༄༅། །བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་གསུམ་ངོ་སྤྲོད།

 གཙུག་ལག་ཁང་མདུན་གྱི་རྡོ་རིང་། ༼ རྒྱ་བོད་མཐུན་འབྲེལ་རྡོ་རིང་། ༽

    ཐང་ཁྲང་ཡོན་ལོ་དང་པོ་དང་ལོ་གཉིས་པ་སྟེ་བོད་ཆེན་པོའི་སྐྱིད་རྟག་ལོ་བདུན་པ་དང་བརྒྱད་པ་སྤྱི་ལོ 821-822ཐང་བོད་བར་ཕོ་ཉ་མངགས་ནས་ཁྲང་ཨན་དང་ལྷ་སར་མཇལ་འདུམ་ཆེན་པོ་བྱས། ལོ་རྒྱུས་སུ་ཁྲང་ཆིན་མནའ་འབྲེལ་དང་དབོན་ཞང་མནའ་འབྲེལ་ཞེས་འབོད། ལོ་གསུམ་པར་ཐང་བོད་ཕྱོགས་གཉིས་ཀྱིས་ཁྲང་ཨན་དང་ལྷ་སར་རྡོ་རིང་དུ་ཡི་གེ་བརྐོས་ནས་ནམ་ཞར་མི་འགྱུར་བར་བྱས། ཡི་གེར་ཐང་བོད་རྒྱལ་བོ་རིམ་བྱོན་རིང་གི་མཛའ་འབྲེལ་ནན་བཤད་དང་ཁྱིམ་མཚེས་མཉམ་མཐུན་དགོས་པའི་ཐུན་མོང་གི་རེ་འདོད་བསྟན་ནས། སླར་ཐང་བོད་ཕྱོགས་གཉིས་སོ་སོར་དབང་བའི་ཡུལ་དང་ས་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ནི་རྒྱའི་ས་ཆ་དང་ནུབ་ཕྱོགས་ཐམས་ཅད་ནི་བོད་ཆེན་པོའི་ས་ཆ་ཡིན་པ། ཕན་ཚུན་དགྲར་མི་ལངས་པ་དང་། དམག་མི་འདྲེན་པ། ས་ཆ་མི་འཕྲོག་པའི་དམ་བཅོས། མཇུག་ཏུ་ཐང་བོད་ཕྱོགས་གཉིས་ཆབ་སྲིད་གཅིག་ཏུ་མཐུན་ཞིང་། འདུམ་འགྲིག་ཆེན་པོ་འདི་ལྟར་མཛད་པས་དབོན་ཞང་གཉིས་ཕན་ཚུན་དགའ་བའི་འཕྲིན་བཟང་ཡང་ཕར་ཚུར་གཏོང་རེས་བྱེད་དགོས་པའི་རེ་བ་བཏོན། རྡོ་རིང་གི་ཡི་གེ་ནི་བོད་གནའ་བོའི་སྲིད་འཛིན་དང་རིགས་རུས། སྐད་ཆ། ཐང་བོད་བར་གྱི་འབྲེལ་བ་བཅས་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན།
    རྡོ་རིང་དེ་ལྷ་སའི་གཙུག་ལག་ཁང་མདུན་དུ་ཡོད་པ་དང་། རྡོ་རིང་གི་རྩེ་མོ་ཆར་ཁེབས་དང་ཏོག་ཞབས་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ཡིག་འབྲུ་རེ་འགའ་སུབ་པ་ལས་བོར་བརླག་ཅི་ཡང་བྱུང་མེད། རྡོ་རིང་གི་ཤར་ངོས་བོད་ཡིག་རྐྱང་བ་དང་། བོད་རྒྱལ་རིམ་བྱོན་གྱི་ཆོས་སྲིད་ཀྱི་མཛད་པ་མདོར་བསྡུས་སུ་བཀོད་ཡོད། ནུབ་ངོས་སུ་འདུམ་འགྲིག་གི་གཞུང་ཡིག་དངོས་རྒྱ་བོད་ཤན་སྦྱར་དུ་བཀོད་ཡོད། ལྷོ་བྱང་གཉིས་སུ་ཆིངས་འགྲིག་ལ་ཞུགས་པའི་རྒྱ་བོད་དཔོན་སྣ་བོད་ཕྱོགས་ཀྱི་བཅུ་བདུན་དང་། ཐང་ཕྱོགས་ཀྱི་བཅོ་བརྒྱད་ཀྱི་རེའུ་མིང་རྒྱ་བོད་ཡིག་གཉིས་ཀྱི་ལམ་ནས་བཀོད་ཡོད། ཞིབ་འཇུག་ཐད་ལ་གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་དབོན་ཞང་རྡོ་རིང་དང་ཐང་བོད་བར་གྱི་འབྲེལ་བ་ཅེས་པ 1986ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏུ་བཏབ། ཝང་ཡོས་དབོན་ཞང་རྡོ་རིང་གི་གསལ་འགྲེལ་ཅེས་པ་ལོ་རྒྱུས་ཞིབ་འཇུག 1980ལོའི་དེབ 4པར་བཀོད། ཁོས་བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཡིག་གེ་ཅེས་པ 1982ལོ་རིག་དངོས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། ལོའོ་ཁྲང་ཕེས་ཐང་དང་རྒྱལ་རབས་ལྔའི་སྐབས་ཀྱི་ནུབ་བྱང་གི་ཡུལ་སྐད་ཅེས་པ 1933ལོ་སྣུམ་དཔར་དུ་བཏབ། ཧྥོ་ལིན་ཁིས་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཡི་གེ་ཅེས་པ་ཧིན་རྡུའི་བརྐོས་ཡིག་དེབ་བཅུ་བ་དང་བཅུ་གཅིག་སྟེང་དུ་བཀོད། ཙའོ་ཐུན་ཀྲང་གིས་ཐང་བོད་མནའ་འབྲེལ་རྡོ་རིང་ཞེས་པ་ཨེ་ཤ་ཡ་གླིང་ཤར་མའི 1949ལོའི་ལོ་རྒྱུས་དེབ་བཅུ་བའི་འདོན་ཐེངས་བཞི་བར་བཀོད། ལིས་ཧྥང་ཀོས་ཐང་བོད་མནའ་འབྲེལ་རྡོ་རིང་ལ་དཔྱད་པ་ཞེས་པ 1956ལོའི་སྤྱི་བསྒྲགས་དེབ 44པར་བཀོད།

བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་།
    བསམ་ཡས་གཙུག་ལག་ཁང་ནི་བོད་ཀྱི་དགོན་པ་ཐོག་མ་ཡིན། བོད་ལྗོངས་ཀྱི་གྲ་ནང་རྫོང་ཡར་ཀླུང་གཙང་བོའི་བྱང་འགྲམ་དུ་ཡོད། བོད་བཙན་པོའི་དགུན་བྲང་བྲག་དམར་དང་ཉེ། དེ་ནི་ཁྲི་སྲོང་ལྡེ་བཙན་སྐུ་དངོས་ཀྱིས་མགོ་འཛིན་འཛུགས་བསྐྲུན་བྱས་པ་ཡིན། བཟོ་སྐྲུན་མཇུག་རྫོགས་རྗེས་བཀའ་གཙིགས་རྡོ་རིང་དུ་བྲིས་ནས་བཞགཡི་གེར་ལྷ་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལ་སོགས་པར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ནང་པའི་ཆོས་མཛད་པ་འདི། དུས་ནམ་ཡང་བར་མཚམས་མི་ཆད་པའམ། འཐོར་ཞིག་ཏུ་མི་འགྲོ་བར་བྱེད་དགོས། དངོས་པོའི་
    མཐུན་རྐྱེན་སྤྲད་པ་རྣམས་ཀྱང་། དེ་ལས་ཉུང་དུ་མི་གཏོང་བ་དང་། ཐུང་དུ་མི་གཏོང་བ་བྱེད་དགོས། ད་ཕྱིན་ཆད་གདུང་རྒྱུད་རིམ་བྱོན་གྱིས་ཀྱང་བཙན་པོ་ཡབ་སྲས་ཀྱི་མཛད་ཚུལ་བཞིན་དུ་ཁས་ལེན་དམ་བཅའ་བྱེད་དགོས། དེ་ལས་མནའ་དང་འགལ་བའི་རིགས་མི་བྱེད་པ་དང་གསར་བཟོ་མི་བྱེད་པར། དཀོན་མཅོག་གསུམ་དང་། ཆོས་སྲུང་། སངས་རྒྱས་ཆོས་ལུགས་ལ་དཀར་བའི་ལྷ་འདྲེ་བཅས་ཚང་མ་ཡང་དཔང་དུ་བཞག་སྟེ། བཙན་པོ་ཡབ་སྲས་དང་རྗེ་བློན་རྣམས་ཀུན་གྱིས་ཞལ་བཞེས་སུ་མནའ་སྐྱེལ་བ་ཡིན་ལ། མནའ་ཡིག་ཞིབ་ཕྲ་གཅིག་ནི་ལོགས་སུ་ཡོད་པ་རེད། རྡོ་རིང་གི་ཡི་གེར་བོད་བཙན་པོ་སྲིད་གཞུང་གིས་བོན་ལ་ངོ་རྒོལ་དང་ཤུགས་ཆེར་ནང་ཆོས་སྤེལ་རྒྱུའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་ཐུབ་པ་མ་ཟད། ནང་བསྟན་པ་བཅོས་སྒྱུར་ཁྲོད་ཀྱི་ལོ་རྒྱུས་ཀྱི་དཔང་རྟེན་གལ་ཆེན་ཞིག་ཡིན།
    བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དེ་ཧ་ལམ་སྤྱི་ལོ 768ཡས་མས་སུ་བཞེངས་པ་དང་། རྡོ་རིང་གི་མདུན་ངོས་སུ་བོད་ཡིག་ཐིག་ཕྲེང 21ལས་གཞན་ངོས་རྣམས་སུ་ཡི་གེ་གཅིག་ཀྱང་མེད། རྡོ་རིང་གི་ཡིག་འབྲུ་རེ་འགའ་དག་ཡོད་པ་ལས་བོར་བརླག་བྱུང་མེད། མཐོ་ཚད་ལ་རྨིས་3.8དང་སྟེགས་བུའི་མཐུག་ཚད་ལ་རྨིས་0.8ཡོད། བསམ་ཡས་གཙུག་ལག་ཁང་གཞུང་སྒོའི་ལྷོ་ངོས་རྩིག་འགྲམ་དུ་ཡོད།
    ལིས་ཅེ་ཧྲིན་གྱིས་ལྷ་སའི་གནའ་བོའི་ལོ་རྒྱུས་བཀའ་གཙིགས་བྲིས་གནང་ཡོད། ཨོ་དི་ཨར་གྱིས་ལྷ་སའི་གནའ་བོའི་ལོ་རྒྱུས་བཀའ་གཙིགས་ཞེས་པའི་རྩོམ་ཡིག 1911ལོའི་རྒྱལ་ཚང་གི་ཨེ་ཤ་ཡ་གླིང་ཞིབ་འཇུག་ཚོགས་པའི་དུས་དེབ་ཏུ་སྤེལ། ཝང་ཡོའི་བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཡིག་གེ་ཅེས་པ 1982ལོ་རིག་དངོས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། 1984ལོར་བསོད་ནམས་སྐྱིད་ཀྱི་བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏུ་བཏབ།
    པོ་ཏ་ལའི་ཞོལ་གྱི་རྡོ་རིང་ཕྱི་མ།

    སྟག་སྒྲ་ཀླུ་གོང་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་ཆེན་ཞིག་ཡིན། དུས་རབས་བརྒྱད་པར་ཐང་བོད་བར་འཁྲུག་རྩོད་མང་པོ་བྱུང་། ཁྲི་སྲོང་ལྡེ་བཙན་གྱི་རིང་བློན་ཆེན་སྟག་སྒྲ་ཀླུ་གོང་གིས 763ལོར་བོད་དམག་
    ཁྲང་ཨན་དུ་དྲངས། རྡོ་རིང་འདིར་སྐབས་དེའི་ལོ་རྒྱུས་ཞིབ་པར་བྲིས་ནས་སྟག་སྒྲ་ཀླུ་གོང་ལ་བསྟོད་བསྔགས་དུ་བཞེངས་པ་ཡིན། རྡོ་རིང་གི་ཡི་གེར་སྟག་སྒྲ་ཀླུ་གོང་གི་ཡོན་ཏན་དང་མཛད་རྗེས་བསྟོད་བསྔགས་དང་ཁྲི་སྲོང་ལྡེ་བཙན་གྱིས་ས་ཞིང་དང་། གཞིས་ཀ་སོགས་གནང་བ་མ་ཟད། ཁོའི་དབོན་རབས་ལ་དམིགས་བསལ་གྱི་དབང་ཆ་མང་པོ་གནང་བ་བཀོད་ཡོད། རྡོ་རིང་འདི་བོད་ཆེན་པོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཐང་བོད་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན།
    རྡོ་རིང་དེ་ལྷ་སའི་པོ་ཏ་ལའི་མདུན་ཕྱོགས་ཀྱི་ཐང་ཆེན་ན་ཡོད། རྡོ་རིང་གི་རྒྱ་ཁྱོན་ལ་རྨིས་གྲུ་བཞི་མ 22.25དང་མཐོ་ཚད་ལ་རྨིས 1.92ཡོད་པའི་སྟེགས་བུ་དང་དཀྱིལ་རྡོའི་བང་རིམ་གསུམ་བརྩེགས་མཐོ་ཚད་ལ་རྨིས 1.32ཡོད་པའི་སྟེང་དུ་ཡོད། རྡོ་རིང་གི་མཐོ་ཚད་ལ་རྨིས་8དང་། རྡོ་རིང་གི་རྩེ་མོ་ཆར་ཁེབས་དང་ཞབས་སྦོམ་སྟེང་ཕྲ་བའི་གཟུགས་ཡིན། ཤར་ལྷོ་བྱང་ངོས་གསུམ་དུ་བོད་ཡིག་བྲིས་ཡོད། བྱང་དུ་ཡིག་ཕྲིང 68དང་ཤར་དུ 16།ལྷོ་རུ 74ཡོད། རྡོ་རིང་གི་ཡིག་འབྲུ་རེ་འགའ་སུབ་པ་ལས་བོར་བརླག་ཅི་ཡང་བྱུང་མེད། ཞིབ་འཇུག་གི་སྐོར་ལ། ལིས་ཅེ་ཧྲིན་གྱིས་ལྷ་སའི་གནའ་བོའི་ལོ་རྒྱུས་བཀའ་གཙིགས་བྲིས་གནང་ཡོད། ཨོ་དི་ཨར་གྱིས་ལྷ་སའི་གནའ་བོའི་ལོ་རྒྱུས་བཀའ་གཙིགས་ཞེས་པའི་རྩོམ་ཡིག 1911ལོའི་རྒྱལ་ཚང་གི་ཨེ་ཤ་ཡ་གླིང་ཞིབ་འཇུག་ཚོགས་པའི་དུས་དེབ་ཏུ་སྤེལ། ཝང་ཡོའི་བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཡིག་གེ་ཅེས་པ་1982ལོ་རིག་དངོས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། དེ་བཞིན་སློབ་ཆེན་ཁག་གི་བསླབ་གཞིར་བདམས་ཡོད།

Be the first to comment

Leave a Reply

Your email address will not be published.


*