར་གྱུར་ཅིག དེ་ལྟར་འཇིག་རྟེན་གྱི་ཁམས་གཞན་གྱི་སངས་རྒྱས་མུ་མེད་པ་དག་ལ་བསྙེན་བཀུར་ཅིང་དགེ་བའི་རྩ་བ་བསྐྱེད་ནས། སྔ་དྲོ་དེ་ཉིད་ལ་སླར་ལོག་སྟེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཉིད་དུ་འཁོད་དེ། རྒྱལ་བ་འོད་དཔག་ཏུ་མེད་པ་སྲས་དང་བཅས་པ་ལ་དེ་ལྟ་བུའི་མཆོད་པས་མཆོད་ནས་མཉེས་པར་བྱེད་ནུས་པར་གྱུར་ཅིག དེ་ནས་རྒྱལ་བ་འོད་དཔག་ཏུ་མེད་པས་ཞལ་གྱི་སྒོ་ནས་འཛུམ་པ་མཛད་པས་འོད་ཟེར་བྱེ་བ་ཕྲག་ཁྲིག་སུམ་ཅུ་རྩ་དྲུག་བྱུང་སྟེ་འཇིག་རྟེན་གྱི་ཁམས་མང་པོར་ཁྱབ་པར་མཛད་པར་གྱུར་ཅིག གཞན་ཡང་ཞིང་ཁམས་དེར་སྐྱེས་མ་ཐག་ཏུ་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་ཐམས་ཅད་རང་གི་ངང་གིས་ཉེ་བར་ཞི་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱོད་པ་ལ་གཞན་གྱི་དྲིང་མི་འཇོག་པའི་ཡེ་ཤེས་ཀྱི་མངོན་པར་འཕགས་པའི་ཡེ་ཤེས་རི་རབ་དང་མཚུངས་པ་ཐོབ་པར་གྱུར་ཅིག མི་འཁྲུགས་པའི་བློ་གྲོས་རྒྱ་མཚོ་ལྟ་བུ་དང༌། འོད་ཆེར་གསལ་ཞིང་དག་པའི་ཤེས་རབ་གསེར་བཙོ་མ་ལྟ་བུ་དང༌། འོད་ཟེར་སྟོང་ཕྲག་དུ་མའི་འབྱུང་གནས་སུ་གྱུར་པའི་ཤེས་རབ་ཉི་ཟླ་ལྟ་བུ་ཐོབ་པར་གྱུར་ཅིག ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པ་ས་དང་མཚུངས་པ་དང་ཉོན་མོངས་པའི་དྲི་མ་འཁྲུད་པར་བྱེད་པ་འབབ་ཆུ་དང་འདྲ་བ་དང༌། རྟོག་པ་ཐམས་ཅད་བསྲེག་པར་བྱེད་པའི་ཤེས་རབ་མེ་ལྟ་བུ་ཐོབ་པར་གྱུར་ཅིག ཆོས་དང་ཆོས་མ་ཡིན་པ་མངོན་པར་བསྒྲོགས་པའི་ཤེས་རབ་འབྲུག་གི་སྒྲ་ལྟ་བུ་དང༌། ཆོས་ཀྱི་ཆུ་བོ་རྣམ་པར་འབེབས་པའི་ཤེས་རབ་རྒྱ་མཚོ་ལྟ་བུ་དང༌། ཚོགས་ཆེན་པོ་ཟིལ་གྱིས་གནོན་པ་ལ་མཁས་པའི་ཤེས་རབ་ཁྱུ་མཆོག་དང་མཚུངས་པ་ཐོབ་པར་གྱུར་ཅིག མཆོག་ཏུ་དུལ་བའི་ཤེས་རབ་གླང་པོ་ཆེ་ལྟ་བུ་དང༌། ཤིན་ཏུ་དུལ་བའི་ཤེས་རབ་རྟ་ཅང་ཤེས་ལྟ་བུ་དང༌། འཇིགས་པ་མེད་པའི་ཤེས་རབ་རི་དྭགས་ཀྱི་རྒྱལ་པོ་དང་མཚུངས་པ་ཐོབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་སྙིང་རྗེ་ནྱ་གྲོ་ཏའི་རྒྱལ་པོ་ལྟ་བུ་དང༌། ལོག་པར་སྒྲུབ་པའི་རླུང་གིས་མི་བསྐྱོད་པའི་སྙིང་རྗེ་རི་རབ་ལྟ་བུ་དང༌། ཡུལ་ཚད་མེད་པ་ལ་ཁྱབ་པའི་སྙིང་རྗེ་ནམ་མཁའ་དང་མཚུངས་པ་ཐོབ་པར་གྱུར་ཅིག དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་སྙིང་རྗེ་ཚངས་པ་ཆེན་པོ་ལྟ་བུ་དང༌། ཞེ་སྡང་གི་སྦྲུལ་འཇོམས་པའི་སྙིང་རྗེ་ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུ་དང༌། རྙེད་པར་དཀའ་བའི་སྙིང་རྗེ་ཨུ་དུམ་ཝ་རའི་མེ་ཏོག་དང་མཚུངས་པ་ཐོབ་པར་གྱུར་ཅིག གཞན་ཡང་རྟག་ཏུ་དུལ་ཞིང་མཉམ་པར་བཞག་པ་དང༌། དབང་པོ་རྨུགས་པ་མེད་པ། བཟོད་པ་དང་དེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་མེད་པ་དང༌། ཆོས་རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ་དང༌། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ། ཐོས་པ་ཡོངས་སུ་ཚོལ་བས་མི་ངོམས་པ་གླང་པོ་ཆེའི་རྒྱལ་པོ་ལྟ་བུར་གྱུར་ཅིག ཚུལ་ཁྲིམས་རྣམ་པར་དག་པ་བཻཌཱུརྻའི་རྒྱལ་པོ་ལྟ་བུ་དང༌། ཐོས་པ་ཟད་མི་ཤེས་པ་རིན་པོ་ཆེའི་འབྱུང་གནས་ལྟ་བུར་གྱུར་ཅིག གཞན་ཡང་འགྲོ་བ་ཐམས་ཅད་ལ་ཉེ་རིང་མེད་པར་སྙོམས་པ་དང༌། ཆོས་དང་ཟང་ཟིང་གི་དགོས་སྐལ་ཡང་དག་པར་འགྱེད་པ་ལ་མཁས་པ་དང༌། བརྟན་པ། དཔའ་བ། ངོ་ཚ་ཤེས་པ། འགྲོགས་ན་བདེ་བ། འཇིག་རྟེན་གསལ་བར་བྱེད་པ། མངོན་པར་ཤེས་པ་རྣམ་པར་རྩེན་པ། སྨོན་ལམ་གྱི་སྟོབས་ཅན། ང་རྒྱལ་གྱི་ཟུག་རྔུ་བཏོན་པ། རྒྱལ་བས་བསྔགས་པ། སྦྱངས་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ། བརྟུལ་ཕོད་པ། སྲན་ཐུབ་པ། འདུས་པ་རྒྱ་ཆེ་བ། ཁྱུ་མཆོག་ཏུ་གྱུར་པ། བདེན་པར་སྨྲ་བ། དྲན་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། རྟོགས་པ་དང་ལྡན་པ། ཤེས་རབ་ཀྱི་མཚོན་ཆ་དང་ལྡན་པ། བསོད་ནམས་དང་ལྡན་པ། ཆོས་ལ་རྟག་ཏུ་བརྩོན་པ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐོས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཅིག དེ་ལྟར་གྱུར་ནས་ཆོས་ཀྱི་རྔ་ཆེན་པོ་བརྡུང་བ་དང༌། ཆོས་ཀྱི་དུང་ཆེན་པོ་འབུད་པ་དང༌། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་དང༌། ཆོས་ཀྱི་བ་དན་ཆེན་པོ་འཕྱར་བ་དང༌། ཆོས་ཀྱི་སྒྲོན་མ་ཆེན་པོ་སྦར་བར་བྱེད་པ་ལ་མཚུངས་པ་མེད་པ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལྟ་བུ་ཐོབ་པར་གྱུར་ཅིག མདོར་ན་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པའི་མདོ་སྡེ་རྗེས་སུ་ཐོས་ཤིང་ཚུལ་བཞིན་དུ་སེམས་པ་ལ་བརྟེན་ནས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་ཡིད་ཆེས་པའི་དད་པ་བརྟན་པོ་ཐོབ་པའི་སྟོབས་དང༌། དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་ཞིང་རྣམ་པར་དག་པ་དེར་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་འདེབས་པའི་འདུན་པའི་སྟོབས་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྟོབས་དང༌། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྟོབས་དང༌། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཐུགས་རྗེ་རྣམ་པར་དག་པའི་སྟོབས་དང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་རྗེ་དང༌། སྔོན་གྱི་སྨོན་ལམ་རླབས་པོ་ཆེ་ཇི་ལྟར་བཏབ་པའི་མཐུ་དང་བྱིན་གྱིས་བརླབས་ཀྱི་སྟོབས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱི་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག སྨོན་ལམ་མཐར་ཕྱིན་ཚེ་དཔག་མེད་མགོན་གྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམ་གསུམ་པོ། །སྤྲུལ་པའི་གཟུགས་ཀྱི་སྲས་བཅས་རྒྱལ་བ་ཡི། །རྣམ་རོལ་བདེ་བ་ཅན་དེའི་བཀྲ་ཤིས་ཤོག །ཡེ་ཤེས་ཀུན་གྱི་མཛོད་མངའ་འོད་དཔག་མེད། །མཐའ་ཡས་ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །མ་ལུས་བདུད་སྡེའི་དཔུང་འཇོམས་མཐུ་ཆེན་ཐོབ། །སྲས་བཅས་རྒྱལ་བ་ཡོངས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་གསུང་ལ་ཐོས་པས་མ་ངོམས་ཤིང༌། །སྙན་དངགས་ཉམས་ཀྱི་ཕྲེང་བ་སྤེལ་ཤེས་པའི། །ཐུབ་པའི་རྗེས་འཇུག་སྡོམ་བརྩོན་དཔྱོད་ལྡན་ཞིག །ངོ་མཚར་ཞིང་ཁམས་དེ་ལ་དེ་ལྟར་དང༌། །དགའ་ལྡན་དགའ་འམ་བདེ་བ་ཅན་པ་བདེ། །བྱམས་པ་བྱམས་བསམ་དགྱེས་པ་བསྐྱེད་མཛད་དགྱེས། །དགའ་ལྡན་དགའ་ཡང་བདེ་བ་ཅན་པ་བདེ། །བྱམས་པ་བྱམས་མོད་དགའ་བ་བསྐྱེད་མཛད་དགའ། །བདེ་ཕྱིར་འགྲོའོ་འགྲོ་ཕྱིར་བདེ། །དགའ་ན་སྨོན་ནོ་སྨོན་ན་དགའ། །སྐྱེ་ན་དགའ་འོ་དགའ་ན་སྐྱེ། །མཐོང་ན་བདེའོ་བདེ་ན་མཐོང༌། །མཇལ་ན་དད་དོ་དད་ན་མཇལ། །སྤྲོ་ན་སྟོན་ནོ་སྟོན་ན་སྤྲོ། །མོས་པ་ཡོད་དོ་ཡོད་པ་མོས། །རངས་ལ་མགུའོ་མགུ་ལ་རངས། །སྣང་བཞིན་སྟོང་ངོ་སྟོང་བཞིན་སྣང༌། །རྟེན་བཞིན་འབྱུང་ངོ་འབྱུང་བཞིན་རྟེན། །དེ་ཕྱིར་ཞིང་དེར་དགའ་བ་དང༌། །བདེ་དང་དད་ལ་སོགས་པ་དང༌། །སྣང་སྟོང་ཟུང་དུ་འཇུག་པ་ཡི། །ཤེས་རབ་གང་ལ་ཡོད་གྱུར་པའི། །མི་དེ་ཐེ་ཚོམ་མི་ཟ་ན། །བདེ་བ་ཅན་ཞིང་ཐག་མི་རིང༌། །དགྱེས་པ་བསྐྱེད་མཛད་བསྙད་པ་དེ། །བཅོམ་ལྡན་འདས་འོད་དཔག་མེད་པའི་མཚན། །མདོག་དམར་དེ་མདོག་དམར་ཏེ་རྒྱལ་བའི་སྐུ། །དབྱངས་སྙན་དེ་དབྱངས་སྙན་ཏེ་རྒྱལ་བའི་གསུང༌། །ཕན་དགོངས་དེ་ཕན་དགོངས་ཏེ་རྒྱལ་བའི་ཐུགས། །ཀུན་མཁྱེན་དེ་ཀུན་མཁྱེན་དེ་ལ་ཕྱག་འཚལ། །ལོངས་སྤྱོད་ཡོངས་རྫོགས་མགོན་པོ་འོད། །དཔེ་མེད་ཡེ་ཤེས་བརྙེས་ཏེ་ཚེ། །ཕུལ་བྱུང་སྤྲུལ་སྐུ་ཀུན་ཏུ་འབྱུང༌། །ཉིད་ཀྱི་མི་འཇིགས་སྦྱིན་ཉིད་ཀྱིས། །བདག་ཅག་སྐལ་བ་བཟང་བར་བྱས། །ཞལ་རས་མདངས་གསལ་དབྱངས་ཅན་མ། །དགའ་བས་ཆགས་དང་ལྡན་པ་དང༌། །མངལ་མདངས་གང་བ་འཇམ་དཔལ་དབྱངས། །གདམས་ངག་གདམས་པར་འཆད་པ་དང༌། །གཞན་ཡང་ལྷ་དང་ལྡན་པ་དང༌། །སྙན་དངགས་མཁས་པར་བྱས་པ་དང༌། །བལྟས་པ་རབ་མང་བསགས་པ་ལས། །སྦྱར་བར་བྱས་པ་ལགས་པར་འཚལ། །ཞེས་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དང༌། སྨོན་ལམ་རྣམ་པར་དག་པ་མདོ་དང་མཐུན་པར་བརྗོད་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་ཡུལ་དབུས་ཀྱི་སྙན་དངགས་མཁན་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་མགྲིན་སྙན་དབྱངས་ཀྱི་ལོ་ཞེས་པ། ལྕགས་མོ་ཡོས་ཀྱི་ལོ་ས་གས་ཉ་བའི་ཕྱོགས་དང་པོའི་དགའ་བ་དང་པོ་ལ་ཤངས་བདེ་བ་ཅན་གྱི་གཙུག་ལག་ཁང་དུ་སྦྱར་བ་ཡིན་ནོ། །དངོས་ཀུན་སྤྲུལ་རློམ་མངོན་པའི་ང་རྒྱལ་ཅན། །འཇིག་རྟེན་མེས་པོས་སྣོད་བཅུད་མ་ལུས་པ། །རང་གིས་སྤྲུལ་ཞེས་སྨྲས་པ་གསལ་བར་རྫུན། །བདེན་ན་འདི་འདྲའི་ཞིང་ཁམས་མི་སྤྲུལ་ཅི། །དེ་བཞིན་འདི་ན་མཁས་འདོད་ང་རྒྱལ་ཅན། །བླུན་པོས་སྨྱོ་ཆུ་བླུད་པའི་རྡོལ་ཐབས་ཀྱིས། །ང་མཁས་མང་དུ་སྒྲོག་པ་གསལ་བར་རྫུན། །གལ་ཏེ་བདེན་ན་འདི་ལ་འགྲན་བཟོད་པའི། །ལེགས་བཤད་འགའ་ཞི་རྩོམ་པར་མི་བྱེད་པའི། །བོད་ཀྱི་ཚིག་སྦྱོར་སྙན་པའང་མི་ཤེས་ན། །རྒྱན་དང་མངོན་བརྗོད་སྨོས་ཀྱང་ཅི་འཚལ་བའི། །ཁུངས་མེད་རྡོ་རྗེའི་ཚིག་སྦྱོར་ལྷུར་བྱེད་པས། །རབ་མང་ཡི་གེའི་སྦྱོར་བ་ཨེ་མ་མཚར། །ཆུ་བྱའི་སྐད་དང་ཝུ་བའི་ཆལ་ཆིལ་གྱིས། །ཡིད་བཞིན་རྒྱ་མཚོ་མཚོན་པ་མ་ཡིན་གྱི། །ངང་པའི་གདངས་དབྱངས་གདེངས་ཅན་དབང་པོ་ཡིས། །ཡིད་བཞིན་རྒྱ་མཚོའི་གྲངས་སུ་འཇོག་དེ་བཞིན། །ཁུངས་མེད་ཚིག་གི་ཕྲེང་བ་ཉེར་སྤེལ་བས། །མཁས་པའི་གྲངས་སུ་མཚོན་པར་ག་ལ་ནུས། །སྙན་དངགས་དབྱངས་ཀྱི་བསྟན་བཅོས་རྩོམ་ཤེས་ན། །མཁས་པའི་རྒྱ་མཚོར་ཀུན་གྱིས་བཀུར་བ་ཡིན། །ཞེས་ཀྱང་རྗེས་སུ་བརྗོད་པ་ཡིན་ནོ། །སྟོན་པ་དེ་ཡི་ཞིང་ཁམས་ནི། །བདེ་བ་ཅན་ཞེས་སྙན་སྒྲོགས་པའི། །སྙན་གྲགས་གསེར་གྱི་རྣ་ཆ་ནི། །དཔྱོད་ལྡན་ཡོངས་ཀྱི་རྣ་བར་འཆང༌། །སྙན་དངགས་གསེར་གྱི་སྐུད་པ་ལ། །ཡོན་ཏན་མུ་ཏིག་ཕྲེང་བ་རྣམས། །ཚིག་རྒྱན་ནོར་བུའི་ཚོམས་བཀོད་པ། །ཀུན་གྱི་མགྲིན་པར་འཛིན་བྱེད་ཤོག །འདི་ལ་ཁ་བཏོན་དུ་བྱ་བ་རྣམས་ཀྱིས། དེ་ལྟར་ཞེས་པ་ནས། ལུང་བསྟན་པའི་བར་ཙམ་ཅིག་འདོན་པར་བྱའོ། །སྭ་སྟི་སིདྡྷཾ། འཆད་པ་མཁས་པ་འཆད་ཅིང་ཐོས། །རྩོད་པ་བཟང་བ་རྩོད་ཅིང་བསམ། །རྩོམ་ལ་འགྲན་པ་རྩོམ་ཞིང་བསྒོམ། །འཆད་ཅིང་རྩོད་ཅིང་རྩོམ་ན་མཁས། །བཤད་ན་གོ་ན་བཤད་པས་ཤེས། །རྩོད་ན་འོས་པ་རྩོད་ན་རྩོད། །འཆད་ན་དགའ་ན་བཤད་ཙམ་ཆོག །རྩོད་ན་བཟོད་ན་རྩོད་པས་རྒོལ། །རྩོམ་པ་བྱེད་པ་ཐོས་མང་ཆོས། །རྩོམ་ལ་དགའ་ན་ཐོས་པ་དགོས། །ཆོས་པ་འདི་དག་བྱེད་པ་དགེ །ཆོས་པ་སྒྲུབ་པ་བྱེད་པ་ཡིན། །ཞེས་པ་དཀའ་བའི་རྒྱན་གྱི་རྣམ་གྲངས་བཀོད་པའོ།།  །།མངྒ་ལཾ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*