ཕྱི་ནང་གཞན་གསུམ་འབྱོར་པའི་མན་ངག་གི་བསྟན་བཅོས་རིན་ཆེན་གཏེར་མཛོད། ཁ ༽

མངལ་སྐྱེས་སྦྱོང་བྱེད་ཀྱི་ལམ་མ་བསྟན་པ་ཉིད་དུ་འགྱུར་རོ། །འོ་ན་ཁྱོད་ལ་ཡང༌། བར་སྲིད་སྦྱོང་བྱེད་ཀྱི་ལམ་མ་བསྟན་པར་འགྱུར་རོ། །ཞེ་ན། ཉི་ཟླ་པད་གསུམ་ལ་ཐིམ་པར་བྱེད་མཁན་གྱི་ཡི་གེ་འབྲུ་གསུམ་པོ་དེས། བར་དོའི་ལུས་ངག་ཡིད་གསུམ་སྦྱོང་བར་མི་ནུས་ན། རྡོ་རྗེ་ཐེག་པའི་ཚུལ་མཐའ་དག་ལས་ཉམས་སོ། །འོ་ན། རྣམ་གཞག་རིམ་པར། བར་དོའི་འཆད་ཚུལ་བཤད་པའི་དེ་མ་ཐག་ཏུ། དེ་ལྟར་ན། རིམ་པ་འདིས་བསྐྱེད་པའི་རིམ་པ་བསྒོམ་པ་རྣམས་ཀྱི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱི་རིམ་པས། ལྷའི་སྐུ་བསྐྱེད་པ་བསྟན་ཏོ། །ཞེས་གསུངས་པ་ཉིད་ཀྱིས། དང་པོའི་མགོན་པོ་བར་དོ་སྦྱོང་བྱེད་དུ་གསལ་བར་བསྟན་པ་ཡིན་ནོ། །ཞེས་ཟེར་མོད། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ནི་བར་དོ་སྦྱོང་བྱེད་དུ་འགྲིག་པ་མ་ཡིན་ཏེ། དེ་དག་ནི་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཡང༌། བོད་ཕྱི་མ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ། ཡུམ་གྱི་ལྷུམས་སུ་འཇུག་པར་བཞེད་པའི་བར་སྲིད་དེ་དང༌། འབྲས་དུས་ཀྱི་ལོངས་སྐུ་སྦྱོར་རྒྱུ་ཡིན་པ་དཔེར་མཛད་ནས། ལམ་དུས་ཀྱི་དང་པོའི་མགོན་པོ། གཞི་དུས་ཀྱི་བར་དོ་སྦྱོང་བྱེད་དུ་སྦྱོར་བ་ཡང་མཐུན་ཚུལ་འགྲིག་པ་མ་ཡིན་ཏེ། འཛམ་བུའི་གླིང་པའི་བར་སྲིད་ནི། གཞི་དུས་སུ་སྐྱེད་སྲིད་དང་ཚེ་གཅིག་གིས་བསྡུས་པར་བཤད་པས། སྤྲུལ་སྐུའི་མཛད་པར་གཏོགས་ཀྱི། ལོངས་སྐུའི་ལྡོག་པ་ནས་མ་བཤད་པ་དང༌། དེའི་དོན་གྱིས་ན། དང་པོའི་མགོན་པོ་ཡང་སྐྱེ་བ་སྦྱོང་བྱེད་དུ་རིགས་ཀྱི། བར་དོ་སྦྱོང་བྱེད་དུ་མི་རིགས་པའི་ཕྱིར་རོ། །གཞན་དག་ན་རེ། ཟིལ་གྱི་མནོན་པ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་པ་དེ་སྦས་དོན་དུ་འཆད་པ་ན། འདོད་ཆགས་ཆོས་སྦས་སུ་བཤད་པ་ཡིན་ལ། དེའི་ཚེ་ཕ་མ་དང་འདྲ་བའི་མི་བསྐྱོད་པ་ཡབ་ཡུམ་གྱི་མངལ་དུ། བར་དོ་དང་འདྲ་བའི་དང་པོའི་མགོན་པོ་འཇུག་པ་ཡིན་ནོ། །ཞེས་གསུང་མོད། ཟིལ་མནོན་རྡོ་རྗེ་སྦས་དོན་དུ་ཇི་ཙམ་བཤད་ཀྱང༌། དང་པོའི་མགོན་པོ་དེ་རང་ལས་ཤེས་རྒྱུད་རྫས་ཐ་དད་པ་ལ་གཅིག་ཏུ་འདྲེས་ནས། སྤྲུལ་སྐུ་རྡོར་སེམས་སུ་འདྲེས་པ་མི་སྲིད་དོ། །དེའི་ཕྱིར། གཞི་དུས་སུ་ཕ་མ་བུ་གསུམ་རྫས་ཐ་དད་པ་དང་འདྲ་བར། ལམ་དུས་ཀྱི་བར་དོའི་འཇུག་ཡུལ་དེ་ལྟར་ཁས་བླངས་པས་ནོངས་སོ། །གསུམ་པ། འཕྲོས་དོན་གཞན་ཡང་བཤད་པ་ལ་གཉིས་ཏེ། རྗེ་བླ་མས་སྲོལ་ཇི་ལྟར་ཕྱེ་བ་དང༌། རང་གིས་བརྟགས་པའི་མཐའ་བསམ་པའོ། །དང་པོ་ནི། འཕགས་སྐོར་གྱི་གསང་འདུས་པ་སྔ་ཕྱི་ཕལ་ཆེ་བ་དག་དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་སྒྱུར་བྱེད་ཀྱི་རྐྱེན། མི་བསྐྱོད་པ་རྗེས་སུ་ཞུགས་པ་ལས་གཞན་པའི་རྣམ་གྲངས་མི་འཆད་ཅིང༌། དང་པོའི་མགོན་པོ་དེ། བར་དོའི་སྦྱོང་བྱེད་ཁོ་ནར་འཆད་པ་བོད་ཕྱི་མ་དང༌། མངལ་གྱི་གནས་སྐབས་ཁོ་ན་སྦྱོང་བྱེད་དུ་འཆད་པ། བོད་སྔ་མ་དང༌། སྤྲུལ་སྐུ་རྡོར་སེམས་ནི། མངལ་དུ་འཇུག་པ་ནས་བརྩམས་ཏེ། སྐྱེ་བ་ཁོ་ནའི་སྦྱོང་བྱེད་དུ་འཆད་པ་བོད་ཕྱི་མ་དང༌། མངལ་ནས་འཐོན་པའི་འགོ་བརྩམས་པ་ནས་གཟུང་སྟེ། སྔོན་དུས་ཀྱི་སྲིད་པའི་སྦྱོང་བྱེད་འཆད་པ་བོད་སྔ་མའི་ལུགས་དག་བྱུང་ངོ༌། །བཤད་པ་དེ་དག་ཇི་སྙེད་པ་ནི། སྒྲུབ་པའི་ཐབས་མདོར་བྱས། འགྲེལ་པ་དག་དང་བཅས་པའི་བཤད་པ་ཁོ་ནར་སྣང་ཡང༌། མཐའ་གཅིག་ཏུ་མ་ངེས་པའི་ཚུལ་འདི་ལྟར། མདོ་བསྲེས་དང༌། སྒྲོན་གསལ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྣམས་སུ། དང་པོའི་མགོན་པོ་ཉིད་ཀྱི་སྐུ་ལ་ལུས་དཀྱིལ་ཡོངས་སུ་རྫོགས་པར་གསལ་བཏབ་པའི་རྐྱེན་གྱིས། རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་ཉིད་དུ་བསྒྱུར་བ་ནི། བསྙོན་མི་ནུས་པར་གསུངས་སོ། །དེའི་ཚེ་ན། དང་པོའི་མགོན་པོ་དང༌། མི་བསྐྱོད་པའི་འཇུག་ཚུལ་གཉིས་ཀ་ལ་ལུང་རིགས་མེད་པའི་རྩོད་པ་ལས་གྲོལ་བ་དང༌། དང་པོའི་མགོན་པོ། མངལ་དང་བར་སྲིད་རེ་རེ་བ་ཁོ་ནའི་སྦྱོང་བྱེད་དུ་མ་ངེས་པ་དང༌། དེས་ན། གཙོ་ཆེར་སྔོན་དུས་ཀྱི་སྲིད་པའི་སྦྱོང་བྱེད་དུ་འགྲོ་བའི་ཡོན་ཏན་རྣམས་བྱུང་ངོ༌། །དང་པོ་ནི། མི་བསྐྱོད་པ་ནི་རྗེས་ཞུགས་པ། །ཞེས་པའི་དོན་གཞན་དག་ལ་གྲགས་པ་ཁོ་ནར་མ་ཟད། ལུས་དཀྱིལ་ཞུགས་པ་ལ་འབྲུ་མནན་པས་ཆོག་པ་ཡིན་ཏེ། དེས་ཆོག་པའི་ལུང་དངོས་སུ་འདུག་པ་དང༌། རིགས་པ་ཡང་མི་བསྐྱོད་པ་རྗེས་སུ་ཞུགས་པ་ལ་འཆད་ནུས་པའི་ཕྱིར། གཉིས་པ་ནི། དང་པོའི་མགོན་པོ་བར་དོ་ཁོ་ནའི་སྦྱོང་བྱེད་དུ་མི་རིགས་ཏེ། དེའི་རྟེན་ལ་ལུས་དཀྱིལ་ཡོངས་རྫོགས་འགོད་པར་གསུངས་ཤིང༌། གཞི་དུས་ཀྱི་བར་དོ་ལ་ནི། ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་མེད་པས་ན། ལུས་དཀྱིལ་འགོད་པའི་རྟེན་དུ་མི་རུང་སྟེ། གདན་གསུམ་མ་ཚང་བའི་ཕྱིར། མངལ་གྱི་གནས་སྐབས་ཁོ་ནའི་སྦྱོང་བྱེད་དུ་ཡང་མ་ངེས་ཏེ། གཞི་དུས་སུ་མངལ་གྱི་གནས་སྐབས་ལ། སྐྱེ་མཆེད་རྫོགས་མ་རྫོགས་ཀྱི་གནས་སྐབས་གཉིས་སུ་དབྱེ་དགོས་ཤིང༌། དང་པོའི་མགོན་པོ་ལ་ནི་དེ་ལྟར་དབྱེ་མི་ནུས་ཏེ། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཡེ་ཤེས་སུ་གྱུར་པའི་ཕུང་ཁམས་སྐྱེ་མཆེད་རྫོགས་ཟིན་པའི་ཕྱིར། དེ་བཞིན་དུ་སྤྲུལ་སྐུ་རྡོར་སེམས་ལ་ནི་ལུས་དཀྱིལ་གྲུབ་ཟིན་པས་ཁྱབ་པ་ཉིད་ཀྱི་ཕྱིར། མངལ་གྱི་གནས་སྐབས་དང་པོའི་སྦྱོང་བྱེད་དུ་མ་ངེས་ཤིང༌། བཙའ་བའི་དུས་ཀྱི་སྦྱོང་བྱེད་ཁོ་ནར་ཡང་མ་ངེས་ཏེ། རྡོ་རྗེ་འཆང་འདི་ནི། དཀྱིལ་འཁོར་རྒྱལ་མཆོག་ལ་ཐུག་པའི་བར། སྔོན་དུས་ཀྱི་སྲིད་པའི་སྦྱོང་བྱེད་དུ་ཤས་ཆེ་བ་ཉིད་དུ་ངེས་པའི་ཕྱིར་གསུངས། གཉིས་པ། རང་གིས་བརྟགས་པའི་མཐའ་བསམ་པ་ནི། འདིར་དཔལ་གསང་བ་འདུས་པའི་ལྷའི་གཙོ་བོ་ནི། གནས་སྐབས་ཀྱི་དབྱེ་བས་གསུམ་སྟེ། དང་པོའི་མགོན་པོ་དང༌། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དང༌། ཞེ་སྡང་རྡོ་རྗེའོ། །དང་པོ་ནི། ཆོས་ཀྱི་སྐུ་སྟེ། ཇི་སྲིད་སྐུ་མདོག་དཀར་པོར་གནས་པ་དེ་སྲིད་དུའོ། །བར་པ་ནི། རྡོ་རྗེ་འཆང་སྟེ། རིགས་སོ་སོར་མ་ཆད་པས་ན། རྒྱུའི་རྡོ་རྗེ་འཛིན་པའོ། །གསུམ་པ་ནི། སྤྲུལ་པའི་སྐུ་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་མ་དག་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སེམས་ཅན་གྱི་དོན་མཛད་ནས་སླར་དཀྱིལ་འཁོར་གྱི་གཙོ་བོ་ཉིད་དུ་བྱོན་པའོ། །བར་པ་འདི་ལ་སྤྲུལ་པའི་སྐུ་ཞེས་པ་ཆོས་ཀྱི་སྐུ་ལས་ལོངས་སྐུར་བསྒྱུར་བའི་དོན་ཡིན་གྱི། སྐུ་གསུམ་གྱི་ཟླས་ཕྱེ་བ་ནི་མ་ཡིན་ནོ། །དེ་ལྟ་བུའི་སྐུ་གསུམ་ལ་རྣལ་འབྱོར་པ་རང་ཉིད་སངས་རྒྱས་པའི་ཚེ། སྐུ་གསུམ་མཚན་ཉིད་པ་འབྲས་བུའི་དུས་དང༌། ད་ལྟ་མོས་པ་ལམ་དུ་བྱེད་པ་ལམ་དུས་ཀྱི་སྐུ་གསུམ་དང༌། གདོད་མ་ནས་གྲུབ་པ་གཞི་དུས་ཀྱི་སྐུ་གསུམ་མོ། །འདི་ལ་ཡང༌། གཞི་དུས་ཀྱི་སྐུ་གསུམ་མཚན་ཉིད་པ་བདེ་གསལ་མི་རྟོག་པ་གསུམ་དང༌། བཏགས་པ་སྐྱེ་འཆི་བར་དོ་གསུམ་མོ། །ཕྱི་མ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་རྣམ་པར་བསླད་པའི་འཁྲུལ་སྣང་ཉིད་ཀྱི་ཕྱིར་རོ། །སྔ་མ་གསུམ་ནི། གནས་སྐབས་གསུམ་ཆར་དུ་ཡང༌། དོན་དམ་པའི་དབང་དུ་བྱས་ཏེ། མ་རིག་པའི་བསླད་པ་དང་བྲལ་བའི་ཡེ་ཤེས་ཀྱི་མྱོང་བྱར་བཞག་པའི་ཕྱིར། འདིར་བོད་ཕྱི་མ་གཞིའི་དུས་ན་མ་དག་པའི་ཕུང་ཁམས་སྐྱེ་མཆེད་དང་སྐྱེ་འཆི་བར་དོ་སོགས་ཚད་མས་གྲུབ་པ་རེ་རེ་ཡོད་པར་ཁས་བླངས་ནས་ལམ་དུས་སུ་དེ་སྦྱོང་བྱེད་ཀྱི་ཉམས་ལེན་ཡང་གཞི་དུས་སུ་ཡོད་པ་དག་དང་ཆོས་མཐུན་ཤེས་པར་བྱས་ནས། ཉམས་སུ་ལེན་དགོས་པ་ཉིད་རྣམ་གཞག་རིམ་པའི་དགོངས་པ་ཡིན་གྱི། སྤྱིར་མ་དག་པའི་སྣོད་བཅུད་དང༌། བྱེ་བྲག་དུ་བསྐལ་པ་དང་པོའི་བཅུད་འགགས་ནས་ཡུན་རིང་དུ་ལོན་པ་དེ། སྦྱང་གཞིར་བྱེད་པ་ལུང་རིགས་དང་མི་མཐུན་པས་ན། སྔོན་གྱི་སྣོད་སྟོངས་པ་དང་མཐུན་པར་ཡེ་ཤེས་ཀྱི་ས་དང༌། སྣོད་འཆགས་པ་དང་མཐུན་པར་གཞལ་ཡས་ཁང་བསྐྱེད་པ་དང༌། དེ་གནས་པ་དང་མཐུན་པར་གཞལ་ཡས་ཁང་གནས་པ་དང༌། སྣོད་འཇིག་པ་དང་མཐུན་པར་གཞལ་ཡས་ཁང་གི་བསྡུད་རིམ་དང༌། བསྐལ་པ་དང་པོའི་མི་ཚེའི་དུས་བྱས་པ་དང་མཐུན་པར། ལྷག་མོས་འོད་གསལ་དུ་འཇུག་པ་དང༌། ཞུགས་པ་དེ་བར་དོར་ལངས་པ་དང་མཐུན་པར། དང་པོའི་མགོན་པོ་བསྐྱེད་པ་སོགས་རིམ་གྱིས་གོམས་པས་བྱེད་པ་ནི་སྐྱེ་འཆི་བར་དོ་གསུམ་གྱི་སྦྱོང་བྱེད་དང༌། གསུམ་པོ་དེ་སྦྱང་གཞིར་འཇོག་པ་རྣམ་གཞག་རིམ་པའི་དགོངས་པ་ཡིན་ནོ། །ཞེས་འཆད། འདི་མི་འཐད་པ་ལ་གསུམ་སྟེ། མཐུན་ཡུལ་གོ་ལོག་པས་མི་འཐད། མཐུན་དཔེ་ལྐོག་ཏུ་གྱུར་པས་མི་འཐད། མཐུན་ཚུལ་འབྲེལ་མེད་དུ་སོང་བའི་མི་འཐད་པའོ། །དང་པོ་ནི། འབྲས་དུས་དང་མཐུན་པར་ལམ་དུས་སུ་ཉམས་ལེན་བྱེད་པ་དང༌། ལམ་དུས་ཀྱི་ཉམས་ལེན་དང༌། གཞི་དུས་ཀྱི་སྦྱང་བྱའི་དྲི་མ་ཕན་ཚུན་གནོད་བྱ་གནོད་བྱེད་དུ་ཤེས་ནས། བསྐྱེད་རིམ་གོམས་པར་བྱེད་དགོས་པ་ཡིན་གྱི། གཞི་དུས་ཀྱི་འཁྲུལ་སྣང་དང་མཐུན་པར་ལམ་དུས་ཀྱི་ཉམས་ལེན་བྱེད་པ་མི་འཐད་ཅིང༌། ལམ་དུས་ཀྱི་ཉམས་ལེན་དང་མཐུན་པ་འབྲས་དུས་ལ་དགོས་པ་མ་ཡིན་ཏེ། དོན་དམ་གྱི་གནས་ཚུལ་ཀུན་རྫོབ་ཀྱི་སྣང་ཚུལ་དང་མི་མཐུན་པའི་ཕྱིར། གཉིས་པ་ནི། མཐུན་པར་ཉམས་སུ་ལེན་པ་ལ། མཐུན་ཡུལ་དེ་དག་ཤེས་པ་སྔོན་དུ་འགྲོ་དགོས་སམ་མི་དགོས། མི་དགོས་ན། དེ་དག་དང་མཐུན་པར་ཉམས་སུ་ལེན་དགོས་པ་འགལ་དགོས་ན། རྣལ་འབྱོར་པ་རང་ལ་མངོན་གྱུར་ཤེས་པའི་སྔ་རོལ་དུ། ཤིན་ཏུ་ལྐོག་གྱུར་ཤེས་པ་སྔོན་དུ་འགྲོ་དགོས་པར་འགྱུར་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་འཆགས་འཇིག་གནས་སྟོངས་ནི། རང་ལ་ཤིན་ལྐོག་ཏུ་གྱུར་པའི་ཕྱིར། གསུམ་པ་ནི། མཐུན་ཡུལ་དེ་ལྟར་ཉམས་སུ་བླངས་པས་སྦྱང་གཞི་སྦྱོང་ནུས་པ་མི་འཐད་དེ། ཕྱོགས་སྔ་མས། སྦྱང་གཞིར་ཁས་བླངས་པ་དེ་དག་དང༌། སྦྱོང་བྱེད་རྣལ་འབྱོར་པའི་ཤེས་རྒྱུད་ལ། ཕན་ཚུན་གང་དུ་ཡང་འབྲེལ་པ་མེད་པའི་ཕྱིར་དཔེར་ན། བསྐལ་པ་དང་པོའི་མི་ཚེའི་དུས་བྱས་པ་དང༌། དེ་ནས་བར་དོར་སྐྱེས་པ་དེ་རྣལ་འབྱོར་པ་རང་དང་འབྲེལ་མེད་ཡིན་པ་བཞིན་དང༌། རང་གིས་གོམས་པར་བྱེད་པའི་གཞལ་ཡས་ཁང་གི་འཆགས་འཇིག་གནས་སྟོངས། སྤྱིར་སྣོད་དང་བཅུད་ཀྱི་འཆགས་འཇིག་གནས་སྟོངས་དང༌། རྣལ་འབྱོར་པའི་ཤེས་རྒྱུད་རྫས་གཞན་དུ། བོད་ཕྱི་མས་ཁས་བླངས་པ་བཞིན་ནོ། །ཁོ་བོ་ཅག་གི་ཕྱོགས་ལ་ནི། རྣལ་འབྱོར་རང་གི་ཤེས་རྒྱུད་ལས་འབྲེལ་མེད་དུ་གྱུར་པའི་སྦྱོང་གཞི་དང་སྦྱང་བྱའི་དྲི་མ་གང་ཡང་ཁས་མི་ལེན་ཅིང༌། རྣལ་འབྱོར་པ་རྫས་གཞན་སོ་སོ་བ་དག་ལ། སྦྱང་གཞི་དང་སྦྱང་བྱའི་དྲི་མ་ཐུན་མོང་བ་དག་ལོགས་ཤིག་ན་ཡོད་པར་ཡང་ཁས་མི་ལེན་པ་འདི་ནི་ངེས་པར་གྲུབ་པའོ། །གཞི་ལམ་འབྲས་བུའི་སྐུ་གསུམ་གྱི་རྣམ་པར་བཞག་པ་གོང་དུ་བཤད་མ་ཐག་པ་དེ་ལས། རྣམ་གྲངས་གཞན་དུ་ན། འདི་ལྟར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས། དགའ་ལྡན་དུ་ཆོས་ཀྱི་སྐུ་དང་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། འཛམ་བུའི་གླིང་དུ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ལས། རེ་ཤིག་འོག་མིན་གྱི་རྣམ་གཞག་ལོགས་སུ་བོར་ནས། སྤྲུལ་པའི་སྐུ་སྟོན་ཚུལ་གཉིས་ཏེ། ལོངས་སྐུ་ཆ་མཐུན་པ་བར་དོའི་རྟེན་ལ་དང་སྤྲུལ་སྐུ་མཚན་ཉིད་པ་སྐྱེ་སྲིད་དང༌། སྔོན་དུས་ཀྱི་སྲིད་པར་སྟོན་ཚུལ་ལོ། །འབྲས་དུས་སུ་དེ་ལྟར་འབྱུང་བ་དང་མཐུན་པར་ལམ་དུས་སུ་མོས་པ་ལམ་བྱེད་ཀྱི་སྐུ་གསུམ་པོ་ཇི་ལྟར་འབྱུང་བ་ཡང་ནི། ལྷག་མོས་འོད་གསལ་དུ་ཞུགས་པའི་ཚེ། ཆོས་སྐུ་ལམ་བྱེད་དང༌། འབྲས་དུས་ཀྱི་ཆོས་སྐུ་ལས། ལོངས་སྐུའི་སྣང་བ་འཆར་བའི་ཚེ། ལུགས་ལས་ལྡོག་པའི་སྣང་གསུམ་མངོན་དུ་མཛད་པ་ལྟར། ལམ་དུས་ཀྱི་འོད་གསལ་ལས་ལྡང་བར་བཞེད་པའི་ཚེ། ཉི་ཟླ་པད་གསུམ་གྱི་སྣང་བ་གཞལ་ཡས་ཁང་གི་དབུས་སུ་འཆར་བར་བྱེད་དོ། །འབྲས་དུས་སུ་མཚན་དཔེ་འབར་བའི་གཟུགས་ཀྱིས། འཛམ་བུ་གླིང་གི་བར་སྲིད་དུ་འཕོ་བ་དང་མཐུན་པར་གཞལ་ཡས་ཁང་གི་དབུས་སུ། ས་བོན་དང༌། ཕྱག་མཚན་དང༌། སྐུ་ཡོངས་སུ་རྫོགས་པ་གསུམ་གྱི་སྣང་བ་འཆར་བར་བྱེད་དོ། །འབྲས་དུས་ཀྱི་ལོངས་སྐུ་རྗེས་མཐུན་པ་ཡུམ་གྱི་ལྷུམས་སུ་ཞུགས་པས་སྤྲུལ་པའི་སྐུ་མཚན་ཉིད་པ་ཐོག་མར་མངོན་དུ་མཛད་པ་བཞིན་དུ་ལམ་དུས་སུ་དང་པོའི་མགོན་པོར་བྱང་ཆུབ་པ་དེའི་སྐུ་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པར་གསལ་ཐེབས་པའི་གནས་སྐབས་ཉིད་དུ་གྱུར་པ་དེ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བྱིན་གྱིས་བརླབས་པ་ཞེས་ཀྱང་བྱ། ལུས་ཀྱི་དཀྱིལ་འཁོར་བཀོད་པ་ཞེས་ཀྱང་བྱ། མི་བསྐྱོད་པ་ནི་རྗེས་སུ་ཞུགས་པ་ཞེས་ཀྱང་བྱ་བ། དེ་ནས་གཟུང་སྟེ། ལམ་དུས་ཀྱི་སྤྲུལ་སྐུ་མཚན་ཉིད་པར་གྱུར་པའོ། །འབྲས་དུས་སུ་སྐུ་བལྟམས་པ་ནས་མཛད་པ་བཅུ་པོ་རྣམས་རིམ་ཅན་དུ་སྟོན་པ་དང་མཐུན་པར་ལམ་དུས་སུ། ཐོག་མར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པ་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སེམས་དཔའ་གསུམ་བརྩེགས་དང༌། རིགས་ཀྱི་བདག་པོས་རྒྱས་བཏབ་ནས། དབང་བསྐུར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བའི་སྣང་བ་རྣམས་འཆར་བར་བྱེད་དོ། །དེ་ལྟར་ལམ་དུས་ཀྱི་ཉམས་ལེན་དེ་དང་དེ་དག གཞི་དུས་ཀྱི་གནས་སྐབས་གང་དང་སྦྱོར་ཞིང༌། རྣལ་འབྱོར་པ་རང་གིས་ལྷག་མོས་འོད་གསལ་དུ་ཞུགས་པས་ནི་མ་འོངས་པ་ན་འཆི་བའི་དུས་ཀྱི་འོད་གསལ་དེའི་དྲི་མ་མགོ་མནན་པའམ། ནུས་པ་ཆེ་ན་ས་བོན་སྦྱངས་པ་ཡིན་ནོ། །ཚུལ་ཇི་ལྟ་བུ་ཞེ་ན། དྲི་མ་དེ་མ་སྦྱངས་ན་མ་དག་པའི་སྣང་མཆེད་ཐོབ་གསུམ། ཆགས་སྡང་རྨོངས་གསུམ་གྱིས་ངོ་བོར་གྱུར་པའི་རང་བཞིན་བརྒྱད་བཅུའི་རྣམ་པ་ཅན་དུ་འཆར་རྒྱུ་ཡིན་པ་དེ། རེ་ཤིག་ཚེ་ཕྱི་མ་དེ་ཉིད་ལ་མི་འབྱུང་བར་བྱེད་པའམ། ས་བོན་སྤངས་པའོ། །ལམ་དུས་ཀྱི་ཉི་ཟླ་པད་གསུམ་ལས་བྱང་ཆུབ་པ་ཡང༌། འཆི་བའི་སྲིད་པ་ཉིད་སྦྱོང་བར་བྱེད་པ་སྟེ། སྲིད་པ་དེ་ལས་མ་དག་པའི་ལུགས་ལྡོག་པའི་སྣང་བ་གསུམ་སྐྱེ་བ་དང་མི་མཐུན་པ་ནི། ལྷག་མོས་ཀྱི་འོད་གསལ་དང་འབྲེལ་ཆགས་པའི་ཉི་ཟླ་པད་གསུམ་གྱི་སྣང་བ་དེས་བྱས་པའོ། །ལམ་དུས་ཀྱིས་བྱང་ཆུབ་པ་ཕྱི་མ་གསུམ་པོ་དེས་ནི། ཐ་མལ་པ་མའི་མངལ་དུ་དང་པོར་ཞུགས་པའི་མེར་མེར་པོ་ནས་གཟུང་སྟེ། རྐང་ལག་འགྱུས་ཀྱི་བར་རྣམས་སྦྱོང་བ་ཞེས་བྱའི་མིང་ཅན་མ་འོངས་པ་སྐྱེ་བ་དང་མི་མཐུན་པར་བྱེད་པའོ། །ལམ་དུས་སུ་དང་པོའི་མགོན་པོ་རང་གི་ལུས་དཀྱིལ་ཡོངས་སུ་རྫོགས་པས། བྱིན་གྱིས་བརླབས་པ་དེས་ནི། རྣལ་འབྱོར་པ་རང་ཉིད་མའི་མངལ་དུ་སྐྱེ་མཆེད་ཡོངས་སུ་རྫོགས་པར་འབྱུང་རུང་དེ་སྦྱོང་བར་བྱེད་དོ། །ལམ་དུས་སུ་སྤྲུལ་སྐུ་ཞལ་གསུམ་པར་བསྒྱུར་ཟིན་པ་དེས་ནི། རང་ཉིད་མ་འོངས་པའི་དུས་སུ་མངལ་ནས་འབྱུང་འདོད་དང་བྱུང་མ་ཐག་པ་དེ་སྦྱངས་ནས་དེ་ལྟ་བུར་མི་འགྱུར་བ་ཉིད་དུ་བྱེད་པའོ། །ལམ་དུས་ཀྱི་ཉམས་ལེན་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སོགས་ཀྱིས་ནི། རྣལ་འབྱོར་པ་རང་ཉིད་མངལ་སྐྱེས་སུ་གྱུར་པའི་བྱིས་པ་དང༌། གཞོན་ནུ་དང༌། དར་མ་དང༌། ལང་ཚོ་དང༌། རྒན་པོར་གྱུར་པའི་གནས་སྐབས་རྣམས་སྦྱངས་ནས། རྣལ་འབྱོར་པ་བརྩོན་འགྲུས་རབ་ཀྱིས་ནི། འཆི་བ་སྦྱོང་ཐུབ་པས་ཚེ་འདི་ཉིད་ལ་དང༌། ལེ་ལོ་ཅན་གྱིས་ནི་འཆི་བ་སྦྱོང་མ་ཐུབ་པས། བར་དོའི་རྟེན་ལ་དང༌། བར་ཆད་ཅན་གྱིས་ནི། བར་དོ་སྦྱོང་མ་ཐུབ་པས། སྐྱེ་བ་བརྒྱུད་ནས་ཟུང་འཇུག་གི་སྐུ་མངོན་དུ་བྱེད་དོ། །འདི་ལ་སྔ་རབས་པ་དག་ལུགས་གཉིས་སུ་འཆད་པ་ལས། ཁ་ཅིག་ནི། དབང་པོ་རྣོ་ན། རྫོགས་པའི་རིམ་པ་ལ་མ་བརྟེན་པར་ཡང༌། སློབ་པའི་ཟུང་འཇུག་ཙམ་ཞིག་མངོན་དུ་བྱེད་ནུས་ཞེས་འཆད་པ་དང༌། རྫོགས་རིམ་ལ་མ་བརྟེན་པར་དེ་ཙམ་ཡང་མི་ནུས་ཞེས་འཆད་པ་དང༌། མི་སློབ་པའི་ཟུང་འཇུག་གི་སྐུ་ནི། ཆོས་འདིའི་ལུགས་ཀྱི་ལམ་རིམ་པ་གཉིས་པོའི་ཆ་ཤས་ཡོངས་སུ་གང་བ་མེད་ན་མི་འབྱུང་བ་ཉིད་དུ། ཀུན་ཀྱང་གསུང་གཅིག་དང་དབྱངས་གཅིག་ཏུ་དཔག་བསམ་གྱི་འདོད་འཇོ་ལྟ་བུའི་འབབ་སྟེགས་ལས་ལེགས་པར་འོངས་པ་ཡིན་ནོ། །དེ་ལྟར་དཔལ་ལྡན་འདུས་པ་ཡི། །ལམ་རིམ་རྒྱུད་གཞུང་གཏིང་ཟབ་པའི། །མཚོར་གནས་འདིར་བཏོན་རྣམ་དཔྱོད་ཀྱི། །ལག་པ་རིང་པོ་ཅན་གཞན་འགའ། །ཡོད་དམ་ཉམས་མྱོང་ཡིད་བཞིན་གྱི། །ནོར་བུ་དགོས་འདོད་ཀུན་འབྱུང་བ། །ལེན་པར་འདོད་པའི་དོན་མཐུན་དག །ལམ་གོལ་གཞན་བོར་འདིར་སྤྱོན་ཞིག །གཉིས་པ་ནང་གི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གཞན་ལུགས་མི་འཐད་པ་དང་རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཕྱི་མ་ན་རེ། ལུས་དཀྱིལ་གྱི་གོ་དོན་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་གཉིས་ཀ་རང་གི་ལུས་བསྒྲུབ་པའི་གཞིར་བྱས་ནས་བསྒྲུབས་པའི་དོན་གྱིས་ན། ལུས་ཀྱི་དཀྱིལ་འཁོར་ཞེས་བྱ། དེ་ལ་རྟེན་དང་བརྟེན་པ་གཉིས་ལས། རྟེན་གཞལ་ཡས་ཁང་ཇི་ལྟར་བསྒྲུབ་པ་ནི། ཕྱིའི་གཞལ་ཡས་ཁང་གི་ནང་དུ། དང་པོའི་མགོན་པོ་སྤྲུལ་སྐུ་རྡོ་རྗེ་སེམས་དཔར་བསྒྱུར་བ་སྐབས་སུ་བབ་པའི་ཚེ་ན། རྡོར་སེམས་རང་གི་ལུས་མ་བཅོས་པར་བཞག་པ་དེ་ཉིད་གཞལ་ཡས་ཁང་དུ་བསྒོམ་པ་མ་ཡིན། ཕྱིའི་གཞལ་ཡས་ཁང་བསྡུས་ནས། དེའི་ཤུལ་དུ་སྒྱུ་ལུས་ལས་གྲུབ་པའི་གཞལ་ཡས་ཁང་གསར་དུ་བསྐྱེད་པ་ཡང་མ་ཡིན། ཕྱིའི་གཞལ་ཡས་ཁང་དེའི་ནང་དུ། ལུས་ལས་གྲུབ་པའི་གཞལ་ཡས་ཁང་གསར་དུ་བསྐྱེད་པ་ཡང་མ་ཡིན་གྱི། སྔར་གྱི་གཞལ་ཡས་ཁང་གི་རིགས་འདྲའི་རྒྱུན་ཕྱི་མ་རྣམས། སྒྲུབ་པ་པོ་རང་གི་ལུས་ཀྱི་ཆ་ཤས་གང་དང་གང༌། རྟེན་གཞལ་ཡས་ཁང་གི་རྒྱུ་ཚོགས་སུ། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཇི་སྐད་དུ་གསུངས་པ་རྣམས་ལས། གྲུབ་པ་ཉིད་དུ་བློ་ངོར་བསྒོམ་པ་ཡིན་ཏེ། དཔེར་ན་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་པོ། སྔར་གྱི་ཕྱི་དཀྱིལ་དེའི་རིགས་རྒྱུན་ཕྱི་མའི་སྒྲུབ་གཞི་ཉིད་དུ་ཁས་ལེན་དགོས་པ་བཞིན་ནོ། །བརྟེན་པའི་ལྷ་ཚོགས་བསྒྲུབ་པའི་ཚུལ་ཡང༌། དཔེར་ན། ས་བོན་ཨོ་ལས་རྣམ་སྣང་བསྐྱེད་པ་སྤྱི་བོར་བཀོད་ནས། དེ་ལུས་དང་དབྱེར་མེད་དུ་རྟོགས་པ་ཙམ་ནི། བརྟེན་པ་ལུས་དཀྱིལ་གྱི་དོན་མ་ཡིན་ཏེ། དེ་ཙམ་ནི་བྱ་སྤྱོད་ལ་ཡང་ཡོད་པའི་ཕྱིར། དེས་ན། སྤྱི་བོ་ལ་སོགས་པའི་ལུས་ཀྱི་ཆ་ཤས་དེ་དང་དེ། རྒྱུར་བྱས་པ་ལས་ཨོཾ་ལ་སོགས་པའི་ས་བོན་སོ་གཉིས་གྲུབ། དེ་ལས་རྣམ་སྣང་སོགས་ལྷ་སོ་གཉིས་པོ་ལུས་ཀྱི་ཆ་ཤས་གང་དང་གང་ལས་གྲུབ་པ་དེ་དང་དེའི་གནས་སུ་དབྱེར་མེད་དུ་གྱུར་པ་དེ་ལ། ལུས་ཀྱིས་དཀྱིལ་འཁོར་ཞེས་འཇོག་པ་ཡིན་གྱི། ལུས་གྲུབ་ཙམ་ནས་ལུས་དཀྱིལ་དུ་འཇོག་པ་མིན་ཏེ། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་ཐལ་བའི་ཕྱིར་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་དང༌། རྡུལ་ཚོན་དང༌། རས་བྲིས་སོགས་ཀྱང༌། དཀྱིལ་འཁོར་དུ་མ་བསྒྲུབས་གོང་ནས། དཀྱིལ་འཁོར་དུ་ཐལ་བའི་ཕྱིར་དང༌། ལུས་དཀྱིལ་མ་བཅོས་པར་འཇོག་པ་ཡང༌། རྡུལ་ཚོན་ལྟ་བུ་ལ། རྒྱུ་ཚོགས་མང་པོ་སོགས་དགོས་པ་ལྟ་བུ་མ་ཡིན་པར། ལུས་ཀྱི་ཆ་ཤས་གང་དང་གང་ཞིག རྟེན་བརྟེན་པའི་རྒྱུར་བཤད་པ་དེ་དང་དེ་གཅིག་པུས་ཆོག་པ་བྱུང་བ་ལ། བཅོས་མ་བཅོས་ཀྱི་དོན་དུ་འཇོག་པ་ཡིན་ནོ། །ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། རྟེན་གྱི་འཇོག་ཚུལ་མི་འཐད། བརྟེན་པའི་འཇོག་ཚུལ་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་གང་ལས་བསྒྲུབ་པ་མི་འཐད། འབྲས་བུ་གང་དུ་གྲུབ་པ་མི་འཐད། ལུས་དཀྱིལ་དུ་མི་འགྲོ་བའི་ཉ་ས་ལ་སོ་ན་འདུག་པའོ། །དང་པོ་ནི། ཕྱི་དཀྱིལ་རྡུལ་ཚོན་ནམ། རས་བྲིས་སམ། རྟོག་པའི་ཡུལ་དུ་གྱུར་པ་དག་གི རིགས་འདྲའི་རྒྱུན་ཕྱི་མ་རྣམས། སྒྲུབ་པ་པོའི་ལུས་ལས་གྲུབ་པར་བསྒོམས་ན་ལོག་ཤེས་སུ་སོང་སྟེ། རྒྱུ་དེ་ལས་མ་གྲུབ་པའི་ཕྱིར། གྲུབ་ན། རྣལ་འབྱོར་པའི་ལུས་དུམ་བུར་ཐལ་བ་དང༌། རྡུལ་ཚོན་གཤེགས་པའི་ཚེ། ལུས་བཤིག་པར་ཐལ་བ་དང༌། སླར་བསྡུས་པ་ཆོག་ན། རང་ལ་རྟེན་གྱི་ལུས་དཀྱིལ་ཚང་བར་ཐལ་བ་དང༌། དེའི་ཚེ་ཞིག་ན་ལྡོག་པའི་ཆོས་སྐྱེ་འཇིག་ཅན་དུ་ཐལ་བ་དང༌། ལུས་རྒྱུར་བྱས་པའི་རྟེན་གྱི་དཀྱིལ་འཁོར་མི་སྲིད་པར་འགྱུར་ཏེ། རིགས་འདྲའི་རྒྱུན་སྔ་མ་མེད་ན། ལུས་རྐྱང་པས་དེར་མི་འགྲུབ། དེ་ཡོད་ན། རྟོག་པའི་བསྒོམ་གྱི་རྡུལ་ཚོན་དང་བློས་བསླང་བའི་གཞལ་ཡས་ཁང་གི་རིགས་འདྲའི་རྒྱུན་གཅོད་མི་ནུས་པའི་ཕྱིར། གཉིས་པ། འབྲས་བུ་གང་དུ་གྲུབ་མི་འཐད་པ་ནི། རས་བྲིས་ལྟ་བུའི་རྒྱུན་ཕྱི་མ་ལུས་སུ་གྲུབ་པའམ། རས་བྲིས་ཉིད་དུ་གྲུབ་པའམ། ཡེ་ཤེས་སུ་གྲུབ་ཅེས་བརྟགས་ན་འཇིག་པར་འགྱུར་ཏེ། ལུས་དཀྱིལ་ཡིན་ན། ཉེར་ལེན་གྱི་རྒྱུ་ལུས་ལས་གྲུབ་དགོས་པར་ཁས་བླངས་པའི་ཕྱིར། གསུམ་པ་ནི། ཕྱོགས་སྔ་མས་འདོད་པའི་རྟེན་ལུས་དཀྱིལ་དེ། ཇི་ལྟར་བསྒོམས་ཀྱང་ལུས་དཀྱིལ་དུ་འགྲོ་བ་མི་སྲིད་དེ། རྣལ་འབྱོར་པ་རང་གི་བེམ་པོའི་ལུས་རང་ལས་ལོགས་སུ་ཆད་ནས་གཞལ་ཡས་ཁང་དུ་འགྲོ་བ་ནི་མི་སྲིད། དེ་མི་སྲིད་ན། རྟེན་གྱི་ལུས་དཀྱིལ་དུ་འགལ་བར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་དང༌། དེ་མ་ཡིན་ལ་དེར་ཞེན་གྱི་བློ་མཐར་འཇུག་ཡུལ་དང་འབྲེལ་བ་སྲིད་པ། ཁོ་བོ་ཅག་གི་ཕྱོགས་ལ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཞེས་བྱ་བའི་ཐ་སྙད་ཀྱི་རྣམ་གཞག་ཡོད་པ་དེའི་ཚེ། ཕྱི་སྣོད་ཀྱི་འཇིག་རྟེན་དམིགས་མེད་དུ་གཏོང་བ་ཡིན་ལ། ཕྱོགས་སྔ་མ་ལ་ནི། རྣལ་འབྱོར་པའི་ལུས་ཡོད་བཞིན་དུ་མི་དམིགས་པར་བཏང་ན་ཆད་སྟོང་དུ་ཐལ་བའི་ཕྱིར་རོ། །གཉིས་པ། བརྟེན་པ་ལུས་དཀྱིལ་གྱི་འདོད་ཚུལ་མི་འཐད་པ་ལ་གསུམ་སྟེ། རྒྱུ་ཐ་མལ་གྱིས་ལུས་སུ་མི་འཐད། འབྲས་བུ་ལམ་དུས་ཀྱི་སངས་རྒྱས་སུ་མི་འཐད། ལུས་དཀྱིལ་གྱི་རྣམ་གཞག་ཉམས་པའི་ཉེས་པ་རྣམས་སོ། །དང་པོ་ནི། ཐ་མལ་གྱི་རྣམ་སྨིན་གྱི་ཕུང་པོ། རྒྱལ་བ་རིགས་ལྔའི་བསྒྲུབ་གཞིར་འདོད་པ་ནི། སྤྱིར་རྒྱུད་གཞུང་གང་ནས་ཀྱང་མ་བཤད། དེ་ཡང་བསྒྲུབ་ཚུལ་གང་གིས་སྒྲུབ་གཞིར་གང་ཞིག ལྷག་པའི་ལྷར་བསྒྲུབ་ཚུལ་འཆད་པ་ན། ས་བོན་ལས་དང༌། ཕྱག་མཚན་ལས་དང༌། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་བསྐྱེད་པ་དང༌། དཀྲོངས་ཏེ་བསྐྱེད་པ་རྣམས་གང་གི་སྐབས་སུ་ཡང་ཡེ་ཤེས་ཉིད་ལྷའི་བསྒྲུབ་གཞིར་བཤད་པ་ཡིན་གྱི་ལས་ཉོན་གྱི་བདག་འབྲས་དང༌། རྣམ་སྨིན་གྱི་འབྲས་བུ་གང་ཡང་ལྷའི་བསྒྲུབ་གཞིར་མི་འཆད། སྐྱེད་རིམ་གྱི་ལྷ་གང་བསྒྲུབ་ཀྱང་སྟོང་པའི་ངང་ལས་ཞེས་སྟོང་ཉིད་བསྒོམ་པའི་ཤུགས་མ་བརྗེད་པའི་ངང་ནས་བསྒྲུབ་པ་ཡིན། སྐྱེད་རིམ་པའི་ཐ་ཤལ་ཞིག་ཀྱང༌། ཀུན་རྫོབ་བདེན་པ་སྟོང་ཉིད་དུ་མི་བསྒོམ་པ་མེད། སྣོད་བཅུད་ཀྱི་སྣང་བ་ནུབ་པའི་ངེས་ངོར། ལུས་དཀྱིལ་གྱི་བསྒྲུབ་གཞིར་གྱུར་པའི་རྣམ་སྨིན་ཕུང་པོའི་ཞུགས་ས་གང་དུ་བྱེད། རྡོ་རྗེ་སེམས་དཔའི་ལུས་རྟེན་བརྟེན་པའི་བསྒྲུབ་གཞིར་བྱེད་པ་དེའི་ཚེ་མ་དག་པའི་ལུས་ཤིག་དེར་བྱེད་དམ། རྡོ་རྗེ་སེམས་དཔའི་ལུས་ཉིད་དེར་ཁས་ལེན། དང་པོ་ལྟར་ན་རྡོ་རྗེ་སེམས་དཔའི་ལུས་དཀྱིལ་དུ་མ་སོང༌། ཕྱི་མ་ལྟར་ན། རྡོ་རྗེ་འཆང་གི་ལུས་དུམ་བུར་བྱས་ནས། ལྷ་སོ་སོར་བསྒྲུབ་དགོས་པ་མ་ཡིན་གྱི། ཡེ་ཤེས་གཅིག་ཉིད་སྒྲུབ་པ་པོའི་རྟོག་ངོར་ལྡོག་པས་སོ་སོར་འབྱེད་པ་དེ། སྐྱེད་རིམ་པའི་སྤྱི་ལུགས་སུ་འཆད་དགོས་པ་ཡིན། གཉིས་པ་ནི། རྣལ་འབྱོར་པའི་ཟག་བཅས་ཀྱི་ཕུང་པོ་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བསྒྲུབས་ན། དེ་ལྟར་གོམས་པ་རབ་ཀྱི་མཐར་ཕྱིན་པའི་ཚེ། རྣམ་སྨིན་ཕུང་པོའི་ཆ་ཤས་མཐའ་དག་འཚང་རྒྱའམ་མི་རྒྱ་མི་རྒྱ་ན་ལྷའི་སྒྲུབ་གཞིར་འགལ། རྒྱ་ན། གསང་བ་འདུས་པའི་ལུགས་ཀྱི་མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པ་ན། རྣམ་སྨིན་གྱི་ཕུང་པོའི་ཁོག་པ་ཤུལ་དུ་འཇོག་པ་ཁོ་ནར་ངེས་པ་འགལ། གསུམ་པ་ནི། བོད་ཕྱི་མའི་ལུས་དཀྱིལ་གྱི་འཆད་ལུགས་འདི་ལ། ལུས་དཀྱིལ་གྱི་རྣམ་གཞག་རྩ་བ་ནས་ཉམས་པར་འགྱུར་ཏེ། ཆོས་འདིའི་སྐྱེད་རིམ་གྱི་སྐབས་སུ་ལུས་དཀྱིལ་གྱི་རྣམ་པར་བཞག་པ་ནི། ལྷག་མོས་ཀྱི་གཙོ་བོའི་ལུས་ལ་བསྡུས་ནས་དེ་དང༌། དང་པོའི་མགོན་པོ་བྱིན་གྱིས་རློབ་བྱེད་དུ་གྱུར་པའི་ལུས་དཀྱིལ་ལས་གཞན་མ་བཤད་ལ། དེ་དག་ནི་བོད་ཕྱི་མས་འདོད་པའི་ལུས་དཀྱིལ་དུ་གཏན་མི་རུང་བའི་ཕྱིར། ཇི་ལྟར་ཞེ་ན་ལྷག་མོས་ཀྱི་གཙོ་བོའི་ལུས་ལ་འཁོར་གྱི་ལྷ་སོ་གཉིས་བསྡུས་ནས་བཞུགས་པ་དེའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་དུ་ནི་གཞུང་འགྲེལ་ཀུན་གྱིས་འཆད་མོད། དེ་ནི་ཁྱེད་ལ་མི་རུང་སྟེ། བརྟེན་པ་ལྷ་སོ་གཉིས་པོ། ཐོག་མར་གཙོ་བོའི་ལུས་ལས་ཕར་མཆེད་པ་མ་ཡིན་གྱི། བརྫུས་ཏེ་སྐྱེ་བའི་ཚུལ་གྱིས་གཞན་དུ་གྲུབ་ཟིན་པ་ཞིག གཙོ་བོའི་ལུས་ལ་ཚུར་བསྡུས་པའི་ཕྱིར། སྔ་རབས་པའི་ལུགས་ཀྱི་ལྷག་མོས་ཀྱི་གཙོ་བོའི་སྐུ་ལ། རྟེན་བརྟེན་པའི་དཀྱིལ་འཁོར་ཚང་བར་བཞུགས་པ་འདི། ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་གཞག་ཤིན་ཏུ་རྣམ་པར་དག་པ་གཅིག་ཡིན་ཏེ། གཙོ་བོའི་ལུས་རྟེན་གཞལ་ཡས་ཁང་རང་བཅས་སུ་གྲུབ་པ་ལ། བརྟེན་པ་ལྷ་སོ་གཉིས་པོ་ཚང་བར་སྤྱན་དྲངས་ནས། གཙོ་བོ་རང་གི་ཕུང་ཁམས་སྐྱེ་མཆེད་ཚིགས་ཆེན་གྱི་གནས་རྣམས་སུ། ཁ་སྦྱོར་དབྱེར་མེད་ཀྱི་ཚུལ་དུ་བསྡུས་པའི་ཕྱིར། འདི་ནི། རྒྱུད་ལས། དམ་ཚིག་ཁུ་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །ཞེས་པའི་རྒྱུད་ཚིག་སྤྱི་དོན་དུ་བཤད་པས། བརྟེན་པ་དང༌། ཡང་ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་ལ་སྒོ་བཞི་པ། །གཞལ་ཡས་ཁང་ལྟར་སྣང་བ་ནི། །རྣལ་འབྱོར་པའི་སྐུའི་དཀྱིལ་འཁོར། །ཞེས་པའི་སྒྲ་ཇི་བཞིན་པས། རྟེན་གྱི་དཀྱིལ་འཁོར་བསྟན་ནོ། །ལུས་དཀྱིལ་གྱི་རྣམ་གཞག་གཉིས་པ་དེ་ཡང༌། བོད་ཕྱི་མ་ལ་རུང་བ་མ་ཡིན་ཏེ། དེ་འདྲ་དེ་ནི། དང་པོའི་མགོན་པོ་ཉིད་ཀྱི་སྐུ་དང༌། དེའི་ཆ་ཤས་སུ་གྱུར་པ་དག་ཡིན་ལ། དེའི་ཚེ་མགོན་པོ་དེའི་སྐུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཉིད་དུ་བཤད་པའི་ཕྱིར། སྒྲུབ་པ་པོའི་རྣམ་སྨིན་གྱིས་ལུས་སུ་བཤད་མི་རུང་ལ། དེར་མི་རུང་ལ། ལུས་དཀྱིལ་མེད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །གལ་ཏེ། སྒྲུབ་པ་པོའི་ཟག་བཅས་ཀྱི་ཕུང་པོ་ཉིད། རྡོ་རྗེ་འཆང་དུ་སྒོམ་པར་བྱེད་ཅིང༌། མཐར་དེ་ཉིད་དུ་འགྱུར་བ་ཡང་ཡིན་པས། རྡོ་རྗེ་འཆང་ལ་ལུས་དཀྱིལ་གྱི་བསྒྲུབ་གཞི་མ་ཚང་བའི་སྐྱོན་མེད་དོ། །ཞེ་ན། འོ་ན། སྒྲུབ་པ་པོའི་རྣམ་སྨིན་གྱི་ཕུང་པོ་རྣམ་ཤེས་ཀྱི་ཡུལ་དུ་མཐུན་པར་སྣང་བ་འདི་ཉིད། ཡེ་ཤེས་ཀྱི་ཡུལ་དུའང་མ་ཉམས་པར་བྱས་ནས། ཞལ་གསུམ་ཕྱག་དྲུག་པ་ཉིད་དུ་སྣང་བར་ཁས་ལོངས་ཤིག དེ་ལྟར་ཡང་ཁས་ལེན་ནོ། །ཞེ་ན། ཧ་ཅང་ཐལ་བར་འགྱུར་ཏེ། མ་རྒྱུད་ལས་ནི། ཚེ་གཅིག་ལུས་གཅིག་གིས་སྐྱེད་རིམ་མཐར་ཕྱིན་པར་བྱེད་པ་ལ་ནི། སྒྲུབ་པ་པོའི་རྣམ་སྨིན་གྱི་ལུས། ལྕགས་ལ་གསེར་འགྱུར་བྱས་པ་ལྟར། འཇའ་ཚོན་ལྟ་བུའི་ལུས་སུ་གྱུར་ནས། རྣམ་ཤེས་ཀྱི་ཡུལ་ལས་འདའ་དགོས་པར་བཤད་པའི་ཕྱིར་དང༌། གསང་བ་འདུས་པར་ནི། དེའི་ཚེ། སྒྲུབ་པ་པོའི་རྣམ་སྨིན་གྱི་ལུས་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར། འདོར་དགོས་པ་ཉིད་དུ་བཤད་པའི་ཕྱིར། གཞན་ཡང་རྣམ་སྨིན་གྱི་ལུས་བོར་བའི་སངས་རྒྱས་ཀྱི་སར། ལུས་ཀྱི་དཀྱིལ་འཁོར་མ་ཚང་བར་འགྱུར་ཏེ། དེར་ལུས་དཀྱིལ་གྱི་སྒྲུབ་གཞི་མ་ཚང་བའི་ཕྱིར། དེས་ན། ལུས་དཀྱིལ་ལྟ་ཅི་སྨོས། སྐྱེད་རིམ་གྱི་ལྷ་ཇི་སྙེད་པ་མཐར་ཐུག་ཡེ་ཤེས་སུ་ངོ་འཕྲོད་དགོས་པས་ན། རྣམ་ཤེས་མ་ཡིན་པ། རྣམ་ཤེས་ཀྱི་ཉེར་ལེན་དུ་ཁས་ལེན་དགོས་པ་ནི། ངོ་མཚར་བའི་གནས་སོ། །གཉིས་པ་རང་གི་ལུགས་བཞག་པ་ལ། གསུམ་སྟེ། གཞི་དུས་ཀྱི་ལུས་དཀྱིལ་གྲུབ་མཐའ་ལ་རག་མ་ལས་པར་བཞག་པ་དང༌། ལམ་དུས་ཀྱི་ལུས་དཀྱིལ་སྔགས་ཀྱི་གྲུབ་མཐས་བཞག་པ་དང༌། འབྲས་དུས་ཀྱི་ལུས་དཀྱིལ་མཐར་ཐུག་ཆོས་སྐུར་རོ་གཅིག་པའོ། །དང་པོ་ལ། ལུས་དཀྱིལ་གྱི་མཚན་དུ་བཏགས་པ་ལ་གཉིས་ཏེ། ཕྱི་དང་ནང་གིའམ། བཅོས་མ་དང༌། བཅོས་མིན་ནོ། །ཕྱི་མ་ལ་གསུམ་སྟེ། ལུས་ཀྱིས་དང༌། བྷ་གའི་དང༌། བྱང་ཆུབ་སེམས་ཀྱིའོ། །གསུམ་པ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དང༌། དོན་དམ་བྱང་ཆུབ་སེམས་ཀྱིའོ། །ཕྱི་དང་བཅོས་པའི་དཀྱིལ་འཁོར་ལ་ཡང༌། རྡུལ་ཚོན་དང༌། རས་བྲིས་དང༌། བློས་བསླང་བ་དང༌། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་རྣམས་སོ། །དེ་དག་གི་རང་གི་ངོ་བོ་ནི། རེ་ཤིག་གྲུབ་པའི་མཐས་མ་བརྟགས་པ། འཇིག་རྟེན་པ་དག་གི་རྣམ་ཤེས་ལ་སྣང་བ་དེ་ཉིད་ཐད་སོར་བཞག་པས་སོ། །དེ་ཡང༌། བེམས་པོར་སྣང་བ་རྣམས་ནི། རྡུལ་དུ་གྲུབ་པའི་རང་བཞིན་ལས་མ་འདས་པ་དང༌། མྱོང་རིག་གི་ངོ་བོར་སྣང་བ་རྣམས་ནི། མིག་སྣ་དང་མཐོང་ཐོས་སོགས། འཇིག་རྟེན་ན་གྲགས་པ་དག་ལས་གཞན། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་དང༌། ཆོས་ཅན་དང་ཆོས་ཉིད་ཀྱི་དབྱེ་བ་ཞིབ་མོ་དག་ཏུ་མི་འབྱེད་པར་འགྲོ་བ་འདི་དག་གི་ལུས་གྲུབ་ཙམ་ཉིད་ནས་རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཉིད་དུ་གྲུབ་པའོ། །ཞེས་གསུངས་པ་ནི། དཔེར་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་དང་འདྲ་ཞིང༌། དོན་གཅིག་པ་ཡང་ཡིན་ནོ། །དེའི་ཚེ། དགོངས་གཞི་ནི། རང་བཞིན་ཆོས་སྐུ་རྟེན་དང་བཅས་པ་ལ་དགོངས་པ་སྟེ། རྒྱུ་ཡོད་པ་ལ་འབྲས་བུའི་མིང་གིས་བཏགས་པའོ། །དགོས་པ་ནི། སྔགས་ཀྱི་གདུལ་བྱ་དབང་རྣོན་དག དཀྱིལ་འཁོར་དེ་དག་ཏུ་མྱུར་བ་ཁོ་ནར་འཇུག་པའོ། །དངོས་ལ་གནོད་བྱེད་ནི། འཇིག་རྟེན་ན་གྲགས་པ་བཞིན་གྱི་ལུས་བེམས་པོའི་ཆོས་དང༌། རྣམ་ཤེས་ལ་མཐུན་པར་སྣང་བ་རྣམས་ནི། སངས་རྒྱས་ཀྱི་དཀྱིལ་འཁོར་དངོས་མ་ཡིན་ཏེ། མཐར་ཐུག་སངས་རྒྱས་ཀྱི་སར་འདོར་དགོས་པའི་ཕྱིར་དང༌། ཀུན་རྫོབ་བདེན་པ་དང་འཁྲུལ་པའི་སྣང་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ། ལམ་དུས་ཀྱི་དཀྱིལ་འཁོར་གྲུབ་མཐས་འཇོག་དགོས་པ་ལ་གཉིས་ཏེ། ལུས་དཀྱིལ་གྱི་ངོས་འཛིན་སྤྱིར་སྔགས་ཀྱི་གྲུབ་མཐའ་ལ་རག་ལས་པར་བསྟན། བྱེ་བྲག་ཏུ་སྐྱེད་རིམ་སྒྲུབ་པ་པོའི་ལུས་ཉིད་དབང་བཙན་པར་བསྟན་པའོ། །དང་པོ་ལ། སྔགས་ཀྱི་གྲུབ་མཐར་བེམས་པོ་དང༌། འཁྲུལ་མེད་ཀྱི་རྣམ་ཤེས་ཁས་མི་ལེན་པར་བསྟན། དེས་ན་ལུས་དཀྱིལ་གྱི་ངོས་འཛིན་ཡེ་ཤེས་སུ་གྲུབ་པའོ། །དང་པོ་ནི། སྤྱིར་སྔགས་དང༌། ཁྱད་པར་བླ་མེད་དུ་རྡུལ་ཕྲན་ལས་གྲུབ་པའི་ལུས་དང༌། ཕྱི་རོལ་གྱི་དོན་ཁས་མི་ལེན་ཏེ། གཞན་དུ་ན། གཟུང་བ་ཆོས་ཀྱི་བདག་ཁས་ལེན་པར་ཐལ་བ་དང༌། གཟུང་འཛིན་རྫས་གཞན་ཁས་བླངས་པས་ན། སྔགས་ཀྱི་ཐོག་མའི་འཇུག་སྒོ་སྣང་བ་སེམས་ཡིན་པ་ལས་ཉམས་སོ། །བོད་ཕྱི་མ་ནི། སྣང་བ་སེམས་ཞེས་བྱ་བ་བླུན་པོས་བཏགས་པའི་ཕྱིར། ཁས་མི་ལེན་ནོ། །ཞེས་འཆད་མོད། དེའི་ཚེ་ཕྱི་རོལ་གྱི་དོན་ནི་རྣམ་པ་ཀུན་ཏུ་ཁས་ལེན་པས། གཟུང་འཛིན་རྫས་གཞན་ལས། མ་འདས་པའི་ཕྱིར། ཐེག་པ་ཆེན་པོའི་གྲུབ་མཐའ་གཏིང་ནས་ཉམས་སོ། །གཉིས་པ་ནི། གལ་ཏེ། སྔགས་སུ་ཕྱི་རོལ་གྱི་དོན་མི་བཞེད་ནི། གཟུགས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་མཐའ་དག་ཉམས་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་ན་སྔགས་ཀྱི་ཀུན་ཏུ་སྤྱོད་པ་ཀུན་ལས་ཉམས་སོ། །ཞེ་ན། ཐེག་པ་ཆེན་པོའི་ཁང་བཟང་སུ་འཇུག་པའི་རྣམ་པར་ཐར་པའི་སྒོ་དང་པོ། སྣང་བ་སེམས་སུ་ཐག་ཆོད་པ་ཞེས་བྱ་བ། ཕྱེ་བ་ནས་གཟུང་སྟེ། རྣམ་པར་ཤེས་པ་ལ་ཕུང་སོགས་སུ་སྣང་ཙམ་ལས་མ་གཏོགས་པའི། ཀུན་རྫོབ་ཀྱི་ཆོས་གང་ཡང་ཡོད་པ་མ་ཡིན་པ་ནི། རྣམ་པར་ཐར་པའི་སྒོ་དང་པོ་སྟེ། སྭ་བྷ་ཝའི་སྔགས་དོན་བསམས་པའི་ཚེ་ནའོ། །དེ་ལྟར་སྣང་བའི་རྣམ་ཤེས་ཉིད་ཀྱང་འཁྲུལ་བའི་ཕྱིར་སྤང་དགོས་པའོ། །ཞེས་པ་ནི། རྣམ་པར་ཐར་པའི་སྒོ་གཉིས་པ་སྟེ། ཡོ་ག་ཤུད་དྷའི་སྔགས་དོན་བསམས་པའི་ཚེ་ནའོ། །དེ་ལྟར་ན། གཟུང་བ་དང་འཛིན་པ་གཉིས་མེད་པའི་ཡེ་ཤེས་འབའ་ཞིག་ལས་གཞན་པའི་ཀུན་རྫོབ་པའི་དངོས་པོ་འགའ་ཡང་ཁས་མི་ལེན་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་པ་སྟེ། ཤཱུ་ནྱ་ཏའི་སྔགས་དོན་བསམ་པའི་ཚེ་ནའོ། །གསུམ་པ་ནི། དེ་ལྟར་སྔགས་ཀྱི་སྒྲུབ་པ་མཐར་ཐུག་པའི་ཚེ་ན། རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོརཁོ་ནར་མ་ཟད། གསང་སྔགས་ཀྱི་ཀུན་སྤྱོད་མཐའ་དག་ཡེ་ཤེས་ཁོ་ནའི་རྣམ་རོལ་ཏེ། ཇི་སྐད་དུ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་སོ། །གཉིས་མེད་ཀྱི་ཡེ་ཤེས་ལ་རྟེན་འབྲེལ་སྣ་ཚོགས་སུ་མི་འཆར་བ་ཡང་མ་ཡིན་ཏེ། གཟུགས་རྣམས་སྣ་ཚོགས་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་སོ། །སྣང་བ་དེ་དག་ཀུན་རྫོབ་ཀྱི་རྣམ་པར་སྣང་ཡང༌། ཀུན་རྫོབ་ཀྱི་བདེན་པ་དངོས་མ་ཡིན་ཏེ། མ་རིག་པས་རྣམ་པར་བསླད་པ་མ་ཡིན་པའི་ཕྱིར་དང༌། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མྱོང་བར་བྱ་བ་ཡིན་པས་ན། རིགས་པས་དཔྱད་པ་ཡང་བཟོད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལུས་དཀྱིལ་གྱི་ངོས་འཛིན། སྒྲུབ་པ་པོའི་ཤེས་རྒྱུད་དང་འབྲེལ་དགོས་པར་བསྟན་པ་ལ་གཉིས་ཏེ། སྒྲུབ་པ་པོའི་ངོས་འཛིན་གང་ལ་བྱེད་བསམ་པ་དང༌། དེའི་ལུས་དཀྱིལ་གྱི་འཇོག་མཚམས་སོ་སོར་ཕྱེ་བའོ། །དང་པོ་ནི། བོད་སྔ་ཕྱིའི་རྗེས་འབྲང་ཀུན་མཐུན་པར། སྒྲུབ་པ་པོ་རྟེན་གྱི་གང་ཟག་ཅེས་བྱ་བ་ནི། གང་ཟག་དང༌། སྐྱེས་བུ་དང༌། ཤེས་པ་པོ་དང༌། མཐོང་བྱེད་སྐྱེས་བུ་བཅུ་གཉིས་ཀྱི་མིང་ཅན་དེ་དག་རྣམས་སོ། །དེའི་མཚན་གཞི་ཡང༌། ཆོས་མངོན་པ་ལྟར་ན། རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་ཞེན་པའི་ཞེན་སྟངས་ཀྱི་གཟུང་བྱར་གྱུར་པའི་བདག་དེ་ལ་ངོས་འཛིན་དགོས་ཤིང༌། དབུ་མ་ཐལ་འགྱུར་བ་ལྟར་ན། རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞེས་བྱ་བ་འདི་ཉིད་དོ། །ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་བྱ་བ་ཡང་འདི་ཁོ་ན་སྟེ། འདི་ཁས་མ་བླངས་ན་ལས་བྱས་པ་ཆུད་ཟོས་པ་དང༌། མ་བྱས་པ་དང་འཕྲད་པ་ལ་སོགས་པའི་ཕྱིར་ན། ལས་འབྲས་ལ་སྐུར་པ་བཏབ་པར་འགྱུར་རོ། །ཞེས་འཆད་དོ། །དེ་ལྟར་འཆད་པ་འདི་དག་ནི། སངས་རྒྱས་པའི་ཆོས་ཀྱི་ཕྱག་རྒྱ་བཞི་རྩ་བ་ནས་འཇིག་པར་བྱེད་པ་དང༌། མུ་སྟེགས་བྱེད་ཀྱི་གཞུང་གི་རྩ་བ་འཛུགས་པར་བྱེད་པ་ཡིན་ཏེ། རྣམ་འགྲེལ་མཛད་པས། གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་བཏགས་གཞོམ་ཕྱིར་བརྩོན། །ཞེས་དང༌། ཟླ་བའི་ཞབས་ཀྱིས་ཀྱང༌། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་གསུངས་སོ། །དེ་སྐད་དེ་ནི། དོན་དམ་ལ་དགོངས་སོ། །ཤེ་ན། དོན་དམ་དུ་ཡོད་པ་མ་ཡིན་ན། ཡོད་པར་འགལ་ཏེ། དོན་དམ་པ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྒྲུབ་པ་པོ་བདག་ཏུ་མ་རིགས་པའི་ཕྱིར། དེས་བདག་གིར་བྱས་པའི་ཕུང་ཁམས་སོགས་ཀྱང༌། ལུས་དཀྱིལ་དུ་རུང་བ་མ་ཡིན་ཏེ། ཇི་སྐད་དུ། བདག་ནི་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་སོ། །དེ་ལྟར་མཐའ་གཞན་བསལ་ནས། རང་ལུགས་ཀྱི་སྒྲུབ་པ་པོའི་ངོས་འཛིན་ནི། སྒྲུབ་ཐབས་རྣམས་སུ། ཨཏྨ་ཀོ྅ཧཾ། ཞེས་རྡོ་རྗེའི་ཚིག་གིས་བསྟན་པ་དེ་ཉིད་དོ། །བཀག་མ་ཐག་པ་དེ་ཉིད་དང༌། བདག་ཅེས་བྱ་བའི་མིང་མཚུངས་ཀྱང༌། དོན་འདྲ་བ་མ་ཡིན་ཏེ། འདིའི་ངོས་འཛིན་དུ་དྷརྨ་དྷ་ཏུ་དང༌། ཤུ་ནྱ་ཏ་ཞེས་བསྟན་པའི་ཕྱིར་གཉིས་པ་ལུས་དཀྱིལ་གྱི་འཇོག་མཚམས་སོ་སོར་བསྟན་པ་ལ་གཉིས་ཏེ། ཀུན་རྫོབ་དྲང་དོན་གྱི་ལུས་དཀྱིལ་དང༌། དོན་དམ་ངེས་དོན་གྱི་ལུས་དཀྱིལ་ལོ། །དང་པོ་ནི། བསྐྱེད་པའི་རིམ་པ་ལ་རིགས་པར་ཞུགས་པའི་རྣལ་འབྱོར་པ་ལ་རང་གི་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་ཚོགས་པ་དང༌། ཆ་ཤས་སོ་སོར་སྣང་བའི་རྣམ་རིག་གང་ཡིན་པ་ཉིད་དོ། །འདི་ནི། ཡུལ་གཟུང་བ་མ་གྲུབ་ཀྱང༌། ཡུལ་ཅན་འཛིན་པ་མ་བཀག་པའི་གནས་སྐབས་ཏེ། སྭ་བྷ་ཝའི་སྔགས་དོན་བསམས་པའི་ཚེ་དང༌། སེམས་ཙམ་དང་རང་རྒྱལ་གྱི་ལྟ་བ་ནས། བླ་མེད་ཀྱི་རྣལ་འབྱོར་ལ་ཞུགས་པ་དག་གི་ཚེ་ནའོ། །སྐབས་འདིར། རྟེན་བརྟེན་པ་གཉིས་ཀ་གཟུང་འཛིན་གཉིས་མེད་དུ་མ་སོང་བས། སྟོང་པ་ཉིད་དང་སེམས་ཀྱི་རྡོ་རྗེར། ཅུང་བཞག་དཀའོ། །གཉིས་པ་ལ། གནས་སྐབས་ཀྱི་དོན་དམ་དང༌། མཐར་ཐུག་གི་དོན་དམ་པའི་དབང་དུ་བྱས་པའོ། །དང་པོ་ནི། རྣལ་འབྱོར་པ་རང་གི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ། དོན་དམ་པའི་ཕུང་ཁམས་སྐྱེ་མཆེད་དུ་སྣང་བའི་རྣམ་རིག་སྟེ། འདི་ནི་རྣམ་རྫུན་དབུ་མ་ནས་བླ་མེད་དུ་ཞུགས་པའི་རྣལ་འབྱོར་གྱི་ཚེ་དང༌། ཡོ་ག་ཤུད་དྷའི་སྔགས་དོན་བསམས་པའི་ཚེ་ནའོ། །ཡེ་ཤེས་ལ་དེ་ལྟར་སྣང་བ་ནི། དོན་དམ་པའི་དང༌། ཆོས་ཉིད་ཀྱི་དང༌། ཡོངས་གྲུབ་ཀྱི་ཕུང་ཁམས་སྐྱེ་མཆེད་དོ། །ལུས་ལ་དེ་ལྟར་ཁས་བླང་པར་མི་བྱའོ། །སྙམ་དུ་བསམ་པར་མི་བྱ་སྟེ། རྡུལ་ཚོན་སོགས་ལའང༌། མ་བསྒྲུབས་གོང་དུ་ཐ་མལ་གྱི་ཚོན་དུ་སྣང་བ་དང༌། བསྒྲུབས་ན། ཡེ་ཤེས་ཀྱི་སྒྲུབ་གཞི་ལ་སོགས་པར་ཁས་ལེན་དགོས་པ་བཞིན་ནོ། །གསུམ་པ་ནི། ཡེ་ཤེས་ཉིད་ལས་གྲུབ་པའི་རྟེན་བརྟེན་པ་ཡང༌། འོད་གསལ་དུ་བཅུག་པའི་ཚེ་ནའོ། །དེ་ལྟར། གཟུང་བ་མ་གྲུབ་པ་ནི། ལྷག་མོས་ཀྱི་འཁོར་རྣམས་གཙོ་བོ་ལ་བསྡུས་པའི་ཚེ་དང༌། ཡེ་ཤེས་འབའ་ཞིག་ལས་ལུས་དཀྱིལ་ཚང་བར་གྲུབ་པ་ནི། དང་པོའི་མགོན་པོའི་སྐུ་ལ་ལུས་དཀྱིལ་གསལ་བཏབ་པའི་ཚེ་ནའོ། །དེ་ནས། སྤྲུལ་སྐུ་རྡོ་རྗེ་སེམས་དཔས། དཀྱིལ་འཁོར་རྒྱལ་མཆོག་སྤྲོས་པ་ནི། རང་གི་ལུས་ལ་དོན་དམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་དེ། གདུལ་བྱ་གཞན་སྣང་དུ་སྤྲུལ་པའི་སྐུས་མཛད་པ་བསམ་གྱིས་མི་ཁྱབ་པ་སྟོན་པ་སྟེ། སྔོན་དོན་གྲུབ་ཀྱིས། དགའ་ལྡན་དུ་ཆོས་སྐུ་མངོན་དུ་མཛད་ནས། འཛམ་བུའི་གླིང་དུ་རྒྱལ་སྲིད་སྐྱོང་བར་མཛད་པའི་བར་རྣམས་དང་ཆོས་མཐུན་པའོ། །གསུམ་པ་ནི། འབྲས་དུས་ཀྱི་ལུས་དཀྱིལ་ཆོས་ཀྱི་སྐུར་རོ་གཅིག་པ་ཡིན་ཏེ། སངས་རྒྱས་ཀྱི་སར་ཆོས་ཀྱི་སྐུས་མ་བསྡུས་པའི་དཀྱིལ་འཁོར་ཡོད་པ་མ་ཡིན་པའི་ཕྱིར་དང༌། ས་དེར་སྒྲུབ་པ་པོའི་རྣམ་སྨིན་གྱི་ཕུང་པོ་ཡང་དོར་ཟིན་པའི་ཕྱིར། གནས་དེར་ལུས་དཀྱིལ་མཚན་ཉིད་པ་མེད་ན། ལམ་དུས་སུ་སྐྱེད་རིམ་གྱི་གཙོ་བོ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཉིད་བཤད་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་འོ་ན། སྐྱེད་རིམ་པས་གོམས་པར་བྱ་བའི་ཕྱི་ནང་གི་དཀྱིལ་འཁོར་གཉིས་སུ་འབྱེད་པ་དེའི་ཚེ། རྟེན་བརྟེན་པའི་རྒྱུ་ཚོགས་དང༌། རང་གི་ངོ་བོ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་དམ་མེད། མེད་ན་གཉིས་སུ་ཕྱེ་བའི་རྒྱུ་མཚན་དང་དགོས་པ་གང་ཡིན། ཡོད་ན། གཞན་ལ་སུན་འབྱིན་བརྗོད་པ་དེ་ཉིད་སླར་འོངས་པ་མ་ཡིན་ནམ། ཞེ་ན། གཉིས་པོ་ལ། ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། ཇི་སྲིད་གཙོ་བོའི་སྐུ་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས། བྱིན་གྱིས་བརླབས་པ་དང༌། གསལ་ཐེབས་པར་མ་གྱུར་པ་དེ་སྲིད་དུ། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་འཆང་དུ་མི་འོས་ཤིང༌། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་ཚོགས་སྤྲོ་བར་བྱེད་པ་པོ་ཉིད་དུ་མི་རུང་བའི་ཕྱིར། དཀྱིལ་འཁོར་གཉིས་པོ་གང་ལས་བསྒྲུབ་པའི་གཞི། དོན་དམ་ཡེ་ཤེས་ཀྱི་ཆ་ལ་ཁྱད་པར་མེད་ཀྱང༌། ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཚུལ་ལས་ཁྱད་པར་ཕྱེ་བ་ཡིན་ཏེ། ཕྱིའི་གཞལ་ཡས་ཁང་ནི། རྡོ་རྗེའི་ས་བསྐྱེད་པ་ལས་རིམ་གྱིས་བསྒྲུབ་དགོས་ཤིང༌། ནང་གི་གཞལ་ཡས་ཁང་ནི་སེམས་ཀྱི་རྡོ་རྗེ་ཉིད་དུ་གདོད་མ་ནས་གྲུབ་པ་དང༌། ཕྱིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནི། དཀྱིལ་འཁོར་རྒྱལ་མཆོག་གི་འབད་རྩོལ་དུ་མས་བསྒྲུབ་པར་བྱེད་དགོས་ལ། ནང་དཀྱིལ་གྱི་ལྷ་ཚོགས་ནི། བཅོས་མིན་དུ་གྲུབ་པ་སྐད་ཅིག་གིས་གསལ་ཐེབས་པས་ཆོག་པའི་ཕྱིར་དང༌། ཡུལ་དུ་བྱེད་པའི་བློ་ཡང་རྣམ་ཤེས་དང་ཡེ་ཤེས་སོ་སོར་ངེས་པའི་ཕྱིར་འདིར། མ་དག་པའི་ཕུང་ཁམས་སྐྱེ་མཆེད་སྦྱང་གཞིར་བྱས་ནས། དག་པ་ཡེ་ཤེས་ཀྱི་ཕུང་ཁམས་སོགས་ལས་གྲུབ་པའི་ལྷ་སོ་གཉིས་ཀྱི་བསྐྱེད་པའི་རིམ་པ་ལ། རྣལ་འབྱོར་དུ་བྱེད་པའི་རྒྱུ་མཚན་དང་དགོས་པའི་ཁྱད་པར་འདི་ལྟར། ཕུང་སོགས་ཆོས་གསུམ་པོ་འདི་ལ། གནས་སྐབས་གསུམ་དུ་ཕྱེ་ནས། དང་པོ་གཞི་དུས་སུ་འཁྲུལ་མེད་རང་བཞིན་རྣམ་དག་གི་ཆོས་གསུམ་དང༌། འཁྲུལ་བཅས་ཐ་མལ་གྱི་ཕུང་སོགས་སུ་སྣང་བའི་རྣམ་རིག་གོ །ལམ་དུས་སུ་ཡང༌། འཁྲུལ་མེད་ཡེ་ཤེས་ལ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་སྣང་བ་དང༌། འཁྲུལ་བཅས་རྟོག་པའི་ཤེས་པ་ལ་དེ་ལྟར་སྣང་བའོ། །ལྷ་དེ་དག་བསྒྲུབ་པའི་གཞི་ནི། ཡིན་ལུགས་ལ་ཡེ་ཤེས་ལས་དང༌། འཁྲུལ་ངོར་མ་དག་པའི་ཕུང་སོགས་ལས་སོ། །འཁྲུལ་སྣང་གིས་ནི། ཐ་མལ་གྱི་སྣང་ཞེན་ཁེགས་ཤིང༌། ཡིན་ལུགས་ཤེས་པས་ནི་འཁྲུལ་སྣང་ཟློག་པར་བྱེད་དོ། །འབྲས་དུས་ཀྱི་ཕུང་སོགས་ནི། རྟེན་བརྟེན་པ་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་པ་ཉིད་དོ། །དེ་ལྟར་རང་བཞིན་རྣམ་དག་གི་ཕུང་སོགས་ལས་ལམ་དུས་སུ། གློ་བུར་རྣམ་དག་གི་ལྷ་སོ་གཉིས། མོས་པ་ལམ་བྱེད་ཀྱིས་བསྒོམ་པ་མཐར་ཕྱིན་པ་ནི། འབྲས་བུའི་དུས་སུ། མ་དག་པའི་སྣོད་བཅུད་ཀྱི་སྣང་བ་རང་སར་དག་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་ཡིན་ནོ། །བོད་ཕྱི་མའི་འདོད་པ་ལ་ནི། ཞིང་སྦྱངས་པའི་ཚད་འདི་བཞག་ཏུ་མེད་དེ། ཐོག་མར་འཛམ་གླིང་གི་མིའི་རྟེན་ལ། སངས་རྒྱས་པ་དེའི་ཞིང་ནི། འོག་མིན་སྟུག་པོ་བཀོད་པ་ཉིད་དུ་ཁས་མི་ལེན་པའི་ཕྱིར་དང༌། དེའི་ཚེ་སངས་རྒྱས་དེ་ལ་འཛམ་བུའི་གླིང་དག་པའི་ཞིང་དུ་སྣང་བ་ནི། དེའི་ཚེ་མ་དག་པའི་ཞིང་མི་སྲིད་པར་ཐལ་བའི་ཉེས་པར་འབྱུང་བར། བོད་ཕྱི་མ་དག་གིས་འཆད་པས་སོ། །གསུམ་པ་རྗེས་ཀྱི་རྣམ་པར་བཞག་པ་ནི། ཏིང་ངེ་འཛིན་དང་པོ་གཉིས་ཀྱིས། ཕྱི་ནང་གི་བསྐྱེད་པའི་རིམ་པ་རགས་པ་མཐར་ཕྱིན་པར་བྱས་པའི་འོག་ཏུ། ཕྲ་མོ་དང༌། ཐིག་ལེའི་རྣལ་འབྱོར་ལ་སློབ་ཚུལ་སོགས། ལས་རྒྱལ་མཆོག་གི་རིམ་པ་དག་ལ་ངོས་གཟུང་བར་བྱ་སྟེ། སྐབས་དེར། བསྐྱེད་རིམ་གྱི་ཡན་ལག་ཏུ་དགོས་པའི་བསོད་ནམས་ཀྱི་ཚོགས་མང་པོ་རྫོགས་པར་བྱེད་པ་དང༌། ཕྲ་ཐིག་གི་རྣལ་འབྱོར་པས། སྐྱེད་རིམ་གྱི་འཇུག་སྡུད་པར་བྱེད་ཅིང༌། རྫོགས་རིམ་གྱི་འགོ་འདྲེན་པར་བྱེད་པའི་ཕྱིར་རོ། །ལས་དང་པོ་ཡི་སྒྲུབ་པ་པོ་ཉིད་ཀྱི། །རྣམ་ཤེས་ལས་གཞན་སྦྱང་བྱར་འོས་མ་ཡིན། །ཡེ་ཤེས་སྣང་བ་རིང་དུ་གོམས་བྱས་པས། །གཞན་སྣང་ངང་གིས་སྤོང་བ་བསྐྱེད་པའི་རིམ། །ཞེས་བྱ་བ་འདི་གྲུབ་པའོ།།  །།སྭསྟི། ཡེ་ཤེས་བསྐྱེད་པའི་རིམ་པས་རྣམ་ཤེས་ཆོས། །སྐྱེ་མེད་སྤྲུལ་པའི་སྐུ་ལ་གདེང་ཐོབ་ནས། །ལས་ཉོན་རྫོགས་པའི་རིམ་པས་ཡེ་ཤེས་སྐུ། །འཆི་མེད་ཆོས་སྐུའི་ངེས་པ་འདི་བཤད་བྱ། །གཉིས་པ། རྫོགས་པའི་རིམ་པ་ཤེས་པར་བྱ་བ་ལ་གསུམ་སྟེ། རིམ་ལྔའི་རྐང་གྲངས་ངོས་གཟུང་ནས། གྲངས་དང་གོ་རིམ་ངེས་པའི་ཚུལ། རྫོགས་རིམ་ལྔ་པོ་སོ་སོའི་ངོས་འཛིན། རིམ་ལྔའི་ནང་དུ་ཡན་ལག་དྲུག་གི་བྱེད་ལས་འདུས་པའི་ཚུལ་ལོ། །དང་པོ་ནི། བསྐྱེད་པའི་རིམ་པ་ཐོག་མར་བགྲངས་ནས། སེམས་དབེན་སོགས་རྫོགས་པའི་རིམ་པ་བཞིན་ཕྱེ་ནས། རིམ་པ་ལྔ་སྟེ། དེའི་ཚེ་ན་ལུས་ངག་གི་དབེན་པ་གཉིས་ནི། སེམས་དབེན་གྱི་སྔོན་འགྲོ་ཡིན་པས། དེར་བསྡུས་ནས། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པ་མཐའ་དག རིམ་པ་ལྔར་བསྡུ་བ་ནི། འགྲེལ་ཆེན་སྒྲོན་མ་གསལ་བའི་ལུགས་དང༌། ལུས་དབེན་ནི། སྐྱེད་རིམ་མམ། ངག་དབེན་གྱི་ནང་དུ་བསྡུས་ནས། རྫོགས་རིམ་རྐྱང་པ་ལ་རིམ་པ་ལྔར་འཇོག་པ་ནི་འཕགས་པ་ཉིད་ཀྱི་རིམ་ལྔའི་བསྟན་བཅོས་ཀྱི་ལུགས་སོ། །གཉིས་པ། གྲངས་ངེས་ནི། ཟུང་འཇུག་གསང་བ་འདུས་པའི་མཐར་ཐུག་གི་སྐུ་འགྲུབ་པ་ལ། ལམ་རིམ་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཉིས་ལས་མང་མི་དགོས་ཤིང༌། ཉུང་ན་དེ་མི་འགྲུབ་པའི་ཕྱིར། དེ་ཡང་འདི་ལྟར། བསྐྱེད་པའི་རིམ་པས་ནི། འོག་མིན་གྱི་གནས་ཁོ་ནར་བཞུགས་པའི་ཟུང་འཇུག་གི་སྐུ་ལས་མ་གཡོས་བཞིན་དུ། གཞན་དོན་སྤྲུལ་པའི་སྐུ་ལྷུན་གྲུབ་རྒྱུན་མི་འཆད་དུ་འབྱུང་བར་བྱེད་དོ། །དེ་ཡང༌། བསོད་ནམས་ཀྱི་ཚོགས་ཀྱི་རྣམ་སྨིན་དངོས་ནི། འོག་མིན་གྱི་རྟེན་ཅན་ཁོ་ན་ཡིན་ལ། རྒྱུ་མཐུན་པའི་སྐུ་ནི་མཆོག་གི་སྤྲུལ་པའི་སྐུ་ཆགས་ཅན་ནམ། ཆགས་བྲལ་གྱི་སྐུ་སྣ་ཚོགས་སུ་སྟོན་པ་དེའོ། །བསྐྱེད་པའི་རིམ་པ་ནི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་བྱེད་ལས་ཅན་ཁོ་ནར་མ་ཟད། གོང་དུ་བཤད་ཟིན་པ་ལྟར་ལྷའི་རྣལ་འབྱོར་གྱི་ལས་ཉོན་མ་ལུས་པར་སྤང་པའི་ཐར་པ་དང་སྤངས་རྟོགས་ཀྱི་ཚད་མཉམ་པར་བྱེད་ནུས་པས་ན། སྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པས་གདུལ་བྱ་རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པར་ནུས་སོ། །བསྐྱེད་པའི་རིམ་པ་ལ་གནས་པ་གཞིར་བྱས་ཀྱི་སྟེངས་སུ། རྫོགས་པའི་རིམ་པ་ཡང༌། ལྔའམ། བཞི་པོ། ཐོག་མར་གཉིས་སུ་འདུས་སྟེ། རྟེན་སྐུ་འགྲུབ་པར་བྱེད་པའི་ཉེར་ལེན་དང༌། བརྟེན་པ་སྤངས་རྟོགས་རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྒྱུ་མ་ལྟ་བུའི་སྐུ་ཡིན་ལ། འདི་མངོན་དུ་བྱེད་པ་ལ་དེ་མ་ཐག་པའི་རྐྱེན་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང༌། བདག་པོའི་རྐྱེན་ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་མེད་པར་མི་འབྱུང་ཞིང༌། རྡོ་རྗེ་གཉིས་པོ་དེ་ཡང༌། སྐུ་རྡོ་རྗེ་ལ་མ་བརྟེན་པར་མེད་པས། སྒྱུ་མ་ལྟ་བུའི་རིམ་པ་ལ་ཡན་ལག་གསུམ་པོ་དེར་ངེས་སོ། །གཉིས་པ། སྤངས་རྟོགས་རྫོགས་བྱེད་ཀྱི་རྐྱེན་ལ། སྤངས་པ་རྫོགས་པའི་དང༌། རྟོགས་པའི་ཡོན་ཏན་རྫོགས་བྱེད་ཀྱི་རྐྱེན་ནོ། །དང་པོ་ནི། མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་པའི་མིང་ཅན། ཡང་དག་པའི་མཐའ་དང༌། འོད་གསལ་བའོ། །གཉིས་པ་ནི། སློབ་བཞིན་པའི་ཟུང་འཇུག་གི་སྐུ་སྟེ། འདི་ནི་ཡང་དག་པའི་མཐའ་དང༌། སྒྱུ་མའི་སྐུ་ཟུང་དུ་འཇུག་པ་ཡིན་པས་ན། སྤང་བྱའི་ས་བོན་མ་ལུས་པ་སྤོང་བར་བྱེད་ཅིང༌། ཐོབ་བྱའི་ཡོན་ཏན་མཐའ་དག་རྫོགས་པ་དང༌། སྤྱོད་པའི་ཉེ་རྒྱུས་མི་སློབ་པའི་ཟུང་འཇུག་ཏུ་མཚམས་སྦྱོར་བར་བྱེད་དོ། །གསུམ་པ་གོ་རིམ་ངེས་པ་ནི། ཐོག་མར་བསྐྱེད་པའི་རིམ་པ་ལ་མ་བསླབས་པར། ལུས་རྣམ་པར་དབེན་པ་ལ་སློབ་པ་མི་འབྱུང་སྟེ། འདིར། གང་དབེན་པའི་གཞི་ལུས་ནི། དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ཡིན་ལ། གང་གིས་དབེན་པ་ནི། མ་དག་པའི་ཕུང་སོགས་ལ་བྱེད་དགོས་པར་བཤད་པས་ན། དེ་དེས་དབེན་པ་ནི། སྐྱེད་རིམ་ལ་མ་སྦྱངས་པར་མི་འབྱུང་བའི་ཕྱིར། དེའི་འོག་ཏུ་ངག་རྣམ་པར་དབེན་པ་ལ་སློབ་པ་ཡང༌། ལུས་རྣམ་པར་དབེན་པ་ལ་བསླབས་པ་སྔོན་དུ་འགྲོ་དགོས་ཏེ། འདིར། གང་དབེན་པའི་གཞི་ནི། དཀྱིལ་འཁོར་གྱི་གཙོ་བོའི་གསུང་དང༌། གང་གིས་དབེན་པ་ནི། ཐ་མལ་གྱི་ངག་གིས་དབེན་པ་ཡིན་ལ། དེ་དེས་དབེན་པར་བྱེད་པ་ནི། ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་མ་བསླབས་པར་མི་འབྱུང་ཞིང༌། དེ་ལྟར་བསླབས་པ་ལས། ཕྱི་མ་དེ་ངང་གིས་འབྱུང་བའི་ཕྱིར། དེའི་འོག་ཏུ་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སློབ་པ་ལ་ཡང༌། ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབས་པ་སྔོན་དུ་འགྲོ་དགོས་ཏེ། འདིར། གང་དབེན་པའི་གཞི་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཡིན་ལ། གང་གིས་དབེན་པ་ནི། ཐ་མལ་པའི་སེམས་ལ་བྱ་ཞིང༌། དེ་དེས་དབེན་པ་ལ་སློབ་པ་ཡང༌། གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་མ་བསླབས་པར་མི་འབྱུང་ཞིང༌། དེ་ལ་བསླབས་པས་རླུང་སེམས་དབུ་མར་ངང་གིས་ཚུད་པའི་ཕྱིར། འདིར། བོད་ཕྱི་མ་གང་དབེན་པའི་གཞི་རྡོ་རྗེ་གསུམ་ལ་ངོས་མི་འཛིན་པར། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་སྤྱི་ཙམ་པ་ལ་ངོས་བཟུང་ནས། ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱིས་དབེན་པར་འཆད་པ་ནི། ནོར་བ་ཡིན་ཏེ། དབེན་གཞི་རྡོ་རྗེ་གསུམ་ལ་མ་བཤད་ན། དེ་དང་དེས་དབེན་པ་འགལ་བའི་ཕྱིར་རོ། །དེ་ལྟར་སྔོན་འགྲོ་དབེན་པ་གསུམ་ལ་བསླབས་པ་སྔོན་དུ་བཏང་ནས། དངོས་གཞི་ཀུན་རྫོབ་ཀྱི་བདེན་པ་ལ་སློབ་པར་བྱ་དགོས་ཏེ། རྡོ་རྗེ་གསུམ་ལ་བསླབས་པ་སྔོན་དུ་མ་སོང་ན། སྒྱུ་མའི་སྐུ་གང་ལས་བསྒྲུབས་པའི་གཞི་མི་འབྱུང་བའི་ཕྱིར། སྒྱུ་ལུས་ཐོག་མར་གྲུབ་པའི་འོག་ཏུ། འོད་གསལ་བའི་རིམ་པ་བསྟན་དགོས་ཏེ། སྒྱུ་ལུས་གྲུབ་པ་སྔོན་དུ་མ་སོང་བའི་འོད་གསལ་བའི་རིམ་པ་རྐྱང་པས་ནི། སློབ་བཞིན་པའི་ཟུང་འཇུག་ཙམ་ཡང་སྔོན་དུ་བྱེད་མི་ནུས་པའི་ཕྱིར། དཔེར་ན། ཕར་ཕྱིན་པའི་འོད་གསལ་བཞིན་ནོ། །དེའི་འོག་ཏུ་ཟུང་འཇུག་སྔོན་དུ་བྱེད་པ་ཡང་འོད་གསལ་བའི་རིམ་པ་ལ་བསླབས་པ་སྔོན་དུ་འགྲོ་དགོས་ཏེ། སྒྱུ་མའི་སྐུ་འོད་གསལ་གྱིས་སྦྱངས་པ་སྔོན་དུ་མ་སོང་ན། བདེན་པ་གཉིས་སོ་སོར་ཞེན་པ་ལས་མི་གྲོལ་ཞིང༌། དེ་ལྟ་ན་བདེན་གཉིས་གཅིག་ཏུ་བསྲེས་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་མི་ནུས་པའི་ཕྱིར། གལ་ཏེ། མི་སློབ་པའི་ཟུང་འཇུག་གི་སྐུ་ཡོངས་སུ་རྫོགས་པར་མངོན་དུ་བྱེད་པ་ནི་བསྐྱེད་པའི་རིམ་པས་བསོད་ནམས་ཀྱི་ཚོགས་དང༌། མངོན་པར་བྱང་ཆུབ་པའི་རིམ་པས་སྤང་བྱ་མ་ལུས་པ་སྤོང་ནུས་པ་དེ་ཉིད་ཀྱི་ཕྱིར་ན། ཡེ་ཤེས་ཀྱི་ཚོགས་མ་ལུས་པ་རྫོགས་པ་དེ་ཙམ་གྱིས་ཆོག་པའི་ཕྱིར། སྐབས་འདིར། སྒྱུ་མའི་སྐུ་བསྒྲུབ་པའི་རིམ་པས་ཅི་ཞིག་བྱ་སྙམ་ན། སྤྱིར་རྫོགས་པའི་སངས་རྒྱས་འགྲུབ་པ་ལ། ཚོགས་གཉིས་པོ་ངེས་པར་གྲུབ་ཟིན་པ་ཙམ་གྱིས་ཆོག་མོད་ཀྱང༌། རྣལ་འབྱོར་ལས་དང་པོ་པས་ཚེ་གཅིག་གི་རྟེན་ལ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ནི། ངེས་པར་སྒྱུ་མའི་སྐུ་གྲུབ་པ་སྔོན་དུ་འགྲོ་དགོས་སྟེ། བསྐྱེད་པའི་རིམ་པས་བསོད་ནམས་ཀྱི་ཚོགས་དང༌། འོད་གསལ་བའི་རིམ་པས་སྤང་བྱ་མ་ལུས་པར་སྤོང་ནུས་ཀྱང༌། ལས་དང་པོ་པ་དེའི་རྣམ་སྨིན་གྱི་ཕུང་པོ་ལས་ལོགས་ཤིག་ཏུ། ཡེ་ཤེས་ལས་གྱུར་པའི་སྒྱུ་མའི་སྐུ་གསར་པ་མ་གྲུབ་ན། ཚེ་གཅིག་གིས་ལོངས་སྐུ་མངོན་དུ་བྱེད་མི་ནུས་པའི་ཕྱིར། བོད་ཕྱི་མ་ན་རེ། སྒྱུ་མའི་སྐུ་བསྒྲུབས་པའི་དགོས་པ་ནི། མི་སློབ་པའི་མཚན་དང་དཔེ་བྱད་ཀྱི་རིགས་འདྲ་སྔ་མ་སྔོན་སོང་དུ་བྱ་བའི་ཕྱིར་ཡིན་པས། ལུགས་འདིའི་ཁྱད་ཆོས་བླ་ན་མེད་པའོ། །ཞེས་གསུང་མོད། མི་སློབ་པའི་མཚན་དཔེ་མངོན་དུ་མཛད་པ་ལ། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཙམ་གྱིས་མི་ཆོག་པར། རིགས་འདྲ་སྔ་མ་བསྒྲུབ་དགོས་ན། དེ་ལ་ཡང༌། རིགས་འདྲ་གཞན་ཞིག་བསྒྲུབ་དགོས་པ་སོགས། ཐུག་པ་མེད་པར་འགྱུར་རོ། །གལ་ཏེ། ཕར་ཕྱིན་པ་ལྟ་བུ་ལ་དེ་ལྟར་མི་དགོས་ཀྱང༌། ཚེ་གཅིག་གིས་བསྒྲུབ་པ་ལ་དགོས་སོ། །ཞེས་ཟེར་མོད། སྒྱུ་ལུས་ཀྱི་མཚན་དཔེ་དང་པོའི་རིགས་འདྲ་སྔ་མ་གང་དུ་ཚོལ། ལ་ལ་དག་ན་རེ། ཕར་ཕྱིན་གྱི་ས་བཅུ་པ་ལ་ཡང་རིགས་འདྲ་དེ་ཡོད་དོ། །ཟེར་ན། མཚན་དཔེའི་རིགས་འདྲ་བསྒྲུབ་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས་སུ་འདོད་པ་ཉམས་སོ། །གཉིས་པ་སོ་སོའི་རྣམ་གཞག་ངོས་གཟུང་བ་ལ་གསུམ་སྟེ། སྔོན་འགྲོ་དབེན་པ་གསུམ་ལ་ཇི་ལྟར་སློབ་པའི་ཚུལ། དངོས་བཞི་བདེན་པ་གཉིས་ཇི་ལྟར་ཉམས་སུ་ལེན་པའི་རྣམ་གཞག རྗེས་ལ་ཟུང་འཇུག་གི་སྐུ་ཇི་ལྟར་འགྲུབ་པའི་རིམ་པའོ། །དང་པོ་ལ། གསུམ་སྟེ། ལུས་དབེན་སྐུ་རྡོ་རྗེའི་དང༌། ངག་དབེན་གསུང་རྡོ་རྗེའི་དང༌། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཤེས་པར་བྱ་བའི་ཡུལ་གང་ཡིན་པ་དང༌། ཤེས་པའི་འོག་ཏུ་ལུས་དབེན་གྱི་རང་བཞིན་ངོས་གཟུང་བ་དང༌། རྒྱུ་ཚོགས་གང་ལས་བསྒྲུབ་པའོ། །དང་པོ་ནི། སྐབས་འདིར། དམ་པ་རིགས་བརྒྱ་ཞེས་པའི་རྣམ་གཞག་ཤེས་པར་བྱ་དགོས་ཏེ། སྦྱང་གཞི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རང་སྣང་འཁྲུལ་པ་དང༌། སྦྱོང་བྱེད་དམ་པ་རིགས་བརྒྱའི་སྣང་བ་མི་བསླུ་བར་ཤེས་ནས། སྦྱང་གཞི་དང་སྦྱོང་བྱེད་སོ་སོར་ངོ་འཕྲོད་དགོས་པའི་ཕྱིར། དེ་དག་གང་ཞེ་ན། སྐྱེད་རིམ་པའི་སྦྱང་གཞི་དང༌། སྦྱོང་བྱེད་རགས་པ་ཙམ་ངོ་འཕྲོད་ཟིན་པ་དེ་གཞིར་བྱས་ནས། ལུས་རྣམ་པར་དབེན་པ་ལ་མཉམ་པར་འཇོག་པའི་ཐོག་མར། ཞིབ་ཏུ་ཕྱེ་ནས་ཤེས་པར་བྱ་བ་ནི། སྦྱང་གཞི་མ་དག་པའི་ཕུང་པོ་ལྔ་པོ་རེ་རེ་ལ་ཡང་སྦྱོང་བྱེད་གཉེན་པོའི་དབྱེ་བ་དང༌། སྤང་གཉེན་སོ་སོར་ངེས་པའི་སྦྱང་བྱའི་དྲི་མ་ལྔ་ཚན་ལྔར་ཕྱེ་ནས། རྩ་བའི་རིགས་ཆེན་ལྔ་པོ་རེ་རེ་ལ་ཡང༌། རིགས་ཆུང་ལྔ་ལྔར་ཕྱེ་བ་དང༌། དེ་བཞིན་དུ་མ་དག་པའི་ཁམས་བཞི་པོ་ལ། སྦྱང་བྱ་མ་དག་པའི་སྣང་བ་ལྔ་ཚན་བཞིར་ཕྱེ་ནས། སྦྱོང་བྱེད་ཡུམ་བཞི་ལ་སངས་རྒྱས་སྤྱན་གྱི་རྣམ་སྣང་སོགས་ལྔ་ཚན་བཞིར་འབྱེད་པ་དང༌། ཟག་བཅས་ཀྱི་དབང་པོ་དྲུག་པོ་རེ་རེ་ལ་ཡང༌། འཁྲུལ་པའི་སྣང་བ་ལྔ་ཚན་དུ་ཕྱེ་ནས། སྦྱོང་བྱེད་གཉེན་པོ་ལ་ས་སྙིང་གི་རྣམ་སྣང་སོགས། ལྔ་ཚན་དྲུག་ཏུ་འབྱེད་པ་དང༌། དེ་དང་འདྲ་བར་གཟུགས་རྡོ་རྗེ་མའི་རྣམ་སྣང་སོགས། ལྔ་ཚན་ལྔར་འབྱེད་པ་དང༌། ཡང༌། སྐབས་ལ་ལར། རིགས་ཆུང་ཉི་ཤུ་རྩ་ལྔ་པོ་རེ་རེ་ལ། ཡུམ་བཞི་བཞིར་ཕྱེ་བས། དམ་པ་རིགས་བརྒྱའོ། །ཞེས་འཆད་པ་དག་ཀྱང་སྣང་སྟེ། ཁྲོ་བོ་བཅུ་དང༌། བྱམས་པ་དང་ཀུན་ཏུ་བཟང་པོ་ལ། ལྔ་ཚན་དུ་མ་ཕྱེ་བ་ནི། དེ་དག་གི་སྦྱང་གཞི་ཚིགས་མཚམས་སོ་སོ་ལ་འཁྲུལ་སྣང་སོ་སོར་མ་ཕྱེ་བ་ལ་དགོངས་སོ། །དེ་ལྟར་ཕྱེ་བའི་རིགས་བརྒྱ་པོ་ཐམས་ཅད་ཀྱང༌། རིགས་ཆེན་ལྔར་མ་འདུས་པ་མེད་ཅིང༌། ལྔ་པོ་ཡང༌། རྡོ་རྗེ་གསུམ་དུ་བསྡུད་པ་དང༌། གསུམ་པོ་ཡང༌། གསང་ཆེན་རིགས་གཅིག་ཏུ་བསྡུས་ནས། རྩེ་གཅིག་ཏུ་བྱེད་པ་ནི། རྫོགས་པའི་རིམ་པ་སྟེ། འགག་རིམ་ནས་མཚན་བཏགས་པའོ། །གཉིས་པ་ལུས་རྣམ་པར་དབེན་པ་རང་གི་ངོ་བོ་ནི། རིགས་བརྒྱ་པོ་དེ་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ། ཞལ་ཕྱག་གི་རྣམ་པ་ཅན་ཉིད་དུ་འཁྲུངས་པ་སྟེ། འདི་ལ། ལོ་དང་ཟླ་བའི་བར་དུ་མཉམ་པར་འཇོག་མོད། འཇོག་པ་པོ་དང༌། བཞག་བྱའི་ཡུལ་རྫས་སུ་ལྟ་ཅི། ལྡོག་པས་སོ་སོར་མི་འབྱེད་པ་ནི། འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །བོད་ཕྱི་མ་ན་རེ། རྫོགས་རིམ་དུ་གྱུར་པའི་ལུས་དབེན་གྱི་ངོས་འཛིན་ནི། ཡུལ་ཅན་བདེ་བ་ཆེན་པོ་ལ་ཡུལ་སྐྱེད་རིམ་པའི་ལྷར་སྣང་བའི་གཟུང་རྣམ་མོ། །ཞེས་འཆད་པ་མི་འཐད་དེ། གཟུང་རྣམ་ཞེས་པ་ནི། ཡུལ་ཅན་ལ་ཡུལ་གྱི་རྣམ་པ་ཐ་དད་དུ་ཤར་བའི་མིང་ཡིན་ལ། འདིར་ནི། ལུས་དབེན་དང་སྒྲུབ་པ་པོ་གཉིས་སུ་བྱར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་རྒྱུ་ཚོགས་ནི། སྔོན་རྒྱུ་དུས་སུ་བསྐུར་བའི་བུམ་དབང་དང༌། ལམ་དུས་སུ་བདག་ཉིད་ཀྱིས་བླངས་པའི་དབང་བསྐུར་དང༌། ཚོགས་ཀྱི་འཁོར་ལོས། བདག་པོའི་རྐྱེན་བྱས། སྦྱང་གཞི་རིགས་བརྒྱ་དང་བཅས་པའི། སྦྱོང་བྱེད་རིགས་བརྒྱའི་སྣང་བས་དམིགས་པའི་རྐྱེན་དང༌། ལུགས་འདིའི་སྐྱེད་རིམ་གྱི་རྣལ་འབྱོར་ཆེན་པོ་གྲུབ་པའི་ཡེ་ཤེས་ཀྱིས། དེ་མ་ཐག་པའི་བརྐྱེན་བྱས་པ་ལས་འཁྲུངས་པའོ། །ལུས་དབེན་འདི་རྫོགས་རིམ་དུ་འཆད་ཀྱང༌། སྨིན་བྱེད་དབང་གོང་མ་ལ་ལྟོས་པའི་བཤད་པ་མཛད་དོ། །གཉིས་པ། ངག་རྣམ་པར་དབེན་པའི་སློབ་ཚུལ་ལ། གསུམ་སྟེ། ཤེས་པར་བྱ་བའི་ཡུལ་གང་ཡིན་པ་དང༌། དེ་ལྟར་ཤེས་ནས་གྲུབ་པའི་ངག་དབེན་རང་གི་ངོ་བོ་གང་ཡིན་པ་དང༌། རྒྱུ་ཚོགས་གང་ལས་དུས་ནམ་གྱི་ཚེ་གྲུབ་པའོ། །དང་པོ་ནི་སྦྱང་གཞི་ཀུན་རྫོབ་པའི་ངག་ཅེས་བྱ་བ། ཐ་མལ་གྱི་རླུང་འབྱུང་འཇུག་གནས་གསུམ་དང༌། སྦྱོང་བྱེད་མགོན་པོ་བཞིའི་རླུང་སྦྱང་གཞི་དང་སྦྱོང་བྱེད་དུ་སོ་སོར་ངོ་ཤེས་པའོ། །དེས་དེ་སྦྱོང་ནུས་པའི་ཤེས་བྱེད་ནི། སྦྱང་གཞི་ནི་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་འཁྲུལ་སྣང་དང༌། སྦྱོང་བྱེད་ནི་འཁྲུལ་སྣང་དེའི་ནང་ལྟ་ཡེ་ཤེས་ཀྱི་ཆ་ཉིད་དུ་ཤེས་ནས། གྲུབ་པར་བྱས་པས་སོ། །འདི་ལ་ཇི་ལྟར་རྒྱུ་བའི་ཚུལ་དང༌། དེའི་རང་བཞིན། རྡོ་རྗེ་གསུམ་དུ་ངོ་སྤྲོད་པའོ། །དང་པོ་ནི། རྩ་བའི་རླུང་ལྔ་ལས། ཐོག་མར་མེ་རླུང་པདྨ་མགོན་པོའི་རྒྱུ་བ་ཞེས་བྱ་བ་ནི། ཁ་དོག་དམར་པོ། སྣ་བུག་གཡས་ཀྱི་གཤོག་པ་ནས། འབར་བའི་རྣམ་པས་གྱེན་དུ་རྒྱུ་བར་བྱེད་ཅིང༌། དེའི་འཁོར་དུ་རླུང་ས་ཆུ་གསུམ་དང་བཅས་ཏེ། གཅིག་ཅར་དུའོ། །དེ་ཡང་གྲངས་ནི། ཐོག་མར་གོས་དཀར་མོའི་དབང་དུ་བྱས་པའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང༌། དེ་ནས། སྒྲོ་མའི་དང༌། དེ་ནས། སངས་རྒྱས་སྤྱན་གྱི་དང༌། དེ་ནས། མཱ་མ་ཀིའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། དེ་ལྟར། དགུ་བརྒྱ་ཕྲག་གཅིག་ནི། ཐུན་དང་པོ་སྟེ། འབྱུང་འཇུག་གནས་གསུམ་གཅིག་ཏུ་བསྡུས་པའི་གྲངས་སོ། །དེ་ཡང༌། ཕྱིར་བལྟ་རྣམ་ཤེས་ལ་དེ་ལྟར་སྣང་བ་ནི། འཁྲུལ་སྣང་དང་སྦྱང་གཞིའོ། །ནང་བལྟ་ཡེ་ཤེས་ཀྱིས། རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་ནི། འཁྲུལ་མེད་ཡེ་ཤེས་ཀྱི་ཆ་དང་སྦྱོང་བྱེད་དོ། །དེ་ལྟར་སྦྱངས་པའི་འབྲས་བུ་ནི། མེ་རླུང་འཁོར་དང་བཅས་པ། གཟུང་བའི་ལམ་དུ་རྒྱུ་བ་ལོག་ནས། དབུ་མའི་ལམ་དུ་འཇུག་པའོ། །དེ་ནས་ཐུན་གཉིས་པ་ལ། སྣ་བུག་གཡོན་གྱི་གཤོག་པ་ནས། རླུང་ཁ་དོག་ལྗང་སེར། ལས་ཀྱི་མགོན་པོའི་རྒྱུ་བ་ཞེས་བྱའི་མིང་ཅན། འཁོར་གསུམ་དང་བཅས་པ་ཐད་ཀར་རྒྱུ་བ་དེ་ཡང་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་དགུ་བརྒྱ་ཕྲག་གཅིག་སྟེ། ཐོག་མར་དམ་ཚིག་སྒྲོན་མའི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ནས་འགོ་འཛིན་ཏེ། སྦྱོར་ཚུལ་གཞན་རྣམས་ནི་སྔ་མ་བཞིན་ནོ། །དེ་ནས། ཐུན་གསུམ་པ་ལ། སྣ་བུག་གཉིས་པོའི་ཀ་བའི་ལོགས་ལ་ཐད་དཀར་རྒྱུ་བ། ས་རླུང་རིན་ཆེན་མགོན་པོ་ཞེས་པའི་མིང་ཅན། དགུ་བརྒྱ་ཕྲག་གཅིག་གི་ཐོག་མར། སངས་རྒྱས་སྤྱན་གྱི་རྒྱུ་བ་ནས་འགོ་འཛིན་ནོ། །དེ་རྗེས་སྣ་བུག་གཡོན་གྱི་ཐད་མཚམས་ནས་དལ་བར་རྒྱུ་བ། ཁ་དོག་དཀར་པོ། མི་བསྐྱོད་མགོན་པོའི་རྒྱུ་བ་ཅེས་པའི་མིང་ཅན་དགུ་བརྒྱ་ཕྲག་གཅིག་རྒྱུ་བ་དེ་ལ་ནི། མཱ་མ་ཀིའི་རྒྱུ་བ་ནས་ཐོག་མར་འགོ་འཛིན་ནོ། །དེ་ལྟར་མགོན་པོ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་རྒྱུ་བའི་གྲངས་ཉིན་ཞག་གཅིག་ཏུ་ལོངས་པ་ལ། དགུ་བརྒྱ་ཕྲག་ཉི་ཤུ་རྩ་བཞི་བྱུང་བ་དེ། རྡོ་རྗེའི་བཟླས་པས་ཡེ་ཤེས་ཀྱི་རླུང་གྲངས་དེ་སྙེད་དུ་བསྒྱུར་ཐུབ་པ་གཅིག་བྱུང་བ་དེའི་ཚེ་ཞག་གཅིག་གི་རྡོ་རྗེའི་བཟླས་པ་གྲུབ་པའོ། །འདིར་རྒྱལ་བ་རིགས་ལྔ་ལས། རྣམ་སྣང་མགོན་པོའི་རྒྱུ་བ་མི་ཆད་པ་ཅི་ཞེ་ན། གཞི་དུས་སུ་རྩ་བའི་རླུང་ལྔ་ལས། འབྱུང་བ་བཞིའི་རླུང་ནི། སྣ་བུག་ནས་རྟག་པར་རྒྱུ་ལ། རྣམ་སྣང་གི་རྒྱུ་བའི་མིང་ཅན། ནམ་མཁའི་རླུང་ནི། ཁྱབ་བྱེད་ཀྱི་རླུང་སྟེ། ཡན་ལག་ཐམས་ཅད་ལ་ཁྱབ་ཅིང་འཛིན་པར་བྱེད་པས་ན། འཆི་བའི་དུས་ལས་གཞན་གྱི་ཚེ། མི་རྒྱུ་ཞེས་པ་ནི་རྒྱུད་ཀྱི་དངོས་བསྟན་ཡིན་ལ། ད་ལྟར་གྱི་དུས་སུ་དཀྱིལ་འཁོར་གྱི་གཙོ་བོ་བྱས་ནས་མི་རྒྱུ་ཡང༌། དཀྱིལ་འཁོར་རེ་རེ་ཡང་འོད་ཟེར་ལྔ་ལྔ་དང་ལྡན་པར་བཤད་པའི་ཕྱིར་གཏན་མི་རྒྱུ་བ་ནི་མ་ཡིན་ནོ། །ཞེས་པ་ནི། མན་ངག་པ་དག་གི་བཞེད་པའོ། །འབྱུང་བ་བཞིའི་རླུང་ནི། སྲོག་འཐུར་དང༌། གྱེན་རྒྱུ་མཉམ་གནས་ཏེ། བཞི་པོ་རང་གི་གནས་ལས། གཞན་དུ་མི་བསྐྱོད་པ་གཅིག་སྤྱིར་དགོས་ཀྱང༌། དེ་དང་དེའི་ཡོན་ཏན་ནམ། འོད་ཟེར་གྱི་རྣམ་པ་འབྱུང་འཇུག་གི་གྲངས་དེ་ཙམ་དུ་རྒྱུ་བ་དེ། ཐབས་ཀྱི་མ་ཟིན་ན། གཟུང་འཛིན་གྱི་ལམ་དུ་ཞུགས་ནས། འཁོར་བའི་རྒྱུ་བྱེད་ལ། ཐབས་ཀྱི་ཟིན་ན། དབུ་མར་ཞུགས་ནས་མྱ་ངན་ལས་འདས་པའི་ལམ་དུ་བྱེད་པའོ། །ཐབས་དེ་གང་ཞེ་ན། གཉིས་པ་ནི། ནང་དུ་འཇུག་པར་སྣང་བའི་རྣམ་རིག་གི་ངོ་བོ་གསལ་ཆ་དེ་ནི། ཨོཾ་དང༌། དེ་བཞིན་དུ། གནས་པར་སྣང་བའི་རྣམ་རིག་གི་ངོ་བོ་ཨཱཿདང༌། ཕྱིར་འགྲོ་བར་སྣང་བའི་རྣམ་རིག་གི་ངོ་བོ་ཧཱུྃ་ཉིད་དུ་ཤེས་པར་བྱས་ནས། འབྲུ་གསུམ་པོ་ཁོ་ནའི་འབྱུང་འཇུག་ལ་གསལ་སྣང་བརྟན་པོར་མ་གྱུར་གྱི་བར་དུ། བརྩོན་འགྲུས་བརྩོམ་པ་ནི། ཐབས་མཁས་སོ། །ནང་དུ་བསྡུད་པའི་ཚེ། སྙིང་གའི་མི་ཤིགས་པ་ཁོ་ན་ལ་སིམ་པ་ནི་མཆོག་ཡིན་གསུང་ཡང༌། རེ་ཞིག་དྷུ་ཏིའི་ནང་གཞིར་བྱས་ཀྱི། རང་རང་གི་རྩ་བའི་གནས་སུ་ཐིམ་པའི་ཚུལ་གྱིས་འགྲོ་འོང་བྱེད་པ་ནི་མཆོག་གོ །རྩ་བའི་རླུང་ལྔ་པོ་རྡོ་རྗེའི་བཟླས་པར་དྲངས་པའི་ཚེ། ཡན་ལག་གི་རླུང་ལྔ་པོ་ཡང་དེར་བསྡུས་ནས་བྱིན་གྱིས་རློབ་དགོས་ཏེ། གཞན་དུ་ན། ལྔ་པོ་མིག་སོགས་དབང་པོ་ལྔ་ལ་གནས་ནས། མ་དག་པའི་ཡུལ་གྱི་སྣང་བ་བཟློག་མི་ནུས་པས། ནང་གི་ཡེ་ཤེས་འདྲེན་པའི་གེགས་སུ་འགྱུར་བས་སོ། །གཉིས་པ། ངག་དབེན་རང་གི་ངོ་བོ་གང་ཡིན་པ་ནི། དེ་ལྟར་ཤེས་ནས་ངེས་དོན་གྱི་རྡོ་རྗེའི་བཟླས་པ། ལོ་དང་ཟླ་བར་གོམས་པའི་སྟོབས་ཀྱིས། གསུང་རྡོ་རྗེ་ལྷན་ཅིག་སྐྱེས་པའི་བདེ་བ་གཟུང་འཛིན་གྱི་རྟོག་པ་གཡོ་བར་བྱེད་པའི་རླུང་གིས་གཞན་དུ་བསྐྱོད་པར་མི་ནུས་པའི་ངོ་བོ་ཉིད་དུ་གྲུབ་པ་དེའོ། །གསུམ་པ་ནི། རྒྱུ་དུས་ཀྱི་བུམ་པའི་དབང་གིས་སྨིན་པ་ཙམ་ཁོ་ནར་མ་ཟད། ཁྱད་པར་དུ་གསང་བའི་དབང་གིས་སྨིན་པ་ནི། ལམ་འདིའི་བདག་པོའི་རྐྱེན་དང༌། མེད་ན་མི་འབྱུང་བའི་རྒྱུ་ཉིད་ཡིན་ཏེ། དེས་སྨིན་པར་མ་བྱས་པ་ནི། ལམ་འདིའི་སྣོད་དུ་མི་རུང་བའི་ཕྱིར་དང༌། ཕྱི་རོལ་པའི་རླུང་གི་བཟླས་པ་ལས། ཁྱད་པར་དབྱེ་མི་ནུས་པའི་ཕྱིར། དེ་མ་ཐག་པའི་རྐྱེན་ནི། ལུས་དབེན་གྱི་ཏིང་ངེ་འཛིན་གསལ་ཆའི་ངོ་བོ་ཉིད་དང༌། དམིགས་པའི་རྐྱེན་སྔ་མ་ནི། རྡོ་རྗེའི་བཟླས་པ་དང༌། དུས་མཉམ་པ་ནི་གསུང་རྡོ་རྗེའི་ཉམས་སུ་མྱོང་བྱ་གང་ཡིན་པ་དེ་ཉིད་དོ། འདིར། དཔྱོད་ལྡན་ལ་སྐྱེ་བའི་དོགས་པ་སེལ་ཚུལ་འདི་ལྟར། རྫོགས་རིམ་གྱི་ཐོག་མ་ལུས་རྣམ་པར་དབེན་པའི་སྨིན་བྱེད་ནི། རྒྱུ་དུས་ཀྱི་བུམ་དབང་དང༌། ལམ་དུས་ཀྱི་ཚོགས་ཀྱི་འཁོར་ལོ་ལས་གཞན་དུ་མ་གསུངས་ལ། རྫོགས་རིམ་གྱི་ཐོག་མའི་སྨིན་བྱེད་གསང་བའི་དབང་བསྐུར་བ་ནི། ལུས་དབེན་ལ་བསླབས་པ་མཐར་ཕྱིན་པའི་ཚད་གང་དུ་གཟུང་བ་དེ་ནས། ངག་རྣམ་པར་དབེན་པ་ལ་འཇུག་པའི་བར་དེར་བསྐུར་དགོས་པ་ལས་འོས་མེད་ལ། དེ་དང་འདྲ་བར་སེམས་དབེན་གྱི་སྨིན་བྱེད་ཀྱང་དབང་གསུམ་པ་ཉིད་དུ་བཤད་པས་ན། ངག་དབེན་ནས། སེམས་དབེན་ལ་འཇུག་པའི་བར་དེར་བསྐུར་དགོས་པ་འོས་མེད་པ་ཁོ་ནར་མ་ཟད། དེ་ནས་སྒྱུ་མ་ལ་འཇུག་པའི་ཚེ་དང༌། དེ་ནས་ཀྱང་འོད་གསལ་ལ་འཇུག་པའི་ཚེ། ཤེས་རབ་ཀྱི་དབང་བསྐུར་སྨིན་བྱེད་དུ་དགོས་པར་བཤད་ཅིང༌། འོད་གསལ་ནས་ཟུང་འཇུག་ཏུ་ལྡང་བའི་བར་དོར་སྨིན་བྱེད་དབང་གི་བཤད་པ་མ་བྱུང་ཞིང༌། སློབ་བཞིན་པའི་ཟུང་འཇུག་ནས། མི་སློབ་པར་ལྡང་བའི་ཚེ་ནི། འབྲས་བུ་ལ་མཚམས་སྦྱོར་བའི་དབང་གིས། དྲི་མ་འཁྲུད་པར་བཤད་དོ། །དེ་ལྟར་བཤད་པ་དེའི་ཚེ་ན། སྐྱེད་རིམ་ལ་ལོབས་པའི་ཚད་ཇི་ཙམ་ནས། རྫོགས་རིམ་ལ་འཇུག་པར་བྱེད། སྐྱེད་རིམ་གྱི་མངོན་རྟོགས་སུ་བཤད་པའི་ལས་རྒྱལ་མཆོག་ཚུན་ཆད་ཀྱི་ཉམས་ལེན་ལ་སྨིན་བྱེད་ཀྱི་དབང་བསྐུར། དཀྱིལ་ཆོག་ཉི་ཤུ་པ་ནས་བཤད་པ་དེ་ཙམ་གྱི་ཆོག་པ་ཡིན་ནམ། ཞེ་ན། བཤད་པ་སྐྱེད་རིམ་ནས། ལུས་རྣམ་པར་དབེན་པ་ལ་འཇུག་པའི་ས་མཚམས་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་དབང་དུ་བྱས་པའི་རྣལ་འབྱོར་ཆེན་པོ་གྲུབ་པའི་མཚམས་དེ་ནས། ལུས་རྣམ་པར་དབེན་པ་ལ་ཞུགས་ཆོག་པ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ལུས་དབེན་ནས་ནི། དབེན་པ་ཕྱི་མ་གཉིས་སུ་འཇུག་པ་ལ། བསྐྱེད་རིམ་གྱི་ཆ་ཤས་འགའ་ཞིག མེད་ན་མི་འབྱུང་བའི་རྒྱུར་ཉམས་ལེན་བྱེད་དགོས་པའི་བཤད་པ་མེད་ལ། མེད་པ་དེའི་ཕྱིར། བསྐྱེད་རིམ་གྱི་རྣལ་འབྱོར་ཆེན་པོ་ནས། སྒྲུབ་པ་ཆེན་པོ་ལ་འཇུག་ཀའི་བར་དེ་ནས། ཐ་ནའང་དབེན་པ་གསུམ་ཚུན་ཆད་ཉམས་སུ་ལེན་པ་ལ་འཇུག་པར་བྱ་སྟེ། དེ་ལྟར་ཞུགས་ན་ལམ་རིམ་གྱིས་པ་ཉམས་སུ་ལེན་པའི་ཚུལ་གྱིས་མཚམས་ཚང་བའི་ཕྱིར་དང༌། ཁྱད་པར་བསྐྱེད་རིམ་གྱི་ཡན་ལག་ཏུ་བཞག་པའི། ཕྲ་ཐིག་གི་རྣལ་འབྱོར་ཉམས་ལེན་ལ། དབང་གོང་མ་སྔོན་དུ་འགྲོ་དགོས་སམ། ཞེས་དཔྱད་པར་བྱ་བ་ཡིན་མོད་ཀྱང༌། རྗེས་སུ་ཆགས་པའི་རྣལ་འབྱོར་དང་དཀྱིལ་འཁོར་རྒྱལ་མཆོག་སྔགས་ཀྱི་ལམ་ཉིད་དུ་འགྲོ་ངེས་པ་ལ་ནི། སྨིན་བྱེད་དབང་གོང་མ་དང༌། དེའི་གྲོལ་ལམ་ལ་ངེས་པར་གདེང་ཐོབ་པ་ཞིག མེད་ན་དེ་མི་འབྱུང་བ་ཉིད་དུ་ངེས་པའི་ཕྱིར། ཞེས་བྱ་བ་འདི་ཟུར་དུ་སྤྲོས་པའོ། །གསུམ་པ་སེམས་དབེན་ལ་ཇི་ལྟར་སློབ་པའི་ཚུལ་ལ་གསུམ་སྟེ། འདིའི་ཡན་ལག་ཏུ་དགོས་པའི་ཤེས་བྱ་ལ་མཁས་པར་བྱ་བ་དང༌། མཁས་ནས་གོམ་སྟོབས་ཀྱིས་སྐྱེས་པའི་སེམས་དབེན་ཉིད་ངོས་གཟུང་བ་དང༌། དེ་རྒྱུ་ཚོགས་གང་ལས་དུས་ནམ་གྱི་ཚེ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། རྣམ་ཤེས་གསུམ་གྱི་རྣམ་གཞག་གང་ཡིན་པ་དང༌། རྣམ་ཤེས་དང་རང་བཞིན་གྱི་ཁྱད་པར་གང་ཡིན་པ་དང༌། གསུམ་པོ་ཇི་ལྟར་སྐྱེ་བའི་རིམ་པའོ། །དང་པོ་ནི་འདིར། གང་ཞིག་དབེན་པའི་སེམས་ནི། སྣང་མཆེད་ཐོབ་གསུམ་གྱི་མིང་ཅན་ནོ། །གང་གིས་དབེན་པ་ནི། ཐ་མལ་དུ་སྣང་བའི་རླུང་སེམས་ཀྱིས་སོ། །གསུམ་པོའི་མིང་གི་རྣམ་གྲངས་གཞན་ཡང༌། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ཞེས་དང༌། ཀུན་བཏགས་གཞན་དབང༌། ཡོངས་གྲུབ་ཅེས་དང༌། སེམས། སེམས་བྱུང༌། མ་རིག་པ་ཞེས་དང༌། ཆགས་སྡང་གཏི་མུག་ལས་གྱུར་པའི་རང་བཞིན་གསུམ། ཞེས་པ་ནི། ཁ་ཕྱིར་བལྟ་འཁྲུལ་པའི་མིང་གིས་བཏགས་ལ། ཡང༌། ཐབས་ཤེས་མ་ནིང་དང༌། སྟོང་པ་གསུམ་དང༌། སྣང་མཆེད་ཐོབ་གསུམ་ཞེས་པ་ནི་ནང་བལྟ་འཁྲུལ་མེད་ཡེ་ཤེས་ཆ་ནས་མིང་གིས་བཏགས་པའོ། །གསུམ་པོ་འདི་ལ་འབྲས་དུས་ཀྱི་དབྱེ་བ་མི་འཆད་ཅིང༌། གཞི་དུས་དང་ལམ་དུས་གཉིས་ལས། གཞིའི་དུས་ལ་ཡང༌། གནས་ཚུལ་དོན་དམ་པའི་དབང་དུ་བྱས་ན། ཐམས་ཅད་སྟོང་པ་གཅིག་པུར་རོ་གཅིག་པས་ན། སྟོང་པ་བཞིའི་དབྱེ་བ་མི་འབྱེད་ལ། ཀུན་རྫོབ་འཁྲུལ་པའི་དབང་དུ་བྱས་ན། འཆི་བའི་སྲིད་པ་མངོན་དུ་གྱུར་པའི་ཚེ། འབྱུང་བ་བཞིའི་རླུང་འགག་པའི་རིམ་པས། སྟོང་པ་བཞི་རིམ་གྱིས་འཆར་བར་འགྱུར་ཏེ། ཐོག་མར། སྤྲིན་མེད་ཀྱི་ནམ་མཁའ་ལ་ཟླ་བའི་འོད་ཟེར་དང་བཅས་པ་ལྟ་བུར་སྣང་བ་དང༌། དེ་ནས་ཉི་མའི་འོད་ཟེར་དང་བཅས་པ་ལྟ་བུར་སྣང་བ་དང༌། དེ་ནས་མུན་པ་ཉིད་དུ་སྣང་བ་དང༌། དེ་ནས་སྣང་མུན་གསུམ་ག་དང་བྲལ་བའི་ནམ་མཁའ་དྲི་མ་མེད་པ་ལྟ་བུར་སྣང་བ་སྟེ། བཞི་པོ་འདི་ལ་གོ་རིམ་བཞིན་དུ། གཞི་དུས་ཀྱི་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། ཆེན་པོ་སྟོང་པ་དང༌། ཐམས་ཅད་སྟོང་པ་ཞེས་བྱ་ལ། འདི་དག་ནི་འཆི་བའི་སྲིད་པ་ལ་གནས་པ་ཀུན་ལ་མངོན་དུ་འགྱུར་ཡང༌། ཐབས་ཀྱིས་མ་ཟིན་ན་འཁོར་བ་ཉིད་ལས་གཞན་དུ་མི་འགྱུར་ལ། ཐབས་ཀྱིས་ཟིན་ན་འཆི་བའི་སྲིད་པ་སྦྱངས་ནས། བར་དོའི་སྲིད་པ་མི་འབྱུང་བར་བྱེད་དོ། །དེ་སྐབས་ཀྱི་ཐམས་ཅད་སྟོང་པ་འདི། གནས་ཚུལ་ལས་གྲུབ་པའི་སྟོང་ཉིད་གོ་ཆོད་པོ་ཡིན་ཀྱང༌། སེམས་རང་ཉིད་སྟོང་པར་ཤར་བ་ལས། ལོགས་ན་སྟོང་ཉིད་རྟོགས་བྱེད་ཀྱི་བློ་གཞན་མེད་པས། ལམ་དུ་མ་སོང་བའོ། །གཉིས་པ་ནི། གཞུང་འགྲེལ་དག་ཏུ་སྣང་བ་དང༌། རང་བཞིན་གྱི་ངོས་འཛིན་བསྲེས་པ་ལྟ་བུར་སྣང་སྟེ། བཤད་མ་ཐག་པའི་དཔེ་གསུམ་པོས་མཚོན་པའི་སྣང་བ་གསུམ་པོ་དེ་ནི། འཆི་སྲིད་དུ་འཇུག་པ་དང༌། དེ་ལས་སྡང་བའི་རང་བཞིན་གསུམ་གྱི་དུས་སུའང་འཆར་བར་བཤད་པའི་ཕྱིར། དེ་དག་གི་ཁྱད་པར་ཅི་ཞེ་ན། ཐབས་དང་བྲལ་བའི་འཆི་སྲིད་ཀྱི་སྣང་བ་གསུམ་ཤར་བ་དང་ལྷན་ཅིག་པར་རང་བཞིན་གསུམ་འཆར་བར་གསུངས་མོད། གསུམ་པོའི་ངོ་བོ་སྣང་གསུམ་གྱི་ངོ་བོར་འཆད་པ་མ་ཡིན་ཏེ། འཁྲུལ་མ་འཁྲུལ་གྱི་སྣང་བ་སོ་སོར་ངེས་པའི་ཕྱིར། དཔེར་ན། འདོད་ཆགས་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་སྐྱེས་པའི་དུས་སུ། སྣང་མཆེད་མཚན་ཉིད་པ་དམར་ལམ་མེ་བར་སྐྱེས་པ་དེ། འདོད་ཆགས་གཡོ་བར་བྱེད་པའི་རླུང་གིས་གཡོས་ནས་སྣང་མཆེད་སྲིད་པའི་ལམ་དུ་འཁྲིད་པར་བྱེད་པ་ལྟ་བུ་སྟེ། གཞན་གཉིས་ལའང་དེ་བཞིན་ནོ། །དེས་ན་རང་བཞིན་གསུམ་དང༌། གཞི་དུས་ཀྱི་སྣང་གསུམ་དུས་དང་ཚོགས་པ་གཅིག་ཏུ་ཤར་བ་ལ། གནས་ཚུལ་དོན་དམ་པའི་སྣང་བ་གསུམ་པོ་དེ། སྣང་ཚུལ་ཀུན་རྫོབ་པའི་རང་བཞིན་གསུམ་གྱི་རྣམ་པ་ཉིད་དུ་འཆད་པ་ནི། མན་ངག་པའི་གཞུང་ལས་བྱུང་བའོ། །བོད་ཕྱི་མ་དག་ནི། རང་བཞིན་གསུམ་གྱིས། གཞི་དུས་ཀྱི་སྣང་བ་གསུམ་མཚོན་པར་ནུས་ཏེ། བྱ་རོག་གིས་ཁང་བཟང་མཚོན་པ་ལྟར། ངོ་བོ་ཐ་དད་པའི་མཚོན་ཚུལ་ལོ། །ཞེས་གསུང་སྟེ། རང་བཞིན་མཚན་ཉིད་དུ་འཆད་པའི་གོ་དོན་ནོ། །སྐབས་འདི་དག་ཏུ་རང་བཞིན་བརྒྱད་ཅུ་དང༌། བརྒྱ་དྲུག་ཅུའི་རྣམ་གཞག་མཛད་པ་ནི་གཞི་དུས་ཀྱི་སྣང་གསུམ་ལུགས་འབྱུང་དང༌། ལུགས་ལྡོག་གི་ཚེ་རང་བཞིན་གསུམ་པོ་ཡང་དེ་ལྟར་འབྱུང་བ་ལ་དགོངས་ནས། དཔེ་ཉིན་མཚན་དང༌། ཐབས་ཤེས་དང༌། གཡས་གཡོན་དང༌། སྐྱེས་པ་བུད་མེད་དང༌། ཨོཾ་དང་ཨཱཿལ་སོགས་པའི་མཚོན་བྱེད་ཀྱི་སྒོ་ནས་གསུངས་སོ། །དེའི་ཕྱིར་ལམ་དུས་ཀྱི་ཉམས་མྱོང་དང་བཅས་པ་དག་གིས་ནི་འཆི་བའི་ཚེ། དཀར་ལམ་ཤར་བ་ན། ཞེ་སྡང་གཡོ་བའི་རླུང་ནུབ་པར་བྱ་ཞིང༌། དམར་ལམ་གྱི་ཚེ་འདོད་ཆགས་གཡོ་བའི་དང༌། ནག་ལམ་གྱི་ཚེ་གཏི་མུག་གིའོ། །འདིར་ཆགས་པ་ཆུང་བ་ལ་ཞེ་སྡང་དང༌། ཆེ་བ་ལ་འདོད་ཆགས་དང༌། ཆ་མཉམ་པ་ལ་གཏི་མུག་དང་མ་ནིང་ཞེས་བཏགས་ལ། རྡོ་རྗེ་མགོན་དང༌། པདྨ་མགོན་གྱི་རྡོར་བཟླས་ནི། ཆགས་སྡང་གི་རླུང་མནོན་བྱེད་དོ། །གཉིས་པ་ལམ་དུས་སུ་ངེས་དོན་གྱི་སྣང་གསུམ་དང༌། སྟོང་གསུམ་ཇི་ལྟར་འཆར་བའི་ཚུལ་ནི། སྤྱིར་ངེས་དོན་མཐར་ཐུག་ལ་འོད་གསལ་བའི་རིམ་པ་ཉིད་དུ་འཆད་པ་དེ་ལ། དབྱེ་བ་མེད་ཅིང༌། སེམས་དབེན་གྱི་སྐབས་འདིར། སྣང་བ་གསུམ་དང་རྣམ་པར་ཤེས་པ་གསུམ་གྱི་མིང་ཅན། གནས་སྐབས་ཀྱི་མིང་དོན་ལུང་གཞན་ལས་གསུངས་པའི་དགའ་བ་དང་པོ་གསུམ་དང་དོན་གཅིག་པར་འཆད་པ་ནི། གཙོ་བོར་ངག་རྣམ་པར་དབེན་པ་ལ་སྦྱངས་པའི་ལག་རྗེས་དང༌། དབང་གསུམ་པ་བསྐུར་བའི་བདག་པོའི་རྐྱེན་ལས་བྱུང་བའོ། །དབང་དེ་ལས་འདིར་ཡང་ལྷན་ཅིག་སྐྱེས་དགའ་མི་འབྱུང་བ་མ་ཡིན་མོད། དོན་གྱི་ཡེ་ཤེས་སུ་སྐྱེ་བའི་གོ་རིམ་དང་རྒྱུ་ཚོགས་གྲངས་མ་ཚང་བས་སེམས་དབེན་གྱི་སྐབས་འདིར། རྣམ་པར་ཤེས་པ་གསུམ་གྱི་གྲངས་ངེས་པར་མཛད་དོ། །རྣམ་པར་ཞེས་བྱ་བ། བྱེད་པ་པོའི་རྣམ་དབྱེ་བྱུང་བའི་ཚེ། བི་ཡིག་དགག་པའི་ཚིག་ཏུ་མི་བཞེད་པས། ཡེ་ཤེས་ཀྱི་བཟླས་ཕྱེ་བའི་རྣམ་ཤེས་སུ་མི་བཞེད་དོ། །གཉིས་པ། རྣམ་ཤེས་གསུམ་ཇི་ལྟར་སྐྱེ་བའི་གོ་རིམ་ནི། སྦྱོར་བའི་དུས་སུ་དབང་གསུམ་པ་དང༌། མགོན་པོ་བཞིའི་རྡོ་རྗེའི་བཟླས་པ་ལ། གོམས་པ་མཆོག་ཏུ་གྱུར་པའི་མཐུས། ཞེ་སྡང་ལས་གྱུར་པའི་རྟོག་པ་བཞི་བཅུ་གཡོ་བར་བྱེད་པའི་རླུང་འགགས་པའི་སྟོབས་ཀྱིས། རྣལ་འབྱོར་པ་རང་གི་རིག་པའི་ངོ་བོ། དཔེར་ན། ཐོ་རངས་ཀྱི་དུས་སུ་སྤྲིན་མེད་པའི་ནམ་མཁའ་ཟླ་བའི་འོད་ཟེར་དང་བཅས་པ་ལྟ་བུ་ཤར་བ་ནི། སྟོང་པ་དང་པོ་དང༌། སྣང་བའི་རྣམ་པར་ཤེས་པ་ཅེས་བྱ། ཡང༌། སྦྱོར་བའི་དུས་ཀྱི་རྐྱེན་དེ་དང་དེའི་མཐུས། འདོད་ཆགས་ལས་གྱུར་པའི་རྣམ་རྟོག་གཡོ་བའི་རླུང་དང༌། སྣང་བའི་མཚན་མ་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས། རྣལ་འབྱོར་པ་རང་གི་རིག་པའི་ངོ་བོ་སྤྲིན་མེད་པའི་ནམ་མཁའ་ཉི་མའི་འོད་ཟེར་དང་བཅས་པ་ལྟ་བུ་ཉིད་དུ་གྱུར་པ་ནི། ཤིན་ཏུ་སྟོང་པ་དང་སྣང་བ་མཆེད་པ་ཞེས་བྱ། དེ་ནས་ཡང༌། རྐྱེན་དེ་དང་དེའི་མཐུས་མ་རིག་པ་ལས་གྱུར་པའི་རྟོག་པ་བདུན་གཡོ་བར་བྱེད་པའི་རླུང་དང༌། མཆེད་པ་ཉིད་གཡོ་བར་བྱེད་པའི་རླུང་ཡང་འགགས་པའི་སྟོབས་ཀྱིས། རང་གི་རིག་པའི་ངོ་བོ་དྭངས་པའི་ནམ་མཁའ་ཐུན་མཚམས་ཀྱི་མུན་པ་དང་བཅས་པ་ལྟ་བུ་ཉིད་དུ་འཆར་བ་ནི། སྟོང་པ་ཆེན་པོ་དང༌། ཉེ་བར་ཐོབ་པ་ཞེས་བྱ། ཡང༌། རྐྱེན་དེ་དང་དེས་སྣང་བ་གསུམ་དང༌། སྟོང་པ་གསུམ་ལུགས་ལས་ལྡོག་པའི་ཚུལ་གྱིས་འཆར་ཚུལ་ཉམས་སུ་ལེན་པར་བྱེད་དོ། །དེ་ལྟར་བྱས་པས་ནི། གཞི་དུས་ཀྱི་སྣང་གསུམ་རང་བཞིན་རྣམས་དང་བཅས་པ། མགོ་མནོན་པའི་ཚུལ་གྱིས་སྦྱོང་བར་བྱེད་དོ། །སེམས་དབེན་གྱི་སྐབས་འདིར། སྟོང་པ་བཞི་པ་དང༌། ལྷན་སྐྱེས་ཀྱི་དགའ་བ་ནན་གྱིས་མངོན་དུ་མི་བྱེད་པ་ནི། དེ་བྱེད་པའི་མཐུ་མེད་པས་མ་ཡིན་གྱི། བྱས་ན་ཉེས་པ་ཡོད་པའི་དོན་གྱིས་སོ། །ཉེས་པ་དེ་གང་ཞེ་ན། ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པ་སྟེ། སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་མངོན་དུ་མ་བྱས་པར་ནི། ཡང་དག་པའི་མཐའ་ལས། ཟུང་འཇུག་གི་སྐུར་ལྡང་མི་ནུས་པའི་རྒྱུ་མཚན་གྱིས་སོ། །དེའི་ཤེས་བྱེད་ཀྱང༌། དེ་ནས་དེར་ལྡང་བའི་བསོད་ནམས་ཀྱི་ཚོགས་དང༌། ཉེར་ལེན་གྱི་རྒྱུ་སྔོན་དུ་མ་སོང་བས་ཆད་པའི་མྱང་འདས་ཀྱི་དོགས་པ་ཆ་མཐུན་འབྱུང་ངོ༌། །བོད་ཕྱི་མ་ན་རེ། སྒྱུ་ལུས་སྔོན་དུ་མ་སོང་བའི་འོད་གསལ་གྱིས་ཤེས་བྱའི་སྒྲིབ་པ་སྤོང་མི་ནུས་པས། གོ་རིམ་ངེས་སོ། །ཞེས་ཟེར་མོད། དེ་ལྟ་ན། ཕར་ཕྱིན་ཐེག་པ་ལ་ཡང་ཐལ་བར་འགྱུར་ཞིང༌། ཕར་ཕྱིན་དུའང་ཤེས་སྒྲིབ་ཀྱི་ས་བོན་སྤོང་བྱེད་བསོད་ནམས་ཀྱི་ཚོགས་སུ་འཆད་པ་ནི། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་བདག་མེད་རྟོགས་ཚུལ་ལ་ཟབ་ཁྱད་མི་འབྱེད་པའི་གྲུབ་མཐའ་གཞུང་སྲོང་བར་བྱེད་པའོ། །གལ་ཏེ། ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པ་དེ། ཆད་པའི་མཐའ་ཉིད་དུ་ངེས་སམ། ཞེ་ན། དེ་འདྲ་དེ་ནི། ཚེ་དེ་ལ་ཟུང་འཇུག་མངོན་དུ་བྱེད་པར་མ་ནུས་ཀྱང༌། འཆི་ཁར་འཕེན་པའི་དབང་གིས། བར་དོའི་རྟེན་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་དོ། །སྤྱིར་ནི་བདེན་པ་མངོན་སུམ་དུ་མཐོང་བའི་གསང་འདུས་ཀྱི་རྣལ་འབྱོར་པ་ཚེ་དེ་ལ་ཟུང་འཇུག་གི་སྐུ་མངོན་དུ་མི་བྱེད་པ་མི་སྲིད་དེ། བདེན་པ་མཐོང་ནས་ཟུང་འཇུག་ཏུ་བརྩོན་འགྲུས་མི་བརྩོམ་པ་ཡང་མི་སྲིད། སྤྱོད་པའི་རྒྱུ་ཚོགས་མ་ཚང་བ་ཡང་མི་སྲིད་པའི་ཕྱིར། དེས་ན་སྤྱོད་བསྡུས་སུ་གསུངས་པ་ནི། དཔེའི་ཡེ་ཤེས་ལ་མཐོང་བའི་ལམ་དུ་བཏགས་པར་ཟད་དོ། །ཞེས་པ་ནི། སྤྱིར་བཏང་ཡིན་ལ། གོང་དུ་བཤད་མ་ཐག་པ་དེ་ནི། རིམ་པ་ལྔའི་གོ་རིམ་ལ་ངེས་མེད་དུ་ཉམས་ལེན་བྱས་པའི་བརྟག་པ་མཐའ་གཟུང་ལས་འཕྲོས་པའོ། །གཉིས་པ་སེམས་དབེན་གྱི་ངོ་བོ་གང་ཡིན་པ་ནི་གང་དབེན་པའི་གཞི་སྒྲུབ་པ་པོ་རང་གི་སེམས་ཀྱི་རྡོ་རྗེ། གང་གིས་དབེན་པའི་སེམས་སྤྱིར་ཐ་མལ་གྱི་སེམས་དང༌། ཁྱད་པར་དུ་རང་བཞིན་བརྒྱད་བཅུའི་རྣམ་པར་རྟོག་པས་དབེན་པའི། མི་རྟོག་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་རྣལ་འབྱོར་པའི་སེམས་ལྷུན་གྱིས་གྲུབ་པའོ། །དབེན་པ་གསུམ་གྱི་ངོ་བོ། གསལ་བ་དང༌། བདེ་བ་དང༌། མི་རྟོག་པའི་ཡེ་ཤེས་སུ་འཆར་བ་དེ་ལྟ་ན། སྤྱོད་བསྡུས་ལས། ལུས་རྡུལ་ཕྲན་བསགས་པ་དང༌། ངག་བརྗོད་པ་སྒྲའི་བདག་ཉིད་དང༌། སེམས་རྟོག་བཅས་ཡིན་པའི་གཏན་ཚིགས་བཀོད་ནས། སྣང་གསུམ་གྱི་སྐབས་སུ། སྒྱུ་མའི་སྐུ་བསྒྲུབ་དུ་མེད་པར་བཤད་པ་མ་ཡིན་ནམ་ཞེ་ན། བཤད་པ་དེ་ནི། རྣལ་འབྱོར་པ་རང་གི་དབེན་གསུམ་གྱི་ངོ་བོ་རང་ཉིད་ཀྱི་ཡེ་ཤེས་སུ་གནས་པ་དེ་གནས་ཚུལ་ཡིན་ཀྱང༌། རྣམ་ཤེས་ཀྱི་སྣང་ཚུལ་ལ། རང་གི་ལུས་ངག་ཡིད་གསུམ་དེ་དང་དེར་སྣང་བ་མ་ལོག་པ་ལ་དགོངས་པའོ། །གལ་ཏེ། རྣམ་ཤེས་དང་ཡེ་ཤེས་ཀྱི་སྣང་ཚུལ་དང་གནས་ཚུལ་དེ་ལྟ་བུ་ནི། སྒྱུ་མའི་སྐུ་གྲུབ་ཟིན་པའི་དུས་ཀྱི། རྟེན་དང་བརྟེན་པ་དག་ལ་ཡང་མཚུངས་པ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། སྒྱུ་མའི་སྐུ་གྲུབ་ཟིན་པའི་རྣལ་འབྱོར་པ་རང་གི་སེམས་ཀྱི་གནས་ཚུལ་ནི། མཚོན་བྱེད་དཔེའི་ཡེ་ཤེས་ཉིད་དུ་གནས་ལ། ལུས་དང་ངག་ནི། ཡེ་ཤེས་ཀྱི་གནས་ཚུལ་དུ་མ་ཟད། རྣམ་ཤེས་ལ་ཡང༌། འཇའ་ཚོན་དང༌། ཆུ་ཟླ་དང༌། རྨི་ལམ་གྱི་ལུས་ལྟ་བུར་སྣང་བ་ལས་གཞན། བེམས་པོར་གྱུར་པའི་ལུས་ངག་གི་སྣང་བ་མི་འཆར་བའི་ཕྱིར་ཏེ། དེའི་ཚེ་ན། ཟག་བཅས་ཀྱི་ཕུང་པོ་ལྔ་དང༌། སྒྱུ་མའི་སྐུ་ཐ་དད་དུ་ཕྱེ་ཟིན་པའི་ཕྱིར། འོ་ན། དེའི་ཚེ། ཟག་བཅས་ཀྱི་གཟུགས་ཕུང་འདོར་ནུས་སམ། ཞེ་ན། མངོན་དུས་ཀྱི་ཚེའི་འཕེན་པས། ཇི་ཙམ་འཕངས་པ་དེ་སྲིད་དུ། འདོར་མི་ནུས་ཤིང༌། འདོར་དུ་རུང་བ་ཡང་མ་ཡིན་ཏེ། སྤྱོད་པ་གསུམ་ལ་སློབ་པ་སོགས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པའི་ཡན་ལག་ཏུ། ཟག་བཅས་ཀྱི་ལུས་ངེས་པར་འཛིན་དགོས་པའི་ཕྱིར། གསུམ་པ། རྒྱུ་ཚོགས་གང་ལས་དུས་ནམ་གྱི་ཚེ་འགྲུབ་པ་ནི། བདག་པོའི་རྐྱེན་དབང་གསུམ་པ་དང༌། ངག་རྣམ་པར་དབེན་པའི་རྣལ་འབྱོར་ལ་གོམས་པའི་མཐུ་དང༌། དེ་མ་ཐག་པའི་རྐྱེན། ངག་རྣམ་པར་དབེན་པའི་ཡེ་ཤེས་དང༌། དམིགས་པའི་རྐྱེན་རྗེས་མཐུན་པ་རྣམ་ཤེས་གསུམ་པོ། རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བའོ། །སེམས་དབེན་གྱི་ཡེ་ཤེས་འདྲེན་པར་བྱེད་པའི་དབང་ནི། རྒྱུ་དུས་ཀྱི་དབང་གསུམ་པ་རྗེས་མཐུན་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། ལམ་དུས་ཀྱི་དབང་གསུམ་པ་མཚན་ཉིད་པ་ཞིག་ངེས་པར་དགོས་སོ། །དེ་ལ་ཡང༌། ཡེ་རྒྱ་ལ་བརྟེན་པ་དང༌། ལས་རྒྱ་ལ་བརྟེན་པ་གཉིས་ཡོད་ཀྱང༌། ཕྱི་མས་ནི། ལྷན་ཅིག་སྐྱེས་པའི་དགའ་བ་ཕལ་ཆེར་འདྲེན་ངེས་པས། གོ་རིམ་ངེས་པའི་གེགས་སུ་འགྱུར་བ་དེའི་ཕྱིར། ཡེ་རྒྱ་ལ་བརྟེན་ནོ། །འདི་དབང་གསུམ་པ་མཚན་ཉིད་པར་འགྲོ་བ་ཡང༌། དབང་གཉིས་པ་མཚན་ཉིད་དང་ལྡན་པ་སྔོན་དུ་བཏང་ནས། དེའི་གྲོལ་ལམ་ཚད་དུ་འབྱོངས་པ་དགོས་ཏེ། དེ་མེད་ན་དབང་གསུམ་པ་ཕྱག་རྒྱ་གང་ལ་བརྟེན་ཀྱང༌། ལམ་དུ་མི་འགྱུར་བའི་ཕྱིར། དེ་ལྟ་ན་ཡང༌། སེམས་དབེན་གྱི་སྨིན་བྱེད་དུ་སྤྱི་ཙམ་ནས་དབང་གསུམ་པ་སྔོན་དུ་འགྲོ་དགོས་མོད། སེམས་དབེན་གྱི་ཡེ་ཤེས་གསུམ་པོ་དངོས་སུ་འདྲེན་པ་ལ། ལམ་དུས་ཀྱི་དབང་གསུམ་པ་ཞིག་མེད་མི་རུང་དུ་དགོས་པ་མ་ཡིན་ཏེ། སྲོག་རྩོལ་གྱི་རྣལ་འབྱོར་ཚད་དུ་འཁྱོལ་ན་སྣང་བ་གསུམ་པོ་རིམ་ཅན་དུ་འདྲེན་ནུས་པར་བཤད་པའི་ཕྱིར། སེམས་དབེན་རྣལ་འབྱོར་ཞེས་བྱར་བཅས། །དཔྱིས་ཕྱིན་ཐུགས་ལ་བཞུགས་གྱུར་ཀྱང༌། །བཤད་པའི་ལམ་དུ་མ་བྱོན་པ། །དེ་འདིར་ཐོན་པ་ངོ་མཚར་ཏོ། །ཞེས་བྱ་བ་འདི་གྲུབ་པའོ།།  །།སྭསྟི། སྐྱེད་རིམ་ཆ་ཤས་མཚར་བའི་བཟོ་བྱེད་མཁན། །རྫོགས་རིམ་ལྷའི་བྱེད་པོར་གནས་འཕོས་ནས། །ཡེ་ཤེས་ཚོན་བརྒྱའི་རི་མོ་འབྲི་བྱེད་པོ། །དྲི་བཞོན་སྒྱུ་མའི་རོལ་རྩེད་མཁན་ཁྱོད་དོ། །དེ་ལྟར་བསྟོད་པ་སྔོན་དུ་བཏང་ནས། གཉིས་པ་ལ་གཉིས་ལས། དང་པོ་ཀུན་རྫོབ་བདེན་པའི་རྣམ་པར་བཞག་པ་ལ། གསུམ་སྟེ། ཤེས་པར་བྱ་བའི་རྣམ་གཞག་སྤྱིར་བསྟན་ནས། མི་འཐད་པའི་ཆ་དགག་པ། རྒྱུ་ཚོགས་གང་ལས་ཇི་ལྟར་བསྒྲུབ་པ་ཁྱད་པར་དུ་བཤད་ནས། དཔེ་དོན་སྦྱར་བ། བདེན་པ་གཉིས་ཀྱི་རྣམ་དབྱེ་བསྟན་ནས། ངག་དོན་བསྡུས་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང༌། གཞན་གྱིས་བརྟགས་པའི་མཐའ་ལ་དཔྱད་པའོ། །དང་པོ་ནི། རིམ་པ་གསུམ་པ་འདིའི་རང་གི་ངོ་བོ་མཚན་དང་དཔེ་བྱད་ཀྱི་བརྒྱན་པའི་སྐུ་ཞིག་ཡིན་པ་དང༌། རྒྱུ་གང་ལས་བསྒྲུབ་པ་ནི་རྣལ་འབྱོར་པ་རང་གི་སེམས་རྣམ་པར་དབེན་པའི་ངོ་བོ་ཉིད་ཡིན་པ་དང༌། སྒྲུབ་བྱེད་ཀྱི་ཐབས་རང་བྱིན་གྱིས་བརླབ་པ་ཉིད་ཡིན་པ་དང༌། དེ་གྲུབ་པའི་ཚེ་གཞི་དུས་ཀྱི་ཟག་བཅས་ཕུང་པོའི་ཟ་མ་ཏོག་གི་ནང་ན། དོན་གཞན་དུ་གྱུར་པའི་ཚུལ་གྱིས་གནས་པ་དང༌། གང་གིས་བསྒྲུབ་པ་ནི། རྣལ་འབྱོར་པ་རང་གི་རླུང་འོད་ཟེར་ལྔ་པས་བསྒྲུབ་དགོས་པ་དང༌། གྲུབ་པ་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་བཞག་པ་དང༌། རིམ་པ་འདི་མི་ཤེས་པའི་ཕར་ཕྱིན་པས་ཀྱང༌། ཀུན་རྫོབ་བདེན་པའི་གོ་དོན་མི་ཤེས་པ་དང༌། སྒྱུ་མའི་སྐུ་འདི་བསྒྲུབ་ན་ཟག་བཅས་ཀྱི་ཕུང་པོ་རྣལ་འབྱོར་པ་རང་དང་འབྲེལ་མེད་དུ་བཞག་ཆོག་པར་འཆད་པ་རྣམས་ནི། ཁུངས་ཐུབ་པའི་གཞུང་འགྲེལ་དག་གི་དངོས་བསྟན་ནོ། །གཉིས་པ་ནི། འདི་དག་གི་ཉམས་མྱོང་ཚད་མ་བོད་ཡུལ་དུ་སྔོན་བྱོན་པ་དག་གི་ཐུགས་ལ་བཞུགས་ཀྱང༌། ཡི་གེར་བཀོད་པའི་རྣམ་བཤད་ནི། ཕྱི་མའི་དུས་སུ་རྟོགས་སླ་བར་མི་སྣང་བ་ལ་བརྟེན་ནས། བོད་ཀྱི་སྲོལ་འབྱེད་ཕྱི་མ་དག་འདི་ལྟར་འཆད་དེ། སྒྱུ་ལུས་ཀྱི་བསྒྲུབ་གཞི་ནི། ལམ་འདིའི་རྟེན་དུ་རུང་བའི་འགྲོ་བ་མཐའ་དག་ལ་གདོད་མ་ནས་གྲུབ་པའི་གཉུག་མ་གཞི་ལུས་ཞེས་པའི་མིང་ཅན། རླུང་སེམས་ཀྱི་ཚོགས་པ་འདི་ནི་གདོད་མ་ནས། ང་དང་བདག་ཏུ་འདོགས་པའི་གཞི་དང༌། དེ་ལ་བཏགས་པའི་ང་དང་བདག་ནི། སྒྱུ་ལུས་ཀྱི་སྒྲུབ་པ་པོ་དང༌། སྒྲུབ་པ་པོ་དེའི་ཤེས་པ་ལ་སྒྱུ་མའི་སྐུ་གསལ་བར་སྣང་བ་མི་ཟློག་པ་དེ། སྒྱུ་མའི་སྐུ་གྲུབ་པའི་ཚད་དང༌། ཐུན་མོང་དུ་གྲགས་པ་ཉེར་ལེན་གྱི་ཕུང་པོ་ལ་བཏགས་པའི་ང་དང་བདག་མི་འགོག་མོད་ཀྱང༌། རྟེན་གྱི་གང་ཟག་རྒྱུད་ཐ་དད་པ་དག་ཏུ་ཁས་ལེན་མི་དགོས་ཞེས་དང༌། རླུང་སེམས་ཀྱི་མཚན་གཞི་སྲོག་གི་རླུང་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པའོ། །ཞེས་དང༌། རྣལ་འབྱོར་པ་གཅིག་གི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་དང༌། སྒྱུ་མའི་སྐུ་དུས་མཉམ་རྫས་གཞན་པ་ལམ་དུས་སུ་ཡོད་པ་དང༌། རྣམ་སྨིན་གྱི་ཕུང་པོ་ལས་གྲུབ་པའི་བསྐྱེད་རིམ་གྱི་ལྷ་སྐུ་དང༌། ཡེ་ཤེས་ལས་གྲུབ་པའི་རྫོགས་རིམ་གྱི་ལྷ་སྐུ། ལམ་དུས་སུ་ལྟ་ཅི་སྨོས། འབྲས་དུས་སུ་ཡང༌། ཉེར་ལེན་རྫས་ཐ་དད་པའི་རྒྱུ་མཚན་གྱིས། རྫས་ཐ་དད་དུ་ཁས་ལེན་དགོས་པ་དང༌། སངས་རྒྱས་པའི་ཚེ། རྣམ་སྨིན་གྱི་ཕུང་པོ་ཤུལ་དུ་བཞག་པ་དེ་རྫས་གྲུབ་ཏུ་ཡོད་པར་ཁས་ལེན་པ་དང༌། སྐབས་འདིའི་སྒྱུ་མའི་སྐུ། ཕར་ཕྱིན་ཐེག་པ་ནས་བཤད་པའི་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འཆད་པ་དང༌། བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བའི་ཚིག་ཟུར་གྱི་བདག་དེ། གཉུག་མ་གཞི་ལུས་ལ་བརྟེན་ནས་བཏགས་པའི་བདག་ཅེས་བྱ་བ། ཆོས་འདིར་གྲགས་པའི་བདག་གི་མཚན་གཞི་ཐུན་མོང་མ་ཡིན་པའོ། །ཞེས་འཆད་པ་དག་ཕྱི་མའི་དུས་འདི་ན་སྣང་ངོ༌། །དེ་དག་ལ་རིམ་པ་བཞིན་དུ་བརྟག་པར་བྱ་བ་ནི། འདི་ལྟར། གཉུག་མ་གཞི་ལུས་ཤེས་བྱ་བའི་ཐ་སྙད། གསང་འདུས་འཕགས་སྐོར་ལྟ་ཅི། མདོ་རྒྱུད་ཀྱི་ཁུངས་མི་རྙེད་བརྙེད་དུ་ཆུག་ཀྱང༌། རླུང་སེམས་ནི་བཅོས་མ་གློ་བུར་བ་ཉིད་ཀྱི་ཕྱིར། གཉུག་མར་མི་འཐད། འཐད་དུ་ཆུག་ཀྱང༌། སྲོག་རླུང་དང་ཡིད་ཤེས་ནི། ཆ་ཤས་རེ་རེ་བ་ཉིད་ཀྱི་ཕྱིར། སྒྱུ་ལུས་རྫོགས་པའི་བསྒྲུབ་གཞིར་མི་འཐད། འཐད་ན། སྒྱུ་མའི་སྐུ་ལ་རྩ་བའི་རླུང་ལྔ་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་ཚང་མ་ཚང་དུ་བརྟགས་པས་འཇིག་སྟེ། མ་ཚང་ན། སངས་རྒྱས་ཀྱི་དུས་སུ་ཚང་བར་འདོད་པ་འགལ། གཞི་ལུས་སྒྱུ་མའི་བསྒྲུབ་གཞིར་འདོད་པ་དང༌། སེམས་དབེན་སྒྲུབ་བྱེད་ཀྱིས། གསར་དུ་གྲུབ་པའི་སྣང་བ་གསུམ། སྒྱུ་མའི་བསྒྲུབ་གཞིར་འདོད་པ་འགལ། སྣང་གསུམ་གྱི་བསྒྲུབ་གཞི་ཡང༌། གཞི་ལུས་སུ་འདོད་ན། སྐྱེད་རིམ་གྱི་བསྒྲུབ་གཞིར་ཡང་ཅིའི་ཕྱིར་མི་འདོད། མདོར་ན། སྦྱང་གཞི་བར་དོ་གང་ལས་གྲུབ་པའི་གཞི་དང༌། སྦྱོང་བྱེད་ལོངས་སྐུ་གང་ལས་བསྒྲུབ་པའི་གཞི་གཅིག་ཏུ་འཁྲུལ་པས་ནོངས་ཏེ། འགལ་བ་གཉིས་གཅིག་ཏུ་འཁྲུལ་བའི་ཕྱིར། དེ་བས་ན། གཞི་དུས་ཀྱི་རླུང་སེམས་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་ཉིད། སྒྱུ་ལུས་ཀྱི་བསྒྲུབ་གཞིར་ཁས་བླངས་ན་མཛེས་སོ། །ཡང༌། སྒྱུ་ལུས་སྒྲུབ་པ་པོའི་མཚན་གཞི། སྤྱིར་བདག་ཏུ་འདོད་པ་མི་འཐད། བྱེ་བྲག་ཏུ་རྒྱུད་གཅིག་ལ་བདག་གཉིས་སུ་འདོད་པ་མི་འཐད། གཉུག་མ་གཞི་ལུས་ལ་བརྟེན་ནས། བདག་ཏུ་འདོགས་བྱེད་ཀྱི་མཁན་པོ་འཇིག་རྟེན་ན་མི་སྲིད་པས་མི་འཐད། མ་རིག་པ་ལྷན་སྐྱེས་ཀྱིས་དེ་ལྟར་འདོགས་སྲིད་ན། དེས་བཏགས་པ་ཉིད་ཀྱིས་ཚད་མས་གྲུབ་པར་མི་འཐད། བདག་མེད་ན་ལས་འབྲས་ཀྱི་རྟེན་མེད་པར་ཐལ་བ་ནི། གཞུང་ཆེན་པོ་དག་གིས་འགོག་པའི་ཕྱོགས་སྔ་ལ་ཡོད་པ་ཡིན་གྱི། རང་ལུགས་ལ་མེད། གཞུང་ཆེན་དག་ན་ལས་འབྲས་ཀྱི་རྟེན་ཀུན་གཞི་ལ་འཇོག་པ་དེ་བཀག་ནས། དེའི་རྟེན་བདག་ཏུ་ཁས་བླངས་པས། ཐེག་ཆེན་ལས་ཉམས། གསང་འདུས་ཀྱི་སྒྲུབ་པ་པོ་དང༌། དེས་བསྒྲུབས་པའི་སྒྱུ་ལུས་རྫས་ཐ་དད་དུ་ཁས་བླངས་པས། ཆོས་འདི་ལས་ཉམས། སྒྲུབ་པ་པོ་ཉིད་སྒྱུ་མའི་སྐུར་མ་གྲུབ་ན། གཞན་སུ་ཞིག་དེར་གྲུབ། དེ་ཉིད་དེར་གྲུབ་ན་སྒྱུ་མའི་བསྒྲུབ་གཞི་བདག་ཏུ་མི་འདོད་པ་འགལ། གཞི་དུས་ཀྱི་རླུང་སེམས་ཚོགས་པ། སྒྱུ་མའི་སྐུར་གྲུབ་པ་མི་སྲིད་ན་ནི། བསྒྲུབ་གཞིར་འདོད་པ་འགལ། སྲིད་ན། གཉུག་མ་གཞི་ལུས་འཚང་མི་རྒྱ་བར་འདོད་པ་འགལ། དེ་འཚང་རྒྱ་ན། རྣམ་སྨིན་གྱི་ཕུང་པོ་འཚང་མི་རྒྱ་བར་འགལ། སངས་རྒྱས་པའི་ཚེ། རྣམ་སྨིན་གྱི་གཟུགས་ཕུང་ཤུལ་དུ་ལུས་ན། རྣམ་སྨིན་གྱི་ཚོར་བའི་ཕུང་པོ་ལུས་སམ་མ་ལུས། ལུས་ན། སངས་རྒྱས་རྗེས་སུ་ཡང༌། སེམས་ཅན་ཉིད་དུ་ལུས་པར་འགྱུར། མ་ལུས་ན། སངས་རྒྱས་ཀྱི་སར་སོང་བ་ལས་མེད་པས། ཚོགས་པ་གཅིག་པའི་རྣམ་སྨིན་གྱི་ཕུང་པོ་གཅིག་སངས་རྒྱ་ན། གཅིག་ཤོས་སངས་མི་རྒྱ་བ་ཅིའི་ཕྱིར། གཟུགས་སེམས་ཀྱི་ཁྱད་པར་ཡོད་དོ། །ཅེ་ན། གཟུགས་སུ་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་གཟུགས་ཁས་ལེན་པ་ཐེག་པ་ཆེན་པོའི་ཆོས་ལ་མེད་དོ། །དེ་བས་ན། རང་གི་ལུགས་སུ་རྣམ་པར་བརྟགས་པ་ནི། རྣལ་འབྱོར་པ་སངས་རྒྱས་པའི་ཡེ་ཤེས་ཀྱི་སྣང་ངོ་ན། གཞི་དུས་ཀྱི་ཕུང་པོ་དམིགས་མེད་དུ་སོང་བ་ལ། ཁོག་པ་བརྗེས་པའི་མིང་བཏགས་པ་ཡིན་ཏེ། ལམ་གྱི་དུས་ཉིད་ནས་དེ་དག་མི་དམིགས་པར་བྱས་ནས་ཉམས་སུ་བླངས་པའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱིས། ཟུང་འཇུག་བརྙེས་ནས་སྐུ་ལུས་ཤུལ་དུ་བཞག་པ་མངོན་སུམ་གྱིས་གྲུབ་བོ། །ཅེ་ན། དེ་ཡང༌། འགྲོ་བ་གཞན་དག་གི་གཉིས་སྣང་འཁྲུལ་པ་ལ་ཡིན་གྱི། ཀླུ་སྒྲུབ་སངས་རྒྱས་པའི་གཟིགས་ངོ་ན་ཕྱི་རོལ་དོན་དུ་སྣང་བ་མེད་དོ། །ཡང༌། གཞན་དག་འདིར་བཤད་པའི་སྒྱུ་ལུས་དེ། ཕར་ཕྱིན་པས་ཀུན་རྫོབ་བདེན་པར་ཁས་ལེན་དགོས་ཟེར་བ་མི་འཐད་དེ། འདིར་བཤད་པའི་སྟོང་ཉིད་གསུམ་གྱི་ངོས་འཛིན་དེ། ཕར་ཕྱིན་པས་སྒྲིབ་བཅས་དེ་བཞིན་ཉིད་དུ་ཁས་ལེན་པའི་ཕྱིར། འདིར་ཀུན་རྫོབ་བདེན་པ་ཉིད་དུ་འཆད་དགོས་ཏེ། དགའ་བ་དང་པོ་གསུམ་གྱི་ཡེ་ཤེས་དོན་དམ་བདེན་པར་མི་འཆད་པའི་ཕྱིར། ཡང་བདག་ལ་བྱིན་གྱིས་བརློབ་ཅེས་པའི་བདག་གི་ངོས་འཛིན། སྒྲུབ་པ་པོའི་ཤེས་རྒྱུད་ལ་ཟེར་བ་ཡིན་གྱི། བཏགས་པའི་ཡོད་པ་ཙམ་དུ་གྱུར་པའི་གང་ཟག་ཀྱང༌། སྐབས་འདིར། སྟོང་པ་ཉིད་དུ་གཏོང་དགོས་ན། བདག་ཏུ་ལྟ་བ་ལྟ་ཅི་སྨོས། དེ་བས་ན། བདག་ཏུ་ཡིད་ལ་བྱེད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིར་ན། སྐྱེད་རིམ་ཙམ་གྱི་སྒྲུབ་པ་པོར་ཡང་རུང་བ་མ་ཡིན་ནོ། །ཡང༌། ཕར་ཕྱིན་པའི་རང་རྐང་ལ་སྒྱུ་མ་ལྟ་བུ་སོགས་ཀྱི་རྟོགས་ཚུལ་མེད་པར་བཤད་པ་ཡང༌། དཔེའི་སྒྱུ་མ་དང༌། དཔེ་དེ་ལས་སྒྱུ་མ་ལྟ་བུའི་དོན་ལྐོག་ཏུ་གྱུར་པའི་ཚུལ་གྱི་རྟོགས་ལུགས་མེད་པ་ནི་མ་ཡིན་ཏེ། དཔེ་ཉེར་འཇལ་གྱི་ཚད་མས་རྟོགས་པར་བཤད་པའི་ཕྱིར། དེས་ན། རང་བྱིན་བརླབས་ལ་མ་ལྟོས་པར་དོན་གྱི་སྒྱུ་མ་མངོན་གསུམ་དུ་མི་མཐོང་བར་འཆད་པ་ཡིན་ནོ། །གཉིས་པ་ལ། ཇི་ལྟར་བསྒྲུབ་པ་དང༌། སྒྲ་བཤད་པའོ། །དང་པོ་ནི། སྒྱུ་མའི་སྐུ་སྒྲུབ་པར་བྱེད་དོ། །རྒྱུ་གང་ལས་ན། སེམས་རྣམ་པར་དབེན་པའི་རིམ་པས་གྲུབ་པའི་ཡེ་ཤེས་གསུམ་ལས་སོ། །རྐྱེན་གང་གིས་ན། བདག་པོའི་རྐྱེན་རྒྱུ་དུས་སུ་མ་ཟད། ལམ་གྱི་དུས་འདིར་ཡང་དབང་དགུ་སྔོན་དུ་འགྲོ་བ་ཅན་གྱི་གསང་བའི་དབང་དང༌། དེ་མ་ཐག་པའི་རྐྱེན་གཞི་དུས་ཀྱི་ཡེ་ཤེས་དྲི་མ་ཕྱོགས་རེ་བས་དག་ནས། དཔེའི་ཡེ་ཤེས་སུ་གྲུབ་པ་དེའོ། །ཇི་ལྟར་བསྒྲུབ་པ་ནི། སྒྲུབ་པ་པོའི་རྟོག་པ་ཁྱད་པར་ཅན་རི་མོ་མཁན་གྱི་ལག་པ་དང་འདྲ་བ་དེས། སྣང་བ་གསུམ་གཅིག་ཏུ་འདྲེས་པའི་ཡེ་ཤེས་བྱུག་ཚོན་ཁ་དོག་ཅན་དང་འདྲ་བ་དེ་དག ཡན་ལག་སོ་སོའི་གནས་སུ་འདྲེན་པར་བྱེད་པའི་རླུང་གི་བྱེད་ལས་པིར་དང་འདྲ་བ་དེས། ཡན་ལག་དང་མཚན་དཔེ་སོ་སོའི་སྐྱེ་མཆེད་གསལ་ལ་མ་འདྲེས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །བྱེད་པ་པོ་རྟོག་པའི་ཁྱད་པར་ནི། སྐྱེད་རིམ་གྱི་མཚན་དང་དཔེ་བྱད་གསལ་བར་སྣང་བ་དེའོ། །ཡེ་ཤེས་ནི། རྡོར་བཟླས་ཀྱི་ནུས་པས་དབུ་མར་དྲངས་ཤིང་གནས་བཞིན་པ་དེའོ། །རླུང་ནི་སྒྱུ་མའི་སྐུ་ལ་ཇི་སྲིད་ཁྱབ་པ་དེ་སྲིད་དུ་དབུ་མའི་རླུང་དུ་ངེས་ལ། གནས་སོ་སོར་འགྲོ་འོང་བྱེད་པའི་ཚེ་ནི་མ་ངེས་པའོ། །དེ་ལྟར་སྒྱུ་མའི་སྐུ་སྒྲུབ་པའི་ཚེ་ན་སྒྲུབ་པ་པོའི་ཤེས་རྒྱུད་དངོས་ནི་སྐུ་དེ་ཉིད་ལས་གཞན་དུ་མེད་ལ། རྣམ་པར་རྟོག་པ་དག་ནི་གློ་བུར་བ་ཉིད་ཀྱི་ཕྱིར། རྒྱུད་དུ་མི་འཇོག་སྟེ་ཆུའི་ལྦུ་བ་བཞིན་ནོ། །དབུ་མར་ཞུགས་པའི་རླུང་སེམས་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཀྱིས་ཕྱིར་ཉེ་བར་ལེན་པ་དེ་ལས་བྱུང་བའི་སྒྱུ་མའི་སྐུ། ཀུན་རྫོབ་ཀྱི་བདེན་པར་མི་འཐད་དོ། །ཅེ་ན། ཡེ་ཤེས་རང་གི་ངོ་བོ་དེར་མི་འཐད་ཀྱང༌། སྐུ་ནི་བྱེད་པ་པོ་དང་ཡུལ་ཅན་རྟོག་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པའོ། །གཞན་དུ་ན། རྟོག་བྲལ་མ་འཁྲུལ་བའི་ཡེ་ཤེས་ནི་རྣལ་འབྱོར་མངོན་གསུམ་ལས་མ་འདས་སོ། །དེའི་ཕྱིར་རིམ་པ་གཉིས་པོ་འདི་ཉིད་སྔགས་ཀྱི་སྦྱོར་ལམ་སྟེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན། ཕར་ཕྱིན་པའི་སྦྱོར་ལམ་བཞིན་ནོ། །གལ་ཏེ། འོ་ན། རིམ་པ་ལྔ་ལས་བསྐྱེད་རིམ་རྐྱང་པས་ས་བརྒྱད་བགྲོད་པར་བཤད་པ་མ་ཡིན་ནམ། ཞེ་ན། བོད་སྔ་མའི་གསུང་གིས། བཟོད་འབྲིང་མན་ཆད་ས་བརྒྱད་དང༌། སེམས་དབེན་དང་སྒྱུ་མ་བཟོད་ཆེན་དང་ཆོས་མཆོག་ལ་སྦྱོར་བར་མཛད་པ་བཞིན་འབྱོར་བར་སྣང་ངོ༌། །རིམ་ལྔ་ལས། རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །སློབ་མ་བཟང་ལ་བསྟན་པ་ནི། །བདག་བྱིན་བརླབས་པ་ཞེས་བྱར་བཤད། །ཅེས་གསུང་པ་ལ་བརྟེན་ནས། རྗེ་འགོས་ཀྱི་སྟོང་ཐུན་ཆེན་མོ་ལས་འབྱུང་བ་ལྟར་བརྟགས་པ་ནི། མཚན་དཔེའི་ཆ་ཤས་གསལ་བར་དོད་པའི་བྲིས་སྐུ་སྒྲུབ་པ་པོའི་མིག་ཤེས་ལ་བསྟན་ནས། གསལ་བར་སྣང་བ་དེ། སྒྲུབ་པ་པོའི་ལམ་དུས་ཀྱི་ཡེ་ཤེས་མེ་ལོང་དང་འདྲ་བ་ལ་གསལ་བར་འཆར་ཞིང༌། ཤར་བ་དེ་ཉིད་སྒྲུབ་པ་པོའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར། རང་བྱིན་གྱིས་བརླབས་པ་ཞེས་བྱའོ། །འཆར་ཚུལ་དེ་ལྟར་བྱེད་པ་བསྐྱེད་རིམ་ལ་ཡང་མཚུངས་པ་མ་ཡིན་ནམ། ཞེ་ན། བསྟན་ཚུལ་དེ་ལྟར་བྱས་པས་དོན་སྤྱི་འཆར་མོད། གང་དུ་འཆར་ས་བློའི་མེ་ལོང་དེ་དག་ལ་རྟོག་པ་དང་ཡེ་ཤེས་ཀྱི་ཁྱད་ཞུགས་པའི་ཕྱིར། རང་བྱིན་གྱིས་རློབ་པ་ཅེས་བྱ་བ་ཡིན་མིན་དུ་བཞག་པར་ནུས་སོ། །གཉིས་པ་ལ་དངོས་མིང་གི་སྒྲ་དོན་དང་གཞན་ཡང་བཤད་པའོ། །དང་པོ་ནི། རིམ་པ་གསུམ་པར་བཤད་པའི་ཡེ་ཤེས་ཀྱི་སྐུ་འདི་ལ། སྒྱུ་མ་དང་འདྲ་བས་སྒྱུ་མ་ལྟ་བུ་ཞེས་ཟེར་བ་ཡིན་ནམ། དོན་གྱི་སྒྱུ་མ་ཉིད་ཡིན་པས་དེ་ལྟར་འཆད་ཅེ་ན། འཇིག་རྟེན་ན་གྲགས་པའི་སྒྱུ་མ་དང༌། ཆུ་ཟླ་སོགས་དང༌། མཚུངས་པར་ནི་དངོས་སུ་བཤད་ལ། གཙོ་བོར་ནི་སྔགས་ཀྱི་ཐུན་མོང་མིན་པའི་སྒྱུ་མ་ཉིད་ཡིན་པ་འཆད་དགོས་ཏེ། ཐུན་མོང་མ་ཡིན་པའི་ཐབས་མཁས་ཀྱི་སྒྱུ་འཕྲུལ་སྣ་ཚོགས་ཀྱིས་བསྒྲུབས་པའི་དོན་རང་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན། རྡོ་རྗེ་སེམས་དཔའི་དོན་བྱེད་མི་ནུས་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རྩ་བའི་སྒྱུ་ལུས་ལས། དེ་དང་འདྲ་བ་གྲངས་ལས་འདས་པ་སྤྲོ་ནུས་པར་ནི། རྨི་ལམ་གྱི་དཔེ་དང༌། ཆུ་ཟླའི་དཔེ་ལས་གྲུབ་པར་ངེས་ལ། དེའི་ཚེ་རྩ་བའི་སྒྱུ་ལུས་དངོས་མ་ཡིན་ཀྱང༌། དེ་དང་འདྲ་བའི་ཕྱིར། སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་རྩ་བའི་སྒྱུ་མ་ལས་མ་འཕོས་བཞིན་དུ། རྒྱུ་རྐྱེན་ཚོགས་པའི་གནས་མང་པོ་དག་ཏུ་སྣང་བས་ན། བྲག་ཆ་ལྟ་བུ་དང༌། རྣམ་སྨིན་གྱི་ལུས་གཞན་དུ་གནས་ནས། བག་ཆགས་ཀྱི་ལུས་ཡུལ་གཞན་དང་གཞན་དུ་འགྲོ་བ་དང་འདྲ་བས་ན། རྨི་ལམ་ལྟ་བུ་དང༌། སྒྲུབ་པ་པོ་རང་གི་མིག་ཤེས་ལ་སྐུ་དེའི་ཁ་དོག་འོད་ཟེར་ལྔ་པར་སྣང་བས་ན། འཇའ་ཚོན་ལྟ་བུ་དང༌། མཚོའམ། ལྟེང་ཀ་ལྟ་བུའི་ནང་གི་གནས་སོ་སོ་འདི་དང་འདིར། ཟླ་བའི་གཟུགས་བརྙན་མི་འཆར་ཞེས་སྟོན་རྒྱུ་མེད་པ་ལྟར། རྣལ་འབྱོར་པའི་ནང་གི་མངོན་པར་བྱང་ཆུབ་པ་བཞིའམ་གསུམ་པོ་དག་གིས་ནམ་མཁའ་ཇི་སྲིད་པར་ཁྱབ་པའི་གོ་ས་དེ་དང་དེར། སྒྱུ་མའི་སྐུ་མི་འཆར་བའི་ས་སྟོན་རྒྱུ་མེད་པས་ན། ཁྱབ་པ་ཆུའི་ཟླ་བ་ལྟ་བུ་ཞེས་བྱའོ། །སྐུ་འདིའི་གཟུགས་ཀྱི་སྐྱེ་མཆེད་མིག་ཤེས་ལ་སྣང་བའི་ཚེ། ཡུལ་ཅན་དེ་ཡང་དག་མིན་རྟོག་དང༌། སྣང་ཆ་དེ་ཡང་གཟུང་བའི་རྣམ་པར་འཆད་དགོས་པ་ཁོ་ནར་མ་ཟད། ཡིད་ཀྱི་ཤེས་པ་ལ་མཚན་དང་དཔེ་བྱད་དུ་སྣང་བ་དེ་ཡང་སྣང་མཁན་དེ་ཉིད་ཀྱི་བསྡུས་ཞིང༌། དེ་ཡང་རྣལ་འབྱོར་མངོན་སུམ་དུ་ནི་མ་སླེབ་པས། ཀུན་རྫོབ་ཀྱི་བདེན་པར་བཞག་ལ། ཕར་ཕྱིན་པ་ལ་དཔེའི་སྒྱུ་མ་གསལ་བར་འཆད་རྒྱུ་ཡོད་ཀྱང༌། དོན་གྱི་སྒྱུ་མ་འདི་ནི་མངོན་སུམ་དང་རྗེས་སུ་དཔག་པ་གང་གི་སྒོ་ནས་ཀྱང༌། རྟོགས་པར་བྱར་མེད་པས་ན། སྒྱུ་མ་འདི་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབུ་མ་ནས་འཆད་དགོས་པའོ། །དེའི་ཕྱིར། མི་སློབ་པའི་ཟུང་འཇུག་ཏུ་སླེབ་པའི་སྒྱུ་མ་ནི། དོན་དམ་པའི་བདེན་པ་མཐར་ཐུག་པས་ན། ཕར་ཕྱིན་པའི་ལུགས་ལྟར་སྒྱུ་མའི་སྒྲ་བཤད་མི་མཛད་ཅིང༌། དོན་ཡང་ཚང་བ་མ་ཡིན་ནོ། །འདི་དང་བསྐྱེད་རིམ་གྱི་ལྷ་ཁྱད་པར་མེད་དོ། །ཞེས་བསམ་པར་མི་བྱ་སྟེ། དངོས་ཀྱི་ཉེར་ལེན་ཡེ་ཤེས་ཡིན་མིན་གྱི་ཁྱད་པར་དང༌། བྱེད་པ་པོ་དབུ་མར་ཞུགས་པའི་རླུང་ཡིན་མིན་གྱི་ཁྱད་པར་དང༌། བདག་པོའི་རྐྱེན་གསང་བའི་དབང་བསྐུར་ཡིན་མིན་གྱི་ཁྱད་པར་དང༌། དེ་མ་ཐག་འབྲས་སྟོང་པ་བཞི་པའི་ཡེ་ཤེས་ཡིན་མིན་གྱི་ཁྱད་པར་རྣམས་དང༌། ཕལ་ཆེར་ནི་དོན་སྤྱི་དང་དོན་རང་མཚན་གྱི་ཁྱད་པར་ཅན་ནོ། །གསུམ་པ་ནི། སྤྱིར་གསང་སྔགས་ཀུན་དང༌། གསང་བ་འདུས་པའི་ཆོས་སྐོར་འདི་ནི། བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་སོ་སོ་དང༌། བྱེ་བྲག་ཏུ་དོན་དམ་པའི་བདེན་པ་ནི། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་བདེན་པ་དང༌། མི་བསླུ་བ་དང༌། རིགས་པས་དཔྱད་པ་ངེས་པར་བཟོད་པ་དང༌། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ཉིད་དུ་བཤད་ཅིང༌། མཚན་གཞི་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་གཞན་དུ་མི་འཆད་ཀྱི། རིགས་པས་བརྟགས་པའི་ཚེ་མ་རྙེད་པའི་སྟོང་པ་ཉིད་ནི། མཚན་འཛིན་གྱི་རྟོག་པ་སེལ་བའི་དོན་དུ་ཤེས་པར་བྱ་བ་ཡིན་ཡང༌། ཉམས་སུ་མྱོང་བར་བྱ་བའི་བདེན་པ་ནི་མ་ཡིན་ཏེ། ཡུལ་ཅན་གྱི་བློ་རྟོག་པ་ཉིད་ལས་མ་འདས་པའི་ཕྱིར། ཞེས་བྱ་བ་འདི་དང་དེ་བཞིན་དུ་རིམ་པ་གསུམ་པའི་སྒྱུ་ལུས་འདི། རང་ངོས་ནས་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། གནས་ཚུལ་ལ་སྒྲིབ་བྱེད་མ་ཡིན་པའི་ཕྱིར་དང༌། རིམ་པ་ལྔ་པའི་ཟུང་འཇུག་གི་སྐུ་དེ་དང༌། དངོས་ཀྱི་ཉེར་ལེན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཅན་དུ་ཁྱད་པར་མེད་པའི་ཕྱིར། དེ་ལྟར་ན་ཡང་རིམ་པ་བཞི་པར་མ་སླེབ་པ་དེ་སྲིད་དུ། ཡུལ་ཅན་རྟོག་པར་ངེས་པས་ན། ཇི་སྐད་དུ། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །ཞེས་གསུངས་ལ་རང་ངོས་ནས་ཀུན་རྫོབ་ཀྱི་བདེན་པ་ཉིད་ཡིན་ན། གང་དུ་ཡང་དག་འདྲེས་གྱུར་པ། །ཞེས་བྱ་བ་ག་ལ་སྲིད། །ཞེས་བྱ་བ་འདིས་ནི། སྔགས་ལུགས་ཐུན་མོང་མ་ཡིན་པའི་དབུ་མ་མདོར་བསྡུས་པ་ཡིན་ནོ། །དེ་ལྟར་ཀུན་རྫོབ་བདེན་འདི་དག །དག་བྱའི་དྲི་མ་བྲལ་བའི་དངོས། །དངོས་མེད་ཉིད་དུ་མ་གྱུར་ཚེ། །ཚེ་འདི་ཉིད་ཀྱི་ཟུང་འཇུག་འགྱུར། །ཞེས་བྱ་བ་འདི་གྲུབ་པའོ།།  །།སྭསྟི། རིམ་ལྔའི་མཐར་ཐུག་ཆོས་ཀྱི་སྐུ། །འགྲུབ་པར་བྱེད་དང་གྲུབ་པའི་འབྲས། །གཉིས་སུ་དབྱེར་ཡོད་འོད་རབ་གསལ། །གཉིས་མེད་ཟུང་དུ་འཇུག་པར་ཡང༌། །སྟོན་མཛད་ཀུན་ལ་ཕྱག་འཚལ་ལོ། །དེ་ལྟར་མཆོད་པར་བརྗོད་ནས། གཉིས་པ་དོན་དམ་པའི་བདེན་པ་ཤེས་ནས། རྣལ་འབྱོར་དུ་བྱ་བའི་ཚུལ་ལ་གསུམ་སྟེ། སྤྱིའི་རྣམ་གཞག་ཤེས་པར་བྱ་བ་དང༌། རྒྱུ་གང་ལས་དུས་ནམ་གྱི་ཚེ་ཇི་ལྟར་གྲུབ་པའི་རིམ་པ་དང༌། བོད་སྔ་ཕྱི་བཞེད་པ་སོ་སོ་ལ་འདོར་ལེན་ཇི་ལྟར་བརྟག་པའི་ཚུལ་ལོ། །དང་པོ་ལ་འདིར། འོད་གསལ་བའི་ངོ་བོ་ནི་གང་ཡིན། བྱེད་ལས་ནི་ཅི་ཞིག བྱས་པའི་ལག་རྗེས་ནི་གང་ཞེ་ན། དང་པོ་ནི། ལུགས་འདི་ལ་སྟོང་པ་བཞིའི་རྣམ་གཞག་མཛད་ནས། བཞི་པ་ཐམས་ཅད་སྟོང་པ་འོད་གསལ་བ་ཞེས་བྱ་བ་ཞིག་གོ་དོན་དུ་བཞག་སྟེ། དེ་ངོས་འཛིན་པའི་ཚེ། དཔེ་ཕྱིའི་མངོན་པར་བྱང་ཆུབ་པ་དང༌། དོན་ནང་གི་མངོན་པར་བྱང་ཆུབ་པ་གཉིས་ལས། དང་པོ་ནི། ཡར་ཚེས་བཅུ་བཞི་ལྟ་བུའི་ཚེ། ཟླ་བའི་འོད་ཟེར་ནུབ། ཉི་འོད་མ་ཤར་བའི་བར་དེར། སྒྲིབ་བྱེད་དང་བྲལ་བའི་ནམ་མཁའ་ཤིན་ཏུ་དྭངས་པར་གྱུར་པ་དེའོ། །དོན་ནི་རང་གི་རིག་པ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལྟ་ཅི་སྨོས། རྣམ་པར་བྱང་བའི་ཕྱོགས་ཀྱི་རྟོག་པ་གཡོ་བར་བྱེད་པའི་རླུང་དང་བཅས་པ་ཉིད་དུ་མ་གྱུར་པའི་རབ་ཏུ་གསལ་ལ་རྙོག་པ་དང་བྲལ་བ་དེའོ། །དེ་ཙམ་ཞིག་ནི་ལམ་དུ་མ་ཟད་གཞིའི་གནས་སྐབས་སུའང་ཡོད་མོད་ཀྱང༌། སྐབས་སུ་བབ་པ་ནི། སྟོང་པ་གསུམ་པའི་དངོས་ཀྱི་རྒྱུ་ལས་བྱུང་བ་ཞིག་གོ །གསུམ་པོ་དེ་དག་ལ་ཡང་ཕྱི་ནང་གི་མངོན་བྱང་སྦྱར་ནས་འཆད་མོད་ཀྱང༌། མདོར་བསྡུ་ན། དབང་གསུམ་པ་ལས་བྱུང་བའི་དགའ་བ་གསུམ་པོའི་དུས་ཉིད་དོ། །འདི་དག་ཀྱང་ལྡོག་པས་སོ་སོར་ཤེས་དགོས་ཏེ། རྣམ་པར་ཤེས་པ་གསུམ་ནི་རྟོག་པ་དང་འདྲེས་པའི་དགའ་བ་གསུམ་གྱི་ལྡོག་ཆ་ནས་དང༌། སྟོང་པ་གསུམ་ནི་སྐབས་སོ་སོའི་རྟོག་པ་ཉི་ཚེ་བ་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ཆ་ནས་ངོས་འཛིན་ཞིང༌། ཐམས་ཅད་སྟོང་པ་ནི་དགག་བྱ་ཇི་སྙེད་པ་ཀུན་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ཆ་ནས་འཛིན་པ་ཁོ་ནར་ངེས་ལ། དེ་ལ་རང་བཞིན་དང་གློ་བུར་རྣམ་དག་གི་དབྱེ་བ་འོག་ནས་འབྱུང་ངོ༌། །བྱེད་ལས་ནི་སྤྱིར་སྒྲིབ་པ་མཐའ་དག་གི་ས་བོན་སྤོང་བ་སྟེ། རིམ་པ་བཞི་པ་འདི་ནི་ཐོག་མར་མཐོང་ལམ་དང་སྒོམ་ལམ་བར་ཆད་མེད་ལམ་གྱི་ངོ་བོ་སྐྱེ་བས་སོ། །ཁྱད་པར་དུ་རིམ་པ་གསུམ་པའི་རྗེས་ཐོགས་ཁོ་ནར་མངོན་དུ་བྱེད་པ་ནི། སྒྱུ་མའི་སྐུ་ལ་སྒྲིབ་བྱེད་ཀྱི་རྟོག་པ་སེལ་བའི་ཕྱིར་ཡིན་ཏེ། དེས་དེ་མ་བསལ་ན་ཟུང་འཇུག་གི་སྐུའི་དངོས་ཀྱི་ཉེར་ལེན་མི་འགྲུབ་པའི་ཕྱིར། བོད་ཕྱི་མ་ན་རེ། དེ་འདྲ་མི་འཐད་དེ། སྒྱུར་འཛིན་གྱི་རྟོག་པ་སྤོང་དགོས་བདེན་གྲུབ་ཀྱི་རྟོག་པ་གང་གིས་སེལ་ཏེ། དེ་དང་འཛིན་སྟངས་དངོས་འགལ་གྱི་རྟོག་པ་སྤང་བྱར་འཐད་པའི་ཕྱིར། ཞེས་བཀག་ནས། རིམ་པ་གསུམ་བཞི་པའི་གོ་རིམ་ངེས་པའི་ཤེས་བྱེད་ཀྱིས་འོད་གསལ་གྱི་དགོས་པ་དང་བྱེད་ལས་རྟོགས་ནུས་ཏེ། འོད་གསལ་གྱི་རིམ་པ་གསུམ་གཞིའི་ལམ་རྒྱུན་གཅིག་ཏུ་མ་བསྲེས་ན། འོད་གསལ་རྐྱང་པས་སྒྲིབ་པ་མཐའ་དག་སྤོང་མི་ནུས་ཤིང༌། འོད་གསལ་དང་མ་བསྲེས་པའི་སྒྱུ་མ་ཡན་གར་བས། ཟུང་འཇུག་མི་འགྲུབ་པའི་ཕྱིར། ཞེས་ཟེར་མོད། དེས་དེ་མི་འགྲུབ་པར་འཆད་པ་བདེན་ཡང༌། དེས་དེ་སྤོང་མི་ནུས་པ་འཆད་པ་མི་བདེན་ཏེ། སྒྲིབ་པ་མ་ལུས་པའི་ས་བོན་རྩ་བ་ནས་སྤོང་བྱེད་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་གཞན་དུ་འཆད་པ་པོ་སུ་ཡང་སྣང་རུང་མ་དམིགས་པའི་ཕྱིར་དང་ལམ་གཉིས་པོའི་རྫས་རྒྱུན་གཅིག་ཏུ་བསྲེ་ཐུབ་པ་དེ་ཉིད་སྒྱུར་འཛིན་གྱི་རྟོག་པ་སྤངས་པ་ཁོ་ནའི་བྱེད་ལས་སོ། །བྱེད་ལས་དེ་ཡང་ཟུང་འཇུག་གི་སྐུ་སྒྲུབ་པའི་ཕྱིར་ཡིན་གྱི། སྤང་བྱ་སྤོང་བའི་ཆ་དེ་ནས་མ་ཡིན་པའི་ཕྱིར། དེས་ན་སྐབས་འདིར་བསོད་ནམས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ། འོད་གསལ་གྱིས་སྒྲིབ་པ་མཐའ་དག་མི་སྤོང་བ་དང༌། སྤོང་མི་ནུས་པ་མ་ཡིན་པའི་ཤན་ཕྱེད་པར་བྱའོ། །འོ་ན། གཉིས་པོ་གཅིག་ཏུ་བསྲེ་ཐུབ་པའི་ཚད་དེ་གང་ཞེ་ན། འོག་ནས་འབྱུང་བ་ལྟར། མན་ངག་གི་རིམ་པ་ལས་འོད་གསལ་མངོན་དུ་གྱུར་པ་གོམས་པར་བྱས་པས། སྔར་གྱི་སྒྱུ་མའི་སྐུ་དེ་ཐམས་ཅད་སྟོང་པའི་ཡེ་ཤེས་དང་ཟུང་འཇུག་ཏུ་གྲུབ་པའོ། །དེ་ལྟར་བཤད་པ་ན། འོད་གསལ་མཐར་ཕྱིན་པའི་ལག་རྗེས་ནི། སྤང་བྱ་མ་ལུས་པར་སྤངས་པའི་ཆོས་ཀྱི་སྐུ་དང༌། ཐོབ་བྱ་མ་ལུས་པར་ཐོབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་རྫས་སུ་ལྟ་ཅི་སྨོས། ལྡོག་པའི་སྒོ་ནས་ཀྱང་གཉིས་སུ་འཛིན་བྱེད་ཀྱི་རྟོག་པའི་ཡུལ་ལས་འདས་པས་ན། ཟུང་དུ་འཇུག་པ་ཞེས་བྱ་བར་མཚན་གསོལ་བ་དེའི་རྒྱུ་ཚོགས་གྲངས་ཚང་བ་ཉིད་དུ་བྱས་པའོ། །གཉིས་པ་ལ་གསུམ་སྟེ། ཇི་ལྟར་བསྒྲུབ་པའི་རིམ་པ་དང༌། གྲུབ་ནས་ཉམས་སུ་ལེན་པའི་ཚུལ་དང༌། སྐབས་དེར་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། འོད་གསལ་གྱི་རིམ་པ་འདིའི་སྣོད་རུང་གི་དབང་ནི། སྔོན་རྒྱུ་དུས་སམ། སེམས་དབེན་གྱི་དུས་སུ་ཡེ་རྒྱ་ལ་བརྟེན་ནས་ངེས་པར་སྔོན་དུ་སོང་ཟིན་མོད། འདིར་ཉེ་བའི་རྒྱུ་ནི་ཚོགས་ཀྱི་དཀྱིལ་འཁོར་དུ་ཕྲེང་བ་ལ་སོགས་པའི་དབང་དགུ་བསྐུར་བ་དང༌། འབྲེལ་ཆགས་སུ་མཚན་ཕྱེད་ཀྱི་དུས་ལས་རྒྱ་ལ་བརྟེན་པའི་དབང་གསུམ་པ་བསྐུར་བའི་རིམ་གྱིས་དགའ་བ་དང་པོ་གསུམ་དང༌། སྟོང་པ་གསུམ་མངོན་དུ་བྱས་པའི་མཐར་དགའ་བ་བཞི་པ་དང༌། ཐམས་ཅད་སྟོང་པ་དང༌། འོད་གསལ་བ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་དུ་མ་ཅན་ཏེ། ཐོ་རངས་ཀྱི་དུས་ཕྱིའི་མངོན་བྱང་ཐམས་ཅད་སྟོང་པར་ཤར་བ་དེའི་ཚེ་མངོན་དུ་བྱེད་དོ། །དུས་འདི་ནི་སྟོན་པ་སངས་རྒྱས་པའི་དུས་དང་སྦྱོར་ཚུལ་ཡང་ཤེས་པར་བྱ་ལ། ལས་དང་པོ་པས་འདིར་ཞུགས་པའི་ཚེ་ནི། མ་མཐའ་ཡང་མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་རྩ་བ་ནས་དྲུངས་འབྱིན་པར་བྱེད་པའི་གཉེན་པོ་ཉིད་ཀྱི་ཚད་དུ་སླེབ་པའོ། །གཉིས་པ་ནི། གཞུང་འགྲེལ་ལས། ཐོ་རངས་ཀྱི་དུས་དེར་འོད་གསལ་གྱི་མན་ངག་མནོས་ནས། བསླབ་པར་བྱ་བ་ཉིད་དུ་གསུངས་པའི་དགོངས་པས་ལག་ཏུ་བླང་བའི་རིམ་པ་ནི། རིལ་པོར་འཛིན་པ་དང༌། རྗེས་སུ་གཞིག་པའི་མིང་ཅན་གཉིས་གསུངས་པ་ལས། དང་པོ་ནི། སྒྲུབ་པ་པོ་རང་ཉིད་སྒྱུ་མའི་སྐུ་རྡོ་རྗེ་འཆང་དུ་གསལ་བཏབ་པའི་སྙིང་ཁར། ཐུགས་རྡོ་རྗེ་ངོ་བོ་ཧཱུྃ་ཡིག་གསལ་བཏབ། རང་ཉིད་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ཧཱུྃ་ཡིག་ལ་ཐིམ། དེ་ཡང་ཞབས་ཀྱུ་ནས་རིམ་གྱིས་བསྡུས་ནཱ་དའི་བར་ཐམས་ཅད་སྟོང་པ་འོད་གསལ་བ་ཉིད་དུ་གཞུག་པར་བྱའོ། །གཉིས་པ་ནི། རང་རྡོ་རྗེ་འཆང་དུ་གསལ་བའི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་བཞུ་ནས་འོད་ཀྱི་གོང་བུ་གཅིག་ཏུ་བྱས། གོང་བུ་དེ་ཐམས་ཅད་སྟོང་པ་འོད་གསལ་བ་ཉིད་དུ་འཇུག་པའི་ཚུལ་ལ། བླ་མའི་མན་ངག་གི་རིམ་པ་ལས་གསུམ་ཙམ་བྱུང་ཡང་བསྡུ་ན་འོད་ཀྱི་གོང་བུ་དེ་རང་གི་སྙིང་ཁའི་ཧཱུྃ་ལ་བསྡུས་ནས་དང༌། གོང་བུ་དེ་རང་ཁ་བའི་གོང་བུ་མཚོར་ལྷུང་བ་ལྟ་བུར་བྱས་ནས་དང༌། ཡང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་གསུམ་རིམ་པར་བསྐྱེད་ནས། སྙིང་གའི་ས་བོན་གསུམ་གྱི་འོད་ཟེར་འཕྲོས་པ་ལས། སྣོད་བཅུད་ཀྱི་ལུས་ངག་ཡིད་གསུམ་བསྡུས་ནས། མཐར་དམིགས་མེད་དུ་གཏོང་བའི་ཚུལ་རྣམས་བྱུང་ཡང༌། སྒྲུབ་པ་པོའི་བློ་དང་གང་འཚམ་པའི་དོན་ཏེ། ཕར་ཕྱིན་པའི་ལུགས་ཀྱིས་སྟོང་ཉིད་མངོན་སུམ་དུ་མཐོང་ཞིང་གོམས་པར་བྱེད་པའི་ཚུལ་ལས། མཐུ་ནུས་དང་མྱུར་ཁྱད་ཐོན་པ་ཞིག་དགོས་པའོ། །གལ་ཏེ། རིམ་པ་འདི་ལ་ཡུན་ཇི་ཙམ་གྱི་བར་དུ་མཉམ་པར་འཇོག་ཅེ་ན། འདི་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་མཐའ་བསལ་བ་དང༌། རང་གིས་བརྟགས་པའི་མཐའ་བརྗོད་པའོ། །དང་པོ་ནི། བོད་ཕྱི་མའི་སྔ་མ་དག་ན་རེ། རིམ་པ་འདི་ལ་འཕེན་པའི་དབང་གིས་འཇུག་པ་ན། ལོ་དང་ཟླ་བའམ་ཞག་ལ་སོགས་པ་གང་བསམས་པ་དེའི་བར་དུ་མཉམ་པར་བཞག་ནས། ཟུང་འཇུག་གི་སྐུར་བཞེངས་པ་ཡིན་ནོ། །ཞེས་ཟེར། དེ་འདྲ་དེ་མཐའ་གཅིག་ཏུ་ངེས་པ་མེད་དེ། བསོད་ནམས་ཁྱི་ཚོགས་ཡོངས་སུ་རྫོགས་པ་སྔོན་དུ་སོང་བ་ཞིག་ཡིན་ན། དེར་མི་འགལ་ཙམ་ཡིན་ཡང༌། དེ་མ་སོང་ན། ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པས། ཆད་པའི་མཐའ་ཉིད་དུ་ལྷུང་བར་འགྱུར་བ་དང༌། མཉམ་པར་འཇོག་ཚུལ་དེ་ཡང༌། མཉམ་གཞག་བློ་མེད་ལ་བསམས་ནས་སྨྲས་པས། སྔགས་ཀྱི་དབུ་མའི་ཚུལ་ལས་ཉམས་སོ། །བོད་ཕྱི་མ་ན་རེ། རིམ་པ་ལྔའི་གོ་རིམ་ངེས་པར་བཤད་པ་ནི། ལས་དང་པོ་པའི་འཇུག་ཚུལ་ཡིན་གྱི། ཕར་ཕྱིན་རྐྱང་པའི་བྱང་སེམས་ས་བཅུ་པ་བ་རིམ་པ་བཞི་པ་འདི་ལ་ངེས་པར་འཇུག་དགོས་པ་ནི། རིམ་ལྔའི་གཞུང་དུ། རྒྱ་ཆེར་རོལ་པའི་ལུང་དྲངས་ནས་བཤད་པ་ཉིད་ཀྱིས་རྟོགས་དགོས་པས། དེའི་ཚེ་རིམ་པ་སྔ་མ་གསུམ་ལ་འཇུག་མི་དགོས་ཏེ། ས་བཅུ་པར་མཚན་དཔེའི་ལུས་ཐོབ་པས། དེ་དག་གི་དོན་གྲུབ་ཟིན་པའི་ཕྱིར། དབང་བསྐུར་ཡང༌། དབང་གསུམ་པ་ནས་བསྐུར་བས་ཆོག་གི སྔ་མ་རྣམས་ཀྱི་དོན་གྲུབ་ཟིན་པས་མི་དགོས་སོ། །ཞེས་འཆད་པ་ནི་རིམ་ལྔ་རྐྱང་པའི་གོ་རིམ་ལ་དམིགས་ཀྱིས་བསལ་བ་ཡིན་ནོ། །ཞེས་སྨྲས་ཟིན་པ་དེ་ཉིད་ཀྱིས་སྨྲ་བའི་སྒོ་མ་ཉམས་ཙམ་བྱུང་མོད། སྤྱིར་སྔགས་དང༌། ཁྱད་པར་བླ་མེད་ལ་འཇུག་པ་སྨིན་བྱེད་ཀྱི་དབང་ལ་མི་ལྟོས་ན། བྱེ་མ་བཙིར་བས་མར་མེད་ཀྱི་དཔེ་དོན་མ་འགྲིག་པར་ཐལ་བ་དང༌། དབང་བཞི་པའི་གོ་རིམ་དང་རིམ་པ་གཉིས་ཀྱི་གོ་རིམ་ལ་སྙིང་པོ་མེད་པར་ཐལ་བ་དང༌། གསང་སྔགས་པའི་བསོད་ནམས་ཀྱི་ཚོགས་ཀྱི་དོད་ཐུབ། ཕར་ཕྱིན་པ་ལ་ཡོད་པས་སྔགས་ཀྱི་བསོད་ནམས་ལ་འཇུག་མི་དགོས་ན། ཡེ་ཤེས་ཀྱི་ཚོགས་ཡང་མཚུངས་པ་དང༌། ཕར་ཕྱིན་གྱི་ཡེ་ཤེས་ལ་དེའི་དོད་ཐུབ་མེད་ན། གཅིག་ཤོས་ལ་ཡང་མཚུངས་པ་དང༌། འདིའི་འོད་གསལ་གྱིས་སྤོང་ལ། ཕར་ཕྱིན་པའི་བར་ཆད་མེད་ལམ་གྱིས་མི་སྤོང་བའི་སྒྲིབ་པ་ཡོད་ན། དེའི་མཚན་གཞི་ཁྱེད་ལ་མེད་པ་དང༌། སྒྲིབ་པ་སྤོང་བའི་ཕྱིར་མ་ཡིན་གྱི། ཡོན་ཏན་རྫོགས་པའི་ཕྱིར་ཡིན་ན། ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་ཚོགས་མི་དགོས་པར་ཐལ་བས་རང་གི་གྲུབ་པའི་མཐར་བཅས་པ་ཐམས་ཅད་ཉམས་སོ། །གཉིས་པ་ནི། འདི་ལྟར། སྒྱུ་ལུས་ཕན་ཆད་དུ་བརྟག་པ་མཐར་གཟུང་བའི་ཚུལ་གྱིས། ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱས་པ་ཞིག་ཡིན་ན། ཆོས་ཀྱི་སྐུ་མཐར་ཐུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤང་བ་ཁོ་ནའི་ཕྱིར་དུ། འོད་གསལ་བའི་རིམ་པ་ལ་འཕེན་བྱེད་ཀྱི་བློས་ཇི་ཙམ་འཕངས་པ་དེ་ཙམ་དུ་མཉམ་པར་བཞག་ནས། སླར་སྣང་བ་གསུམ་ལུགས་ལས་ལྡོག་པའི་ལྡང་སེམས་ཀྱི་ལངས་ནས་མི་སློབ་པའི་ཟུང་འཇུག་གི་སྐུ་ཆོས་གཞན་གྱི་བར་མ་ཆོད་པར་མངོན་དུ་བྱེད་དོ། །ཡང༌། དེ་ལས་གཞན་བསྐྱེད་རིམ་ལྟ་བུ་བསོད་ནམས་ཀྱི་ཚོགས་ཆ་ཤས་རེ་རེ་ཙམ་ཁོ་ན་སྔོན་དུ་སོང་བ་ཞིག་གིས་ནི། ཐོག་མར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང༌། རྣམ་པར་རྟོག་པ་ཁོ་ན་སྤང་བའི་ཕྱིར། ལུགས་འབྱུང་གི་རིམ་པས་མཉམ་པར་བཞག་ནས། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གྱི་ཚད་དུ་སླེབ་པ་ན། ལྡང་སེམས་ཀྱི་རིམ་པས་བཞེངས་པའི་སྐད་ཅིག་གཉིས་པར་སློབ་པའི་ཟུང་འཇུག་གི་སྐུ། ཕར་ཕྱིན་པ་དང་ཆོས་མཐུན་སྦྱར་ན། ས་དང་པོ་རབ་ཏུ་དགའ་བའི་སྤངས་རྟོགས་ཀྱི་ཚད་དུ་སླེབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་དོ། །དེ་བཞིན་དུ་ས་ལྷག་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་སྤང་བྱ་རེ་སྤོང་བ་དང༌། བསོད་ནམས་ཀྱི་ཚོགས་རེ་རྫོགས་པའི་ཕྱིར་དུ་འོད་གསལ་བའི་རིམ་པ་རེ་དང༌། ཚོགས་ཀྱི་འཁོར་ལོ་སྤྲོས་བཅས་ལྟ་བུའི་བསོད་ནམས་རེ་རེ་སྤེལ་ནས་ཉམས་སུ་བླངས་པས། ས་བཅུ་པའི་མཐར་དབང་བཞི་པ་རྟེན་བཅས་མཚམས་སྦྱར་ཏེ། མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་དང༌། ཡང་གཞུང་འགྲེལ་གྱི་དངོས་བསྟན་ལ་བརྟག་ན། བདེན་པ་མཐོང་བའི་རྗེས་ཐོབ་དེ་ཉིད་དུ། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མ་ལུས་པ་རྫོགས་པར་བྱས་ནས། འོད་གསལ་བའི་རིམ་པ་ལ་མཉམ་གཞག་ཐུན་གཅིག་གིས་མཉམ་པར་བཞག་ནས། དེའི་མཐར་མི་སློབ་པའི་ཟུང་འཇུག་མངོན་དུ་མཛད་པར་བཤད་པ་དེ་ལ་ནི། བརྩོན་འགྲུས་ཅན་ཚེ་གཅིག་གི་སངས་རྒྱ་བའི་མིང་འདོགས་མཛད་པ་དང༌། མཐུན་པས་འགལ་བ་མེད་ལ། བོད་སྔ་མའི་གསུང་གིས་ལེ་ལོ་ཅན་བར་དོར་སངས་རྒྱ་བའི་རྣམ་གཞག་མཛད་པ་དེའི་མཚན་གཞི། བདེན་པ་མཐོང་ཡང་ལས་ཀྱི་མཐའ་ལ་ཆགས་ནས། སྤྱོད་པ་གསུམ་བྱེད་མ་ཁོམ་པ་དེ། འཆི་བའི་ཚེ་ན། འཕེན་པ་བཏང་ནས་བར་དོའི་རྟེན་ལ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ཡིན་ནོ། །ཞེས་གསུང་བ་དེ་ནི། རྣམ་པར་བརྟག་དགོས་ཏེ། སྤྱོད་པ་ལ་མ་བསླབས་པར་ནི། ཟུང་འཇུག་མཐར་ཕྱིན་མི་འབྱུང༌། བར་དོ་མཚན་ཉིད་པ་ནི་སྤྱོད་པའི་རྟེན་དུ་མི་རུང་བའི་ཕྱིར་དང༌། དེ་འདྲ་དེ་འཆི་ཀ་མའི་ཚེ་འོད་གསལ་གྱི་གདམས་པ་མངོན་དུ་མ་གྱུར་ན་ནི། སྐད་ཅིག་གཉིས་པར་ཟུང་འཇུག་མི་འགྲུབ། མངོན་དུ་གྱུར་ན་ནི། འཆི་སྲིད་སྦྱངས་ཟིན་པས་བར་སྲིད་འབྱུང་འགྱུར་ཁེགས་ཟིན་པའི་ཕྱིར་རོ། །དེ་འདྲ་དེ་ནི། འོད་གསལ་གྱི་མཐུས་བར་སྲིད་ལ་མ་ལྟོས་པར་མི་རྫུས་སྐྱེས་ཀྱི་ལུས་རྟེན་ལ་སྤྱོད་པ་རྫོགས་པར་བྱས་ནས་འཚང་རྒྱའོ། །བར་ཆད་ཅན་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་མཚན་གཞི་ལ། བདེན་པ་མ་མཐོང་བའི་དབང་དུ་བྱས་ཀྱི། བདེན་པ་མཐོང་ནས་ནི་སྲིད་པར་སྐྱེ་བ་ལེན་པ་མེད་དོ། །ཞེས་ཟེར་བ་ནི། མི་འཐད་པ་ཕར་ཕྱིན་ཐེག་པར་ལྟ་ཅི་སྨོས། ལུགས་འདིར་ཡང༌། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ལས་མཆོག་གི་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་སྤྲུལ་ནས། སྲིད་པ་ཇི་སྲིད་པར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་བཤད་ན། ལམ་དུས་སུ་སྨོས་མི་དགོས་པའི་ཕྱིར་དང༌། སྔ་རབས་པར་དབྱེ་བ་གསུམ་དུ་བཤད་པ་དེ་ཡང༌། བདེན་པ་མཐོང་བ་དབྱེ་གཞིར་བྱས་པ་ལས་གཞན་དུ་འབྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གསུམ་པ་ནི། བོད་ཕྱི་མའི་སྔ་མ་དག་ན་རེ། འདིར་བཤད་པའི་འོད་གསལ་བ་ནི། འཕགས་པ་ཡབ་སྲས་ཀྱིས་དབུ་མར་བཤད་པའི་དེ་བཞིན་ཉིད་དེ་ལས་གཞན་དུ་མེད་ལ། དེ་ལ་མཉམ་པར་བཞག་པས། ཟུང་འཇུག་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་དང༌། དེ་འདྲ་དེའི་ས་མཚམས་གང་ནས་གང་དུ་འཇོག་པ་སོགས་ཇི་ལྟ་བ་བཞིན་དུ་འཆད་ཤེས་པ་ནི། ཁ་བ་ཅན་འདིར་ཁོ་བོ་ལས་གཞན་མ་བྱུང་ངོ༌། །ཞེས་གསུངས་ནས། དེའི་རྒྱས་བཤད་དུ། སྤྱོད་བསྡུས་ལས། ཟུང་འཇུག་གི་སྐུའི་ངོས་འཛིན་དཔའ་བར་འགྲོ་བའི་ཏིང་འཛིན་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཤད་ཅིང༌། དེ་དག་ཀྱང་ཕར་ཕྱིན་པའི་ས་བཅུ་པ་ན་མངོན་དུ་བྱེད་པར་དཔའ་བར་འགྲོ་བའི་མདོ་ཉིད་ནས་གསུངས་སོ། །ཞེས་སྤྲོས་ནས་འཆད་པར་མཛད་དོ། །དེ་ལྟར་འཆད་དགོས་བའི་རྩ་བ་ནི་འོད་གསལ་གྱི་ངོས་འཛིན་དབུ་མ་འཇུག་པའི་དེ་བཞིན་ཉིད་དུ་ངེས་པར་བཤད་པས་ལས་བྱུང་བ་ཡིན་ཏེ། དེར་བཤད་པའི་དེ་བཞིན་ཉིད་དེ་མ་ནོར་བར་ངོས་གཟུང་ན། ཐེག་ཆེན་འཕགས་པའི་མཉམ་གཞག་ན་བློ་མེད་པ་དང༌། སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པ་བསྙོན་མི་ནུས་པར་ཁས་ལེན་དགོས་པ་བྱུང་ལ། འཕགས་སྐོར་དུ་རིམ་ལྔའི་རྣམ་གཞག་མཛད་པའི་གཞུང་འགྲེལ་དུ། ཟུང་འཇུག་རྡོ་རྗེ་འཆང་ཡེ་ཤེས་ཀྱི་སྐུ་ཉིད་དུ་བཤད་པ་ལ། འཁྱོག་ཐབས་མེད་པར་གཟིགས་ནས། གང་དྲག་དང་ཅི་དྲག་གི་གྲུབ་མཐའི་འཇོག་མཚམས་ཞིག སྟབས་ལེགས་ཀྱིས་བརྙེད་པ་ལ་ཞལ་པོར་མཛད་པའོ། །འདི་ནི་ངེས་པར་བརྟག་དགོས་ཏེ། མཚན་ཉིད་ཐེག་པ་རང་རྐང་གི་སངས་རྒྱས་ཀྱིས་ཀྱང༌། རང་ཚུགས་ཐུབ་མི་ཐུབ་ཀྱི་བཤད་པ་གཉིས་སྔོན་ཉིད་ནས་སྣང་བ་ལ། དེང་དུས་སྔགས་ཀྱི་སངས་རྒྱས་མཐར་ཐུག་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང༌། ད་བཟོད་ཕར་ཕྱིན་རྐྱང་པའི་ལམ་ལ་བརྟེན་ནས་སངས་རྒྱས་དགོས་པའི་ཤིང་རྟའི་སྲོལ་གསར་དུ་འབྱེད་ན། ལུང་དང་རིགས་པའི་དཔུང་ཚོགས་གྲངས་མི་ཉུང་བ་དག སླད་ནས་སྤྱན་འདྲེན་ཐུབ་ན་འདྲེན་དགོས་པའི་ཕྱིར་དང༌། ཁྱེད་ཀྱིས་སློབ་མི་སློབ་ཀྱི་ཟུང་འཇུག་གཉིས་ལས་གང་རུང་གཅིག་ངོས་གཟུང་བའི་ཚེ། གཅིག་ཤོས་ཀྱི་ངོས་འཛིན་སྟོར་བའི་ཕྱིར་དང༌། ཇི་སྐད་དུ། སླར་བཞིན་གང་ལའང་མི་སློབ་བོ། །ཞེས་གསུངས་པ་དེ། སླར་སློབ་དགོས་པའི་ལུང་དུ་ཐལ་བའི་ཕྱིར་དང༌། སློབ་དཔོན་ཟླ་བ་གྲགས་པའི་ཚིག་གསལ་འཇུག་གི་ལྟ་བ་དང༌། སྒྲོན་གསལ་གྱི་ལྟ་བའི་ངོས་འཛིན་སོ་སོ་བ་ཉིད་དུ་ངེས་པ་རྣམ་པར་དཔྱོད་པའི་མངོན་སུམ་གྱིས་འགྲུབ་པ་ལ། གཅིག་ཏུ་བསྲེས་ན་ལུགས་སོ་སོའི་སྐབས་དེ་དང་དེར་ནོར་ཉན་དུ་མི་རུང་བའི་ཕྱིར། ཡང་བོད་ཕྱི་མ་ན་རེ། འོད་གསལ་འདིའི་ངོས་འཛིན་ནི། དབུ་མའི་ལྟ་བས་ཕུ་ཐག་བཅད་པའི་ཡུལ་སྟོང་པ་ཉིད་དེ། ཡུལ་ཅན་དབང་གསུམ་པ་ལས་སྐྱེས་པའི་བདེ་བ་ཆེན་པོས་མངོན་སུམ་དུ་རྟོགས་པའི་ཚེ། གཉིས་པོ་དབྱེར་མེད་དུ་སོང་བ་ལ་བྱེད་ལ། དེ་ལྟ་བུའི་བདེ་སྟོང་སྦྱོར་ལུགས་འདི་སྔོན་བྱོན་པའི་གསང་འདུས་པ་གཞན་གྱིས་ཐོན་པ་མ་བྱུང་བར་འཆད་དོ། །འོད་གསལ་བའི་རིམ་པ་འདི་བདེ་བའི་ངོས་འཛིན་ལྷན་ཅིག་སྐྱེས་པའི་བདེ་བར་འཆད་པ་དང༌། ཐམས་ཅད་སྟོང་པ་ནམ་མཁའ་ལྟ་བུར་བཤད་པ་ལ་རྩོད་པ་མེད་ཅིང༌། དེའི་ཚེ་བོད་ཕྱི་མས་ཡུལ་ཡུལ་ཅན་དུ་འཆད་པ་དང༌། དབྱེར་མེད་དུ་འཆད་པ་འགལ། ཐམས་ཅད་སྟོང་པའི་གོ་དོན་ནམ་མཁའ་ལྟ་བུ་ལ་འཆད་པ་དང༌། ཡེ་ཤེས་ཀྱི་ཡུལ་དུ་འཆད་པ་འགལ། མེད་པར་དགག་པ་ཡུལ་དུ་བྱེད་པའི་ཡེ་ཤེས་མི་སྲིད་ཅིང༌། ཡེ་ཤེས་ཀྱིས་ཡུལ་དུ་བྱས་པའི་མེད་པར་དགག་པ་མི་སྲིད། དབྱེར་མེད་ཅེས་པ་ཟོལ་འཇོག་ཏུ་སོང་བས་བརྟག་དགོས་པ་ནི། བདེ་བས་ཡུལ་དུ་བྱས་པའི་སྟོང་པ་ཉིད་དམ། སྟོང་ཉིད་ཡུལ་དུ་བྱེད་པའི་བདེ་བའམ། གཉིས་པོ་དབྱེར་མེད་ཟུང་འཇུག་ལ་ཟེར། དང་པོ་ལྟར་ན། དབུ་མའི་ལྟ་བས་ཕུ་ཐག་བཅད་པའི་སྟོང་པ་ཉིད་ནི་ཁྱབ་པའི་སྟོང་ཉིད་དུ་སོང་བས་རིལ་འཛིན་དང་རྗེས་གཞིག་གི་ཚེ། ཉི་ཚེ་བའི་སྟོང་ཉིད་ཀྱི་བསྒོམ་ཚུལ་ལས་མ་བཤད་པས་གནོད། གཉིས་པ་ལྟར་ན། བོད་ཕྱི་མ་བདེ་བ་ཆེན་པོའི་ཡེ་ཤེས་ཀུན་རྫོབ་བདེན་པར་འཆད་པ་དང་འགལ། གསུམ་པ་ལྟར་ན། སྔ་རབས་པ་ཀུན་གྱི་བཞེད་ཚུལ་དེ་ཉིད་ཡིན་ཏེ། རྟོག་པ་མཐའ་དག་སྨོས་ཅི་དགོས་རྣམ་པར་ཤེས་པ་ཀུན་གྱིས་སྟོང་པའི་ཡེ་ཤེས་དབུ་མར་བཞུགས་པ་དེ་ལ་བདེ་སྟོང་དབྱེར་མེད་དང༌། ཟུང་འཇུག་དང༌། ཆོས་དབྱིངས་ཡེ་ཤེས་སུ་བཤད་པ་རྣམས་ལས་མ་འདས་པའི་ཕྱིར། ཡང་བོད་ཕྱི་མ་ཏིང་ངེ་འཛིན་གཉིས་ཀྱི་བསྒོམ་ཚུལ་འཆད་པ་ན། རང་དང་སྣོད་བཅུད་ཀུན་ཐམས་ཅད་སྟོང་པའི་འོད་གསལ་དུ་འཇུག་པར་མཛད་པ་ནི། ཁས་བླངས་འགལ་བ་ཡིན་ཏེ། སྣོད་བཅུད་ཐམས་ཅད་ཚད་མས་གྲུབ་བཞིན་དུ། ཐམས་ཅད་སྟོང་པའི་འོད་གསལ་དུ་བཅུག་ན། ཆད་པའི་སྟོང་པ་ཉིད་དང༌། ཐལ་བྱུང་གི་སྟོང་པ་ཉིད་དུ་སོང་བར་རྣམ་པ་ཀུན་ཏུ་ཁས་བླངས་པའི་ཕྱིར་དང༌། སྒྱུ་མའི་སྐུ་མཚན་དཔེས་སྤྲས་པ་དེ། སྐབས་འདིར་འོད་གསལ་དུ་འཇུག་ན། མཚན་དཔེའི་རིགས་འདྲ་སྔ་མ་རྒྱུན་ཆད་པས་གསང་བ་འདུས་པའི་ཁྱད་པར་འཕགས་ཆོས་སུ་འཆད་པ་ཐམས་ཅད་དོན་མེད་དུ་ཐལ་བའི་ཕྱིར་དང༌། སྤྱིར་ཡང་ཏིང་ངེ་འཛིན་གཉིས་ཀྱིས་སྡུག་ཀུན་སོགས་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་འོད་གསལ་དུ་བཅུག་པ་ཡིན་གྱི། འགོག་ལམ་སོགས་དོན་དམ་པའི་བདེན་པ་མཐའ་དག་དེར་བཅུག་པ་མ་ཡིན་ཏེ། དེ་ལྟར་འཇུག་པ་ལུང་ནས་མ་བཤད་པའི་ཕྱིར་དང༌། བཅུག་པ་ལ་དགོས་པ་མེད་པའི་ཕྱིར་དང༌། བཅུག་ན་ལམ་གྱི་རིམ་པ་མཐའ་དག་ཉམས་པའི་ཉེས་པ་དང་བཅས་པའི་ཕྱིར། འོ་ན། རྡོ་རྗེ་འཆང་ནས་ཏིང་ངེ་འཛིན་སེམས་དཔའི་བར་འོད་གསལ་དུ་བཅུག་པ་མ་ཡིན་ནམ། ཞེ་ན། དེ་དང་དེར་སྣང་བའི་རྣམ་ཤེས་འོད་གསལ་དུ་བཅུག་པ་ཡིན་གྱི། གནས་ཚོད་ཀྱི་དོན་དམ་དེར་བཅུག་པ་མ་ཡིན་ཏེ། རྣམ་རྟོག་ཀུན་རྫོབ་པས་གནས་ཚུལ་དོན་དམ་པ་སྟོང་པ་ཉིད་དུ་བྱེད་མི་ནུས་པའི་ཕྱིར་རོ། །བོད་ཕྱི་མ་རིམ་པ་བཞི་པའི་སྟོང་ཉིད་ཀྱི་ངོས་འཛིན་དང༌། རྟོགས་ཚུལ་དབུ་མ་ཐལ་འགྱུར་བ་གཞིར་འཇོག་པ་ལ་ནི། འདིར་བཤད་པའི་ཏིང་ངེ་འཛིན་གཉིས་པོའི་བྱེད་ལས་གསུངས་པ་འདིས། ངེས་པར་གནོད་པ་ཡིན་ཏེ། འོད་གསལ་བའི་རིམ་པ་ཉམས་སུ་ལེན་བྱེད་ཏིང་ངེ་འཛིན་གཉིས་པོ་འདི་ལས་གཞན་མ་བཤད་ལ། དེར་ནི། སྣོད་བཅུད་ལས་གཞན་པའི་ཤེས་བྱ་གང་ཡང་འོད་གསལ་དུ་འཇུག་པར་མ་བཤད་པའི་ཕྱིར། དེ་ཙམ་ཞིག་ནི་སྐྱེད་རིམ་གྱི་ཐོག་མར་ཡང་བཤད་དོ། །ཅེ་ན། དེར་ནི་མོས་པ་ཡིད་བྱེད་ཀྱི་སྒོ་ནས་བཞག་ལ། འདིར་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་སྒོ་ནས། སྔོན་གྱི་ལྟ་བའི་རྒྱུན་དེ་ཉིད་གོང་འཕེལ་དུ་བྱེད་པ་ཡིན་ནོ། །གལ་ཏེ། མཉམ་གཞག་ཏུ་ཀུན་རྫོབ་ཀྱི་སྣང་བ་རྒྱུན་བཅོད་ན། སློབ་པའི་རྗེས་ཐོབ་ཏུ་མངོན་སུམ་གྱི་ཚད་མས་གྲུབ་པ་དང་འགལ་ལོ། །ཞེ་ན། མིན་ཏེ། གཉིས་སྣང་འཁྲུལ་པའི་བག་ཆགས་ལས་ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་མཐའ་དག་འཁྲུལ་པ་ཉིད་ཁས་ལེན་པ་ནི་ཐེག་པ་ཆེན་པོ་པ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར། ཡང་འདིར། བོད་ཕྱི་མས། འོད་གསལ་དང་སྒྱུ་མ་ཟུང་དུ་འབྲེལ་བ་ལ། སློབ་པའི་ཟུང་འཇུག་གི་གོ་དོན་དང༌། ཆོས་སྐུ་དང་ལོངས་སྐུ་ཟུང་དུ་འབྲེལ་བ་ལ་མི་སློབ་པའི་ཟུང་འཇུག་གི་གོ་བར་འཆད་པ་ནི། གཉིས་མེད་ཀྱི་གོ་དོན་གཉིས་ཡོད་དུ་བཤད་པས་རྣམ་པར་འཁྱམས་ཏེ། འོད་གསལ་གྱིས་སྒྱུ་ལུས་སྦྱངས་པའི་གོ་དོན་སྟོང་པ་གསུམ་ལས་གྲུབ་པའི་སྒྱུ་ལུས། བཞི་པ་ལས་གྲུབ་པའི་སྒྱུ་ལུས་སུ་གནས་གྱུར་པ་ལ་འཆད་དགོས་པ་དང༌། སྒྱུ་ལུས་དེའི་རིགས་རྒྱུན་མ་ཉམས་པ་སྒྲིབ་པ་མཐའ་དག་དང་བྲལ་བའི་ཚེ་ཆོས་ཀྱི་སྐུ་ཉིད་དུ་གནས་གྱུར་པ་ལ་མི་སློབ་པའི་ཟུང་འཇུག་གི་གོ་དོན་དུ་འཆད་དགོས་པའི་ཕྱིར། གསུམ་པ་ནི། རྒྱུད་སྡེ་འདིའི་ལུགས་ཀྱི་རྫོགས་པའི་རིམ་པ་མཐའ་དག་འཕགས་པས་རིམ་པ་ལྔར་བསྡུས་པ་དང༌། བཤད་པའི་རྒྱུད་ཕྱི་མ་ཉིད་དུ་སོར་བསྡུད་སོགས་ཡན་ལག་དྲུག་ཏུ་བཤད་པ་རྣམས། དོན་གཅིག་ཏུ་འདུ་བའམ། འདིར་བཤད་པའི་ཡན་ལག་དྲུག་དང༌། དུས་ཀྱི་འཁོར་ལོ་སོགས་ནས་བཤད་པ་ལ་ཁྱད་པར་ཡོད་མེད་ཅི་ཞེ་ན། ཡན་ལག་དྲུག་གི་ཕྱི་མ་གསུམ་རིམ་པ་ལྔའི་ཕྱི་མ་གསུམ་གྱི་ནང་དུ་འདུ་ཚུལ་འགྲེལ་ཆེན་སྒྲོན་མ་གསལ་བ་ཉིད་དུ་གསལ་བར་གསུངས་ལ། ཡན་ལག་དང་པོ་གསུམ་རིམ་པ་གང་གིས་བསྡུས་པ་ནི། བཤད་པ་གཞན་ནས་ཁ་འགེངས་དགོས་པ་བྱུང་ཡང༌། དགོས་པ་དང་བྱེད་ལས་སོ་སོ་ལ་རྣམ་པར་བརྟགས་པ་ན། རིམ་པ་ལྔ་པའི་ནང་དུ་གཅིག་ཤོས་འདུས་པས། གསང་བ་འདུས་པའི་རྫོགས་རིམ་ལ་མི་མཐུན་པ་གཉིས་བྱུང་བ་མ་ཡིན་ནོ། །ཞེས་བཤད་པར་བྱ་བ་ལས། འདི་ལྟར། འཛིན་པའི་ཡན་ལག་ནི་སྒྱུ་མའི་སྐུ་རྡོ་རྗེ་འཆང་འོད་གསལ་བའི་རིམ་པས་སྦྱངས་པ་དང་དོན་གཅིག རྗེས་དྲན་གྱི་ཡན་ལག་ནི། འོད་གསལ་ལས་སྣང་གསུམ་ལུགས་ལྡོག་ཏུ་རིམ་གྱིས་བཞེངས་ཏེ། ཟུང་འཇུག་གི་སྐུ་མངོན་དུ་བྱས་པ་དང་དོན་གཅིག ཏིང་ངེ་འཛིན་ནི་ཟུང་འཇུག་དེ་ལ་གོམས་པ་བརྟན་པོར་གྱུར་པ་དང་དོན་གཅིག ཞེས་གསུངས་ལ་སྲོག་རྩོལ་གྱི་ཡན་ལག་ནི། འགྲེལ་པ་དག་ན་སྲོག་དང་རྩོལ་བ་སྙིང་ཀའི་མི་ཤིགས་པ་ཉིད་དུ་ཐིམ་པར་བཤད་པ་ལྟར། རྡོ་རྗེ་བཟླས་པའི་རིམ་པ་ཉིད་དུ་འདུས་པ་ལས་འོས་མེད། སོར་བསམ་གཉིས། འགྲེལ་པ་ཟླ་འོད་དུ་སྐྱེད་རིམ་དང་དོན་གཅིག་པར་བཤད། རབ་ཏུ་སྒྲོན་གསལ་དུ་སེམས་དབེན་དང་དོན་གཅིག་པར་བཤད། ཡང་ཁ་གཅིག ལུས་དབེན་དང་དོན་གཅིག་པར་གསུངས་མོད། དེ་དག་གང་ལྟར་ཡང༌། སོ་སོར་བསྡུད་པ་ནི། མཉམ་གཞག་ལས་ལངས་པའི་རྗེས་ཀྱི་སྤྱོད་པ་སྟེ། དབང་པོ་ལྔ་ལྷ་སོ་སོར་བསྐྱེད་ནས། ཡུལ་ལྔ་རྡོ་རྗེ་མ་སོ་སོར་བསྐྱེད་པ་འཛིན་ཅིང་བསྡུད་པར་བྱེད་པས་ན། དེ་ཞེས་བྱ་ལ། བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་ནི། བསམ་བྱུང་གི་ཤེས་རབ་དོན་སྔ་མ་ལ་སེམས་བྱེད་རྩིང་ཞིབ་ཅན་དང༌། ཏིང་ངེ་འཛིན་ལ་སླར་ཡང་མཉམ་པར་འཇོག་པ་དང༌། དགའ་བདེ་ནི་དེའི་ཡན་ལག་གོ །གསུམ་པ། རྗེས་སུ་ཟུང་འཇུག་ཇི་ལྟར་འགྲུབ་པ་ལ་གཉིས་ཏེ། སློབ་པའི་ཟུང་འཇུག་གི་རིམ་པ་དང༌། མི་སློབ་པའི་ཟུང་འཇུག་གི་རིམ་པའོ། །དང་པོ་ལ། དངོས་དང་སྤྱོད་པའི་རྣམ་བཞག་གོ །དང་པོ་ནི། བོད་སྔ་རབས་པའི་རྣམ་བཤད་དག་ན། བརྩོན་འགྲུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ངོས་འཛིན་རིམ་པ་གསུམ་པའི་སྐབས་སུ་སྤྱོད་པ་དང་སེམས་བསྐྱེད་སོགས། བསོད་ནམས་ཀྱི་ཚོགས་རྫོགས་པ་སྔོན་དུ་སོང་བ་ཞིག་ལ་འཆད་པར་སྣང་ཡང༌། བདེན་པ་མངོན་སུམ་དུ་མཐོང་བའི་འོད་གསལ་ལས། བར་མ་ཆད་པར་སློབ་པའི་ཟུང་འཇུག་གི་སྐུ་ཉིད་དུ་བཞེངས་པར་བྱེད་དོ། །ཇི་ལྟར་ཞེ་ན། བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དེ་ཉིད། སྐད་ཅིག་གིས་རྟེན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མངོན་སུམ་དུ་བྱེད་ཅིང༌། སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པ་སྔ་མ་དེའི་རིགས་རྒྱུན་མ་ཞིག་པར་ཡོད་པ་དེས། ཉེ་བར་ལེན་པའི་རྒྱུ་བྱས་ནས། བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཆུ་ལས་ཉ་ལྡང་བའམ། གཉིད་ལོག་པ་ལས་སད་པ་ལྟ་བུའི་ཚུལ་གྱིས། ལྷུན་གྱིས་གྲུབ་པར་འབྱུང་ལ། དེ་ཡང་སྔོན་སྐྱེད་རིམ་གྱི་དུས་སུ་གོམས་པར་བྱས་པའི་བདག་པའི་རྐྱེན་ལས་ཏེ། སྔོན་གྱི་དུས་ཇི་ལྟ་བ་བཞིན་གྱི་བྱ་བ་རྣམས་བྱས་ནས། རེ་ཞིག་གི་ཚེ་འོད་གསལ་བ་ཉིད་དུ་ཞུགས་པ་ནི། ཆོས་ཀྱི་སྐུ་དང༌། དེ་ལས་དང་པོའི་མགོན་པོར་གྲུབ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེ་ཉིད་སྤྲུལ་པའི་སྐུར་བསྒྱུར་ནས། ཐ་མལ་པ་དག་གི་སྤྱོད་ཡུལ་དུ་གྱུར་པ་ནི་སྤྲུལ་པའི་སྐུ་སྟེ། སོ་སོར་སྣང་ཡང་ཆོས་ཀྱི་སྐུ་ཉིད་དུ་རོ་གཅིག་པས་ན། སྐུ་གསུམ་དབྱེར་མི་ཕྱེད་པ་ཞེས་བྱ་བ་འདི་ནི་འབྲས་དུས་ལྟ་ཞོག ལམ་དུས་སུ་ཡང་དེ་ལྟར་འབྱུང་བ་ནི། ཆོས་འདིའི་ཁྱད་པར་འཕགས་ལུགས་གཅིག་སྟེ། ཕར་ཕྱིན་པས་འབྲས་དུས་སུ་ཡང་སྣང་ཚུལ་གྱི་སྐུ་གསུམ་པོ་ཤེས་རྒྱུད་སོ་སོར་སོང་བ་ལྟ་བུ་འདིར་མ་ཡིན་པས་ནའོ། །དེ་ལྟར་དང་པོའི་སྦྱོར་བས་སྐུ་གསུམ་དབྱེར་མེད་ཀྱི་གོ་འཕང་མངོན་དུ་བྱས་པ་དེའི་འོག་ཏུ། སྤྲུལ་པའི་སྐུ་རྡོ་རྗེ་འཆང་གིས་སྔོན་སྐྱེད་རིམ་གྱི་དུས་ཇི་ལྟ་བ་བཞིན་དུ། དཀྱིལ་འཁོར་རྒྱལ་མཆོག་གི་སྤྲོ་བསྡུད་དང༌། ཕྲ་ཐིག་གི་རྣལ་འབྱོར་དང༌། རྡོ་རྗེའི་བཟླས་པས་མཆོག་གི་ཉེ་བའི་རྒྱུ་དང༌། གཞན་ཡང་ཐུན་མོང་གི་ལས་རབ་འབྱམ་བསྒྲུབ་པ་དང༌། སྤྱོད་པའི་ཚོགས་ཀྱི་སྒོ་ནས་ལས་རྒྱལ་མཆོག་གི་རིམ་པ་ཡང་མཐར་ཕྱིན་པར་བྱེད་དོ། །སྤྱོད་པ་ཇི་ལྟ་བུ་ཞིག་ལ་དུས་ཇི་ཙམ་གྱི་བར་དུ་སློབ་ཞེ་ན། རྗེ་འགོས་ཀྱི་གསུང་ནས། དུས་ཟླ་བ་དྲུག་གི་བར་དུ་དང༌། ངོ་བོ་ལ་མགོན་པོ་ཀུན་སྤྱོད་དང་སྔགས་ཀྱི་སྤྱོད་ཚུལ་གཉིས་ལས། དང་པོ་ནི། ལུང་གཞན་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་གསུངས་པ་དང་ཕལ་ཆེར་དོན་གཅིག་ཅིང༌། ཆོས་ཉིད་དོན་དམ་པ་འབའ་ཞིག་གི་དབང་དུ་བྱས་པའི་སྤྱོད་པ་སྟེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གང་ཡིན་པ་དེ་ཡང་འདིའི་ནང་དུ་འདུ་བར་འཆད་དོ། །གཉིས་པ་ལ། སྤྲོས་བཅས་དང༌། སྤྲོས་མེད་ཀྱི་བྱེ་བྲག་གཉིས་སུ་དབྱེ་བའི་ཁྱད་པར་ནི། ཚོགས་ཀྱི་འཁོར་ལོའི་ལྷ་གྲངས་མང་ཉུང་གིས་འབྱེད་པར་སྣང་ལ། དེ་རེ་རེ་ལ་ཡང་འདོད་འཇུག་དང༌། བརྟེན་སློབ་ཞེས་བྱ་བ་གཉིས་ཀྱི་ཐ་སྙད་མཛད་ནས། དང་པོ་ནི། སྦྱངས་རྟོགས་ནུས་པའི་རྡོ་རྗེ་སློབ་དཔོན་མ་གཏོགས་པ། གཞན་དག་གིས་ནི་ལྷའི་རྣལ་འབྱོར་སྔོན་དུ་སོང་བ་ཙམ་ལ་བརྟེན་ནས། འདོད་པའི་ལོངས་སྤྱོད་ལ་ཅི་འདོད་དུ་ལོངས་སྤྱོད་པའོ། །གཉིས་པ་ནི། ཚོགས་ལ་ལོངས་སྤྱོད་པའི་དོན་དུ་འདུས་པ་ཀུན་གྱིས་ཀྱང༌། སྦྱངས་རྟོགས་སྦར་གསུམ་གྱི་མཐུ་དང་ལྡན་པར་བྱས་ནས། མཆོད་ཡུལ་རང་རང་གི་རྟེན་དབང་པོ་དྲུག ས་སྙིང་ལ་སོགས་པའི་ལྷའམ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སུ་དང༌། མཆོད་པ་པོ་རྣམ་པར་ཤེས་པའི་ཚོགས་དྲུག རྒྱལ་བ་རིགས་ལྔའམ་དྲུག་པར་བྱས་པ་དག་ཏུའམ། མཆོད་རྫས་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་གམ། གཟུགས་སྒྲ་ལ་སོགས་པའི་ཆོས་ཉིད་དུ་ཤེས་ཤིང༌། གསལ་སྣང་མཆེད་པའི་སྒོ་ནས། ལྷས་ལྷ་ལ་དང་ཆོས་ཉིད་ལ་མཆོད་པའི་ཚུལ་གྱིས་ལོངས་སྤྱོད་པའོ། །འདིར་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ངོས་འཛིན་རགས་པ་ནི། གཞུང་ལས་བཤད་པའི་གནས་ཁང་མཚན་ཉིད་དང་ལྡན་པ། ས་སྟ་གོན་དང༌། གནས་མི་འཆོལ་བའི་ཕྱིར་དུ། ཐིག་གི་འཕྲེང་བ་རྒྱ་མི་ཆུང་བ་བཏབ་ནས། ལྷ་སྟ་གོན་ནམ་མཁའ་ལ་འདེགས་པའི་བར་ཇི་ལྟར་བཤད་པ་བཞིན་དང༌། ཚོགས་ཀྱི་སློབ་དཔོན་བདེན་པ་མངོན་སུམ་དུ་མཐོང་བ་དཀྱིལ་འཁོར་གྱི་དབུས་སུ་མཆིས་ནས། དང་པོའི་སྦྱོར་བ་མཐར་ཕྱིན་པ་དང༌། ལྷ་གྲངས་དང་མཐུན་པའི་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་ལྷ་སོ་སོའི་འདྲ་འབག་ཏུ་ཞུགས་པ། མ་ཚང་བ་མེད་པར་སྟ་གོན་བྱས། རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་དུ། སྤྲོ་བསྡུ་དང་སྒྲུབ་མཆོད་ཚུལ་བཞིན་དུ་གྲུབ་པར་བྱས་པ་དེ་ལ་ནི། ཚོགས་ཀྱི་འཁོར་ལོ་ཞེས་བྱའོ། །དཀྱིལ་འཁོར་དེར་ལྷ་སོ་སོ་ནས་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞན་རྒྱུའི་དབང་གིས་སྣོད་རུང་དུ་བྱས་ཟིན་པ་དག་དེར་བཅུག་ནས། བུམ་དབང་བཅུ་གཅིག་སྔོན་དུ་འགྲོ་བ་ཅན་གྱི་དབང་གོང་མ་རྣམས་སྟན་ཐོག་གཅིག་ལའམ། ཟླ་གྲངས་ལྟ་བུས་བར་དུ་ཆོད་པ་ཡང་བསྐུར་བ་དང༌། ཚོགས་ཀྱི་ཡོ་བྱད་ལ་ལོངས་སྤྱོད་པར་བྱ་བའི་ཚུལ། གོང་དུ་ཇི་སྐད་སྨོས་པ་རྣམས་བྱ་བར་བཞེད་དོ། །དེ་ལྟར་བདེན་པ་མཐོང་རྗེས་སུ་སློབ་པའི་ཟུང་འཇུག་དང༌། དེ་རྗེས་སུ་མཉམ་གཞག་འོད་གསལ་དང༌། རྗེས་ཐོབ་ཚོགས་སྤྱོད་ཀྱི་རིམ་པ་སྤེལ་མར་ཡོངས་སུ་རྫོགས་པ་ཚེ་གཅིག་ལ་གྲུབ་པ་ནི། བརྩོན་འགྲུས་ཅན་གྱིས་གྲུབ་པའི་མཚན་གཞི་ཡིན་པར་གཞུང་འགྲེལ་དུ་གསལ་ལ། བོད་སྔོན་བྱོན་གྱི་གསུང་ཕལ་ཆེ་བ་ན། རིམ་པ་བཞི་པའི་དུས་ཉིད་དུ་སློབ་པའི་ཟུང་འཇུག་མངོན་དུ་གྱུར་ནས། བཞི་པ་དེ་ཉིད་ལས་མི་སློབ་པའི་ཟུང་འཇུག་ཏུ་ལྡང་ནུས་པར་འཆད་དོ། །གཉིས་པ་ནི་དེ་ལྟར་ཚོགས་གཉིས་པོ་མཐར་ཕྱིན་པ་ན། གཉིས་སྣང་འཁྲུལ་པའི་བག་ཆགས་ལས་བྱུང་བའི་རྣམ་པར་ཤེས་པའི་ཚོགས་རྣམས་འགགས་པ་དང༌། ལུས་ཀྱི་རྟེན་ཟག་བཅས་གི་ཕུང་པོ་ཡང༌། སྦྲུལ་གྱི་ཤུན་ལྤགས་ལྟར་སྐད་ཅིག་གཉིས་པའི་དུས་སུ་བརྗེ་ཐུབ་པར་མཐོང་ནས་འབྲས་བུ་ལ་མཚམས་སྦྱོར་བའི་དབང་བཞི་པ་བླངས་པས་ཐོབ་པའི་བདེ་སྟོང་དབྱེར་མེད་དེ་མ་ཐག་པའི་རྐྱེན་དང༌། སླར་ཡང་རྡོ་རྗེའི་བཟླས་པས་སྙིང་གར་བསྡུས་པའི་རླུང་འོད་ཟེར་ལྔ་པ་ལྷན་ཅིག་བྱེད་པའི་རྐྱེན་དུ་སྦྱར་བ་དང༌། སྣང་བ་གསུམ་ལུགས་ལས་ལྡོག་པའི་རིམ་གྱིས་ཟུང་འཇུག་མི་སློབ་པའི་སྐུ་མངོན་དུ་བྱེད་པར་གྱུར་རོ། །ཟུང་འཇུག་གི་དོན་བདེན་གཉིས་གཅིག་ཏུ་འདྲེས་པ་ལ་བཤད་ན། དེའི་ཚུལ་ཇི་ལྟ་བུ་ཞེ་ན། ཟུང་དུ་འཇུག་རྒྱུ་ནི་སྟོང་པ་ཉིད་དང༌། སྒྱུ་མའི་སྐུ་ལ་བྱ་ཞིང༌། དེ་དག་རང་རང་སོ་སོའི་ཡུལ་ཅན་རྣམ་ཤེས་དང་བཅས་པའི་ཚེ་ནི། བདེན་གཉིས་སོ་སོ་བར་སོང་ལ། བར་ཆད་མེད་པའི་ལམ་གྱིས་སྒྲིབ་བྱེད་མཐའ་དག་བཅོམ་ནས། སོ་སོ་བར་ངེས་པའི་དུས་ཀྱི་བདེན་པ་གཉིས་པོ་ཡེ་ཤེས་ཆེན་པོར་རོ་གཅིག་པ་ཉིད་དུ་གྱུར་པ་དེ་ལ་ནི། བདེན་གཉིས་གཅིག་ཏུ་འདྲེས་པ་དང་ཟུང་འཇུག་པ་ཞེས་བྱའོ། །དེ་ལྟར་ན། ཟུང་འཇུག་མཚན་ཉིད་པ་ནི་མི་སློབ་པ་དང༌། སློབ་པའི་ཟུང་འཇུག་ནི་རྗེས་མཐུན་པ་ལ་དེར་བཏགས་པའོ། །བོད་ཕྱི་མ་ན་རེ། ཟུང་དུ་འཇུག་པ་ལ་ཡ་གཉིས་དགོས་པས། རིམ་པ་གསུམ་པའི་ཀུན་རྫོབ་ནི་མི་སློབ་པའི་དུས་ན་མེད་པས། དེ་དང་ནི་སུ་ཡང་ཟུང་དུ་མི་འཇུག་ལ། རིམ་པ་བཞི་པའི་བདེ་སྟོང་དབྱེར་མེད་དང༌། མི་སློབ་པའི་སར་གསར་དུ་འཁྲུངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཟུང་དུ་འཇུག་གོ །ཞེས་ཟེར་བ་ནི། ཟུང་དུ་འཇུག་འགྲེལ་གྱི་གོ་དོན་ཉམས་པ་ཁོ་ནར་མ་ཟད། སྔོན་སོ་སོ་བ་ཉིད་དུ་གྱུར་པ་ཕྱིས་གཅིག་ཏུ་འདྲེས་པར་འཆད་པའི་གཞུང་གི་འཕྲོས་དང༌། མ་མཐུན་ནོ། །ཡང་བོད་ཕྱི་མ། མི་སློབ་པའི་ལོངས་སྐུ་རྟེན་དང༌། ཆོས་སྐུ་བརྟེན་པར་འཆད་པ་ཡང་སློབ་པའི་དུས་ཀྱི་རིགས་འགྲེ་ཡིན་མོད། མི་སློབ་པའི་སར་ནི་དེ་ལས་ལྡོག་སྟེ་འཆད་རྒྱུ་ཡིན་པར་གཞུང་ཆེན་ཀུན་ན་གསལ་ལོ། །གསུམ་པ། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་ལ་གསུམ་སྟེ། གང་དུ་སངས་རྒྱས་པའི་ཞིང་ཁམས་ཀྱི་ངོས་འཛིན་གང་ཞིག་སངས་རྒྱས་པའི་སྐུ་གསུམ་གྱི་རྣམ་གཞག ཇི་ལྟར་སངས་རྒྱས་པའི་སྒོ་ནས་ཕྲིན་ལས་འགྲུབ་པའི་ཚུལ་ལོ། །དང་པོ་ནི། སྤྱིར་ཐེག་པ་ཆེན་པོའི་ཆོས་ཀུན་དང༌། ཁྱད་པར་དཔལ་ལྡན་འདུས་པའི་ལམ་སྒྲུབ་པ་པོ་ཐོག་མར་གང་དུ་སངས་རྒྱས་པའི་གནས་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སོ། །འདི་རང་གི་ངོ་བོ་ནི་སངས་རྒྱས་ཀུན་གྱིས་ཡེ་ཤེས་སོ། །རྣམ་པ་ནི་ཞིང་ཁམས་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པ་ཉིད་དུ་སྣང་བའོ། །རྒྱུ་ནི་ཐོག་མ་མེད་པའི་ཚོགས་གཉིས་ཡོངས་སུ་རྫོགས་པ་དང༌། གནས་སྐབས་རྒྱུན་གྱིས་རྟག་པ་དང༌། དོན་དམ་པའི་བདེན་པ་ཉིད་དང༌། ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དང༌། ཕྱོགས་རེ་བ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡང་སྣང་བའི་དབྱེ་བས་དངོས་དང་རྗེས་མཐུན་པ་ཉིད་དུ་འབྱེད་ནུས་པ་དང༌། རྒྱ་ཁྱོན་གྱི་ཚད་ནི་ལོངས་སྐུའི་རང་སྣང་ལ་མ་དག་པའི་སྣང་བ་མི་འཆར་བའི་ཤེས་བྱེད་ཀྱིས་དང༌། རང་གི་སྣང་བ་དེ་ཡང་ནམ་མཁའ་དང་མཉམ་པར་འཇུག་པས། ཞིང་དེའི་ཕ་མཐའ་གཟུང་བར་མི་ནུས་པ་དང༌། ས་བཅུ་པ་མན་ཆད་དུ་ནི། གཉིས་སྣང་འཁྲུལ་པའི་བག་ཆགས་ལས་ཞིང་དེར་སྣང་བས་ན། ཕ་མཐའི་ཚད་གཟུང་བར་ནུས་པ་དང༌། སྤྱིར་འཚང་རྒྱ་བ་ཀུན་དང༌། ཆོས་འདིའི་མི་སློབ་པའི་ཟུང་འཇུག དང་པོ་མངོན་དུ་བྱེད་པའི་ཞིང་ནི། སེམས་ཅན་གཞན་སྣང་ལ་གང་ན་གནས་ཀྱང༌། རང་སྣང་ལ་འོག་མིན་གྱི་གནས་ཁོ་ནར་ངེས་པ་དང༌། གནས་དེར་གསར་དུ་སངས་རྒྱས་པ་ཐམས་ཅད་ཀྱང༌། སྔར་ཡོད་ཀྱི་ལོངས་སྐུ་དང་དབྱེར་མེད་གཅིག་ཏུ་འདྲེ་བ་དང༌། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཏུ་གྱུར་པ་ལ་ཐུག་པ་དང༌། མདོ་སྡེ་རྣམས་སུ་སངས་རྒྱས་ཀྱི་ཞིང་དག་མ་དག་སྣ་ཚོགས་པ་རྒྱ་ཆེར་གསུངས་པ་རྣམས་འོག་མིན་གྱི་ཞིང་ལས་ལོགས་ཤིག་ན་ཡོད་པར་འཆད་རྒྱུ་མ་ཡིན་པ་དང༌། དག་མ་དག་གི་དབྱེ་བ་སངས་རྒྱས་དང་སེམས་ཅན་རང་རང་གི་སྣང་བ་ལས་ཡིན་གྱི། སྣང་གཞི་ཐུན་མོང་བ་ལོགས་ན་ཡོད་པ་མ་ཡིན་པ་དང༌། སྣང་བ་གཉིས་པོ་ཡང་མ་རིག་པ་དང་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བས་ན་བདེན་བརྫུན་སོ་སོར་ངེས་པ་དང༌། གཉིས་པོ་ལ་ཡང་གནས་སྐབས་རང་རང་ལ་ལྟོས་པའི་བདེན་བརྫུན་སོ་སོར་འབྱེད་དགོས་པ་དང༌། སངས་རྒྱས་ཀྱི་རང་སྣང་ལ་དག་པའི་སྣང་བ་འབའ་ཞིག་ལས་མི་མངའ་བས་ན། མ་དག་པའི་སེམས་ཅན་དུ་འཆར་ཚུལ་མི་མངའ་བ་དང༌། དེ་ཡང་སྒྲིབ་གཉིས་ཀྱི་དྲི་མ་གདོད་མ་ནས་ཡོད་མ་མྱོང་བ་ལ་ཐུག་པ་དང༌། དེའི་རྒྱུ་མཚན་གྱིས་སེམས་ཅན་ཀུན་གྱི་ཤེས་རྒྱུད་དང་པོའི་སངས་རྒྱས་སུ་ངེས་པ་དང༌། འོན་ཀྱང༌། གློ་བུར་གྱི་དྲི་མས་བསྒྲིབས་པ་དང༌། དེའི་དབང་གི་ཟག་བཅས་ཀྱི་ལས་སོགས་པ་དང༌། དེའི་དབང་གིས་སྡུག་བསྔལ་ཉམས་སུ་མྱོང་བ་ལ་སོགས་པ་ནི་འཁོར་བ་པ་རྣམས་ཀྱི་རང་སྣང་སྟེ། ཀུན་རྫོབ་ཏུ་བདེན་པའོ། །དེ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱི་རང་སྣང་སུན་འབྱིན་པར་མི་ནུས་པ་ནི། དངོས་པོའི་གནས་ཚུལ་ཡིན་ལ། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་སུན་མི་འབྱིན་པ་ནི་གནས་སྐབས་སུ་བདེན་གཉིས་རྣམ་འབྱེད་ཀྱིས་སོ་སོར་འབྱེད་པ་དང༌། ཇི་སྐད་དུ། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །ཞེས་པ་ལྟ་བུའི་སྐབས་སུ་ཡིན་གྱི། དེ་ལས་གཞན་དུ་བདེན་པ་གཉིས་སངས་རྒྱས་ཀྱི་སར་ཡང༌། བང་མཉམ་དང་འཆོང་མཉམ་དུ་ཁས་ལེན་པ་དག་ལ་ནི། རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་འཁོར་འདས་དབྱེར་མེད་དང༌། མི་སློབ་པའི་ཟུང་འཇུག་གི་སྐུ་འཇོག་ཚུལ་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །སྨྲས་པ། ལུང་མང་པོ་ཡི་སྤྲིན་ཚོགས་དང༌། །བྱིས་རྣམས་མགུ་བྱེད་རིགས་པའི་ཆར། །མང་པོས་བསྟན་པའི་ཆུ་གཏེར་ནི། །ལན་ཚྭའི་རྒྱ་མཚོར་བྱས་མཐོང་ནས། །ཆུ་དང་རྙོག་པ་སོ་སོར་ནི། །དབྱེ་དྭངས་འབྱེད་པའི་ངེས་དོན་གྱི། །ནོར་བུའི་ཕྲེང་བ་ངོ་མཚར་ཅན། །མདོ་རྒྱུད་རོལ་མཚོའི་ནང་ནས་བླངས། །གཉིས་པ་ནི། ཐེག་པ་ཆེན་པོའི་ལུང་ནས་སངས་རྒྱས་ཀྱི་སྐུ་ནི་གསུམ་དུ་བསྡུས་པར་དོན་མཐུན་པ་ལས། འདིར་ནི་སྐུ་གསུམ་དབྱེར་མེད་དུ་བསྟན་པའི་ཆ་ནས་ལུང་གཞན་གྱི་འཆད་ཚུལ་ལས་ཁྱད་པར་དུ་འཕགས་ཞེས་གསུང་བ་པོ་མང་ཡང༌། ཇི་ལྟར་ཡིན་པའི་ཚུལ་གསལ་བར་བརྗོད་ན་འདི་ལྟར། ཕར་ཕྱིན་ཐེག་པའི་ཤིང་རྟའི་སྲོལ་ཁ་ཅིག་ན་ནི། ཆོས་ཀྱི་སྐུ་སངས་རྒྱས་ཀྱི་སས་བསྡུས་པ་དང༌། གཟུགས་སྐུ་གཉིས་སེམས་ཅན་གྱི་ཤེས་རྒྱུད་ཀྱི་བསྡུས་པར་འཆད་པ་དང༌། གཉིས་པོ་ཡང༌། ལོངས་སྐུ་ནི་སྤྲུལ་པ་པོ་དང༌། ཤཱཀྱ་ཐུབ་པ་ཡང་དེས་སྤྲུལ་པ་ཙམ་དུ་བཞེད་པ་དང༌། རྒྱུན་བཅད་རབ་ཏུ་མི་གནས་པའི་གཞུང་དུ། སངས་རྒྱས་ཀྱི་སྐུ་ནི་ཆོས་སྐུ་གཅིག་པུར་ངེས་པ་དང༌། སྐུ་གཞན་ནི་རང་གི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ལས་བྱུང་ཡང༌། སངས་རྒྱས་དང་སེམས་ཅན་གྱི་ས་གང་གིས་ཀྱང་མ་བསྡུས་པར་འདོད་པ་དང༌། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མ་པ་དག་གི་ལུང་ན། སྤྲུལ་པའི་སྐུ་གཞན་སྣང་གི་བསྡུས་ཤིང༌། ཆོས་སྐུ་དང་ལོངས་སྐུ་ཟུང་དུ་འཇུག་པས། དབྱེར་མེད་དུ་འཆད་པ་དང༌། ཉན་ཐོས་པའི་གཞུང་ན་སངས་རྒྱས་ནི་ཆོས་སྐུ་གཅིག་པུར་ངེས་ཤིང༌། རྣམ་སྨིན་གྱི་སྐུ་ནི་རྟེན་ལ་བརྟེན་པའི་མིང་གིས་བཏགས་པ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་དུ། འདིར་འབྲས་བུ་སྐུ་གསུམ་དབྱེར་མེད་ནི། ལོངས་སྐུའི་མཚན་གཞིར་འཇོག་པའི་དང་པོའི་མགོན་པོ་དེ་ཉིད་གནས་ཚུལ་ལ་ཆོས་ཀྱི་སྐུ་ཡིན་ཞིང༌། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཡང་གནས་ཚུལ་ལ་དང་པོའི་མགོན་པོ་ཉིད་ཡིན་གྱི། སྤྲུལ་པ་དང་སྤྲུལ་པ་པོ་སོ་སོར་འབྱེད་རྒྱུ་མ་ཡིན་པ་དང༌། དོན་དམ་པ་ཆོས་ཀྱི་སྐུ་ཉིད་གདུལ་བྱའི་ངོར་ལོངས་སྤྲུལ་དུ་སྣང་ཞིང༌། ཆོས་ཀྱི་སྐུར་དངོས་སུ་མི་སྣང་ཡང་ལོངས་སྤྲུལ་ཆོས་སྐུ་དངོས་ཡིན་པ་རྣམས་ནི། སྐུ་གསུམ་དབྱེར་མེད་ཀྱི་འཇོག་ཚུལ་ཏེ། དོན་གྱི་གནས་ཚུལ་ཆོས་ཀྱི་སྐུ་གཅིག་པུ་ཉིད་དུ་ངེས་ཀྱང༌། གདུལ་བྱ་ལ་དེ་ཉིད་དུ་མི་སྣང་བ་དང༌། གཞན་དུ་སྣང་ཚུལ་ལ་ཡང་གདུལ་བྱ་བློ་མཆོག་དང་དམན་པའི་དབྱེ་བས་སྐུ་གསུམ་དུ་ཕྱེ་བ་ནི། སྒྲ་དང་རྟོག་པའི་བྱེད་ལས་ཏེ། སློབ་མ་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་དོན་དུའོ། །འབྲས་དུས་སུ་ཟུང་འཇུག་གི་རྣམ་གཞག་དང༌། ལམ་དུས་སུ་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་ལ་མ་ནོར་བར་སློབ་དགོས་ཚུལ་ནི། ཆོས་འདི་ཁོ་ནར་མ་ཟད་ཐེག་པ་ཆེན་པོའི་ཆོས་ལུགས་ཀུན་གྱི་ལུས་རྣམ་པར་གཞག་པ་ཡིན་པ་ལས། རེ་ཞིག་རྡོ་རྗེ་ཐེག་པའི་ལུང་གཞིར་བཞག་ནས། གྲུབ་པའི་དོན་འགའ་ཞིག་བརྗོད་པར་བྱ་སྟེ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་སྣང་ལ་ཞིང་གི་བཀོད་པ་འོག་མིན་སྟུག་པོ་བཀོད་པ་ཉིད་ལས་སྣང་ཚུལ་གཞན་དུ་མི་འཆར། ལོངས་སྤྲུལ་གྱི་ཞིང་ལ་བཟང་ངན་གྱི་ཁྱད་པར་དབྱེ་བ་གདུལ་བྱའི་བློ་ལ་སྣང་ཚུལ་གྱིས་འབྱེད། སངས་རྒྱས་རང་སྣང་ལ་གང་ཤར་རང་གི་ཡེ་ཤེས་ཉིད་ཀྱིས་བསྡུས། སློབ་ལམ་དུ་རྫས་སོ་སོ་བར་སྣང་བའི་གང་ཟག་དུ་མ་སངས་རྒྱས་པའི་ཚེ། རྒྱུད་རྫས་གཞན་དུ་མར་མི་གནས། གནས་སུ་ཆུག་ཀྱང་རང་རང་ལ་གང་སྣང་བ་དེ་རང་ཉིད་ཀྱི་ཤེས་པས་བསྡུས་ཀྱི། དམིགས་རྐྱེན་ཐུན་མོང་བ་ལོགས་ན་ཡོད་པ་མ་ཡིན། སངས་རྒྱས་ལ་མི་སྣང་བ་སེམས་ཅན་ལ་སྣང་ཡང༌། དེ་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་ངེས་པས་ན། སངས་རྒྱས་ཀྱི་ཡེ་ཤེས་གཟིགས་པ་རྒྱ་ཆུང་བའི་སྐྱོན་མེད། སེམས་ཅན་གྱི་གདོད་མའི་ཡེ་ཤེས་དང༌། ལམ་དུས་ཀྱི་ཡེ་ཤེས་ཟག་མེད་ཀྱིས་ཉམས་སུ་མྱོང་བ་འགའ་ཞིག རང་རང་གི་ཤེས་རྒྱུད་ཀྱིས་བསྡུས་ཀྱང༌། ཀུན་རྫོབ་ཀྱི་བདེན་པར་སྣང་བ་རྣམས་ཤེས་རྒྱུད་དང་གཅིག་ཏུ་འདྲེ་བ་མི་སྲིད། སངས་རྒྱས་ཀྱི་རང་སྣང་ལ་སེམས་ཅན་གྱི་ཤེས་རྒྱུད་རང་བཞིན་ཆོས་ཀྱི་སྐུ་ཉིད་དུ་སྣང་བ་ཡིན་གྱི། ཟག་པ་དང་བཅས་པར་མི་སྣང༌། དེ་ལྟར་མི་སྣང་ཡང༌། སེམས་ཅན་ལ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་རྣམས་ཇི་ལྟར་སྣང་བའི་ཚུལ་མི་མཁྱེན་པ་མ་ཡིན། གང་མཁྱེན་པ་ཐམས་ཅད་མཁྱེན་པ་པོ་རང་གི་སེམས་སུ་ཁས་ལེན་མི་དགོས་ཤིང༌། གང་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་ཁས་ལེན་དགོས་པ་དེ། ཐེག་པ་ཆེན་པོའི་ཆོས་ཀྱི་སྤྱིར་བཏང་ལ་ཡིན། དཔེར་ན། གཞན་སེམས་ཤེས་པའི་མངོན་ཤེས་ལ་སྣང་ཚུལ་དང༌། དེ་ལས་མཁྱེན་ཚུལ་དཔོག་པ་བཞིན། དེ་ཡང༌། ཇི་སྐད་དུ། དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་མྱོང་བ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །ཞེས་སོ། །ཡང༌། ཀུན་རྫོབ་ཀྱི་སྣང་ཚུལ་སེམས་ཅན་གྱི་རང་སྣང་ལ་ལྟོས་ནས་དང༌། དོན་དམ་གྱི་གནས་ཚུལ་སངས་རྒྱས་ཀྱི་རང་སྣང་ལ་ལྟོས་ནས་འཇོག སེམས་ཅན་གྱི་རང་སྣང་ཉིད་གཞིར་བྱས་ལ་བརྫུན་བདེན་གཉིས་སུ་ཕྱེ་ནས། དང་པོ་ཡོད་པར་ཁས་མི་ལེན། ཕྱི་མ་དེ་བསོད་ནམས་ཀྱི་ཚོགས་ལ་འཇུག་པའི་ཚེ་བདེན་པར་ཁས་ལེན། ཇི་སྲིད་གཉིས་སྣང་འཁྲུལ་པའི་བག་ཆགས་མ་ལོག་པ་དེ་སྲིད་དུ། རྣམ་ཤེས་རྐྱང་པ་ལ་ལྟོས་པའི་བདེན་བརྫུན་གཉིས་སུ་ཕྱེ་ནས་བདེན་པར་བཞག་བྱ་གང་ཡིན་པ་དེ་དག རྒྱུ་བསོད་ནམས་ཀྱི་ཚོགས་ཀྱི་བྱ་བྱེད་ལས་གསུམ་དང༌། འབྲས་བུ་གཟུགས་ཀྱི་སྐུའི་རྣམ་པ་གཞན་སྣང་ལ་འཆར་བའི་བདག་པོའི་རྐྱེན་ནོ། །འཁྲུལ་པའི་བག་ཆགས་ཟད་པ་ན། ཀུན་རྫོབ་ཀྱི་བདེན་པ་འཇལ་བྱེད་ཀྱི་ཚད་མ་དང༌། འཇོག་བྱེད་ཀྱི་རྒྱུ་མ་རིག་པ་ཟད་པས་ན། དོན་དམ་པའི་བདེན་པ་འབའ་ཞིག་ཤུལ་དུ་ལུས་པ་དེ་ལ་ནི། རིམ་ལྔའི་མཐར་ཐུག་ཟུང་འཇུག་ཅེས་བྱའོ། །ཆོས་འདིའི་སྲོལ་ཆེན་གསར་དུ་ཕྱེ་བའི་བོད་ཕྱི་མས་ནི། ཆོས་འདིའི་ལམ་དང་འབྲས་བུའི་གཞུང་ཤིང་བདེན་གཉིས་སོ་སོ་བ་ཟུང་འབྲེལ་དང༌། གཉིས་སུ་དབྱེར་མེད་པ་ཟུང་འཇུག་གི་དོན་དུ་བསྙོན་མི་ནུས་པར་གཞུང་འགྲེལ་ལས་གསུངས་པ་དེ། རྩ་བ་ནས་ཉམས་པར་བྱས་སོ། །དེ་ལྟར་མཛད་པ་མཐར་ཐུག་པའི་རྒྱུ་མཚན་ནི། སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་ཀྱི་བདེན་པའི་སྣང་བ་དོར་ན། རྒྱུ་དང་འབྲས་བུ་ལ་སྐུར་པ་བཏབ་པའི་ཉེས་པས་བསོད་ནམས་ཀྱི་ཚོགས་ལས་ཉམས་ཤིང༌། ཀུན་རྫོབ་རང་སྟོང་དུ་ཞེན་པའི་ཤེས་རབ་འཆལ་པ་ནི། ཤེས་བྱའི་སྒྲིབ་པ་ཉིད་དུ་ངེས་པས། ཡེ་ཤེས་ཀྱི་ཚོགས་ལས་ཀྱང་ཉམས་སོ། །སྙམ་དུ་སེམས་པར་བྱེད་པ་ནི། གྲུབ་མཐའི་རྩ་བར་བཞག་ནས། བཤད་པ་སྣ་ཚོགས་སུ་མཛད་པ་ནི་འདི་ལྟར། སྤྱིར་བདེན་པ་གཉིས་ངོ་བོ་གཅིག་ཡིན་པ་དང༌། ངོ་བོ་ཐ་དད་དུ་ཞེན་པའི་ཤེས་བྱའི་སྒྲིབ་པ་སྤངས་པ་ནི། སངས་རྒྱས་ལས་གཞན་ལ་མེད་པ་དང༌། དེའི་རྒྱུ་མཚན་གྱིས་ཡེ་ཤེས་སྐད་ཅིག་མ་གཅིག་པུས་བདེན་པ་གཉིས་ཅིག་ཅར་དུ་སྣང་ནས་འཇལ་བ། སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་པ་དང༌། སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་ཀྱི་བདེན་པ་སྣང་ཡང༌། གཉིས་སྣང་ནུབ་པའི་རྒྱུ་མཚན་གྱིས་ཟུང་འཇུག་ཡིན་ནོ། །ཞེས་སྤྱིར་བཤད་ནས། ཁྱད་པར་དུ། རིམ་པ་གསུམ་པའི་སྒྱུ་ལུས་དེ་ཀུན་རྫོབ་ཀྱི་བདེན་པ་དངོས་ཡིན་པ་དང༌། རིམ་པ་བཞི་པའི་ངོས་འཛིན་བདེ་སྟོང་དབྱེར་མེད་ལ་བཤད་ནས། དེའི་ཚེ་ཡུལ་སྟོང་ཉིད་དེ་དོན་དམ་བདེན་པ་དང༌། ཡུལ་ཅན་བདེ་བ་ཆེན་པོ་ཀུན་རྫོབ་བདེན་པར་བཤད་ནས། གཉིས་པོ་ཡུལ་ཡུལ་ཅན་དུ་གྱུར་ཀྱང་གཉིས་སྣང་ནུས་པས། དབྱེར་མེད་དང་ཟུང་འཇུག་གི་དོན་དུ་འཆད་ལུགས་གཅིག་དང༌། ཡང་འོད་གསལ་ཉམས་སུ་ལེན་པའི་ཏིང་ངེ་འཛིན་གྱིས་རིམ་པ་གསུམ་པའི་སྒྱུ་ལུས་བཤིག་ནས་མེད་པས། མི་སློབ་པའི་ཟུང་འཇུག་ཏུ་མ་སླེབ་པའི་བར་དེར་འོད་གསལ་དང་སྒྱུ་ལུས་ཟུང་དུ་འཇུག་པར་བྱེད་རྒྱུ་མེད་པས། འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་ལོངས་སྐུ་ཡན་ལག་བདུན་ལྡན་དེ་དང༌། རིམ་པ་བཞི་པའི་བདེ་སྟོང་དབྱེར་མེད་གཉིས་ཟུང་དུ་འཇུག་པ་ཡིན་ནོ། །ཞེས་འཆད་པར་སྣང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། སྤྱིར་མི་འཐད། ཁས་བླངས་ནང་འགལ་བས་མི་འཐད། སྐབས་ཀྱི་དོན་ནོར་པས་མི་འཐད་པའོ། །དང་པོ་ནི། བདེན་པ་གཉིས་པོའི་ཀུན་རྫོབ་ཀྱི་ངོ་བོ་ནི་གཅིག་པ་མ་སྲིད་ཅིང༌། དོན་དམ་པའི་ངོ་བོ་གཅིག་པ་ལ་འཆད་ན། དོན་དམ་བདེན་པ་གཅིག་པུར་འདུས་པས། བདེན་པ་གཉིས་པོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བཞེད་པའི་ལུགས་ལས་མ་འདས་སོ། །བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པ་ཤེས་བྱའི་སྒྲིབ་པར་འདོད་ན། གནས་སྐབས་དང་མཐར་ཐུག་གང་ལ་ལྟོས་ནས་འདོད། ཕྱི་མ་ལྟར་ན་འདོད་ཚུལ་མཐུན་པ་ཡིན་ཏེ། ཀུན་རྫོབ་ལ་ངོ་བོ་ཡོད་པ་སུ་ཡང་མི་འདོད་པའི་ཕྱིར་རོ། །དང་པོ་ལྟར་ན། ཇི་སྐད་དུ། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །ཞེས་པ་དང་འགལ་ཏེ། དེ་ལྟར་ཤེས་པ་ཤེས་སྒྲིབ་ཏུ་ཁས་བླངས་པའི་ཕྱིར། གལ་ཏེ། ཀ་བ་དང་ཀ་བའི་ཆོས་ཉིད་ངོ་བོ་ཐ་དད་དུ་ཞེན་པའི་བློ་ཇི་སྲིད་རྒྱུད་ལ་ལྡན་པ་དེ་སྲིད་དུ། ཀ་བ་སྣང་བའི་བློ་ལ་དེའི་ཆོས་ཉིད་མི་སྣང༌། དེའི་ཆོས་ཉིད་སྣང་བའི་ཚེ་ཀ་བ་མི་སྣང་བ་ཡིན་ལ། སྒྲིབ་པ་དེ་སྤངས་པའི་ཚེ་དེ་དང་དེའི་ཆོས་ཉིད་ཅིག་ཆར་དུ་སྣང་བ་ཡིན་ནོ། །ཞེ་ན། ལེགས་པར་སྨྲས་པས་ཁས་བླངས་འགལ་བ་དང༌། དམ་བཅའ་ཉམས་པ་གཉིས་བྱུང་ངོ༌། །དང་པོ་ནི། དེ་ལྟར་ན། མྱུ་གུ་བདེན་མེད་དུ་རྟོགས་པའི་མངོན་སུམ་དང་རྗེས་དཔག་ཚད་མས། མྱུ་གུའི་ཆོས་ཉིད་རྟོགས་པ་འགལ་ཏེ། བློ་དེ་དག་གི་ཆོས་ཅན་མྱུ་གུ་དང༌། དེའི་ཆོས་ཉིད་ཀྱི་ཚོགས་དོན་ཅིག་ཆར་དུ་གཞལ་བའི་ཕྱིར། དེ་དང་དེའི་ཆོས་ཉིད་ངོ་བོ་གཅིག་ཡིན་ན། ཡུལ་ཅན་མངོན་སུམ་པས་ཅིག་ཆར་ཏུ་མི་འཇལ་བ་འགལ་ཏེ། གྲུབ་བདེ་གཅིག་པ་ལ་ཆ་ཤས་སུ་མི་འབྱེད་པ་ནི། ཡུལ་ཅན་མངོན་སུམ་པ་དག་གི་ཁྱད་ཆོས་ཡིན་པའི་ཕྱིར། ཀ་བ་དང་དེའི་ཆོས་ཉིད་གཅིག་འཇལ་བའི་མངོན་སུམ་གྱིས། གཅིག་ཤོས་མི་འཇལ་བ་ནི། དེ་དང་དེ་ངོ་བོ་ཐ་དད་པའི་ཤེས་བྱེད་དུ་འབྲེལ་བ་ཡིན་གྱི། ངོ་བོ་གཅིག་པའི་ཤེས་བྱེད་དུ་ཇི་ལྟར་འབྲེལ། དམ་བཅའ་ཉམས་པ་ཡང་ཡིན་ཏེ། སངས་རྒྱས་ཀྱི་སར་བདེན་པ་གཉིས་ཕན་ཚུན་འགལ་ན་ནི། དབྱེར་མེད་དུ་མ་སོང་ལ། དེར་དེ་དག་ཡོད་ནས་མི་འགལ་ན་རྩ་བའི་དམ་བཅའ་ཉམས་སོ། །གཉིས་པ་ནི། རིམ་པ་གསུམ་པའི་སྒྱུ་ལུས་དེ་ཏིང་ངེ་འཛིན་རིལ་འཛིན་གྱིས་མེད་པར་བྱས་སམ་མ་བྱས། བྱས་ན་ཆད་སྟོང་དུ་ཐལ་བ་དང༌། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། རིམ་པ་གསུམ་བཞིའི་ལམ་གཅིག་ཏུ་བསྲེས་པས་ཤེས་བྱའི་སྒྲིབ་པ་སྤོང་ནུས་པ་དང༌། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ་སྟོབས་དང་མྱུར་ཁྱད་ཆེ་བའི་ཕན་ཡོན་མང་པོ་ཡི་གེར་བྲིས་པ་དང་འགལ། དེར་དེ་མེད་པར་མ་བྱས་ན། འོད་གསལ་དུ་བཅུག་པའི་དོན་གང་ཡིན་འཆད་དགོས་པ་དང༌། སློབ་ལམ་དུ་འོད་གསལ་དང་སྒྱུ་ལུས་གཉིས་གཅིག་ཡོད་དུས་སུ། གཅིག་ཤོས་མེད་པར་འདོད་པ་དང་འགལ། གསུམ་པ་ནི། མི་སློབ་པའི་ལམ་དུ་བདེན་པ་གཉིས་ཅིག་ཆར་དུ་ཡོད་དམ་མེད། མེད་ན། ཟུང་དུ་འཇུག་པ་ལ་ཡ་རེ་རེ་བ་ཐ་དད་དུ་ཡོད་དགོས་པར་འཆད་པ་དང་འགལ་བ་དང༌། ལོངས་སྐུ་ཡན་ལག་བདུན་ལྡན་དོན་དམ་བདེན་པར་འདོད་ན། རྩ་བའི་གྲུབ་མཐའ་ཉམས། གཉིས་ཀ་ཡོད་ན། གཞི་མཐུན་སྲིད་དམ་མི་སྲིད། མི་སྲིད་ན། གཅིག་ཏུ་འདྲེས་པར་འགལ། སྲིད་ན་ལོངས་སྤྲུལ་གཉིས་དོན་དམ་བདེན་པར་ཁས་བླངས་པས་རྩ་བའི་གྲུབ་མཐའ་ཉམས། དེ་བཞིན་དུ་རིམ་པ་བཞི་པའི་དུས་སུ་བདེ་སྟོང་དབྱེར་མེད་མངོན་སུམ་དུ་རྟོགས་པ་ཡོད་དམ་མེད། མེད་ན། རིམ་པ་བཞི་པའི་ཉམས་ལེན་དོན་མེད་དུ་ཐལ་བ་དང༌། ཡོད་ན། བདེ་ཆེན་ནི་ཁྱེད་ལ་ཀུན་རྫོབ་བདེན་པ་ལས་འོས་མེད་པས། སློབ་ལམ་ན་བདེན་གཉིས་ཅིག་ཅར་དུ་འཇལ་བའི་མངོན་སུམ་ཡོད་པར་འགྱུར་རོ། །དེས་ན་འདི་ལྟར་ཡིན་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་རང་གི་ངོ་བོ་དོན་དམ་པར་གནས་ཀྱང༌། སྒྱུ་མར་ཞེན་པའི་རྣམ་པར་རྟོགས་པས་མ་སྒྲིབ་པའི་དུས་མ་བྱུང་བའི་ཚེ་ན། ཀུན་རྫོབ་ཀྱི་བདེན་པར་བཞག་དགོས་པ་ཡིན་ཏེ། གནས་ཚུལ་མཐོང་བ་ལ་བསྒྲིབ་པའི་ཕྱིར། སྒྲིབ་བྱེད་དེ་འོད་གསལ་ཉམས་སུ་ལེན་པའི་ཏིང་ངེ་འཛིན་གྱིས་བཤིག་ནས། ས་བོན་སྤངས་པའི་ཚེ་སྔོན་གྱི་སྒྱུ་ལུས་རང་གི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུ་ཡན་ལག་བདུན་དང་ལྡན་པར་གནས་གྱུར་པ་དེ་ནི་མི་སློབ་པའི་ཟུང་འཇུག་གོ །ཞེས་བྱ་བ་འདི་གྲུབ་པའོ། །གསུམ་པ་ལ་གསུམ་སྟེ། ཟུང་འཇུག་གི་སྐུ་གསུམ་ཇི་ལྟར་འགྲུབ་པའི་རིམ་པ། དེ་དག་གི་ཕྲིན་ལས་གདུལ་བྱ་གཞན་ལ་ཇི་ལྟར་འཇུག་པའི་ཚུལ། རྣམ་བཤད་འདིའི་ལུས་རྣམ་གཞག་མདོར་བསྡུས་ནས་དགེ་བ་ཟུང་འཇུག་ཏུ་བསྔོ་བའོ། །དང་པོ་ལ། བོད་སྔ་ཕྱིའི་བཞེད་པ་རྣམ་གྲངས་སུ་བཀོད། རང་གང་གི་རྗེས་སུ་འཇུག་པའི་ལུགས་དེ་འཐད་ལྡན་དུ་བསྒྲུབ་པའོ། །དང་པོ་ནི། ཐོག་མར་སངས་རྒྱས་པའི་ཐེག་པའི་བསམ་པ་ལ་སློབ་དགོས་པར་གསུངས་པ་དེ་ལ། ཐེག་པ་དེའི་བསམ་པ་ནི་བཞི་སྟེ། ཇི་སྐད་དུ། དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་སོགས་སུ་གསུངས་པའི་བཞི་པོ་དག་གོ །དེ་དག་རེ་རེ་ལ་ཡང་མཐར་ཐུག་གི་ཐོབ་བྱ་སངས་རྒྱས་རེ་རེ་དང༌། དེའི་སྒྲུབ་བྱེད་ཀྱི་ལམ་གྱི་རིམ་པ་གཞན་ལམ་རིག་པའི་ཚུལ་གྱིས། ཐུན་མོང་མ་ཡིན་པ་རེ་རེ་གསུངས་པ་ལས། རང་རང་གི་གྲུབ་མཐའ་ལ་གནས་པའི་ཚེ་ན། འཚང་རྒྱ་བ་ལ་གྲུབ་མཐའ་གོང་མ་གཞན་ནས། ལམ་གྱི་སྣོན་པ་ཚོལ་དགོས་སོ། །ཞེས་འཆད་པ་ནི་འགའ་ཡང་མེད་མོད་ཀྱི། ཐེག་པ་ཆེན་པོ་པ་དག་མཐུན་པར་གྲུབ་མཐའ་སྔ་མ་གཉིས་ལ་འཚང་རྒྱ་བའི་ལམ་ཆ་ཚང་བ་མེད་དོ། །ཞེས་སྨྲ་བར་བྱེད་ཀྱང༌། ཐེག་པ་ཆེན་པོའི་ནང་ཕན་ཚུན་དུ་ནི། ཇི་སྐད་དུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱི་གནོད། །ཅེས་པའི་དོན། གསང་སྔགས་པས་ཕར་ཕྱིན་པ་ལ་སངས་རྒྱ་བའི་ལམ་ཚང་མ་མེད་དོ། །ཞེས་དང༌། ཕར་ཕྱིན་པའི། དབུ་མ་རིགས་ཚོགས་པས། རྣལ་འབྱོར་སྤྱོད་པའི་དབུ་མ་ལ་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་བར་མེད་དོ། །ཞེས་གསུང་བར་ནི་མ་ངེས་ཏེ། སྔགས་དང་ཕར་ཕྱིན་གྱི་ལམ་རིམ་ལ། འགྱོགས་བུལ་དང་དཀའ་སླའི་ཁྱད་པར་ཡོད་ཅེས་གསུངས་ཀྱང༌། ཕར་ཕྱིན་ན་འཚང་རྒྱ་བའི་ལམ་ཆ་ཚང་བ་མེད་ཅེས་པ། ཚད་མར་གྱུར་པའི་སྔགས་ཀྱི་རྒྱུད་གཞུང་རྙེད་དཀའ་བའི་ཕྱིར་དང༌། གཞུང་རྩོམ་པ་པོའི་སློབ་དཔོན་རྣམས་ཀྱི་བཞེད་པ་ལ་ནི་མཐའ་གཅིག་ཏུ་ངེས་པ་མེད་པའི་ཕྱིར། རིགས་ཚོགས་ཀྱི་དབུ་མ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་ལ་ཡང་དེ་བཞིན་ནོ། །དེ་ལྟ་ན་ཡང༌། གསང་བ་འདུས་པའི་སྐབས་འདིར། ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་དེ། འོད་གསལ་བའི་རིམ་པས་བྱང་ཆུབ་པར་གསུངས་པས་ན། སྔགས་བླ་མེད་ཀྱི་ལམ་ལ་མ་བརྟེན་པར། སངས་རྒྱས་མཚན་ཉིད་པ་མི་འབྱུང་ངོ༌། །ཞེས་འཆད་པ་ཤིན་ཏུ་མང་ངོ༌། །འདི་དག་གི་སྐབས་སུ། བོད་ཕྱི་མའི་སྔ་མ་ན་རེ། གསང་འདུས་པའི་ཟུང་འཇུག་རྡོ་རྗེ་འཆང་དེ་ཕར་ཕྱིན་པའི་ས་བཅུ་པ་དང་དོན་གཅིག དེ་འདྲ་དེ་ཕར་ཕྱིན་པའི་བར་ཆད་མེད་ལམ་ལ་བརྟེན་ནས་བཟོད་བཅུ་གཅིག་ཀུན་ཏུ་འོད་དུ་འཚང་རྒྱ་བ་ཡིན། གཞན་དུ་ན། བསྟན་པ་གཅིག་ལ་སྟོན་པ་གཉིས་སྲིད་པར་འགྱུར། ཞེས་གསུངས། བོད་ཕྱི་མ་ན་རེ། ཉེས་པ་དེར་ཐལ་བ་མ་ཡིན་ཏེ། ཞིང་འདིར་བྱམས་པ་སོགས་སངས་རྒྱས་ཀྱི་འཁོར་དུ་བྱོན་པ་བཞིན་ནོ་ཟེར། སྔ་མ་ན་རེ། མི་མཚུངས་ཏེ། བྱམས་པས་ཞིང་འདིར་སངས་རྒྱས་པའི་ཚུལ་མ་བསྟན། གསང་བ་འདུས་པའི་རྣལ་འབྱོར་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་འཚང་རྒྱ་བ་ལ་ཡུལ་གཞན་གང་དུ་འགྲོ། སངས་རྒྱས་མ་ཡིན་པས་ཚུལ་སྟོན་པ་ལ་ངེས་པ་མེད་ཅེས་གསུང༌། ཡང་བོད་ཕྱི་མ་ན་རེ། ཕར་ཕྱིན་པའི་ས་བཅུ་པ་བ་གཟུགས་ཁམས་ཀྱི་རྟེན་ཅན་སྲིད་པ་ཐ་མ་པར་གྱུར་པ་ཞིག ཐོག་མར་འོག་མིན་དུ་སངས་རྒྱས་ནས། དེའི་འོག་ཏུ་དེ་འདྲ་དེ་སྔགས་ལུགས་ཀྱི་བྱང་སེམས་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་དུ་སྐྱེས་ནས། རིམ་གྱིས་འཛམ་བུའི་གླིང་དུ་མིའི་རྟེན་ལ་ཆགས་ལམ་གྱིས་ངེས་པར་འཚང་རྒྱ་དགོས་པ་ཡིན། ཞེས་འཆད་པ་འདི། མཐའ་བཙན་མི་བཙན་ཇི་ལྟར་ཡིན་ཡང༌། རེ་ཞིག་བརྟག་པར་བྱ་བ་ནི་འདི་ལྟར། སྲིད་པ་ཐ་མ་པའི་བྱང་སེམས་གཟུགས་ཀྱི་རྟེན་ཅན། སངས་རྒྱ་བའི་གནས་འོག་མིན་དེ་གཟུགས་ཁམས་ཀྱིའམ། སྟུག་པོ་བཀོད་པ་ལ་བྱེད། དང་པོ་ལྟར་ན། ལངས་གཤེགས་སུ། གཙང་མའི་གནས་ནི་སྤངས་པ་ཡི། །ཞེས་སོགས་དང་འགལ། གཉིས་པ་ལྟར་ན། དེ་སངས་རྒྱས་མཚན་ཉིད་པ་མ་ཡིན་པར་འགལ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིས་འཚང་རྒྱ་བ་དེ། ལོངས་སྐུར་འཚང་རྒྱ་བ་ཡིན་ནམ་མ་ཡིན། མ་ཡིན་ན། མི་སློབ་པའི་ཟུང་འཇུག་ཏུ་འགལ། ཡིན་ན་གནས་དེ་འོག་མིན་དུ་འགྱུར། ཡང་བྱང་སེམས་དེ་འདོད་པ་ལ་ཆགས་བྲལ་མ་བྱས་ན། གཟུགས་ཁམས་པར་འགལ། བྱས་ན་ཆགས་ལམ་གྱིས་ཉེ་རྒྱུ་བྱེད་པར་འགལ། དེའི་ཚེ་ཆགས་བྲལ་ལས་ཉམས་པར་འདོད་ན། ས་བརྒྱད་པར་ཉོན་སྒྲིབ་ཀྱི་ས་བོན་སྤངས་པ་འགལ། དེ་མ་ཟད་དགྲ་བཅོམ་ཡིན་ན་ཉོན་སྒྲིབ་ཀྱི་ས་བོན་མ་སྤངས་པས་ཁྱབ་པར་འགྱུར། གལ་ཏེ། སྐབས་དེར་བདེ་བ་ཆེན་པོ་ལ་ཆགས་པའི་མིང་གིས་བཏགས་པ་ཡིན་ཞེས་གཞན་དག་ཟེར་མོད། བོད་ཕྱི་མ་ནི། ཆགས་ལམ་པ་ལ་དགོས་པ་དེ་འདོད་པའི་འདོད་ཆགས་མཚན་ཉིད་པར་ཟུར་ཐོན་པར་སྨྲས་ཟིན་པས། འདོད་ཆགས་དེ་བདེ་ཆེན་གྱི་ཡེ་ཤེས་དང་མཚུངས་པར་ལྡན་ནམ་མི་ལྡན། མི་ལྡན་ན་དེ་དུས་ཀྱི་ཆགས་པའི་མིང་ཅན་དེར་འགལ། ལྡན་ན་ལྟ་བས་ཕུ་ཐག་བཅད་པའི་སྟོང་ཉིད་རྟོག་བློར་ཐལ་བས་ཉོན་མོངས་མཚན་ཉིད་པར་འགལ། གལ་ཏེ། ལྷན་སྐྱེས་ཀྱི་བདེ་བ་འདྲེན་དུས་སུ་རྒྱུའི་ཀུན་སློང་ཉོན་མོངས་མཚན་ཉིད་པར་ཡོད་ཀྱང༌། དེས་དུས་ཀྱི་ཀུན་སློང་བྱེད་པའི་ཚེ། དགེ་བ་དང་རྟོག་བྲལ་དུ་སོང་བ་ཡིན་ནོ། །ཞེ་ན། དེ་འདྲ་དེ་རྒྱུ་དུས་ཉིད་ནས་སྔགས་ཀྱི་སེམས་སྐྱེས་དང་མཚུངས་ལྡན་དུ་ཡོད་པའི་ཕྱིར། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་སུ་འཆད་དགོས་པས། ཉོན་མོངས་མཚན་ཉིད་པར་འགལ། བདེ་ཆེན་གྱི་ཡེ་ཤེས་སྐྱེས་དུས་དེར། སྔར་ཕུ་ཐག་བཅད་པའི་སྟོང་ཉིད་དྲན་པའི་བློ་ངེས་པར་བསྐྱེད་དགོས་གསུང་བ་ནི། སྟོང་ཉིད་རྟོགས་པའི་དྲན་པ་བཅད་ཤེས་དང༌། དེ་མངོན་སུམ་དུ་མཐོང་བའི་ཚད་མ་མཚུངས་ལྡན་དུ་འབྱུང་བ་མི་སྲིད། ཡང་ཡུལ་ཅན་བདེ་བ་ཆེན་པོས་ཡུལ་དབུ་མའི་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་རྟོགས་པའི་མངོན་སུམ་ཞེས་བྱ་བ། གསང་སྔགས་ཀྱི་ཁྱད་པར་འཕགས་ཆོས་སུ་ཁས་ལེན་བཞིན་དུ། ཕར་ཕྱིན་གྱི་དབུ་མ་ལས་ལྷག་པའི་སྔགས་ཀྱི་དབུ་མ་མེད་ཅེས་འཆད་པ་འགལ་ལོ་ཞེས་པ་འདི་དག་ནི། བོད་ཕྱི་མ་ལ་བརྒལ་ཞིང་བརྟག་པར་བྱས་པ་ཡིན་མོད། རྗེས་བཙུན་ས་སྐྱ་པའི་གཞུང་ལུགས་ཀྱི་རྗེས་སུ་དད་པས་འབྲང་བ་ཕྱིས་བྱོན་པ་དག་གིས་བསམ་པར་བྱ་བ་ཁོ་ནའོ། །གཉིས་པ་ནི། རྗེ་གོང་མ་རྣམས་སངས་རྒྱས་མཚན་ཉིད་པ་ནི། སྔགས་ཀྱི་ཉེར་རྒྱུ་ལ་ངེས་པར་ལྟོས་ཞེས་དང༌། མདོ་སྔགས་ཀྱི་སངས་རྒྱས་གཉིས་པོའི་རྒྱུ་ལ་ཁྱད་པར་ཡོད་པས། འབྲས་བུ་ལ་ཁྱད་པར་ཡོད་ཅེས་དང༌། སངས་རྒྱས་དེའི་མཚན་གཞི་ས་བཅུ་པ་ལ་མཛད་པ་ལྟ་བུར་སྣང་བ་རྣམས་ཀྱི་དགོངས་པ་ནི། མཚན་ཉིད་རྐྱང་པའི་ས་དང་པོ་ནས། བླ་མ་དང་ཐེག་པ་ཆེན་པོའི་ཆོས་གོང་ནས་གོང་དུ་ན་འཕོ་བས་ན། ས་བཅུ་པར་ནི་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྩེ་མོར་གྱུར་པ་དག བླ་མ་རྡོ་རྗེ་སེམས་དཔའ་དེས། སློབ་མ་དེ་ལ་མི་འཆད་ན་གཞན་སུ་ཞིག་ལ་འཆད། དེས་ཀྱང་ཆོས་དེ་ཉམས་སུ་མ་བླངས་པར་འཚང་རྒྱ་ན། དེ་འདྲའི་བཤད་ཉན་ལ་དོན་ཅི་ཞིག་ཡོད། ཅེས་རྣམ་པར་བརྟགས་པ་ལས་བྱུང་བ་ཡིན་ལ། སངས་རྒྱས་སོ་སོའི་ངོས་འཛིན་དེ་ཡང༌། བརྟག་པ་མཐར་གཟུང་བའི་ཚུལ་གྱི་ཕར་ཕྱིན་རྐྱང་བའི་རྒྱུན་མཐར་ཀུན་ཏུ་འོད་ཀྱི་ས་མངོན་དུ་བྱེད་པར་ཕར་ཕྱིན་པས་འཆད་པ་དེ་ལ་དགོངས་པ་ཡིན་གྱི། ས་བཅུ་པ་ལ་བཤད་ན་སྐབས་ཀྱི། བརྒལ་ལན་འབྲེལ་མེད་དུ་འགྱུར། ཡང༌། གོང་མའི་གསུང་རབ་མང་པོར་འཚང་རྒྱ་བ་ཉེ་རྒྱུའི་མཚམས་སྦྱོར་ལ་ལྟོས་དགོས་པར་གསུངས་པ་དེ་ཡང༌། མིའི་རྟེན་ལ་ཐོག་མར་སྔགས་ལམ་དུ་ཞུགས་པ་ལུས་གཅིག་གིས་འཚང་རྒྱ་བ་ལ་དགོངས་པ་ཡིན་གྱིས། ཉན་རང་ཕུང་པོ་ལྷག་མེད་དུ་ཞུགས་པ་དང༌། བྱང་སེམས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་དག་ལ། ཉེ་རྒྱུའི་མཚམས་སྦྱོར་དུ་བཤད་པ་དེ་འདྲ་དེ་ག་ལ་སྲིད། ཁ་སྦྱོར་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ། མཚན་གཞི་མཚོན་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་པ་དེའི་ཚེ་གཉིས་པོ་ས་བཅུ་པ་དང་ཀུན་ཏུ་འོད་ལ་སྒྲ་བཤད་དུ་ཡོད་ཀྱང༌། དོན་དངོས་སུ་བཤད་ན་སྐབས་ཀྱི་རྩོད་ལན་འབྲེལ་མེད་དུ་འགྱུར་བས། གཉིས་ཀ་ཡང་ཀུན་ཏུ་འོད་ལ་གནས་པར་མཉམ་པའོ། །བདེ་བར་གཤེགས་པ་ནི་ཇི་སྐད་དུ། །གཤེགས་པ་རྟོགས་པའི་དོན་ཕྱིར་དེ། །ཅེས་པ་ལྟར། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའོ། །འདི་ལ་རྟོགས་བྱ་དང་རྟོགས་བྱེད་གཉིས་སུ་ཡོད་པ་མ་ཡིན་ཏེ། དེ་མེད་པར་ཤེར་ཕྱིན་ལས་གསུངས་པའི་ཕྱིར། རྡོ་རྗེ་ནི་སྒྲ་དང་རྟོག་པས་མི་ཕྱེད་པས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དོ། །སེམས་དཔའ་ནི་རྡོ་རྗེ་དེ་མངོན་སུམ་དུ་བྱས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྒྱུན་ཆགས་པའོ། །རྡོ་རྗེ་དེ་ལ་བསམ་གྱི་མི་ཁྱབ་པའི་གནས་ཞེས་བྱ་སྟེ། དབང་བསྐུར་བ་ལ་མ་ལྟོས་པར་མངོན་སུམ་དུ་བྱར་མི་ནུས་པའི་ཕྱིར། དེ་འདྲ་མི་སྲིད་པས་བཤད་པ་དེ་དོན་མེད་སྙམ་ན། དངོས་པོ་ལ་མི་སྲིད་ཀྱང༌། མཚན་ཉིད་རྐྱང་པའི་གྲུབ་མཐའ་པས་དེ་ལྟར་དུ་ཁས་ལེན་པ་དེའི་ངོར་བསྒྲུབ་དགོས་པའོ། །དཔེར་ན་མཚན་ཉིད་རྐྱང་པ་དང༌། སྔགས་ཀྱི་བྱང་སེམས་མཐོང་ལམ་པ་གཉིས་ཀྱི་རྟོགས་བྱ་ལ། མེད་པར་དགག་པའི་སྟོང་པ་ཉིད་དང༌། ལྷན་སྐྱེས་བདེ་བ་ཆེན་པོའི་སྒོ་ནས་ཁྱད་པར་ཕྱེ་བ་བཞིན་ནོ། །སངས་རྒྱས་གཉིས་པོ་ལ་འཁོར་དང་ཞིང་སོགས་ཐ་དད་དུ་འཛིན་པའི་ཤེས་སྒྲིབ་སྤངས་མ་སྤངས་ཀྱི་ཁྱད་པར་ཡོད་ཅེས་གསུང་བ་ཡང༌། རྡོ་རྗེ་འཆང་གིས་ནི་གང་གཟིགས་པ་ཐམས་ཅད་ཡེ་ཤེས་ཀྱི་རྣམ་རོལ་ཉིད་དུ་མཁྱེན་ལ། གཅིག་ཤོས་ཀྱིས་ནི་ཕར་ཕྱིན་པ་དག་ལ་ཇི་ལྟར་གྲགས་པ་དེ་ཉིད་དོ། །མཚན་གཞི་མཚོན་པ་ཞེས་པའི་དོན་འགྲེལ་པས་ཇི་ལྟར་བཤད་ཀྱང་གཞན་ངོར་སངས་རྒྱས་སུ་མཚོན་ནུས་པ་ནི། རྡོ་རྗེ་འཆང་ཞལ་ཕྱག་གི་རྣམ་པ་ཅན་ཁོ་ན་ཡིན་གྱི། བདེ་བར་གཤེགས་པ་ཆོས་ཉིད་དང་རོ་གཅིག་ཏུ་སོང་བས་ནི། གཞན་སུ་ཞིག་གི་ངོར་ཡང་སངས་རྒྱས་སུ་མཚོན་པར་མི་ནུས་པའི་དོན་ནོ། །ཆོས་འདིར་ས་བཅུ་གཉིས་བཅུ་གསུམ་པའི་རྣམ་གཞག་ཟུར་ཙམ་བྱུང་ཡང༌། ལུང་གཞན་དང་འགྲིག་དཀའ་བས་རེ་ཞིག་ལ་རྣམ་པར་མ་སྤྲོས་སོ། །གསུམ་པ་ལ། ཟུང་དུ་འཇུག་པའི་སར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་ཀྱི་མཁྱེན་ཚུལ་གང་ཡིན་པ་དང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བ་དང༌། གདུལ་བྱའི་ཁམས་དང་བག་ལ་ཉལ་མཁྱེན་ནས་ཕྲིན་ལས་འཇུག་པའི་རིམ་པའོ། །དང་པོ་ནི། སྤྱིར་སངས་རྒྱས་དང་དེའི་མཁྱེན་པ་གཉིས་སུ་དབྱེར་ཡོད་པ་མ་ཡིན་ཀྱང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དོན་དུ་ལྡོག་པས་འབྱེད་ཚུལ་འདི་ལྟར། སངས་རྒྱས་ནི་གཉིས་ཏེ། རང་གི་གནས་ཚུལ་དང༌། གཞན་ལ་སྣང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རིགས་སུ་མ་ཆད་པ་རྒྱུའི་རྡོ་རྗེ་འཛིན་པ་དང༌། སོ་སོར་ཕྱེ་བ་འབྲས་བུའི་རྡོ་རྗེ་འཛིན་ནོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཉིས་པ་ལ་ལོངས་སྤྲུལ་གཉིས་ལས། དང་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཉིས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སངས་རྒྱས་དེའི་ཆོས་ལ་གཉིས་ལས། གནས་ཚུལ་ཇི་ལྟ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཇི་སྙེད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྣང་ཚུལ་ལ་རྒྱུའི་རྡོ་རྗེ་འཆང་ནི་དང་པོ་སྒྱུར་གཞིའི་རྡོ་རྗེ་འཆང་ངོ༌། །གཉིས་པ་ནི། སྤྲུལ་སྐུར་བསྒྱུར་མ་ཟིན་པའི་ཞེ་སྡང་རྡོ་རྗེ་ལྟ་བུའོ། །གཉིས་པ་ནི་བསྒྱུར་ཟིན་པའི་ཞལ་ཕྱག་གི་རྣམ་པ་ཅན་ནོ། །ཡེ་ཤེས་ནི་རྫས་ཀྱི་སྒོ་ནས་ཆོས་དབྱིངས་ཡེ་ཤེས་གཅིག་པུར་འདུས་ཀྱང༌། བྱེད་ལས་ཀྱི་སྒོ་ནས་མེ་ལོང་ལྟ་བུ་སོགས་བཞིར་ཕྱེ་བ་ལས། མཁྱེན་པ་པོ་དང་མཁྱེན་ཚུལ་གྱི་ཐ་སྙད་ཇི་ལྟར་འདོགས་པའི་གཞི་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཁོ་ན་ལ་འཆད་པ་དེའི་ཚེ། ཡེ་ཤེས་འདི་ལ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཅིག་ཅར་དུ་འཆར་བས་ན་མེ་ལོང་ལྟ་བུ་ཞེས་བྱ་ལ། འཆར་ཚུལ་ནི་གཉིས་ཏེ། རྣམ་བྱང་གི་ཕྱོགས་རྣམས་རང་སྣང་མངོན་སུམ་པ་ཉིད་དུ་འཆར་བ་དང༌། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་རྣམས་གཞན་སྣང་གཟུགས་བརྙན་གྱི་ཚུལ་དུ་འཆར་བའོ། །དང་པོ་ནི། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་རྣམ་བྱང་གི་ཆོས་ཇི་སྙེད་པ་དང༌། གདུལ་བྱ་གཞན་རྒྱུད་ལ་ཇི་ལྟར་ཡོད་པའི་རྣམ་བྱང་གི་ཆོས་རྣམས་རང་རིག་པའི་མངོན་སུམ་གྱིས་མཁྱེན་ཏེ། ཆོས་དེ་དག་ནི་སུའི་རྒྱུད་ལ་ཡོད་ཀྱང༌། རྒྱུའི་རྒྱུད་རང་བཞིན་རྣམ་དག་གི་ཡེ་ཤེས་དང་རྫས་དབྱེར་མེད་གཅིག་ཏུ་འདྲེས་པ་ཡིན་ལ། དེའི་ཚེ་སངས་རྒྱས་ཀྱིས་ནི་རང་སྣང་གི་རྒྱུ་རྒྱུད་དང༌། སེམས་ཅན་གྱི་རྒྱུ་རྒྱུད་རྫས་ཐ་དད་དུ་མེད་པ་ལ་མེད་པ་ཉིད་དུ་གཟིགས་པའི་ཕྱིར་ཏེ། སངས་རྒྱས་རང་སྣང་ལ་དག་པའི་སྣང་བ་འབའ་ཞིག་ལས་གཞན་མི་སྣང་བའི་ཕྱིར། གཞན་སྣང་ལ་ནི་རང་གི་རྒྱུད་དྲི་མ་དང་བཅས་པ་ཁོ་ནར་སྣང་བས། སངས་རྒྱས་དང་རྒྱུད་གཅིག་ཏུ་འཆར་བ་མ་ཡིན་ནོ། །གཞན་སྣང་ཀུན་ནས་ཉོན་མོངས་ཀྱི་ཆོས་ཇི་སྙེད་པ་ནི་མེ་ལོང་ཡེ་ཤེས་ལ། གཟུགས་བརྙན་གྱི་ཚུལ་དུ་འཆར་བར་ནི་མདོ་སྔགས་ཀུན་ནས་གསལ་ལ། དེ་སུའི་གཟུགས་བརྙན་ཡིན་ན་ནི། གཞན་གྱི་སྣང་བ་གཞན་སེམས་ཉིད་ཀྱིས་བསྡུས་པ་དེའི་འོ། །གཞན་སྣང་དེ་འདྲ་དེ་གཉིས་སྣང་འཁྲུལ་པའི་བག་ཆགས་ལས་བྱུང་བས། དངོས་པོ་ལ་ཡོད་པ་མ་ཡིན་པས། རང་འདྲའི་རྣམ་པ་གཏོད་བྱེད་དངོས་མ་ཡིན་ཡང༌། ཐ་སྙད་རྣམ་འཇོག་གི་ཚེ། དཔེ་སྐྱེས་བུའི་བྱད་བཞིན་ལྟ་བུ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ནི་དཔེ་མེ་ལོང་ལྟ་བུ་དང༌། ཀུན་རྫོབ་ཀྱི་གཟུགས་བརྙན་མཐའ་དག་ནི། དཔེ་བྱད་ཀྱི་གཟུགས་བརྙན་ལྟ་བུ་དང༌། དེ་བྱད་བཞིན་དངོས་མ་ཡིན་ཡང་དེའི་སྣང་ཚུལ་ཤེས་པ་ན་བྱད་བཞིན་དངོས་ཀྱི་ཀུན་རྫོབ་པའི་སྣང་ཚུལ་ཤེས་པ་ལྟར། ཤེས་བྱ་ཇི་སྙེད་པ་མཐའ་དག་གི་གཟུགས་བརྙན་ཡེ་ཤེས་ལ་ཤར་བ་ན། གཞན་སྣང་ཀུན་རྫོབ་དཔེའི་སྣང་ཚུལ་མངོན་སུམ་དུ་མཁྱེན་པ་ཞེས་བྱ་སྟེ། དཔེར་ན། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཁྱེན་ཚུལ་བཞིན་ཏེ། ཇི་སྐད་དུ། དེའི་དབང་གིས་དེ་བཞག་ཕྱིར། །ཞེས་དོན་དང་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་བཤད་པ་དང་ཆ་འདྲ་བ་ནི། ཇི་སྐད་དུ། གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཞེས་བཤད་པ་ལྟ་བུའོ། །མེ་ལོང་ཡེ་ཤེས་ལ་ཤར་བའི་ཤེས་བྱ་ཇི་སྙེད་པའི་གཟུགས་བརྙན་ཐམས་ཅད་ཡེ་ཤེས་དེ་ཉིད་ཀྱིས་བསྡུས་པ་ཡིན་ཏེ། ཇི་སྐད་དུ། གཟུགས་རྣམས་སྣ་ཚོགས་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །ཞེས་གསུངས་སོ། །གཉིས་པ་ནི། བོད་ཕྱི་མ་དག་གསང་འདུས་འཕགས་སྐོར་གྱི་ལམ་རིམ་འཆད་པ་ལ། དབུ་མ་འཇུག་པའི་ལུང་ཚད་མ་བས་ཀྱང་ཆེས་ཚད་མར་གྱུར་པ་ཉིད་དུ་ཁས་བླངས་ནས། ཤེས་བྱ་ཇི་སྙད་པ་མཐའ་དག་སངས་རྒྱས་རང་སྣང་གིས་ཇི་ལྟ་བ་བཞིན་དུ་འཇལ་བར་བཞེད་པ་ནི། གཞུང་དེའི་ལུང་མངོན་སུམ་པ་ལ་བསྙོན་པ་ཡིན་ཏེ། ཇི་སྐད་དུ། འདི་ནི་ཇི་ལྟར་མཐོང་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་པ་ལས་དེ་བཞིན་ནོ། །ཞེས་དང༌། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །སོགས་དང༌། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང༌། །སོགས་དང༌། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །སོགས་དང༌། འགྲེལ་པར། དངོས་པོ་བྱས་པ་ཅན་ལ་མ་རེག་པར། །རང་བཞིན་འབའ་ཞིག་ཐུགས་སུ་ཆུད་པའི་ཕྱིར། །སངས་རྒྱས་སོ་ཞེས་གསུངས་པ་རྣམས་དང༌། ཕན་ཚུན་མི་འགལ་བའི་ཚུལ་སྟོན་དགོས་ཀྱང༌། འཁྱོག་པོར་འཆད་པ་ཁོ་ནའོ། །གཞན་ཡང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་སྣོད་བཅུད་མ་ལུས་པ་འོད་གསལ་དུ་བཅུག་པ་ལ་དགོས་པ་ཅི་ཞིག་ཡོད་ཏེ། མི་སློབ་པའི་སར་ནི་ཆོས་དེ་དག་མངོན་སུམ་དུ་མཁྱེན་ཚུལ་འབད་ནས་བསྒྲུབས་པའི་ཕྱིར། གལ་ཏེ་བདེན་འཛིན་བཟློག་པའི་ཕྱིར་དུའོ། །ཞེ་ན། དེ་ལྟ་ན། ཆོས་དེ་དག་ལ་བདེན་པར་འཛིན་པའི་རྟོག་པ་དང༌། དགག་བྱ་བདེན་གྲུབ་ཉིད་འོད་གསལ་དུ་བཅུག་པས་ཆོག་མོད། ཆོས་ཅན་ཚད་མས་གྲུབ་པ་རྣམས་དེར་བཅུག་པ་ལ་དགོས་པ་ཅི་ཞིག་ཡོད། བདེ་སྟོང་དབྱེར་མེད་དང་རོ་གཅིག་པའི་ཕྱིར་དུའོ་སྙམ་ན་ནི། དེ་ལྟ་ན་མི་སློབ་པའི་སར་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ལས་གཞན་དུ་འཆར་བ་མི་སྲིད་དོ། །གསུམ་པ་ལ་གསུམ་ཏེ། ངོ་བོ་དང༌། གནས་སྐབས་ཀྱི་དབྱེ་བ་དང༌། མཐར་ཐུག་ཤེས་བྱ་མ་ལུས་པ་སངས་རྒྱས་ཀྱི་ཕྲིན་ལས་སུ་འཇོག་པའོ། །དང་པོ་ལ། ངོ་བོ་ནི་གཞན་གྱི་དོན་ཁོ་ནའོ། །བྱེད་པ་པོ་ནི་གནས་ཚུལ་གྱི་སྐུ་གསུམ་པོ་ཉིད་དོ། །ཇི་ལྟར་བྱ་བ་ནི་སྣང་ཚུལ་གྱི་སྐུ་གསུམ་མངོན་དུ་གྱུར་པའི་སྒོ་ནས་ཏེ། སྣང་ཚུལ་གྱི་ཆོས་སྐུ་ནི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་ལུང་གི་ཆོས་རྣམས་སོ། །གང་ལ་འཇུག་པའི་ཡུལ་ནི་སེམས་ཅན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མ་ཞུགས་པ་དང་མི་འཇུག་པ་ནི་འགའ་ཡང་མེད་དོ། །དེ་ལ་གཉིས་ཏེ། ཀུན་རྫོབ་བཏགས་ཡོད་ཀྱི་སེམས་ཅན་དང༌། དོན་དམ་རྫས་ཡོད་ཀྱི་སེམས་ཅན་ནོ། །དང་པོ་ནི། འཇིག་རྟེན་ན། བྱེད་པའི་སྐྱེས་བུ་བཅུ་གཉིས་སུ་གྲགས་པ་རྣམས་ཏེ། འཇིག་རྟེན་དང་མཐུན་པར་ཐ་སྙད་མཛད་བདེ་བའི་ཕྱིར་རོ། །ངེས་པའི་དོན་དུ་ན་དོན་དམ་པ་རྫས་ཡོད་ཀྱི་སེམས་ཅན་ཉིད་ཕྲིན་ལས་ཀྱི་འཇུག་ཡུལ་དུ་ངེས་པ་ཡིན་ཏེ། འཁྲུལ་ངོའི་སྒྲིབ་པ་གང་དུ་གནས་པའི་གཞི་དང༌། འཁྲུལ་མེད་ཀྱི་གཉེན་པོ་གང་དུ་གནས་པའི་ས་དང༌། གནས་གྱུར་གྱི་ས་ཉིད་དུ་འགྲོ་བ་པོ་དང༌། ཟག་མེད་ཀྱི་ཡོན་ཏན་མཐའ་དག་འཛིན་པར་བྱེད་པ་པོ་ནི། དོན་དམ་པའི་སེམས་ཅན་དུ་བཤད་པ་འདི་ཁོ་ན་ལ་ཡོད་པ་ཡིན་གྱི། ཀུན་རྫོབ་འཁྲུལ་པའི་གང་ཟག་ལ་དེ་ལྟ་བུའི་ནུས་པ་མེད་ཅིང༌། སངས་རྒྱས་པ་མི་སྲིད་པས་ན། ཕྲིན་ལས་འཇུག་པ་དོན་མེད་པའི་ཕྱིར་རོ། །དེ་བས་ན། གང་འཇུག་པའི་ཕྲིན་ལས་ཀྱི་དངོས་པོ་ནི། ལམ་རིམ་པ་གཉིས་དང་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ལྟ་བུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་དབྱེར་མེད་དུ་གྱུར་པ་དེའོ། །གང་གིས་འཇུག་པར་བྱེད་པ་པོ་ནི། རང་སྣང་ལ་ཆོས་དབྱིངས་ཡེ་ཤེས་སུ་གནས་ཤིང༌། གདུལ་བྱ་གཞན་སྣང་ལ་ལོངས་སྤྲུལ་གྱི་རྣམ་པ་ཅན་དུ་འཆར་བ་དེས་སོ། །ཇི་ལྟར་འཇུག་པ་ནི། གནས་ཚུལ་ལ་མཉམ་ཉིད་དང་སོར་རྟོག་ཡེ་ཤེས་སུ་གནས་ཤིང༌། སྣང་ཚུལ་ཇི་ལྟ་ཇི་སྙེད་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་གིས་བག་ཆགས་རྒྱུད་ལ་བཞག་པའི་ཚུལ་གྱིས་སོ། །ཡུལ་གང་ལ་འཇུག་པ་ནི། གནས་ཚུལ་བརྗོད་བྱ་དོན་གྱི་རྒྱུད་དུ་གནས་ཤིང༌། སྣང་ཚུལ་སེམས་ཅན་རང་སྣང་ལ་བྱེད་པ་པོའི་བདག་ཏུ་སྣང་བ་དེ་ལའོ། །སྣང་ཚུལ་འདི་ནི་གང་ཟག་ཏུ་སྒྲོ་འདོགས་པའི་དངོས་གྱི་འཁྲུལ་གཞི་དང༌། བརྗོད་བྱ་དོན་གྱི་རྒྱུད་ནི་གང་ཟག་དང་བྱེད་པ་པོར་བརྒྱུད་ནས་འཁྲུལ་པའི་གཞིའོ། །གལ་ཏེ། རྣམ་བྱང་ཕྱོགས་ཀྱི་བྱ་བ་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་ཆོས་དབྱིངས་ཡེ་ཤེས་ལ་འཇོག་ན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བྱེད་པོ་དང་མྱོང་པོ་ཡང་དེ་ལྟར་ཁས་ལེན་ནམ། ཞེ་ན། མ་ཡིན་ཏེ། འཁྲུལ་སྣང་མ་ལུས་པའི་བྱེད་པ་པོ་དང་མྱོང་བ་པོ་ནི། འཁྲུལ་པ་པོ་གང་ཡིན་པ་དེ་ཉིད་ཀྱིས་བྱེད་དགོས་ཀྱི། འཁྲུལ་མེད་དོན་དམ་པའི་སེམས་ཅན་ནི། མཐོ་རིས་སུ་ཟག་བཅས་ཀྱི་བདེ་བ་མྱོང་པོར་ཡང་མི་འཇོག་ན། ངན་སོང་གི་སྡུག་བསྔལ་མྱོང་བ་པོ་མ་ཡིན་པ་ལྟ་ཅི་སྨོས། གཉིས་པ་ནི་གནས་སྐབས་སུ་མཛད་པ་པོ་སངས་རྒྱས་ཉིད་དང༌། དེ་ལས་བྱུང་བའི་མཛད་པ་དག་དང༌། དེ་ལའང་འབྲས་བུ་མངོན་མཐོ་དང༌། ངེས་ལེགས་ཀྱི་དབྱེ་བས། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང༌། དེ་ལའང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་དང༌། བསོད་ནམས་ལའང་གྲུབ་མཐའ་ལ་ཞུགས་པ་དང་མ་ཞུགས་པའི་དབྱེ་བས་གཉིས་དང༌། དེ་ལའང་ཕྱི་རོལ་པ་དང་ནང་པའི་དབྱེ་བས་གཉིས་དང༌། དེ་ལའང་སངས་རྒྱས་རང་སྣང་གི་དང༌། གདུལ་བྱ་གཞན་སྣང་གི་དབྱེ་བས་གཉིས་དང༌། རང་སྣང་ལ་སངས་རྒྱས་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་ཐམས་ཅད་ཀྱི་ཡིན་པས་དབྱེ་བ་མེད་པ་དང༌། གཞན་སྣང་ལ་ཞིང་དང་འཁོར་སོགས་ཐ་དད་པ་ཉིད་དུ་ངེས་པ་ལྟ་བུར་སྣང་བ་རྣམས་སོ། །གསུམ་པ་ནི། དྲང་དོན་དུ། སྤྲུལ་སྐུའི་ཕྲིན་ལས་མཛད་ཚུལ་དང༌། ངེས་དོན་དུ་ཆོས་སྐུའི་ཕྲིན་ལས་མཛད་ཚུལ་གཉིས་ལས། དང་པོའི་དབང་དུ་བྱས་ན། ཐར་པ་རྒྱུ་འབྲས་ཀྱི་ཕྱོགས་སུ་གཏོགས་པ་རྣམས་ཁོ་ནར་མ་ཟད། འཁོར་བ་རྒྱུ་འབྲས་ཀྱི་ཕྱོགས་སུ་གཏོགས་པ་མཐའ་དག་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་སུ་ཁས་ལེན་དགོས་པ་ཡིན་ཏེ། རྒྱུ་འཁོར་བ་མེད་ན་འབྲས་བུ་སངས་རྒྱས་མི་འབྱུང་བ་དང༌། སྤྲུལ་སྐུ་གང་དུ་བཞུགས་པའི་ཞིང་དེ་ན་ཡོད་པའི་སྣོད་བཅུད་མ་ལུས་པ་ཡང༌། སངས་རྒྱས་དེས་སྔོན་ཞིང་དག་པའི་སྦྱོར་བ་བསྒོམས་པའི་མཐུ་ལས་བྱུང་བའི་ཕྱིར་དང༌། ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པ་ནི། འཁོར་བ་རྒྱུན་མི་ཆད་པ་དང་ལྷུན་གྱིས་གྲུབ་པ་ལ་རག་ལས་པའི་ཕྱིར་དང༌། ཚེ་གཅིག་གིས་སངས་རྒྱས་བསྒྲུབ་པ་དག་ལ་ནི། ཐབས་ལ་མཁས་པས་འཁོར་བ་རྒྱུ་འབྲས་ལམ་དུ་བྱེད་པ་ལ་ངེས་པར་རག་ལས་པའི་ཕྱིར། ངེས་དོན་ཆོས་སྐུའི་འཕྲིན་ལས་ཀྱི་དབང་དུ་བྱས་ན། སངས་རྒྱས་ཀྱི་ཕྲིན་ལས་སུ་མ་གྱུར་པའི་ཤེས་བྱ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཀྱི་སྐུའི་གཟིགས་ངོར་ནི་མ་དག་པའི་སྣང་བ་མི་འཆར་ཞིང༌། དག་པའི་སྣང་བ་ལ་ནི། ཆོས་སྐུ་མ་ལུས་པའི་ཕྲིན་ལས་ཀྱི་ཁྱབ་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་པའོ། །གསུམ་པ་འཇུག་གི་དོན་ལ་གསུམ་སྟེ། རྣམ་བཤད་འདིའི་ལུས་དུ་ཞིག་ཡིན་པ་ངོས་གཟུང་ནས་མིང་དོན་བཤད་པ་དང༌། བརྩམས་པའི་དགེ་བ་ཟུང་འཇུག་ཏུ་བསྔོ་བ། གང་གིས་ཇི་ལྟར་བརྩམས་པའི་ཚུལ་བཤད་ནས་གོང་མ་དག་གི་དགོངས་པ་ཡོངས་སུ་གང་བར་བསྔོ་བའོ། །དང་པོ་ལ་རྣམ་བཤད་འདིའི་ལུས་རྣམ་པར་བཞག་པ་ནི་བདུན་ཏེ། བསྟན་པ་ཡོངས་རྫོགས་ཀྱི་ཆོས་འཁོར་གསུམ་རྣམ་པར་བཞག་པ་རིན་པོ་ཆེའི་གཏེར་མཛོད། རྡོ་རྗེ་ཐེག་པའི་བརྗོད་བྱ་དོན་གྱི་རྒྱུད་ངོས་གཟུང་ནས་ཨེ་ཝཾ་རྣམ་པར་བཞག་པ་རིན་པོ་ཆེའི་གཏེར་མཛོད། སྦྱང་གཞི་སྦྱང་བྱ་སྦྱོང་སྦྱངས་འབྲས་གནས་གྱུར་གྱི་རྣམ་གཞག་རིན་པོ་ཆེའི་གཏེར་མཛོད། ཕར་ཕྱིན་དང་སྔགས་ཀྱི་དབུ་མ་མ་འདྲེས་པར་ཕྱེ་ནས་འདིར་སྔགས་ཀྱི་དབུ་མ་རྣམ་པར་བཞག་པ་རིན་པོ་ཆེའི་གཏེར་མཛོད། ཀུན་རྫོབ་ཀྱི་སྣང་ཚུལ་འཁྲུལ་པར་བསྟན་ནས་གཞི་འབྲས་ཀྱི་ཟུང་འཇུག་དོན་དམ་གཅིག་པུར་ངེས་པའི་གཏེར་མཛོད། སྲིད་པར་སྐྱེ་བའི་རིམ་པ་ཁོ་ན་སྦྱངས་པས་སྣོད་བཅུད་མཐའ་དག་སྦྱོང་ནུས་པ་རིན་པོ་ཆེའི་གཏེར་མཛོད། སྲིད་པར་འཆི་བའི་རིམ་པ་ཁོ་ན་སྦྱངས་པས་སྣོད་བཅུད་མཐའ་དག་སྦྱོང་ནུས་པ་རིན་པོ་ཆེའི་གཏེར་མཛོད་དོ། །དེ་ལྟར་གཏེར་མཛོད་བདུན་པོ་རེ་རེའི་ནང་དུ་འཇུག་པ་ལ་ཆོས་ཀྱི་སྒོ་མི་འདྲ་བ་གསུམ་གསུམ་དུ་ཕྱེ་བས་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གཅིག སྒོ་རེ་རེ་ཕྱེ་བའི་ནང་དུ་ཡང་མཚན་མི་འདྲ་བ་གསུམ་གསུམ་འཆར་བའི་དངུལ་དཀར་གྱི་རྔ་བོ་ཆེ་གསུམ་ཚན་དུ་སྦྱར་བས་གྲུབ་མཐའི་རྣམ་དབྱེ་དྲུག་ཅུ་རྩ་གསུམ་དུ་བཤད་པ་དང༌། དེ་ལྟར་བཤད་པའི་གྲུབ་དོན་དུ་འབྲས་བུ་སངས་རྒྱས་ཀྱི་ས་དང༌། ཕྲིན་ལས་ཀྱི་ངོས་འཛིན་དམ་བཅར་བཞག་པ་སུམ་ཅུ་སོ་བདུན་ཏེ་ལུས་བརྒྱ་ཐམ་པར་ཚང་བ་ལ་འཁྲུལ་པ་མེད་དོ། །གཉིས་པ་ནི། དེ་ལྟར་ཐོག་མ་མེད་དུས་ནས། །རང་རིག་རང་གསལ་གཅིག་པུ་ཉིད། །ཟུང་དུ་འཇུག་ཕྱིར་རྣམ་ཤེས་ལ། །གང་སྣང་འཁྲུལ་པར་འདིས་རྟོགས་ཤོག །གཞི་དུས་ཟུང་འཇུག་འདིར་གོ་ནས། །འབྲས་བུའི་དུས་ཀྱི་ཟུང་འཇུག་ལ། །ཚེ་གཅིག་གིས་འཇུག་རིམ་ཀུན་ཡང༌། །དོན་དམ་གཅིག་པུར་འདིས་རྟོགས་ཤོག །གཞི་ལམ་འབྲས་བུའི་དུས་ཀུན་ཏུ། །དོན་དམ་བདེན་པ་ཉག་གཅིག་ལས། །ཆོས་གཞན་འགའ་ཡོད་མིན་པ་ནི། །ཟུང་འཇུག་ཉིད་དུ་འདིས་རྟོགས་ཤོག །ཇི་སྲིད་ཆོས་དང་གང་ཟག་ཏུ། །ཚུལ་མིན་ཡིད་བྱེད་མ་སྤངས་པ། །དེ་སྲིད་ཡང་དག་མིན་རྟོག་ལ། །འཁྲུལ་སྣང་འཆར་བར་འདིས་རྟོགས་ཤོག །གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་མངོན་དུ་མ་བྱས་པ། །དེ་སྲིད་ཀུན་རྫོབ་དམ་པའི་དོན། །ཟུང་དུ་འབྲེལ་བར་འདིས་རྟོགས་ཤོག །དམ་པའི་དོན་ཡང་མཚན་འཛིན་ལས། །ཇི་སྲིད་མ་གྲོལ་དེ་སྲིད་དུ། །ཀུན་རྫོབ་ཉིད་ལས་མ་འདས་ཕྱིར། །སྒྱུ་མར་འཛིན་པ་ལས་གྲོལ་ཤོག །མཚན་འཛིན་མ་ལུས་ཡེ་ཤེས་ཀྱི། །མེ་ཆེན་འབར་བས་སྲེགས་ཟིན་ནས། །ཀུན་རྫོབ་སྣང་བ་ཅི་ཤར་ཡང༌། །དོན་དམ་ཁོ་ནར་འདིས་རྟོགས་ཤོག །དམ་པའི་དོན་ལ་མཚན་འཛིན་གྱི། །སྤྲོས་པ་མ་ལུས་བཀག་ཤུལ་དུ། །དོན་དམ་བདེན་གཅིག་ཡེ་ཤེས་ལ། །རྣམ་རོལ་སྣང་ཚོགས་དུ་འཆར་ཤོག །གསུམ་པ་ནི། དཔལ་གསང་བ་འདུས་པའི་ལམ་རིམ་པ་གཉིས་ཀྱི་རྣམ་པར་བཤད་པ་རིན་པོ་ཆེའི་གཏེར་མཛོད་བདུན་པ་ཞེས་ཀྱང་བྱ། རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གཅིག་པ་ཞེས་ཀྱང་བྱ། རང་གཞན་གྲུབ་མཐའི་ཤན་འབྱེད་དྲུག་ཅུ་རྩ་གསུམ་པ་ཞེས་བྱ་བ་འདི་ནི། ཆོས་ཚུལ་འདི་ལ་ལྷག་པར་མོས་ཤིང་ཉམས་སུ་ལེན་པའི་བཤེས་གཉེན་གུ་གེ་ཤ་ཝཾ་པ་རྣམ་རྒྱལ་གྲགས་པ་བཟང་པོས་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྗེ་བླ་མ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ཡབ་སྲས་རྣམ་པ་ལྔ་ལས། འཕགས་སྐོར་གྱི་དབང་ལུང་བཤད་པ་མན་ངག་རྣམས་རྫོགས་པར་ཐོས་ཤིང༌། རྒྱལ་སྲས་ཀུན་དགའ་དབང་ཕྱུག་པའི་ཞལ་སྔ་ནས། ཡེ་ཤེས་ཞབས་ལུགས་ཀྱི་དབང་ལུང་ཉེ་བར་ཐོབ་པའི་བཀའ་དྲིན་གྱིས། རྗེ་བཙུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་གང་བར་གྱུར་ཅིག་པའི་བསམ་པ་ཉེ་བར་བཞག་ནས། རང་ལོ་དོན་བདུན་པ་ཤིང་ཕོ་བྱ་བའི་ཆོ་འཕྲུལ་ཅན་གྱི་ཡར་ཚེས་དགའ་བ་གསུམ་པ་ལ་ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ཆེན་པོར་རྫོགས་པར་གྲུབ་པའི། ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་པའོ།།  །།མངྒ་ལཾ། བྷ་ཝནྟུ།།  ༈  །།དཔལ་གསང་བ་འདུས་པའི་རྣམ་བཤད་ཀྱི་རང་ལུགས་འཇོག་མཚམས་སོ་བདུན་པ་ཞེས་བྱ་བ་དཔལ་མི་བསྐྱོད་རྡོ་རྗེའི་ཞབས་ཉིད་ལ་གུས་པས་ཕྱག་འཚལ་ལོ། །བསྟན་པ་ཡོངས་རྫོགས་ཀྱི་ངེས་དོན་མཐར་ཐུག་ནི་བདེན་གཉིས་ཟུང་འཇུག་ཏུ་ངེས། ཟུང་འཇུག་གི་གོ་དོན་གཉིས་སུ་མེད་པར་ངེས། གཉིས་མེད་ཀྱི་གོ་དོན་དོན་དམ་པའི་བདེན་པ་གཅིག་པུར་ངེས། གཅིག་པུ་དེ་བློའི་ཡུལ་ལས་འདས་པ་དབུ་མ་ཐལ་རང་གི་ལུགས་ཏེ་འཇམ་པའི་དབྱངས་ཀྱིས་གསུངས། གཅིག་པུ་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་བཞེད་པ་རྣམ་རྫུན་དབུ་མའི་ལུགས་ཏེ་རྗེ་བཙུན་བྱམས་པས་གསུངས། གཅིག་པུ་དེའི་ངོས་འཛིན་ཞེན་བློས་དག་པའི་རང་བཞིན་ལྷན་སྐྱེས་ལ་བཞེད་པ་སྔགས་ཀྱི་དབུ་མའི་ལུགས་ཏེ་རྡོ་རྗེ་འཆང་གིས་གསུངས། དེ་ལ་ལྡོག་པས་ཕྱེ་ན་རང་བཞིན་རྣམ་དག་གཞི་དུས་ཀྱི་དབུ་མ་དང༌། གློ་བུར་རྣམ་དག་འབྲས་དུས་ཀྱི་དང༌། ཕྱོགས་རེས་དག་པ་ལམ་དུས་ཀྱི་དང་གསུམ་ཡོད་ཀྱང༌། རྟོགས་བྱེད་ཀྱི་ཐབས་སྔགས་ལམ་གྱིས་མ་བྱས་ན་སྔགས་ཀྱི་དབུ་མར་མི་རུང༌། ཕར་ཕྱིན་པའི་ལུང་རིགས་ཀྱིས་ཕུ་ཐག་བཅད་ཟེར་བའི་དབུ་མ་དེ་དོན་སྤྱི་དང་གཞན་སེལ་ཙམ་ལས་མ་འདས། སྔགས་ལམ་དུ་ཀུན་རྫོབ་རང་སྟོང་གི་ལྟ་བ་དང་དོན་དམ་གཞན་སྟོང་གི་སྟོང་ཉིད་གང་ཡིན་ཀྱང་ཡེ་ཤེས་ཉིད་ལ་ངོས་འཛིན་དགོས། ཡེ་ཤེས་དེའི་དངོས་པོ་རང་སྟོང་དུ་ཁས་བླངས་ན་སྔགས་ཀྱི་ཉམས་ལེན་འཇིག་པས་ན། ཐེག་པ་ཆེན་པོའི་དབུ་མ་གཉིས་ཀྱི་རང་ལུགས་སོ་སོར་ཤན་ཕྱེད་དགོས་སོ། །ཞེས་བྱ་བ་ནི་བཅུ་ཚན་དང་པོའོ། །ཐལ་རང་གི་དབུ་མར་ནི་ཆོས་གང་ཡང་གདོད་མ་ནས་ཡོད་མ་མྱོང༌། དེའི་ཚེ་ཐོས་བསམ་གྱི་རིགས་པས་བཙལ་བས་མི་རྙེད། དེའི་ཕྱིར་གང་ཡང་ཡོད་པ་མ་ཡིན། མེད་པའང་མིན། ཡོད་མེད་གཉིས་ཀ་མ་ཡིན་པ་ནི་ཡོད་མེད་གཉིས་ཀ་ཡིན་པ་ལ་ལྟོས་ནས་འཇོག་པའི་ཕྱིར། ཕྱོགས་གཅིག་ཁས་མི་ལེན་པའི་ཚེ་འགལ་ཟླ་གཅིག་ཤོས་ཀྱང་ཁས་མི་ལེན། དེ་ལྟ་བུའི་མཐའ་བྲལ་དེ་རྟོགས་པའི་མངོན་སུམ་མི་སྲིད། སྒྲ་རྟོག་གིས་ཡུལ་དུ་གང་བྱས་གཞན་སེལ་ལས་མ་འདས་པའི་ཕྱིར་དོན་དམ་བདེན་པར་མི་རུང༌། ཐ་སྙད་དུ་དོན་དམ་བདེན་པའི་མཚན་གཞིར་གང་གཟུང་བ་དེས་དོན་དམ་བདེན་པའི་གོ་མི་ཆོད། དེ་ལྟ་བུའི་མཐའ་བྲལ་དེ་སྔགས་ལམ་གྱི་ཚེ་མཚན་འཛིན་སེལ་བྱེད་དུ་རུང་ཡང་མཉམ་གཞག་ཉམས་ལེན་ལ་སྦྱར་ན་སྐྱེད་རྫོགས་ཀྱི་ལམ་འཇིག་པར་བྱེད། ཐལ་རང་གི་ལྟ་བའི་འཇོག་ཚུལ་མེད་པར་དགག་པ་ཉིད་དུ་གནས། དབང་བཞི་པའི་ལྟ་བས་ཐལ་རང་པའི་མཐའ་བྲལ་ཡུལ་དུ་བྱེད་ན་མཚན་མར་འཛིན་པ་ལས་མ་འདས་སོ། །ཞེས་བྱ་བ་ནི་བཅུ་ཚན་གཉིས་པའོ། །གསང་སྔགས་བླ་མེད་ཀྱི་བརྗོད་བྱ་དོན་གྱི་རྒྱུད་ནི། གཞི་གདོད་མ་ནས་ཡོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པ་དེ་ལ་ངོས་འཛིན། མིང་གི་རྣམ་གྲངས་དང་པོའི་སངས་རྒྱས། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཆོས་དབྱིངས་ཡེ་ཤེས་དང་ཨེ་ཝཾ་ཞེས་བྱ། འདི་ནི་ཡུལ་ཅན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འཆད་ཀྱི་ཡུལ་གྱི་སྤྲོས་བྲལ་དུ་མི་འཆད། སྐྱེད་རྫོགས་མཐའ་དག་གི་སྒྲུབ་གཞི་དང་སྒྲུབ་པ་པོ་འདི་ལས་གཞན་ན་མེད་ཅིང༌། སྤང་བྱ་མཐའ་དག་གི་སྦྱང་གཞི་དང་གནས་དང་ཡོན་ཏན་མཐའ་དག་དབྱེར་མེད་དུ་འཇུག་པའི་གཞི་འདི་ཁོ་ནར་ངེས། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་བཏགས་པའི་གང་ཟག་སྒྲུབ་པ་པོར་ཁས་བླངས་ན་མུ་སྟེགས་དང་ཁྱད་མེད་དུ་སོང༌། སྦྱང་གཞི་སྦྱོང་བ་དང་སྤང་བྱ་སྤོང་བའི་ཁྱད་པར་ཤེས་ན་མཐར་ཐུག་གི་སྤངས་རྟོགས་མངོན་དུ་བྱེད་ཚུལ་གོ་ནུས། ཟག་བཅས་ཀྱི་ཕུང་སོགས་སུ་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་ཕུང་སོགས་ཀྱི་དངོས་པོ་ཁས་མི་ལེན་པ་དེའི་ཚེ་ཕྱིར་བལྟ་དྲི་མའི་ཆ་ནས་སྦྱང་བྱ་དང༌། ནང་བལྟ་རང་རིག་གི་ཆ་ནས་སྦྱང་གཞིར་འཇོག་པའི་ཤན་ཕྱེད་དགོས། གསང་བ་འདུས་པའི་ལམ་གྱིས་ཚེ་གཅིག་ལ་སངས་རྒྱས་འགྲུབ་པ་འཛམ་བུ་གླིང་པའི་མིའི་ལུས་རྟེན་སྐྱོན་དང་བྲལ་བ་ཁོ་ནར་ངེས། དེ་ལྟར་སངས་རྒྱས་པའི་ཚེ་ཞིང་དེ་སངས་རྒྱས་རང་དང་ས་བཅུ་པའི་བྱང་སེམས་ཀྱི་རང་སྣང་ལ་འོག་མིན་ཁོ་ནར་ངེས། ཆོས་དང་འཁོར་གྱི་ངེས་པ་གདུལ་བྱ་གཞན་སྣང་ལ་འབྱེད། རང་རེའི་སྟོན་པ་འོད་གསལ་གྱི་རིམ་པས་དེ་མ་ཐག་ཏུ་སངས་རྒྱས་པར་བཤད་པ་དེ་སྒྱུ་མའི་སྐུ་མཐར་ཕྱིན་པ་དང༌། བསོད་ནམས་ཀྱི་ཚོགས་རྫོགས་ཟིན་པ་ལྷན་ཅིག་པར་བྱུང་བ་ལ་དགོངས་སོ། །ཞེས་བྱ་བ་ནི་བཅུ་ཚན་གསུམ་པའོ། །རྡོ་རྗེའི་ཐེག་པར་ནི་གཞི་འབྲས་གཉིས་སུ་དོན་དམ་པའི་བདེན་པ་འབའ་ཞིག་ཡོད་ཀྱི་གཅིག་ཤོས་ཡོད་པར་མི་འཆད་ཅིང་དབུ་མ་ཐལ་འགྱུར་བས་ནི་དུས་དེར་དེ་ཡང་མི་འདོད་ཀྱི་སྟོང་ཉིད་འབའ་ཞིག་པའོ་ཞེས་འཆད། ལུགས་དེ་གཉིས་ཀས་ཀྱང༌། ཇི་སྲིད་གློ་བུར་བ་གཉིས་སྣང་འཁྲུལ་པའི་བག་ཆགས་མ་སྤངས་པ་དེ་སྲིད་དུ་ཀུན་རྫོབ་ཏུ་བདེན་པ་དག་ནི་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་ལེན་ཅིང་དེའི་འབྲས་བུ་བསོད་ནམས་ལས་ནི་གཞན་སྣང་ལ་ལོངས་སྐུའི་སྣང་བ་འཆར། ལུགས་འདིར་ཐུན་མོང་མ་ཡིན་པའི་སྒྱུ་མ་ནི་སྒྲུབ་པའི་གཞི་དོན་དམ་པ་ལས་བསྒྲུབས་པ་ཡིན་ཀྱང་ཡུལ་ཅན་རྟོག་པར་སོང་བའི་དབང་གིས་ཀུན་རྫོབ་བདེན་པར་འཆད་དགོས། རྟོག་པ་དེ་ཙམ་ཞིག་འོད་གསལ་བའི་མེས་བསྲེགས་པ་ན་སྒྱུ་མ་ནི་ཟུང་འཇུག་དོན་དམ་པའི་བདེན་པ་འབའ་ཞིག་པར་ལྷུན་གྱིས་གྲུབ། སྐྱེད་རྫོགས་ཀྱི་སྒྲུབ་པ་པོ་ཆོས་དབྱིངས་ཡེ་ཤེས་ཉིད་དེ་དག་གི་ལྷར་འཆར་བ་ཡིན་གྱི། ལྷའི་གཟུང་རྣམ་འཆར་མཁན་གྱི་སྒྲུབ་པ་པོའི་རྟོག་པ་ལོགས་ན་ཡོད་ཟེར་བ་འཁྲུལ། སངས་རྒྱས་ཀྱི་སེམས་ཅན་གྱི་སེམས་ལ་ཀུན་རྫོབ་ཀྱི་འཆར་ཚུལ་མཁྱེན་པ་ནི་སེམས་ཅན་དེ་དག་གི་རང་སྣང་ལས་ཡིན་གྱི། རྣམ་ཤེས་ཀྱི་དངོས་པོ་སྣང་བར་འཆད་པ་མ་ཡིན། རྣལ་འབྱོར་དབང་ཕྱུག་གི་གསུང་ནས་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་པ་ཉིད་དུ་འཆད་པ་དེ། ཤེས་བྱ་མཐའ་དག་པའི་རང་བཞིན་རྣམ་དག་གི་ཡེ་ཤེས་གཅིག་ཉིད་ཡིན་པ་ལ་དགོངས་ཏེ། དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་ཕྲིན་ལས་ཇི་སྙེད་པ་སེམས་ཅན་ལ་འཇུག་ཏུ་རུང་བ་ཡིན། ཞེས་བྱ་བ་ནི་གྲུབ་པའི་དོན་བདུན་མཚན་གཅིག་ཁ་བསྐང་སྟེ་བཤད་པས་གསང་བ་འདུས་པའི་རྣམ་བཤད་རིན་པོ་ཆེའི་གཏེར་མཛོད་བདུན་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་བརྗོད་བྱའི་དོན་གྱི་རྣམ་གྲངས་བརྒྱ་ཐམ་པ་གོ་བདེ་བར་ངོས་གཟུང་བ་ཡིན་ཏེ། རྣམ་བཤད་དཀྱུས་མ་ཉིད་ཀྱི་ནང་ན་བོད་སྔ་མ་དང་ཕྱི་མ་ཞེས་པའི་ཚིག་གིས་ཟིན་པ་དྲུག་ཅུ་རེ་གསུམ་ཡོད་དོ། །སྨྲས་པ། རང་གཞན་གྲུབ་མཐའ་སོ་སོ་བའི། །སྐྱེ་མཆེད་ཆ་ཤས་མ་ཉམས་པ། །གསལ་པོར་འཆར་བའི་དངུལ་དཀར་གྱི། །མེ་ལོང་གཡའ་དང་སྒྲིབ་བྲལ་བ། །ལྟ་འདོད་ཡོད་དམ་ཕྱིས་འབྱོན་པའི། །སྦྱངས་ལྡན་རྣམ་དཔྱོད་གསལ་པོ་དང༌། །ཞེན་པས་ཞུགས་མིན་འགས་མཐོང་ན། །ཐལ་མོ་ལན་བརྒྱར་སྦྱོར་མིན་ནམ། །དབུ་མའི་གཞུང་ལུགས་ལོག་བློ་ཡིས། །སྦྱར་བའི་གཟན་ཟེར་འཕྱོར་ཆས་སུ། །བྱེད་པོས་རང་གཞན་གསང་སྔགས་ཀྱི། །ཤན་འབྱེད་ཟེར་བ་གད་མོའི་གནས། །འདིར་བཤད་ཉུང་ངུའི་ལྡེ་མིག་གིས། །གསང་བ་འདུས་པའི་ཆོས་ཀྱི་སྒོ། །བརྒྱ་ཕྲག་འབྱེད་དོ་ཡིད་ཆེས་པར། །བཞེད་ན་གཞུང་ལུགས་མང་དུ་ལྟོས། །ཞེས་ཀྱང་རྗེས་སུ་སྦྱར་བ་ཡིན། །ཤུ་བྷཾ། །སྭ་སྟི། རྒྱལ་བའི་སྐུ་གསུང་ཐུགས་ཡེ་ཤེས། །མི་ཕྱེད་གསང་ཀུན་འདུས་པའི་དངོས། །ཡ་མཚན་སྒྱུ་མའི་གར་གྱིས་ནི། །གྲུབ་པ་མ་ལུས་སྦྱིན་མཛད་པོ། །དཔལ་ལྡན་འདུས་པའི་ཕྱོགས་རེ་ཙམ། །བཟུང་བས་ཀུན་ལ་བསྙེངས་བྲལ་ཞེས། །འཕགས་ཡུལ་གྲགས་པའི་རྔ་སྒྲ་ཅན། །ཀུན་གྱི་གཙུག་རྒྱན་ནོར་བུས་ལེན། །གངས་ཅན་ལྗོངས་སུ་ལྷ་བཙན་པོའི། །དད་པའི་ཕོ་ཉས་སྤྱན་འདྲོངས་པ། །སྔ་འགྱུར་ཐེག་པའི་ལམ་སྲོལ་དང༌། །ཕྱིས་འགྱུར་ཀུན་གྱིའང་ཐོག་མར་བྱོན། །དེ་ནས་མར་འགོས་ལོ་ཙཱ་ཡི། །གཡོ་མེད་ཤིང་རྟས་འདིར་དྲངས་པ། །ཀུན་ཚང་མཛོད་བཟུང་རིན་ཆེན་གྲུབ། །དེ་སྲས་གཞོན་ནུས་ཡེ་ཤེས་ཀྱི། །མཚན་ཅན་ལ་འཕོས་སྲོལ་ཀུན་དང༌། །ཁ་ཆེ་པ་ལས་ཕྱིས་བྱོན་པའི། །དབང་དང་གདམས་པ་ཀུན་ཚང་བ། །རབ་བཟུང་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྒྱུར་ཀུན་དགའི་ཉི་མ་ཡིས། །གསང་འདུས་བསྟན་པའི་ཐུན་མཚམས་ཡང༌། །ཉིན་བྱེད་བཟང་པོར་མཛད་གང་གིས། །གངས་ཅན་ལྗོངས་སུ་ཕྱིས་འབྱོན་པའི། །མང་ཐོས་གྲགས་པ་གསལ་ལྡན་འགའ། །སྔགས་གཞུང་ཀུན་ལས་འདུས་པའི་ལམ། །ཁྱད་འདོན་བསྒྲུབ་པའི་དལ་བ་ཡིས། །ཐེག་ཆེན་གཞུང་ཀུན་མ་བཤད་དང༌། །བཤད་ཆེས་པ་དང་ལེགས་པར་ནི། །བཤད་ལས་གཞན་དུ་བརྩམས་གཟིགས་ནས། །ཀུན་གྱི་ཤན་འབྱེད་འཁྲུལ་མེད་དུ། །རྒྱས་པར་མཛད་དོ་ལྷག་མའི་ཁུར། །དངོས་སློབ་རྣམ་དཔྱོད་ཐོས་པ་ཅན། །ཀུན་ལ་གཞག་ཕྱིར་གང་འདིས་ཀྱང༌། །སྔོན་རབས་རྒྱུད་པའི་གཞུང་བཙུགས་ནས། །རིན་ཆེན་གཏེར་མཛོད་བདུན་གྱི་དངོས། །ཞལ་མཐོང་སྩོལ་བའི་རྣམ་ཐར་སྒོ། །ཉི་ཤུ་རྩ་གཅིག་འདིར་ཕྱེ་བས། །ཕྱིས་བྱུང་གཏམ་གྱི་སྒོ་བརྒྱ་ཤེས། །སྒོ་མངས་དེ་དག་གང་ཕྱེ་ཡང༌། །འདུས་པའི་གཙུག་ལག་ཁང་མི་མཐོང༌། །རྗེ་བཙུན་གོང་མའི་གཞུང་འཛུགས་ཞེས། །དུས་འདིར་ཟེར་བ་གཞན་མང་པོས། །འབེལ་གཏམ་གཅིག་ནས་གསུམ་སྦྲེལ་ཚེ། །གཞན་ཟེར་གཏམ་གྱི་སྒོར་ཞུགས་ནས། །གཏམ་དེ་རང་གཞུང་རྒྱན་དུ་འཛིན། །དཔྱོད་ཅན་ཐོས་ལྡན་འགའ་ཡོད་དམ། །རང་གཞན་གྲུབ་མཐའི་སྒོ་དབྱེ་བ། །མཚར་དུ་དངར་བའི་བསྟན་བཅོས་འདི། །པར་དུ་གང་གྲུབ་བདག་པོའི་རྐྱེན། །བསྟན་འཛིན་བཀྲ་ཤིས་རྒྱལ་མོའི་མཚན། །པར་ཤིང་གཏིང་ཁེབས་རྫོང་ཆེན་པས། །མཛད་དོ་འདྲི་པོ་བསྲུངས་མ་དཔལ། །མཁས་པའི་གྲགས་ཐོབ་ཆོས་དཔལ་ལྡན། །དོན་ཀུན་གྲུབ་དང་གུ་རུ་སྐྱབས། །ཆོས་འདི་པར་དུ་ལེགས་གྲུབ་པ། །སྐབས་དེར་ཡོན་གྱི་བདག་པོ་མཆོག །ཆབ་སྲིད་འཇམ་དར་རྒྱས་པ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །རྒྱུ་ཚོགས་སྦྱོར་དང་སྒོ་གསུམ་གྱི། །རིག་བྱེད་སྒྲིན་འགྲུས་རྣམ་དག་པ། །ཀུན་ལ་མཆོག་དང་ཐུན་མོང་གི །གྲུབ་པའི་དངོས་ཀུན་དེང་འདིར་སྩོལ།།  །།སྭ་སྟི། ཕྱི་ནང་གཞན་གསུམ་འབྱོར་པའི་མན་ངག་གི་བསྟན་བཅོས་རིན་ཆེན་གཏེར་མཛོད་གསུམ་པ་ཅེས་བྱ་བ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་ཡོད་པ་མ་ཡིན་མོད། །ཕྱི་ནང་གཞན་གསུམ་ཞེས་བྱ་བ། །བདེན་པ་གཉིས་ལས་རབ་ཏུ་ཕྱེད། །ལས་དང་ཉོན་མོངས་ལས་བྱུང་པའི། །ཕྱི་ནང་ཀུན་རྫོབ་བདེན་པ་སྟེ། །གཞན་ནི་རང་བཞིན་གློ་བུར་གྱིས། །རྣམ་དག་དོན་དམ་བདེན་པའོ། །ཐོག་མར་ཕྱི་ནང་སྦྱར་བཤད་ནས། །དེ་དང་གཞན་སྦྱོར་ཚུལ་རྗེས་འཆད། །འཇིག་རྟེན་མུ་མེད་ལ་སོགས་པ། །ཕྱིའི་དབང་གིས་ནང་བྱུང་ཞེས། །ཟེར་མོད་ནང་ལས་ཕྱི་འབྱུང་བར། །ཐེག་ཆེན་པ་རྣམས་ཕལ་ཆེར་མཐུན། །དེ་ཡང་ཀུན་གཞིའི་སྟེང་དུ་ནི། །འཁོར་བའི་ཕྱོགས་ཀྱིས་ཆོས་རྣམས་ཀྱི། །ས་བོན་བསགས་པ་སྨིན་པ་ལས། །ཁམས་དྲུག་ལྡན་པའི་སྐྱེས་བུ་བྱུང༌། །དེ་ཡང་མི་ཉིད་ཀྱིས་དབང་བྱས། །མི་ལུས་འདོམ་གང་གྲུ་བཞི་པའི། །དཔངས་ལས་འཇིག་རྟེན་འབུམ་ཕྲག་བཞི། །རྒལ་ཚིགས་ངོ་བོར་སྣང་བ་ཡི། །བག་ཆགས་སྨིན་ལས་རི་རབ་ཀྱང༌། །སྣང་ངོ་མགོ་འོག་ལུས་ཚུད་པའི། །དོན་སྣོད་བརྟེན་པར་བཅས་པ་ཡི། །བག་ཆགས་དབང་ལས་རི་མཚོ་གླིང༌། །དྲུག་ཚན་གསུམ་པོའང་སྦས་ཏེ་སྣང༌། །ལུས་ལ་རྩའི་གཙོ་མོ་གསུམ། །གནས་པས་འཁོར་འདས་གཉིས་འབྱུང་ཞིང༌། །འཁོར་བ་གཟུང་དང་འཛིན་པ་སྟེ། །རོ་རྐྱང་གཉིས་སུ་སྣང་ལས་བྱུང༌། །གཟུང་དང་འཛིན་པ་གཉིས་སྤངས་པའི། །དབུ་མ་མྱ་ངན་འདས་པ་སྟེ། །ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ། །ཆོས་ཀྱི་དབྱིངས་དང་དོན་གཅིག་བཞེད། །རོ་རྐྱང་དག་ཏུ་རླུང་རྒྱུ་བ། །ཕྱི་ནང་སྟོང་དང་བརྒྱད་བརྒྱ་རེ། །ཕན་ཚུན་འཕོ་བ་བཅུ་གཉིས་སོ། །དྲུག་ཚན་གཉིས་སུ་ཕྱེ་བྱས་ནས། །ནང་དུ་འཕོ་ཆེན་བཅུ་གཉིས་ལས། །ཕྱི་རུ་ས་དུམ་བཅུ་གཉིས་དང༌། །ནམ་མཁའ་ལ་ཡང་ཁྱིམ་བཅུ་གཉིས། །གཞན་དུ་བདེན་དོན་རྣམ་བཅུ་གཉིས། །གཟུང་འཛིན་རླུང་རྣམས་ཕྱིར་རྒྱུ་བས། །གཟའ་རྣམས་ཤར་དུ་གདོང་བལྟས་ནས། །གཡས་མིན་དུ་རྒྱུ་ཁྱིམ་རྣམས་ལ། །རིམ་པ་བཞིན་དུ་ལོངས་སྤྱོད་པས། །སྣོད་ཀྱི་འཇིག་རྟེན་ངོ་མཚར་བར། །བྱེད་ངོ་ཉི་མའི་བགྲོད་པ་གཉིས། །ནང་གི་དྲུག་ཚན་གཉིས་ལས་བྱུང༌། །རེ་རེ་ལའང་ཁྱིམ་ཟླ་ནི། །དྲུག་དྲུག་ངེས་པར་ཚང་ཡོད་པ། །འཕོ་ཆེན་རེ་ལ་ལས་ཀྱི་རླུང༌། །སྟོང་དང་བརྒྱད་བརྒྱ་ངེས་པར་ཡང༌། །ཚང་དགོས་པའི་རྒྱུ་ལས་བྱུང༌། །ཉི་མ་ཁྱིམ་དུ་བསྡད་པ་ཡི། །རྒྱུ་ལས་དཔྱིད་དབྱར་སྟོན་དགུན་བཞི། །བྱུང་ནས་སྣོད་རྣམས་རྒྱས་བྱེད་ཅིང༌། །ལོངས་སྤྱོད་ཚོགས་རྣམས་སྨིན་པར་བྱེད། །ཟླ་བའི་བགྲོད་པའང་ཉི་མ་དང༌། །འདྲ་སྟེ་ནང་གི་རྒྱུ་བའི་དབང༌། །ཡིན་མོད་ཟླ་བས་ཚེས་ཟླ་གཅིག །ཉི་མས་ཁྱིམ་ལོར་འཁོར་དགོས་པ། །ཟླ་བས་དེ་ལྟར་འཁོར་བ་ཅི། །ཞེ་ན་ཟླ་བའི་འཕེལ་འགྲིབ་ཆ། །རྫོགས་པ་མྱུར་ཞིང་དུས་ཀྱི་ཆ། །རྫོགས་པ་བུལ་སྟེ་དེ་ཡང་ནི། །ནང་གི་ཟླ་བ་ཡར་ཚེས་ལ། །འཛིན་པའི་ལམ་དུ་འཕེལ་གྱུར་ནས། །སྤྱི་བོར་ཧཾ་ལ་ཐིམ་པ་དང༌། །མར་ངོ་ལ་ནི་གཟུང་བ་ཡི། །ལམ་དུ་ཞུགས་ནས་འགྲིབས་གྱུར་པ། །རྡུལ་ལ་རྫོགས་པར་ཐིམ་པ་རྣམས། །ཚེས་ཟླ་གཅིག་ལ་བྱུང་ཕྱིར་དང༌། །ནང་རྡུལ་ཆ་ཤས་བཅུ་གཉིས་པོ། །རྫོགས་ལ་ཁྱིམ་ཟླ་བཅུ་གཉིས་རེ། །དགོས་སོ་མངལ་གྱི་བཅུ་དང་ནི། །བཅས་པའི་གཉིས་དང་བཅས་ནས་སོ། །འོ་ན་བུ་མོ་བཅུ་གཉིས་མར། །རྡུལ་མཐའ་རྫོགས་པར་ཅི་ཞེ་ན། །སྐབས་དེར་རྡུལ་གྱིས་ཁུ་བ་ནི། །འཛིན་པར་ནུས་པའི་དབང་དུ་བྱས། །དཔེར་ན་སྐྱེས་པའི་བཅུ་དྲུག་ལོར། །ཟླ་བ་འདོར་ནུས་བཤད་དེ་བཞིན། །ཉི་མའི་རང་འགྲོས་དུས་ཆེན་བཞིར། །བྱ་བས་ཟླ་བས་ཅི་ཞེ་ན། །དུས་རེ་རེ་ལ་ར་འབྲིང་སོགས། །གསུམ་པོ་ཟླ་བའི་ཉ་སྐར་ལ། །བྱུང་ངོ་ཚེས་ཟླ་བཅུ་གཉིས་པོ། །རྫོགས་ཚེ་ཉ་སྐར་བཅུ་གཉིས་འགྲིག །ནང་དུ་ཁུ་རྡུལ་མི་ལྡན་ན། །ཕྱི་རུ་ཉི་ཟླ་འཆར་མི་འགྱུར། །སུམ་མདོའི་རཾ་དང་སྤྱི་བོའི་ཧཾ། །མེད་ན་རྟ་གདོང་འབར་བ་དང༌། །བྱང་དུ་བསིལ་བའི་རི་མི་སྣང༌། །ཉི་མའི་གདུང་བྱེད་བསིལ་རི་ལ། །ཐུག་པས་དྲོད་ཆེན་འབར་བ་ཡང༌། །ནང་གི་ཉི་ཟླའི་འཕྲོ་འདུ་ལས། །ཡིན་ཏེ་རྟ་གདོང་འབར་བའི་འོད། །ཉི་མར་ཕོག་པས་མཚོ་ཁོལ་བ། །སུམ་མདོའི་རཾ་ལས་ལྟེ་བའི་མེ། །སྦར་ཏེ་མགྲིན་པའི་ཆུ་ཁོལ་བ། །ཕན་ཚུན་ལྟོས་པའི་རྟེན་འབྲེལ་ལོ། །འོ་ན་ནང་གི་ཉི་མ་ནི། །ལུས་ཀྱི་སྨད་ན་གནས་པའི་ཕྱིར། །ཕྱིའི་ཉི་མ་རི་རབ་ཀྱི། །ཐོད་དང་མཉམ་པར་འཆར་བ་ཅི། །ཞེ་ན་ཐབས་ཤེས་རྣལ་འབྱོར་ལས། །ལུགས་ལྡོག་དགའ་བ་བཞིའི་ཚེ། །རྡུལ་ཡང་སྤྱི་བོའི་ཟླ་བ་དང༌། །མཉམ་པར་རྒྱུ་བའི་རྟེན་འབྲེལ་ལས། །ཡིན་ནོ་རེས་འགའ་ཉི་མ་ནི། །དཔག་ཚད་བརྒྱད་ཁྲི་ལས་མཐོ་ཞིང༌། །རེས་འགའ་བདུན་ཁྲི་ལས་ཀྱང་དམའ། །ནང་གི་ཁུ་རྔུལ་གྱེན་ཐུར་དུ། །བྱེད་ལས་ཕྱིའི་ཉི་ཟླ་ཡང༌། །དེ་ལྟར་བྱེད་ཅིང་ཆགས་ཆེན་དང༌། །ཆགས་བྲལ་ཉིད་དུ་བྱེད་པའོ། །ཚེས་ལོ་རེ་ལ་ཉི་ཟླ་གཉིས། །ཁ་སྦྱོར་བྱེད་པ་བཅུ་གཉིས་ལ། །ལྷག་པ་མི་འབྱུང་ཉ་སྐར་ཡང༌། །བཅུ་གཉིས་ལས་ལྷག་མི་འབྱུང་ངོ༌། །གཞོན་ནུ་མ་ལ་དེ་འདྲའི་ལོ། །དང་པོ་དགའ་བའི་དགའ་ཉིད་དུས། །ནས་ཙམ་བཅུ་དྲུག་ལོ་ལོན་ཚེ། །ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་ཉིད། །མངོན་དུ་བྱེད་པའི་དུས་ཡིན་ནོ། །དེ་བཞིན་གཞན་ལའང་བཅུ་གཉིས་ལོར། །རྡུལ་གྱིས་ཟླ་བ་འཛིན་ནུས་པ། །བྱུང་ཚེ་བདེན་དོན་བཅུ་གཉིས་པོ། །མངོན་དུ་བྱེད་པར་ནུས་ཡིན་ནོ། །བྱེད་པས་ཁྱིམ་རྣམས་གཡས་སུ་རྒྱུ། །ཉི་ཟླའི་རང་འགྲོས་ཤར་དང་ནི། །ལྷོ་ནས་བྱང་དང་བྱང་ནས་ལྷོ། །སྟེང་ནས་འོག་ཏུ་འགྲོ་བྱེད་མོད། །ཁྱིམ་འགྲོས་ཁོ་ནས་ནུབ་ཏུ་རྒྱུ། །དེའི་བྱེད་པས་ཉིན་མཚན་དུ། །སྣང་ཕྱིར་སྐྱེས་བུའི་ལུས་སྟོབས་དང༌། །ཚེ་དང་བསོད་ནམས་འཕེལ་འགྲིབ་ཏུ། །བྱེད་པས་རྟེན་འབྲེལ་སྣ་ཚོགས་འབྱུང༌། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱིས། །རི་རབ་འཁོར་ཐེབས་སུམ་བརྒྱ་དང༌། །དྲུག་བཅུ་རེ་ལྔ་ཚང་བ་ན། །ཁྱིམ་ལ་གཅིག་ཏུ་འཇོག་པ་ཡིན། །རྒྱུ་སྐར་འཆར་དུས་དེ་སྙེད་ལ། །ཉི་མའི་འཆར་དུས་སུམ་བརྒྱ་དང༌། །དྲུག་བཅུ་ལས་ལྷག་ཡོད་མ་ཡིན། །ཟླ་འཆར་སུམ་བརྒྱ་ང་བཞིའོ། །རྩིས་མཁན་ཕལ་ཆེར་དེ་རིང་གི །ཉི་ཤར་བ་དེ་ཉིན་ཞག་གཅིག །ཡིན་པས་ཁྱིམ་ལོ་གཅིག་ཚང་བར། །ཉིན་ཞག་སུམ་བརྒྱ་རེ་ལྔ་དགོས། །ཟེར་བ་བརྫུན་ནོ་ཉིན་རེ་བཞིན། །རྒྱུ་སྐར་འཆར་བའི་དུས་ཚོད་ལས། །ཉི་མ་འཆར་བ་ཇེ་རིང་དུ། །སོང་བར་མངོན་སུམ་གྱིས་གྲུབ་པས། །ཉིན་ཞག་ཚད་དེ་འཐད་མ་ཡིན། །སྨིན་དྲུག་ཤར་ནས་འཆར་གྱིས་བར། །ཚད་ཅན་གཅིག་ཏུ་ངེས་པ་ནི། །ཉིན་ཞག་རེ་རེའི་ཚད་ཡིན་ཏེ། །ཉི་མ་ཤར་ནས་འཆར་ཀའི་བར། །སྔ་མ་དེ་ལས་ཅུང་ལྷག་པ། །ཁྱིམ་ཞག་རེ་རེའི་ཚད་དུ་བྱ། །ཚེས་ཞག་ལྐོག་ཏུ་གྱུར་མོད་ཀྱང༌། །ཟླ་བའི་འཕེལ་འགྲིབ་སུམ་ཅུ་པོ། །རྫོགས་ཚེ་ཚེས་ཟླ་གཅིག་ཏུ་ཚང༌། །མངོན་པར་ཡུད་ཙམ་སུམ་ཅུ་ལ། །ཉིན་ཞག་གཅིག་ཏུ་བཤད་པ་ཡང༌། །སྐར་མའི་འཆར་ཚུལ་དབང་བཙན་པ། །ཡིན་དེ་ཉི་མ་ལ་བཤད་ན། །ཡུད་ཙམ་སུམ་ཅུ་ལས་ལྷག་འགྱུར། །བཅུ་གཉིས་ཁྱིམ་གྱི་འགྲོ་ཚུལ་ལས། །ས་ལ་དུས་ཆེན་རྣམས་བཞི་དང༌། །ཚེས་ཟླ་བཅུ་གཉིས་འབྱུང་བ་ཡང༌། །ཕན་ཚུན་ལྟོས་པའི་རྟེན་འབྲེལ་ཏེ། །དུས་བཞིན་ཉི་མའི་རང་འགྲོས་དང༌། །ཉིན་མཚན་ཉི་མའི་ཁྱིམ་འགྲོས་ལས། །བྱུང་ངོ་ཉ་སྐར་བཅུ་གཉིས་པོ། །ཟླ་བ་ཁོ་ནའི་རང་འགྲོས་ཀྱིས། །བྱས་སོ་ཟླ་བས་མཚན་འཁྱོལ་བ། །ཁྱིམ་འགྲོས་དབང་ལས་བྱུང་བ་ཡིན། །འཛམ་གླིང་དབུས་མར་ནག་པ་ཡིས། །མཚན་འཁྱོལ་བྱེད་པའི་ཚེས་བཅོ་ལྔ། །འཛམ་གླིང་ཤར་མར་ས་ག་ཡིས། །མཚན་སྐྱེལ་བྱེད་པའི་བཅུ་གཅིག་དང༌། །འཛམ་གླིང་ནུབ་མར་དབོ་ཡིས་ནི། །མཚན་སྐྱེལ་བྱེད་པའི་བཅུ་དྲུག་ཏུ། །སོང་བ་སོགས་ལ་དགོངས་པའི་ཚིག །དྲི་མེད་འོད་ལ་གསུངས་པ་ཡིན། །སའི་དུམ་བུ་བཅུ་གཉིས་པོར། །ཀླ་ཀློའི་ཆོས་འབྱུང་གནས་པའི་ལོ། །སྟོང་དང་བརྒྱད་བརྒྱ་གསུངས་པ་ཡང༌། །ལས་རླུང་རྒྱུ་བའི་གྲངས་ལས་བྱུང༌། །རིགས་ལྡན་དྲག་པོས་ཀླ་ཀློའི་ཆོས། །བཅོམ་ནས་རང་གི་བསྟན་པའི་ཚང༌། །གསུངས་པ་མི་འགྱུར་བདེ་བ་ནི། །སྟོང་དང་བརྒྱད་བརྒྱའི་དབང་ལས་བྱུང༌། །འདིར་བཤད་ཡུལ་སྣང་ཇི་སྙེད་ཀུན། །དུས་ཀྱི་འཁོར་ལོ་ལ་སོགས་པ། །བླ་མེད་སྔགས་ཀྱི་རྣལ་འབྱོར་པ། །ཁོ་ནའི་རྣམ་པར་ཤེས་པ་ལ། །སྣང་བའི་དབང་དུ་བྱས་ཡིན་གྱི། །སྤྱི་མཐུན་ལས་གྲུབ་ཡིན་པར་མངོན་པའི་ཆོས་ལས་གསུངས། །འདིར་བཤད་རང་སེམས་ཀྱིས་བསྡུས་པ། །ཡིན་ཕྱིར་འདིར་འབྱུང་མངོན་པ་དང༌། །མི་མཐུན་རྩོད་པའི་གོ་སྐབས་བྲལ། །དེ་ནས་གཞན་གྱི་རྣམ་གཞག་ནི། །ཅུང་ཟད་རྒྱས་པར་བཤད་བྱ་བ། །གཞི་དུས་རང་བཞིན་གྱིས་གྲུབ་དང༌། །ལམ་དུས་སྦྱངས་པ་ལས་བྱུང་ངོ༌། །དང་པོ་ཁམས་དྲུག་ལྡན་པ་ཡིས། །དབུ་མ་རང་བཞིན་གྱིས་གྲུབ་པའི། །དབང་ལས་སྒྲ་ཅན་ལུས་དང་ནི། །མགོ་དང་འཇུག་ཏུ་སྣང་བ་འཆར། །མགོ་བོ་བྱང་སེམས་ཆུའི་རང་བཞིན། །འཇུག་མ་དུས་མེ་རྡུལ་གྱི་དེ། །ལུས་ནི་ཐོག་མེད་གཟུང་འཛིན་དང༌། །བྲལ་བ་ནམ་མཁའི་ངོ་བོ་ཉིད། །སྒྲ་ཅན་རང་བཞིན་མྱ་ངན་ལས། །འདས་ཕྱིར་ཁྱིམ་དུ་མི་འཇུག་ཅིང༌། །ཁྱིམ་འགྲོས་བཤད་པ་འཆད་མི་ནུས། །ནང་དུ་སྒྲ་ཅན་ལུས་དབང་གི །ཕྱི་རུ་ནམ་མཁའི་ཁམས་དང་ནི། །སྲིད་གསུམ་བྲལ་བའི་འདུ་ཤེས་འབྱུང༌། །དབུ་མའི་ལམ་དུ་ཉོན་མོངས་ཅན། །འཇུག་པ་ཡོད་མ་ཡིན་མོད་ཀྱི། །ཀུན་གཞིའི་ཡེ་ཤེས་རྣམས་སྨིན་ཆ། །ལྷག་པའི་རྟེན་དང་བརྟེན་པར་གནས། །ཀུན་གཞིའི་ཡེ་ཤེས་ལས་རླུང་གི །བསྐྱོད་པར་ནུས་པ་ལས་ཡིན་མོད། །བག་ཆགས་རླུང་གིས་གཡོས་པ་ལས། །རྣམ་པར་སྨིན་ལ་ངར་འཛིན་བྱུང༌། །ངར་འཛིན་པ་དང་ལས་ཀྱི་རླུང༌། །བདག་པོ་རྐྱེན་དུ་གྱུར་པ་ལས། །དོན་དང་སེམས་ཅན་རྣམ་རིག་རྒྱུ། །སྣང་བས་རྣམ་པར་ཤེས་པ་སྐྱེ། །ཡེ་ཤེས་མ་གཏོགས་རྣམ་རིག་ནི། །ཐམས་ཅད་འཁྲུལ་པའི་སྣང་བ་སྟེ། །ལས་རླུང་རྒྱུ་བ་ཀུན་ཁེགས་པའི། །སྣོད་བཅུད་མ་ལུས་ཆོས་དབྱིངས་སུ། །རོ་གཅིག་གྱུར་པ་གང་དེ་ཉིད། །རིམ་པ་གཉིས་པོ་བསྒྲུབས་པའི་གཞི། །གཉིས་པ་སྦྱངས་པ་ལས་གྱུར་ནི། །ནང་གི་དབང་ལས་ཕྱི་བྱུང་བ། །སྦྱོང་བྱེད་སྐྱེད་པའི་རིམ་པ་སྟེ། །ནང་ཉིད་སྦྱོང་བ་རྫོགས་རིམ་མོ། །ཐོག་མར་སྟོང་པ་ཉིད་བསམས་ནས། །ཕྱི་ནང་གཟུང་འཛིན་ཀུན་བྲལ་བའི། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་ཡོངས་རྫོགས་གསལ་གདབ་བོ། །གསལ་སྣང་དེ་ལ་རྟོག་པ་དང༌། །རྟོག་མེད་གསལ་བ་མཐར་ཕྱིན་གཉིས། །གཉིས་པོ་ཟུང་དུ་འབྲེལ་བ་ཡི། །བསོད་ནམས་ཚོགས་རྫོགས་བྱེད་པ་དང༌། །ཟུང་དུ་མ་འབྲེལ་སོ་སོ་བས། །སྦྱངས་གཞི་སྦྱོང་བར་ནུས་མ་ཡིན། །རྟོག་པའི་བསྐྱེད་རིམ་སྔོན་སོང་ནས། །སོར་བསྡུད་དུས་སུ་དཀྱིལ་འཁོར་གྱི། །འཁོར་ལོ་ཡོངས་སུ་རྫོགས་གསལ་བ། །དེ་ནི་བསྐྱེད་པའི་རིམ་པ་ཡི། །མཆོག་ཡིན་ཟེར་ན་བསམ་གཏན་གྱི། །ཡན་ལག་རྣམས་དང་མ་བྲལ་བར། །རྒྱུན་ཏུ་གོམས་པར་བྱ་ཡིན་གྱི། །ལུང་བསྟན་མིན་དང་མ་དག་པའི། །སྦྱང་བ་དེ་དེ་མ་ཡིན་མོད། །སྦྱང་གཞི་སྦྱོང་བར་མི་ནུས་ཕྱིར། །རྒྱུན་དུ་བསྒོམ་པར་བྱ་བ་ཡིན། །འོན་ཀྱང་དེར་སྣང་དེ་གཞན་གྱིས། །སྟོང་བར་ཤེས་ལས་གང་ཟག་དང༌། །ཆོས་སུ་འཛིན་པའི་ཕྱོགས་གཅིག་སེལ། །ལུགས་འདིར་རྫོགས་རིམ་གྱི་གཙོ་བོ། །འགྱུར་མེད་བདེ་བ་ཆེན་པོ་དང༌། །སྤང་བྱའི་གཙོ་བོ་འཕོ་བ་ཡིས། །བག་ཆགས་ཉིད་ལས་གང་བཤད་པ། །ཁམས་དྲུག་ལྡན་པའི་སྐྱེས་བུའི་ལུས། །ཚེ་འདིར་ཟག་པ་ཟད་བྱེད་པའི། །ཐབས་ཡིན་བདག་འཛིན་གཉིས་པོ་ཡི། །གཉེན་པོ་ལོགས་སུ་བསམ་པར་བྱ། །འབྲས་དུས་གཞན་ཞེས་བྱ་བ་ནི། །བཅུ་གཉིས་སའི་དབང་ཕྱུག་སྟེ། །འཕོ་ཆེན་མ་ལུས་འགགས་པའི་ཕྱིར། །མ་དག་སྣང་བ་མི་འཆར་མོད། །དཀྱིལ་འཁོར་ཡོངས་རྫོགས་ལ་སོགས་པ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་རྣམས་འཆང་བའི་དཔལ། །གཟུགས་བརྙན་མ་ལུས་འཆར་བ་པོ། །དག་པའི་སྣང་བ་འབའ་ཞིག་པ། །འདི་ནི་སངས་རྒྱས་རང་སྣང་གི །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །གཞན་སྣང་གཟུགས་ཀྱི་སྐུ་གང་ཉིད། །གཞན་སེམས་ཀྱིས་བསྡུས་སོ།།  །། ༄། །སྭ་སྟི། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་ཕར་ཕྱིན་ཐེག་པར་ཡང༌། །ཕྱི་ནང་གཞན་ཞེས་བྱ་བ་ཡི། །རྣམ་གཞག་འཆད་ཚུལ་དེ་བསམ་བྱ། །ཕྱིའི་དབང་གིས་ནང་འབྱུང་ཞིང༌། །ནང་གི་རྣམ་ཤེས་འཁོར་བཅས་པ། །ཁོ་ནར་འདོད་དེ་ཉན་ཐོས་པའི། །ལུགས་ཡིན་ཐེག་ཆེན་གཞུང་ན་མེད། །ནང་གི་དབང་གིས་ཕྱི་འབྱུང་ཞིང༌། །ནང་ལ་རྣམ་ཤེས་ཡེ་ཤེས་དང༌། །ཕྱི་ལ་ཆོས་དང་གང་ཟག་ཏུ། །འབྱེད་པ་ཐེག་ཆེན་པ་ཀུན་མཐུན། །ཀུན་ཏུ་བརྟགས་པ་ཕྱི་ཡིན་ཏེ། །གཞན་གྱི་དབང་ནི་ནང་ཉིད་དང༌། །གདོད་ནས་ཡོངས་སུ་གྲུབ་པ་ནི། །གཉིས་མེད་གཞན་ཞེས་བྱ་བར་འཆད། །གཞན་གྱིས་དབང་ལས་གང་བྱུང་བའི། །ཆོས་དང་གང་ཟག་རྣམས་ཀུན་བརྟགས། །གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི། །ཁམས་གསུམ་པར་སྣང་དེ་གཞན་དབང༌། །དེ་ལ་ཆོས་དང་གང་ཟག་ཞེས། །བཏགས་པའི་ཡོད་པ་དེ་དངོས་མེད། །རྣམ་ཤེས་དངོས་པོ་དེ་བདེན་ཞེས། །སེམས་ཙམ་པའི་འདོད་པ་སྟེ། །གཉིས་མེད་ཡེ་ཤེས་དེ་བདེན་པ། །ཆོས་འཁོར་གསུམ་པའི་དབུ་མར་འདོད། །འདིར་ནི་ཕྱི་ནང་གཞན་ཇི་སྙེད། །ཆོས་ཀྱི་དབྱིངས་ལས་བྱུང་པ་སྟེ། །ཕྱི་དང་ནང་ནི་གློ་བུར་དུ། །འབྲས་རུང་ཚུལ་དུ་བྱུང་བ་སྟེ། །རྣམ་སྣང་ཆོས་ནི་གསར་བྱུང་ཡང༌། །ཆོས་ཀྱི་དབྱིངས་དང་དབྱེ་བ་མེད། །ཆོས་དབྱིངས་ངོ་ཤེས་བྱེད་ཚུལ་ལ། །གཞུང་དུ་མན་ངག་ལུགས་གཉིས་བྱུང༌། །དང་པོ་གཟུང་འཛིན་གཉིས་མེད་དུ། །ཐོས་བསམ་བསྒོམ་པ་ལས་ཡིན་ཏེ། །ཕྱི་མ་སེམས་ཀྱི་ངོ་བོ་ལ། །བལྟ་ཚུལ་འཁྲུལ་པ་མེད་ལས་རྙེད། །དང་པོ་ཉིད་ནས་རྟོག་མེད་དུ། །སྐྱེ་བ་མན་ངག་ལུགས་ཡིན་ཏེ། །ཐོས་བསམ་སྒོམ་བྱུང་ལས་དང་པོ། །ཐོག་མར་རྟོག་པ་ཉིད་དུ་སྐྱེ། །ཆོས་ཀྱི་དབྱིངས་ལ་ཉོན་མོངས་དང༌། །རྣམ་རྟོག་བག་ཆགས་འགགས་པ་ལས། །གནས་པ་ཀུན་གཞིའི་ས་བོན་ཆ། །སྨིན་པ་ཀུན་གཞིའི་རྣམ་ཤེས་དངོས། །མ་འོངས་དུས་སུ་སྨིན་གྱུར་པའི། །ས་བོན་ད་ལྟ་བ་ཉིད་དང༌། །སྔོན་དུས་བག་ཆགས་འདིར་སྨིན་པ། །དེ་དག་ལ་འདིར་དེ་སྐད་བརྗོད། །གདོད་མའི་ཡེ་ཤེས་གཅིག་ཉིད་ལ། །གཉེན་པོ་རྣམ་བྱང་ཡེ་ཤེས་དང༌། །སྤང་བྱ་བག་ཆགས་མ་སྨིན་གསུམ། །གནས་ལ་ཁྱད་པར་མེད་དུས་སུའང༌། །གོམས་བྱེད་བློ་ཡིས་ཕྱོགས་འཛིན་པས། །གཉེན་པོས་སྤང་བྱ་སྤོང་བར་ནུས། །སྤང་བྱའི་བག་ཆགས་ད་ལྟར་བས། །མ་སྨིན་ལ་སོགས་མ་འོངས་པ། །སྐྱེ་བའི་ནུས་པ་འཇོག་བྱེད་ཀྱི། །སྐྱེས་ཟིན་འདས་དང་ད་ལྟར་བ། །གཉེན་པོ་སྤོང་ཚུལ་ཕར་ཕྱིན་གྱི། །ཐེག་པར་བཤད་པ་ཡོད་མ་ཡིན། །སྔགས་སུ་སྣོད་བཅུད་གྲུབ་ཟིན་པའི། །ཀུན་རྫོབ་ངོ་བོ་སྟོང་ཉིད་དུ། །སྦྱངས་ནས་དོན་དམ་ཡེ་ཤེས་ཀྱི། །ངོ་བོ་ལྷ་རུ་གྲུབ་པ་ན། །རྣམ་སྨིན་གྲུབ་ཟིན་ད་ལྟར་བ། །སྤོང་བའི་ཐབས་མཁས་བཤད་པ་ཡིན། །ཞེས་བྱ་བ་འདི་གྲུབ་པའོ།།  །། ༄། །དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །འཕོ་བའི་བག་ཆགས་འཁོར་བ་ཡི། །རྩ་བར་བཤད་ཚེ་དགྲ་བཅོམ་པས། །དེ་སྤང་ཕྱིར་ན་དེ་ཡང་ནི། །སྤངས་པར་ཐལ་ཞེས་ཟེར་བའི་ལན། །འདོད་པ་ཉིད་དོ་མི་འགྱུར་བའི། །བདེ་བ་ཐོག་པར་ཐལ་ཞེ་ན། །འཁོར་བའི་རྩ་བ་ཉོན་མོངས་པ། །ཆེད་དུ་གཉེར་ནས་སྤོང་བ་དང༌། །དེ་མི་སྤོང་བར་མི་འགྱུར་བའི། །བདེ་བ་ལམ་དུ་བྱས་པ་ལས། །འཁོར་བར་མི་འགྱུར་ཆད་པ་ཡི། །མྱང་འདས་སུའང་མི་འགྱུར་བའི། །འགྱུར་མེད་བདེ་ཆེན་ལམ་བྱེད་པ། །ཐེག་པ་མཆོག་གི་ཁྱད་ཆོས་སོ། །འཁོར་བ་ཆེད་དུ་མི་སྤོང་ན། །འཕོ་བའི་བག་ཆགས་ཆེད་དུ་ནི། །གཉེར་ནས་སྤོང་བ་འགལ་ཞེ་ན། །སྒྲུབ་པ་པོ་ཡི་རྣམ་སྨིན་ལུས། །ཟས་ལུས་ཀྱི་རྒྱུར་འགྱུར་བ། །སྤོང་བར་བྱེད་ཀྱི་མ་འོངས་པའི། །འཁོར་བ་སྤོང་བ་མ་ཡིན་ནོ། །འཕོ་བའི་བག་ཆགས་མི་སྤོང་བའི། །མི་འགྱུར་བདེ་བ་རེ་རེ་ནས། །ཐོག་མར་མངོན་དུ་བྱེད་པ་ཡི། །སད་བྱེད་རྐྱེན་ལ་འཕོ་བའི་ཡང༌། །བག་ཆགས་མེད་མི་རུང་བཤད་ཕྱིར། །དེ་འདྲ་བ་ལ་འགལ་བ་མེད། །མདོར་ན་འཕོ་བའི་བག་ཆགས་ནི། །འཕོས་པ་འགྱུར་མེད་བདེ་ཆེན་གྱི། །གེགས་ཡིན་དེའི་བག་ཆགས་ཙམ། །འགྱུར་མེད་བདེ་བ་ཆེན་པོ་ནི། །འདྲེན་བྱེད་དེ་མ་ཐག་པའི་རྐྱེན། །ཞེས་བྱ་བ་འདི་གྲུབ་པའོ། །རིན་ཆེན་གཏེར་མཛོད་གསུམ་འབྱེད་པའི། །རིན་ཆེན་ལྡེ་མིག་རྣམ་གསུམ་པོ། །རིན་ཆེན་སྤུངས་པར་དྲན་གསོས་ནས། །རིན་ཆེན་གླིང་དུ་སྦྱར་བའོ། །ཨོཾ་སྭ་སྟི་སིདྡྷཾ། །ཁྱབ་བདག་འཁོར་ལོ་སྒྱུར་རྒྱལ་ལ། །ཕྱག་འཚལ་ནས་ནི་གསང་སྔགས་སུ། །འཇུག་པའི་སྒོ་གསུམ་རྣམ་འབྱེད་ཅེས། །བྱ་བའི་བསྟན་བཅོས་འདི་འཆད་དོ། །གསང་སྔགས་ལ་འཇུག་གེགས་དང་ནི། །སྒྲིབ་པར་བྱེད་པའི་སྒོ་གསུམ་པོ། །དྭང་དུ་ལེན་པའི་གསང་སྔགས་པ། །རྣམས་ལ་ཡིན་ལུགས་ལམ་བསྟན་བྱ། །ཀུན་རྫོབ་ཚད་མས་གྲུབ་པ་དང༌། །རྣམ་ཤེས་ཚད་མར་འདོད་པ་དང༌། །ཕུང་པོར་བཏགས་པའི་ང་ཙམ་ཞིག །ཐར་པའི་རྟེན་དུ་འདོད་པ་གསུམ། །མུན་པའི་སྒོ་ཡིན་དེ་གསལ་ན། །གསང་སྔགས་ལམ་ཆེན་མཐོང་བར་འགྱུར། །ཀུན་རྫོབ་རང་རང་ངོ་བོ་ཡིས། །སྟོང་པའི་རྡོ་རྗེ་འཛིན་རྒྱལ་པོས། །ཀུན་རྫོབ་བདེན་པའི་སྒོ་བཅོམ་ན། །བསྐྱེད་པའི་རིམ་པ་ངང་གིས་འཆར། །ཀུན་རྫོབ་མ་དག་སྣང་བ་དང༌། །དག་སྣང་ལྷའི་རྟེན་བརྟེན་པ། །གནས་ཁང་གཅིག་ཏུ་གནས་གྱུར་ན། །སྟོང་པའི་ངང་ལས་ཟེར་བ་འགལ། །ཞིང་སྦྱངས་པ་ལས་མ་དག་པའི། །སྣང་བ་འཆར་ན་ཞིང་སྦྱངས་པར། །འགལ་དང་རྗེ་བཙུན་བྱམས་པ་ཡིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་གསུངས་པ་དང་ཐོགས་མེད་ཀྱི། །མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་བྱ་ཞེས། །གསུངས་པ་ཤིང་རྟའི་སྲོལ་ཆེན་ཡིན། །གདོད་ནས་ཡོད་མ་མྱོང་བ་ཡིས། །ཀུན་རྫོབ་བདེན་པ་བསལ་ཟིན་པའི། །འོག་ཏུ་གདོད་ནས་གྲུབ་པ་ཡི། །ཡེ་ཤེས་ལས་ནི་གསང་སྔགས་ཀྱི། །ཀུན་རྫོབ་མཐའ་དག་བསྒྲུབ་པར་བྱ། །རྣམ་ཤེས་དང་ནི་ཡེ་ཤེས་ཀྱི། །དབྱེ་བ་སོ་སོར་མི་ཕྱེད་པ། །གང་འདི་དག་གིས་གསང་སྔགས་ཀྱི། །ལམ་ཆེན་མི་ཤེས་མུན་པས་བསྒྲིབས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི། །སྣང་བའི་རྣམ་རིག་གང་བྱུང་བ། །དེ་ལ་རྣམ་ཤེས་ཞེས་ཟེར་གྱིས། །དེ་དེར་ཡེ་ཤེས་སྲིད་པ་ཡིན། །ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་ཡིས། །རྣམ་ཤེས་འཁྲུལ་པའི་སྒོ་བཅག་ནས། །རྒྱུད་གསུམ་པོ་དང་རྫོགས་རིམ་གྱི། །ཡེ་ཤེས་ངང་གིས་འཆར་བར་འགྱུར། །མདོར་ན་རྣམ་ཤེས་ཚད་མ་ནི། །བྱམས་པའི་ཆོས་ཀྱི་དབུ་མ་ནས། །གསང་སྔགས་བླ་མེད་དབུ་མའི་བར། །གང་དུ་ཡང་ནི་གསུངས་པ་མེད། །བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བདག་ཏུ་ལྟ་བའི་སྒོ་བཅོམ་ན། །སྔགས་ཀྱི་བསྒྲུབ་གཞི་མ་ལུས་པ། །དམ་པའི་བདག་ཏུ་ཤེས་པར་འགྱུར། །དེ་དེ་གང་ལ་བྱ་ཞེ་ན། །གསང་སྔགས་ཉམས་ལེན་བྱེད་ཀུན་གྱི། །ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས། །ལན་བརྒྱར་འདོན་པ་དེ་དང་ནི། །འཆད་པ་པོ་ང་ཆོས་ཀྱང་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་སོགས་ཀྱིས་བསྟན་རང་བཞིན་གྱི། །ཆོས་སྐུ་ཉིད་ལ་འཆད་པ་ཡིན། །ཆོས་སྐུ་ངར་འཛིན་ཡུལ་ལས་ནི། །འདས་ཕྱིར་ང་ཉིད་མིན་པ་ལ། །ངའི་ཐ་སྙད་བྱས་པ་ནི། །བདག་དམ་པའི་ཕ་རོལ་ཕྱིན། །འོ་ན་མུ་སྟེགས་པའི་བདག །བཏགས་ཡོད་དང་ནི་སངས་རྒྱས་པའི། །དམ་པའི་བདག་ནི་རྫས་ཡོད་ཕྱིར། །བདག་འཛིན་སྤང་བར་དཀའ་ཞེ་ན། །དམ་པའི་བདག་ནི་སྒྲ་རྟོག་གི །ཡུལ་མིན་དེ་ཡུལ་བྱེད་པ་ཡི། །ཡེ་ཤེས་ཀྱིས་ཀྱང་དེ་དེར་ནི། །ཞེན་པ་མེད་ཕྱིར་སྤང་བྱ་མིན། །ཞེས་བྱ་བ་འདི་གྲུབ་པའོ།། ཨོཾ་སྭ་སྟི་སིདྡྷཾ། །ཁྱབ་བདག་འཁོར་ལོ་སྒྱུར་རྒྱལ་ལ། །ཕྱག་འཚལ་གསང་སྔགས་ལ་འཇུག་པའི། །ལན་གསུམ་གསལ་བར་ཤེས་ནས་ནི། །ཉམས་ལེན་གནས་ལ་གདེང་ཐོབ་འགྱུར། །གཟུང་བའི་ལམ་དང་འཛིན་པའི་ལམ། །དབུ་མའི་ལམ་དང་རྣམ་པ་གསུམ། །གཟུང་འཛིན་ལམ་དང་གཉིས་མེད་ལམ། །གཉིས་བསྲེས་ལམ་དང་རྣམ་པ་གསུམ། །རྣམ་ཤེས་ལམ་དང་ཡེ་ཤེས་ལམ། །ཟུང་འབྲེལ་ལམ་དང་རྣམ་པ་གསུམ། །འཁོར་བའི་ལམ་དང་མྱང་འདས་ལམ། །མི་གནས་ལམ་དང་རྣམ་པ་གསུམ། །ཞི་གནས་ལམ་དང་ལྷག་མཐོང་ལམ། །ཟུང་འཇུག་ལམ་དང་རྣམ་པ་གསུམ། །སྔགས་སུ་མ་ཟད་ཐེག་ཆེན་པ། །ཀུན་ལ་མཁོ་བ་འདི་བཤད་བྱ། །གདོད་ནས་གྲུབ་པའི་ཡེ་ཤེས་ནི། །དབུ་མའི་ལམ་ལས་གཞན་མི་འཇུག །ཀུན་གཞི་བག་ཆགས་རྣམ་སྨིན་ཆ། །ཡེ་ཤེས་མིན་མོད་དབུ་མར་གནས། །རྣམ་སྨིན་དེས་བསྐྱེད་ལས་ཀྱི་རླུང༌། །གཟུང་བའི་ལམ་དུ་ཞུགས་གྱུར་པས། །བདག་དང་དོན་གྱི་སྣང་བ་འཆར། །འཛིན་པའི་ལམ་དུ་ཞུགས་གྱུར་པས། །རྣམ་རིག་ཉིད་དུ་སྣང་བ་འཆར། །རྣམ་པར་ཤེས་པའི་ཚོགས་བདུན་པོའི། །སྣང་ཆ་བདག་དང་ཆོས་སུ་འདུ། །གཉིས་པོ་རང་རང་ངོ་བོ་ཡིས། །སྟོང་ཕྱིར་བདག་མེད་གཉིས་བཤད་དོ། །དེ་མེད་པས་ན་དེར་སྣང་བའི། །རྣམ་པར་ཤེས་ཀྱང་ཡོད་མ་ཡིན། །ཚོགས་བདུན་གྱིས་བསྡུས་གཟུང་འཛིན་ཀུན། །ཀུན་རྫོབ་བདེན་ནོ་ཀུན་གཞི་ཡི། །རྣམ་སྨིན་གཅིག་ཏུ་ཐ་སྙད་ཀྱི། །དུས་སུ་དོན་དམ་བདེན་ཡིན་མོད། །ཆད་ཅིང་ཉིན་མཚན་སྦྱོར་བའི་ཕྱིར། །རྣམ་པར་དག་པའི་དམིགས་པ་མིན། །རྣམ་པར་སྨིན་ལས་མ་བྱུང་བའི། །འཁོར་བ་ཞེས་པ་ཡོད་མིན་ཞིང༌། །བག་ཆགས་ལས་ནི་མ་བྱུང་བའི། །རྣམ་པར་སྨིན་པའང་ཡོད་མ་ཡིན། །རྣམ་སྨིན་བག་ཆགས་ཇི་སྙེད་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་བྱུང་མེད། །གནས་སྐབས་སྒྲིབ་པ་ཀུན་གྱི་གནས། །རྣམ་པར་སྨིན་ཡིན་མཐར་ཐུག་གི །གནས་ནི་ཆོས་དབྱིངས་ཁོ་ནའོ། །གནས་ཉིད་ནའང་འབྲལ་རུང་ཕྱིར། །གནས་གྱུར་པ་ནི་འཐད་པ་ཡིན། །དབུ་མ་གནས་པའི་ཀུན་གཞི་ནི། །གཟུང་འཛིན་ལམ་དུ་མ་ཞུགས་ཕྱིར། །ཡང་དག་མིན་རྟོག་མ་ཡིན་ཞིང༌། །འཕྲལ་གྱིས་འཁྲུལ་རྒྱུས་མ་བསླད་ཀྱང༌། །ཕུགས་ཀྱི་འཁྲུལ་པའི་ངོ་བོ་ཉིད། །ཡིན་ཕྱིར་མངོན་སུམ་དུ་མི་འདོད། །དབུ་མའི་ནང་དུ་གནས་པའི་ཕྱིར། །ལོག་ཤེས་ཉིད་དུའང་མི་འདོད་དོ། །དགྲ་བཅོམ་ཉིད་ན་དེ་ཟློག་པར། །བཤད་པ་ལས་དང་ཉོན་མོངས་པའི། །ས་བོན་ཡིན་ཕྱིར་རྣམ་སྨིན་ནི། །འཆི་སྲིད་བར་དུ་རྒྱུན་མི་ཆད། །ལྷག་མེད་དུས་སུ་ཤེས་སྒྲིབ་ཀྱི། །ས་བོན་ཡོད་དང་མེད་ཅེས་པ། །དུས་དེར་དབྱིངས་རིག་ཡོད་མེད་ལུགས། །རྣམ་སྨིན་གཉེན་པོ་ད་ལྟར་བས། །སྤོང་བར་ཕར་ཕྱིན་པ་ལ་མེད། །རྣམ་སྨིན་གོང་ནས་གོང་འཕེལ་བའི། །ཚེ་སྲིང་བྱེད་པའི་ཐབས་དེར་བཤད། །གསུམ་ཚན་གཉིས་པ་གཟུང་འཛིན་ལམ། །ཡང་དག་མ་ཡིན་ཀུན་རྟོག་དང༌། །སྒྲ་དོན་འཛིན་པའི་རྟོག་པ་ནི། །གང་དུ་རྒྱུ་བའི་ལམ་ཡིན་མོད། །གཟུགས་མེད་སོགས་ལ་ལས་ཀྱི་རླུང༌། །མེད་ཕྱིར་མཚན་འཛིན་རྟོག་པ་ཡི། །བག་ཆགས་སད་པར་བྱེད་པའི་རྐྱེན། །ཡིད་བྱེད་སྔ་མ་ཁོ་ནའོ། །གཟུང་འཛིན་ལ་ཡང་དེར་སྣང་དང༌། །དེར་ཞེན་གཉིས་སུ་འབྱེད་ཡོད་ཀྱི། །དེར་སྣང་རྒྱུན་མཐའི་བར་དུ་སྟེ། །དེར་ཞེན་ས་བརྒྱད་པ་ནས་དག །གཟུང་འཛིན་གཉིས་སུ་མེད་པའི་ལམ། །གདོད་ནས་གྲུབ་པའི་ཡེ་ཤེས་དང༌། །གསར་དུ་བསླངས་པ་ལས་བྱུང་པ། །དང་པོ་ཤེས་རིག་ཀུན་ལས་ཏེ། །ཕྱི་མ་མཐོང་བའི་ལམ་ནས་སྐྱེ། །གཉིས་བསྲེས་ལམ་ནི་བྱང་སེམས་ཀྱི། །སྒོམ་ལམ་རྗེས་ཐོབ་ཡེ་ཤེས་དང༌། །སྔགས་ལས་འདོད་ཡོན་ཐམས་ཅད་ནི། །ཇི་ལྟར་འདོད་བཞིན་བརྟེན་པའི་དུས། །ཅི་ཕྱིར་ཞེ་ན་རྣམ་ཤེས་ཀྱི། །ཡུལ་དུ་བྱེད་པ་མི་སྤོང་དང༌། །ཡེ་ཤེས་ཀྱིས་ནི་གཉིས་མེད་དུ། །ཤེས་པ་གཉིས་ཀ་གཞི་གཅིག་ཕྱིར། །གསུམ་ཚན་གསུམ་པ་རྣམ་ཤེས་ལམ། །མ་རིག་བག་ཆགས་ཀྱིས་བསླད་པའི། །ཤེས་པ་ཀུན་ཡིན་ཐོགས་མེད་ནས། །བྱུང་དང་ཐོས་བསམ་གྱིས་བྱུང་པའོ། །ལས་ཀྱིས་རླུང་ལ་ཞོན་པ་ཡི། །ཡང་དག་མ་ཡིན་ཀུན་རྟོག་པ། །འདོད་པའི་རྐྱེན་ལ་སྤོང་སླ་ཞིང༌། །འགྱུར་མེད་བདེ་ཆེན་བསྐྱེད་པར་སླ། །གཟུང་འཛིན་རླུང་གིས་མ་དྲངས་པའི། །རྣམ་ཤེས་ཞི་བ་ཡིན་མོད་ཀྱང༌། །གཟུགས་མེད་ཁམས་ཀྱི་རྣམ་ཤེས་ཀྱང༌། །སྔགས་ཀྱི་ལམ་དུ་འཇུག་མི་ནུས། །ཡེ་ཤེས་ལམ་ནི་ཕར་ཕྱིན་པའི། །ལམ་དུ་མཉམ་གཞག་ཁོ་ན་དང༌། །སྔགས་པས་རྗེས་ཀྱི་ཀུན་སྤྱོད་ཀྱང༌། །ཡེ་ཤེས་ཉིད་ལས་གྲུབ་པར་བསམ། །གཉིས་བསྲེས་པ་ནི་ཕྱི་དང་ནང༌། །གསང་བའི་མཆོད་པ་ལྟ་བུ་སྟེ། །ཡེ་ཤེས་ཉིད་ལ་གྲུབ་བསམ་ཀྱང༌། །རྣམ་ཤེས་སྣང་བ་མི་འདོར་བཞིན། །གསུམ་ཚན་བཞི་པ་འཁོར་བའི་ལམ། །འདོད་དང་སྲིད་པའི་སྲེད་པ་ནི། །དང་དུ་ལེན་པ་ཀུན་ཡིན་མོད། །བདག་མེད་པ་དང་ཐབས་མཁས་ཀྱི། །ཟིན་ན་ལམ་གཞན་དུ་གྱུར་སྲིད། །ཐར་པའི་ལམ་ནི་སྲེད་དེ་དག །བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས། །འབད་ནས་སྤོང་བ་དམན་པའི་ལམ། །མི་གནས་པ་ལ་ཕར་ཕྱིན་དང༌། །གསང་སྔགས་གཉིས་ལས་དང་པོ་ནི། །སྙིང་རྗེས་འཁོར་བར་སྐྱེ་བའི་རྒྱུ། །སྲེད་པ་དྭང་དུ་ལེན་ཉིད་དོ། །སྔགས་སུ་སྟོང་ཉིད་ཐབས་མཁས་དང༌། །འབྲེལ་བའི་ཆགས་པ་ལམ་བྱེད་ཀྱིས། །ཚེ་འདིར་བདེ་སྟོང་ཟུང་དུ་འཇུག །དེ་བཞིན་འཕོ་བའི་བག་ཆགས་ཀྱང༌། །ཕལ་པས་དྭང་དུ་ལེན་པ་དང༌། །ཉན་ཐོས་འབད་པས་སྤོང་བ་དང༌། །སྔགས་པས་ལམ་དུ་བྱེད་མོད་ཀྱང༌། །བསྒྲུབ་དུས་ལོ་གསུམ་ཕྱོགས་གསུམ་པོར། །གཟུང་འཛིན་ལམ་དུ་ཐེངས་གཅིག་ཙམ། །འཕོས་ནས་འཁོར་བ་པ་ཉིད་ཕྱིར། །དུས་འདིར་རྫོགས་སངས་རྒྱས་མི་འགྱུར། །གསུམ་ཚན་ལྔ་པ་ཞི་གནས་ལམ། །ཕྱི་ནང་གཉིས་ཀ་ལ་ཡོད་མོད། །བདག་ཏུ་རྨོངས་ཕྱིར་མུ་སྟེགས་པའི། །ཞི་གནས་འདས་ལམ་རྟེན་མི་རུང༌། །ནང་པའི་ཞི་གནས་བྱང་སེམས་དང༌། །ཉན་ཐོས་དབྱེ་བ་རྣམ་པ་གཉིས། །ཉན་ཐོས་ཞི་རགས་རྣམ་ཅན་གྱི། །ལྷག་མཐོང་བསྒྲུབ་པའི་རྟེན་ཉིད་དམ། །ཟག་མེད་ལམ་གྱི་རྟེན་ཉིད་དུ། །བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས། །ཞི་གནས་ཙམ་ཞིག་ཐོག་མར་བསྒྲུབ། །དེ་ནི་ཁམས་གསུམ་ཐམས་ཅད་ལ། །ཆགས་བྲལ་ལམ་གྱི་རྟེན་རུང་ཕྱིར། །ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ། །གོང་མའི་སྐྱེ་བ་དོན་གཉེར་དང༌། །མཐོང་ཆོས་བདེ་བར་གནས་འདོད་པས། །གོང་མའི་དངོས་གཞིར་འཇུག་པའི་ཚེ། །འོག་མའི་ས་ལ་ཆགས་བྲལ་བར། །བྱེད་པ་དམན་པའི་ལུགས་ཡིན་མོད། །ཐེག་ཆེན་པ་དང་ལྷག་མཐོང་གི །ཉེ་བར་བསྡོགས་ལ་མ་རེག་པར། །རྣམ་པར་ཐར་བརྒྱད་མངོན་སུམ་དུ། །བྱེད་ཅིང་དེ་ལས་མ་ཉམས་པར། །འདོད་པའི་ཁམས་སུ་ཕྱིར་འོང་བྱེད། །ལྷག་མཐོང་ཟག་བཅས་ཟག་པ་མེད། །དང་པོ་ཞི་རགས་རྣམ་པ་དང༌། །ཐོས་བསམ་སྒོམ་བྱུང་ཟག་བཅས་སོ། །ཟག་མེད་འཕགས་པའི་མཉམ་གཞག་ཀུན། །ཡིན་ཕྱིར་འཕགས་པས་ཁམས་གསུམ་ལ། །ཆགས་བྲལ་བྱེད་ཚུལ་ཅིག་ཅར་བ། །ཟག་མེད་བདེན་པའི་རྣམ་ཅན་ཕྱིར། །ལྷག་མཐོང་དངོས་ནི་རྟོག་པ་དང༌། །བྲལ་ཞིང་མ་འཁྲུལ་བའི་རིག་པར། །ངེས་ཤིང་རྣལ་འབྱོར་མངོན་སུམ་ཉིད། །ཡིན་ཕྱིར་ཞི་ལྷག་ཟུང་འཇུག་ཀྱང༌། །ཡིན་ནོ་ཅིའི་ཕྱིར་ཞེ་ན། །འཕགས་པ་གསུམ་པོའི་མཉམ་གཞག་གི །ལྷག་མཐོང་གང་ཡིན་ཞི་གནས་དང༌། །ཞི་གནས་གང་ཡིན་ལྷག་མཐོང་ཕྱིར། །མཉམ་པར་བཞག་ན་བློ་མེད་པར། །འདོད་པའི་ལུགས་ལ་ཟུང་འཇུག་ཏུ། །འཆད་ལ་འགལ་བ་ཡོད་མིན་ཏེ། །གཉིས་སུ་མེད་པ་ཉིད་ཕྱིར་རོ། །གསུམ་ཚན་དྲུག་པ་གསང་སྔགས་པ། །ཆགས་སོགས་གསུམ་དང་དེ་རེ་རེའང༌། །ཆེན་པོར་ཕྱེ་ནས་འཆད་བྱེད་ཚེ། །ཁྱད་པར་གང་གིས་དབྱེ་ཞེ་ན། །དམིགས་རྣམ་གང་ཡང་མི་འཆར་བའི། །བདག་དང་ཆོས་ཀྱི་རྨོངས་པ་ནི། །རེ་ཤིག་ཚེ་ན་སད་འགྱུར་ཕྱིར། །མ་རིག་པ་ནི་ཆུང་དུ་སྟེ། །དམིགས་རྣམ་མཚན་མ་དང་འབྲེལ་བའི། །ཆོས་དང་བདག་མེད་ཡེ་ཤེས་དང༌། །བདེ་སྟོང་ཟུང་དུ་འཇུག་པ་ནི། །འགྱུར་བ་མེད་ཕྱིར་གཏི་མུག་ཆེ། །ཕལ་བའི་ཞེ་སྡང་རེ་ཤིག་ན། །གཞན་དུ་འགྱུར་ཚེ་ཞེ་སྡང་ཆུང༌། །རྡོ་རྗེ་ཁྲོ་བོས་བགེགས་འཇོམས་པ། །འགྱུར་མེད་ཕྱིར་ན་ཞེ་སྡང་ཆེ། །འཇིག་རྟེན་ཆགས་སྡང་རེ་ཤིག་ན། །ཆགས་བྲལ་ཉིད་དུ་འགྱུར་ཕྱིར་ཆུང༌། །ཆགས་པ་ཐམས་ཅད་སེལ་བྱེད་པའི། །བདེ་ཆེན་ཆགས་པ་ཆེར་བཤད་པས། །ནམ་ཡང་རི་ཁྲོད་མར་དགའ་བ། །སྙོམས་པར་ཞུགས་པས་རྟག་ཞི་བ། །ཐར་པར་ཞེན་པ་སྤངས་པས་ནི། །བདེ་ཆེན་གོ་འཕང་དོན་དུ་བསྔོ། །སྔགས་ལ་འཇུག་པའི་ལམ་གསུམ་པོ། །གསུམ་ཚན་དྲུག་པ་འདི་བཤད་ཚེ། །ཚིག་མང་པོ་ཡིས་རྒྱུད་འཁྲུག་པའི། །བོད་ཀྱི་མཁས་རྣམས་ཞུམ་བྱོས་ཤིག །འཕགས་ཡུལ་འཁྲུངས་པའི་མངོན་རློམ་གྱི། །རྣམ་པར་དྲེགས་པ་དེ་བོར་ལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །འབྱེད་པའི་ཡ་མཚན་འདི་ལྟོས་ཤིག །ཅེས་ཐེག་པ་ཆེན་པོར་འཇུག་པའི་ལམ་ཆེན་གསུམ་ཚན་དྲུག་པ་ཅེས་བྱ་བའི་བསྟན་བཅོས་འདི། ཡང་དག་པར་རྟོགས་ནས་གྲུབ་པའོ། །ཤུབྷཾ། །སརྦ་མངྒ་ལཾ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*