དཔལ་འཁོར་ལོ་སྡོམ་པ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ་དང༌། བདེ་མཆོག་རྣམ་བཤད། ཀ ༽

༼ཉ༽༄༅། །དཔལ་འཁོར་ལོ་སྡོམ་པ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ་དང༌། བདེ་མཆོག་རྣམ་བཤད་དཔལ་དང་པོའི་སངས་རྒྱས་རབ་དུ་གྲུབ་པ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། དཔལ་ལྡན་དང་པོའི་སངས་རྒྱས་ཡང་དག་པར་ན་སྲིད་དང་ཞི་བའི་རང་བཞིན་གཉིས་ཡོད་མིན་ན་ཇི་ལྟ་ཇི་སྙེད་སངས་རྒྱས་སེམས་ཅན་ལ་སོགས་གཉིས་བཅོས་སུ་འཁྲུལ་མ་ལུས་གཅིག་ཏུ་བསྡུས་ནས་རང་བཞིན་རྣམ་དག་གཅིག་པུ་ཁོ་ནར་རྫོགས་སངས་རྒྱས་པའི་བཅོམ་ལྡན་དཔའ་བོ་ཚད་ཡོད་མིན་པའི་ཆེས་མཆོག་བདེ་བས་གང་ཁྱོད་ལྷན་སྐྱེས་དགའ་ཆེན་བཅོམ་ལྡན་མ་དེས་གཉིས་ཡོད་མིན་པར་དམ་འཁྱུད་ནམ་མཁའི་སྐུ་ཅན་ལི་ཁྲིའི་མདངས་ཀྱིས་ཁྱབ་པར་སྦགས་པའི་ཆོས་སྐུའི་ངོ་བོ་འཁོར་ལོའི་སྡོམ་ཁྱོད་ཕྱོགས་འགའ་ཞིག་ན་བཞུགས་མ་ཡིན་པའི་གནས་འགའ་ཞིག་ནི་སུ་གང་གིས་ནི་ཇི་ལྟ་བུར་ཡང་གཟིགས་ཡོད་མིན་པའི་ཞིང་ཁམས་དེ་ནི་ཡེ་ཤེས་ལས་གྲུབ་སྟུག་པོ་བཀོད་ཡིན་གང་འདིའི་སྟེང་ན་ཞིང་ཁམས་གཞན་དང་འོག་གི་ཕྱོགས་མཐའ་ཚད་བཟུང་མིན་ཕྱིར་འོག་གི་ཞིང་གཞན་དག་ཀྱང་ཡོད་མིན་པས་ན་ཕྱོགས་དང་མཚམས་ཀྱི་ཕ་རོལ་དག་ན་སངས་རྒྱས་ཞིང་གཞན་འདི་དང་འདི་ཞེས་བྱ་བར་འཆད་ཡོད་མིན་གང་དེ་ནི་འོག་མིན་དུ་གྲགས་ཆོས་སྐུའི་ཞིང་ཁམས་སོ། །རྣམ་ཀུན་མཁྱེན་པའི་སྤྱན་ལྡན་གྱིས་ཀྱང་ཚད་གཟུགས་མིན་པའི་ཞིང་ཆེན་དེ་དེའི་ཕྱོགས་ཕྱོགས་དག་ཏུ་ཡེ་ཤེས་ཕྱོགས་རེའི་མིག་ལྡན་རྒྱལ་བའི་སྲས་པོ་ས་བཅུ་པ་རྣམས་གང་གང་གིས་ནི་ཚད་བཟུང་མཛད་པའི་འོག་མིན་དུ་གྲགས་དེ་དང་དེར་ནི་རང་རང་སོ་སོའི་བསོད་ནམས་ཀྱིས་བསྒྲུབས་བདེ་ཆེན་མཆོག་དང་དགྱེས་མཛད་རྡོ་རྗེ་དཔལ་ལྡན་འདུས་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དང་གསུང་དུ་ཡེ་ཤེས་སྤྱན་ལྡན་གང་གང་གིས་ནི་སྐལ་བར་འཚམས་པའི་བླ་མ་ཉིད་དུ་མཛད་གང་དེ་ཡང་ཐ་སྙད་སྣང་ཕྱིར་གཅིག་ཏུ་ངེས་པ་མིན་མོད་ཡན་ལག་བདུན་ལྡན་ཁོ་ནར་ངེས་པའི་སྐུ་གང་དེ་ནི་ས་བོན་ཕྱག་མཚན་མངོན་པར་བྱང་ཆུབ་རྣམ་ལྔའི་རྐྱེན་གྱིས་གྲུབ་པ་ཡིན་པ་ཁོ་ནར་མ་ཟད་ཁམས་གསུམ་པ་ལས་ཡང་དག་འདས་པའི་སྣོད་དང་བཅུད་གང་ཡིན་པའི་གནས་དེ་ན་ནི་སྡུག་བསྔལ་བ་དང་ཀུན་འབྱུང་ལས་གྲོལ་ཕྱིར་ན་དེ་སྦྱོང་བྱེད་པའི་གདན་དང་ཞལ་ཕྱག་སྒེག་དང་དཔའ་སོགས་སྐུ་གསུང་མི་འདྲའི་ཉམས་དང་རིགས་གསུམ་པོ་དང་རིགས་ལྔ་པོ་དང་རིགས་བརྒྱའི་བྱེ་བ་འདི་དབྱེ་མ་ཡིན་གསང་ཆེན་རིགས་གཅིག་གྱུར་པ་དེ་ཁོ་ན་ཉིད་རྒྱུ་ཡི་རྡོ་རྗེ་འཆང་སྟེ་བདེ་དང་སྟོང་པ་གཅིག་གྱུར་ལས་གཞན་ལ་ལར་གྲགས་པའི་ཁ་སྦྱོར་དང་བྲལ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་དང་ལོངས་སྤྱོད་རྫོགས་སྐུ་ལ། །འོག་མིན་ལས་གཞན་ཞིང་མེད་མོད། །ཚད་བཟུང་ཡོད་མེད་དུ་བཤད་པ། །སྣང་ཚུལ་སོ་སོའི་ཁྱད་པར་ཅན། །དཔལ་ལྡན་བདེ་ཆེན་མཆོག་གི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་གང་ཉིད་ནི་གདོད་ནས་གློ་བུར་དྲི་མས་གོས་མ་མྱོང་ཕྱིར་རང་བཞིན་གྱིས་དག་གདོད་མའི་སངས་རྒྱས་པ་དང་ལམ་གྱི་བསྒྲུབ་བྱ་མིན་པར་དེ་རང་ཉིད་ཀྱིས་གཟིགས་མོད་སྤྲུལ་པའི་སྐུ་གང་མ་དག་ཞིང་དུ་ཇི་ལྟ་བུར་ནི་རྫོགས་སངས་རྒྱས་ཞེས་རྣམ་པར་དཔྱོད་ན་ཀུན་རྫོབ་སེམས་ཅན་མཐའ་ཡོད་མིན་པའི་རྣམ་ཤེས་ངོ་ན་མཁའ་ལ་སྐྲ་ཤད་དུང་ལ་སེར་དང་བདུད་རྩི་རྣག་ཁྲག་བསལ་བྱ་ཉིད་དུ་གང་སྣང་དེ་ཡི་སེལ་བྱེད་འབད་རྩོལ་གྱིས་བཏོན་པ་ལས་རང་རང་གནས་ཚུལ་མངོན་སུམ་མཐོང་བར་ཐ་སྙད་དུ་འདོགས་ཇི་ལྟ་དེ་ལྟར་ཀུན་གྱི་རང་བཞིན་རྣམ་དག་དྲི་མས་བསྒྲིབས་པའི་འཁྲུལ་སྣང་དེ་ནི་སྦྱོང་བྱེད་ལམ་གྱིས་རིམ་པར་སྦྱངས་པའི་སྒྱུ་མའི་བདེ་མཆོག་སྐུ་གསུམ་དབྱེར་མེད་གཞན་སྣང་སྤྲུལ་པའི་སྐུར་ནི་ཐོག་མར་སངས་རྒྱས་པ་གང་ཡིན་པ་འཛམ་གླིང་དབུས་ཀྱི་རྡོ་རྗེའི་གདན་ཏེ་འཁོར་གྱི་དཀྱིལ་འཁོར་དག་ན་བགྲངས་ཡས་ས་བཅུའི་དབང་ཕྱུག་རྣམས་དང་མ་དག་བློ་ཅན་ཇི་སྙེད་པ་ལ་དག་དང་མ་དག་ཞིང་གི་རང་སྣང་སོ་སོར་འཆར་གྱི་ཕྱི་རོལ་གནས་གཞན་ལོགས་ན་ཡོད་མིན་པ་ཡང་སངས་རྒྱས་ཀུན་གྱི་སྤྲུལ་སྐུའི་ཞིང་དུ་མཁྱེན། གཞི་དང་འབྲས་བུའི་ཡེ་ཤེས་ཀྱི། །ངོ་ན་ས་ལམ་རིམ་པས་དབེན། །གཞི་ལམ་དུས་ཀྱི་རྣམ་ཤེས་ངོར། །ས་ལམ་རིམ་པས་རྫོགས་སངས་རྒྱ། །གང་འདིར་ཀུན་ཁྱབ་གྲགས་པའི་དཔལ་ལྡན་ཁྲག་འཐུང་དཔའ་བོ་ལྷ་མོར་བཅས་གང་ཆགས་དང་སྡང་བའི་ཞབས་ཀྱིས་བརྗིད་པར་ནོན་པས་སྐལ་བར་ལྡན་རྣམས་འདོད་པའི་ཁམས་ལས་གྲོལ་མཛད་དཔའ་བོ་ངེས་པའི་དོན་གྱི་ཧེ་རུ་ཀ་དཔལ་སྙིང་པོའི་རྣལ་འབྱོར་མར་བཅས་དྲག་པོའི་ཚུལ་གྱིས་སྒྱུ་མའི་སྐུར་བཞེངས་པ་དེ་ཕྱི་ནང་གསང་བའི་ཡུལ་གྱི་སྙིང་པོར་རྟག་བཞུགས་པ་ལས་གཞན་གང་དག་ཏུ་གཡོ་བ་ཡོད་མིན་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་པ་དག་རྣམས་ལ་སྒོ་མཚམས་མར་གྲགས་ལྷ་མོ་རྣམ་བརྒྱད་རྩོད་ལྡན་དུས་ཀྱི་ཐོག་མར་བྱུང་བའི་དུར་ཁྲོད་རྒྱ་མཚོ་ཟུང་གི་ཕྲ་མེན་མ་རྣམས་གནས་གྱུར་ཉིད་ཕྱིར་དེ་དག་གི་གནས་དེ་རྣམས་ཉིད་ལ་དགོས་ཡོད་མ་ཡིན་དུས་དེར་ལྷ་དང་དྲི་ཟས་བཟུང་བའི་འཛམ་གླིང་ཡུལ་འགའ་ཞིག་ནི་མཁའ་ལ་སྤྱོད་པར་རབ་གྲགས་སྔོན་ཚེ་ཡུལ་དེར་གནས་པའི་དྲག་པོའི་སློབ་མ་ཆུང་མར་བཅས་རྣམས་གནས་གྱུར་པ་ཉིད་ཕྱིར་ན་དེ་དག་གནས་ནི་དེ་ཡིན་པ་ལ་ཡིན་གཉིས་དང་བྲལ་སྔོན་ཚེ་མི་དང་གནོད་སྦྱིན་གྱིས་བཟུང་འཛམ་གླིང་ཡུལ་གྱི་ཕྱོགས་འགའ་ཞིག་ནི་ས་སྤྱོད་གནས་ཞེས་རབ་ཏུ་གྲགས། །གནས་དེར་དྲག་པོའི་རྣམ་འཕྲུལ་གྱིས་ཕྱུང་ཁྲག་འཐུང་ལྷ་མོར་བཅས་རྣམས་གནས་གྱུར་པ་ལས་གསུང་གི་འཁོར་ལོ་ཉིད་ཕྱིར་དེ་དག་གི་ཡང་ཕྱི་རོལ་ངེས་པའི་གནས་གཞན་དེ་ལས་གཞན་ཡོད་མ་ཡིན་སྔོན་ཚེ་ཀླུ་དང་ལྷ་མིན་གྱིས་བཟུང་འཛམ་གླིང་ཡུལ་གྱི་ཕྱོགས་ཕྱོགས་རྣམ་བརྒྱད་ས་འོག་སྤྱོད་པར་གྲགས་དེ་དག་ན་དྲག་པོས་བྱིན་བརླབས་ཁྲག་འཐུང་ལྷ་མོར་བཅས་གང་གནས་གྱུར་པ་ལས་སྐུ་ཡི་འཁོར་ལོའི་ལྷ་ཚོགས་ཉིད་ཕྱིར་དེ་དག་གི་ཡང་ཕྱི་རོལ་ཡུལ་ན་ངེས་པའི་གནས་གཞན་ཡོད་མ་ཡིན་པ་དེ་ཕྱིར་ཡུལ་ཆེན་ཉི་ཤུ་རྩ་བཞིར་བཞུགས་པའི་དཔའ་བོ་དང་ནི་རྣལ་འབྱོར་མ་རྣམས་ས་བཅུ་སོ་སོའི་དབང་ཕྱུག་ཉིད་དུ་ཚུལ་བཟུང་གྱུར་ཀྱང་འོག་མིན་ཞིང་ལས་གཞན་དུ་ནམ་ཡང་གཡོ་མེད་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་འཛམ་གླིང་འདིར་བྱོན་ཉིད་ཅེས་དབྱེར་མེད་ཟུང་འཇུག་གསུམ་བསྲེས་བྱེད་པོའི་དོན་དམ་ལུས་ངག་ཡིད་གསུམ་ཐུགས་འདི་དག་ནི་གསུང་དེ་དག་དང་སྐུ་ཡི་འཁོར་ལོ་མ་ལུས་གཅིག་ཏུ་བསྡོམས་པའི་བཅོམ་ལྡན་འཁོར་ལོ་སྡོམ་པས་འདིར་བྱིན་རློབས། །ཆོས་ལོངས་རྫོགས་པའི་སངས་རྒྱས་ཀྱི། །ཐོག་མེད་གྱུར་ཀྱང་ལྷ་ཆེན་གྱི། །ཁྱིམ་དུ་སྒྱུ་མའི་སྐུ་གང་ཞིག །དྲག་པོའི་གཟུགས་ཀྱིས་སངས་རྒྱའོ། །གློ་བུར་རྣམ་དག་དྲག་པོའི་ལུས་ཅན་སྒྱུ་མར་མཛད་གང་དཀྱིལ་འཁོར་པར་བཅས་ཆགས་སྡང་རྨོངས་པའི་འཁྲུལ་འཁོར་གང་ཉིད་རྣམ་ཤེས་ཡེ་ཤེས་ཚོགས་པ་གཅིག་པའི་ཉམས་ལེན་ཁོ་ནས་རིམ་ཅན་ཉིད་དུ་རྫོགས་སངས་རྒྱ་བའི་ནང་གི་གནས་ནི་ཁམས་དྲུག་ཅན་གྱི་འཛམ་གླིང་སྐྱེ་བོ་བསྐལ་བཟང་ཁྱོད་ཀྱི་ལུས་འདི་ལས་གཞན་དགོས་པ་ཡོད་མིན་འདི་ཉིད་ཁོ་ནར་མ་ཚང་མེད་པར་རྟེན་དང་བརྟེན་པར་བཅས་ཀུན་སྤྱི་བོའི་སྣ་ཚོགས་རྡོ་རྗེ་ནས་བཟུང་རྐང་བརྒྱད་ཀ་བའི་བར་ནི་ཐ་མལ་ཞེན་པ་རྣམ་དག་བྱང་ཆུབ་ཕྱོགས་མཐུན་ངོ་བོ་ཉིད་གྱུར་དེར་འཛིན་པ་ཡང་རྣམ་དག་པ་ནི་གཞལ་མེད་ཁང་ཡིན་གནས་དེར་མ་ཚང་མེད་པའི་གཉིས་ལྷག་སུམ་ཅུའི་རྩ་རྣམས་དང་ནི་སྦས་པའི་རྩ་ལྔ་རང་རང་སོ་སོར་སྐྱོན་བྲལ་བྱང་ཆུབ་སེམས་རྣམས་ཀྱིས་བཟུང་བ་དེ་གྲུ་བཞི་པ་དང་སྒོ་བཞིའི་ནང་ན་འཁོར་ལོ་རྣམ་ལྔའི་ལྷ་ཚོགས་གཉིས་ལྷག་དྲུག་ཅུ་བརྡ་འཕྲོད་ནས་ནི་ཡིད་ཆེས་གྱུར་པའི་བསྐལ་བཟང་པོ། །གང་དེའི་རྒྱུད་ནི་རང་བཞིན་རྣམ་དག་འོད་གསལ་བས་ན་རྟེན་བརྟེན་པ་དང་གོམས་པའི་སྟབས་ཀྱིས་དབྱེར་མེད་གྱུར་པས་སླར་ལྡོག་མ་ཡིན་བསྐྱེད་དང་རྫོགས་པའི་རིམ་གཉིས་ངོ་བོ་གང་ལ་བརྟེན་པའི་རྒྱུད་ཉིད་དང་ནི་ཆུ་དང་མར་ལ་དེ་དང་དེ་བཞག་ཇི་བཞིན་དབྱེར་མེད་ཉིད་དུ་ངང་གིས་འཕེལ་བ་མཐར་ཕྱིན་ཚེ་ན་ཆགས་དང་སྡང་དང་རྨོངས་པའི་རང་བཞིན་འོད་གསལ་གཅིག་པུ་ཐོག་མེད་དུས་ནས་ཡེ་ཤེས་ཉིད་ཕྱིར་འཁོར་ལོའི་མགོན་པོར་རྫོགས་སངས་རྒྱས་འགྱུར་ཉོན་མོངས་དེ་གསུམ་རྣམ་ཤེས་ཡུལ་ལ་ཕྱི་རོལ་བལྟས་པའི་དྲི་མར་འགྱུར་གང་འོད་གསལ་ཉིད་ལས་གཞན་དུ་ཕྲལ་བས་ཞབས་ཟུང་གིས་མནན་དྲག་པོ་དང་ནི་ལྷ་མོར་བཅས་གང་དེ་དང་ཕྱག་ཟུང་གིས་ནི་གཏི་མུག་གླང་ཆེན་ཁྲོས་པའི་གཟུང་འཛིན་པགས་པ་གཞན་དུ་དྲལ་ནས་རང་གི་ངོ་བོ་འོད་གསལ་ཉིད་དུ་མཛད་གང་དེ་དང་དེ་དེ་ཡང་ནི་འཁོར་ལོའི་མགོན་པོ་ཉིད་དུ་རྫོགས་སངས་རྒྱས་གྱུར་པས་ན་རྣལ་འབྱོར་པ་རང་ཉིད་ཀྱི་ཆ་ཤས་མ་ལུས་པ་ཀུན་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་སྡོམ་པ་རང་བཞིན་གྱིས་གྲུབ་རང་གིས་རང་ལ་ཕྱག་བགྱིའོ། །མ་དག་ལུས་ཀྱི་རྩ་ཁམས་ཙམ། །ལྷར་སྒོམ་པ་ནི་མུ་སྟེགས་ལའང༌། །ཡོད་ཕྱིར་ཐུན་མོང་དངོས་གྲུབ་ཙམ། །འབྱུང་མོད་སྤངས་རྟོགས་སླར་ལྡོག་བྱེད། །མ་དག་དྲི་མར་ཤེས་བྱས་ནས། །དོན་དམ་ཡེ་ཤེས་ལུས་གཅིག་པུ། །རྩ་ཁམས་སོ་སོ་དང་འབྲེལ་བ། །ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ལོ། །ཀུན་ཁྱབ་འཁོར་ལོའི་བདེ་མཆོག་དཀྱིལ་འཁོར་པ་ཀུན་མ་ཚང་མེད་པར་སྒྱུ་མའི་གར་གྱི་རྣམ་པར་བྱེད་པོའི་བྱང་ཆུབ་ཕྱོགས་མཐུན་བདུན་གྱིས་ལྷག་པའི་སུམ་ཅུ་པོ་ནི་བརྟེན་པའི་ལྷ་ཚོགས་ཁོ་ནར་མ་ཟད་རྟེན་གྱི་གཞལ་མེད་ཁང་བརྩེགས་ཉིད་དུ་གང་ཤར་དེ་ནི་ཡེ་ཤེས་ལས་གྲུབ་འབྱུང་ཆེན་རྣམ་བཞིས་བཏེག་པའི་ངོ་མཚར་ལྷུན་པོའི་སྟེང་གི་ལྟེ་བར་ཉི་མ་དང་ནི་སྣ་ཚོགས་པདྨའི་གདན་ལ་རིན་ཆེན་རྣམ་ལྔའི་ཁང་བརྩེགས་ཡིད་འོང་གྲུ་བཞི་སྒོ་བཞི་རྟ་བབས་རྣམ་བཞིས་མཛེས་པར་བརྒྱན་པའི་ནང་གི་ཕྱོགས་ན་མརྒད་མདོག་ཅན་ཆ་ཕྲན་གཅིག་གིས་མཐོ་བའི་ལྷ་སྣམ་གྲུ་བཞིར་གྱུར་པའི་སྟེང་ན་དབང་སྔོན་སྟེགས་བུ་གྱེན་དུ་འཕགས་པའི་ཆ་ཕྲན་གྲངས་ནི་ཀུ་མུད་གཉེན་གྱུར་གང་དེའི་དབུས་ཀྱི་ཐད་དྲང་པོར་ནི་རྟེན་གྱི་ལྟེ་བ་དྲང་པོར་ཚུགས་ལས་འཕྲོས་པའི་བདེ་ཆེན་ཐུགས་དང་གསུང་དང་སྐུ་ཡི་འཁོར་ལོ་ལྷ་སྣམ་གྲུ་བཞིའི་ཕྱི་རིམ་དང་བཅས་སྟེང་ནས་སྟེང་དང་ནང་ནས་ནང་དུ་ཚུད་པའི་འཁོར་ལོ་རྣམས་ནི་རིགས་ཀུན་སོ་སོར་མཚོན་པའི་རྒྱན་རྣམས་ཀྱིས་མཚོན་རྩིབས་རྣམས་སོ་སོའི་བར་ནས་བཙུགས་བའི་བརྒྱད་བརྒྱད་ཟུང་གི་ཕྲེང་བར་བཅས་པ་འདི་ཡ་མཚན། །བརྒྱད་ཚན་རེ་རེའི་སྟེང་ན་ཨིནྟྲ་ནཱི་ལའི་མདོག་ཅན་རྡོ་རྗེའི་གདུང་གི་ཟླུམ་བསྐོར་བཞི་དང་རྩིག་པས་བཏེག་པའི་རིན་ཆེན་ཕ་གུ་དག་སྟེ་དེ་དག་ཀུན་ཀྱང་རྒྱ་ཕུབས་འདེགས་པའི་རིང་ཐུང་གཞུ་དང་བྲེ་ཕུལ་མཚམས་ཀྱི་ཧར་མིག་མང་པོས་མདངས་གསལ་བ་དང་བར་མཚམས་འགེགས་པའི་གགས་པང་དང་ལྡན་རིན་ཆེན་ཕྲ་ཚོམ་སྟར་ལ་བརྒྱུས་པའི་དྲྭ་བ་དང་ནི་དྲྭ་བ་ཕྱེད་པའི་སྣེ་ནས་འཕྱང་བའི་སིལ་སིལ་སྒྲ་ཅན་དེ་དག་སོ་སོ་ལ་ནི་བདེ་ཆེན་འཁོར་ལོའི་གདུང་ཟླུམ་སྟེང་ནས་ཐུགས་ཀྱི་འཁོར་ལོར་བརྐྱང་བའི་ཆམ་རྣམས་མང་པོ་དག་གིས་སྔར་བྱས་པ་དང་ཐུགས་འཁོར་གདུང་ཉིད་ཁོ་ནའི་སྟེང་ནས་གསུང་གི་འཁོར་ལོའི་རྩེ་མོར་བརྐྱང་བའི་ཆམ་རྣམས་ཀྱིས་ནི་སྔར་བྱས་གསུང་འཁོར་གདུང་ནས་སྐུ་འཁོར་སྟེང་གི་ཐོག་མར་བརྐྱང་བའི་ཆམ་རྣམས་ཀྱིས་ནི་སྔར་བྱས་པ་དང་སྐུ་འཁོར་གདུང་ནས་རྩིག་པའི་སྟེང་གི་མདའ་ཡབ་ནོན་པའི་ཆམ་རྣམས་རིང་པོར་བརྐྱངས་པས་ཕྱི་རོལ་འདོད་ཡོན་སྣམ་བུ་རིགས་པར་ཁེབས་བྱེད་འཁོར་ལོ་རྣམ་བཞིའི་ཐོག་དཔངས་དག་ཀྱང་ཕྱི་ནས་རིམ་བཞིན་ཆ་ཕྲན་གཉིས་གཉིས་ཀྱིས་མཐོ་ནང་མའི་སྟེང་ནས་ཕྱི་མའི་ཐོག་ཏུ་ཆུ་འབབ་ནུས་པའི་ཆར་ཅན་དེ་ཡ་མཚན། །བདེ་ཆེན་འཁོར་ལོའི་གདུང་ཟླུམ་སྟེང་ནས་རྡོ་རྗེའི་གདུང་བཞི་མིག་མངས་སུ་བྲེས་པའི་ཟླུམ་བསྐོར་དང་ནི་དབུས་མའི་གྲུ་བཞི་པ་ལས་རིན་ཆེན་སྣ་ལྔའི་རྩིག་པ་ཡིད་འོངས་བུམ་པ་དང་ནི་བྲེ་ཡི་དབྱིབས་ཅན་རིན་ཆེན་འབར་བའི་ཏོག་གིས་མཚན་པ་དེ་ཡང་དཀར་མདངས་ཅན་གྱི་ཧར་མིག་རིན་ཆེན་འབར་བའི་དྲྭ་བས་མཛེས་བྱས་གང་དེར་བཅོམ་ལྡན་ཁ་སྦྱོར་སྒྱུ་མའི་བདེ་མཆོག་སྙིང་པོའི་རྣལ་འབྱོར་མར་བཅས་འཆི་མེད་བཅུད་ཅན་བདེ་སྐྱོང་རྣམ་བཞི་དང་ལྡན་འཁོར་ལོའི་རྒྱ་ཕུབས་འདེགས་པའི་ཀ་བ་རྣམས་ནི་ཆ་ཕྲན་ལྔ་ཚང་རིང་ཐུང་གཞུ་དང་གདུང་ཟླུམ་དུ་སྦྱར་ཆ་ཕྲན་ཟུང་ལྡན་དམ་ཚིག་འཁོར་ལོའི་ལྷ་སྣམ་ནས་བརྩམས་འཁོར་ལོ་རྣམ་ལྔ་ཀུན་ཀྱང་ཆ་ཕྲན་གཉིས་གཉིས་ཀྱིས་མཐོ་ཀ་བའི་དཔངས་དང་བུམ་པ་བྲེ་དང་ནོར་བུར་བཅས་པས་ཆ་ཕྲན་གཉིས་ཚང་ནོར་བུ་རྒྱས་པའི་གཞལ་མེད་ཁང་བརྩེགས་དང་མཚུངས་ནང་ནས་ནང་མཐའི་བར་གྱི་ཆ་ཆེན་བརྒྱད་ནི་རྒྱ་ཁྱོན་ཚད་ཡིན་ལྔ་གསུམ་ཚད་ཀྱིས་མངོན་པར་མཐོ་བ་དེ་ལ་ཕྱག་འཚལ་ལོ། །འོག་མིན་དུ་ནི་སངས་རྒྱས་པའི། །ལོངས་སྤྱོད་རྫོགས་སྐུ་འཛམ་གླིང་དུ། །སངས་རྒྱས་སྤྲུལ་པའི་བདེ་མཆོག་དང༌། །ཡན་ལག་བདུན་ལྡན་དུ་མཚུངས་ཀྱང༌། །དྲག་པོའི་གཟུགས་སུ་འདྲ་མ་ཡིན། །ཧེ་རུ་ཀ་དཔལ་མཚུངས་ཉིད་ཀྱི། །འཁོར་ལོར་བྱས་གང་ཕྱི་ཡི་ཡུལ། །ཉེར་བཞིར་གྲགས་དང་དུར་ཁྲོད་བརྒྱད། །རྡོ་རྗེའི་གདན་དང་དེ་ཕྱོགས་བཞིར། །བགྲངས་པས་སུམ་བཅུ་སོ་བདུན་ནོ། །ནང་གི་ཡུལ་ནི་ཁམས་དྲུག་པོ། །ཚང་བའི་རྣལ་འབྱོར་པ་རང་གི །སྤྱི་གཙུག་ནས་ནི་རྐང་མཐིལ་བར། །འདོམ་གང་གྲུ་བཞིའི་གཞལ་ཡས་ཁང༌། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །དེ་ན་གནས་པའི་རྩ་དང་ཁམས། །བྱང་ཕྱོགས་སོ་བདུན་ངོ་བོ་ཉིད། །གཞན་ཞེས་བྱའམ་གསང་བའི་ཡུལ། །འབྱུང་བ་རིམ་བརྩེགས་རི་རབ་དང༌། །བཅས་པའི་སྟེང་ན་གཞལ་ཡས་ཁང༌། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །ཀ་ཆེན་སོ་གཉིས་ཀྱིས་བཏེག་པའི། །ཐོག་ཕུབས་མཆོད་རྟེན་བ་གམ་ཅན། །འཁོར་ལོ་བདེ་མཆོག་ལྷ་རེ་གཉིས། །འཚང་རྒྱ་བ་དང་བཞུགས་པའི་གནས། །ཞེས་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་རྒྱུན་ཆགས་པའི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ། འཆི་མེད་རྔ་སྒྲའི་ཕྲེང་བ་ཞེས་བྱ་བ་འདི་ནི། དཀྱིལ་འཁོར་པ་དེ་དག་ཉིད་ཁོ་ནས། རྟག་པར་རབ་ཏུ་བྱིན་གྱིས་བརླབས་པར་གྱུར་ཅིག་པའི་བསམ་པ་དགེ་བ་ཅན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རང་ལོ་དོན་བདུན་པ་ཤིང་ཕོ་བྱི་བའི་ལོ་མིག་དམར་ཅན་ཞེས་པ་གྲོ་བཞིན་ཅན་གྱི་ཉ་གང་བའི་ཉིན་གྲུབ་པ་ཉིད་དུ་སྦྱར་བའི། ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ། །མངྒ་ལཾ།།  །། ༄། །ཨོཾ་སྭ་སྟི་སིདྡྷཾ། དཔལ་དང་པོའི་སངས་རྒྱས་རབ་ཏུ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས། ཀུན་ཁྱབ་ཐོག་མའི་སངས་རྒྱས་ཀྱི། །མཚན་ཙམ་ཐོས་པས་དེའི་དངོས་པོ། །ཉི་མ་བཞིན་དུ་གེགས་མེད་པར། །འཆར་མཛད་དེ་ཉིད་ལ་ཕྱག་འཚལ། །འདི་ན་དང་པོའི་སངས་རྒྱས་ནི། །དྲི་མས་བསྒྲིབས་དང་ཡོན་ཏན་ཀུན། །ཚང་བར་བཞུགས་ཞེས་སྒྲོ་འདོགས་དང༌། །སྐུར་འདེབས་གྱུར་པ་དེ་སྤངས་ནས། །དྲི་མ་དང་ནི་ཡོན་ཏན་ཚོགས། །གདོད་ནས་མེད་དང་ལྷུན་གྲུབ་པ། །འདི་ཤེས་པ་ན་བདེ་བའི་མཆོག །བདེ་བླག་ཉིད་དུ་མཚོན་འདིར་འཆད། །ཅེས་མཆོད་པར་བརྗོད་ཅིང༌། རྩོམ་པའི་དམ་བཅའ་ཐོག་མར་བསྟན་ནས། དོན་དངོས་འཆད་པ་ལ་གསུམ་སྟེ། དང་པོའི་སངས་རྒྱས་ཀྱི་ངོས་འཛིན་ཤེས་པས་བདེ་མཆོག་འཁོར་ལོའི་ཟབ་ལམ་བདེ་བླག་ཏུ་རྙེད་སླ་བ། དེ་ལ་བརྟེན་ནས་མདོ་རྒྱུད་ཀུན་གྱི་ཟབ་ལམ་ཚོལ་ནུས་པ། བཤད་པ་དེ་ལ་མ་བརྟགས་པའི་རྒོལ་བ་མང་པོ་དག་སྤང་བའོ། །དང་པོ་ལ་གསུམ་སྟེ། ཐོག་མའི་སངས་རྒྱས་མདོར་བསྡུས་ཏེ་ངོས་བཟུང༌། དེ་ཉིད་གྲུབ་ཆེན་གྱིས་བཀྲལ་བའི་དཀྱིལ་འཁོར་དུ་བསྟན། དེ་ལ་རྒོལ་བ་མདོ་ཙམ་ཞིག་སྤང་བའོ། །དང་པོ་ལ། མཚན་གཞི་ངོས་བཟུང༌། དེ་སྒྲུབ་བྱེད་ཐུན་མོང་གི་ལུང་དང་སྦྱར། དེ་ཉིད་མདོ་སྔགས་ཐུན་མོང་གི་གྲགས་པ་དང་མི་འགལ་བར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། དང་པོའི་སངས་རྒྱས་ཞེས་དང༌། རང་བཞིན་ཆོས་ཀྱི་སྐུ་དང༌། ཆོས་དབྱིངས་ཡེ་ཤེས་དང༌། རང་བཞིན་རྣམ་དག་དང༌། དོན་དམ་པའི་སེམས་ཅན་དང༌། བདེ་བར་གཤེགས་པའི་སྙིང་པོ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བསྟན་ནོ། །གཉིས་པ་ནི། བསྟན་པ་དེ་དག་ཇི་སྙེད་པ། དང་པོའི་སངས་རྒྱས་ངོས་འཛིན་པའི་སྐབས་འདིར་སངས་རྒྱས་དང་ཆོས་ཀྱི་སྐུ་དངོས་ཡིན་ཏེ། གདོད་མ་ནས་རྒྱུད་ཉིད་དུ་གྲུབ་པ་གཞིར་བྱས་ལ། སྔར་ཡོད་ཀྱི་དྲི་མ་བསལ་བར་བྱ་མི་དགོས་ཤིང༌། སྔར་མེད་ཀྱི་ཡོན་ཏན་བཞག་རྒྱུ་ཅུང་ཟད་ཀྱང་མེད་པའི་ཕྱིར། རང་གི་ངོ་བོ་ལ་དྲི་མ་ཅུང་ཟད་ཀྱང་གདོད་མ་ནས་ཡོད་མ་མྱོང་བ་དང༌། སྟོབས་སོགས་ཡོན་ཏན་གདོད་མ་ནས་ཡོད་མྱོང་བ་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །གློ་བུར་དག་གིས་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། དོན་དེ་ཉིད་རིགས་པས་གྲུབ་པ་ཡང་ཡིན་ཏེ། སྟོབས་སོགས་ཡོན་ཏན་གྱིས་མི་སྟོང་བར་ཡོད་ན། རང་གི་ངོ་བོ་ལ་དྲི་མ་དང་བཅས་པར་འགལ་བའི་ཕྱིར། གསུམ་པ་ནི། གལ་ཏེ་ན། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཅེས་གཞུང་འགྲེལ་ན་གསལ་བ་དང༌། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་བློ་བུར་གྱི་དྲི་མ་སེལ་དགོས་པར་བཤད་པ་མ་ཡིན་ནམ། ཞེ་ན། ལན་ལ་གཉིས་ཏེ། མདོ་གཞུང་དང་མི་འགལ་བ་དང༌། རྒྱུད་གཞུང་དང་མི་འགལ་བའོ། །དང་པོ་ནི། དྲི་བཅས་དེ་བཞིན་ཉིད་ཅེས་བཤད་པས་དྲི་མ་ཡོད་པར་མི་འགྲུབ་སྟེ། དེའི་ངོས་འཛིན་ནི། དྲི་མའང་སེམས་ཅན་གྱི་ཆོས་ཉིད་ལ་འཆད་དགོས་པ་ཡིན་ལ། དེ་ཡང་སེམས་ཅན་སོགས་རང་གི་ངོ་བོས་སྟོང་པའི་མེད་པར་དགག་པའམ། དེ་དང་དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་ཡིན་གྱི། ཆོས་ཅན་ཀུན་རྫོབ་པ་དེ་དག་ཡོད་པའི་དོན་དུ་བཤད་ན། དེ་བཞིན་ཉིད་ཀྱི་ངོས་འཛིན་ཕྱིན་ཅི་ལོག་ཉིད་དུ་བཤད་པར་སོང་བའི་ཕྱིར། གཉིས་པ་ནི། རྐང་པ་དང་པོས་དོན་དམ་པའི་སེམས་ཅན་ཐམས་ཅད་རང་བཞིན་རྣམ་དག་གི་དང༌། དོན་དམ་པའི་དང༌། གནས་ཚུལ་གྱི་སངས་རྒྱས་ཉིད་དུ་འཆད་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པ་དེ་ཉིད་དོ། །རྐང་པ་གཉིས་པ་དང་གསུམ་པས་ནི་ཀུན་རྫོབ་པའི་སངས་རྒྱས་ངོས་འཛིན་པ་ཡིན་ལ། དེའི་ཚེ་སྒྲིབ་བྱེད་དུ་བཤད་པའི་དྲི་མ་མཐའ་དག་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱི་ཕྱིར་གདོད་མ་ནས་ཡོད་མ་མྱོང་མོད། རྣམ་ཤེས་ཀྱི་ངོར་འཁྲུལ་སྣང་དེ་མ་བསལ་ན་དང༌། སྒྱུ་མ་ལྟ་བུའི་བསོད་ནམས་ཀྱི་ཚོགས་རྣམ་ཤེས་འཁྲུལ་པའི་ངོ་བོ་ཉིད་དུ་རྫོགས་པར་མ་བྱས་ན། གཞན་སྣང་གི་སངས་རྒྱས་སྒྱུ་མའི་སྐུ་ཉིད་ཀྱི་རྣམ་འཕྲུལ་འཆར་མི་ནུས་པ་ལ་དགོངས་པའོ། །སྒྱུ་མའི་སྐུ་འགྲུབ་པ་ལ་གློ་བུར་གྱི་དྲི་མ་སེལ་དགོས་པར་བཤད་པ་ཙམ་གྱིས་རང་བཞིན་རྣམ་དག་གི་ཆོས་ཀྱི་སྐུ་སངས་རྒྱས་མ་ཡིན་པར་མི་འགྲུབ་སྟེ། དཔེར་ན། སྐྱེས་བུ་རྒྱན་བཟང་པོས་སྤྲས་པའི་གཟུགས་བརྙན་མེ་ལོང་དུ་འཆར་བ་ལ། མེ་ལོང་དེའི་དྲི་མ་སེལ་དགོས་པ་བཞིན་ནོ། །དྲི་མ་གདོད་མ་ནས་མ་གྲུབ་ན་འཁྲུལ་ངོར་སེལ་དགོས་པ་འགལ་ཏེ། འཁྲུལ་པ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པའི་ཕྱིར་ཞེ་ན། རྒྱུ་མཚན་དེ་ཉིད་ཀྱིས་ན། དེ་སེལ་དགོས་པ་དང་ནུས་པར་གྲུབ་པ་ཡིན་ཏེ། དུང་གི་ཁ་དོག་སེར་པོར་སྣང་བ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་དང༌། ཆོས་དབྱིངས་ཡེ་ཤེས་ཁོ་ན་དོན་དམ་པའི་སངས་རྒྱས་གོ་ཆོད་པོ་དང༌། གནས་ཚུལ་གྱི་ཡོན་ཏན་ཀུན་ཚང་བ་ཅན་ཉིད་དུ་གྲུབ་པ་ན། རྩོད་བྲལ་གྱི་གྲུབ་ཆེན་དྲིལ་བུ་པའི་ཞབས་ཀྱིས། སྐལ་བཟང་གི་སློབ་མ་མཁས་པ་དག་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དོན་དུ་གཉེར་བ་འགའ་ཞིག གང་དུ་དབང་བསྐུར་བའི་དཀྱིལ་འཁོར་གྱི་མཚན་གཞི་དོན་དམ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ལ་བཤད་པར་གྲུབ་པ་ཡིན་ཏེ། སློབ་དཔོན་དེའི་གཞུང་ན་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ལ་དོན་དམ་པ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དང༌། ཀུན་རྫོབ་པ་བཅོས་མའི་དཀྱིལ་འཁོར་དག་ཏུ་ཕྱེད་ནས། སློབ་མ་མཁས་པ་འགའ་ཞིག་ནི་དང་པོ་ཉིད་ནས་དོན་དམ་པའི་དཀྱིལ་འཁོར་དེར་འཇུག་པ་དང༌། དེར་ཞུགས་པ་ཙམ་གྱིས་ཡེ་ཤེས་སེམས་དཔའ་རང་བཅས་སུ་ངོ་འཕྲོད་པ་དང༌། གང་དུ་དབང་བསྐུར་བའི་གནས་དང༌། གང་གིས་བསྐུར་བའི་སློབ་དཔོན་དང༌། གང་ལ་བསྐུར་བའི་སློབ་མ་དང༌། ཇི་ལྟར་བསྐུར་བའི་དབང་རྫས་རྣམས་ཏེ། ཀུན་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ངོ་འཕྲོད་པར་བྱས་ནས། དབང་བསྐུར་བའི་སྐད་ཅིག་དེ་ལ་ཡང་དག་པའི་དོན་མཐོང་ནས་གྲོལ་བར་བྱེད་པའི་ཕྱིར་རོ། །གདོད་མ་ནས་སངས་རྒྱས་སུ་གྲུབ་ན། དབང་བསྐུར་ལ་ལྟོས་པར་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ལ་དེར་ངོ་ཤེས་པ་ནི་རང་རྒྱུད་ཀྱི་ཡེ་ཤེས་ལ་ངེས་པ་འདྲེན་ནུས་ཀྱི་ཉམས་མྱོང་ལ་ལྟོས་པའི་ཕྱིར། དབུལ་པོའི་ཁྱིམ་གྱི་ས་འོག་ན་ཡོད་པའི་གཏེར་ངོ་འཕྲོད་པ་ངེས་བྱེད་ཀྱི་ཐབས་གཞན་ལ་རག་ལས་པ་བཞིན་ནོ། །གསུམ་པ་ནི། གཞན་དག་ན་རེ། གྲུབ་ཆེན་གྱི་གཞུང་ལས་གསུངས་པའི་དཀྱིལ་འཁོར་ནི་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་སྒྲུབ་པ་པོའི་གདོས་བཅས་ཀྱི་ལུས་འདོམ་གང་གྲུ་བཞི་ནི་རྟེན་གྱི་དཀྱིལ་འཁོར་དང༌། དེ་ལ་གནས་པའི་རྩ་ཁམས་ནི་བརྟེན་པའི་ལྷ་ཚོགས་སུ་བཤད་པ་ཡིན་ལ། དེ་དག་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱི་ཕྱིར། ཆོས་ཀྱི་དབྱིངས་སུ་ག་ལ་འཐད། ཅེས་ཟེར་རོ། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། ཁྱབ་བྱེད་མ་གོ་བས་སྔགས་ལས་ཉམས་པར་བསྟན། ཁྱབ་བྱ་ལུས་ཀྱི་དཀྱིལ་འཁོར་ངོས་བཟུང་བ། ཐམས་ཅད་ཀྱང་དོན་དམ་དུ་ཐལ་བའི་སྐྱོན་སྤོང་ངོ༌། །དང་པོ་ནི། ལུས་དཀྱིལ་ཡོངས་རྫོགས་ཀྱི་ངོས་འཛིན་ཐ་མལ་གྱི་ཕུང་པོ་ལས་གཞན་དུ་མི་འཆད་ན། བཅོས་མ་གཉིས་པོའི་དཀྱིལ་འཁོར་གྱི་ངོས་འཛིན་ཐ་མལ་གྱི་རྡུལ་ཚོན་ལས་གཞན་དུ་མི་འཐད་པ་ལྟ་ཅི་སྨོས་པ་དེའི་ཕྱིར། གསང་སྔགས་ཀྱི་རྣམ་གཞག་དང༌། ཀུན་དུ་སྤྱོད་པ་མཐའ་དག་ལས་ཉམས་པར་འགྱུར་ཏེ། སྔགས་ཀྱི་རྣམ་གཞག་ཆུང་ངུ་ཞིག་ལ་འཇུག་པའི་ཚེ་ནའང༌། རྣམ་ཤེས་ཡུལ་གྱི་ཤེས་བྱ་ཐམས་ཅད་རྣམ་ཤེས་ལ་ཇི་ལྟར་སྣང་བ་བཞིན་མི་དམིགས་པ་ཉིད་དུ་ཐག་བཅད་ནས། དེའི་ངང་ནས་མ་ལངས་པར་སྦྱོར་དངོས་ཀྱི་བྱ་བ་མཐའ་དག་གྲུབ་པར་བྱ་དགོས་པའི་ཕྱིར་དང༌། ཡེ་ཤེས་ལས་གྲུབ་པ་ཞེས་ཀུན་གྱིས་ཚིག་ཏུ་འདོན་པ་དེ་ཡང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་གཞན་དུ་མེད་པའི་ཕྱིར་དང༌། གཞི་ལམ་འབྲས་བུའི་དུས་ཀྱི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པ་ནི་སྔགས་ཀྱི་གཞུང་ན་མེད་དོ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་སྒྲུབ་གཞི་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཁས་ལེན་པ་དེའི་ཚེ། བརྟེན་པ་ལྷའི་སྒྲུབ་གཞི་གང་ཟག་དང༌། རྟེན་གཞལ་ཡས་ཁང་གི་སྒྲུབ་གཞི་རྣམ་ཤེས་ཡུལ་གྱི་ཆོས་ལས་གཞན་དུ་མི་དམིགས་པ་དེའི་ཚེ། མུ་སྟེགས་བྱེད་ཀྱི་བསྐྱེད་རིམ་སྒྲུབ་ཚུལ་ལས་གཞན་དུ་མ་འདས་པ་ཡིན་ཏེ། མུ་སྟེགས་པའི་གསང་སྔགས་པས་ནི་དེ་དང་དེའི་སྒྲུབ་གཞི་སྔ་མ་དེ་ལྟར་ཁས་ལེན་དགོས་པ་ཡིན་ལ། སངས་རྒྱས་པའི་སྔགས་པས་ནི་ཀུན་རྫོབ་པའི་ཆོས་དང་གང་ཟག་གིས་སྟོང་པའི་ཡེ་ཤེས་ཉིད་ལས་དེ་དང་དེར་སྒྲུབ་པ་ནི་ཚད་ལྡན་གྱི་མངོན་པར་རྟོགས་པ་ཆུང་ངུ་ཞིག་ཏུའང་གསལ་བར་འཆད་པའི་ཕྱིར། གང་དག་ཀུན་རྫོབ་ཀྱི་སྣང་བ་བདེན་གྲུབ་ཐོག་མར་འགོག་པ་ཡིན་གྱི། ཀུན་རྫོབ་ཀྱི་སྣང་བ་ཙམ་བཀག་ན་ཆད་པའི་མཐའ་ཉིད་དུ་ལྷུང་བར་འགྱུར་རོ། །ཞེས་ཟེར་བ་དེ་དག་གིས་ནི་ཞིང་སྦྱང་བའི་ཚད་དང༌། སངས་རྒྱས་ཀྱིས་ཤེས་བྱ་གཟིགས་ཚུལ་དང༌། སྣོད་བཅུད་ཀྱི་འཇིག་རྟེན་དག་བསྐྱེད་རིམ་པའི་རྟེན་བརྟེན་པར་འཆར་ཚུལ་རྣམས་རྩ་བ་ནས་མ་ཤེས་པ་ཁོ་ནར་མ་ཟད། སྔགས་ཀྱི་ཉམས་ལེན་དངོས་གཞིའི་དུས་སུ་ཐ་མལ་གྱི་སྣང་ཞེན་འགོག་ཅེས་རང་ཉིད་ཀྱི་འཆད་པ་དང་དངོས་སུ་འགལ་བས་གྲུབ་མཐའི་གཏིང་མ་ཚུགས་སོ། །གཉིས་པ་ནི། སྤྱིར་སྔགས་བླ་མེད་ཀྱི་གཞུང་དག་ན་གནས་སྐབས་སུ་ཡུལ་ཤེས་བྱ་མཐའ་དག་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་དང༌། ཆོས་ཅན་དང་ཆོས་ཉིད་དག་ཏུ་དང༌། ཡུལ་ཅན་ལ་རྣམ་ཤེས་དང༌། ཡེ་ཤེས་དག་ཏུ་སོ་སོར་ཕྱེ་ནས། མཐར་ཐུག་ཡུལ་དོན་དམ་དང་དེ་བཞིན་ཉིད་ཁོ་ན་དང༌། ཡུལ་ཅན་ཡེ་ཤེས་ཉིད་ལས་གཞན་དུ་མི་འཆད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་ལུས་དཀྱིལ་གྱི་རྣམ་གཞག་འཆད་པའི་སྐབས་འདིར། ལུས་ནི་གཉིས་ཏེ། ཀུན་རྫོབ་པའི་དང་དོན་དམ་པའི་འོ། །དང་པོ་ནི། རྣམ་ཤེས་ལ་ཐ་མལ་གྱི་ལུས་སུ་སྣང་བའི་རྣམ་རིག་ཙམ་སྟེ། ཐེག་པ་ཆེན་པོ་པས་ཕྱི་རོལ་དོན་གྱི་ལུས་ནི། ཁས་ལེན་པ་མ་ཡིན་ནོ། །དོན་དམ་པའི་ལུས་ནི་ཡུལ་ཕྱི་རོལ་གྱི་ལུས་དང༌། ཡུལ་ཅན་དེར་སྣང་བའི་རྣམ་པ་གཉིས་ཀས་སྟོང་པའི་ཡེ་ཤེས་ཏེ། ཀུན་རྫོབ་དང་དོན་དམ་གཉིས་སུ་དབྱེ་བ་མཐའ་དག་གི་ངོས་འཛིན་ཀྱང་དེ་ཁོ་ན་བཞིན་ནོ། །དེ་ལྟར་ཕྱེ་བ་དེའི་ཚེ་ན། རྟེན་གྱི་གང་ཟག་སྐལ་བ་དང་དད་པར་ལྡན་ཞིང༌། ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཞན་པ་དག་ལ་ནི། ཡུལ་ཅན་རྣམ་ཤེས་ཀྱི་ངོ་དང༌། ཡུལ་ལ་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་དབང་དུ་བྱས་ནས། ཀུན་རྫོབ་ཀྱི་ལུས་བརྟེན་པར་བཅས་པ་ཉིད་ལ་ལུས་དཀྱིལ་དུ་ངོ་སྤྲད་པས་ཆོག་པ་ཡིན་ཏེ། དེ་ལྟར་ཞེན་པས་ཞུགས་པའི་ཚེ་འབྲེལ་བས་མི་བསླུ་བ་ཙམ་འབྱུང་བའི་ཕྱིར། དེའི་ཚེ་ཡང་འབྲེལ་ཡུལ་ནི་ཆོས་དབྱིངས་ཀྱི་ལུས་ལ་ཐུག་པ་ཡིན་ཏེ། དེ་མེད་པར་ནི་གོམས་པ་རབ་ཀྱི་མཐར་ཕྱིན་པ་མི་འབྱུང་བའི་ཕྱིར། ཡང་དེ་ལྟ་བུ་ཆོས་རབ་ཏུ་རྣམ་འབྱེད་ཅན་ལ་ནི་དོན་དམ་པའི་ལུས་རྟེན་དང་བརྟེན་པར་བཅས་པ་ཉིད་ལ་ལུས་ཀྱི་དཀྱིལ་འཁོར་དུ་ངོ་འཕྲོད་དགོས་པ་ཡིན་ཏེ། དེ་ལྟར་སྟོན་པ་དེ་ནི་ཡུལ་ཅན་ཡེ་ཤེས་ཀྱི་ངོ་དང༌། ཡུལ་འཆད་ཚེ་བདེན་གཉིས་སོ་སོར་ཕྱེ་བའི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་ཕྱེ་བ་དེ་ལ་གོམས་པར་བྱས་པས་སྒྲུབ་གཞི་གང་ཡིན་པ་དེ་ཉིད་བསྒྲུབ་བྱ་གང་ཡིན་པ་དེའི་ངོ་བོར་མཐར་ཕྱིན་པ་ཉིད་དུ་འགྱུར་བ་ཡིན་ཏེ། ཚུལ་འདི་ལ་ནི་རྟེན་བརྟེན་བྱས་ཟིན་འབད་རྩོལ་ལ་མི་ལྟོས། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་ཞེས་བྱ་བའི་འཐད་པ་དེ་དག་ཞུགས་པའི་ཕྱིར་ཏེ། རྣམ་སྨིན་གྱི་ལུས་ཉིད་ལྷར་གོམས་པར་བྱས་པ་ལ་ནི་གོམས་བྱེད་ཀྱི་ལམ་དང༌། གོམས་པའི་འབྲས་བུ་གོམས་པ་པོའི་སེམས་ཀྱི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་དེ་མི་ཚང་བའི་ཕྱིར། རེ་ཞིག་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་གོམས་ཚུལ་རུང་བར་བཤད་པ་དེ་ལ་ཡང༌། གང་ཟག་གི་བདག་མེད་མ་ཤེས་ན་དད་པ་སྔོན་དུ་འགྲོ་དགོས་ཏེ། ངའི་ལུས་ལྷ་ཞེས་ཞེན་པ་ནི་འཇིག་ལྟ་ལྷན་སྐྱེས་ཀྱི་རྭ་བ་ལས་མ་འདས་པའི་ཕྱིར། དེ་ཤེས་པ་སྔོན་དུ་སོང་ནས་ནི་མ་དག་པའི་ལུས་ཉིད་ལྷར་སྒོམ་པ་ཤིན་ཏུ་དཀའ་བ་ཡིན་ཏེ། གདགས་གཞི་ཕུང་པོ་རང་སྟོང་དུ་མ་ཤེས་ན། བཏགས་ཆོས་གང་ཟག་མེད་པར་མི་ཤེས་པ་ནི་ཤིང་རྟའི་སྲོལ་ཆེ་ཤོས་ཞིག་ལས་འབྱུང་བའི་ཕྱིར། དེར་མ་ཟད་ལུས་དཀྱིལ་དུ་འཇོག་པའི་ལུས་དེ་ཡང༌། བདེ་མཆོག་གི་ལུས་ཉིད་ཀྱི་ཕྱིར་མ་དག་པའི་ལུས་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་བདེ་མཆོག་གི་ལུས་ནི་ཇི་སྐད་དུ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །ཅེས་པ་ལྟར། གཅིག་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཡེ་ཤེས་ལས་སྐྱེས་པ་ཡིན་ལ། གཅིག་ཤོས་ནི་ལས་དང་ཉོན་མོངས་པ་ཉིད་ལས་གྲུབ་པའི་ཕྱིར། དེ་བཞིན་དུ་བརྟེན་པ་ལུས་དཀྱིལ་ཡང་མ་དག་པའི་ལུས་ཉིད་ལ་ངོས་བཟུང་ན། ཉེས་པ་མང་པོ་དག་ཏུ་འགྱུར་རོ། །གསུམ་པ་ནི། གལ་ཏེ་འོ་ན། བཅོས་མ་དང་བཅོས་མིན་གྱི་དཀྱིལ་འཁོར་དག་ལ་ཟབ་མི་ཟབ་ཀྱི་དབྱེ་བ་ཡོད་པ་མི་འགྱུར་ཏེ། གཉིས་ཀ་ཡང་གནས་ཚུལ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་པའི་ཕྱིར་སྙམ། མཐར་ཐུག་གི་གནས་ཚུལ་ལ་ཁྱད་པར་མེད་ཀྱང༌། བསྐྱེད་རིམ་སྒྲུབ་པ་པོའི་རྟེན་གྱི་གང་ཟག་སོ་སོའི་བློ་ངོར་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པ་ནི། ལུས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་ཚེ། ཐོག་མ་ཁོ་ནར་དོན་དམ་པའི་དཀྱིལ་འཁོར་ཉིད་དུ་འཇུག་ཅིང༌། གཅིག་ཤོས་ལ་ནི་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཉིད་ནས་འཇུག་ལ། ཉམས་ལེན་གྱི་ཚེ་ཡང༌། དང་པོ་ནི། ཡུལ་ཅན་ཡེ་ཤེས་དང༌། ཡུལ་དོན་དམ་པ་ཉིད་ལ་འཇུག་ཅིང༌། དག་པ་དྲན་པ་ཡང་ཐོག་པ་ཉིད་ནས་བྱེད་ལ། གཅིག་ཤོས་ལ་ནི་ཡུལ་ཅན་རྣམ་ཤེས་དང༌། ཡུལ་ཀུན་རྫོབ་པ་ཉིད་ལ་གསལ་སྣང་མ་ཆེད་ཀྱི་བར་དུ་གོམས་པར་བྱེད་ཅིང༌། དག་པ་ཡང་རྗེས་ཀྱི་གནས་སྐབས་སུ་དྲན་ཙམ་བྱེད་པ་ཉིད་དོ། །དེའི་ཕྱིར་ལུས་དཀྱིལ་གྱི་དབང་བསྐུར་ནི་དབང་པོ་རབ་ལ་རྒྱུ་དུས་སུ་སྨིན་བྱེད་དང༌། ལམ་དུས་སུ་གྲོལ་བྱེད་གཉིས་ཀའི་དབང་བསྐུར་དུ་འགྱུར་ལ། དབང་པོ་དང་སྐལ་བ་གཞན་དག་ལ་ནི་རྒྱུ་དུས་སུ་ལཱུ་ནག་ལྟ་བུའི་དབང་གིས་སྨིན་པར་བྱས་ནས། ལམ་དུས་སུ་ལུས་དཀྱིལ་དུ་དབང་འདི་ཉམས་སུ་བླངས་ནས་གྲོལ་བར་བྱེད་ཅེས། རྗེ་བླ་མ་ཉིད་གསུང་ངོ༌། །གཉིས་པ། དེ་ལ་བརྟེན་ནས་མདོ་རྒྱུད་ཀུན་གྱི་ཟབ་དོན་རྙེད་སླ་བར་བསྟན་པ་ལ་གསུམ་སྟེ། མདོའི་ཟབ་དོན་རྙེད་སླ་བ་དང༌། རྒྱུད་ཀྱི་ཟབ་དོན་རྙེད་སླ་བ་དང༌། གཞི་འབྲས་དབྱེར་མེད་ཀྱི་གོ་དོན་རྙེད་སླ་བའོ། །དང་པོ་ལ། བདེ་གཤེགས་སྙིང་པོ་སྒྲ་ཇི་བཞིན་པར་འཆད་པའི་གཞུང་རྣམས་ཀྱི་ངེས་དོན་རྟོགས་སླ་བ་དང༌། སྒྲ་ཇི་བཞིན་མ་ཡིན་པར་འཆད་པའི་གཞུང་དང་མི་འགལ་བའོ། །དེ་ལྟ་བུའི་འཆད་ཚུལ་གཉིས་འབྱུང་བའི་རྒྱུ་མཚན་ཡང༌། སྟོང་པ་ཉིད་ཀྱི་ལྟ་བ་ལ་ཉམས་ལེན་གཙོ་བོར་གྱུར་པ་ཉིད་སྟོན་པ། བྱམས་པའི་ཆོས་དང་རྣལ་འབྱོར་ཕ་མའི་རྒྱུད་སྡེ་རྣམས་དང༌། སྟོང་པ་ཉིད་ཀྱི་ལྟ་བ་ལ་ཐོས་བསམ་གཙོ་བོར་གྱུར་པ་ཉིད་སྟོན་པ། ཤེར་ཕྱིན་གྱི་མདོ་བསྟན་བཅོས་རིགས་པའི་ཚོགས་དང་བཅས་པ་དག་གི་བཞུགས་ཚུལ་ལས་བྱུང་བ་ཡིན་ལ། དེ་ཡང་སྒོམ་བྱུང་གི་ཡེ་ཤེས་གཙོ་བོར་སྟོན་པའི་ཚེ་དོན་དམ་བདེན་པའི་མིང་དང་དོན་གཉིས་ཀ་ངོས་བཟུང་ནས་རང་ལུགས་སུ་ཁས་ལེན་པ་ཡིན་ལ། ལྟ་བ་དེ་ལ་ཐོས་བསམ་གཙོ་བོར་གྱུར་པའི་ཚེ་ནི་མཐར་དོན་དམ་བདེན་པའི་མཚན་ཉིད་དང་མཚན་གཞི་གང་ཡང་ཁས་མི་ལེན་པས་ན། ཟབ་མོ་འཇིགས་རུང་ཞེས་བྱ་བ་ཞིག་གིས་དབང་དུ་བྱས་པ་སྟེ། གཞུང་སོ་སོ་བ་དག་གི་འཆད་ཚུལ་ལས་ཐ་དད་པར་བྱུང་བ་དེའི་ཚེ། དང་པོ་ནི། སྙིང་པོའི་མདོ་བཅུ་ལ་སོགས་པར་གྲགས་པ་དེ་དག་ནི། གོས་ཧྲུལ་གྱི་ནང་ན་བདེ་བར་གཤེགས་པའི་སྐུ་བཞུགས་པའི་དཔེས། སེམས་ཅན་ཐམས་ཅད་ལ་སྙིང་པོས་ཁྱབ་པ་དང༌། དེ་ཉིད་སྟོབས་སོགས་ངེས་དོན་གྱི་མཚན་དཔེ་དང་དབྱེར་མེད་དུ་བཞུགས་པ་ཉིད་བདེ་བླག་ཏུ་འགྲུབ་པ་ཡིན་ཏེ། སྡུག་ཀུན་སོགས་ཉོན་མོངས་པའི་སྒྲིབ་པ་དང༌། མཚན་འཛིན་གྱི་རྣམ་པར་རྟོག་པ་སོགས་ཤེས་བྱའི་སྒྲུབ་པ་མཐའ་དག་གདོད་མ་ནས་ཡོད་མ་མྱོང་བ་ཉིད་དུ་གྲུབ་ལ། དེའི་ཚེ་ཡོན་ཏན་མཐའ་དག་རང་ཆས་སུ་གྲུབ་པ་ལ་སུས་ཀྱང་གེགས་བྱ་བར་མི་ནུས་པའི་ཕྱིར། དེ་དེ་ལྟར་མ་གྲུབ་པའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱི་ཕྱིར་དང་གཅིག་དང་དུ་བྲལ་གྱི་རིགས་པ་ལས་སོ། །ཞེས་མངོན་རྟོགས་རྒྱན་རྩ་འགྲེལ་ལས་འབྱུང་སྟེ། སྒྲིབ་པ་ཡོད་ན་སངས་རྒྱས་ཀྱིས་སྤངས་པར་འགལ་བ་ཉིད་དུ་གསུངས་སོ། །འོ་ན་ངེས་པའི་དོན་གྱི་ཡོན་ཏན་དེ་དག་ལས་སྤྱན་དང་མངོན་ཤེས་སོགས་ཐོགས་མེད་དུ་མི་འབྱུང་བ་དང༌། སྒྲིབ་པ་མཐའ་དག་འཕྲལ་དུ་སྤོང་མི་ནུས་པ་ཅི་ཞེ་ན། སྤྱན་སོགས་ནི་ཀུན་རྫོབ་པའི་ཡུལ་ཅན་ཉིད་ཀྱི་དང༌། ཡོད་པ་མ་ཡིན་པ་ནི་སུ་ཞིག་གིས་སྤོང་སྟེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་པ་དག་གི་བཞིན་ནོ། །ཆོས་ཀྱི་སྐུ་མཚན་ཉིད་པ་ཡིན་ན། གཟུགས་སྐུའི་རྣམ་རོལ་སྟོན་མི་ནུས་པར་འགལ་ལོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། སྦྱོང་ཚུལ་རིམ་པ་གསུམ་གྱིས་མ་སྦྱངས་པའི་ནོར་བུ་རིན་པོ་ཆེ་རྒྱ་མཚོར་གནས་པའི་དཔེས་བསྟན་ཟིན་པ་དེ་ཉིད་དོ། །གཉིས་པ་ནི། ཤེར་ཕྱིན་གྱི་མདོ་དབུ་མ་རིགས་པའི་ཚོགས་དང་བཅས་པ་དག་ན་དྲི་མའི་ཚོགས་གདོད་མ་ནས་ཡོད་མ་མྱོང་བ་དང༌། སྙིང་པོའི་ངོས་འཛིན་མེད་པར་དགག་པའི་སྟོང་པ་ཉིད་ཁོ་ནར་བཤད་པས་ན་དྲི་མ་མེད་པ་ཙམ་གྱིས་ཡོན་ཏན་ཅན་དུ་མི་འགྲུབ་བོ་ཞེ་ན། བཤད་པའི་ཚུལ་གཉིས་པོ་འགལ་བ་མ་ཡིན་ཏེ། རིགས་པའི་ཚོགས་སུ་ནི་ཐོས་བསམ་གྱི་དབང་དུ་བྱས་ནས་སྤང་གཉེན་མཐའ་དག་རང་སྟོང་གི་བཤད་པས་འཆད་ལ། སྔགས་སུ་ནི་སྒོམ་བྱུང་གི་དབང་དུ་བྱས་ནས་སྤང་བྱ་རང་སྟོང་དང༌། གཉེན་པོ་གཞན་སྟོང་གི་ཚུལ་གྱིས་འཆད་པས་སོ། །གཉིས་པ་ནི། དེ་ལྟར་དང་པོའི་སངས་རྒྱས་ཀྱི་ངོས་འཛིན་གྲུབ་པ་ན། གསང་སྔགས་བླ་མེད་ཀྱི་གཞུང་མཐའ་དག་གི་བསྟན་བྱའི་གཙོ་བོ་མིང་གི་རྣམ་གྲངས་སུ་ན་བརྗོད་བྱ་དོན་གྱི་རྒྱུད་ཅེས་དང༌། ཀུན་གཞི་རྒྱུ་རྒྱུད་ཅེས་དང༌། སེམས་ཀྱི་རྡོ་རྗེ་ཞེས་དང༌། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་རྣམས་ལ་བྱང་ཕྱོགས་དང་སྟོབས་སོགས་དོན་དམ་པའི་ཡོན་ཏན་རྣམས་རང་ཆས་སུ་ཡོད་པར་གྲུབ་པ་ཡིན་ཏེ། དེ་དག་གི་བསྟན་བྱའི་གཙོ་བོར་གྱུར་པའི་རྒྱུད་ཀྱི་ངོས་འཛིན་དུ་བཤད་མ་ཐག་པ་དེ་དང་དེ་དག་ནི། རང་བཞིན་གྱིས་རྣམ་པར་དག་པས་ན་རང་གི་ངོ་བོ་ལ་སྒྲིབ་པས་བསྒྲིབ་མ་མྱོང་བའི་ཕྱིར། དག་པ་གཉིས་ལས་རང་བཞིན་རྣམ་དག་དབང་བཙན་པ་ཡིན་ཏེ། དེ་ནི་ཡེ་ཤེས་ཀྱི་གཟིགས་ངོ་དང༌། གློ་བུར་རྣམ་དག་ནི་རྣམ་ཤེས་ཀྱི་མཐོང་ཚུལ་ཙམ་ཡིན་པའི་ཕྱིར། མཐོང་ཚུལ་འཁྲུལ་པའི་ལམ་ལ་འབད་པ་དོན་མེད་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། འཁྲུལ་པའི་སྣང་བ་དང་འབྲེལ་བས་བསོད་ནམས་ཀྱི་ཚོགས་བསགས་པས། ཡུལ་ཅན་རྣམ་ཤེས་ཁོ་ན་དང་འབྲེལ་བའི་གཟུགས་ཀྱི་སྐུ་ཉིད་སྒྲུབ་དགོས་པའི་ཕྱིར། འོ་ན། སངས་རྒྱས་ཀྱི་ཆོས་སྐུ་ནི་རང་བྱུང་དུ་གྲུབ་ལ། གཟུགས་ཀྱི་སྐུ་ནི་བསོད་ནམས་ཀྱི་ཚོགས་ཉིད་ལས་གྲུབ་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་དོན་མེད་པ་ཉིད་དུ་ཐལ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྣམ་ཤེས་ཁོ་ནའི་ཡུལ་དུ་འཆར་བའི་གཟུགས་ཀྱི་སྐུ་དེ་ཡང༌། བདག་པོའི་རྐྱེན་གློ་བུར་རྣམ་དག་གི་ཆོས་ཀྱི་སྐུའི་དབང་ལས་འབྱུང་དགོས་པའི་ཕྱིར། དཔེར་ན་དུང་གི་ཁ་དོག་སེར་པོ་རང་བཞིན་གྱིས་དག་ཅིང༌། དཀར་པོར་ངོ་བོ་ཉིད་ཀྱིས་གནས་ཀྱང་སྐབས་འགའ་ཞིག་ཏུ་དཀར་སྣང་གི་དབང་ཤེས་སྐྱེ་བ་བདག་རྐྱེན་དབང་པོའི་སྐྱོན་སེལ་བ་ལ་ལྟོས་དགོས་པ་བཞིན་ཏེ། དཀར་པོར་ངོ་བོ་ཉིད་ཀྱིས་གྲུབ་པ་ཙམ་གྱིས་སེར་སྣང་འཁྲུལ་པ་སེལ་མི་ནུས་པའི་ཕྱིར། དེ་བས་ན་གཞི་དུས་ཀྱི་ཡེ་ཤེས་ལ་ལྷ་དང་བྱང་ཕྱོགས་ཀྱི་ཡོན་ཏན་རྣམས་ངོ་བོ་ཉིད་ཀྱིས་ཚང་བ་ལ། དེ་ལྟར་ངོ་འཕྲོད་ཅིང་ཤེས་པར་བྱས་པར་བྱས་ནས་གོམས་བྱེད་ཀྱི་ཡན་ལག་རྣམས་དང་མ་བྲལ་བར་གོམས་པ་རབ་ཀྱི་མཐའ་ཕྱིན་པའི་ཚེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ལྷན་ཅིག་པར་རྫོགས་པ་ནི། སྤྱིར་རྡོ་རྗེ་ཐེག་པ་དང༌། བྱེ་བྲག་འཁོར་ལོ་སྡོམ་པའི་ཟབ་ཁྱད་དེ། བྱང་ཕྱོགས་སོ་བདུན་པོ་ལྷ་སོ་བདུན་གྱི་ངོ་བོར་དག་པ་ནི། བསྐྱེད་རིམ་གྱི་དག་པས་བསོད་ནམས་ཀྱི་ཚོགས་དང༌། ལྷ་སོ་བདུན་པོ་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་དག་པར་བྱས་པས། ཡེ་ཤེས་ཀྱི་ཚོགས་ལྷན་ཅིག་ཏུ་རྫོགས་ནུས་པ་ནི། ཕར་ཕྱིན་པ་དང༌། རྒྱུད་སྡེ་འོག་མ་དག་གི་ཉམས་ལེན་ལས་ཟབ་ཅིང་མྱུར་བ་དང༌། བྱེ་བྲག་ཏུ་གསང་བ་འདུས་པ་སོགས་ལས་ཡེ་ཤེས་ཀྱི་ལྷ་ཞེས་པ། རྫོགས་རིམ་པའི་སྒྲུབ་ཚུལ་དུ་བྱེད་པ་དེ་བདེ་མཆོག་ལུས་དཀྱིལ་དུ་བསྐྱེད་རིམ་གྱི་ལྷའི་སྒྲུབ་ཚུལ་དུ་བཤད་པས་ནའོ། གསུམ་པ་ནི། གཞི་འབྲས་ཀྱི་རྒྱུད་དུ་གྱུར་པའི་ལྷ་དང་ཡེ་ཤེས་ཀྱི་ཡོན་ཏན་ལ་ནི་ངོ་བོའི་སྒོ་ནས་དབྱེ་བ་མི་ཕྱེད་དེ། དེ་ཐམས་ཅད་ཀྱང་དོན་དམ་པ་འབའ་ཞིག་གི་དབང་དུ་བྱས་པའི་ཕྱིར་དང༌། གནས་སྐབས་དེ་དག་ཏུ་ཡོན་ཏན་གསལ་མི་གསལ་གྱི་ཁྱད་པར་ཡོད་ཅེས་འཆད་པ་དེ་དག་ཀྱང་རྣམ་ཤེས་ཀྱི་ངོ་བོར་གསལ་མི་གསལ་ལས་འབྱེད་པ་ཡིན་གྱི། གཞི་འབྲས་ཀྱི་རྒྱུད་ནི་དོན་དམ་འབའ་ཞིག་ལས་མ་ཕྱེ་ན་རྒྱུད་ཀྱི་གོ་བ་མི་ཆགས་པའི་ཕྱིར། དེ་ལ་འཕྲོས་ནས་གཞི་ལམ་དང་ལམ་འབྲས་ལ་དབྱེ་བ་འབྱེད་ཚུལ་ཤེས་དགོས་པ་ནི། ལམ་དུས་སུ་རྣམ་ཤེས་དང་ཡེ་ཤེས་འདྲེས་མར་གྱུར་པའི་སྒོ་ནས་ཚོགས་གཉིས་རྫོགས་པར་བྱ་དགོས་པ་ཡིན་ཏེ། བསྐྱེད་རིམ་གྱི་ཚེ་ལྷ་ཞལ་ཕྱག་གི་རྣམ་པ་འཆར་དགོས་ཤིང༌། རྫོགས་རིམ་གྱི་ཚེ་ཡེ་ཤེས་འབའ་ཞིག་པ་ཉིད་ཉམས་སུ་མྱོང་དགོས་པ་དང༌། དེ་ཡང་ཟུང་འབྲེལ་དུ་མ་བསྐྲུན་ན་ཡེ་ཤེས་ཀྱི་ཚོགས་འབའ་ཞིག་པས་ནི་ཆད་པའི་མྱང་འདས་སུ་འགྲོ་བར་བྱེད་ལ། ཀུན་རྫོབ་པའི་བསོད་ནམས་ཀྱི་ཚོགས་འབའ་ཞིག་པས་ནི་འཁྲུལ་པ་རྒྱུན་མི་ཆད་པར་བྱེད་པའི་ཕྱིར། དཔེར་ན་དུང་གི་སེར་སྣང་མ་བསལ་གོང་གི་དཀར་པོ་དང༌། བསལ་རྗེས་ཀྱི་དཀར་པོ་ལ་ཁྱད་པར་མེད་ཀྱང༌། སེར་སྣང་སེལ་བཞིན་པའི་དུས་ཀྱི་ཡུལ་ཡུལ་ཅན་གྱི་སྣང་བ་དང་གཞན་དག་ལ་ཁྱད་པར་འབྱེད་དགོས་པ་བཞིན་ནོ། །འོ་ན་གཞི་དུས་ཀྱི་རྒྱུད་རང་བཞིན་རྣམ་དག་དེ་མངོན་སུམ་དུ་མཐོང་བ་པོ་སུ་ཞིག་ཅེ་ན། མ་དག་པ་སོ་སོ་སྐྱེ་བོས་ནི་དེ་མཐོང་མི་སྲིད་ཅིང༌། དག་ལ་མ་དག་པ་འཕགས་པའི་མཉམ་གཞག་གིས་རྒྱུད་དེ་མངོན་སུམ་དུ་མཐོང་ལ། གློ་བུར་རྣམ་དག་གི་ཆོས་ཉིད་དང་བཅས་ཏེ། ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནའོ། །ཡེ་ཤེས་དེའི་ངོར་ནི་རང་གི་ཆོས་དབྱིངས་ཡེ་ཤེས་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མ་མཆིས་པའི་ཕྱིར། གཞུང་དྭ་ཧའི་རྗེས་འབྲང་གི་རྒྱུད་འཛིན་ལ་ལ་དག་ན་རེ། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་སྤྱོད་པའི་རྨོངས་པ་འཁྲུལ། །ཞེས་གསུངས་པ་ཡང༌། གཞི་འབྲས་དབྱེར་མེད་འདི་ལ་དགོངས་ཏེ། དྭ་ཧའི་གཞུང་གཅིག་ན་ཡང་ཡོད་དོ། །གསུམ་པ་ནི། ཇི་སྐད་དུ་བཤད་པ་དེ་དག་ལ། བོད་སྔ་ཕྱིའི་ལུང་རིགས་པ་མང་པོ་དག་གིས་ཆད་ཚུལ་མི་མཐུན་པས། དོགས་པ་དང༌། རྒོལ་བ་དག་འབྱུང་བ་ནི་འདི་ལྟ་སྟེ། སེམས་ཅན་འབད་མེད་དུ་གྲོལ་བའམ། དེ་མི་སྲིད་པར་ཐལ་བའི་རྩོད་སྤོང༌། སེམས་ཅན་སྲིད་ན་གཅིག་སངས་རྒྱས་པའི་ཚེ། ཀུན་སངས་རྒྱ་བའི་རྩོད་སྤོང༌། ལུས་དཀྱིལ་གྱི་ངོས་འཛིན་ཆོས་དབྱིངས་ལ་བྱེད་ན་ཧ་ཅང་ཐལ་བའི་རྩོད་སྤོང༌། བདེ་གཤེགས་སྙིང་པོས་འགྲོ་ཀུན་ལ་ཁྱབ་མ་ཁྱབ་བརྟགས་པའི་རྩོད་སྤོང་ངོ༌། །དང་པོ་ནི། གཞན་དག་ན་རེ། ཁྱེད་ཀྱི་ཕྱོགས་ལ་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བའམ། སེམས་ཅན་གཏན་མི་སྲིད་པར་འགྱུར་ཏེ། དང་པོའི་སངས་རྒྱས་ལ་ནི་སྟོབས་སོགས་ཡོན་ཏན་ཐམས་ཅད་ཚང་བས་སངས་རྒྱས་གོ་ཆོད་པོ་ཡིན་དགོས་པའི་ཕྱིར་དང༌། དེ་ཡིན་ན་སེམས་ཅན་དུ་འགལ་བའི་ཕྱིར་ཞེ་ན། དོན་དམ་པའི་སེམས་ཅན་ནི་འབད་མེད་དུ་གྲོལ་བར་འདོད་དེ། དེ་ལ་ནི་སྒྲིབ་པ་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། ཀུན་རྫོབ་པའི་སེམས་ཅན་ནི་ཡོད་པར་མི་འདོད་དེ། ཇི་སྲིད་ཀུན་རྫོབ་པར་ཁས་ལེན་པ་དེ་སྲིད་དུ། ཚད་མས་དམིགས་པར་མི་འཐད་པའི་ཕྱིར། དོན་དམ་པའི་སེམས་ཅན་ནི་སངས་རྒྱས་སུ་འགལ་བ་མ་ཡིན་ཏེ། འབད་རྩོལ་ལ་མི་ལྟོས་པར་དྲི་མ་རང་བཞིན་གྱིས་དག་པས་ན་སྤངས་པའི་དོན་ཚང་ཞིང་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལ་ཡོན་ཏན་ཀུན་མ་ཚང་བ་མི་སྲིད་པའི་ཕྱིར། འོ་ན་སངས་རྒྱས་ཀྱིས་ཆོས་གསུངས་པ་དོན་མེད་པར་འགྱུར་ཏེ། ཀུན་རྫོབ་པའི་སེམས་ཅན་ནི་མི་སྲིད་ལ། དོན་དམ་པའི་སེམས་ཅན་མཐའ་དག་ནི་སངས་རྒྱས་ཟིན་པའི་ཕྱིར། སངས་རྒྱས་ཀྱང་མི་སྲིད་པར་འགྱུར་ཏེ། སྒྲིབ་པ་མི་སྲིད་པས་ན་སྤངས་པ་མཐར་ཐུག་མི་འབྱུང་ལ། དེ་མེད་ན་རྟོགས་པ་མཐར་ཐུག་ཀྱང་མི་འབྱུང་བའི་ཕྱིར། ཞེ་ན། ལན་ལ་གཉིས་ཏེ། གཞུང་ལུགས་ཤེས་པ་གཞན་ལ་མཚུངས་པར་རྒོལ་བ་དང༌། དངོས་ལན་བཏབ་པའོ། །དང་པོ་ནི། འོ་ན་ཁྱེད་ལ་ཡང་ཇི་སྐད་དུ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཞེས་སོགས་རྩ་འགྲེལ་གྱི་རྒྱས་བཤད་དང༌། རྒྱུད་བླར། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང༌། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་སོགས་ཀྱི་དོན་ཇི་ལྟར་འཆད། དྲི་མ་བདེན་པར་མེད་པ་དང་སངས་རྒྱས་བདེན་སྟོང་གི་སེམས་ཅན་ལ་ཁྱབ་པའི་དོན་ནོ་ཞེས་པ་ནི། བོད་ཕྱི་མའི་ལན་ཡིན་ལ། སྔ་མ་གཞན་དག་ནི། རང་བཞིན་རྣམ་དག་གིས་དག་པའི་གོ་མི་ཆོད་ཅིང༌། རང་བཞིན་རྣམ་དག་གི་ཆོས་ཉིད་དེ་བདེ་གཤེགས་སྙིང་པོའི་དགོངས་གཞི་དང་སྙིང་པོ་དངོས་སུ་འདོད་པའི་ལུགས་གཉིས་འབྱུང་མོད། འདིར་ནི་བདེན་པར་མེད་ན་མེད་དགོས་ཏེ། ཡོད་ན་བདེན་དགོས་པའི་ཕྱིར་དང༌། རང་བཞིན་གྱིས་རྣམ་པར་དག་པ་ཉིད་དག་པ་གོ་ཆོད་པོར་མ་བཤད་ན། མདོ་སྔགས་ཀྱི་ངེས་དོན་རྩ་བ་ནས་ཉམས་པར་འགྱུར་བ་ཉིད་དུ་མཐོང་ནས་རྩལ་གྱི་འདོན་དགོས་པ་ཡིན་ནོ། །གཉིས་པ་དངོས་ལན་ནི། ཡེ་ཤེས་ཀྱི་གཟིགས་ངོ་ན་ནི་དྲི་མ་མ་ལུས་པ་རྣམ་པར་དག་ཅིང་ཡོད་པ་མ་ཡིན་ཏེ། གཞི་ལམ་འབྲས་བུའི་ཡེ་ཤེས་གསུམ་ཆར་གྱི་གཟིགས་ངོ་ན་ཀུན་རྫོབ་ཀྱི་ཆོས་ཅི་ཡང་ཡོད་པ་མ་ཡིན་ན། དྲི་མའི་ཚོགས་ཡོད་པར་ལྟ་ཅི་སྨོས་དགོས་པའི་ཕྱིར། དོན་དམ་པར་དྲི་མ་རང་བཞིན་གྱིས་དག་ཀྱང༌། ཀུན་རྫོབ་ཏུ་དག་པར་མི་འདོད་པས་ཀུན་རྫོབ་པའི་སེམས་ཅན་འབད་མེད་དུ་གྲོལ་བར་ཁས་མི་ལེན་ནོ། །འོ་ན་བདེན་པ་གཉིས་ལས་དོན་དམ་དབང་མི་བཙན་པར་འགྱུར་བ་དང༌། དོན་དམ་དུ་དག་པས་སྤྱིར་དག་པའི་གོ་མི་ཆོད་པར་འགྱུར་རོ་སྙམ་ན། དེར་དག་པས་དག་པའི་གོ་མི་ཆོད་པར་མི་འདོད་ཀྱི། དེར་དག་པས་ཀུན་རྫོབ་ཀྱི་དག་པའི་གོ་ཆོད་པར་མི་འདོད་དོ། །དེར་འདོད་དགོས་ཏེ། ཀུན་རྫོབ་ནི་སྤྱིར་ཡང་ཡོད་པ་མ་ཡིན་པའི་ཕྱིར་སྙམ་ན། དེར་མ་ངེས་ཏེ་དཔེར་ན་སྒྱུ་མའི་རྟ་གླང་མེད་ཀྱང་མིག་བསླད་པའི་འཁྲུལ་ངོར་ཡོད་པ་བཞིན་དང༌། སྒྱུ་མ་མཁན་རང་གིས་སྤྲུལ་པའི་བུད་མེད་ལ་ཆགས་པ་སེལ་དགོས་པ་ཡིན་ནོ། །སྤྱིར་བདེན་པ་གཉིས་ལ་དོན་དམ་དབང་བཙན་ཡང༌། དོན་དམ་རྒྱུ་མཚན་དུ་བྱས་པའི་སུན་འབྱིན་ལ། ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས་དགོས་པར་ཤིང་རྟའི་སྲོལ་འཛིན་ཆེན་པོ་དག་ལས་བྱུང་བའི་ཕྱིར་ན། དྲི་མ་མེད་པ་ལ་འཁྲུལ་ངོར་སེལ་མི་དགོས་པའི་ཁྱབ་པ་མ་ངེས་ཏེ། མ་དག་པའི་སྣོད་བཅུད་ཀྱི་ཞིང་ཁམས་སངས་རྒྱས་ཀྱིས་མ་གཟིགས་པས་ཡོད་པ་མ་ཡིན་ཡང༌། དེ་དག་སྦྱོང་དགོས་པར་བཤད་པ་བཞིན་དང༌། སྤྱིར་འཁོར་བའི་ཆོས་རྣམས་མ་དམིགས་ཀྱང༌། སྤོང་དགོས་པར་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡེ་ཤེས་ཀྱི་གཟིགས་ངོར་རང་བཞིན་རྣམ་དག་གི་ཆོས་སྐུ་ལ་སྟོབས་སོགས་ཀྱི་ཡོན་ཏན་ཀུན་ཚང་ཡང༌། རྣམ་ཤེས་ཀྱི་ངོར་གཞན་སྣང་ལོངས་སྤྲུལ་གྱི་སྣང་བ་འཆར་བ་ལ་ནི་ཡེ་ཤེས་ཉིད་གོམས་པས་འཁྲུལ་ངོར་ཡང་དྲི་མའི་སྣང་བ་མི་འབྱུང་བར་བྱེད་པ་དང་རྣམ་ཤེས་དང་ཡེ་ཤེས་ཟུང་དུ་སྦྲེལ་བས་བསོད་ནམས་ཀྱི་ཚོགས་རྫོགས་དགོས་པ་ཡིན་ནོ། །ཡང་གཅིག་ཏུ་ན་དྲི་མ་སྔར་ཡོད་ཟད་པ་དང༌། སྔར་མེད་སྐྱེ་བ་གཉིས་ཀ་མེད་པར་ཁས་ལེན་པ་དེའི་ཚེ་ཡང༌། དྲི་མ་གཉེན་པོའི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་དང་བྱས་པ་ཞིག་ཁས་བླངས་པས་ཆོག་པ་ཡིན་ཏེ། བརྟགས་མིན་གྱི་འགོག་པ་དང་སོ་སོར་བརྟགས་འགོག་གི་ཁྱད་པར་ལས་སོ། །དེ་བས་ན་རྒྱུའི་རྒྱུད་ཀྱི་ཚེ་ཡོན་ཏན་ཀུན་ཚང་བ་ནི། ཡོན་ཏན་རང་གི་ངོ་བོ་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་མེད་པས་ཡིན་ལ། སྤངས་པ་མ་ཡིན་པ་ནི་སེལ་བྱེད་ཀྱི་གཉེན་པོ་དུས་དེར་གོམས་པར་མ་བྱས་པ་ལས་སོ། །སྤྱིར་སྤང་བྱ་དེ་སྤོང་དགོས་པ་ལ་ཡོད་པས་ཁྱབ་པ་ནི་མ་ཡིན་ཏེ། ཡོད་ན་སངས་རྒྱས་ཀྱིས་སྤངས་པ་འགལ་དགོས་པར་རྒྱན་དུ་གསུངས་པ་ལས་སོ། །གཉིས་པ་ནི། དཔྱོད་པ་དང་ལྡན་པ་དག་འདི་སྙམ་དུ་ཁྱེད་ཀྱི་ཕྱོགས་ལ་སེམས་ཅན་གཅིག་སངས་རྒྱས་པའི་ཚེ་ཐམས་ཅད་སངས་རྒྱས་པར་འགྱུར་ཏེ། ཆོས་དབྱིངས་ཡེ་ཤེས་ལ་མ་གཏོགས་པའི་སངས་རྒྱ་བ་པོའི་གང་ཟག་ནི་ཁས་མི་ལེན་ལ། ཆོས་ཀྱི་དབྱིངས་ལ་ནི་དབྱེ་བ་མེད་པའི་ཕྱིར་ཞེ་ན། དོན་དམ་པ་རང་བཞིན་རྣམ་དག་གི་སངས་རྒྱས་ཀྱི་དབང་དུ་བྱས་ན་དེ་ལྟར་ཐལ་བ་འདོད་ལ། ཀུན་རྫོབ་པའི་དང༌། གློ་བུར་རྣམ་དག་གི་དང༌། རྣམ་ཤེས་ཀྱི་ངོ་དང༌། གཞན་སྣང་གི་སངས་རྒྱས་ལ་ནི་དེ་ལྟར་ཐལ་བ་མི་འདོད་དེ། སངས་རྒྱས་དེ་དག་སྒྲུབ་པ་ལ་ནི། གཉེན་པོ་བསྟེན་པ་དང་སྒྲིབ་པ་སྤོང་བ་སོགས་རྣམ་ཤེས་ཀྱི་འབད་རྩོལ་དུ་མ་ལ་ལྟོས་པའི་ཕྱིར་རོ། །འོ་ན་བདེན་པ་གཉིས་ཀྱི་སངས་རྒྱས་དག་ལས་གཙོ་བོར་བཟུང་བ་གང་ཞེ་ན། གནས་ཚུལ་དང་རང་དོན་གྱི་དབང་དུ་བྱས་ན་རང་བཞིན་རྣམ་དག་གི་སངས་རྒྱས་གཙོ་བོ་ལ། སེམས་ཅན་གྱི་དོན་མཛད་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ལ་ནི་གློ་བུར་རྣམ་དག་གི་སངས་རྒྱས་གཙོ་ཆེ་བ་ཡིན་ཏེ། དེ་མེད་ན་ནི་གཞན་གྱི་དོན་མི་འབྱུང་བའི་ཕྱིར། གཉིས་པོ་འགལ་བ་ནི་མ་ཡིན་ཏེ། གློ་བུར་རྣམ་དག་ལ་གཅིག་ཤོས་ཀྱིས་ཁྱབ་པའི་ཕྱིར། གལ་ཏེ་གློ་བུར་གྱི་དྲི་མ་ཡོད་ན་རང་བཞིན་རྣམ་དག་ཏུ་མི་རུང་ཞིང༌། མེད་ན་སྤོང་དགོས་པར་འགལ་བའི་ཕྱིར། ཞེ་ན། མ་ཡིན་ཏེ། འཕགས་ལམ་བར་ཆད་མེད་ལམ་གྱི་སྤང་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་མཐའ་དག་ནི་སྔར་ཡོད་པ་མ་ཡིན་ཞིང༌། ཕྱིས་གསར་དུ་སྐྱེ་བ་མ་ཡིན་ཡང་ངེས་པར་སྤོང་དགོས་པ་བཞིན་ནོ། །གང་མོ་གཤམ་གྱི་བུ་བཞིན་དུ་སྐྱེ་མི་སྲིད་ན་སྤོང་བའི་དགོས་པ་ཅི་ཞེ་ན། གང་འགོག་ལ་བྲལ་བ་ཡིན་མིན་གྱི་ཁྱད་པར་ལས་སོ། །ཡང་དོན་དམ་པའི་ཆོས་དབྱིངས་གཅིག་སངས་རྒྱས་པའི་ཚེ་སངས་མ་རྒྱས་པའི་ཆོས་དབྱིངས་དག་དང་ཁྱད་པར་ཅི་ཞེ་ན། རྟེན་ཡེ་ཤེས་ཀྱི་ཁྱད་པར་དང༌། བརྟེན་པ་ཡོན་ཏན་གྱི་ཁྱད་པར་རོ། །དང་པོ་ནི། རང་གི་ངོ་བོ་ལ་ཁྱད་པར་མེད་ཀྱང༌། སྣོད་ནང་གི་ནམ་མཁའ་དང་ནམ་མཁའ་གཞན་གྱི་ཁྱད་པར་བཞིན་དུ། རྣམ་ཤེས་གྱི་ངོར་སྟོབས་སོགས་ཡོན་ཏན་གྱི་གོ་སྐབས་ཕྱེ་ཟིན་མ་ཟིན་གྱི་ཁྱད་པར་དང༌། བརྟེན་པ་ཡོན་ཏན་གྱི་ཁྱད་པར་ཡང་སྤངས་པ་འགོག་བདེན་མཐར་ཐུག་པར་བྱས་མ་བྱས་སོ། །དེ་ལྟ་མོད་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ལ་གང་སྣང་བ་ཐམས་ཅད་སངས་རྒྱས་ཉིད་ཡིན་པ་དང༌། སེམས་ཅན་གྱི་རྣམ་ཤེས་ལ་གང་སྣང་བ་ཐམས་ཅད་རྣམ་ཤེས་དེ་ཉིད་ཀྱིས་བསྡུས་པར་འཆད་དགོས་པ་དེའི་ཚེ་དོན་དམ་པའི་སེམས་ཅན་གཅིག་སངས་རྒྱས་པའི་འོག་ཏུ་ཀུན་རྫོབ་པའི་སེམས་ཅན་མཐའ་དག་སངས་རྒྱས་པར་མི་འདོད་པས་ན་གཞན་གྱིས་བརྟགས་མ་ཐག་པའི་ཉེས་པ་དེས་མི་གནོད་དོ། །མདོར་བསྡུས་ན། རྣམ་ཤེས་ཀྱི་ངོར་ངར་འཛིན་ལྷན་སྐྱེས་ཀྱི་སྦུབས་ན་གནས་པའི་ཆོས་དབྱིངས་ཡེ་ཤེས་གཅིག་སངས་རྒྱས་ཀྱང༌། དེའི་སྦུབས་ན་གནས་པའི་ཆོས་དབྱིངས་ནི་སངས་རྒྱས་ཟིན་པ་དེར་མ་འདུས་པ་བསམ་གྱིས་མི་ཁྱབ་སྟེ། སྣོད་སོ་སོའི་ནང་དུ་ཚུད་པའི་ནམ་མཁའ་བཞིན་ནོ། །གལ་ཏེ་ཀུན་རྫོབ་པའི་སེམས་ཅན་ལམ་སྒྲུབ་པའི་རྟེན་དུ་མི་འདོད་པ་དེའི་ཚེ། ཆོས་དབྱིངས་ཁོ་ན་ལམ་གྱི་རྟེན་དུ་འདོད་དགོས་པས་ཆོས་ཀྱི་དབྱིངས་ཉིད་བསྔོ་རྒྱུའི་དགེ་རྩར་ཁས་བླངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་འབྱེད་དགོས་པ་ལས་སོ། །གསུམ་པ་ལ་གཉིས་ཏེ། རྒོལ་བ་དང་ལན་ནོ། །དང་པོ་ནི། ཆོས་ཀྱི་དབྱིངས་གློ་བུར་གྱི་དྲི་མ་རང་བཞིན་གྱིས་རྣམ་པར་དག་པ་སྟོབས་སོགས་དང་བྱང་ཕྱོགས་ཀྱི་ཡོན་ཏན་རང་ཆས་སུ་གྲུབ་པ་ཞིག གྲུབ་ཆེན་དྲིལ་བུ་པ་སོགས་བཞེད་པའི་ལུས་དཀྱིལ་དུ་ཁས་ལེན་པ་དེའི་ཚེ་ཧ་ཅང་རྒྱ་ཆེས་པར་འགྱུར་ཏེ། དེས་མ་ཁྱབ་པའི་ཆོས་གང་ཡང་མི་སྲིད་པར་ཁྱེད་ཀྱིས་ཁས་བླངས་པས། གཟུགས་མེད་ལ་སོགས་པའི་འགྲོ་བ་ཐམས་ཅད་དང༌། ཕྱི་རོལ་གྱི་དོན་དང་དངོས་པོར་མེད་པ་དག་ཀྱང་ལུས་དཀྱིལ་ལ་བརྟེན་ནས་བདེ་མཆོག་སྒྲུབ་པ་པོའི་རྟེན་དུ་རུང་བ་ཉིད་ཧ་ཅང་ཐལ་ལོ་ཞེ་ན། གཉིས་པ་ལ་གསུམ་སྟེ། དོན་རྒྱ་ཆེས་པར་ཐལ་ན་འདོད་པ་དང༌། ཐ་སྙད་རྒྱ་ཆེས་པའི་ཉེས་པས་མི་གནོད་པ་དང༌། བོད་ཕྱི་མས་བཞག་པའི་རྣམ་གཞག་ལ་བརྟག་པའོ། །དང་པོ་ནི། རང་བཞིན་རྣམ་དག་གི་ལྷ་རེ་གཉིས་དང༌། བྱང་ཕྱོགས་སོ་བདུན་གྱིས་མ་ཁྱབ་པའི་ཆོས་ནི་སྲིད་པ་མ་ཡིན་ཏེ། སྤྱིར་ཆོས་གང་དང་གང་གི་མཚན་གཞི་ངོས་འཛིན་པ་ན། དེ་དང་དེར་སྣང་བའི་རྣམ་རིག་ཉིད་ལས་གཞན་དུ་ངོས་མི་འཛིན་པ་ནི་ཐེག་པ་ཆེན་པོ་དག་གི་སྤྱི་ལུགས་ཡིན་ལ། དེ་ལ་འཁོར་བའི་ཆོས་རྣམས་རྣམ་ཤེས་ལ་སྣང་ཙམ་དང༌། མྱ་ངན་ལས་འདས་པའི་ཆོས་ཡེ་ཤེས་ཀྱི་མྱོང་བྱ་ཉིད་དུ་ངེས་པ་ལས་ཕྱི་མ་ལ་རེ་ཤིག་དཔྱད་མི་དགོས་ཤིང༌། རྣམ་ཤེས་ལ་རྫས་སམ་མཚན་ཉིད་ཀྱི་སྒོ་ནས་ཕྱི་བལྟ་གཉིས་སྣང་གི་ཆ་དང༌། ནང་བལྟ་གསལ་རིག་གི་ཆ་གཉིས་ལས། དང་པོ་ལ་ནི། ཀུན་རྫོབ་པའི་འཁོར་བ་དང༌། འཁོར་བར་འཇོག་བྱེད་དྲི་མའི་ཆ་དང༌། རྣམ་ཤེས་ཀྱི་གཟུང་རྣམ་ཞེས་བྱ་ལ། ཕྱི་མ་ལ་ནི་དོན་དམ་པའི་འཁོར་བ་དང༌། རང་བཞིན་མྱང་འདས་དང༌། འཛིན་རྣམ་དང་ཡེ་ཤེས་ཀྱི་མིང་ཅན་དག་ཏུ་ངེས་ལ། ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱི་གནས་ཚུལ་ནི། འདི་ཁོ་ན་ལས་གཞན་དུ་ཡོད་པ་མ་ཡིན་པས་ན། ཆོས་ཐམས་ཅད་ལ་དོན་དམ་པའི་ལུས་དཀྱིལ་དང༌། རྒྱུད་ཀྱི་མིང་ཅན་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོས་མ་ཁྱབ་པ་མི་སྲིད་དོ། །དེ་སྐད་དུ་ཡང༌། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་དང༌། དྲིལ་བུ་ཞབས་ཀྱིས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །གཉིས་པ་ནི། ལུས་དཀྱིལ་ཀྱི་ཐ་སྙད་རྒྱ་ཆེས་པའི་སྐྱོན་ཡོད་པ་མ་ཡིན་ཏེ། ཇི་སྲིད་ཀུན་རྫོབ་པའི་ལུས་དང༌། དོན་དམ་པའི་ལུས་ཆོས་དང་ཆོས་ཉིད་ཀྱི་ཚུལ་དུ་བརྡ་མ་འཕྲོད་ཅིང༌། མ་ཤེས་པ་དེ་སྲིད་དུ་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་མིང་མི་ཐོགས་ཤིང༌། དུས་ཇི་སྲིད་དུ་ལུས་ཀྱི་གནད་ལ་ཇི་ཙམ་བསྣུན་ཀྱང༌། རྩ་ཁམས་ཀྱི་རང་བཞིན་དང་གནས་ཚུལ་ལྷ་རེ་གཉིས་དང་བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་མི་ཤེས་ལ། མི་ཤེས་བཞིན་དུ་འབད་པ་དོན་མེད་པའི་ཕྱིར། དེ་ལ་དགོངས་ནས་སྔོན་འགྲོའི་དུས་སུ་དགའ་བ་གསུམ་དང༌། དངོས་གཞིའི་དུས་བསྲེ་བ་གསུམ་ཉམས་སུ་ལེན་དགོས་པར་གསུངས་སོ། །དོན་དམ་པ་ལུས་རྟེན་དང་བརྟེན་པར་བཅས་པ་ཉིད་ལུས་དཀྱིལ་གྱི་མཚན་གཞིར་བཤད་པ་དེ་ལྟ་མོད་ཀྱི། ཞིབ་མོར་ན་འཛམ་བུའི་གླིང་པའི་མི་ཁམས་དྲུག་ལྡན་རྩ་ཁམས་སྐྱོན་མེད་པ་དག་ལས་གཞན་ནི་སུ་ཡང་འཁོར་ལོ་སྡོམ་པའི་ལུས་དཀྱིལ་སྒྲུབ་པ་པོའི་རྟེན་དུ་རུང་བ་མ་ཡིན་ཏེ། དེ་ལས་གཞན་པ་དག་གིས་ནི་ཀུན་རྫོབ་པའི་ལུས་ཀྱི་གནད་ལ་ཇི་ཙམ་བསྣུན་ཀྱང༌། བདེ་ཆེན་མཆོག་གི་ཡེ་ཤེས་འདྲེན་པར་མི་ནུས་ལ། དེ་འདྲེན་མི་ནུས་པས་ནི་ལུས་དཀྱིལ་གྱི་རྟེན་ལ་སངས་རྒྱ་བ་ལྟ་ཅི་སྨོས། སྔགས་ཀྱི་འཕགས་ལམ་ཙམ་ཡང་འདྲེན་པར་མི་ནུས་པས་སོ། །གལ་ཏེ། འོ་ན་ཁྱེད་ཀྱི་ཕྱོགས་ལ་རྣམ་ཤེས་ཀྱི་ངོར་ཀུན་རྫོབ་པའི་ལུས་དཀྱིལ་དབང་བཙན་པ་དང༌། ཡེ་ཤེས་ཀྱི་ངོ་ན་དོན་དམ་པའི་ལུས་དཀྱིལ་དབང་བཙན་པར་སོང་བས། ཇི་སྲིད་འཕགས་ལམ་མ་ཐོབ་པ་དེ་སྲིད་དུ་ནི་ཉམས་ལེན་ཇི་སྙེད་པ་དག་རྣམ་ཤེས་ཀྱི་བྱ་བྱེད་ལ་རག་ལས་པའི་ཕྱིར། ཀུན་རྫོབ་པའི་ལུས་བརྟེན་པར་བཅས་པ་ཉིད་ལུས་དཀྱིལ་གྱི་མཚན་གཞིར་ཁས་ལེན་པ་རིགས་ཏེ། གཞན་དུ་ཁྱེད་ཀྱི་ལྟར་ན་དོན་དམ་པའི་རྡུལ་ཚོན་དང་རས་བྲིས་ཉིད་དེ་དང་དེའི་དཀྱིལ་འཁོར་གྱི་མཚན་གཞིར་འཇོག་རིགས་པར་འགྱུར་ཏེ། སྤྱིར་དོན་དམ་དབང་བཙན་པ་སོགས་ལུང་རིགས་ཐམས་ཅད་མཚུངས་པའི་ཕྱིར། འདོད་ན་དཀྱིལ་འཁོར་གསུམ་པོ་ལ་ཟབ་ཁྱད་མེད་དུ་འགྱུར་བ་དང༌། གསུམ་ག་ཡང་ལུས་དཀྱིལ་ཉིད་དུ་མཚུངས་པར་འགྱུར་ཏེ། ཀུན་རྫོབ་ལ་ནི་དཀྱིལ་འཁོར་དངོས་གཞི་མི་འབྱུང་ཞིང༌། རང་བཞིན་རྣམ་དག་གི་ཡེ་ཤེས་ལ་ནི་དབྱེ་བ་མི་ཕྱེད་པའི་ཕྱིར་སྙམ་ན། ཟབ་མི་ཟབ་ནི་གདུལ་བྱའི་སྦྱངས་པ་དང་དབང་པོའི་ཁྱད་པར་ལས་ཡིན་གྱི། བཅོས་མ་བཅོས་དཀྱིལ་འཁོར་གྱི་ངོས་ནས་མ་ཡིན་ཏེ། དེ་གཉིས་ཀའི་དཀྱིལ་འཁོར་གྱི་ངོ་བོ་བྱང་ཕྱོགས་དང་མཚན་དཔེ་སོགས་ཀྱི་འཇོག་ཚུལ་དང་གནས་ཚུལ་ལ་ཁྱད་པར་ཅི་ཡང་མི་རྙེད་པའི་ཕྱིར་རོ། །དབང་པོའི་ཁྱད་པར་ལས་ནི་རྟེན་གྱི་སྒྲུབ་པ་པོ་རང་གི་ཆོས་དབྱིངས་ཡེ་ཤེས་འཁོར་བའི་བག་ཆགས་སྲབ་མོར་གྱུར་པ་སྐྱེ་གནས་གཞན་གསུམ་སྦྱོང་བྱེད་ཀྱི་མངོན་རྟོགས་ཉམས་ལེན་ལ་མི་ལྟོས་པར་རྫུས་སྐྱེས་ཁོ་ན་སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་ཁོ་ནས་ཆོག་པ་འགའ་ཞིག་ལ་ནི། དྲིལ་བུ་ཞབས་མཉེས་པའི་མངོན་པར་རྟོགས་པ་འདི་ཁོ་ན་ཟབ་ཅིང༌། འདི་ཉིད་ཀྱིས་ཆོག་པ་ཡང་ཡིན་ཏེ། དེ་ཙམ་གྱིས་རང་རྒྱུད་ཀྱི་སྦྱངས་གཞིའི་སྟེང་དུ་སྲིད་པར་རྫུས་ཏེ་སྐྱེ་བའི་བག་ཆགས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པའི་ཕྱིར། ལུས་དཀྱིལ་དུ་འཇོག་མི་འཇོག་གི་ཁྱད་པར་ཡང་ཆོས་ཅན་ཀུན་རྫོབ་པའི་ལུས་ཀྱི་ཆོས་ཉིད་ཡིན་མིན་ལས་རབ་ཏུ་ཕྱེ་བ་ཡིན་ཏེ། ཀུན་རྫོབ་པའི་ལུས་ཀྱི་ཆོས་ཉིད་ལ་དོན་དམ་པའི་ལུས་སུ་འཇོག་པ་ཡིན་གྱི། རྡུལ་ཚོན་གྱི་ཆོས་ཉིད་ལ་དོན་དམ་པའི་ལུས་སུ་མི་འཇོག་པས་སོ། །བཅོས་མ་བཅོས་ཀྱི་ཁྱད་པར་ཡང༌། ཆོས་ཅན་ཀུན་རྫོབ་པར་གྱུར་པའི་ལུས་དང༌། རྡུལ་ཚོན་ལྟ་བུའི་ཁྱད་པར་ལས་ཡིན་ཏེ། རྡོ་རྗེ་སློབ་དཔོན་གྱི་མཛད་པ་མང་པོས་བཅོས་མ་བཅོས་ཀྱི་ཁྱད་པར་ལས་སོ། །མངོན་པར་རྟོགས་པ་འདི་ལ། ཇི་སྐད་དུ། ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་སྒྲུབ་པ་པོ་མཁས་པའི་དབང་དུ་བྱས་པར་བཤད་པ་ཡང༌། མཁས་པ་ལ་རྒྱུ་དུས་སུ་སྨིན་བྱེད་ཀྱི་ཚེ་ཉིད་ནས་མངོན་པར་རྟོགས་པ་འདི་བསྐྱེད་རིམ་དུ་བསྟན་ནས། བསྐྱེད་རྫོགས་ལྷན་ཅིག་པ་ཉིད་ཀྱི་གྲོལ་བར་ནུས་པ་དང༌། མཁས་མིན་ལ་རྒྱུ་དུས་སུ་མངལ་སྒོང་གང་རུང་གི་མངོན་པར་རྟོགས་པ་འདི་བསྐྱེད་རིམ་དུ་བསྟན་ནས། ལུས་དཀྱིལ་གྱི་མངོན་པར་རྟོགས་པ་འདི་རྫོགས་རིམ་གྱི་ཚུལ་དུ་བསྟན་པས། རྣལ་འབྱོར་གསང་མཐའི་ལམ་གྱི་རིམས་པ་མཐར་ཕྱིན་པར་བྱེད་ནུས་སོ། །ཞེས་བྱ་བ་འདི་ནི་རྗེ་བླ་མའི་གསུང་ཉིད་དོ། །ཡང་རྣམ་པ་གཅིག་ཏུ་ན་སྐྱེ་གནས་རྣམ་པ་བཞི་ལས་སྲིད་པར་རྫུས་ཏེ་སྐྱེ་བ་སྦྱོང་ནུས་པའི་ལམ་གྱི་རིམ་པ་གཉིས་གང་ན་བཞུགས་པ་དེ། སྐྱེ་གནས་གཞན་གསུམ་རེ་རེ་བའི་སྦྱོང་བྱེད་ལས་ཁྱད་པར་འཕགས་པ་ཡིན་ཏེ། ལམ་གང་གིས་སྲིད་པར་རྫུས་ཏེ་སྐྱེ་བ་མི་སྐྱེ་བའི་ཆོས་ཅན་སྦྱོང་ནུས་པ་དེས། སྲིད་པའི་སྐྱེ་གནས་གཞན་གསུམ་དེ་ལྟར་སྦྱོང་ནུས་པའི་ཕྱིར་ཏེ། ལྷ་དང་བར་དོའི་སྲིད་པ་ནི་རྫུས་སྐྱེས་ཁོ་ནར་ངེས་ལ། འདོད་པའི་ཁམས་སུ་ནི་བར་དོའི་སྲིད་པ་ལ་མ་ལྟོས་པར་ལས་ཉོན་གྱིས་སྐྱེ་བ་ལེན་མི་སྲིད་པའི་ཕྱིར། དེས་ན་དངོས་ལན་ནི། ལུས་དཀྱིལ་སྒྲུབ་པ་པོའི་རྣམ་ཤེས་ཀྱི་ངོར་ཀུན་རྫོབ་པའི་ལུས་རྟེན་པར་བཅས་པ་ཉིད། འཁོར་ལོ་སྡོམ་པའི་ལྷ་དང་གཞལ་ཡས་ཁང་དུ་ཞེན་ནས་ཞུགས་པ་མཐར་ཕྱིན་པ་སྲིད་པ་དེའི་ཚེ། འཇུག་ཡུལ་ལ་མི་བསླུ་བ་སྲིད་པ་གཅིག་གི་ཤེས་བྱེད་ནི། སྒྲུབ་པ་པོའི་ཀུན་རྫོབ་པའི་ལུས་ཀྱི་ཆ་ཤས་ཉིད་ལྷ་དང་གཞལ་ཡས་ཁང་དུ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ཉིད་ལས་གཞན་པའི་ཀུན་རྫོབ་པའི་ལུས་དཀྱིལ་ངོས་འཛིན་རྒྱུ་མེད་ལ། རྣམ་པར་རྟོག་པ་དེ་ལ་རྫས་ཀྱི་སྒོ་ནས་ཕྱིར་བལྟ་གཟུང་རྣམ་རྣམ་ཤེས་ཀྱི་ཆ་དང༌། ནང་བལྟ་འཛིན་རྣམ་ཡེ་ཤེས་ཀྱི་ཆ་གཉིས་ལས་བཤད་མ་ཐག་པ་དེ་ལྟར་གོམས་པ་མཐར་ཕྱིན་པའི་ཚེ། ཕྱི་བལྟ་དྲི་མའི་ཆ་དེ་རང་ཞི་ནས་ནང་བལྟ་ཡེ་ཤེས་ཀྱི་ཆ་དེ་དོན་དམ་པའི་དཀྱིལ་འཁོར་དང་སངས་རྒྱས་ཉིད་དུ་གྱུར་པ་ཞེས་བྱ་བ་དེ་མངོན་དུ་བྱེད་པ་ཉིད་དོ། །འདི་ཁོ་ནར་མ་ཟད་རྣམ་ཤེས་ཀྱི་དྲི་མ་ཐམས་ཅད་ལ་སྦྱོང་ཚུལ་དེ་བཞིན་ནོ། །ཕལ་ཆེ་བ་དག་ན་རེ། ལུས་དཀྱིལ་གྱི་ངོས་འཛིན་ནི་ཕྱི་རོལ་དོན་དུ་གྱུར་པའི་ལུས་རང་མཚན་ཉིད་ལས་གཞན་མེད་དོ་ཞེས་ཟེར་མོད། གཟུང་བ་ཕྱི་རོལ་གྱི་དོན་རང་ལུགས་ལ་ཡོད་པར་ཁས་ལེན་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་མེད་ཅིང༌། བེམ་པོ་ཉིད་ལ་ཡི་དམ་གྱི་ལྷར་ཞེན་ནས་ཞུགས་པ་ནི་ཇི་ཙམ་མཐར་ཕྱིན་ཀྱང་འཁོར་ལོ་སྡོམ་པའི་དེ་མ་ཐག་རྐྱེན་བྱེད་པ་མི་སྲིད་ལ། སངས་རྒྱས་ཀྱི་སར་བེམ་པོ་མེད་པས་ན་ལུས་ཀྱི་དཀྱིལ་འཁོར་མི་སྲིད་པ་ཉིད་དུ་ཐལ་བར་འགྱུར་རོ། །གསུམ་པ་ལ། ལུས་དཀྱིལ་གྱི་རྣམ་པར་བཞག་པ་ལ་ལོག་པ་བརྟགས་པ་མང་པོ་དག་སུན་འབྱིན་པ་དང༌། མངོན་བྱང་ལྔའི་རྣམ་གཞག་ལ་ལོག་པར་བརྟགས་པས་ལཱུ་ནག་གི་རྣམ་གཞག་འཁྲུལ་པར་བཤད་པ་རྣམས་སུན་ཕྱུང་བའོ། །དང་པོ་ནི་ལུས་དཀྱིལ་གྱི་རྣམ་པར་བཞག་པ་འདི་ལ་བོད་ཕྱི་མ་གཞན་དག་གིས་ཕྱིན་ཅི་ལོག་ཏུ་རིགས་པས་བཏགས་པའི་གནས་མང་པོ་པ་དག་ལས། རེ་ཞིག་དང་པོ་ནི། འདི་སྐད་དུ། དྲིལ་བུ་ཞབས་ཀྱི་གཞུང་གསུམ་ལས་བྱུང་བའི་རྣམ་པར་བཞག་པ་དེ་ནི། ཕྱི་དཀྱིལ་སྒྲུབ་པའི་ཐབས་ཡོད་པ་རེ་ལ་ངེས་པར་ལྟོས་པའི་ཕྱིར། སྒྲུབ་ཐབས་རང་དབང་ཅན་མ་ཡིན་པ་དང༌། འདི་ཁོ་ནའི་ལམ་གྱིས་རྫུས་སྐྱེས་སྦྱོང་མི་ནུས་པ་དང༌། དེ་བཞིན་དུ་ལཱུ་ནག་གཉིས་ཀྱི་མངོན་པར་རྟོགས་པ་ཡང༌། མངལ་སྒོང་གི་སྐྱེ་གནས་སོ་སོ་བའི་སྦྱོང་བྱེད་དུ་མ་ངེས་པ་དང༌། ལཱུ་ནག་དྲིལ་གསུམ་པོའི་ལམ་གྱི་ཆ་ཚང་བ་རེ་རེས་ཀྱང་སྐྱེ་གནས་བཞི་ཀ་སྦྱོང་ནུས་པ་ལ་ཁྱད་པར་མེད་དོ་ཞེས་ཟེར། བླ་མ་གོང་མ་དག་གི་བཞེད་པ་ནི་རྒྱུད་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་དང༌། །སྒྲ་དང་སྒྲ་མིན་རྣམ་པར་བརྟག །ཅེས་གསུངས་པས། ནག་པོ་སྤྱོད་པའི་ཞབས་ཀྱི་སྒྲུབ་པའི་ཐབས་ལ་ནི། རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་གཉིས་སོ་སོར་ངེས་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་འབྲས་བུ་རྡོར་འཛིན་གྱི་ལུས་ལ་ལྷ་རེ་གཉིས་བཀོད་ནས། ཕྱིའི་དཀྱིལ་འཁོར་པ་མངལ་འབྱིན་གྱི་ཚུལ་གྱིས་སྤྲོས་ཏེ། སྒྲུབ་པ་ཆེན་པོ་ཉམས་སུ་ལེན་པ་ལ་ནི་མངལ་སྐྱེས་སྦྱོང་བྱེད་ཀྱི་ཡན་ལག་ཐམས་ཅད་ཚང་བས་དེ་སྦྱོང་བྱེད་དུ་འཇོག་ལ། དེ་ཙམ་གྱི་རྫུས་སྐྱེས་དང་དྲོད་གཤེར་གྱི་སྲིད་པ་སྦྱོང་ནུས་པར་མ་ངེས་ཏེ། མངལ་དུ་སྐྱེ་བའི་ཉོན་མོངས་འཐུག་པོ་དང་བྲལ་བ་དག་ཁམས་གོང་མར་སྐྱེ་བ་དང༌། འདོད་པར་ཡང་དྲོད་གཤེར་ལས་སྐྱེས་པ་མི་ཁེགས་པའི་ཕྱིར། ཡང༌། རྒྱུད་ལས། སྒོང་སྐྱེས་གླུ་ནི་མེད་པ་དང༌། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་གསུངས་པ་ལྟར། ལཱུ་ཧི་པའི་ཞབས་ཀྱི་ལམ་གྱི་ལུགས་ལ་ནི་རྟེན་བརྟེན་པ་དུས་མཉམ་དུ་བསྐྱེད་པ་དང༌། རྒྱུའི་རྡོར་འཛིན་ལས་ལོགས་སུ་འབྲས་བུའི་རྡོར་འཛིན་མི་འཆད་པ་དང༌། རྒྱུ་ཉིད་ཀྱི་ལུས་ལ་ལྷ་རེ་གཉིས་དང་གོ་ཆ་བཀོད་ནས་སྒྲུབ་པ་གཉིས་ཀྱི་ཉམས་ལེན་ཙམ་ལ་སྒོང་སྐྱེས་སྦྱོང་བྱེད་ཀྱི་ལམ་ཆ་ཚང་བས་དེར་འཆད་པའོ། །གལ་ཏེ། འདི་ལ་ཡང་མངལ་སྐྱེས་སྦྱོང་བྱེད་གྱི་ལམ་ཚང་དགོས་ཏེ། འདི་ཡང་མངལ་དུ་ཉིང་མཚམས་སྦྱོར་དགོས་པའི་ཕྱིར་ཞེ་ན། མངལ་སྒོང་གཉིས་པོ་སྐྱེ་སྲིད་དུ་མཚམས་སྦྱོར་བའི་ཚེ། ཆགས་སྡང་གི་ཉོན་མོངས་པ་ཤས་ཆེ་ཆུང་གི་ཁྱད་པར་འབྱེད་ལུགས་ནི། ཇི་སྐད་དུ། སྒོ་ང་ལས་སྐྱེས་རྟག་ཏུའོ། །ཞེས་འཇུག་གནས་འབྱུང་གསུམ་ཀ་ལ་རྨོངས་པས་མངལ་སྐྱེས་ཀྱི་བར་དོ་ལ་འབྱུང་བ་ལྟ་བུའི་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་མང་པོ་དག་མི་འབྱུང་བར་བཤད་པས་སྦྱོང་བྱེད་ཀྱི་ལམ་མངལ་སྐྱེས་ལ་ལྟོས་ཏེ་བསྡུས་པས་ཆོག་པའོ། །ལཱུ་ནག་གཉིས་པོ་མངལ་སྒོང་སྦྱོང་བྱེད་ཀྱི་མངོན་རྟོགས་སོ་སོར་ངེས་པ་དེ་ལྟར་བཤད་པའི་ལུང་རིགས་ཀྱི་སྟོབས་མཚུངས་ལས། དྲིལ་བུ་ཞབས་ཀྱི་ལམ་ནི་རྫུས་སྐྱེས་སྦྱོང་བྱེད་དུ་གྲུབ་པ་ནི་ལམ་འདིའི་ཐོག་མ་བསྐྱེད་རིམ་གྱི་ཚུལ་དུ་བཤད་པས། སྲིད་པར་སྐྱེ་བ་མྱོང་བྱེད་དུ་ནི་འགྲུབ་ལ། མངལ་སྒོང་དྲོད་གཤེར་སྐྱེས་སྦྱོང་བྱེད་ཀྱི་ཡན་ལག་རྣམས་མ་ཚང་བས་ནའོ། །དེ་དག་ལ་གང་དང་གང་ཞིག་དགོས་པ་ནི། དྲོད་གཤེར་ལ་ནི་ཉི་ཟླའི་བར་དུ་ས་བོན་འཇོག་པ་ཙམ་ཞིག་མེད་དུ་མི་རུང་ལ། གཉིས་པོ་ལ་ནི་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་དྲི་ཟ་ཞུགས་པའམ་ཉི་ཟླའི་བར་དུ་ནཱ་ད་ཞུགས་པ་ཞིག་དགོས་པ་ལས། མངོན་པར་རྟོགས་པ་འདི་ལ་ནི་དེ་དག་ཚང་བ་མ་ཡིན་པས་ནའོ། །འོ་ན་སྐྱེ་བ་སྦྱོང་བྱེད་ཀུན་ལ་འདི་ཙམ་གྱིས་ཆོག་པར་འགྱུར་ཏེ། རྫུས་སྐྱེས་སྦྱངས་ན་གཞན་གསུམ་པོ་ཡང་སྦྱངས་པས་ཁྱབ་པའི་ཕྱིར། ཞེ་ན། སྤྱིར་དེ་ལྟར་ཁྱབ་ཀྱང༌། ཐོག་མ་ཉིད་ནས་རྫུས་སྐྱེས་ཁོ་ན་སྦྱོང་བྱེད་ཀྱི་ལམ་བསྟན་པས་ཆོག་པ་ལ་ནི་གདུལ་བྱ་ཤིན་ཏུ་མཁས་པ་ཞིག་དགོས་ཏེ། མངལ་སྒོང་དུ་ཉིང་མཚམས་སྦྱོར་བའི་ཉོན་མོངས་པ་ཆགས་སྡང་ཤས་ཆེ་བ་དག་ལ་ནི་ལམ་འདི་ཙམ་ཁོ་ནས་མངལ་སྒོང་གི་སྐྱེ་སྲིད་འགོག་མི་ནུས་ལ། དེ་མ་ཁེགས་ན་ཐོག་མ་ནས་རྫུས་སྐྱེས་འགོག་བྱེད་ཀྱི་ལམ་དུ་མི་སླེབ་པའི་ཕྱིར། དེ་ལྟར་སླེབ་མི་ནུས་པའི་གདུལ་བྱ་དེ་འདྲ་དེ་ལ་ནི་མངོན་པར་རྟོགས་པ་རེ་རེའི་ནང་དུ་སྐྱེ་གནས་གསུམ་ཚན་རེ་སྦྱོང་བར་བསྟན་པ་ཡིན་ཏེ། ལཱུ་ནག་གཉིས་ཀའི་ལམ་དུ་ཕྱི་དཀྱིལ་གྱི་གཙོ་བོའི་སྐུ་ལ། ལུས་དཀྱིལ་རྫོགས་པར་གསལ་བཏབ་ནས་གོམས་པར་བྱ་དགོས་པ་ཉིད་དུ་བཤད་པའི་ཕྱིར། གང་ན་ཉི་ཟླ་ཁ་སྦྱོར་གྱི་མངོན་རྟོགས་ཡོད་པ་དེར་དྲོད་གཤེར་སྦྱོང་བྱེད་ཀྱི་ལམ་ཚང་བར་རྗེ་བཙུན་གྲགས་པས་བཞེད་དོ། །གལ་ཏེ་མངལ་སྐྱེས་སྦྱོང་བྱེད་ཀྱི་ལམ་དེས་སྒོང་སྐྱེས་ཀྱང་ཞར་ལ་སྦྱོང་ནུས་པར་འགྱུར་ཏེ། དེ་ལ་ནི་སྒོང་སྐྱེས་སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་ལྷག་དང་བཅས་པ་ཡོད་པའི་ཕྱིར་སྙམ་ན། མངལ་སྒོང་གཉིས་ཀ་སྦྱོང་བྱེད་ཀྱི་གཉེན་པོར་བློ་གཏང་ན། དེས་གཅིག་ཤོས་སྦྱོང་ནུས་པ་སྲིད་མོད། སྤྱིར་ནི་མངལ་སྒོང་གཉིས་པོའི་སྦྱོང་བྱེད་ཀྱི་མངོན་རྟོགས་སོ་སོར་ངེས་པ་ཡིན་ཏེ། སྦྱང་གཞི་གཉིས་པོ་མངལ་དུ་སྐྱེ་མཆེད་དྲུག་ཚང་བར་དོད་པ་དང༌། སྒོང་ངའི་ནང་དུ་ཚང་བར་དོད་དགོས་པའི་ཁྱད་པར་ལས་དང༌། མངལ་སྒོང་དུ་འཇུག་པའི་བར་དོའི་ཉོན་མོངས་པ་སྐྱེ་ཚུལ་ཤིན་ཏུ་མི་འདྲ་བས་མངལ་སྒོ་འགེགས་བྱེད་ཀྱི་གཉེན་པོ་སྒོམ་ལུགས་སོ་སོར་ངེས་པའི་ཕྱིར། དེ་ཡང་ཆགས་སྡང་ཤས་ཆེ་བ་དང་གཏི་མུག་ཉིད་གཙོ་བོར་གྱུར་པའི་དབང་ལས་སོ། །དེ་ཡང་བར་དོ་ཆགས་སྡང་ལ་མ་ལྟོས་པར་མངལ་དུ་ཞུགས་ཀྱང་གང་དུ་སྐྱེ་མཆེད་དྲུག་ཡོངས་སུ་རྫོགས་པའི་རྟེན་བརྟེན་པ་སྔ་ཕྱིར་གྲུབ་ཟིན་པ་དང་ཅིག་ཅར་དུ་འགྲུབ་དགོས་པའི་ཁྱད་པར་ལས་འབྱེད་དོ། །དེ་ནས་ཡང་ལོག་པར་རྟོག་པའི་རྣམ་གྲངས་ཕྱི་དཀྱིལ་ལ་མ་ལྟོས་པར་ལུས་དཀྱིལ་གྱི་རྣམ་གཞག་མི་འབྱུང་བ་ནི། གྲུབ་ཆེན་དྲིལ་བུ་པའི་ཞབས་ཀྱི་གཞུང་ཤེས་བཞིན་ཁྱད་དུ་བསད་པ་ཁོ་ནར་མ་ཟད། རང་གི་རྟོག་བཏགས་མ་རུངས་པ་དག་སྒྲིག་པའི་ཕྱིར་དུ་གསང་བ་འདུས་པའི་འདྲ་མཚུངས་སྦྱར་བ་ཡིན་མོད། འདི་མི་འཐད་པ་ལ་གཉིས་ཏེ། བདེ་གསང་གི་གཞུང་ལུགས་མི་འདྲ་བར་བསྟན་པ་དང༌། འདྲ་ཚུལ་ལ་སྐྱོན་མང་པོ་དག་ཆགས་པའོ། །དང་པོ་ནི། སྤྱིར་བདེ་མཆོག་གི་བཤད་རྒྱུད་དག་ཏུ་ཕྱི་དཀྱིལ་ལ་མ་ལྟོས་པར་ལུས་དཀྱིལ་གྱི་རྣམ་གཞག་མང་པོ་བྱུང་ཞིང༌། གསང་བ་འདུས་པར་དེ་མ་བཤད་པ་དང༌། དྲིལ་བུ་པའི་བཞེད་པས་ལུས་ཀྱི་དཀྱིལ་འཁོར་དུ་དབང་མ་བསྐུར་བར་དེའི་སྒྲུབ་ཐབས་ཉམས་སུ་ལེན་མི་རུང་བར་བཤད་ལ། གསང་འདུས་ལས་དེ་ལྟར་མ་བཤད་པ་དང༌། བདེ་མཆོག་ཏུ་ཕྱི་དཀྱིལ་དང་ལུས་དཀྱིལ་གྱི་རྫོགས་རིམ་སོ་སོ་བ་ཉིད་དུ་བཤད་ལ། གསང་འདུས་ལས་དེ་ལྟར་མ་བཤད་པ་སོགས་ཤིན་ཏུ་མང་ངོ༌། །གལ་ཏེ། འོ་ན་ཁྱེད་ཀྱི་ཕྱོགས་ལ་ཡང༌། དགྱེས་པ་རྡོ་རྗེའི་སྐབས་སུ་ལུས་དཀྱིལ་གྱི་རྣམ་གཞག་རང་དབང་ཅན། དྲིལ་བུ་ཞབས་ཀྱིས་བཀྲལ་བ་དང་མཚུངས་པ་ཞིག་ཡོད་པར་ཁས་ལེན་དགོས་སོ། །ལེན་ན་དེ་ལྟ་བུའི་གཞུང་གང་ན་ཡོད་པ་སྟོན་ཅིག མེད་ན་བདེ་མཆོག་གི་ལུས་དཀྱིལ་ཡང༌། དགྱེས་པ་རྡོ་རྗེའི་ལུས་དཀྱིལ་གྱི་འཇོག་ཚུལ་དང་འདྲ་བར་སོང་བས། གསང་འདུས་ཀྱི་ལུས་དཀྱིལ་དང་འཇོག་ཚུལ་དང་མཚུངས་པར་གྲུབ་བོ་ཞེ་ན། དགྱེས་རྡོར་ལ་ཡང་བདེ་མཆོག་དང་མཚུངས་པར་ལུས་དཀྱིལ་རང་དབང་ཅན་ཞིག་ཡོད་པ་ནི། གྲུབ་ཆེན་ཛེ་ཏ་རིའི་ཕྱག་རྒྱ་བཞི་པའི་ལུང་གིས་འགྲུབ་ལ། བྱེ་བྲག་ཏུ་རྣལ་འབྱོར་དབང་ཕྱུག་གི་མན་ངག་སྙན་དུ་བརྒྱུད་པ་ལས། ལུས་དཀྱིལ་ལ་དབང་རང་དབང་ཅན་དང༌། དེའི་མངོན་པར་རྟོགས་པ་རང་དབང་ཅན་ཕྱག་ལེན་གྱི་རིམ་པ་མ་ཉམས་པར་ཡོད་པ་དེ་ཉིད་ཁོ་བོ་ཅག་གིས་ཚད་མར་བྱེད་ལ། ཕྱི་དཀྱིལ་ལ་མ་ལྟོས་པར་ལུས་དཀྱིལ་གྱི་དབང་ཉིད་གདུལ་བྱ་མཁས་པ་ལ། དགྱེས་རྡོར་གྱི་ཚེ་ཡང་རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་དུ་རུང་བ་རྣལ་འབྱོར་དབང་ཕྱུག་གི་བཞེད་པ་ཉིད་དུ་ནི་དཔྱད་དགོས་པ་ཡིན་མོད། དྲིལ་བུ་ཞབས་ཀྱིས་ནི་དགྱེས་རྡོར་དུའང་དེ་ལྟར་བཞེད་པ་ལ་ཐེ་ཚོམ་མེད་པས། གསང་བ་འདུས་པ་དང་ག་ལ་མཚུངས། གཉིས་པ་ནི། བོད་ཕྱི་མ་ན་རེ། ནང་ལུས་ཀྱི་གཞལ་ཡས་ཁང་འཇོག་པ་ལ། དེ་དང་ཟུང་འབྲེལ་དུ་ཕྱིའི་གཞལ་ཡས་ཁང་ཞིག་ངེས་པར་འཇོག་དགོས་ཏེ། དེ་མ་བཞག་ན་ལུས་ཀྱི་གཞལ་ཡས་ཁང་སྤྱིར་གཞལ་ཡས་ཁང་གི་མཚན་ཉིད་ཚང་བ་ཞིག་གང་ལ་བརྟེན་པའི་གཞི་མི་རྙེད་ཅིང༌། ལུས་ཉིད་ཕྱིའི་གཞལ་ཡས་ཁང་ལ་བྱུག་ཚོན་ལྟ་བུའི་ཚུལ་དུ་བརྟེན་པ་ལས། གཞན་ལུས་ཉིད་ལ་ནི་རྩིག་པ་ལྔ་དང༌། རིན་ཆེན་ཕ་གུ་དང༌། རྟ་བབས་སོགས་འདི་དང་འདི་ཡིན་ཞེས་འཆད་རྒྱུ་མེད་པའི་ཕྱིར་དང༌། བོད་སྔ་མས་བརྟགས་པ་རྣམས་ནི་རྟོག་བཏགས་འབའ་ཞིག་ཏུ་འདུག་པའི་ཕྱིར་ཟེར་བ་དང༌། ལུས་དཀྱིལ་གྱི་ལྷ་ཡང་ལུས་རྒྱུར་བྱས་པའི་ས་བོན་ལས་སྒྲུབ་དགོས་པ་ཡིན་གྱི། མ་དག་པའི་རྩ་ཁམས་ཉིད་ལྷ་ཡིན་ན་སེམས་ཅན་འབད་མེད་དུ་གྲོལ་བར་ཐལ་བ་དང༌། རྟེན་གྱི་གཞལ་ཡས་ཁང་ཡང་དབྱིབས་གཞན་དུ་མི་འགྱུར་ན། རྡོ་རྗེ་ཕྲེང་བའི་རྒྱུད་ལས། ལུས་ནི་གཞལ་ཡས་ཁང་དུ་གྱུར། །ཞེས་དང༌། མདོ་བསྲེས་སུ། གཞལ་ཡས་ཁང་ལྟར་སྣང་བ་ནི། །རྣལ་འབྱོར་པ་ཡི་སྐུའི་དཀྱིལ་འཁོར། །ཞེས་པ་དང་འགལ་ལོ་ཟེར་བ་དང༌། རྟེན་གྱི་གཞལ་ཡས་ཁང་གྲུབ་པའི་ཚེ་རྐང་མཐིལ་རླུང་ཞེས་པ་ནས་རྐང་བརྒྱད་ཀ་བ་བརྒྱད། ཅེས་པའི་བར་ཐམས་ཅད་ལུས་ཀྱི་གནས་དེ་དང་དེ་ནས། ཕྱིའི་གཞལ་ཡས་ཁང་གི་དེ་དང་དེར་འཕོས་པ་ཡིན་ནོ་ཞེས་ཟེར། འདི་མི་འཐད་པ་ལ་གསུམ་སྟེ། ནང་གི་གཞལ་ཡས་ཁང་ཕྱིའི་གཞལ་ཡས་ཁང་ལ་བསྲེ་བ་མི་འཐད། ནང་གི་དཀྱིལ་འཁོར་པ་ས་བོན་ལས་བསྐྱེད་པ་མི་འཐད། དེ་ལྟར་འཐད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། ལུས་དཀྱིལ་སྒོམ་པ་སྐབས་སུ་བབ་པའི་ཚེ། རྣལ་འབྱོར་པ་རང་གི་ལུས་ཕྱིའི་གཞལ་ཡས་ཁང་དུ་བསྲེས་པ་སྟེ། ཕྱི་རྐྱང་པའི་འམ་ནང་རྐྱང་པའི་འམ། གཉིས་ཀའི་གཞི་མཐུན་པ་ཉིད་དུ་འདོད། དང་པོ་ལྟར། བསྲེས་པ་དེར་ནང་གི་གཞལ་ཡས་ཁང་དང་དབྱིབས་སུ་མ་གྲུབ་པས། བསྲེས་པ་དོན་མེད་པར་འགྱུར། གཉིས་པ་ལྟར་ན། གཞལ་ཡས་ཁང་གཅིག་བཟོས་པའི་ཚེ་གཅིག་ཤོས་དོན་མེད་པར་སོང༌། གསུམ་པ་ལྟར་ན། རྒྱུ་ནང་གི་ལུས་ལས་གྲུབ་པའི་ཕྱིའི་གཞལ་ཡས་ཁང་དང༌། ཕྱི་རྡུལ་ཚོན་ལས་གྲུབ་པའི་ནང་གི་གཞལ་ཡས་ཁང་ཁས་བླངས་པས། ལུང་རིགས་ཁས་བླངས་ཀུན་དང་འགལ། ཡང་ཁྱེད་ཀྱིས་རང་ལུས་ཕྱི་དཀྱིལ་ལ་བསྲེས་པའི་ཚེ། སྔ་མའི་རིགས་འདྲ་ཕྱི་མ་ཀུན་ལུས་དཀྱིལ་དུ་ཁས་བླངས་པས། དྲིལ་བུ་ལུགས་ལྟ་བུ་ཕྱི་དཀྱིལ་མ་བཤད་པ་རྣམས་ལ་དེ་འབད་པས་བསྒྲུབས་པ་དོན་མེད་དུ་སོང་སྟེ། ཉམས་ལེན་དངོས་གཞིའི་དུས་སུ་ཕྱི་དཀྱིལ་མེད་པར་སོང་ངོ༌། །ཁང་པའི་དབྱིབས་དེ་བཟོ་བ་དང་པོར་ཕྱི་དཀྱིལ་གཅིག་ལ་བརྟེན་དགོས་སོ། །ཞེ་ན། ཕྱི་དཀྱིལ་གྱི་དབྱིབས་དེ་ཡང་དབྱིབས་ཅན་གཞན་ཞིག་ལ་ཐོག་མར་བརྟེན་དགོས་པར་ཐལ་ལོ། །གཞན་ཡང་དྲིལ་བུ་ལུས་དཀྱིལ་གང་ལ་རག་ལས་པའི་ཕྱི་དཀྱིལ་དེ་གང་ལ་བྱེད། མར་དོ་ནས་བརྒྱུད་པའི་རྡུལ་ཚོན་ལྷ་ལྔ་པ་ལའོ། །ཞེས་ཟེར་མོད། བཅོས་མིན་ལུས་དཀྱིལ་སྒྲུབ་པའི་རིགས་འདྲ་སྔ་མ་རྡུལ་ཚོན་དུ་ཁས་བླངས་པས། གྲུབ་ཆེན་གྱི་གཞུང་ཧྲུལ་པོར་མ་བྱས་སམ། གཞན་ཡང་ལུས་དཀྱིལ་ལ་རྩིག་པ་ལྔ་དང་རིན་ཆེན་ཕ་གུ་དང་རྟ་བབས་སོགས་དབྱིབས་སུ་གྲུབ་པར་ཁྱེད་ཀྱིས་ཁས་བླངས་པས། ལུས་ཀྱི་ཆ་ཤས་གང་དང་གང་ལས་དེ་དང་དེ་དག་སྒྲུབ་པར་བྱེད་ཅེས་འདྲི། ལན་ཇི་སྐད་ཟེར་ཡང༌། རྣལ་འབྱོར་དབང་ཕྱུག་གི་མན་ངག་ལ་འཕངས་པའི་ཉེས་པ་ཐམས་ཅད་སླར་བཟློག་པ་མ་ཡིན་ནམ། མ་ཡིན་ཏེ་ལུས་ཀྱི་ཆ་ཤས་ཐམས་ཅད་གཅིག་ཏུ་བསྲེས་པའི་གོང་བུ་ལས་ཁང་པ་བཟོ་བར་བྱེད་དོ་ཅེ་ན། དེ་ལྟ་ན་རྐང་མཐིལ་རླུང་ཞེས་སོགས་རྐང་བརྒྱད་ཀ་བ་བརྒྱད་ཀྱི་བར་ཐམས་ཅད་ཀྱང་གོང་བུ་གཅིག་ཏུ་བསྲེ་དགོས་པས། དེ་དང་དེ་དག་སོ་སོ་ནས་ཕྱི་དཀྱིལ་གྱི་ཆ་ཤས་སོ་སོ་བ་དེ་དང་དེ་དག་ཁོ་ནར་སྲེ་དགོས་པ་ཉིད་དུ་ཁས་བླངས་པ་དང་འགལ་ལོ། །གང་ཡང་ཁྱེད་ཅག་ནང་ལུས་ཀྱི་གཞལ་ཡས་ཁང༌། ཕྱིའི་གཞལ་ཡས་ཁང་གི་དབྱིབས་དང་མཚན་ཉིད་ཇི་ལྟ་བ་རང་དབང་ཅན་ལོགས་སུ་གྲུབ་པ་ཞིག་ཁས་བླངས་ན། ཉེས་པ་ཅི་ཞིག་མཐོང་ནས་ཁས་མི་ལེན་པ་ཡིན། གོང་དུ་བཀག་པའི་ཁས་ལེན་ཚུལ་དཀའ་ལ་དོན་ཆུང་བ་དེས་ཅི་ཞིག་བྱ། དཔེར་ན་རྡུལ་ཚོན་སོགས་ཀྱང་གཞན་ལ་མ་ལྟོས་པར་དང་པོ་ནས་རང་དབང་ཅན་དུ་སྒྲུབ་ནུས་པ་བཞིན་ནོ། །གལ་ཏེ་དཀྱིལ་འཁོར་མངལ་འབྱིན་གྱི་ཚེ་མངལ་གྱི་གཞལ་ཡས་ཁང་ཕྱིའི་གཞལ་ཡས་ཁང་ལ་སྲེ་དགོས་པར་བཤད་པའི་ལུང་རིགས་ལས་སོ་ཞེ་ན། འོ་ན་དེའི་ཚེ་གཞལ་ཡས་ཁང་རྫས་ཐ་དད་པ་གཉིས་བསྲེས་པ་ཡིན་ནམ། དམ་ཚིག་པ་ལ་ཡེ་ཤེས་པ་ལྟ་བུའི་ཚུལ་དུ་བསྲེས་པ་ལྟ་བུ་ཡིན། ཕྱི་མ་ལྟར་རིགས་མོད། ཁྱེད་ལ་དཔེ་དོན་མ་འགྲིག་པའི་ཉེས་པ་མང་ངོ༌། །དང་པོ་ལྟར་ན་རྫས་གཞན་གཉིས་པོ་དེ་མངལ་གྱི་དང་ཕྱི་རོལ་གྱི་གཞི་མཐུན་པར་འདོད་དམ་འགལ་བ་ཅན་དུ་འདོད། དང་པོ་ལྟར་ན་མངལ་འབྱིན་གྱི་དང་བསྲེས་པའི་ཕྱི་དཀྱིལ་དེ་མངལ་འབྱིན་མ་ཡིན་ཏེ། དཔེར་ན་གཙང་པོ་དང་བསྲེས་པའི་ཉང་ཆུ་དེ་གཙང་པོ་མ་ཡིན་པ་བཞིན་ནོ། །གཞན་ཡང་མངལ་འབྱིན་ཡོད་པའི་གཞལ་ཡས་ཁང་ཐམས་ཅད་སྒོ་སྦྲགས་ཅན་དུ་འགྱུར་རོ། །གཞན་ཡང་ཁྱེད་ཀྱིས་གཙོ་བོའི་ལུས་ཀྱི་ཆ་ཤས་ཕྱིའི་གཞལ་ཡས་ཁང་དང་བསྲེས་པའི་དུས་ཀྱི་རིགས་རྒྱུན་ཕྱི་མ་དེ་ལུས་ཀྱི་གཞལ་ཡས་ཁང་ཡིན་པའི་ཤེས་བྱེད་དུ་གང་འགོད། ཉེར་ལེན་སྒྱུ་ལུས་ལས་གྲུབ་ཅིང་དབྱིབས་གཞལ་ཡས་ཁང་གི་ཆ་ཤས་ཐམས་ཅད་ཚང་བའི་ཕྱིར། ཞེ་ན། མངལ་ནས་ཕྱུང་བའི་གཞལ་ཡས་ཁང་དེ་ཡང་བརྟེན་པར་བཅས་པ་ཐམས་ཅད་ལུས་ཀྱི་དཀྱིལ་འཁོར་ཉིད་དུ་ཧ་ཅང་ཐལ་བས་སྔགས་གཞུང་ཟབ་རྒྱས་ཅན་མཐའ་དག་རྩ་བ་ནས་བཤིག་པ་མ་ཡིན་ནམ། བརྟག་པ་སྔ་མ་ལྟར་ལུས་གཞལ་ཡས་ཁང་གི་དབྱིབས་ཅན་གཙོ་བོའི་སྐུ་ལས་ཀྱང་ཕྱི་རོལ་ཏུ་སོང་ཞིང༌། ཕྱིའི་གཞལ་ཡས་ཁང་ལ་མ་ལྟོས་པ་ཞིག་ཁྱེད་ཀྱིས་ཁས་བླངས་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། མི་ཆོག་པ་ཡིན་ཏེ། དེ་ལྟར་ཁས་བླངས་ན་བདེ་མཆོག་ལྟ་བུ་ནག་དང་གསང་བ་འདུས་པའི་ཚེ་དཀྱིལ་འཁོར་ཡོངས་རྫོགས་གཅིག་ཉིད་ཀྱི་སྒོ་ཉིས་སྦྲག་ཅན་དུ་ཟློས་པར་འགྱུར་ཏེ། ལུས་དཀྱིལ་གྱི་བརྟེན་པ་ལྷ་རྣམས་ནི་ལུས་ཀྱི་གཞལ་ཡས་ཁང་ཉིད་དུ་བཞུགས་དགོས། ཕྱི་དཀྱིལ་གྱི་ལྷ་རྣམས་ཀྱང་ཕྱིའི་གཞལ་ཡས་ཁང་ཉིད་དུ་བཞུགས་དགོས་པའི་ཕྱིར་ཞེ་ན། དམ་བཅའ་དེ་ལ་གནོད་བྱེད་དེ་ངེས་པར་ཞུགས་པ་ཡིན་པ་དེ་བས་ཀྱང་ཆེས་ཤིན་ཏུ་ལྕི་བ་དག་སོ་ན་འདུག་སྟེ། ལུས་དཀྱིལ་གྱི་ལྷ་རྣམས་ནི་ལུས་ཀྱི་གཞལ་ཡས་ཁང་དུ་ངེས་པར་བཞུགས་དགོས། ཕྱི་དཀྱིལ་གྱི་ལྷ་རྣམས་ནི་ཕྱིའི་གཞལ་ཡས་ཁང་དུ་ངེས་པར་བཞུགས་དགོས་པ་ལས། ཁྱེད་ཀྱིས་ནི་ཕྱི་ནང་གི་གཞལ་ཡས་ཁང་གཅིག་ཏུ་བསྲེས་པས། ཕྱི་དཀྱིལ་གྱི་ལྷ་དང་ནང་དཀྱིལ་གྱི་ལྷ་གང་དུ་བཞུགས་པའི་གནས་ཐ་དད་ཀྱི་དབྱེ་བ་མ་རྙེད་པའི་ཕྱིར། གཞན་ཡང་ནང་གི་ལུས་གཞལ་ཡས་ཁང་ཉིད་དུ་གྲུབ་ཟིན་པར་བྱས་ནས་ཕྱི་མ་སྲེ་བ་ཡིན་ནམ། དེ་མ་བྱས་པར་རང་གི་ལུས་ཡོངས་རྫོགས་ཕྱི་ལ་སྲེ་བ་ཡིན། དང་པོ་ལྟར་ན། ལུས་གཞལ་ཡས་ཁང་གི་དབྱིབས་སུ་འགྲུབ་པ་ཕྱི་ལ་ལྟོས་པར་འགལ། གཉིས་པ་ལྟར་ན། གཙོ་བོའི་སྐུ་ལ་རྟེན་དང་བརྟེན་པར་བཅས་པའི་ལུས་དཀྱིལ་ལྟ་ཅི། གཙོ་བོའི་སྐུ་ཉིད་ཀྱང་དཀྱིལ་འཁོར་གྱི་དབུས་ན་མི་བཞུགས་པར་འགྱུར་ཏེ། སྐུ་ཡོངས་རྫོགས་ཕྱིའི་གཞལ་ཡས་ཁང་ལ་བསྟིམ་པའི་ཕྱིར། གལ་ཏེ་རྟེན་གྱི་ལུས་རྐྱང་པ་ལོགས་སུ་ཕྱེ་ནས་ཕྱི་ལ་བསྟིམ་པ་ཡིན་ནོ་ཞེ་ན། གཙོ་བོའི་ལུས་དཀྱིལ་གྱི་བརྟེན་པ་ལྷ་རྣམས་ལ་སྒྲུབ་གཞིར་གྱུར་པའི་ལུས་དང༌། དེ་ལས་བསྒྲུབས་པའི་ལྷ་གནས་དང་བྲལ་བར་འགྱུར་ཏེ། རྟེན་གཙོ་བོའི་ལུས་གཞན་དུ་སོང་བའི་ཕྱིར། སྐྱེས་བུའི་ལུས་དང་བྲལ་བའི་རྩ་ཁམས་བཞིན་ནོ། །སྐབས་འདིར་རྟེན་གཞན་དུ་འཕོས་པའི་ཚེ་བརྟེན་པ་ལྷ་གནས་མེད་དུ་ཐལ་བའི་ཉེས་པ་སྤང་བར་འདོད་ནས། ཕྱི་ལ་ཐིམ་པ་དང་ནང་དུ་གནས་པའི་ལུས་ལྡོག་པས་སོ་སོར་འབྱེད་དོ། །ཞེས་ཟེར། འོ་ན་དུས་དེར་རྫས་སུ་གྱུར་པའི་ལུས་ཤིག་འདོད་དམ་མི་འདོད། མི་འདོད་ན་རྣལ་འབྱོར་པ་རང་གི་ལུས་ཉིད་ལུས་དཀྱིལ་གྱི་ཉེར་ལེན་དུ་འཆད་པ་འགལ། འདོད་ན་ཕྱི་ལ་བསྲེས་པ་དང་ནང་དུ་གནས་པ་གཉིས་ཀ་རྫས་སུ་འདོད་དམ། གང་རུང་གཅིག་རྫས་སུ་འདོད། དང་པོ་ལྟར་ན། རྣལ་འབྱོར་པ་རང་གི་ལུས་རྫས་ཐ་དད་པ་གཉིས་སུ་ཐལ་བས། ལུས་དཀྱིལ་ཡང་རྫས་ཐ་དད་པ་གཉིས་སུ་འགྱུར་ལ། གཉིས་པ་ལྟར་ན་ཕྱི་མ་ཐིམ་པ་རྫས་སམ་ནང་དུ་གནས་པ་རྫས་སུ་འདོད། དང་པོ་ལྟར་ན་རང་གི་ལུས་ཡིན་ངོ་ཤེས་པ་དེ་གཞལ་ཡས་ཁང་གི་དབྱིབས་སུ་མ་གྲུབ་པའི་ཉེས་པས་ཁྱེད་ལ་གནོད་པ་དང༌། ཁང་བཟངས་ཀྱི་དབྱིབས་སུ་མ་གྲུབ་པའི་རྣལ་འབྱོར་པ་རང་གི་ལུས་བརྟེན་པར་བཅས་པ་ཉིད་ལུས་ཀྱི་དཀྱིལ་འཁོར་དུ་ཁས་ལེན་དགོས་པར་འགྱུར་ཏེ། འཁོར་ལོ་སྡོམ་པའི་ལུས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཞིག་ནི་ཁྱེད་ཀྱིས་ཀྱང་ཁས་བླངས་ལ། ཕྱི་ལ་བསྲེས་པ་དེ་ནི་རྣལ་འབྱོར་པ་རང་གི་ལུས་མ་ཡིན་པའི་ཕྱིར། གལ་ཏེ་བསྐྱེད་རིམ་གྱི་སྐབས་འདིར་རྟོགས་པའི་སྒོམ་གཙོ་བོར་བྱེད་པས་ཕྱི་ནང་གི་ལུས་གཉིས་ཀ་ལྡོག་པ་ཉིད་དོ། །ཞེ་ན། དེའི་ཚེ་ཁྱེད་ཀྱིས་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ན། རྣལ་འབྱོར་པ་རང་གི་ལུས་རང་མཚན་ཁོ་ན་ཉེར་ལེན་གྱི་རྒྱུར་བྱས་པ་ལས་གྲུབ་དགོས་པར་འབད་རྩོལ་བརྒྱ་ཕྲག་དུ་མའི་སྒོ་ནས་བསྒྲུབས་པ་དེ་རྩ་བ་ནས་ཞིག་པར་འགྱུར་ཏེ། ལུས་ཀྱི་ལྡོག་པས་ལུས་དཀྱིལ་བསྒྲུབས་ལ། ལྡོག་པ་ནི་གཞན་སེལ་ལ་འདོད་པའི་ཕྱིར། ཁོ་བོ་ཅག་སྐབས་དེའི་ལྡོག་པ་རང་མཚན་དུ་ཁས་ལེན་ནོ། །ཞེ་ན། རྣལ་འབྱོར་པའི་ལུས་རྫས་ཐ་དད་པ་གཉིས་སུ་འགྱུར་ཏེ། བརྟེན་པ་ལྷ་བཞུགས་ཀྱང་གཞལ་ཡས་ཁང་གི་དབྱིབས་སུ་མ་གྲུབ་པའི་ལུས་རང་མཚན་གཅིག་དང༌། དབྱིབས་དེར་གྲུབ་ཀྱང་ལུས་དཀྱིལ་གྱི་ལྷའི་བཞུགས་གནས་མ་ཡིན་པའི་ལུས་རང་མཚན་གཅིག་སྟེ་རྫས་སོ་སོ་བར་ཁྱེད་ཀྱིས་འདོད་དགོས་པའི་ཕྱིར། གཉིས་པ་ནི་ལུས་དཀྱིལ་གྱི་ལྷ་རྣམས་སྤྱིར་ལུས་རྒྱུར་བྱས་པའི་ས་བོན་གྱི་ཡི་གེ་དང༌། བྱེ་བྲག་པཱུ་ཛ་སོགས་ཀྱི་ཡི་གེ་ལས་བསྐྱེད་པ་མི་འཐད་དེ། སྐད་ཅིག་གིས་དང་དཀྲོངས་བསྐྱེད་དགོས་པའི་སྒྲུབ་ཐབས་སུ་ས་བོན་ལས་བསྐྱེད་པར་བྱས་ན། སྒྲུབ་ཐབས་སོ་སོའི་རྣམ་གཞག་འཆོལ་བའི་ཕྱིར་དང༌། པཱུ་ཛ་སོགས་ནི་གནས་ཀྱི་མིང་ཡིག་དང་པོ་ཡིན་ལ། རྩ་ཁམས་ཀྱི་མིང་ཡིག་དང་པོར་འཆད་མི་ནུས་པའི་ཕྱིར་དང༌། སྤྱིར་ས་བོན་ལས་བསྐྱེད་པའི་ཚེ་ཡང་ས་བོན་གྱི་ངོ་བོ་ཡེ་ཤེས་སུ་ཁས་ལེན་དགོས་པ་ཡིན་གྱི། བེམས་པོའི་ཁམས་ལས་ལྷ་སྒྲུབ་པ་རྒྱུད་གཞུང་ལས་མ་བཤད་པའི་ཕྱིར། གཞན་ཡང་ལུས་དཀྱིལ་གྱི་རྟེན་བརྟེན་པ་གཉིས་རིམ་ཅན་དུ་སྒྲུབ་པ་ཡིན་ནམ། ཅིག་ཅར་དུ་སྒྲུབ་པ་ཡིན། དང་པོ་ལྟར་ན། གཞལ་ཡས་ཁང་སྔར་གྲུབ་ན་ནི་ལྷ་དང་བྲལ་བའི་གཞལ་ཡས་ཁང་དུ་འགྱུར་ལ། ཕྱིས་གྲུབ་ན་ནི། གཞལ་ཡས་ཁང་ལ་མ་བརྟེན་པར་གྲུབ་པར་འགྱུར་བ་དང༌། གཅིག་ཅར་དུ་སྒྲུབ་ན་ལྷ་གཞལ་ཡས་ཁང་གི་ནང་དུ་མ་གྲུབ་ན་ནི་རྟེན་བརྟེན་པ་འབྲེལ་མེད་དུ་འགྱུར་ལ། ནང་དུ་གཅིག་ཅར་གྲུབ་ན་ནང་གི་ལུས་རྟེན་ཕྱིའི་གཞལ་ཡས་ཁང་ལ་བསྲེས་པའི་ཚེ། ནང་གི་ལྷ་ལ་བཞུགས་གནས་གཞལ་ཡས་ཁང་མེད་པས་ནམ་མཁའ་ལ་ལྡིང་དགོས་པར་འགྱུར་རོ། །གཞན་ཡང་བརྟེན་པ་ལྷ་ལུས་རྒྱུར་བྱས་པའི་ས་བོན་ལས་བསྐྱེད་དགོས་ན། རྟེན་གཞལ་ཡས་ཁང་འདི་ཡང་ལུས་ཉེར་ལེན་དུ་བྱས་པའི་ས་བོན་སོ་སོ་ལས་བསྐྱེད་དགོས་པར་འགྱུར་ཏེ། རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། འདོད་ན་ཁྱེད་རང་གིས་ཁ་སྦྱོར་ལས་གསུངས་པ་ལྟར་ལུས་དཀྱིལ་དུ་ཁས་བླངས་པ། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་ནས་སྒོ་བཞིའི་བར་ཐམས་ཅད་ལ་ས་བོན་ལས་བསྐྱེད་ཆོག་མི་བྱེད་པ་དང་འགལ། བསྐྱེད་ཆོག་དངོས་སུ་མ་བྲིས་ཀྱང་དོན་གྱིས་འཐོབ་བོ་ཞེ་ན། ངག་འདོན་གྱི་ཚེ་ཐོག་མར་གཞལ་ཡས་ཁང་བསྐྱེད་ནས་རྗེས་སུ་ལྷ་བསྐྱེད་པར་འདོད་དམ། མཉམ་དུ་བསྐྱེད་པར་འདོད། གང་དུ་འདོད་ཀྱང་ནང་གི་འབྱུང་བ་རིམ་བརྩེགས་སོགས་ཇི་ལྟར་བསྐྱེད་པ་དང་དུས་མཉམ་དུ་ཐིམ་པའི་ཚུལ་གྱིས་བསྐྱེད་པར་ཁྱེད་ཀྱིས་ཁས་བླངས་པས། ནང་དཀྱིལ་གྱི་ལྷ་གང་དུ་བཞུགས་པའི་གནས་མེད་དོ། །གཞན་ཡང་ཁྱེད་ལྟར་ན་ནང་གི་གཞལ་ཡས་ཁང་གི་ཡན་ལག་རྣམས་ཇི་ལྟར་བསྐྱེད་པའི་རིམ་པ་བཞིན་ཕྱིའི་གཞལ་ཡས་ཁང་གི་ཡན་ལག་རྣམས་ལ་རིམ་པ་བཞིན་ཐིམ་པའི་ཚུལ་གྱིས་བསྐྱེད་པར་འདོད་པས། འོ་ན་ནི་ནང་གི་ལྷ་རེ་གཉིས་པོ་ས་བོན་ལས་བསྐྱེད་པའི་གོ་རིམ་དང་མཐུན་པར་ཕྱིའི་ལྷ་རེ་གཉིས་པོ་ལ་རིམ་བཞིན་དུ་ཐིམ་པའི་ཚུལ་གྱིས་བསྐྱེད་དགོས་པར་འགྱུར་ཏེ། སྔ་མ་དང་རིགས་པ་མཚུངས་པ་གཞིར་བྱས་ལ་བསྐྱེད་ཆོག་དེ་ལྟར་མ་བྱས་ན། ལུས་དཀྱིལ་གྱི་ལྷ་གང་དུ་བཞུགས་པའི་ལུས་ཀྱི་གཞལ་ཡས་ཁང་ལོགས་ན་ཚང་མས་མ་དམིགས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ལུས་དཀྱིལ་གྱི་སྒོམ་ཚུལ་ཧ་ཅང་ཐལ་བ་དང༌། གྲུབ་མཐའི་འཇོག་ཚུལ་ཧ་ཅང་ཐལ་བའོ། །དང་པོ་ནི་ལུས་དཀྱིལ་གྱི་ལྷ་སྒོ་མཚམས་མ་བརྒྱད་པོ་ཕྱི་དཀྱིལ་གྱི་སྒོ་མཚམས་བརྒྱད་པོར་འགོད་རིགས་པར་འགྱུར་ཏེ། ཕྱི་ནང་གི་གཞལ་ཡས་ཁང་གཉིས་པོའི་སྒོ་མཚམས་ཀྱི་གནས་གཅིག་ཏུ་ངེས་པའི་ཕྱིར། འདོད་ན། ནང་གི་སྒོ་མཚམས་མ་བརྒྱད་པོ་གང་དུ་འགོད་པའི་གནས་གཙོ་བོའི་ཕྱག་ལྷག་མ་བརྒྱད་དམ། ཐུགས་ཀའི་ཕྱི་སྐོར་གྱི་འདབ་མ་བརྒྱད་ལས་གཞན་དུ་བདེ་མཆོག་རྩ་བཤད་ཀྱི་རྒྱུད་ནས་བཤད་པ་མེད་དོ། །གཞན་ཡང་ནང་ལུས་ཀྱི་སྐུ་འཁོར་གྱི་ལྷ་བརྒྱད་དང༌། གསུང་འཁོར་གྱི་དང༌། ཐུགས་འཁོར་གྱི་དང༌། ལྷ་བརྒྱད་ཚན་གསུམ་པོ་གང་ཕྱིའི་གཞལ་ཡས་ཁང་གི་འཁོར་ལོ་བརྒྱད་ཚན་གསུམ་པོའི་རྩིབས་རྣམས་ལ་འགོད་རིགས་པར་འགྱུར་ཏེ། ནང་ལུས་ཀྱི་གཞལ་ཡས་ཁང་ལ་ཡོད་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་པོ་དེ་ཡང༌། ཕྱི་རྡུལ་ཚོན་ནམ་བདག་བསྐྱེད་ཀྱི་གཞལ་ཡས་ཁང་ལ་དབྱེར་མེད་དུ་ཐིམ་ནས་གནས་ཀྱི་གོ་ས་ཐ་མི་དད་དུ་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར། འདོད་ན་གཞུང་དུ་གཙོ་བོའི་སྤྱི་བོ་ནས་པུས་མགོའི་བར་ལ་གནས་པར་དངོས་སུ་བཤད་པ་དང་འགལ་ཞིང༌། དེ་བཞིན་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང༌། ཐོད་པ་བདུད་རྩིས་གང་བ་བཞིའི་གནས་ཚུལ་ཡང་སྔ་མ་དེ་ལྟར་ཐལ་བ་ལས། འདོད་པ་བརྒྱད་པོ་དེ་གཙོ་བོ་ཉིད་ཀྱི་ཐུགས་ཀའི་ནང་སྐོར་གྱི་འདབ་མ་བརྒྱད་ལ་གནས་པར་དངོས་སུ་བཤད་པ་དང་འགལ་ལོ། །གཞན་ཡང་གསང་བ་འདུས་པའི་ལུས་དཀྱིལ་གྱི་གཞལ་ཡས་ཁང་ས་བོན་ལས་བསྐྱེད་མི་དགོས་པར་ཕྱི་དཀྱིལ་ལ་ཐིམ་པས་ལུས་དཀྱིལ་དུ་གྲུབ་པ་དང༌། ལུས་དཀྱིལ་གྱི་ལྷ་གཙོ་བོའི་ལུས་སུ་གྱུར་པའི་ས་བོན་ལས་བསྐྱེད་པ་དེ་གཙོ་བོའི་ལུས་ཉིད་ལ་གནས་པར་འདོད་པ་ནི་ནང་འགལ་བ་ཡིན་ཏེ། དེའི་ཚེ་བརྟེན་པ་ལྷ་གང་དུ་གནས་པའི་ལུས་ནི་གཞལ་ཡས་ཁང་མ་ཡིན། གཞལ་ཡས་ཁང་དུ་གྱུར་པའི་ལུས་ལ་ནི་ལུས་ཀྱི་ལྷ་མི་གནས་པའི་ཕྱིར། དེ་བཞིན་དུ། དཀྱིལ་འཁོར་རྒྱལ་མཆོག་གིས་ཕྱུང་བའི་ལྷ་སོ་གཉིས་པོ་ལུས་དཀྱིལ་གྱི་ལྷ་ཉིད་དུ་འགྱུར་ཏེ། སོ་གཉིས་པོའི་བཞུགས་གནས་དེ་ལས་གཞན་དུ་ལུས་དཀྱིལ་མེད་ཅིང༌། སོ་གཉིས་པོ་ལུས་དཀྱིལ་ཡིན་ངོ་ཤེས་པ་དེའི་ནང་ན་བཞུགས་པའི་ཕྱིར། མདོར་ན་ཁྱེད་ཀྱིས་ནི་ནང་ལུས་ཀྱི་གཞལ་ཡས་ཁང་ཕྱིར་ཕུད། ཕྱིའི་གཞལ་ཡས་ཁང་ཡུལ་བཏོན་པ་ཡིན་ཏེ། ནང་གི་ལུས་ཕྱི་དཀྱིལ་ལ་ཐིམ་པའི་ཚེ་དེའི་རིགས་འདྲའི་རྒྱུན་ཕྱི་མ་རྣམས་ནང་དཀྱིལ་ཉིད་དུ་ན་འཕོས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཕྱོགས་སྔ་མའི་གྲུབ་མཐའ་འཇོག་ལུགས་ཧ་ཅང་ཐལ་བ། རང་གི་འཇོག་མཚམས་གོང་མ་ཀུན་དང་མི་འགལ་བར་གྲུབ་པའོ། །དང་པོ་ནི། བོད་ཕྱི་མ་དག་གིས་བདེ་མཆོག་ལུས་དཀྱིལ་གྱི་སྒྲུབ་ཚུལ་གསང་འདུས་ཀྱི་བཤད་རྒྱུད་དང་སྦྱར་བས་ཧ་ཅང་ཐལ། བཤད་རྒྱུད་དེར་ལུས་ནི་གཞལ་ཡས་ཁང་གྱུར། ཅེས་པའི་དོན་སྒྲུབ་པ་པོ་རང་གི་ལུས་སྔར་ལྷའི་དཀྱིལ་འཁོར་དུ་མ་གོ་བ་ཕྱིས་གོ་བ་ཉིད་དུ་གྱུར་པ་ལ་འཆད་རྒྱུ་ཡིན་པ་དེ་སྐྱེད་ཆོག་གིས་བསྒྱུར་བ་ལ་བཤད་པས་ཧ་ཅང་ཐལ། སྔགས་དོན་བསམས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར་ཅེས་པ་གདོད་མ་ནས་སྟོང་པར་གྲུབ་ཀྱང་སྔར་མ་གོ་བ་ཕྱིས་གོ་བ་ཉིད་དུ་གྱུར་པ་དང་འདྲ་བར། དོན་དམ་པའི་ལུས་གདོད་མ་ནས་དཀྱིལ་འཁོར་དུ་གྲུབ་པ་ཕྱིས་གོ་བར་གྱུར་པ་ལ་འཆད་རྒྱུ་ཡིན་པ་ལ། སྟོང་པ་དེ་ཡང་སྔགས་སམ་རིགས་པའི་སྟོབས་ཀྱིས་གྱུར་པ་ལ་བཤད་པས་ཧ་ཅང་ཐལ། བསྐྱེད་ཆོག་གི་སྟོབས་ཀྱིས་སྒྲུབ་དགོས་པ་ཐམས་ཅད་ལ་ཡང་དེ་དང་དེར་གྱུར་ཅེས་འབྱུང་བ་ཡང་ཡེ་ཤེས་ཀྱི་ངོར་གདོད་མ་ནས་གྲུབ་ཀྱང༌། རྣམ་ཤེས་ཀྱི་ངོར་གསར་དུ་གྱུར་ཅེས་འཆད་དགོས་རྒྱུ་ཡིན་པ་ལ་དེ་ཡང་གཞན་དུ་བཤད་པས་ཧ་ཅང་ཐལ། འོ་ན་རྒྱུ་དུས་སུ་འབྲས་བུ་ཁས་བླངས་པ་མ་ཡིན་ནམ་ཞེ་ན། ཉེས་པ་དེ་ནི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་ཡིན་གྱི། རྣམ་བྱང་གི་ཕྱོགས་ལ་ནི། ཇི་སྐད་དུ། བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པའི་དོན་གཞུང་འགྲེལ་ལས་གཞན་དུ་བཤད་པས་ཧ་ཅང་ཐལ། ཡང་དྲིལ་བུ་ཞབས་ཀྱིས་བཞེད་པའི་ལུས་དཀྱིལ་ལ་ཕྱི་དཀྱིལ་དང་སྦྱོར་རྒྱུ་མ་བྱུང་བས་ལུས་དཀྱིལ་གོ་ཆོད་པོ་མ་ཡིན་ཞེས་དོན་གྱིས་འཆད་པས་ཧ་ཅང་ཐལ། ཕྱི་དཀྱིལ་ཅིག་དང་སྦྱོར་བ་སྐད་བྱས་སྦྱོར་བ་དེའི་ཚེ་ནང་འགལ་ཞུགས་པ་དང་བཅོས་མར་སོང་བས་ཧ་ཅང་ཐལ། དྲིལ་བུ་ཞབས་ཀྱི་ལུས་དཀྱིལ་འདི་ཡང་སྤང་བྱ་རྫུས་སྐྱེས་སྦྱོང་བ་དང་གཉེན་པོ་དཀྲོངས་བསྐྱེད་དང་སྐད་ཅིག་དྲན་རྫོགས་ཡིན་པ་ལ། བརྟེན་པ་ལྷ་ས་བོན་ལས་བསྐྱེད། རྟེན་གཞལ་ཡས་ཁང་བཅོས་མ་ཉིད་དུ་བཤད་པས་ཧ་ཅང་ཐལ། རྣལ་འབྱོར་གསང་མཐའི་རྩ་རྒྱུད་བཤད་རྒྱུད་ལྔ་དང་བཅས་པའི་ཉམས་ལེན་གྱི་སྙིང་པོ་ལཱུ་ནག་དྲིལ་གསུམ་དུ་གྲགས་པ་འདི་མངོན་རྟོགས་སྒྲུབ་ཚུལ་དང༌། གང་གི་ཆེད་དུ་བྱ་བའི་གདུལ་བྱ་དང༌། སྦྱངས་གཞི་གང་གི་དྲི་མ་གང་སྦྱོང་བ་རྣམས་སོ་སོ་ཐ་དད་པར་ངེས་པ་ལ། ཕལ་ཆེར་དེ་དག་ཀུན་མངལ་སྐྱེས་སྦྱོང་ཚུལ་ལ་ཁྱད་མེད་དུ་བཤད་པས་ཧ་ཅང་ཐལ། གསང་བ་འདུས་པའི་ལུས་དཀྱིལ་ལ་དབང་ཆོག་ལོགས་སུ་མེད་པ་རྒྱུ་མཚན་དུ་བྱས་ནས། དྲིལ་བུ་པའི་དབང་གི་བྱ་བའི་གཞུང་ལ་དེ་ཙམ་དུ་མི་རྩི་ཞིང༌། དེ་ནས་བཤད་པའི་དབང་བསྐུར་དེས་རྒྱུད་སྣོད་རུང་དུ་བྱེད་པ་ཙམ་ཡིན་གྱི། ལུས་དཀྱིལ་གྱི་སྨིན་བྱེད་མ་ཡིན་ཞེས་པ་ཧ་ཅང་ཐལ། དགྱེས་རྡོར་ལུས་དཀྱིལ་ལ་ཁུངས་མེད་ཅིང༌། ཡོད་དུ་ཆུག་ཀྱང་དབང་ཆོག་ལོགས་སུ་མེད་པར་འདོད་པས་ཧ་ཅང་ཐལ། འདིའི་ལུས་དཀྱིལ་ལ་ཁུངས་ཡོད་ན་ཕྱི་ནང་གི་ལྷ་གྲངས་མང་ཉུང་མ་མཐུན་པ་དང༌། ལྷ་ཐུན་མོང་བ་གཅིག་ཀྱང་མེད་པས་དགྱེས་རྡོར་མན་ངག་ལུགས་ཀྱི་ལུས་དཀྱིལ་འཆད་པ་དེ་རྟོག་བཏགས་འབའ་ཞིག་ཡིན་ཟེར་བ་ཧ་ཅང་ཐལ། ཡང་སྔགས་རིམ་དུ་གསང་སྔགས་ཀྱི་རྫོགས་རིམས་མང་པོ་དག་ལ་བརྟག་དཔྱད་མང་དུ་བྱས་ནས། ལམ་འབྲས་བུ་དང་བཅས་པའི་མན་ངག་ལ་ནི་ཡིད་ཆེས་ཀྱི་གནས་ཁོ་ནར་ངེས་པ་ལས་གཞན་བརྟག་དཔྱད་ཅི་ཡང་བྱེད་རྒྱུ་མེད་དོ། །ཞེས་བྲིས་པ་ཞལ་མ་མཐུན་པས་ཧ་ཅང་ཐལ། གཉིས་པ་ནི། རང་ལུགས་ཀྱི་འཇོག་མཚམས་གོང་དུ་གཞན་ལ་ཧ་ཅང་ཐལ་བ་འཕངས་པ་ཉིད་ཀྱི་ལོག་ཕྱོགས་ལས་གྲུབ་མོད། ཅུང་ཟད་རྒྱས་པར་བཤད་ན། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནི་བདེ་མཆོག་གི་བཤད་རྒྱུད་འཆད་པ་པོ་སྔོན་མ་བྱོན་པ་ལས། ཁྱེད་ཀྱིས་བདེ་མཆོག་གི་བཤད་རྒྱུད་དུ་ཁས་ལེན་དགོས་ཞེས་གསལ་བར་སྨྲས་པས་ན། དེའི་ཆོས་སྐད་གསང་འདུས་དང་མི་མཐུན་པ་དག་ཀྱང་ངེས་པར་མཐུན་པ་ཉིད་དུ་ཁས་ལེན་དགོས་པ་ལས། ཐ་ན་གཞལ་ཡས་ཁང་གི་དབྱིབས་དང་བཀོད་པ་ཙམ་ལ་ཡང་གཉིས་པོ་དེ་མཐུན་པ་མེད་དོ། །གྱུར་ཅེས་པའི་དོན་ཡང་སྔར་མ་ཡིན་པ་ཞིག་ཕྱིས་ཡིན་པར་སོང་བ་ལ་བྱེད་དགོས་པ་མིན་ཏེ། སྔགས་ཀྱི་སྒྲུབ་ཐབས་སུ་ཚིག་རིགས་ལ་གྱུར་ཅེས་པ་ཕལ་ཆེར་ནི་བསྐྱེད་ཆོག་ལ་རྟེན་ནས་སྒྲུབ་དགོས་པ་ལྟ་བུར་སྣང་བ་རྣམས་ཡེ་གདོད་མ་ནས་དེ་དང་དེར་གནས་ཀྱང༌། སྒྲུབ་ཚུལ་ལ་མ་བརྟེན་གོང་དུ་དེ་དང་དེར་མ་ཤེས་པ་རྣམས་ཕྱིས་ཐབས་ཀྱིས་ངོ་འཕྲོད་པ་ལ་དེར་འཆད་དགོས་པའི་ཕྱིར། དཔེར་ན་སྒྲུབ་ཐབས་ཀྱི་ཐོག་མར་གནས་ཁང་དང་ཡོ་བྱད་བྱིན་གྱིས་བརླབས་པ་བཞིན་ནོ། །དེའི་ཚེ་ཡང་ལས་ཉོན་གྱི་འབྲས་བུར་གྱུར་པའི་གནས་ཁང་དང༌། མཆོད་རྫས་རྣམས་ཉེར་ལེན་གྱི་རྒྱུར་བྱས་ནས་གཞལ་ཡས་ཁང་དང་ཟག་མེད་ཀྱི་མཆོད་རྫས་སུ་བསྒྱུར་བ་མ་ཡིན། ཡང་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་གྱུར། ཅེས་བྲིས་པ་དེའི་ཚེ་ཡང༌། མ་དག་པའི་སྣོད་བཅུད་ཉེར་ལེན་གྱི་རྒྱུར་བྱས་ནས་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར་བ་དང་གྱུར་པ་མ་ཡིན་གྱི། ཤེས་བྱ་ཐམས་ཅད་ཀྱི་གནས་ཚུལ་གདོད་མ་ནས་ཆོས་དབྱིངས་ལས་གཞན་དུ་མི་གནས་པ་ལ། ཕྱིས་རྣམ་ཤེས་ཀྱི་ངོར་གློ་བུར་དྲི་མ་སྣ་ཚོགས་སུ་ཤར་བ་དེ་སྔགས་ཀྱི་རྣལ་འབྱོར་པས་ཐོག་མར་མི་དམིགས་པ་ཉིད་དུ་བྱས་ནས། གདོད་མའི་ཆོས་དབྱིངས་ལྷ་དང་གཞལ་ཡས་ཁང་དུ་ཡེ་ཤེས་ཉིད་དམ་རྣམ་ཤེས་ཀྱི་ངོར་གསལ་ཐེབས་པ་དང་ངོ་འཕྲོད་པ་དེ་ལ་གྱུར་པ་ཞེས་མིང་གིས་འདོགས་པ་ཡིན། དེ་ལྟར་འཆད་པ་འདི་ནི་གྲངས་ཅན་པ་རྒྱུ་དུས་སུ་འབྲས་བུ་གྲུབ་ཟིན་པ་དང་འདྲ་བ་མ་ཡིན་ཏེ། འདི་ནི་གཞི་དུས་སུ་དོན་དམ་པའི་ལུས་བྱང་ཕྱོགས་ཀྱི་ངོ་བོ་ཉིད་དུ་གྲུབ་ཟིན་པ་དེ། དེ་ལྟར་གྲུབ་ཟིན་པ་ཉིད་དུ་ངོ་སྤྲོད་པ་ཡིན་གྱི། རྫ་མཁན་གྱིས་མངོན་གསལ་གྱི་བུམ་པ་གསར་དུ་བཟོས་པ་དང་འདྲ་བར་མི་འཆད་པས་སོ། །ཡང་དག་པར་ན་གཞི་འབྲས་དུས་ཀྱི་ལུས་དཀྱིལ་ལ་རྒྱུ་འབྲས་ཀྱི་དབྱེ་བ་ཡོད་པར་མི་འཆད་དེ། སངས་རྒྱས་ཀྱི་གཟིགས་ངོར་ནི་དེ་དག་ལ་ཡོན་ཏན་གྱི་དབྱེ་བ་མི་འཆད། རྣམ་ཤེས་ཀྱི་ངོར་ནི་ཁྱད་པར་གྱི་གཞི་དེ་མི་དམིགས་པའི་ཕྱིར་རོ། །གལ་ཏེ་མངོན་རྟོགས་ཉམས་ལེན་གྱི་དུས་སུ་ཀུན་རྫོབ་ཀྱི་ལུས་ཐད་སོར་མི་འཇོག་ན། ཇི་སྐད་དུ། འགྲོ་བ་འདི་དག་རང་བཞིན་གྱིས། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་ཀུན་རྫོབ་པའི་ལུས་ཉིད་དཀྱིལ་འཁོར་དུ་གྲུབ་ཟིན་པར་བཤད་པ་དང་འགལ་ཞིང༌། རྣལ་འབྱོར་པའི་ལུས་ལ་བདེན་པ་གཉིས་སུ་དབྱེ་བའི་གཞུང་གང་ནས་ཚོལ་བར་བྱེད་ཅེས་ཟེར་ན། དབང་གི་བྱ་བའི་གཞུང་ཉིད་ནས་རྙེད་པ་ཡིན་ཏེ། དེ་ཉིད་ལས་རིག་པའི་དབང་ལྔ་བསྐུར་བའི་དུས་སུ་མ་དག་པའི་ཕུང་པོ་ལྔ་མི་དམིགས་པར་བྱས་ནས། དག་པ་ཡེ་ཤེས་ལས་གྲུབ་པའི་རིགས་ལྔ་དང༌། གཅིག་ཏུ་བསྡུས་པ་རྡོ་རྗེ་སེམས་དཔའ་རྣམས་ལ་དབང་བསྐུར་ནས་ཆོས་དབྱིངས་ཡེ་ཤེས་སུ་ངོ་འཕྲོད་པ་དེའི་ལུས་རྟེན་དང་བརྟེན་པར་བཅས་པ་འཁོར་ལོ་སྡོམ་པར་ཉམས་སུ་བླང་བྱའི་དཀྱིལ་འཁོར་དུ་བཤད་པའི་ཕྱིར། འོ་ན་གཞན་གྱིས་འདོད་པའི་ལུས་གཞལ་ཡས་ཁང་དུ་བསྒྱུར་བ་དང་ཁྱད་པར་དབྱེ་མི་ནུས་ཤིང༌། ལུས་ཀྱི་དཀྱིལ་འཁོར་ས་བོན་དང་ཕྱག་མཚན་ལས་བསྐྱེད་དགོས་པར་སོང་བ་མ་ཡིན་ནམ། ཞེ་ན། གཞན་དང་ཁྱད་པར་འབྱེད་མི་ནུས་པ་མ་ཡིན་ཏེ། གཞན་གྱིས་ནི་མ་དག་པའི་ཉིད་གཞལ་ཡས་ཁང་གི་དབྱིབས་སུ་བསྒྱུར་བར་འདོད་ལ། འདིར་ནི་ལུས་མི་དམིགས་པར་བྱེད་པས་སོ། །དབང་གི་ཚེ་ཆོ་ག་གསུམ་བསྐྱེད་དུ་བཤད་པ་དེ་ནི་ཁྱེད་ཀྱི་ལྟར། ཀུན་རྫོབ་པའི་ལུས་ལྷ་དང་གཞལ་ཡས་ཁང་དུ་བསྐྱེད་པའི་ཆོ་ག་མ་ཡིན་ཏེ། སྟོང་པའི་ངང་ལས་ཞེས་སློབ་མ་དང་དབང་རྫས་རྣམ་ཤེས་ཀྱི་ངོར་ལྷར་གསལ་འདེབས་པའི་ཆོ་ག་ཡིན་པས་སོ། །ཡང་གསང་བ་འདུས་པའི་ལུས་དཀྱིལ་ལ་དབང་བསྐུར་ལོགས་སུ་མ་བཤད་པའི་རྒྱུ་མཚན་གྱིས། བདེ་དགྱེས་ཀྱི་ལུས་དཀྱིལ་ལ་དབང་བསྐུར་མེད་མི་རུང་མ་ཡིན་པའི་ཤེས་བྱེད་དུ་འགྲོ་བ་མ་ཡིན་ཏེ། རྒྱུད་སྡེ་སོ་སོའི་སྲོལ་འབྱེད་ཐ་དད་པས་ན་མ་ངེས་པ་དང༌། གསང་འདུས་སུ་ཕྱི་དཀྱིལ་དང་ནང་དཀྱིལ་གྱི་དབང་བསྐུར་ཚུལ་བསྲེས་ནས་མཛད་པར་དཀྱིལ་ཆོག་ཉི་ཤུ་པར་བཤད་པས་གཏན་ཚིགས་མ་གྲུབ་པའོ། །ཡང༌། གཞན་དག་དགྱེས་པ་རྡོ་རྗེར་ལུས་དཀྱིལ་གྱི་ཁུངས་མེད་མོད། ཇི་ཙམ་ཞིག་ཡོད་པར་འདོད་པ་དེ་ལ་ཡང་དབང་ཆོག་ལོགས་པའི་ཁུངས་མེད་དོ་ཟེར་བ་ནི་བྱུང་རྒྱལ་དུ་སྨྲས་པ་ཡིན་ཏེ། དབང་གི་ཆོ་གས་སྒྲུབ་པར་མི་བྱེད་པའི་དཀྱིལ་འཁོར་ནི་རྒྱུད་སྡེ་གང་དུ་སྒྲུབ་པ་པོ་སུ་ལ་ཡང་དོན་བྱེད་པར་མི་ནུས་པའི་ཕྱིར། དེ་ལ་ཕྱི་དཀྱིལ་དུ་དབང་བསྐུར་བ་ཉིད་ཀྱིས་ཆོག་གོ །ཞེ་ན། དེ་སྐད་ཅེས་ཟེར་བ་འདི་ནི་ཕྱོགས་གཞན་པ་དག་ཁོ་ནར་མ་ཟད། བིརྺ་པའི་གཞུང་གི་རྗེས་སུ་འཇུག་པ་དག་ཀྱང་ནང་གི་བསྐྱེད་རིམ་སྒོམ་པ་ལ་ཡང་ལུས་དཀྱིལ་དུ་དབང་བསྐུར་བ་ཅིས་ཀྱང་དགོས་པ་མེད་དོ། །ཞེས་ཟེར་བ་དེ་ནི་སྤྱིར་མི་འཐད་པ་དང་བྱེ་བྲག་ཏུ་མི་འཐད་པའོ། །དང་པོ་ནི། དྲིལ་བུ་ཞབས་ཀྱིས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །ཞེས་དབང་བསྐུར་གྱི་མེད་ན་མི་འབྱུང་བའི་རྒྱུ་ནི་དཀྱིལ་འཁོར་ཡིན་པ་དང༌། བཅོས་མ་གཉིས་སུ་དབང་བསྐུར་བ་ནི། ལུས་ཀྱི་དཀྱིལ་འཁོར་དང་ཕན་ཚུལ་འབྲེལ་མེད་དུ་བཤད་པའི་ཕྱིར། གཉིས་པ་ནི། རྣལ་འབྱོར་དབང་ཕྱུག་གི་མན་ངག་སྙན་དུ་བརྒྱུད་པ་ལས། ལུས་དཀྱིལ་དུ་དབང་བསྐུར་བའི་གསུང་རབ་དག་སྣང་བ་དེ། ནང་གིས་བསྐྱེད་རིམ་པའི་སྨིན་བྱེད་དུ་ངེས་པར་མི་དགོས་ན། གཞན་སྐབས་གང་དུ་དགོས་པ་ཡིན་ཞེས་འདྲི། བླ་མ་ལ་ཁྲིད་ཀྱི་རིམ་པ་ཉན་ཟན་ནས་སྒྲུབ་པ་ལ་ཞུགས་པའི་དུས་སུ་དབང་གི་ཆུ་བོ་མི་ནུབ་པར་བྱ་བའི་ཕྱིར་བླ་མ་ཞལ་བཞུགས་ན་དངོས་སུ་དང༌། མི་བཞུགས་ན་ཡང་བདག་འཇུག་གི་ཚུལ་དུ་མནོས་ནས་ཉམས་སུ་ལེན་པ་ཡིན་ནོ། །ཞེས་འཆད་པ་དེས་ནི་སྐབས་འདིར་ཉམས་སུ་བླང་བའི་ལུས་དཀྱིལ་གྲུབ་པ་ཉིད་ཀྱི་ཆོག་ལ། ཡང་གསུང་ངག་པ་གཞན་ཁ་ཅིག བསྐྱེད་རིམ་གྱི་དུས་སུ་ནང་བསྐྱེད་རིམ་ལོགས་སུ་སྒོམས་མི་དགོས་ཤིང༌། ལམ་དུས་སུ་དབང་གི་ཆུ་བོ་མི་ནུབ་པར་བྱ་བ་ཡང་རྒྱུའི་དབང་ཉིད་ལམ་དུ་མཛད་པའི་བླ་མ་ལས་མནོས་ནས་ཉམས་སུ་ལེན་པ་ཡིན་ནོ། །ཞེས་འཆད་པ་དག་སྣང་བ་དེ་ནི་ལམ་འབྲས་ཀྱི་ཡན་ལག་ཏུ་ལུས་དཀྱིལ་ངེས་པར་མི་དགོས་པའི་བཤད་པ་སྟེ། འདི་ལ་བརྒལ་ཞིང་བརྟག་པ་ངེས་པར་དགོས་ན་ནི་ལོགས་ཤིག་ཏུ་བཙལ་བར་བྱའོ། །ཞེས་ཞར་བྱུང་དུ་སྨྲས་ནས་དཀྱུས་མ་ལ་འཇུག་པ་ནི། སྤྱིར་དགྱེས་པ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་ལས་ལུས་ཀྱི་དཀྱིལ་འཁོར་ཇི་ལྟར་ཐོན་པ། བྱེ་བྲག་མན་ངག་ལུགས་ཀྱི་སྙན་བརྒྱུད་ལ་རྩོད་པ་སྤང་བའོ། །དང་པོ་ལ་རྟེན་ལུས་དཀྱིལ་ཇི་ལྟར་ཐོན་པ་དང༌། བརྟེན་པ་ལུས་དཀྱིལ་ཇི་ལྟར་ཐོན་པའོ། །དང་པོ་ནི། ཐུན་མོང་གི་བཤད་རྒྱུད་དཔལ་ཁ་སྦྱོར་ལས། རྐང་མཐིལ་རླུང་གི་དཀྱིལ་འཁོར་ནས་རྡོ་རྗེའི་རྭ་གུར་གྱི་བར་ཞལ་འདོན་དུ་མཛད་པ་རྣམས་ཕལ་ཆེར་ཐོན་ལ། བོད་ཕྱི་མ་ན་རེ། ཁྱེད་ཅག་གིས་འདོན་པ་དེ་དག་གི་ནང་ནས་སྤྱི་བོ་སྣ་ཚོགས་རྡོ་རྗེ་ནས་སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བའི་བར་དག་དང༌། མིག་པཉྩ་རེ་ཁ་ནས་ལྕེ་མཆུ་འདོད་ཡོན་གྱི་སྣམ་བུ་ཞེས་པའི་བར་རྣམས་ལ་ནི། སྤྱིར་རྒྱུད་རྒྱ་གཞུང་དང་ཁྱད་པར་བདེ་དགྱེས་ཀྱི་སྐོར་གང་ནས་ཀྱང་བཤད་པ་མེད་ལ། རྒྱུད་གཞུང་དང་མ་མཐུན་ན་མན་ངག་དང་སྙན་བརྒྱུད་དུ་མིང་བཏགས་པ་རྣམས་ལ་འདོར་བའི་དཔུས་འབབ་པ་ཡིན་ཞེས་འཆད་དོ། །ལན་ལ་གཉིས་ཏེ། ལུས་དཀྱིལ་གྱི་བསྲུང་འཁོར་བདེ་མཆོག་གི་རྒྱུད་ནས་ཐོན་པ་དང༌། རྒྱན་གྱི་ཁྱད་པར་དྲིལ་བུ་ཞབས་ཀྱི་གཞུང་ལས་ཐོན་པའོ། །དང་པོ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། སྡོམ་པ་བསྒྲགས་པ་ཞེས་བྱ་བའི་བསྟན་བཅོས། ནག་པོ་སྤྱོད་པའི་གཞུང་གི་རྗེས་སུ་འབྲང་བ་ཞིག་གི་ནང་དུ་རྒྱུད་ཀྱི་ལུང་དྲངས་པ་ལས། གོ་རིམ་བཞིན་དུ་ལུས་སྐྱེས་གནས། རྡོ་རྗེ་ཕུར་བུ་ལྷན་ཅིག་སྐྱེས། །བཅིང་པ་ཐིག་སྐུད་རབ་ཏུ་ལྡན། །རབ་ཏུ་མཚམས་མེད་བརྟན་པ་དང༌། །གུར་ནི་རུས་པའི་ཕྲེང་བ་ཉིད། །ཅེས་དྲངས་པ་དེ་ཙམ་གྱིས་ཐུན་མོང་གི་བསྲུང་འཁོར་ཐོན་ཅིང༌། སྣ་རིན་ཆེན་ཕ་གུ་སོགས་རྒྱན་གྱི་ཁྱད་པར་རྣམས་ནི། བདེ་མཆོག་གི་ཆོས་སྐོར་ནས་བཤད་པ་མ་མཐོང་ངོ་ཞེས་པ་ལ་བསྲུང་འཁོར་ཐོན་པར་འཆད་པ་བུ་སྟོན་རིན་པོ་ཆེའི་ཉིད་ལེགས་སོ། །རིགས་པ་ཡང་བོད་ཕྱི་མ་བརྟེན་པའི་ལུས་ཕྱི་དཀྱིལ་ལ་ཐིམ་ནས་ཕྱི་དཀྱིལ་དབྱིབས་ཅན་དེའི་རིགས་འདྲ་ཕྱི་མ་རྣམས་རྟེན་ལུས་དཀྱིལ་དུ་ཁས་བླངས་པས། དེའི་ཚེ་ན་གཞལ་ཡས་ཁང་དེ་ལ་རྟེན་སྣ་ཚོགས་རྡོ་རྗེ་ནས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་བར་ཡོད་དམ་མེད། མེད་ན་ཕྱི་དཀྱིལ་ལ་ཡང་ཐུན་མོང་གི་བསྲུང་འཁོར་མེད་པ་ཉིད་དུ་ཧ་ཅང་ཐལ་བ་དང༌། ཡོད་ན་ནི་ནང་ལུས་དང་བསྲེས་པའི་ཕྱི་དཀྱིལ་གྱི་རིགས་འདྲ་ཕྱི་མ་རྣམས་སྣ་ཚོགས་རྡོ་རྗེ་ལ་སོགས་པའི་ཐུན་མོང་གི་བསྲུང་འཁོར་ཉིད་དང་བཅས་པར་འགྱུར་རོ། །འགྱུར་མོད་དེ་ལུས་ཀྱི་ཉེར་ལེན་ལས་བྱུང་བ་མ་ཡིན་ནོ། །ཞེ་ན། རིགས་འདྲའི་རྒྱུན་ཕྱི་མར་ཁས་བླངས་པ་དེ་ཡང་དེ་ལས་བྱུང་བ་མ་ཡིན་ནོ། །གཉིས་པ་ནི། བརྟེན་པ་ལུས་དཀྱིལ་ལ་མིག་སོགས་དབང་པོ་ལྔ་དང༌། སོ་དང་བཅས་པ་རྒྱན་དུ་སྦྱར་བ་དེ་ནི་དྲིལ་བུ་ཞབས་ཀྱི་གཞུང་ཉིད་ལས་ཐོན་པ་ཡིན་ཏེ། རྒྱན་རྣམས་རབ་མཛེས་ཧེ་རུ་ཀའི། །ལུས་ནི་གཞལ་ཡས་ཁང་དུ་འདོད། །ཅེས་གསུངས་པས་སོ། །དེ་མིག་སོགས་ལ་ངོས་འཛིན་པ་མ་ཡིན་ནོ། །ཞེ་ན། གཞན་གང་ལ་ངོས་འཛིན་དྲིས་པས། རྟོག་བཏགས་སུ་འདོད་པའི་ཉེས་པ་ཁྱེད་ལ་སོ་ན་འདུག་གོ །གཉིས་པ་ལ། རྟེན་ལུས་དཀྱིལ་ནི་ཐུན་མོང་གི་བཤད་རྒྱུད་སམྦུ་ཊ་ལས། རྐང་མཐིལ་རླུང་སོགས་ནས་བོད་སྔ་ཕྱི་དག་ལ་ཐུན་མོང་དུ་གྲགས་པ་དེ་ཙམ་གྱིས་ཆོག་ལ། བརྟེན་པ་ལུས་དཀྱིལ་ནི་སྒྲུབ་པ་པོ་དབང་རྣོན་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་ལ་ཐོག་མར་སྨིན་བྱེད་ཀྱི་དབང་ལུས་ཀྱི་དཀྱིལ་འཁོར་ཉིད་དུ་བསྐུར་བས་ཆོག་པ་གཅིག་ཡོད་པ་དེས། དེར་དབང་བསྐུར་བ་མནོས་ཟིན་པའི་འོག་ཏུ་ཉམས་སུ་ལེན་པ་ལ་འཇུག་པ་ན། སྒྲུབ་པ་པོ་རང་ཉིད་སྐད་ཅིག་དྲན་རྫོགས་ཀྱིས་སྙིང་པོ་ཀྱེ་རྡོ་རྗེ་ཉིད་དུ་གསལ་བཏབ་པའི་སྐུ་ལ་ནང་གི་དཀྱིལ་འཁོར་རྟེན་བརྟེན་པ་གཉིས་སུ་མེད་པ་དུས་གཅིག་ལ་གསལ་ཐེབས་པ་དེའི་ཚེ། རྟེན་ནི་བཤད་རྒྱུད་ཉིད་ཀྱིས་གསལ་བར་ཐོན་པ་དེ་ཉིད་ཀྱིས་མི་ཆོག་པ་མེད་ལ། བརྟེན་པ་ཇི་ལྟར་འགོད་པ་ལ་གཉིས་ཏེ། ཡབ་ཀྱི་དང་ཡུམ་གྱི་ལུས་དཀྱིལ་ཇི་ལྟར་འགོད་པའོ། །དང་པོ་ནི། དཀྱིལ་འཁོར་གྱི་གཙོ་བོ་ཉིད་ཀྱི་ཐུགས་ཀའི་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཡབ་ཡུམ་གཉིས་སུ་མེད་པའི་ངོ་བོར་གསལ་བ་དང༌། འདབ་མ་བརྒྱད་ཀྱི་རྩ་གོ་རི་ལ་སོགས་པའི་ལྷ་མོ་བརྒྱད་གསལ་གདབ་སྟེ། བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་ཉམས་སུ་ལེན་པའོ། །གཉིས་པ་ནི་དེ་ལྟ་བུའི་སྒྲུབ་པ་པོ་རང་ཉིད་རྗེ་བཙུན་རྡོ་རྗེ་བདག་མེད་མར་གསལ་བཏབ་པའི་ཐུགས་ཀར་ལྟེ་བའི་རྩ་ལ་གཙོ་མོ་ཉིད་དང་འདབ་མ་དག་ལ་ཕ་མ་གཉིས་ཀྱི་ཚུལ་ལམ། ལུས་ཀྱི་གནས་གཞན་དང་གཞན་ཇི་ལྟར་རིགས་པ་དེ་དང་དེར་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་ཉི་ཤུ་རྩ་བརྒྱད་པོ་དག་འཁོར་གྱི་ལྷ་མོ་བཅུ་བཞི་པོ་དག་ཏུ་གསལ་བཏབ་ནས་བསྙེན་སྒྲུབ་ཡན་ལག་བཞི་པོ་ཚང་བར་ཉམས་སུ་ལེན་པའོ། །རྗེ་བཙུན་ཡབ་དང་ཡུམ་གྱི་ལུས་དཀྱིལ་གྱི་མངོན་པར་རྟོགས་པ་ཇི་སྐད་དུ་སྦྱར་བ་འདི་ནི་རྩ་བའི་རྒྱུད་ཉིད་ན་གསལ་བར་བཞུགས་པ་ཡིན་ཏེ། བརྟག་པ་དང་པོར། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་སོ་གཉིས་པོའི་མིང་དང་དབྱེ་བ་རྒྱས་པར་བཤད་ནས། དེ་ཐམས་ཅད་སྒྲུབ་པ་པོའི་ལུས་ཀྱི་ཆ་ཤས་ཉིད་དུ་མི་འཆད་པ་སུ་ཡང་མེད་ལ། བརྟག་པ་ཕྱི་མར་དེ་ལྟ་བུའི་རྩ་ཁམས་དང་བཅས་པ་གཉིས་གཉིས་སྡོམས་པ་ལ། འཁོར་གྱི་ལྷ་མོ་རེ་རེ་འཇོག་པས་རྩ་ཉི་ཤུ་རྩ་བརྒྱད་དང༌། རྩ་ཁམས་བཅས་ལྷ་མོ་བཞི་པོ་གཙོ་བོའི་གནས་སུ་འཇོག་པས་ནི་ཇི་སྐད་བཤད་པའི་རྩ་དང་ཁམས་ཀྱི་ངོ་བོ་ཉིད་དུ་གནས་པའི་ལྷ་དགུ་དང་བཅོ་ལྔ་པོ་རྣམས་ནི། སྒྲུབ་པ་པོའི་ལུས་དཀྱིལ་གྱི་ལྷ་ཉིད་ལས་གཞན་དུ་བཞག་པར་མི་ནུས་ཏེ། དེ་དག་ནི་བརྟེན་པ་སྒྲུབ་པ་པོའི་ལུས་རྩ་ཁམས་སྐྱོན་མེད་ཀྱི་ངོ་བོ་ཉིད་དུ་གནས་ནས། རྟེན་ཡང་སྒྲུབ་པ་པོའི་ལུས་ཉིད་ལས་གཞན་གང་དུ་ཡང་མི་བརྟེན་པའི་ཕྱིར། ཞེས་པ་ནི་དོན་གྱི་གནས་ཚུལ་དེ་ལྟ་བུ་ལ་དགྱེས་པ་རྡོ་རྗེ་ཡབ་དང་ཡུམ་དུ་བྱས་པའི་ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་ཐ་སྙད་འདོགས་རིགས་པ་ཡིན་ཏེ། དཔེར་ན། དངོས་པོ་ཞེས་བྱ་བའི་ཐ་སྙད་འདོགས་པ་ནི་དོན་བྱེད་ནུས་པ་ཉིད་དུ་གྲུབ་པ་ཙམ་གྱིས་ཆོག་པ་བཞིན་ནོ། །དེ་ལྟར་རྒྱུད་ཀྱི་དངོས་བསྟན་ལུས་དཀྱིལ་གྱི་ཤེས་བྱེད་དུ་འགྲོ་བའི་རིགས་པ་བསྟན་ནས་ལུང་གི་སྒྲུབ་བྱེད་ཀྱང་བདེ་མཆོག་ལས་གྲུབ་པ་ཡིན་ཏེ། དགྱེས་རྡོར་དུ་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སོ་གཉིས་དང་སྦས་པར་འཆད་དགོས་པའི་རྩ་ལྔ་དང་བཅས་པ་ལ། བདེ་མཆོག་ཏུ། དཔའ་བོ་དང་ཟུང་དུ་འཇུག་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི། ཡབ་སྦས་པའི་ཚུལ་དུ་འཛིན་པའི་བདེ་ཆེན་འཁོར་ལོའི་ལྷ་མོ་བཞི། སྒོ་མཚམས་མ་བརྒྱད་དང་བཅས་པའི་ལྷ་མོ་རྣམས་ཀྱི་ངོ་བོ་ཉིད་དང༌། བྱང་ཕྱོགས་སོ་བདུན་གྱི་ངོ་བོ་ཉིད་དུ་གནས་པ་དེ་ལ་དྲིལ་བུ་ལུས་དཀྱིལ་ཞེས་བྱ་བའི་རྣམ་གཞག་ནི་རྒྱ་བོད་དུ་སྔར་བྱོན་པའི་མཁས་གྲུབ་གོང་མ་རྣམས་ཀྱིས་མཛད་པས་སོ། །འོ་ན་དགྱེས་པ་རྡོ་རྗེ་ལུས་དཀྱིལ་དུ་བཤད་མ་ཐག་པ་དེ་ལ་ཉམས་ལེན་བྱེད་པའི་སྨིན་བྱེད་ཀྱི་དབང་ཇི་ལྟ་བུ་མན་ངག་ལུགས་ལས་འབྱུང་བ་དེ་ཉིད་དམ་ཞེ་ན། དེ་ཁོ་ནར་ངེས་པ་མ་ཡིན་གྱི་དྲིལ་བུ་པའི་དབང་གི་བྱ་བའི་གཞུང་ལས་ཇི་ལྟར་བྱུང་བ་དེ་ལ། ཅུང་ཟད་ཁ་སྐོང་བའི་རིམ་པ་སློབ་དཔོན་རིན་པོ་ཆེས་མཛད་པ་དེ་ཉིད་ཀྱི་སྟེང་ནས་སོ། །ཞར་ལས་བྱུང་བ་ནི། ལུས་དཀྱིལ་དང་དེའི་སྨིན་བྱེད་ཀྱི་དབང་ལ་ཕྲ་རགས་ཀྱི་རིམ་པ་གཉིས་དབྱེ་དགོས་ཏེ། ལུས་དཀྱིལ་གྱི་མངོན་པར་རྟོགས་པ་རགས་པའི་སྨིན་བྱེད་དུ་ནི་ལུས་དཀྱིལ་ཉིད་ཀྱི་དབང་དུ་བྱས་པའི་བུམ་དབང་ཙམ་གྱིས་ཆོག་ལ། དགྱེས་རྡོར་མན་ངག་ལུགས་ཀྱི་ལུས་དཀྱིལ་ལྟ་བུ་ཤིན་ཏུ་ཕྲ་བ་དག་གི་སྨིན་བྱེད་དུ་ནི་ལུས་དཀྱིལ་ཉིད་ཀྱི་དབང་དུ་བྱས་པའི་དབང་གོང་མ་དག་སྨིན་བྱེད་དུ་འགྲོ་དགོས་ཏེ། ལུས་དཀྱིལ་གྱི་རྣམ་གཞག་ཞིབ་ཤོས་དེ་ནི་ཕལ་ཆེར་རྫོགས་པའི་རིམ་པ་ཉིད་དུ་ངེས་པའི་ཕྱིར། གསུང་ངག་རིན་པོ་ཆེའི་སྐབས་ཀྱི་རྣམ་གྲངས་སུ་ན་རྒྱུ་དུས་ཀྱི་སྨིན་བྱེད་བཅོས་མའི་དཀྱིལ་འཁོར་དང༌། བསྐྱེད་བའི་རིམ་པའང་ཕྱི་བསྐྱེད་རིམས་ཁོ་ནས་ཆོག་པ་དང༌། རྒྱས་པར་ན་ཕྱི་ནང་གཉིས་ཀ་སྒོམ་པ་དང་དབང་གི་ཆུ་བོ་མི་ནུབ་པ་ཡང་ཕྱི་དཀྱིལ་གྱི་རྒྱུ་དབང་ཉིད་ལམ་དུ་བྱེད་པ་དང༌། ལུས་དཀྱིལ་གྱི་དབང་རྒྱས་བསྡུས་གང་རུང་ལམ་དུ་བྱེད་དགོས་པའི་བཤད་སྲོལ་སོ་སོ་བ་དག་སྣང་ལ། དྲིལ་བུ་པའི་ལམ་གྱི་རིགས་འགྲེ་ལྟར་ན། རྒྱུ་དུས་ཀྱི་སྨིན་བྱེད་ཀྱང་ལུས་དཀྱིལ་དུ་དབང་བསྐུར་བ་ཙམ་གྱིས་ཆོག་པ་དང༌། བསྐྱེད་རིམ་ཀྱང་ནང་གི་རིམ་པ་ཙམ་གྱིས་མི་ཆོག་པ་མེད་པ་དང༌། དབང་གི་ཆུ་བོ་ཡང་དེ་བཞིན་ནོ། །ཞེས་པའི་བཤད་སྲོལ་དག་ཀྱང་འབྱུང་བ་དེ་ནི་ཚེ་འདི་ཉིད་ལ་གསང་སྔགས་བླ་མེད་ཀྱི་སྦྱངས་པ་མང་པོ་སྔོན་དུ་སོང་བ་དག་ལ་རུང་བ་ལྟ་སྟེ། གཞུང་ཇི་ལྟ་བ་བཞིན་གྱི་འཁྲིད་ཚུལ་དངོས་སུ་བྱོན་པ་དེ་ནི་གསུང་ངག་ཉིད་ཀྱི་གདུལ་བྱ་ལས་དང་པོ་པ་དབང་པོ་རྟུལ་པོ་དག་ཀྱང་འཁྲིད་པའི་ཚུལ་དང་ཐུན་མོང་གི་དབང་དུ་མཛད་པས་སོ། །འོན་ཀྱང་གདུལ་བྱ་གཞན་ལ་སྟོན་པའི་སློབ་དཔོན་དག་གིས་ནི་ལམ་རྒྱས་པས་འཁྲིད་ཚུལ་དེ་ཆ་ཚང་བར་གསན་མི་དགོས་པ་ནི་མ་ཡིན་ནོ། །གཉིས་པ་མན་ངག་ལུགས་ཀྱི་ལུས་དཀྱིལ་གྱི་འཐད་པ་སྒྲུབ་པ་ལ་གཉིས་ཏེ། རྒོལ་བ་དང་ལན་ནོ། །དང་པོ་ནི། ལུས་དཀྱིལ་གྱི་རྣམ་གཞག་ལ་བོད་རྒན་པོ་དག་རྒྱུད་རྒྱ་གཞུང་དང་མི་མཐུན་པར་མན་ངག་མཆོག་ཏུ་རྟོག་པས་སྒྲོ་བཏགས་པ་མང་པོ་ཞིག་བྱེད་དེ། འདི་ལྟར་རྟེན་ལུས་དཀྱིལ་ལ་སྤྱི་བོ་སྣ་ཚོགས་རྡོ་རྗེ་སོགས་ལུང་ཁུངས་མེད་པ་མང་པོ་ཞིག་སྦྱོར་བ་དང༌། བརྟེན་པ་ལ་ཕྱི་དཀྱིལ་གྱི་ལྷ་དགུ་ལས་མེད་ཀྱང་ནང་གི་ལྷ་བརྒྱ་ལྔ་བཅུ་ང་བདུན་བཟོ་བ་དང༌། ནང་གི་ལྷའི་ཁྲོད་ན་ཕྱི་དཀྱིལ་གྱི་ལྷ་གཅིག་ཀྱང་མེད་པའི་ལུས་དཀྱིལ་དེ་འདྲ་དེ་ནི་ཁུངས་ཐུབ་སུས་ཀྱང་མི་འཆད་པའི་ཕྱིར། ཞེས་ཟེར་རོ། །ལན་ལ་གཉིས་ཏེ། གཞན་གྱིས་བཏགས་པའི་གནོད་བྱེད་མེད་པ་དང༌། རང་གི་ཕྱོགས་ལ་སྒྲུབ་བྱེད་ཡོད་པའོ། །དང་པོ་ནི། གཞན་གྱིས་སྨྲས་པའི་གཏན་ཚིགས་ལ་དངོས་ཀྱིས་མ་ངེས་པ་མང་པོ་ནི། རྗེ་བླ་མ་ཉིད་ཀྱི་ཞལ་སྔ་ནས་རིགས་པར་འཕངས་ཟིན་པས། འདིར་བཟློས་པའི་ཚུལ་གྱིས་བརྗོད་པར་བྱ་དགོས་པ་མ་ཡིན་པས་རེ་ཞིག་འདི་སྐད་ཅེས་དཔལ་ཁ་སྦྱོར་དུ་རྟེན་ལུས་དཀྱིལ་འཆད་པ་ན་སྒལ་ཚིགས་རི་རབ་དང༌། མགོ་རི་རབ་ཀྱི་སྟོད་ཀྱི་ཆར་བཤད་པ་དེ་ལ་ཡང་ཁུངས་མེད་པར་འགྱུར་ཏེ། ཡོད་ན་རི་རབ་ཀྱི་མགོའི་སྟེང་དུ་གཞལ་ཡས་ཁང་གི་རྟེན་དུ་གྱུར་པ་སྣ་ཚོགས་རྡོ་རྗེ་ཡོད་དགོས་པ་ལས་དེ་ཡོད་པ་ལ་ཁུངས་མེད་པའི་ཕྱིར། རྐང་པའི་མཐིལ་དུ་རྩོམ་ཆེན་རླུང་ནས་གཟུང་སྟེ། སྙིང་ཁ་ས་ཞེས་པའི་བར་ལ་ཡང་ཁུངས་མེད་པར་འགྱུར་ཏེ། དེ་ཡོད་ན་འབྱུང་བ་རིམ་བརྩེགས་ཀྱི་འོག་ཏུ་རྡོ་རྗེའི་ས་གཞི་དང༌། ཁོར་ཡུག་ལ་རྡོ་རྗེའི་རྭ་བ་མེ་འབར་བ་དང་བཅས་པ་དག་གི་ངོས་འཛིན་ལ་ཁུངས་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར། དགོས་པ་ནི་ཕྱི་དཀྱིལ་དང་ནང་དཀྱིལ་གང་གི་སྐབས་སུ་ཡང་སྦྱང་གཞི་ལ་འཇིག་རྟེན་ཁམས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་རེ་དགོས་པས་སོ། །དེ་དང་དེའི་ངོས་འཛིན་རེ་ཁྱེད་ལ་ཡོད་ན་ནི་ལུང་ཁུངས་མེད་པའི་ཉེས་པ་སོ་ན་གནས་སོ། །ཡང་རྩིབས་མ་རྡོ་རྗེའི་རྭ་བ་དང༌། སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བ་སོགས་ལ་ཁུངས་མེད་ན། ལཱུ་ཧི་པར་དེ་དག་གི་དག་པ་གསུངས་པ་དང་འགལ། ཡང་ལུས་གྲུ་བཞི་པ་གཞལ་ཡས་ཁང་དུ་བཤད་ནས་དེ་ལ་རྒྱན་ཞིག་ཡོད་པར་འཆད་ནུས་ན་མིག་སོགས་དབང་པོ་ལྔ་ལས་གཞན་མི་སྲིད་དོ། །དེ་དག་དེའི་རྒྱན་ཡིན་ཡང་རྟ་བབས་སོགས་སུ་མི་འཆད་དོ་ཞེ་ན། གཞལ་ཡས་ཁང་གི་རྒྱན་ལ་ནི་རྟ་བབས་སོགས་ལས་གཞན་བཤད་པ་མེད་དོ། །ཡང༌། ཀྱེ་རྡོར་མན་ངག་ལུགས་པའི་ལུས་དཀྱིལ་གྱི་ལྷ་གྲངས་དང་ངོས་འཛིན་ལ་བརྗོད་པའི་སུན་འབྱིན་དེ་དག་འཇུག་པ་མ་ཡིན་ཏེ། ཁྱེད་ཀྱིས་རྒོལ་བ་དེ་ནི་གསང་བ་འདུས་པའི་སྒྲུབ་ཐབས་སུ་གསུངས་པའི་ཚུལ་དེ་ལ་རིགས་བསྒྲེས་ནས་རྒོལ་བ་ཡིན་མོད། འདིར་ནི་དེ་དང་འདྲ་བ་མ་ཡིན་ཏེ། དེར་ནི་བསྐྱེད་རིམ་གྱི་ལྷ་ཁོ་ནའི་དབང་དུ་བྱས་པ་དང༌། བསྐྱེད་ཆོག་གིས་བསྒྲུབས་པའི་དཀྱིལ་འཁོར་གྱི་གཙོ་བོ་དེའི་ལུས་ཀྱི་དཀྱིལ་འཁོར་ཉིད་དུ་བྱས་ནས་འཆད་ལ། འདིར་ནི་རྫོགས་རིམ་ཤས་ཆེ་བའི་དབང་དུ་བྱས་པ་དང༌། སྒྲུབ་པ་པོ་རང་གི་ལུས་ལྷར་བྱེད་ཚུལ་ཉིད་ལས་བཞག་པའི་ཕྱིར། གཉིས་པ་ལ་ནང་ལུས་ཀྱི་གནས་ཚུལ་ཇི་ལྟར་ཡིན་པ་དང༌། དེ་ཉིད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲད་པས་སྨིན་གྲོལ་བྱེད་སླ་བ་དང༌། རྒྱུ་མཚན་དེས་ན་སྙན་བརྒྱུད་ཡི་གེར་མཛད་པའོ། །དང་པོ་ལ་གཉིས་ཏེ། གནས་ཚུལ་དངོས་དང༌། སྣང་ཚུལ་ཇི་ལྟར་འཆར་བའོ། །དང་པོ་ནི། རྣལ་འབྱོར་ལས་དང་པོ་པའི་ལུས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་ནི་རྟེན་དབྱིབས་ཀྱི་ལུས་དང༌། རྩ་ཡི་གེ་དང༌། ཁམས་བདུད་རྩི་དང༌། སྙིང་པོ་རླུང་ཞེས་པ་བཞིར་ངེས་ལ། དེ་དག་ལ་གནས་སྐབས་ཀུན་རྫོབ་ཀྱི་གནས་ཚུལ་དང༌། མཐར་ཐུག་དོན་དམ་པའི་གནས་ཚུལ་གཉིས་སུ་འབྱེད་པ་ལས། དང་པོ་ལ། ཕྱི་དབྱིབས་ནི་ཐུན་མོང་དུ་སྣང་ཞིང་གྲགས་པ་སྟེ། རྣམ་ཤེས་ཀྱི་ངོར་གཞལ་ཡས་ཁང་དང་རྩ་ཡི་གེ་སོགས་གསུམ་ཡང་ཐུན་མོང་དུ་སྣང་ཞིང༌། རྒྱུད་སྡེ་རྣམས་སུ་ཇི་ལྟར་གྲགས་པ་དག་སྟེ། རྣམ་ཤེས་ཀྱི་ངོར་ནང་ལྷའི་དཀྱིལ་འཁོར་པ་དག་ཏུ་ཐ་སྙད་འདོགས་སོ། །རྒྱུད་སྡེ་ལས་གྲགས་པ་དེ་ཡང་ཕོ་བྲང་ལྔའི་དབྱེ་བས་བརྒྱ་ལྔ་བཅུ་རྩ་བདུན་དུ་བཤད་པ་ཤས་ཆེ་ཞིང༌། མན་ངག་འདིའི་ལུགས་ཀྱི་རྣལ་འབྱོར་དུ་བྱེད་པ་ན་གྲངས་དེ་ལས་ཉུང་བ་དག་ཏུ་བཟུང་བར་མི་བྱ་སྟེ། གཞན་དུ་ན་དབང་གི་ཚེ་ནང་གི་ལྷ་ཇི་སྙེད་པ་ལ་དབང་བསྐུར་བར་མི་འགྱུར་ཞིང༌། གནད་དུ་བསྣུན་པའི་ཚེ་དཀྱིལ་འཁོར་སོ་སོའི་ལྷ་མ་ལུས་པ་དག་གནས་གྱུར་པ་དག་ཏུ་སྒྲུབ་མི་ནུས་པའི་ཕྱིར། དོན་དམ་པའི་གནས་ཚུལ་ནི། སྤྱིར་རྣམ་ཤེས་ལ་སྣང་གྲགས་ཀྱི་ཆོས་ཀུན་གྱི་གནས་ཚུལ་ཆོས་ཅན་སོ་སོ་བ་དག་ཇི་ལྟར་སྣང་བ་དེ་ཉིད་དུ་གནས་པ་མ་ཡིན་གྱི། དེ་དག་གི་ཆོས་ཉིད་དོན་དམ་པའི་བདེན་པ་གང་ཡིན་པ་དེ་ཉིད་དུ་གནས་སོ། །དེའི་ཕྱིར་ཕྱི་དབྱིབས་དང༌། ནང་དཀྱིལ་འཁོར་སོ་སོའི་གྲངས་ཇི་སྙེད་པ་དེ་དག་གི་གནས་ཚུལ་ཡང་རང་རང་གི་ཆོས་ཉིད་དོན་དམ་པ་དེ་ལས་གཞན་མེད་དོ། །དོན་དམ་པ་དེ་གང་ཞེ་ན། རྟེན་བརྟེན་པ་སོ་སོ་བ་དེ་དག་རང་རང་གི་དབང་དུ་བྱས་པའི་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དཔེར་མཚོན་ན་ཕྱི་དབྱིབས་ཀྱི་ལུས་རྣམ་ཤེས་ལ་ལུས་སུ་ཇི་ལྟར་སྣང་བ་ལྟར་ལུས་སུ་མ་གྲུབ་པ་ནི་གཟུང་བ་མེད་པའོ། །དེ་མེད་པའི་ཕྱིར་དེ་ལྟར་སྣང་བ་ཉིད་ཀྱང་འཁྲུལ་པ་ནི་འཛིན་པ་མ་གྲུབ་པའོ། །རྣམ་ཤེས་ལ་སྣང་བའི་གཟུང་འཛིན་གཉིས་མ་གྲུབ་ཀྱང་སྣང་མཁན་རང་གི་ངོ་བོ་གསལ་རིག་ཙམ་དུ་གནས་པ་དེ་ལ་ནི་དོན་དམ་པའི་ལུས་ཞེས་བྱ་སྟེ། ཀུན་རྫོབ་པའི་ལུས་དེའི་གནས་ཚུལ་ཉིད་དུ་གདོད་མ་ནས་གྲུབ་པའི་ཕྱིར། དེ་བཞིན་དུ་རྟེན་བརྟེན་པའི་གྲངས་ཇི་སྙེད་པ་དེ་སྙེད་ལ་སྦྱར་ནས་རང་རང་གི་གནས་ཚུལ་དུ་གྱུར་པའི་ཡེ་ཤེས་གང་ཡིན་པ་དེ་དང་དེ་ཆོས་སྐུ་ལམ་བྱེད་ཀྱི་དབང་དུ་བྱས་ནས། བྱང་ཆུབ་ཕྱོགས་མཐུན་གྱི་ངོ་བོ་ཉིད་དང༌། གཟུགས་སྐུ་ལམ་བྱེད་ཀྱི་དབང་དུ་བྱས་ན། ཕུང་པོ་ལྔ་པོ་སོ་སོ་ནས་རྣམ་པར་དག་པའི་ལྷ་རིན་ཆེན་འབྱུང་ལྡན་ཡབ་དང་ཡུམ་དུ་བཅས་པ་སོགས་སོ་སོའི་གནས་སུ་གསལ་བཏབ་ནས་གོམས་པར་བྱེད་པ་ཡིན་གྱི། རྩའི་ཡི་གེ་ས་བོན་དུ་བྱས་ནས་བསྐྱེད་དགོས་པ་ནི་མ་ཡིན་ཏེ། གཞན་དུ་ན་བཅོས་མའི་དཀྱིལ་འཁོར་པ་དག་ཏུ་ཐལ་བས་སོ། །སོ་སོའི་གནས་ཚུལ་དོན་དམ་པ་ཉིད་ལུས་ཀྱི་དཀྱིལ་འཁོར་བ་དག་ཏུ་གསལ་བ་རབ་ཀྱི་མཐར་ཕྱིན་པ་ལས་ནི་དགོས་པའི་ཁྱད་པར་ཀུན་རྫོབ་པའི་དཀྱིལ་འཁོར་རྣམ་པ་བཞི་པོ་དག་མ་དག་པའི་ལུས་ཀྱི་ཁམས་བསྐྱེད་པའི་ནུས་པ་བཀག་ནས་འཇའ་ཚོན་ལྟ་བུའི་ལུས་སུ་བྱེད་པ་ཡིན་ཏེ། རྣལ་འབྱོར་དེའི་མཐུས་མ་དག་པའི་སོ་དང་སེན་མོ་སོགས་བསྐྱེད་པའི་ནུས་པ་ཁེགས་པའི་ཕྱིར་དང༌། ཀུན་རྫོབ་པའི་དཀྱིལ་འཁོར་སོ་སོའི་གཟུང་འཛིན་གཉིས་པོ་རང་སར་དག་པའི་ཕྱིར། ཀུན་རྫོབ་ཉིད་དཀྱིལ་འཁོར་དུ་གསལ་འདེབས་ན་ནི་མ་དག་པའི་གཟུང་འཛིན་ཇེ་འཕེལ་དུ་སོང་བ་མ་ཡིན་ནམ། གཉིས་པ་ནི། ཡོངས་སུ་མ་དག་པའི་དཀྱིལ་འཁོར་བཞིའི་གནས་ཚུལ་དོན་དམ་པའི་དཀྱིལ་འཁོར་ཉིད་དུ་གནས་པ་དེ་ལྟ་མོད་ཀྱི། སྣང་ཚུལ་ནི་གཉིས་ཏེ། རྣམ་ཤེས་ལ་དང༌། ཡེ་ཤེས་ཀྱི་གཟིགས་ཚུལ་ལོ། །དང་པོ་ནི། འཁྲུལ་པའི་སྣང་བ་སྟེ། རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་གནས་ཚུལ་བྱིས་པས་ཇི་ལྟར་མཐོང་བ་དེ་ཉིད་དོ། །འདི་ནི་ལྷ་དང་ཡེ་ཤེས་སུ་གསལ་ཐེབས་པ་ལྟ་ཅི་སྨོས། འཕགས་པའི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། འཁྲུལ་པའི་སྣང་བ་ཉིད་ཀྱི་ཕྱིར་དུང་ལ་སེར་པོ་བཞིན་ནོ། །འོ་ན་ནང་གི་བསྐྱེད་རིམ་མཐར་ཕྱིན་པ་ཉིད་ཀྱིས་ཀུན་རྫོབ་པའི་ལུས་ལ་ཕན་གནོད་གང་དུ་མི་འགྱུར་ཏེ། ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། ཞེ་ན་ཆོས་ཅན་དེའི་ཆོས་ཉིད་ལ་མཐུན་པའི་རྣལ་འབྱོར་གྲུབ་པ་ན། ཆོས་ཅན་ཀུན་རྫོབ་པ་དེ་གསེར་ལ་གཡའ་དང༌། ནམ་མཁའ་ལ་སྤྲིན་བཞིན་དུ་རང་ཞི་རང་དག་ཏུ་བྱེད་པ་ནི་གཞུང་ལུགས་པ་དང་རྣལ་འབྱོར་པ་ཆེས་སྒམ་པོར་གྱུར་པ་དག་གི་ལུགས་ཏེ། བོད་ཕྱི་མ་ཀུན་རྫོབ་བདེན་པའི་ཆོས་ཉིད་ཡོད་ན་ཀུན་རྫོབ་ཀྱི་བདེན་པ་གྲུབ་དགོས་པར་འཆད་པ་ནི་ཀུན་རྫོབ་རང་སྟོང་དུ་འཆད་མི་ཤེས་པའི་ཐེག་པ་ཆེན་པོ་དག་གི་ལུགས་སོ། །གཉིས་པ་ནི། གལ་ཏེ་ལུས་དཀྱིལ་གྱི་གནས་ཚུལ་དོན་དམ་པའི་བདེན་པ་ཁོ་ནར་འཆད་པ་དེ་ནི་རྣལ་འབྱོར་པའི་ལུས། དཀྱིལ་འཁོར་དུ་འཇོག་པ་ལ་གནོད་བྱེད་ཁོ་ནར་སོང་བས་རྣམ་གཞག་ཐམས་ཅད་འཇིག་པར་འགྱུར་རོ། །ཞེ་ན། མཐར་ཐུག་དེ་འདྲ་གཅིག་ཏུ་སོང་ཡང་གནས་སྐབས་སུ་རྣམ་ཤེས་ལ་སྣང་ཚུལ་ཇི་ལྟར་ཡིན་པ་མ་ཤེས་ན། ཡེ་ཤེས་ཀྱི་གཟིགས་ངོར་ཇི་ལྟར་གནས་པ་མི་ཤེས་ཏེ། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བཤད་པ་དང་མཐུན་ནོ། །མ་ཡིན་ཏེ་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། ཞེ་ན། འདི་ལྟར་ཤེས་དགོས་པ་ཡིན་ཏེ། གཞི་སེམས་ཅན་གྱི་སྣང་གནས་གཉིས་པོ་ཚོགས་པ་གཅིག་ན་ཡོད་པའི་ཚུལ་གྱིས་གནས་སྐབས་སུ་ཕན་འདོགས་བྱ་བྱེད་དང༌། མཐར་ཐུག་གནོད་པ་བྱ་བྱེད་དུ་འགྲོ་བའི་ཚུལ་ནི། དཔེར་ན། གཉིས་སྣང་འཁྲུལ་པའི་དབང་གིས་ཀུན་རྫོབ་ཀྱི་ཕུང་པོ་ལྔ་སྣང་བའི་རྣམ་རིག་ཤར་བ་ན། ཤར་ཙམ་དེ་ལས་ལོགས་ན་ཕུང་སོགས་ཀྱི་དངོས་པོ་ཡོད་པར་ཁས་ལེན་པ་ནི་ཐེག་པ་ཆེན་པོའི་ལུགས་མ་ཡིན་ལ། རྣམ་རིག་དེ་ལ་མཚན་ཉིད་ཀྱིས་སོ་སོར་ཕྱེ་ན་གཟུང་རྣམ་དྲི་མའི་ཆ་དང༌། འཛིན་རྣམ་ཡེ་ཤེས་ཀྱི་ཆ་གཉིས་སུ་དབྱེ་བ་ནི། ཕྱོགས་ཀྱི་གླང་པོས། བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པས་གྲུབ་པ་དེ་ཡིན་ལ། གཉིས་པོ་འཁོར་བའི་ཚེ་དེ་མ་ཐག་རྐྱེན་དང༌། ཐག་འབྲས་ཀྱི་ཚུལ་དུ་གྱུར་ཅིང༌། གསལ་བའི་ཆ་དེ་ལམ་རིམ་པ་གཉིས་ཀྱི་ངོ་བོར་བྱས་ནས་གོམས་པ་མཐར་ཕྱིན་པའི་ཚེ་ན་དེ་ལྟར་གོམས་བྱེད་ཀྱི་བློ་ངེས་གཟུང་རྣམ་ཡུལ་དང་བཅས་པ་ལ་གནོད་པ་བྱས་པའི་ཚུལ་གྱིས་མི་དམིགས་པར་སོང་བ་ན། ཇི་སྐད་དུ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་དེ། །རྨོངས་མེད་འཁོར་བ་དག་པ་ཉིད། །ཅེས་དང༌། དབུ་མ་ལས། འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞེད། །ཅེས་པ་དང་དོན་གཅིག་གོ །འདི་ཡང་འཁོར་བ་སྔར་ཡོད་གཅིག་གཉེན་པོས་སྤངས་པ་ལས་མྱ་ངན་འདས་སུ་སོང་བ་ལྟ་བུ་ནི་མ་ཡིན་ཏེ། ཤེས་བྱ་མཐའ་དག་གི་གནས་ཚུལ་གདོད་མ་ནས་ཡེ་ཤེས་དང་མྱ་ངན་འདས་སུ་གནས་པ་དེ་ལ་སྒྲིབ་བྱེད་འཁོར་བའི་སྣང་ཚུལ་མང་པོ་པ་འདི་དག་འཁྲུལ་ངོར་གསར་བྱུང་ཉིད་ལས་མ་འདས་པའི་ཕྱིར། དུང་གི་ཁ་དོག་དཀར་པོ་ཉིད་དུ་ཡེ་ནས་གནས་པ་ལ། སེར་སྣང་ཤར་བའི་ཚེ་གློ་བུར་གྱི་རབ་རིབ་བསལ་བས་ཆོག་པ་བཞིན་ནོ། །དེ་སྐད་དུ་ཡང༌། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་དབང་པོ་རྣམ་ཉིད་དེ། །དེ་རྣམས་ཆོས་ཉིད་མྱ་ངན་འདས། །ཞེས་སོ། །མདོར་ན་འཁོར་བའི་ངོ་བོ་གཟུང་འཛིན་གཉིས་སུ་སྣང་བ་འདི་དེ་ལྟར་ཡོད་མ་མྱོང་བ་དང༌། རང་བཞིན་མྱ་ངན་ལས་འདས་པ་ཉིད་དུ་གདོད་མ་ནས་གྲུབ་པས་དེའི་ཕྱིར་ན་ལུས་དཀྱིལ་གྱི་རྣལ་འབྱོར་ལས་དང་པོ་པས་རང་གི་ལུས་ཐ་མལ་གྱི་དཀྱིལ་འཁོར་བཞིར་སྣང་བ་གང་ཡིན་པ་དེ་དང་དེ་ནི་འཁོར་བའི་སྣང་བ་ཉིད་ཀྱི་ཕྱིར་ཡོད་མ་མྱོང་བས་ན། དེ་དག་ལ་ཡོན་ཏན་ཀུན་རྫོགས་ཀྱི་ལྷ་དང༌། གཞལ་ཡས་ཁང་དུ་ཞེན་ནས་འཇུག་པ་ནི་འབྲས་བུ་ལམ་བྱེད་ཀྱི་ཐབས་མཁས་སུ་འགྱུར་བ་ལྟ་ཅི་སྨོས། དེའི་ཕྱིར་ལུས་དཀྱིལ་གསལ་འདེབས་པ་ན། ཇི་སྐད་དུ། སྐུ་དབྱིབས་རྣམ་པ་བདེ་བ། རང་བཞིན་གསལ་སྟོང༌། ངོ་བོ་ཟུང་འཇུག་ཅེས་གསུངས་པར་ངེས་སོ། །འདིར་འབྲས་བུ་ལམ་བྱེད་ཀྱི་དོན་བོད་ཕྱི་མ་དག་གིས་བསམས་པ་ནི། རྣལ་འབྱོར་པ་རང་ཉིད་མ་འོངས་པ་ན་དགྱེས་པ་རྡོ་རྗེར་སངས་རྒྱས་དེས་ལྟར་རང་ནས་ང་ཉིད་དོ་ཅེས་ཞེན་པར་བྱས་ནས་འཇུག་པ་ཡིན་ནོ། །ཞེས་ཟེར་མོད། འདིར་བརྟགས་པ་ནི་གཞིའི་དུས་ཉིད་དུ་གྲུབ་ཟིན་པའི་རང་བཞིན་དགྱེས་པ་རྡོ་རྗེ་དེ་ལས་དང་པོ་པ་ལ་དབང་བསྐུར་བའི་དུས་སུ་ངོ་འཕྲོད་པར་བྱེད་དོ། །གང་དུ་ན་ཉམས་སུ་བླང་བར་བྱ་བ་ཉིད་དུའོ། །ཇི་ལྟར་དུ་ན་རང་གི་རྒྱུད་གདོད་མ་ནས་དེར་གྲུབ་ཀྱང༌། དེར་ངོ་ཤེས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་བཀྲུས་པའི་ཚུལ་གྱིས་སོ། །གལ་ཏེ་གཞི་དུས་སུ་གྲུབ་ཟིན་པ་ཉིད་ལམ་དུ་བྱེད་པས་འབྲས་བུ་ལམ་བྱེད་དུ་མ་སོང་ངོ༌། །ཞེ་ན། འདི་ལ་གང་ཞིག་བསྒྲུབ་པར་བྱ་བའི་གཞི་འབྲས་ལ་དབྱེ་བ་མེད་པ་དང༌། གང་གིས་སྒྲུབ་པར་བྱེད་པའི་ལམ་འབྲས་ལ་དབྱེ་བ་ཡོད་མེད་སོ་སོར་འབྱེད་པའོ། །དང་པོ་ལ། གང་སྒྲུབ་པར་བྱ་བ་ནི་དག་པ་གཉིས་ལྡན་དུ་རྣམ་ཤེས་ཀྱི་ངོར་ཐ་སྙད་བྱས་པའི་ས་དེ་ན་ཡོད་པའི་རང་བཞིན་རྣམ་དག་གི་ཆོས་སྐུ་དེའོ། །དེ་ལ་རྣམ་ཤེས་ཀྱི་ངོར་འབྲས་བུའི་ཐ་སྙད་བཏགས་ཀྱང་གསར་དུ་བྱུང་བ་མ་ཡིན་ཏེ། གཞི་དུས་སུ་གྲུབ་ཟིན་པས་སོ། །ཆོས་སྐུ་འདིའི་རྒྱུན་ལ་ནི་སྔ་ཕྱི་ཁྱད་པར་མེད་པས་ན་རྟག་བརྟན་ཞི་བ་གཡུང་དྲུང་ཉིད་ཅེས་བྱའོ། །འདི་རང་གི་ངོ་བོ་ལ་ནི་ཉོན་མོངས་དང་རྣམ་པར་རྟོག་པས་ཕན་གནོད་གང་ཡང་བྱེད་མི་ནུས་པའི་ཕྱིར། བཟང་ངན་གྱི་དབྱེ་བ་མེད་པས་ན་གཞི་འབྲས་དབྱེར་མེད་དོ། །དབང་དུས་སུ་དེ་ལྟར་ངོ་སྤྲོད་ནས་ཡེ་ཤེས་ཀྱི་ཚོགས་གསོག་གི་དུས་སུ་དོན་དེ་ལ་ང་རྒྱལ་འཛིན་པ་ནི་ལམ་འབྲས་དབྱེར་མེད་དེ། དབང་དང་ལམ་ཡང་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །དེ་ནས་ལམ་རིམ་པ་གཉིས་ཀྱིས་སྤང་བྱ་སྤོང་བ་དང་བསོད་ནམས་ཀྱི་ཚོགས་གསོག་པའི་དུས་སུ་ནི་གཞི་ལམ་དང་ལམ་འབྲས་ལ་དབྱེ་བ་ཡོད་མེད་སོ་སོར་འབྱེད་དགོས་ཏེ། དོན་དམ་བདེན་པའི་དབང་དུ་བྱས་པའི་ཡོན་ཏན་རྣམས་ནི་ཤེས་རྒྱུད་དང་དབྱེར་མེད་དུ་འདྲེས་པའི་ཕྱིར་དང༌། རྣམ་ཤེས་ཀྱི་ཆར་གྱུར་པ་རྣམས་ནི་དེར་མི་འདྲེས་པའི་ཕྱིར། སངས་རྒྱས་རང་སྣང་གིས་བསྡུས་པ་ལ་རྣམ་ཤེས་མེད་ཀྱང་གདུལ་བྱ་གཞན་གྱིས་བལྟས་པ་ན་དེ་ལ་དེ་ཡོད་པར་སྣང་ངོ༌། །གཉིས་པ་ནི། ཀུན་རྫོབ་པའི་ལུས་ཀྱི་གནས་ཚུལ་དོན་དམ་དུ་ངོ་སྤྲད་པས་སྨིན་གྲོལ་བྱེད་སླ་བ་ཡིན་ཏེ། གདུལ་བྱ་ལུས་དཀྱིལ་གྱི་ཉམས་ལེན་ལ་འཇུག་པའི་ཐོག་མར་དབང་དུས་སུ་ལྟ་བ་འཁོར་འདས་དབྱེར་མེད་བསྟན་པས་སྨིན་པར་སླ་བ་དང༌། དོན་དམ་པའི་ལུས་ཀྱི་གནས་ཚུལ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཀུན་རྫོབ་པའི་ལུས་ལ་རག་ལས་པར་བསྟན་པས་གྲོལ་བའི་ཐབས་ཤེས་སླ་བ་ཡིན་པས་སོ། །དེ་ལྟར་ཡང་ཡིན་ཏེ། དོན་དམ་པའི་ལུས་དཀྱིལ་དངོས་ནི་རང་བཞིན་རྣམ་དག་གི་སངས་རྒྱས་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ་དེ་ཡིན་ཡང༌། དེ་རྣལ་འབྱོར་པ་རང་ལ་མངོན་སུམ་དུ་འགྱུར་བ་ལ་ནི་ཀུན་རྫོབ་པའི་ལུས་ལ་གནད་དུ་བསྣུན་པ་མེད་ན་མི་འབྱུང་བའི་ཕྱིར་ཏེ། རྣམ་ཤེས་ཀྱི་ངོར་ནི་བདེན་གཉིས་སོ་སོའི་ལུས་རྟེན་དང་བརྟེན་པའི་ཚུལ་དུ་གནས་དགོས་པས་སོ། །དེ་ལྟར་ངོ་མ་འཕྲོད་ན་སྨིན་གྲོལ་དཀའ་བ་ཡིན་ཏེ། བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་རྨོངས་པའི་ཕྱིར་དང༌། རྣམ་ཤེས་དང་རྣམ་སྨིན་གྱི་ཕུང་པོ་ནི་ཡོན་ཏན་དང་ཇི་ལྟར་བཅས་ཀྱང་རང་གི་མཚན་ཉིད་དང་ལྡན་བཞིན་དུ་སངས་རྒྱས་ཀྱི་སར་བགྲོད་མི་ནུས་པའི་ཕྱིར། དོན་དེ་ལ་དགོངས་ནས་ལུས་རྩ་སྤྲུལ་པའི་སྐུ། རྩ་ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུ། ཁམས་བདུད་རྩི་ཆོས་ཀྱི་སྐུ། སྙིང་པོ་ཡེ་ཤེས་རླུང་ངོ་བོ་ཉིད་ཀྱི་སྐུ། ཞེས་གསུངས་སོ། །དོན་ནི་ལས་དང་པོ་པ་ཞིག་གི་དཀྱིལ་འཁོར་རྣམ་བཞི་གྲུབ་ཙམ་ནས་རང་བཞིན་རྣམ་དག་གི་སྐུ་བཞི་ལྷུན་གྲུབ་ཏུ་ཡོད་པ་དང༌། ལམ་དུས་སུ་དཀྱིལ་འཁོར་བཞི་པོའི་ཆོས་ཉིད་ལྷ་དང༌། བཞི་པོ་ཉིད་ལ་གནད་དུ་བསྣུན་པས་རིམ་པ་བཞིན་ཏུ་གཟུགས་དང་ཆོས་ཀྱི་སྐུ་རྣམ་ཤེས་ཀྱི་ངོར་མངོན་དུ་བྱས་པ་ལྟ་བུ་སྣང་བ་དེ་ལ་ནི་གནས་གྱུར་པ་ཞེས་པའི་མིང་གིས་འདོགས་སོ། །མདོར་བསྡུ་ན་ལས་དང་པོ་པ་ལ་དོན་དམ་པའི་ལུས་དཀྱིལ་མངོན་དུ་འགྱུར་བ་ནི་ཀུན་རྫོབ་ཀྱི་ལུས་ལ་གནད་དུ་བསྣུན་པ་སྔོན་དུ་འགྲོ་དགོས་ཤིང༌། སོང་བ་དེའི་འོག་ཏུ་དོན་དམ་པའི་དཀྱིལ་འཁོར་མངོན་དུ་གྱུར་པའི་བྱེད་པས། ཀུན་རྫོབ་པའི་ལུས་དཀྱིལ་དུ་སྣང་བ་རྣམས་རང་གི་ངང་གིས་འདོར་བར་འགྱུར་ཏེ། ཉོན་མོངས་པ་དང་རྣམ་པར་རྟོག་པ་ལམ་དུ་བྱེད་ཅེས་འཆད་པ་ཀུན་ལ་དེ་བཞིན་དུ་ལྟ་བར་བྱའོ། །དེ་ཡང༌། ཇི་སྐད་དུ། མདོ་སྡེའི་རྒྱན་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །གང་ཕྱིར་ཆགས་སོགས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་གསུངས་པ། འདི་ལས་ནི་ཆགས་པ་དང་ཆགས་ཆེན་ལྟ་བུ་གཞི་ཚོགས་པ་གཅིག་ན་གནས་ལུགས་དང་སྤངས་གཉེན་དུ་ཤེས་པར་འགྱུར་བའི་ཚུལ་བདེ་བླག་ཏུ་ཤེས་པར་ནུས་སོ། །གཉིས་པ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་ཉེས་པས་མ་གོས་པ་དང༌། མན་ངག་པའི་ལུས་ཉིད་རྒྱུད་གཞུང་དང་མཐུན་པར་གྲུབ་པའོ། །དང་པོ་ནི། དགྱེས་རྡོར་མན་ངག་ལུགས་ཀྱི་ལུས་དཀྱིལ་ལ་ཕྱི་དཀྱིལ་ལ་བཀོད་པའི་ལྷའི་ནང་ནས་གཅིག་ཀྱང་མེད་ཟེར་བ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། ལམ་དུས་ཀྱི་དབང་ཕྱི་ནང་སྦྲགས་པར་ལེན་པ་དེའི་ཚེ་ཕྱི་དཀྱིལ་གྱི་གཙོ་བོའི་སྐུ་དེ་ཉིད་ལུས་དཀྱིལ་དུ་སྒོམ་པ་དང་འཇོག་པའི་ཕྱིར་ན། མིང་དོན་གཉིས་ཀ་ཐུན་མོང་གི་ལྷ་ཉིད་དུ་གྲུབ་པ་དང༌། དོན་ཁོ་ན་ཐུན་མོང་བར་གྱུར་པ་ཡང་འདིར་ཕོ་བྲང་ལྔའི་ལྷ་ཚོགས་ཇི་སྙེད་པ་ལྷ་རིགས་ལྔ་དང་ཡུམ་ལྔར་མ་འདུས་པ་ནི་ཆ་ཤས་ཙམ་ཡང་མེད་ལ། ཕྱི་དཀྱིལ་གྱི་གཙོ་བོ་ཡབ་ཡུམ་སོ་སོར་ཕྱེ་བས་ཕྱིའི་ལྷ་བཅུ་པོ་ནི་རིགས་ལྔ་དང་ཡུམ་ལྔའི་བདག་ཉིད་ཅན་ཁོ་ནར་ངེས་པའི་ཕྱིར། ཡང་ཕྱི་ནང་གི་ལྷ་གྲངས་མ་མཐུན་པས་མི་འཐད་ཅེས་ཟེར་བ་ནི། གསང་བ་འདུས་པའི་ཕྱི་ནང་གི་དཀྱིལ་འཁོར་འཆད་ཚུལ་ལ་བསམས་པའི་རིགས་བསྒྲེ་ཡིན་མོད། མཚུངས་པ་མ་ཡིན་ཏེ། དེར་ནི་ནང་དཀྱིལ་ཡང་བསྐྱེད་རིམ་ཙམ་གྱི་དབང་དུ་བྱས་ལ། འདིར་ནི་བསྐྱེད་རྫོགས་ཐུན་མོང་བའི་ནང་ནས་ཀྱང་རྫོགས་རིམ་ཤས་ཆེ་བར་མཛད་པ་དང༌། སྤྱིར་ནི་བསྐྱེད་རིམ་ཁོ་ནའི་དབང་དུ་བྱས་པ་ལ་ཡང་ཕྱི་ནང་གི་ལྷ་གྲངས་མཐུན་པར་མ་ངེས་པའི་དངོས་ཀྱི་སུན་འབྱིན་ནི་རྗེ་བླ་མ་ཉིད་ཀྱིས་མཛད་ཟིན་ལ། དོན་གྱི་གོ་བ་ཡང་འདིར་བརྟགས་པ་ནི། སྤྱིར་ཕྱི་དཀྱིལ་ནི་དབང་པོ་དང་སྦྱངས་པ་ཐུན་མོང་བར་བྱས་པས་སྦྱང་གཞི་དང་སྦྱང་བྱའི་དྲི་མ་གྲངས་མང་ཉུང་དང་ཟབ་རྒྱས་ཅི་རིགས་སུ་མཛད་པ་སྲིད་ལ། ལུས་དཀྱིལ་གྱི་ཉམས་ལེན་ནི། སྤྱིར་བཏང་དུ་གང་ཟག་ཁྱད་པར་ཅན་གྱི་དབང་དུ་བྱས་པས་སྦྱངས་གཞི་དང་སྦྱང་བྱའི་གྲངས་དང༌། སྤངས་གཉེན་སོ་སོའི་སྦྱོང་ཚུལ་རྣམས་ཟབ་ཅིང་རྒྱ་ཆེ་བ་ཡིན་ཏེ། དཔེར་ན། གཤེད་དམར་དང་བདེ་མཆོག་ལྷ་ལྔ་ལྟ་བུའི་ཕྱི་དཀྱིལ་ལ་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔའི་སྦྱོང་བྱེད་ཙམ་ལས་མ་བསྟན་ཀྱང༌། དེ་དག་གི་ལུས་དཀྱིལ་ཞིག་འཆད་དགོས་པའི་ཚེ་ཕུང་ཁམས་བསྐྱེད་མཆེད་སོ་སོའི་ཚིགས་ཆེན་རྣམས་དང་བཅས་པའི་སྦྱོར་ཚུལ་ཚང་བར་མ་བསྟན་ན་ནང་ལུས་ཀྱི་ཆ་ཤས་སོ་སོ་ལ་ཡོད་པའི་དྲི་མ་སྦྱོང་མི་ནུས་པའི་ཕྱིར། བྱེ་བྲག་ཏུ་དགྱེས་པ་རྡོ་རྗེའི་རྒྱུད་འགྲེལ་ཞིག་ཏུ་ལུས་དཀྱིལ་གྱི་རྣམ་གཞག་གཅིག་མཛད་སྲིད་པ་དེའི་ཚེ་ན་ཕྱི་ནང་གི་ལྷ་གྲངས་མི་མཐུན་པ་ཁོ་ནར་འབྱུང་བ་ཡིན་ཏེ། རྩ་བའི་རྒྱུད་དུ་ཡབ་ཀྱི་ཕྱི་དཀྱིལ་ལ་ལྷ་དགུ་ལས་ལྷག་པ་མི་འབྱུང་མོད། རྣལ་འབྱོར་པ་རང་གི་ལུས་ལ་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སོ་གཉིས་རང་ཆས་སུ་གནས་པ་ལ། ཁམས་དཀར་ཆ་སྦྱོང་བྱེད་ལྷ་མོ་བཅོ་ལྔ་དངོས་སུ་སྦྱར་ཞིང༌། དེའི་རིགས་པ་དང་ཤུགས་ལ་ནག་ཕྱོགས་ཀྱི་ཆ་བཅོ་ལྔར་ཕྱེ་ནས་དེའི་སྦྱོང་བྱེད་དུ་ཧེ་རུ་ཀ་བཅོ་ལྔ་དོན་གྱིས་འཐོབ་པའི་ཕྱིར་དང༌། དེའི་ཚེ་ཡང་རྩ་དང་ཁམས་ཀྱི་གནས་ཚུལ་ལྷ་དང་ལྷ་མོར་གསལ་འདེབས་པ་ལས་གཞན་དུ་འཆད་མི་ནུས་པའི་ཕྱིར་དང༌། བརྟེན་པ་ལུས་ཀྱི་ལྷ་གྲུབ་པ་ན་རྟེན་ལུས་ཀྱི་གཞལ་ཡས་ཁང་བདེ་བླག་ཏུ་གྲུབ་པ་ཡིན་ཏེ། རྟེན་མེད་པར་བརྟེན་པ་མི་འབྱུང་བའི་ཕྱིར། མདོར་ན། གྲུབ་ཆེན་དྲིལ་བུ་པའི་ཚིག་ཟིན་གྱི་བཞེད་པས་གང་ཟག་ཁྱད་པར་ཅན་ལ་རྒྱུ་དུས་ཀྱི་དབང་དང་ལམ་དུས་ཀྱི་ཉམས་ལེན་གཉིས་ཀའི་ཚེ་ཡང་ལུས་དཀྱིལ་གྱི་རྣམ་པར་བཞག་པ་ཁོ་ནས་ཆོག་པར་གསུངས་པའི་ལུང་རིགས་ཀྱིས་ནི་དགྱེས་རྡོར་མན་ངག་ལུགས་སུ་དམིགས་བསལ་ཉམས་ལེན་ཁྱད་པར་ཅན་ཡང་གྲུབ་པ་ཡིན་ཏེ། ལས་དང་པོ་པ་ཉིད་ནས་གང་ཟག་ཁྱད་པར་ཅན་དུ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ཐུགས་རྒྱུད་ལ་ལམ་རིམ་པ་གཉིས་ཀྱི་འཁྲུངས་ཚུལ་མཐུན་པ་ཁོ་ནར་འབྱུང་བའི་ཕྱིར་དང༌། ལུས་དཀྱིལ་གྲུབ་ནས་ཕྱི་དཀྱིལ་ལོགས་སུ་སྒྲུབ་མི་དགོས་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར། དེས་ན་ཕྱི་དཀྱིལ་ལ་མ་ལྟོས་པར་ནང་དཀྱིལ་མི་འབྱུང་བ་ནི་བོད་ཕྱི་མ་འགའ་ཞིག་ཁོ་ནའི་ལོག་པར་རྟོག་པའོ། །གསུམ་པ་ནི། དགྱེས་རྡོར་མན་ངག་ལུགས་ཀྱི་སྐབས་སུ་ཉམས་ལེན་གྱི་ཚེ་གདུལ་བྱ་ཐུན་མོང་གི་དབང་དུ་མཛད་ནས་ལམ་དུས་སུ་དབང་གི་ཆུ་བོ་མི་ནུབ་པར་བྱ་བ་ཉིད་གང་དུ་དབང་བསྐུར་བའི་རྟེན་དང་ཡུལ་ནི་རྣལ་འབྱོར་པ་རང་གི་ལུས་ཀྱི་དཀྱིལ་འཁོར་ཉིད་ལ་བྱ་བར་གསུངས་པ་ནི། སྦྱངས་གཞི་རྒྱ་ཆེ་བ་དང༌། སྦྱོང་བྱེད་གཉེན་པོ་ཟབ་པ་དང༌། ཉམས་ལེན་འཇུག་པ་བདེ་བ་ཉིད་ཀྱི་ཕྱིར་མཛད་པ་པོ་གྲུབ་པའི་དབང་ཕྱུག་རྙེད་པར་དཀའ་བའི་ཐེག་པ་མཆོག་ལ་རིམ་གྲོར་བགྱི་བ་མི་དམན་པ་དག་ལྷུར་ལེན་པ་གདུལ་བྱ་དབང་པོའི་རིམ་པ་ཇི་སྙེད་པར་གྱུར་པ་དག་ལ། ཉེ་རིང་བར་གྱུར་པ་མི་མངའ་བའི་ཐུགས་བརྩེ་བ་ཆེན་པོ་ཁོ་ནས་ལེགས་པར་འདོམས་པ་འདི་ནི་ལུང་དང་རིགས་པ་དང་མན་ངག་གིས་ཉེ་བར་བརྒྱན་པ་ཁོ་ནའོ། །འདི་ལ་གསུམ་སྟེ། གང་དུ་དབང་བསྐུར་བ་ཡུལ་གྱི་ཁྱད་པར། གང་གིས་བསྐུར་བ་བྱེད་པ་པོའི་ཁྱད་པར། ཇི་ལྟར་བསྐུར་ཚེ་དགོས་པའི་ཁྱད་པར་གང་འགྲུབ་པའོ། །དང་པོ་ནི། མཁས་པས་འཆད་པའི་ཚེ་དོན་དམ་པའི་ལུས་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་བཞི་ལ་ངོས་འཛིན་པ་ཉིད་དུ་ཁྱད་པར་མེད་ཀྱང༌། ལས་དང་པོ་པས་ཀུན་རྫོབ་ཏུ་རྣམ་སྨིན་གྱི་ལུས་སུ་གྱུར་པའི་དཀྱིལ་འཁོར་བཞི་པོ་དག་ལ་དང༌། ལམ་དུ་ཞུགས་པས་གཙོ་བོའི་སྐུ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ལས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་བཞི་པོ་དག་ལའོ། །ནང་གི་བསྐྱེད་རིམ་ཙམ་ལ་གཙོ་བོར་བྱེད་པའི་ཚེ་ནི་ནང་དབྱིབས་ཀྱི་ལུས་ལ་ནང་གི་བུམ་དབང་ཙམ་བླངས་པས་མི་ཆོག་པར་མེད་མོད། ལམ་དུས་སུ་རྫོགས་རིམ་གྱི་དབང་ལེན་པའི་ཚེ་ནི་དཀྱིལ་འཁོར་གཞན་གསུམ་ལའང་དབང་རྒྱས་པ་མེད་མི་རུང་དུ་ལེན་དགོས་ཏེ། ཀུན་རྫོབ་པའི་ལུས་ལ་དབང་རྒྱས་པར་བསྐུར་བས་དོན་དམ་པའི་ལུས་དང་རྒྱུད་གྲོལ་ལམ་དུ་བྱེད་དགོས་པའི་ཕྱིར། དབང་ཆུ་རྒྱུན་གཅིག་པ་ཙམ་གྱིས་ནི་ལམ་དུས་ཀྱི་དབང་གི་ཆུ་བོ་མི་ནུབ་པར་བྱེད་ནུས་ཀྱང་དེ་ཙམ་གྱིས་གྲོལ་ནུས་པ་མ་ཡིན་ཏེ། དཀྱིལ་འཁོར་བཞི་ཀ་གསལ་མ་ཐེབས་ཤིང་གནད་དུ་མ་བསྣུན་པའི་ཕྱིར། གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུ་བཤད་པ་རྣམས་ཚང་བར་དཔོན་སློབ་གཉིས་ཀས་བརྡ་འཕྲོད་པ་ཙམ་དུ་མ་ཟད། དཔོན་སློབ་གཉིས་ཀ་ཡང་གཞི་དུས་སུ་རྒྱུད་རང་བཞིན་རྣམ་དག་གི་སངས་རྒྱས་སུ་སྒྲོ་འདོགས་ཆོད་པ་ཞིག་དགོས་ཏེ། གདུལ་བྱའི་ཁྱད་པར་འགའ་ཞིག་རྗེས་གཟུང་བའི་ཕྱིར་དུ་བདེ་གཤེགས་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གསུངས་པ་དང༌། གདུལ་བྱ་དབང་པོ་རྟུལ་འབྲིང་ཁ་ཅིག་ལ་ཐུན་མོང་ལམ་གྱི་སྦྱངས་པ་སྔོན་དུ་འགྲོ་དགོས་པར་འཆད་པ་ཡང་དོན་དེ་ལ་དགོངས་པའི་ཕྱིར། དབང་བསྐུར་མཛད་པའི་བླ་མ་ནི། །འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་སོགས་ལྟར། རང་བཞིན་ལྷུན་གྲུབ་ཀྱི་སྐུ་བཞི་པོའི་ངོ་བོ་ཉིད་དུ་གནས་པ་དེ་ལ་བྱེད་ལས་ཀྱིས་སོ་སོར་ཕྱེ་སྟེ། གང་གིས་བསྐུར་བའི་བླ་མ་རྟེན་ལུས་རང་བཞིན་རྣམ་དག་གི་ངོ་བོར་གྱུར་པ་ཉིད་ཀྱིས། གང་ལ་བསྐུར་བའི་སློབ་མ་རྟེན་ལུས་རང་བཞིན་རྣམ་དག་གི་ཡེ་ཤེས་སུ་གནས་ཤིང་ངོ་འཕྲོད་པ་དེ་ལ། གང་དུ་བསྐུར་བ་དོན་དམ་ལུས་ཀྱི་དཀྱིལ་འཁོར་ཉིད་དུ། གང་བསྐུར་བ་དོན་དམ་པའི་བུམ་དབང་སྟེ། སངས་རྒྱས་རིགས་དྲུག་རྡོ་རྗེ་སློབ་དཔོན་ཏེ། བདུན་པོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་བརྡ་སྤྲོད་པའོ། །རྡོ་རྗེ་སློབ་དཔོན་གྱི་ངོས་འཛིན་ཡང་དམ་ཚིག་གསུམ་དབྱེར་མེད་དུ་གྱུར་པའི་ཆོས་དབྱིངས་ལ་བྱ་བ་ཡིན་གྱི། རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་གང་ཟག་ལ་ངོས་བཟུང་ན་ནི། བདག་ཏུ་སྨྲས་པའི་གཞུང་ཆེན་པོ་བཙུགས་པར་སོང་ངོ༌། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་སོ་སོར་སྦྱར་ནས། གང་གིས་དང༌། གང་ལ་དང༌། གང་དུ་དང༌། གང་བསྐུར་བ་བཞི་པོ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་སྟེ། རྩ་ཡི་གེ་དང༌། ཁམས་བདུད་རྩི་དང༌། སྙིང་པོ་ཡེ་ཤེས་རླུང་སྟེ། གསུམ་པོ་སོ་སོའི་ངོ་བོ་ཉིད་དུ་གནས་པའི་བླ་མ་དང༌། དེར་གནས་པའི་སློབ་མ་དང༌། དེར་གནས་པའི་དཀྱིལ་འཁོར་དག་དུ། དེ་ལྟར་གནས་པའི་གསང་བ། ཤེས་རབ། བཞི་པ་རྣམས་བསྐུར་བར་བྱའོ། །དུས་དེར་མཁས་པས་འཆད་པའི་ཚེ་ནི་རློམ་སོང་ལམ་བྱེད་གསུམ་ག་དོན་དམ་པའི་དཀྱིལ་འཁོར་ཉིད་ཀྱི་དབང་དུ་བྱེད་ལ། མི་མཁས་པ་དག་དད་པས་རྗེས་སུ་འབྲང་བའི་ཚེ་ནི། ཇི་སྐད་བཤད་པ་དེ་ཐམས་ཅད་ཀུན་རྫོབ་རྣམ་ཤེས་ཀྱི་ངོ་དབང་བཙན་པ་དང༌། རློམ་སོང་ལམ་བྱེད་གསུམ་ག་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱི་དབང་དུ་བྱས་པས་འབྲས་བུ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་དོ། །ཚོགས་དེ་རྣམ་ཤེས་ཀྱི་ངོར་བསགས་ཀྱང་རྫོགས་པ་ནི་ཡེ་ཤེས་ཉིད་ལ་ཡིན་ཏེ། བྱེད་པ་པོ་རང་གི་རྒྱུད་ལ་རྫོགས་དགོས་པའི་ཕྱིར། རྫོགས་པ་དེའི་འབྲས་བུ་ནི་གཞན་སྣང་དུ་སྨིན་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་དེ་ནི་གཙོ་བོར་སྤྱི་ཙམ་ནས་གཞན་དོན་དང༌། ཁྱད་པར། གཟུགས་སྐུའི་སྣང་བ་གདུལ་བྱ་གཞན་ལ་འཆར་བའི་ཆེད་དུ་ཡིན་པས་སོ། །བཤད་མ་ཐག་པ་དོན་དམ་པའི་དབང་དེ་ནི་ཚོགས་གཉིས་ལས་ཡེ་ཤེས་ཀྱི་ཚོགས་སུ་འཆད་དགོས་པ་ཡིན་མོད་ཀྱང༌། གཞན་དུ་གྲགས་པ་ལྟར་རང་དོན་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སྔོན་མེད་གསར་དུ་སྒྲུབ་པའི་ཕྱིར་ནི་མ་ཡིན་ཏེ། དང་པོའི་སངས་རྒྱས་དང་གཞི་འབྲས་དབྱེར་མེད་ཀྱི་རྣམ་གཞག་ངོས་འཛིན་པའི་སྐབས་འདིར། ཆོས་ཀྱི་སྐུའི་དབང་དུ་བྱས་པའི་རང་དོན་གྱི་ཡོན་ཏན་གཞི་དུས་སུ་མེད་པ་གསར་དུ་སྒྲུབ་དགོས་པའི་རྣམ་གཞག་མི་འབྱུང་བའི་ཕྱིར། འོ་ན་དོན་དམ་པའི་ཚོགས་གསོག་གློ་བུར་བ་དེ་ཅི་ཞིག་བྱ་ཞེ་ན། བྱེད་པ་པོ་ལ་ཡོད་པའི་ཡེ་ཤེས་ཀྱི་འཕྲིན་ལས་དོན་དམ་པའི་སེམས་ཅན་གཞན་ལ་མྱུར་དུ་འཇུག་པའི་ཕྱིར་ཡིན་ཏེ། རྒྱུ་དེ་མེད་ན་འབྲས་བུ་དེ་དག་མི་འབྱུང་བའི་ཕྱིར། གཞི་དུས་ཀྱི་གནས་སྐབས་བཞིན་ནོ། །གལ་ཏེ། དོན་དམ་པའི་སེམས་ཅན་འབད་མེད་དུ་གྲོལ་བར་འགྱུར་ཏེ། ཡེ་ཤེས་ཀྱི་ཚོགས་ལ་མ་རེག་པར་ཆོས་ཀྱི་སྐུའི་ཡོན་ཏན་མ་ལུས་པ་གྲུབ་ཟིན་པའི་ཕྱིར། ཞེ་ན། རང་བཞིན་རྣམ་དག་དབང་དུ་བྱེད་ན་ནི་འདོད་ཐོག་ཉིད་ཀྱི་ཕྱིར་ཧ་ཅང་ཐལ་བ་མེད་ལ། གློ་བུར་རྣམ་དག་ལ་བསམས་ན་ནི་མ་ངེས་པ་ཉིད་དེ། དེར་ནི་རྣམ་ཤེས་ཀྱི་ངོར་དྲི་མ་སྤོང་བའི་རྣམ་གཞག་མཛད་ལ། འདིར་ནི། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་དང༌། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་པ་ཉིད་སྒྲ་ཇི་བཞིན་པར་འཆད་པས་སོ། །གསུམ་པ་ལ་དོན་དམ་པའི་དབང་བསྐུར་བ་དང༌། ཉམས་སུ་བླངས་པ་ལས་འབྲས་བུ་གང་འབྱུང་བ་དང༌། ཀུན་རྫོབ་པའི་དེ་དང་དེ་ལས་འབྲས་བུ་གང་འབྱུང་བའོ། །དང་པོ་ནི། དོན་དམ་པའི་དབང་བསྐུར་བས་ནི་གཞིའི་དུས་ཉིད་ནས་བདེན་གཉིས་དབྱེར་མེད་དུ་བརྡ་འཕྲོད་པར་བྱེད་ལ། བསྐུར་བ་དེ་ཉམས་སུ་བླངས་པས་ནི་ཟུང་འཇུག་གི་ཡེ་ཤེས་མྱོང་བཞིན་པ་ཉིད་དུ་དང༌། འབྲས་བུའི་དུས་སུ་ནི་མྱོང་བ་མཐར་ཐུག་པའི་ཚུལ་གྱིས་སྐྱེ་བའོ། །དེ་བཞིན་དུ་དོན་དམ་པའི་ངག་སེམས་ཡེ་ཤེས་གསུམ་ལ་དོན་དམ་པའི་གསང་དབང་སོགས་བསྐུར་བས་ངག་སེམས་ཡེ་ཤེས་ཀྱི་དབང་དུ་བྱས་པའི་བདེན་གཉིས་མེད་དུ་བརྡ་འཕྲོད་པ་དང༌། ཉམས་མྱོང་རིམ་བཞིན་པ་དང་མཐར་ཐུག་པར་སྐྱེ་བའོ། །འདི་ཡང་ཡུལ་ཅན་གྱི་རིམ་པ་ལ་བསམས་མོད། ཡུལ་འཁོར་འདས་དབྱེར་མེད་ལ་ནི་སྐྱེ་ཚུལ་གྱི་རིམ་པ་མི་བཞེད་དོ། །གཉིས་པ་ནི། ཀུན་རྫོབ་པའི་དཀྱིལ་འཁོར་རྣམ་པ་བཞི་ལ། ཀུན་རྫོབ་པའི་དབང་བཞི་བསྐུར་བ་དང་ཉམས་སུ་བླངས་པ་ལས་འབྲས་བུ་ཇི་ལྟར་འབྱུང་བ་ནི། དབང་བསྐུར་བས་ནི་ཐ་མལ་གྱི་སྣང་བ་ལ་ཇི་ལྟར་སྣང་བ་དེ་ལྟ་ཉིད་དུ་ཞེན་པ་མ་སྐྱེས་སམ་མི་སྐྱེ་བ་ཉིད་དུ་དགོས་པའི་བརྡ་འཕྲོད་པར་བྱེད། ཉམས་སུ་བླངས་པས་ནི་ཀུན་རྫོབ་ཀྱི་སྣང་བྱ་དྲི་མར་ཤེས་ཤིང༌། དྲི་མ་དེ་སེལ་བྱེད་ལྷ་དང་ཡེ་ཤེས་སུ་མྱོང་བ་རིམ་བཞིན་པ་ཉིད་དུ་སྐྱེའོ། །དབང་ཉམས་སུ་ལེན་ཚུལ་གཉིས་པོ་དེའི་ངོ་བོའི་ཁྱད་པར་ནི་སྔ་མ་ཡེ་ཤེས་འབའ་ཞིག་གི་དང༌། ཕྱི་མ་རྣམ་ཤེས་དང་ཡེ་ཤེས་རེས་འཇོག་གི་ཉམས་ལེན་དང༌། བྱེད་ལས་ཀྱི་ཁྱད་པར་སྔ་མ་ཡེ་ཤེས་ཀྱི་ཚོགས་འབའ་ཞིག་དང༌། ཕྱི་མ་ཚོགས་གཉིས་ཟུང་དུ་འབྲེལ་བའི་དབང་དུ་བྱས་པ་དང༌། ཡུལ་ཅན་གྱི་ཁྱད་པར་ཡེ་ཤེས་འབའ་ཞིག་པའི་དང༌། རྣམ་ཤེས་དང་ཟུང་དུ་འབྲེལ་བས་ཡུལ་དུ་བྱས་པའི་ཁྱད་པར་དང༌། ཡོན་ཏན་གྱི་ཁྱད་པར་རྟོགས་པ་འབའ་ཞིག་པའི་དང༌། སྤངས་རྟོགས་ཟུང་དུ་འབྲེལ་བའི་དང༌། གནས་སྐབས་ཀྱི་ཁྱད་པར་མཉམ་གཞག་ཁོ་ན་དང༌། མཉམ་རྗེས་ཟུང་འབྲེལ་གྱི་སྐབས་དང༌། ཤེས་བྱའི་ཁྱད་པར་དོན་དམ་འབའ་ཞིག་པ་དང༌། བདེན་གཉིས་ཟུང་འབྲེལ་གྱི་དབང་དུ་བྱས་པའོ། །གལ་ཏེ་འོ་ན། ཡེ་ཤེས་འབའ་ཞིག་པའི་དབང་བཞི་བསྐུར་བ་དོན་མེད་དུ་འགྱུར་ཏེ། རང་བཞིན་ཆོས་ཀྱི་སྐུ་ལ་ཆོས་སྐུའི་ཡོན་ཏན་ཡོངས་སུ་རྫོགས་པ་ནི་གཞི་དུས་སུ་གྲུབ་ཟིན། གདུལ་བྱ་གཞན་ལ་གཟུགས་སྐུར་སྣང་བ་ནི་རྣམ་ཤེས་ཀྱི་ངོར་བསོད་ནམས་ཀྱི་ཚོགས་ལ་རག་པའི་ཕྱིར་ཞེ་ན། མ་ངེས་པ་ཉིད་དེ། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་གཞན་དོན་གྱི་སྐུ་གཉིས་པོ་རེ་རེ་ལ་ཡང་བདེན་པ་གཉིས་གཉིས་སུ་འབྱེད་པས་སོ། །དེ་ལྟ་ན་ཡང་སྔ་མ་བཞིན་དུ་ཐལ་བར་འགྱུར་ཏེ། གཞི་དུས་ན་སྒྲིབ་པ་མེད་པས་ལམ་དུས་སུ་བསལ་བཞག་མེད་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་ཞེ་ན། སྤྱིར་ཀུན་རྫོབ་དང་རྣམ་ཤེས་ཀྱི་ངོར་བསལ་བཞག་ཡོད་པ་དང༌། དོན་དམ་དང་ཡེ་ཤེས་ཀྱི་ངོར་བསལ་བཞག་མེད་པའི་ཚུལ་གོང་དུ་བཤད་ཟིན་པ་དང་ཕྱིས་ཀྱང་འཆད་པར་འགྱུར་མོད། འདིར་ནི་ངེས་པའི་དོན་ཉིད་དབང་བཙན་པར་བྱེད་པ་དེའི་ཚེ་སྔགས་དང་བྱམས་ཆོས་ཀྱི་སྲོལ་དག་ན། དྲི་མ་ཟད་མེད་དང་སྐྱེ་མེད་ཀྱི་དགོངས་པ་དྲི་མ་ནི་ཡེ་ཤེས་ལྟར་གདོད་མ་ནས་ཡོད་མ་མྱོང་བས་ན། འདས་པ་དང༌། ད་ལྟར་བ་ནི་སེལ་མི་དགོས་ཤིང་ཡོད་ཀྱང་སེལ་མི་ནུས་ལ། མ་འོངས་པ་མི་སྐྱེ་བའི་ཚུལ་ལ་གཉིས་ཏེ། མ་སྐྱེ་བའི་ཆོས་ཅན་སྐྱེ་མི་སྲིད་པ་དང༌། སྐྱེ་རུང་གཉེན་པོའི་སྟོབས་ཀྱིས་སྐྱེ་མི་སྲིད་པ་ཉིད་ལས། དང་པོ་བརྟགས་མིན་གྱིས་འགོག་པའི་ལག་རྗེས་དང༌། ཕྱི་མ་བརྟགས་འགོག་གི་ལག་རྗེས་སུ་ཆོས་མངོན་པ་བ་དག་འཆད་པ་དང་ཆ་མཐུན་པར་ཡེ་ཤེས་ཀྱི་ཚོགས་གསོག་ཉམས་སུ་བླངས་པ་ལས་སོ། །སྐྱེ་རུང་དེ་བརྟགས་པ་མཐར་གཟུང་བའི་ཚུལ་གྱིས་སྐྱེས་སྲིད་ཀྱང་དུས་མི་མཚུངས་པའི་ཕྱིར། སང་ཉིན་གྱི་མུན་པས་དེ་རིང་གི་ཉི་མ་མི་འགྲིབ་པ་བཞིན་ནོ། །དུས་མཉམ་པས་འགྲིབ་བོ་ཞེ་ན། གཞི་དུས་ཀྱི་ཆོས་སྐུ་ལ་དུས་མཉམ་གྱི་སྒྲིབ་བྱེད་དང་དྲི་མ་སྲིད་ན། དྲི་མ་རང་བཞིན་གྱིས་དག་པའི་སངས་རྒྱས་སུ་འཆད་པར་མི་ནུས་སོ། །གལ་ཏེ་དེ་ལྟར་ན། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཁྱེད་ལ་ཡང་དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་འཆད་མི་ནུས་པར་འགྱུར་ཏེ། ཡོད་ན་སྤངས་པར་འགལ་བ་ཉིད་དུ་བྱམས་པས་གསུངས་པའི་ཕྱིར། དེ་བདེན་པར་ཡོད་པའི་དབང་དུ་མཛད་དོ་ཞེ་ན། ཡོད་ན་བདེན་པར་ཡོད་དགོས་ཏེ། བརྫུན་ན་ཡོད་པར་འགལ་བའི་ཕྱིར་རོ། །གལ་ཏེ་གསང་སྔགས་བླ་མེད་ཀྱིས་དང་པོའི་སངས་རྒྱས་གོ་ཆོད་པོ་གཞི་དུས་ཉིད་ནས་གྲུབ་ཟིན་པར་འཆད་པ་དེ། དཔལ་དང་པོའི་སངས་རྒྱས་ལེགས་པར་ངོས་ཟིན་པའི་གོ་དོན་དུ་འཆད་པ་དང༌། ལམ་དུས་སུ་ཡེ་ཤེས་ཀྱི་ཚོགས་བསགས་པས་སྒྲིབ་པ་མ་འོངས་པ་སྤོང་བ་དང༌། གཞན་དོན་གྱི་སྐུར་སྔར་མེད་གསར་དུ་གྲུབ་པར་ཁས་ལེན་པ་ནི་ནང་འགལ་ཏེ། ལུགས་ཕྱི་མ་དེ་ནི་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེ་ན། ལུགས་གཉིས་ཀ་དཔྱད་པས་རྣམ་པར་དག་ཀྱང་མི་འགལ་བ་ནི། ཡུལ་ཅན་རྣམ་ཤེས་དང་ཡེ་ཤེས་ཀྱི་དབང་དུ་བྱས་པ་འོག་ཏུ་འཆད་ལ། འདིར་ཡེ་ཤེས་འབའ་ཞིག་གི་དབང་དུ་བྱས་པའི་ཚེ་ཡང༌། ཟག་མེད་ཀྱི་རྟོགས་པའི་ཡོན་ཏན་དང་ཡེ་ཤེས་སྔར་མེད་གསར་དུ་སྒྲུབ་མི་དགོས་ཀྱང༌། སྤངས་པའི་ཡེ་ཤེས་སྔར་མེད་གསར་དུ་འགྲུབ་པ་ནི་གྲུབ་ཟིན་གྱི་ཆོས་སྐུ་དེ་ཉིད་སླར་ལམ་དུ་བྱས་པའི་མཐུ་ལས་འབྱུང་བ་ཡིན་ཏེ། འཇིག་རྟེན་ན་རྐུན་པོ་ནང་དུ་འཇུག་པ་ཞིག་གནས་ཚུལ་ལ་མི་སྲིད་ཀྱང༌། སྒོ་བཅད་མ་བཅད་ཀྱི་ཁྱད་པར་ཡོད་པ་བཞིན་ནོ། །དེ་བཞིན་དུ་ཆོས་སྐུའི་ཡོན་ཏན་སྟོབས་སོགས་གདོད་མ་ནས་གྲུབ་ཟིན་ཀྱང་ཡོན་ཏན་དེ་དག་དང་བཅས་པའི་གཟུགས་སྐུའི་རྣམ་པ་གཞན་དུ་འཆར་བ་ནི། ཆོས་སྐུ་འབའ་ཞིག་ལམ་བྱེད་ཀྱི་མཐུ་ལས་འབྱུང་དགོས་པ་ཡིན་ཏེ། དཔེར་ན། ནོར་བུའི་རིན་པོ་ཆེའི་རྒྱལ་མཚན་གྱི་རྩེ་མོར་གསོལ་བ་བཏབ་མ་བཏབ་ཀྱི་ཁྱད་པར་བཞིན་དང༌། མཚོན་རྣོན་པོ་ཤུབས་ནས་མི་འདོན་པར་བཞག་པ་དང་རྐྱེན་དབང་ལས་སྐད་ཅིག་གཉིས་པར་ཤུབས་ནས་འབྱུང་བའི་ནུས་པ་མཐུ་ཅན་དུ་གྱུར་པའི་གནས་སྐབས་བཞིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་བདེ་དགྱེས་ཀྱི་ལམ་དང་དེའི་ཉམས་ལེན་ལ་མཆོག་ཏུ་གཅེས་པ་དང་ཞལ་འཛིན་དུ་ཁས་ལེན་པ་མང་པོ་དག་གི་ཐུགས་ལ་བཞུགས་ཀྱང༌། ཞལ་དུ་མི་འདོན་པ་མང་པོ་པ་དེ་དག་གི་རྗེས་འཇུག་སླད་ནས་འབྱོན་པ་རྣམས་ལ་ལུང་རིགས་ཀྱི་སྤོབས་པ་མི་ཟད་པ་འབྱུང་བའི་ཕྱིར་འདི་སྐད་ཅེས། འདིར་ལུས་ཀྱི་དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་ལུས་སོ། །འཁོར་ནི་རྟེན་བརྟེན་པར་གྱུར་པ་དག་གོ །ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མིང་གི་རྣམ་གྲངས་ནི་དཔལ་དང་པོའི་སངས་རྒྱས་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། བརྗོད་བྱ་དོན་གྱི་རྒྱུད་དང༌། དོན་དམ་པའི་སེམས་ཅན་དང༌། བདག་དམ་པ་དང༌། འཁོར་འདས་ཀུན་གྱི་བྱེད་པ་པོ་དང༌། འཁོར་འདས་དབྱེར་མེད་དང༌། དོན་དམ་པའི་འཇམ་དཔལ་དང༌། དེ་ལ་ཡང་མཚན་གྱི་རྣམ་གྲངས་བརྒྱ་དང་དྲུག་བཅུ་རྩ་གཉིས་མཚན་བརྗོད་ལས་གསུངས་པ་དང༌། ཨེ་ཝཾ་དང༌། རང་བཞིན་ལྷན་སྐྱེས་དང༌། གསལ་སྟོང་ཟུང་འཇུག་སོགས་གྲངས་ལས་འདས་པའི་མིང་ཅན་འདིས་མ་ཁྱབ་པའི་ཤེས་བྱ་ནི་སྲིད་པ་མ་ཡིན་ཏེ། ཤེས་བྱའི་ཁྱད་པར་རེ་རེ་ལ་དཔེར་ན། ཀུན་རྫོབ་པའི་སེམས་ཅན་དང༌། དོན་དམ་པའི་སེམས་ཅན་དང་གཉིས་གཉིས་སུ་ཕྱེ་བ་ལྟ་བུས་ཤེས་བྱ་ཐམས་ཅད་མཚོན་པར་ཡུམ་རྒྱས་འབྲིང་ལས་གསུངས་པའི་ཕྱིར་དང༌། འཆད་ཚུལ་འདི་ཉིད་རྒྱུད་འཆད་པའི་ཚེ་གཞུང་བཞིན་དུ་མ་ཁྱེར་ན་ཇི་བཞིན་འཆད་མི་ཤེས་པའི་ཕྱིར། དེ་ལྟར་གཉིས་སུ་ཕྱེ་བའི་དུས་ཀྱི་ཀུན་རྫོབ་ཏུ་གང་བཤད་པ་དེ་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ་བརྫུན་པ་དང་བསླུ་བའི་ཕྱིར། ཡོད་པ་དང་གནས་ཚུལ་ནི་དོན་དམ་པར་གང་བཤད་པ་དེ་དག་གོ །དེ་དག་གི་ནང་ནས་གསང་སྔགས་སུ་ནི་མ་རིག་པའི་དབང་གིས་གཟུང་འཛིན་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ཀུན་རྫོབ་དང༌། དེ་དང་བྲལ་བའི་ཡེ་ཤེས་གང་ཡིན་པ་དེ་ནི་དོན་དམ་པའི་ངོས་འཛིན་ནོ། །མེད་པ་དང་བྲལ་བ་ཡང་གདོད་མ་ནས་ཡིན་གྱི། གློ་བུར་སྤངས་པ་ལ་ངོས་འཛིན་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོར་ཞུགས་ནས་སྤང་བྱ་དྲི་མའི་ཆོས་རྣམས་ཀྱི་ངོས་འཛིན་དེ་དང་དེར་སྣང་བའི་རྣམ་རིག་ཅེས་པ་ཙམ་ལས་ངོས་འཛིན་གཞན་འཆད་མི་ནུས་ལ། དེའི་ཚེ་རིག་པ་ཞེས་སྦྱར་བ་ནི་སེམས་ཀྱི་ངོ་བོ་གསལ་རིགས་ལ་འཆད་ནུས་པ་མ་ཡིན་ཏེ། དེ་ལྟར་བཤད་ན་དྲི་མ་སེམས་ཀྱི་གནས་ཚུལ་ལ་ཞུགས་པར་སོང་བའི་ཕྱིར་དང༌། སེམས་ཀྱི་རང་བཞིན་འོད་གསལ་ཡིན་པ་གཏན་ཚིགས་སུ་བཀོད་ནས། ཉོན་མོངས་པའི་ངོ་བོ་གདོད་མ་ནས་ཡོད་མ་མྱོང་བ་ཉིད་དུ་བསྒྲུབས་པའི་ཕྱིར། གལ་ཏེ་ཤེས་བྱ་གཟུང་འཛིན་དང༌། སྤང་བྱ་སྒྲིབ་པ་དང༌། ཐབས་མཁས་ཀུན་རྫོབ་ཀྱི་བདེན་པ་སོགས་གང་ཡང་ཡོད་པར་ཁས་མི་ལེན་ན། སངས་རྒྱས་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་ཚུལ་ལ་སྐུར་པ་བཏབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་དག་པ་འཁོར་བའི་ཆོས་རྣམས་སྣང་ཡུལ་དུ་བྱས་ནས་མཁྱེན་པ་ནི་སངས་རྒྱས་ལ་མངའ་བའི་ཇི་སྙེད་པ་མཁྱེན་ཚུལ་དུ་བཤད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གཟིགས་པ་ལ་བཤད་པའི་ཕྱིར། དེ་བས་ན་དོན་དམ་པའི་སེམས་ཅན་དང་དོན་དམ་པའི་སངས་རྒྱས་ལས་མ་གཏོགས་པའི་ཆོས་གཞན་ནི་གང་ཡང་ཡོད་པ་མ་ཡིན་པ་དང༌། གཉིས་པོ་དོན་གཅིག་ལ་འདུ་བ་དང༌། གཅིག་པུ་དེ་ཡང་ཆོས་དབྱིངས་ཡེ་ཤེས་ཉིད་ཀྱི་ཕྱིར། སྐབས་སོ་སོར་མ་ཕྱེ་ན་དྲི་བཅས་དེ་བཞིན་ཉིད་ཀྱི་ཐ་སྙད་ལེགས་པ་མ་ཡིན་ཏེ། བསལ་བཞག་ཅི་ཡང་མེད་པར་གྲུབ་པའི་སྐབས་ཡིན་པས་སོ། །ཡོན་ཏན་མཐའ་དག་གདོད་མ་ནས་ཚང་ཡང་དུས་དེར་དྲི་མ་སྤངས་པ་དང་དེའི་གཉེན་པོ་ཁས་མི་ལེན་ཏེ་ཡོད་མ་མྱོང་བ་ལ་གཉེན་པོ་མི་འཇུག་པའི་ཕྱིར། འབྲས་བུ་ལམ་བྱེད་ཀྱི་ཉམས་ལེན་དངོས་གཞིའི་ཚེ་ན། འབྲས་བུ་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གང་ཞིག་ལམ་དུ་བྱེད་ཀྱང༌། སྟོབས་སོགས་དང་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཀུན་ཚང་བ་ཉིད་དུ་བརྡ་འཕྲོད་པར་བྱས་ནས། དེ་ཉིད་ངའོ་ཞེས་སོམ་ཉིད་དང་བྲལ་བའི་སྒོ་ནས་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཉིད་གོམས་པར་བྱེད་པ་ནི་ཡིན་ལ། ང་ཉིད་སྒྲིབ་པ་མ་ལུས་པར་སྤངས་པའི་སངས་རྒྱས་སོ་ཞེས་གོམས་པར་བྱེད་དུ་ནི་གནས་སྐབས་གང་དུ་ཡང་མ་བཤད་པ་དང༌། དེ་བཞིན་གཤེགས་སྙིང་ངོས་འཛིན་པའི་མདོ་རྒྱུད་གང་དུ་ཡང་ཟག་མེད་ཀྱི་ཡོན་ཏན་ཀུན་ཚང་དུ་འཆད་ཀྱང༌། དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ཀུན་སྤངས་སུ་མི་འཆད་པ་དང༌། སྤངས་པར་མི་འཆད་ཀྱང་གདོད་མ་ནས་ཡོད་མ་མྱོང་བ་འཆད་པ་དང༌། ཐེག་ཆེན་འཕགས་པས་ཤེས་བྱ་ཇི་སྙེད་པའི་མཁྱེན་ཚུལ་བདེ་བར་གཤེགས་པའི་སྙིང་པོས་ཤེས་བྱ་མཐའ་དག་ལ་ཁྱབ་པ་དང༌། ཇི་ལྟ་བའི་མཁྱེན་ཚུལ་སྙིང་པོ་དེ་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མ་གཟིགས་པ་ལ་འཆད་པ་དང༌། སྙིང་པོས་ཀུན་ལ་ཁྱབ་ཀྱང་ལམ་དུ་གོམས་པར་མ་བྱས་ན་མི་མཐོང་བ་དང༌། རང་བཞིན་རྣམ་དག་གི་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་ཚང་དེ་ལ་མངོན་སུམ་ཏུ་མཐོང་མི་མཐོང་གི་ཆ་གཉིས་མི་འབྱུང་ཡང༌། གློ་བུར་རྣམ་དག་གི་དེ་བཞིན་གཤེགས་སྙིང་ཡོངས་སུ་རྫོགས་པར་མཐོང་བ་ལ་ལམ་ལྔ་ས་བཅུའི་རིམ་པས་མཐར་ཕྱིན་པ་ཉིད་དུ་བྱེད་དགོས་པར་བཤད་དོ། །དེ་ལྟར་བཤད་པའི་ཚུལ་འདི་ནི་བདེ་དགྱེས་ཀྱི་ལམ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་གང་ཡིན་པ་དང༌། དེ་འདྲ་དེ་ཐབས་གང་ལ་བརྟེན་ནས་བརྡ་འཕྲོད་པ་དང༌། འཕྲོད་ནས་ཇི་ལྟར་ཉམས་སུ་ལེན་པ་དང༌། གཞི་དུས་སུ་ཟག་མེད་ཀྱི་ཡོན་ཏན་ཚང་ཡང་ཟག་བཅས་ཀྱི་ཡོན་ཏན་ས་ལམ་གྱི་རིམ་པ་ལ་ལྟོས་པར་ཤེས་དགོས་པ་དང༌། རང་བཞིན་རྣམ་དག་གི་གཞི་འབྲས་ལ་ཡོན་ཏན་གྱི་དབྱེ་བ་མེད་ཀྱང་གློ་བུར་རྣམ་དག་གི་གཞི་འབྲས་ལ་དབྱེ་བ་ཡོད་པར་བསྟན་པས་འཇུག་བསྡུ་བ་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་རྣམ་གཞག་གནས་སྐབས་གང་དུ་དབང་བཙན་དཔྱད་པའི་སྒོ་ནས་ལུས་ཅན་འབད་མེད་དུ་གྲོལ་བའི་བརྒལ་ལན་གྱི་ཚུལ་རྣམས་ཤེས་པ་ཡིན་ནོ། །དེ་ནས་ལཱུ་ཧི་པའི་གཞུང་དུ་སྒོང་སྐྱེས་སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་ཇི་ལྟར་སྒྲུབ་པའི་རིམ་པ་ནི། བསྲུང་འཁོར་གྱི་རྗེས་སུ་སྣང་བཅས་ཀྱི་ཡེ་ཤེས་ཚོགས་གསོག་གི་མཉམ་གཞག་ལས་མ་ལངས་པའི་ངང་ཉིད་ནས་སྣ་ཚོགས་པདྨའི་སྟེང་དུ་དབྱངས་གསལ་གྱི་ཡི་གེ་ཕྲག་གཉིས་གཞི་གདོད་མ་ནས་གྲུབ་པའི་མཚན་དཔེའི་རང་བཞིན་ཅན་ཉི་ཟླའི་རྣམ་པར་ཤར་བ་ཁ་སྦྱོར་གྱི་དབུས་སུ། སྒྲུབ་པ་པོ་རང་གི་གདོད་མའི་ཡེ་ཤེས་ཧཱུྃ་ཡི་གེ་རྣམ་པས་ཞུགས་པ་ནི་གཞི་དུས་ཀྱི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དོ། །དེའི་སྟེང་མཐོ་གང་ཙམ་གྱི་བར་སྣང་ལ་ཡི་གེ་འབྲུ་གསུམ། པདྨ་ཟླ་བ་ཧཱུྃ་ཡིག་རྣམས་རིམ་པར་བརྩེགས་པ་ནི་གཞི་གདོད་མ་ཉིད་དུ་གྲུབ་པའི་བདེ་མཆོག་འཁོར་ལོ་རིམ་པ་ལྔ་དང་བཅས་པའི་ངོ་བོ་ཉིད་དེ་མངོན་བྱང་གསུམ་པ་ཉིད་དུ་གཏོགས་པ་དང༌། དེའི་རྗེས་སུ་ཨོཾ་ནས་མས་རིམ་གྱིས་གོང་མ་དག་ཏུ་ཐིམ་སྟེ། ནཱ་ད་ཡང་འཁྱོག་པོའི་དབྱིབས་བོར་ནས་སྒྲ་ཙམ་གྱི་ངོ་བོ་ཉིད་ཀྱིས་བབས་ནས་ཚུལ་ཞེས་བྱ་བའི་མིང་ཅན་ཉི་ཟླའི་བར་གྱི་ཧཱུྃ་ལ་ཐིམ་པ་དང་གསུམ་པོ་རོ་གཅིག་ཏུ་འདྲེས་པར་གྱུར་པ་ནི་མངོན་བྱང་བཞི་པ་སྟེ། དེ་ལས་ནི་ལྔ་པ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུས་མཉམ་དུ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ནས་བསྙེན་སྒྲུབ་ཡན་ལག་བཞི་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་ནི་སྦྱང་གཞི་སྒོང་སྐྱེས་སྦྱོང་ནུས་པ་དང༌། གཙོ་བོའི་སྐུ་ལ་ལུས་ཀྱི་དཀྱིལ་འཁོར་གསལ་ཐེབས་པ་ལ་ཉམས་ལེན་དུ་བྱེད་པ་དེ་ཙམ་ནི་གཞི་དུས་ཀྱི་འཁོར་ལོ་སྡོམ་པ་ལམ་དུས་ཀྱི་མཐར་ཕྱིན་པའི་རིམ་པ་གཅིག་སྟེ་ཤིང་རྟའི་སྲོལ་ཆེན་པོ་མ་ཚང་བ་མེད་པ་ཞིག་གོ །གལ་ཏེ། མངོན་པར་རྟོགས་པའི་རིམ་པ་འདི་ལ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུའི་སྒོ་དག་ཏུ་བར་དོའི་རྣམ་ཤེས་འཇུག་པ་དང༌། དེའི་རྐྱེན་གྱིས་ཡབ་ཡུམ་བདེ་བ་ཆེན་པོར་ཞུ་བ་དང༌། ཕྱོགས་བཅུ་ནས་གླུ་ཡིས་བསྐུལ་བ་དང༌། དེའི་རྐྱེན་གྱིས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་དང༌། བཞེངས་པ་དེ་ཉིད་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་ཡན་ལག་བཞི་རྫོགས་ཀྱི་སྒོ་ནས་མཐར་ཕྱིན་པར་བྱ་སྟེ། དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བ་རྣམས་མ་ཚང་བའི་ཕྱིར། མངོན་པར་རྟོགས་པའི་ལུས་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ཞེ་ན། དེ་ལྟར་རྒོལ་བ་ཐུགས་ལ་བཞག་ནས་སྒོང་སྐྱེས་སྦྱོང་བྱེད་མ་ཡིན་པའི་ཤིང་རྟའི་སྲོལ་ལོགས་ཤིག་ཏུ་འདྲེན་པའི་ཐུགས་ཀྱི་དགོངས་པ་དང་གསུང་ཡི་གེ་བྲིས་པ་ཞིག་སྣང་མོད། དེ་ལྟ་བུའི་ལོག་པར་སེམས་པ་དེ་ནི་རྒྱུད་ཉིད་ལས། སྒོང་སྐྱེས་གླུ་ནི་མེད་པ་དང༌། །སྒྲ་དང་སྒྲ་མིན་སྤངས་པའོ། །ཞེས་དེ་ཙམ་གྱིས་མངོན་རྟོགས་ཀྱི་རིམ་པ་གཅིག་ཚང་བར་གསུངས་པ་དང༌། རྣལ་འབྱོར་དབང་ཕྱུག་གི་གཞུང་ཉིད་ལས། རྒྱུ་འབྲས་ཀྱི་རྡོར་འཛིན་བཞེངས་པའི་རྣམ་གཞག་ཟུར་ཙམ་ཡང་མ་བྱུང་བ་དང༌། གཞུང་འདི་ལ་འགྲེལ་མཛད་བརྒྱད་ཙམ་བྱུང་བར་སྣང་ཡང༌། དེ་ལྟར་རྒོལ་བའི་ཕྱོགས་དང་མཐུན་པའི་བཤད་པ་ཟུར་ཙམ་ཡང་མེད་པས་ཁྱེད་ཀྱིས་ཕྱོགས་ལ་སྒྲུབ་བྱེད་མེད་དོ། །དེ་ལ་གཞན་དག་ན་རེ། ལུགས་འདིར་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞལ་ཕྱག་གི་རྣམ་པ་ཅན་སོ་སོར་བཤད་པ་མེད་ཀྱང་དོད་ཐུབ་ཏུ་ཡོད་པ་ཡིན་ཏེ། ཉི་ཟླའི་བར་གྱི་ཧཱུྃ་ཡིག་དེ་རྒྱུའི་རྡོ་རྗེ་འཛིན་པ་ཉིད་ཡིན་པར་ཁུངས་ཐུབ་ཀྱི་བཤད་པ་མང་པོ་དག་ལས་འབྱུང་བས་སོ། །ཞེས་ཟེར་བ་འདི་ནི། རྒྱུའི་རྡོ་རྗེ་འཛིན་པར་བཤད་ཀྱང་འབྲས་བུའི་ཧེ་རུ་ཀའི་བཟླས་ཕྱེ་བ་དེར་མི་རུང་བ་མི་འཐད། ཉི་ཟླའི་བར་གྱི་ཧཱུྃ་ཡིག་དེ་བར་སྲིད་ཀྱི་འཇུག་ཡུལ་མ་ཡིན་པས་མི་འཐད། ནཱ་དའི་མིང་ཅན་དེ་བར་སྲིད་ཀྱི་ངོ་བོ་ཉིད་དུ་མི་རུང་བས་མི་འཐད་དེ། འབྲས་བུ་རྡོར་འཛིན་གྱི་བཟླས་ཕྱེ་བའི་རྒྱུའི་རྡོར་འཛིན་ནི་ཡབ་ཡུམ་ཟུང་འབྲེལ་དུ་མི་འཆད་པ་སུ་ཡང་མི་འདུག་པའི་ཕྱིར་དང༌། མངོན་བྱང་གསུམ་པའི་ས་བོན་དང་ཕྱག་མཚན་ལ་བར་དོ་འཇུག་པའི་བཤད་པ་སུས་ཀྱང་མ་མཛད་པར་མ་ཟད། འཇུག་ན་རྣལ་འབྱོར་པ་རང་གི་ཤེས་རྒྱུད་རྫས་གཞན་དུ་ཡོད་པར་ཐལ་བའི་ཕྱིར་དང༌། ནཱ་ད་ནི་སྒྲ་ཞེས་པའི་མིང་ཅན་གཞི་ལམ་ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་ཡེ་ཤེས་ཤིག་ལ་བཤད་ཀྱི། བར་དོ་ནི་གནས་ཚོད་ལ་གང་དུ་གནས་ཀྱང་བསམ་ངོར་ལས་དང་སྲེད་པས་བཅིངས་པའི་རྣམ་ཤེས་ལ་ངོས་འཛིན་དགོས་པའི་ཕྱིར། དེས་ན་སྦྱང་གཞི་སྒོང་སྐྱེས་ཀྱི་བར་དོ་འཇུག་པའི་དུས་སུ་ཕ་མ་ལ་ཆགས་སྡང་གིས་མ་ཡིན་པར་རྨོངས་པ་དང༌། གནས་པའི་ཚེ་ཁུ་རྡུལ་གྱི་དབུས་སུ་བདེ་བས་བརྒྱལ་བ་མ་ཡིན་པར་རྨོངས་པ་དང༌། འབྱུང་བའི་ཚེ་འབྱུང་འདོད་ལ་མ་ལྟོས་པར་སྒོང་ཀོགས་ཞིག་པ་ཙམ་གྱིས་ཆོག་པས་ན། སྦྱོང་བྱེད་ཀྱི་མངོན་པར་རྟོགས་པ་མངལ་སྐྱེས་དང་འདྲ་བའི་ཡན་ལག་རྣམས་ཚང་དགོས་པ་མ་ཡིན་ནོ། །དེ་ལྟར་བོད་ཕྱི་མས་ནི་མངལ་སྐྱེས་སྦྱོང་བྱེད་ཀྱི་མངོན་རྟོགས་ལ་ངེས་པར་དགོས་པ་ཉིད་དུ་བཤད་པའི་ཞུ་བ་དང་གླུས་བསྐུལ་སོགས་མེད་ཀྱང་ལཱུ་ཧི་པའི་ལུགས་འདི་མངལ་སྐྱེས་ཁོ་ནའི་སྦྱོང་བྱེད་དུ་ངེས་ཞེས་ཟེར་བ་དང༌། སྒོང་སྐྱེས་སྦྱོང་བྱེད་ཀྱི་མཚན་ཉིད་དུ་བཤད་པ་ལུགས་འདི་ལ་མི་རུང་ཞེས་ཟེར་བ་དང༌། རྒྱུ་འབྲས་ཀྱི་རྡོར་འཛིན་གཉིས་ཀ་ཞལ་ཕྱག་གི་རྣམ་པར་མ་གྲུབ་པ་ལ་དགོངས་ནས་མངལ་སྐྱེས་སྦྱོང་བྱེད་རྒྱུད་ལས་མ་བཤད་ཟེར་བ་དང༌། བསྐྱེད་རིམ་གྱི་སྒྲུབ་ཐབས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་ཟབ་ཁྱད་པར་དོའི་རྣམ་ཤེས་ཉི་ཟླའི་བར་དུ་འཇུག་པ་ལ་རག་ལས། སྐྱེ་གནས་གཞན་གསུམ་གྱི་སྦྱོང་བྱེད་ལ་དེ་ལྟར་འཇུག་པ་མི་དགོས་ཞེས་དང༌། བསྐྱེད་རིམ་སྦྱང་གཞི་ནི་མངལ་སྐྱེས་ཁོ་ནའི་དབང་དུ་བྱས་པའི་སྐྱེ་འཆི་བར་དོ་གསུམ་སྦྱོང་བྱེད་དུ་སྡོམ་འབྱུང་ལས་བཤད་པ་བཞིན་ལཱུ་ཧི་པས་བཀྲལ་བ་ཡིན་ཞེས་ཟེར་ཏེ། གྲུབ་མཐའ་གཏིང་མ་ཚུགས་པས་ཚིག་དོན་མཐའ་དག་འགལ་བ་ཅན་དུ་བྱུང་ངོ༌། །ཡང་འདི་སྐད་དུ། ཡེ་ཤེས་ཚོགས་གསོག་གི་དུས་སུ་སྟོང་པ་ཉིད་ལས་ལངས་པའི་ཚེ་ནམ་མཁར་བར་དོ་མཚོན་བྱེད་ཀྱི་ནཱ་ད་འཇོག་པ་ནི་གཞུང་འགྲེལ་དག་ཏུ་ཉུང་ཤས་ཙམ་ལས་མ་བྱུང་ཡང་ངེས་པར་འཇོག་དགོས་ཏེ། དེ་ལྟར་བཞག་པ་ལས་བསྐྱེད་རིམ་གྱི་ཟབ་ཁྱད་ཐམས་ཅད་འདོན་དགོས་པའི་ཕྱིར་ཏེ། མངོན་བྱང་བསྐྱེད་པ་སྐབས་སུ་བབ་ན་ནཱ་ད་ཉི་ཟླའི་བར་དུ་ཞུགས་པ་ཧཱུྃ་ཡིག་ཏུ་གྱུར་པ་གསུམ་པོ་རོ་གཅིག་ཏུ་འདྲེས་པ་ལས་རྒྱུ་རྡོ་རྗེ་འཛིན་པར་བཞེངས་དགོས་པས་སོ། །དེ་ཡང་ནཱ་ད་ནམ་མཁར་བཞག་པ་ནི་བར་དོ་དང༌། དེའི་ཟླར་ཞུགས་པ་ནི་མངལ་དུ་མཚམས་སྦྱར་བ་དང༌། རོ་གཅིག་ཏུ་འདྲེས་པ་ནི་བར་དོ་མངལ་དུ་ཤི་བ་དང༌། རྒྱུ་རྡོ་རྗེ་འཛིན་བཞེངས་པ་ནི་བར་དོ་མངལ་ནས་བྱུང་བ་དང་མཐུན་པའོ། །མཐུན་པ་དེ་ལྟར་ལམ་དུ་བྱས་པས་མངལ་སྐྱེས་ཀྱི་སྐྱེ་འཆི་བར་དོ་གསུམ་སྦྱོང་བར་ནུས་ཀྱི། སྐྱེ་གནས་གཞན་ལ་དེ་ལྟ་བུའི་ཆོས་མཐུན་མེད་དོ། །དེ་ཡང་ནཱ་ད་འཇུག་པའི་ཚེ་ངའོ་སྙམ་པའི་འདུ་ཤེས་ཀྱིས་ཏེ། ཐ་མལ་པའི་བར་དོ་གཞན་ནི་ཕ་མའི་མངལ་དུ་བློ་ཕྱིན་ཅི་ལོག་གིས་འཇུག་པ་ལྟར། སྒྲུབ་པ་པོ་རང་གི་བར་དོ་རྒྱུ་རྡོ་རྗེ་འཛིན་པའི་སྐྱེ་གནས་སུ་ཞུགས་པ་ནས་སེམས་ཅན་གྱི་དོན་དུ་བཞེངས་པར་བྱའོ་སྙམ་པའི་བསམ་པ་སྔོན་དུ་གཏོང་དགོས་ཏེ། དེ་ལྟར་བྱས་པའི་རྣལ་འབྱོར་གྱི་སྦྱང་གཞི་གསུམ་པོ་སྦྱོང་ནུས་པའི་ཕྱིར་ཞེས་འཆད་པར་སྣང་ངོ༌། །འདི་བརྟག་པར་བྱ་བ་ལ་དྲུག་སྟེ། ཐོག་མར་ཡེ་ཤེས་ཚོགས་གསོག་གི་ངོས་འཛིན་ནོར་པ་དང་དགོས་པ་རྒྱ་ཆུང་པས་མི་འཐད། མངོན་བྱང་གི་སྐྱེད་རིམ་རྣལ་འབྱོར་པའི་འཆི་རིམ་ལ་སྦྱར་བས་མི་འཐད། སྒྲ་ཚུལ་གྱི་གོ་དོན་ངོས་མ་ཟིན་པ་བར་དོར་འཁྲུལ་པས་མི་འཐད། རྣལ་འབྱོར་ད་ལྟར་གྱི་ཡེ་ཤེས་དང་འདས་མ་འོངས་ཀྱི་བར་དོའི་སྦྱོང་ཚུལ་གཅིག་ཏུ་འཁྲུལ་པས་མི་འཐད། ནག་པོ་པའི་སྒྲུབ་ཐབས་ཀྱི་ཚེ་བར་དོའི་རྣམ་ཤེས་བརྟེན་པ་ལ་འཇུག་ཐེངས་གཉིས་དགོས་པར་ཐལ་བས་མི་འཐད། རྣལ་འབྱོར་གསང་མཐའི་སྒྲུབ་ཐབས་ཀྱི་ཟབ་ཤོས་ཐོག་མར་ལུས་དཀྱིལ་དུ་འཇུག་པ་ཤེས་བཞིན་དུ་ཁྱད་དུ་བསད་པས་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཡེ་ཤེས་ཚོགས་གསོག་གི་ངོ་བོ་ངོས་མ་ཟིན་པ་དང༌། དགོས་པ་རྒྱ་ཆུང་བ་དང༌། ཆུང་བ་དེ་ཡང་སྦྱོར་དུ་མི་འཐད་པའོ། །དང་པོ་ནི། སྐབས་འདིར་ཡེ་ཤེས་ཀྱི་ཚོགས་གསོག་སྔགས་ཀྱི་དབུ་མས་བྱེད་དགོས་རྒྱུ་ལ། ངོ་བོ་ཉིད་མེད་སྨྲའི་རིགས་པས་ཕུ་ཐག་གཅོད་དགོས་པར་འཆད་པས་ནོར། དེ་ལྟར་འཆད་ན་ཆོས་ཐམས་ཅད་སྟོང་ཉིད་དུ་སོང་བའི་རྗེས་ལ་ནཱ་ད་ཙམ་ཞིག་ལྷག་མར་འཇོག་པས་འགལ། གལ་ཏེ་ནཱ་ད་ཙམ་གྱི་འདུ་ཤེས་ཀྱང་སྤང་བྱར་བཤད་པས་མི་འཇོག་ན་བར་དོའི་འཇུག་ཚུལ་ཟབ་ཁྱད་ཅན་དེ་ཁས་ལེན་པ་འགལ། ནཱ་ད་གློ་བུར་དུ་ལངས་པ་གཅིག་བཤད་པ་ལྟར་ཁས་ལེན་ན། འཆི་སྲིད་སྔ་མ་དེའི་བར་སྲིད་རྒྱུན་མ་ཆད་དུ་འདོད་པ་འགལ། ཡང་སྟོང་པ་ཉིད་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་རྒྱུ་ཡིན་པ་ལ་རིགས་པས་བཤིག་པའི་མེད་དགག་ལ་བཤད་པས་ནོར། ཨཿཧཾ་ཞེས་པ་སྟོང་པ་ཉིད་ཀྱི་ངོས་འཛིན་ང་ཡིན་ཟེར་རྒྱུ་ལ་ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱར་ཁས་བླངས་པས་ནོར། སྟོང་ཉིད་དང་ཡེ་ཤེས་གཉིས་མེད་དུ་ཁས་ལེན་རྒྱུ་ལ་ཡུལ་ཡུལ་ཅན་དུ་ཁས་བླངས་པས་ནོར། ཡེ་ཤེས་ཚོགས་གསོག་གི་ངོ་ན་གཟུང་འཛིན་གཉིས་སྣང་མེད་པར་འཆད་རྒྱུ་ལ་བདེན་པར་མེད་ཀྱི་ཡོད་པ་ཡིན་ཟེར་བ་བརྫུན་པའི་གོ་དོན་མ་ཤེས་པས་འཁྲུལ། ཡེ་ཤེས་ཚོགས་གསོག་གི་ངོ་ན་ཀུན་རྫོབ་རང་སྟོང་དུ་ཁས་མི་ལེན་པ་དང༌། སྔགས་དོན་བསམས་པས་ཐ་མལ་གྱི་སྣང་བ་འོད་གསལ་དུ་བཅུག་ཟེར་བ་འགལ་ལ་མི་འཁྲུལ་བར་སོང་བས་མི་འཐད། མི་འགལ་ཏེ། སྟོང་པ་ཉིད་ཀྱི་མཉམ་གཞག་སྣང་མེད་ཡིན་ནོ་ཟེར་ན། ཀུན་རྫོབ་ཀྱི་སྟོང་པ་ཉིད་གནས་ཚུལ་ལ་ཞུགས་ན་ཀུན་རྫོབ་ཡོད་པར་མི་འགལ་ཏེ། ཐེག་པ་ཆེན་པོ་དག་གི་སྟོང་པ་ཉིད་ཀྱི་ངོས་འཛིན་རང་སྟོང་དང་གཞན་སྟོང་གི་ཤིང་རྟའི་སྲོལ་ཆེན་གཉིས་ལས་གཞན་དུ་འཆད་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། གང་ཡང་ཕྱོགས་སྔ་མ་ཁས་ལེན་པ་དག་གིས་ནི། སྔགས་བླ་མེད་ཀྱི་སྒྲུབ་ཐབས་དག་གི་དགོས་པའི་གཙོ་བོ་ནི་སྦྱང་གཞི་སྦྱོང་བ་དང༌། དེ་ཡང་མངལ་སྐྱེས་ཀྱི་དང༌། དེ་ཡང་སྐྱེ་འཆི་བར་དོ་གསུམ་དང་སྦྱར་བས་དགག་བྱ་སྦྱང་གཞི་དང་ཆོས་མཐུན་ཞིང༌། བསྒྲུབ་བྱ་སྐུ་གསུམ་ལམ་བྱེད་དང་འབྱོར་བས་སོ། །ཞེས་གསུངས་པ་ཡིན་མོད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱང་གཞི་རྒྱ་ཆུང་བ་ཡིན་ཏེ། འདི་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་མཐའ་དག་ལ་གེགས་བྱེད་ཀྱི་གཙོ་བོ་བདག་ཏུ་རྨོངས་པ་གཉིས་ས་བོན་དང་བཅས་པ་དྲུང་ནས་འབྱིན་བྱེད་ཀྱི་གཉེན་པོར་མེད་དུ་མི་རུང་བ་ནི་མཐར་ཐུག་གི་དགོས་པ་དང༌། གནས་སྐབས་སུ་ཡང་སྤྱིར་མཚན་མར་འཛིན་པའི་རྟོག་པ་ཐམས་ཅད་མགོ་གནོན་པ་དང༌། བྱེ་བྲག་གསང་སྔགས་ཀྱི་མངོན་པར་རྟོགས་པ་དང་ཀུན་ཏུ་སྤྱོད་པ་མཐའ་དག་གི་འགལ་ཟླར་གྱུར་པ་ཐ་མལ་གྱི་ང་དང་ང་ཡི་པའི་ཕྱིའི་དངོས་པོར་སྣང་བ་དང༌། ཞེན་པ་མཐའ་དག་འགོག་པ་ནི། ཐོག་མ་ཁོ་ནར་ཕྱི་རོལ་པའི་གསང་སྔགས་དང་ཤན་ཕྱེད་པའི་ཁྱད་པར་ཉིད་དུ་དང༌། འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པ་མངོན་པར་མཐོ་བ་ཙམ་དོན་གཉེར་གྱི་ལམ་ལས་ཁྱད་པར་ཉིད་དུ་དང༌། གསང་སྔགས་པ་འགའ་ཞིག་ཀྱང་ཐུན་མོང་གི་དངོས་གྲུབ་ཙམ་དོན་དུ་གཉེར་བའི་ལམ་ལས་ཁྱད་པར་ཉིད་དུ་དབྱེ་བ་ལ་མེད་དུ་མི་རུང་བའི་ཕྱིར། ཡང་སྦྱོང་བྱེད་ཀྱི་གཉེན་པོ་ནི་སྦྱང་གཞི་དང་ཆོས་མཐུན་ངེས་པར་དགོས་ཟེར་བ་དང༌། འཆི་བ་དང་སྟོང་པ་ཉིད་ཆོས་མཐུན་དུ་སྦྱོར་བ་གཉིས་ཀ་མི་འཐད་དེ། སྤྱིར་སྦྱང་གཞི་ལ་དོན་དམ་པ་དང་ཀུན་རྫོབ་པ་གཉིས་སུ་བཤད་ཀྱང༌། ཁྱེད་ཀྱིས་ནི་གནས་གྱུར་མི་འཐད་པའི་ཤེས་བྱེད་ཀྱིས་སྦྱང་གཞི་དང་པོ་ཁས་མི་ལེན་ལ། ཀུན་རྫོབ་པའི་སྦྱང་གཞི་དང་སྦྱོང་བྱེད་གནོད་བྱེད་དུ་སོང་བ་དགོས་ཀྱི། ཆོས་མཐུན་བྱ་དང་མཐུན་བྱེད་དུ་སོང་ན་དེར་འགལ་བའི་ཕྱིར། དེའི་ཤེས་བྱེད་ཀྱང་ལས་དང་ཉོན་མོངས་པའི་རྣམ་སྨིན་དང་བདག་འབྲས་སུ་གྱུར་པའི་ཕུང་ཁམས་སྐྱེ་མཆེད་མངོན་གྱུར་ས་བོན་བག་ཆགས་དང་བཅས་པ་ནི་ཀུན་རྫོབ་པའི་སྦྱང་གཞིར་ངེས་ལ། དེ་དག་གི་མཚན་གཞི་ཡང་དེ་དང་དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྣང་གི་རྣམ་ཤེས་ལས་གཞན་ཞིག་ངོས་འཛིན་རྒྱུ་མེད། སྦྱོང་བྱེད་ཀྱི་གཉེན་པོ་ནི་སྦྱང་གཞི་དེ་དང༌། དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལས་གཞན་ཞིག་ཏུ་རྣམ་དག་གི་རྒྱུད་གཞུང་སུས་ཀྱང་མི་འཆད་པའི་ཕྱིར། འཆི་བ་དང་སྟོང་པ་ཉིད་ལ་ཡང་ཆོས་མཐུན་ཁྱད་པར་ཅན་ཡོད་པ་མ་ཡིན་ཏེ། གཉིས་པོ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་སོ་སོར་ངེས་པའི་ཕྱིར། འཆི་བའི་ཆོས་ཉིད་དང་སྟོང་པ་ཉིད་དོན་དམ་པའི་བདེན་པར་འཇོག་པ་དེའི་ཚེ་འཆི་བ་ཡོད་པར་ཁས་ལེན་དུ་མི་རུང་བའི་ཕྱིར། གསུམ་པ་ནི། འདིར་སྦྱང་གཞིར་འཇོག་པའི་འཆི་བའི་ངོས་འཛིན་ཆོས་མངོན་པར་བཤད་པའི་འཆི་སྲིད་ལ་ཟེར་བ་ཡིན་ནམ། སྔགས་ནས་གསུངས་པའི་འཆི་བ་ཤེས་རབ་ཀྱི་ཕར་ཕྱིན་དུ་གྲགས་པ་དེ་ལ་ཟེར་བ་ཡིན། གཉིས་པ་མི་འཐད་དེ་དེ་ནི་ཐམས་ཅད་སྟོང་པ་ཞེས་པའི་མིང་ཅན་རྫོགས་རིམ་དངོས་སུ་འཆད་དགོས་པའི་ཕྱིར་དང༌། ཁྱེད་ཀྱིས་ཀྱང་དེ་འདྲ་དེ་ཡང་སྤང་བྱར་མི་འདོད་པའི་ཕྱིར་སྦྱང་གཞིར་ཁས་མི་ལེན་ནོ། །དང་པོ་ལྟར་ན་ཡང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱི་བརྒྱུད་ནས་སྤང་བྱར་སོང་མོད། དེ་ཙམ་གྱིས་ན་སྐྱེ་བ་དང་བར་དོའི་སྦྱོང་བྱེད་དུ་ཡང་ཐལ་བ་དང༌། འཆི་སྲིད་རིམ་ཅན་པ་དང་སྟོང་པའི་མིང་ཅན་བཞི་གོ་རིམ་དུ་འབྱུང་བ་དང་དངོས་སམ་ཆོས་མཐུན་གང་དུ་སྦྱོར་ཡང་རྫོགས་རིམ་གྱི་ཚེ་ཡིན་གྱི། བསྐྱེད་རིམ་གྱི་སྔོན་འགྲོ་ཡེ་ཤེས་ཚོགས་གསོག་དང༌། འཆི་བའི་རིམ་པ་ཚད་ལྡན་སུས་ཀྱང་མ་སྦྱར་བས་ལེགས་པར་བཤད་པ་མ་ཡིན་ནོ། །བོད་ཕྱི་མའི་བསམ་པ་ནི་བསྐྱེད་རིམ་ཟབ་ཁྱད་བར་དོ་འཇུག་ཚུལ་ནས་འདོན་དགོས་ལ། འཇུག་ཚེ་བར་དོ་དེ་ཡང་འཆི་སྲིད་སྔོན་དུ་སོང་བ་མེད་པར་མི་འབྱུང་བས་སོ། །སྙམ་དུ་བསམ་པ་ཡིན་མོད། འདོད་པ་འདི་ནི་སྦྱང་གཞི་དང་སྦྱོང་བྱེད་གཅིག་ཏུ་འཁྲུལ་པས་ནོངས་པ་ཡིན་ཏེ། ཁྱེད་ཀྱིས་བར་དོ་ཉིད་དུ་ཁས་བླངས་པའི་ནཱ་ད་དེ་བར་དོ་དངོས་སམ། དེ་སྦྱོང་བྱེད་ལ་བར་དོའི་མིང་གིས་བཏགས་པ་ཡིན། དང་པོ་ལྟར་ན་ཡེ་ཤེས་ཚོགས་གསོག་ཀྱང་འཆི་བ་དངོས་སུ་ཐལ་བ་དང༌། སྲིད་པའི་བར་དོ་མངོན་བྱང་གསུམ་པའི་ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པ་ཉིད་དུ་ཐལ་བ་དང༌། དེ་ཡང་འདོད་ན་མངོན་བྱང་དང་པོ་གཉིས་ཀྱང་ཐ་མལ་གྱི་མངལ་གྱི་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ། །བརྟག་པ་གཉིས་པ་ལྟར་ན། སྦྱོང་བྱེད་དེས་སྟོང་པའི་སྦྱང་གཞིའི་བར་དོ་རྣལ་འབྱོར་པ་རང་གིའམ་གང་ཟག་གཞན་ཞིག་གིར་འདོད། དེ་བཞིན་དུ་སྦྱང་གཞི་འཆི་སྲིད་དུ་ཁས་ལེན་པ་དེ་ཡང་གང་དུ་འདོད། ཕྱི་མ་ལྟར་ན་ཧ་ཅང་ཐལ་བར་འགྱུར་ལ། དང་པོ་ལྟར་ན་སྐྱེ་བ་སྔ་མར་ཤི་ནས་འདིར་སྐྱེ་བའི་བར་དོ་ལ་འདོད་དམ། འདིར་འཆི་བ་དང་འདི་ནས་གཞན་དུ་སྐྱེ་འགྱུར་གྱི་བར་དོ་ལ་འདོད། སྔ་མ་ལྟར་ན་ཁྱེད་རང་གི་ཕྱོགས་ལ་རྣམ་སྨིན་ཕྱུང་ནས་འགགས་ཟིན་པའི་སྤང་བྱ་གང་ཡིན་པ་དེ་རྣམ་སྨིན་དང་བདག་འབྲས་མི་འབྱིན་པས་སྤང་མི་དགོས་པའི་ཤེས་བྱེད་དུ་འཇུག་པར། རྣམ་སྨིན་ལས་སླར་མི་སྨིན་ཞེས་གྱིས། །ཞེས་དང༌། རྣམ་འགྲེལ་དུ། ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་དྲངས་པ་དང༌། ངེད་ཀྱི་ཕྱོགས་ལ་ཡང་རྣལ་འབྱོར་པས་འཆི་བའི་སྲིད་པ་ཞིག་སྦྱོང་དགོས་ན་ཚེ་འདིར་འབྱུང་ངེས་ཀྱི་འཆི་བའི་སྲིད་པ་ཉིད་སྦྱོང་དགོས་པ་ཡིན་ཏེ། དེ་སྦྱངས་པས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སུ་བྱེད་པའི་རྒྱུ་ཚོགས་ཚང་བའི་ཕྱིར། དེ་ལྟར་བྱེད་པ་དེ་ཡང་རྫོགས་པའི་རིམ་པ་ཁོ་ནས་ཡིན་གྱི། བསྐྱེད་པའི་རིམ་པ་རྐྱང་པས་དེ་ལྟར་བྱེད་པ་མི་འདོད་དོ། །སྦྱང་གཞི་དང་སྦྱོང་བྱེད་གང་རུང་དུ་འདོད་པའི་བར་དོ་དེ་ཡང་ཚེ་འདིར་སྐྱེ་བའི་ཐོག་མའི་བར་དོ་ཉིད་དུ་ཁས་ལེན་ན་སྦྱང་གཞི་དེ་སྦྱོང་མི་ནུས་པ་དང༌། སྦྱོང་མི་དགོས་པ་དང༌། དགོས་ན་ཧ་ཅང་ཐལ་བ་རྣམས་འཇུག་གོ །དང་པོ་ནི། འདིར་སྐྱེ་བ་སྔ་མའི་འཆི་སྲིད་ཐ་མའི་དངོས་འབྲས་སུ་གྱུར་པའི་ཚེ་འདིའི་བར་སྲིད་ནམ་མཁར་འཇོག་པ་ཙམ་ལས་གཞན་པའི་སྦྱོང་བྱེད་ལོངས་སྐུ་ལམ་བྱེད་དང་མངལ་སྒོ་འགེགས་པ་སོགས་གང་བསྐྱེད་རིམ་གྱི་གཞུང་དུ་མ་བཤད་ཅིང་ཁྱེད་ཀྱིས་ཀྱང་མི་འདོད་པའོ། །མི་དགོས་པ་ནི་ཚེ་འདིའི་སྐྱེ་སྲིད་དུ་མཚམས་སྦྱར་ཟིན་པའི་རྣལ་འབྱོར་པ་རང་གི་ཤེས་རྒྱུད་མངོན་བྱང་གསུམ་པའི་དུས་ཀྱི་ས་བོན་དང་ཕྱག་མཚན་དུ་བྱས་པའི་མངོན་རྟོགས་དེ་ཉིད་ཀྱིས་མི་ཆོག་པ་ཅི་ཡང་མེད་དོ། །དགོས་ན་ཧ་ཅང་ཐལ་བ་ནི་ཁྱེད་ཀྱིས་བར་དོ་ཉི་ཟླར་འཇུག་པའི་ཚེ་རྣལ་འབྱོར་པ་རང་ཉིད་དོ་སྙམ་པའི་ང་རྒྱལ་གྱིས་འཇུག་པར་འཆད་ལ། དེའི་ཚེ་བར་དོ་སྦྱོང་བྱེད་ནི་དེ་ལས་གཞན་མ་བཤད་ཅིང༌། དེ་ཉིད་བར་དོ་སྦྱོང་བྱེད་ལ་སྦྱར་ན་སྐྱེ་གནས་སྦྱོང་བྱེད་ལོགས་ན་མེད་པ་དང༌། རྣལ་འབྱོར་པ་རང་གི་ཤེས་རྒྱུད་རྫས་ཐ་དད་པ་གཉིས་སུ་ཐལ་བ་དང༌། ཁྱེད་རང་ལྟར་ན་སྦྱང་གཞི་བར་དོ་ནི་ཕ་མའི་མངལ་དུ་ཤི་ཟིན་པ་དང༌། མངོན་བྱང་གི་དུས་སུ་རྒྱུན་ཆད་ཟིན་པས་དོན་མེད་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་ནི། རྣལ་འབྱོར་པ་ཚེ་འདིར་ཤི་ཟིན་པའི་འོག་གི་བར་དོ་གྲུབ་པ་དེ་ལ་བསམས་པ་ཡིན་ན་ནི་སྐྱེ་བ་སྔ་མའི་འཆི་སྲིད་འཆད། ཚེ་འདིའི་སྐྱེ་སྲིད་དུ་མཚམས་མ་སྦྱར་བའི་སྐབས་དེར་བར་སྲིད་ནམ་མཁའ་ལ་འཇོག་པ་ཚེ་འདིར་བསྐྱེད་རིམ་སྒོམ་པའི་ཟ་བ་ཁྱད་ཆེ་ཤོས་ཡིན་པ་ལ་ཅི་ཡང་མ་ཕན་པས་དང༌། ཁས་བླངས་འགལ་བས་དང༌། ཚེ་འདིའི་སྐྱེ་བ་སྦྱོང་བྱེད་ཀྱི་མངོན་བྱང་དུ་འདོད་པ་དེ་ཚེ་ཕྱི་མ་སྦྱོང་བྱེད་ཀྱི་མངོན་བྱང་དུ་ཁས་བླངས་པའི་ཕྱིར་ན་མཁས་པའི་སྨྲ་བར་མི་འཐད་དོ། །གཉིས་པ་ནི། བོད་ཕྱི་མས་བསྐྱེད་རིམས་ཀྱི་སྦྱང་གཞིར་ཁས་བླངས་པའི་འཆི་སྲིད་དང་བར་སྲིད་དངོས་སམ་དེ་དང་དེའི་སྦྱོང་བྱེད་དུ་ཁས་བླངས་པ་དེ་ནི་དེ་དང་དེར་རུང་བ་མ་ཡིན་ཏེ། དེ་དག་ཚེ་འདིར་རྣལ་འབྱོར་པ་ལྷག་པའི་ལྷའི་དཀྱིལ་འཁོར་དུ་ཐོག་མར་སྐྱེ་བ་ལེན་པའི་བྱེད་རྒྱུ་ཉིད་དུ་འཆད་དགོས་པའི་ཕྱིར། དེ་ཡང་སྟོང་ཉིད་སྒོམ་དུས་སུ་ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས་མཉམ་པར་བཞག་པས་ནི། མངོན་བྱང་གསུམ་པའི་དུས་ཀྱི་ས་བོན་དང་ཕྱག་མཚན་གྱི་ངོ་བོའམ་སྒྲུབ་གཞི་ངོས་གཟུང༌། དེ་ནས་སེམས་ཙམ་ལ་མཉམ་པར་འཇོག་དགོས་སུ་བསྟན་པ་དེས་ནི་སྦྱང་གཞིའི་སྣོད་བཅུད་ཐམས་ཅད་རྣམ་ཤེས་ཙམ་ལས་གཞན་དུ་མེད་པ་དང༌། སྦྱོང་བྱེད་ཀྱི་རྟེན་བརྟེན་པ་ཇི་སྙེད་ཀྱང་ཡེ་ཤེས་ལས་གཞན་དུ་མེད་པར་ཐག་བཅད། དེ་ནས་ནམ་མཁར་ནཱ་ད་ཙམ་ཞིག་འཇོག་པར་བཤད་པས་ནི་རྣམ་ཤེས་མཐའ་དག་མི་དམིགས་པར་བཏང་ནས་ཡེ་ཤེས་ཙམ་ཞིག་ལ་མཉམ་པར་འཇོག་དགོས་ཞེས་བསྟན། དེ་ནས་ནཱ་ད་ཡང་མི་དམིགས་ཞེས་བཤད་པས་ནི་ཡེ་ཤེས་ཉིད་ལ་ཞེན་པ་སྤང་དགོས་པར་བསྟན། དེ་ནས་ཡང་ནཱ་ད་དེ་ལངས་པར་བཤད་པས་ནི་རྣལ་འབྱོར་པ་གང་གིས་བསྐྱེད་རིམ་སྒྲུབ་པར་བྱེད་པ་པོའི་ཤེས་རྒྱུད་དེ་ངོས་བཟུང༌། རེ་ཞིག་དེ་ཉིད་ལ་མཉམ་པར་བཞག་ནས་མངོན་བྱང་གི་སྐབས་སུ་བབ་པ་ན་ཉི་ཟླའི་བར་དུ་འཇུག་ཅིང་ཞུགས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་དོ། །དེའི་ཚེ་ན་འཇུག་པ་པོ་ནི་གཞི་དུས་ཀྱི་ཡེ་ཤེས་ལས་གཞན་ཡོད་པར་མི་སེམས་ཀྱང་དེ་ལྟར་འཇུག་པ་སོགས་བྱེད་པའི་རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་ནི་རྣམ་ཤེས་དང་ཡེ་ཤེས་རྗེས་མཐུན་པས་བྱེད་དགོས་མོད། རྣམ་ཤེས་དེ་ལམ་གྱི་དངོས་གཞིར་མི་བཞག་གོ །བོད་ཕྱི་མས་ནི་དེ་སྐབས་ཀྱི་ནཱ་ད་དེ་བར་དོ་དངོས་སམ་དེ་མཚོན་བྱེད་དུ་བསྒྲུབ་པར་བྱ་བའི་ཆེད་ཁོ་ན་ཉིད་དུ་བསམས་ནས་སྟོང་ཉིད་སྒོམ་པ་འཆི་སྲིད་སྦྱོང་བྱེད་དུ་སྦྱར་མོད། དེ་བ་རང་གང་གི་གྲུབ་མཐའི་འཇོག་ཚུལ་ལ་གནོད་བྱེད་དུ་སོང་བ་ཡིན་ཏེ། ཚེ་སྔ་མའི་དུས་ཀྱི་འཆི་སྲིད་ཚེ་འདིའི་བསྐྱེད་རིམ་གྱི་སྦྱང་གཞིར་ཁས་བླངས་པས་གྲུབ་མཐའ་འཇོག་མཚམས་ཀྱི་གོ་རིམ་མ་འགྲིག་པའི་ཕྱིར། གཞན་ལཱུ་ཧི་པའི་བཤད་སྲོལ་ལས་བྱུང་བའི་སྒྲུབ་ཐབས་ཀྱི་བསྐྱེད་པའི་རིམ་པ་ཤིན་ཏུ་ཟབ་ཤོས་ཀྱི་ཁྱད་འདོན་ལ་ཕན་པའི་བར་དོ་གྲུབ་པའི་ཕྱིར་དུ་ལོག་པར་བརྟག་པ་འདི་སྐད་ཅེས་གསུངས་ཏེ། འདིའི་རྣལ་འབྱོར་པ་འཆི་བའི་དུས་ཀྱི་ཚེ་སྤྱི་བོ་ནས་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་ནས་གསུམ་དུ་བཀོད་པ་དེ་ཡོངས་སུ་གྱུར་པ་ལས། འབྲུ་གསུམ་པོ་ཨོ་ནས་མས་རིམ་གྱིས་གནས་གསུམ་དུ་དམིགས། མས་རིམ་ནས་ནཱ་དའི་བར་དུ་ཐིམ། ནཱ་ད་སྒྲའི་རང་བཞིན་ཅན་ནམ་མཁའི་དབྱིངས་སུ་གནས་པ་དེ་མངོན་བྱང་གསུམ་པའི་བསྐྱེད་ཆོག་སྐབས་སུ་བབ་པ་ན་ཉི་ཟླའམ་ཟླ་བ་དཀར་དམར་རམ། དབྱངས་གསལ་གྱི་ཡི་གེ་ཉིས་འགྱུར་གཟུགས་བརྙན་གྱི་ཚུལ་དུ་ཤར་བའི་ཟླ་བ་ཉིས་བརྩེགས་སུ་བཤད་པ་ལྟ་བུ་རྣམ་གྲངས་ཅན་དེ་དག་གི་བར་དུ་ཞུགས། ནཱ་ད་དེ་ཉིད་རིམ་གྱིས་ཧཱུྃ་ཡིག་ཏུ་གྱུར་པ་ནི་རྒྱུའི་རྡོ་རྗེ་འཛིན་པ་ཉིད་དོ། །དེ་ལས་རིམ་གྱིས་ཧེ་རུ་ཀའི་སྐུ་ཡོངས་སུ་རྫོགས་པ་ནི་འབྲས་བུའི་རྡོ་རྗེ་འཛིན་པ་ཉིད་དོ་ཞེས་འཆད། འདི་མི་འཐད་པ་ལ་གསུམ་སྟེ། མངོན་བྱང་གི་ཐོག་མའི་སྒྲུབ་པ་པོ་འཆི་སྲིད་ལ་གནས་པར་འདོད་པ་མི་འཐད། ཡིག་འབྲུ་གསུམ་མཚན་གཉིས་པོ་གཞི་དུས་ཀྱི་འཁོར་ལོ་སྡོམ་པ་རང་བཞིན་གྱིས་གྲུབ་པར་བརྡ་ཕྲོད་ནས་བྱིན་གྱིས་བརླབས་པ་དེ་རིམ་གྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གནས་པ་དེ་ལ་སྒྲ་ཞེས་པའི་མིང་གིས་བཏགས་ནས་རྣམ་པ་འཁྱོག་པོར་གནས་པ་དེའི་འཇོག་ཚུལ་མ་ཤེས་པར་མི་འཐད། རྒྱུ་རྡོ་རྗེ་འཛིན་པའི་གནས་སུ་འཇུག་པ་པོ་དང་འཇུག་ཡུལ་གཅིག་ཏུ་སྡོམས་པའི་ཚེ་ཁས་བླངས་འགལ་འདུ་ཞུགས་པ་རྣམས་ཏེ། བསྐྱེད་རིམ་ལམ་གྱི་དངོས་གཞི་ལ་འཇུག་པའི་ཐོག་མར་འཆི་བའི་སྲིད་པ་ལ་གནས་པ་ཉིད་དུ་རྣལ་འབྱོར་དུ་བྱེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་གི་རྟེན་འབྲེལ་དུ་མི་རུང་ཞིང༌། དོན་དམ་པའི་ལམ་རིམ་ཀུན་ལས་ཉམས་པས་ན། སྔོན་ཐོས་ཟིན་པ་དང་ཕྱིན་ཆད་ཐོས་འགྱུར་དག་ལ་འགྱོད་སྡོམ་དུ་བྱ་བའི་རིགས་སོ། །རྣལ་འབྱོར་པ་རང་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་གནས་བཞིན་པའི་ངང་ནས་ཡིག་འབྲུ་གསུམ་ཚན་གཉིས་པོ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་གདོད་མ་ནས་གྲུབ་པའི་དཀྱིལ་འཁོར་པར་གསལ་བཏབ་བྱིན་གྱིས་བརླབས་རིམ་གྱིས་ཐིམ། མཐར་རྣལ་འབྱོར་པ་རང་གི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གནས་པ་དེ་ལ་ནཱ་ད་སྒྲའི་རང་བཞིན་ཅན་ཞེས་བྱ། དེ་དང་ངོ་བོ་གཅིག་ཀྱང་རྣམ་པ་མི་འདྲ་བའི་ཚུལ་ཅན་རྣལ་འབྱོར་པ་རང་གི་གཞི་དུས་ཀྱི་ཡེ་ཤེས་ཧཱུྃ་ཡིག་གི་རྣམ་པས་ཉི་ཟླའི་བར་དུ་ཞུགས་ཟིན་པ་དེ་དང༌། སྟེང་གི་ནཱ་ད་འོད་ཟེར་གྱི་འཕྲོས་འདུ་ལ་བརྟེན་ནས་ཀ་ར་ལ་སོགས་པ་འབྲུག་གི་སྒྲ་བཞིན་དུ་གྲགས་པའི་ངང་ཉིད་ནས་ཧཱུྃ་ལ་ཐིམ་པ་ནས་བཟུང་སྟེ་སྐུ་ཡོངས་སུ་རྫོགས་པའི་བར་ནི་འདིའི་སྐབས་ཀྱི་མངོན་བྱང་གི་ཟབ་ཁྱད་ཕུལ་དུ་ཕྱིན་ཤོས་པར་བླ་མ་གོང་མའི་སློབ་བཤད་ཀྱི་མན་ངག་གཅིག་ནས་གཅིག་ཏུ་བརྒྱུད་པ་ཤེས་བཞིན་ཁྱད་དུ་བསད་དེ་སྐྱེ་བ་སྔ་མ་ནས་ཤི་བའི་བར་སྲིད་ཀྱི་རྒྱུན་ལ་ངོས་བཟུང་ནས་ཡར་ཐེན་དང་མར་ཐེན་དུ་བྱེད་པ་འདི་ལ་མཁས་པ་དང་བཟང་བ་ཞེས་ཟེར་ན་དེ་ལས་ཅི་ཤོས་སུ་ཞིག་གིས་ཁས་ལེན། ཡང་ཁྱེད་ཅག་གི་ནི་ཧཱུྃ་ཡིག་རྒྱུའི་རྡོར་འཛིན་ཕ་མའི་དོད་དུ་གྱུར་པ་ལ་ནཱ་ད་བར་དོའི་སྲིད་པ་དངོས་དེ་ཞུགས་ནས་འབྲས་བུའི་རྡོར་འཛིན་ཉིད་དུ་བཞེངས་པའི་ཚུལ་གྱིས་རྩོལ་མཛད་བཞིན་དུ་རྒྱུ་ནཱ་ད་ཉིད་ལས་ཧཱུྃ་ཡིག་དུ་སྒྲུབ་པར་བཞེད་པ་ནི་རང་གིས་ཁས་བླངས་པ་ཉིད་དང་འགལ་བས་བསལ་ལོ། །གསུམ་པ་ནི། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་གི་སྐབས་དེར་བར་སྣང་ལ་ནཱ་ད་འཇོག་པའི་བཤད་པ་གཅིག་རྒྱ་གཞུང་དག་ཏུ་བྱུང་བར་སྣང་ཡང༌། དེ་བར་དོའི་སྲིད་པ་ལ་སྦྱོར་བ་ནི་སུས་ཀྱང་མ་བཤད་པས་ལུང་མེད་ལ། ལུང་མེད་བཞིན་དུ་སྦྱོར་བ་ནི་ཡེ་ཤེས་ཚོགས་གསོག་འཆི་སྲིད་སྦྱོང་བྱེད་ཁོ་ནར་སྒྲུབ་པའི་ཕྱིར་དུ་མ་གྲུབ་པ་ཉིད་ཤེས་བྱེད་དུ་བཀོད་པའོ། །འོ་ན་སྐབས་དེར་ནཱ་ད་འཇོག་པའི་ཤེས་བྱེད་ཅི་ཞེ་ན། ཁོ་བོ་ཅག་གིས་ནི་གོང་དུ་བཤད་མ་ཐག་པ་དེ་ཉིད་ཡིན་ལ། ཁྱེད་ཀྱི་ལྟར་ན་སྐབས་དེར་ནཱ་ད་འཇོག་པའི་རྒྱུ་ཚོགས་གྲངས་ཚང་བ་མ་ཡིན་ཏེ། དེ་ལ་འཆི་སྲིད་སྔོན་དུ་འགྲོ་དགོས་པར་ཁས་བླངས། ད་ལྟ་སྒྲུབ་བཞིན་པའི་རྣལ་འབྱོར་པ་ལ་འཆི་སྲིད་ད་ལྟར་བ་མེད་པའི་ཕྱིར། ཁྱེད་ཀྱི་ཕྱོགས་ལ་བར་སྲིད་ད་ལྟར་ལྷ་དང་གཞལ་ཡས་ཁང་ལ་བསྲེ་བ་ཡོད་དོ་ཞེ་ན། དེ་འཆི་སྲིད་དངོས་ཀྱི་རྒྱུན་ལས་བྱུང་བ་མ་ཡིན་གྱི་སྦྱང་གཞི་སྦྱོང་བྱེད་དུ་གཞི་དུས་ཀྱི་ཡེ་ཤེས་ད་ལྟར་བ་ཉིད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སོང་བ་ཉིད་རྗེ་གོང་མ་དག་གི་བཞེད་པའོ། །དེས་ན་འབྲས་བུ་ནཱ་ད་ལ་རྒྱུ་འཆི་སྲིད་དང་བར་སྲིད་མཚན་ཉིད་པ་སྔོན་དུ་འགྲོ་དགོས་པ་མ་ཡིན་ནོ། །སྤྱིར་ནཱ་ད་ནི་རྒྱུ་ཧཱུྃ་ཡིག་ལས་གཞན་དུ་བཤད་པ་མེད་ལ། དེ་ནི་ཡེ་ཤེས་ལྔའི་ཆ་ཤས་གཅིག་ལས་གཞན་དུ་སུས་ཀྱང་མི་འཆད་ཅིང༌། བར་དོ་ནི་ཟག་བཅས་དང་རྣམ་ཤེས་ལས་གཞན་གང་དུ་ཡང་མ་བཤད་པས་ན། ནཱ་ད་ལ་བར་དོའི་རྣམ་ཤེས་སུ་འཇོག་པ་སྐབས་གང་དུ་ཡང་མི་འཐད་དོ། །བཞི་པ་སྒྲུབ་པ་པོའི་ད་ལྟར་གྱི་ཡེ་ཤེས་དང་འདས་མ་འོངས་ཀྱི་བར་དོ་བསྲེས་པའི་ཉམས་ལེན་མི་འཐད་པ་ལ་གསུམ་སྟེ། རྫོགས་རིམ་གྱི་ཚེ་སྦྱང་གཞི་གསུམ་པོ་དེ་སྦྱོང་བྱེད་ཀྱི་མངོན་རྟོགས་སུ་བཤད་ཀྱང༌། དེ་བསྐྱེད་རིམ་གྱི་འགྲིག་པ་མ་ཡིན་པས་མི་འཐད། མི་འགྲིག་བཞིན་དུ་སྦྱོར་ན་ཧ་ཅང་ཐལ་བས་མི་འཐད། བསྐྱེད་རིམ་ཁོ་ནའི་སྦྱང་གཞིར་ཁས་བླངས་པ་གསུམ་པོ་དེ་ལ་བརྟགས་ན་ངོས་འཛིན་མེད་པར་མི་འཐད་པའོ། །དང་པོ་ནི་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣལ་འབྱོར་པ་ཞིག་ལ་བླ་མས་རྫོགས་རིམ་གྱི་མན་ངག་བསྟན་ནས། ཚེ་འདིར་མཆོག་མངོན་དུ་གྲུབ་པར་མ་གྱུར་ན། འདི་ལྟར་ཉམས་སུ་ལེན་ཞེས་བསྟན་པ་དེ་དུས་སུ་བབ་པའི་ཚེ་སྦྱོང་བ་དང༌། དེར་སྦྱོང་མ་ཐུབ་ནས་བར་དོ་མངོན་དུ་གྱུར་ན་བར་དོ་སྦྱོང་བྱེད་ཀྱི་མན་ངག་བླ་མས་བསྟན་པ་རྣམས་དྲན་པར་བྱས་ནས་སྦྱོང་བ་དང༌། དེར་དེ་མ་ནུས་པས་སྐྱེ་བ་ལེན་པའི་མཚན་མ་མཐོང་བའི་ཚེ་བདེ་བ་ཅན་ལྟ་བུ་འཇིག་རྟེན་ལས་འདས་པའམ། ཨུ་རྒྱན་ལྟ་བུར་སྐྱེ་བའི་མན་ངག་རྣམས་དྲན་པར་བྱེད་པ་ཡིན་ལ། དེ་འདྲ་མཚུངས་ད་ལྟར་བའི་བསྐྱེད་རིམ་གྱི་མངོན་པར་རྟོགས་པ་ལ་ཇི་ལྟར་སྦྱོར། བཤད་ཟིན་ན་དེ་མ་ཐག་ཏུ་རྣམ་པར་བརྟགས་པའི་ལུང་རིགས་ཀྱི་དཔྱད་པ་མི་བཟོད་པས་སོ། །གཉིས་པ་ནི། རྫོགས་རིམ་གྱི་སྦྱོང་ཚུལ་དང་འདྲ་བ་མ་ཡིན་ཏེ། དེར་ནི་སྦྱང་གཞི་རང་མཚན་པ་མངོན་དུ་གྱུར་པའི་ཚེ་སྦྱོང་བྱེད་ཀྱི་གཉེན་པོ་དེ་དང་ཐུག་ཕྲད་བྱས་ནས་དེ་སྦྱོང་བ་ཡིན་ལ། འདིར་ཁྱེད་ཀྱིས་སྦྱང་གཞིར་ཁས་བླངས་པའི་ནཱ་ད་དེ་ཉིད་ལམ་དུ་བྱེད་པ་ཡིན་ལ། དེའི་རྒྱུ་འཆི་སྲིད་ཀྱང་ཚེ་སྔ་མའི་རྣམ་སྨིན་རྒྱུན་ཆད་པས་སྐབས་དེར་གནོད་བྱའི་ཡུལ་དུ་མ་དམིགས་པའི་ཕྱིར། གསུམ་པ་ནི། བསྐྱེད་རིམ་གྱིས་སྐྱེ་འཆི་བར་དོ་གསུམ་སྦྱོང་ཞེས་པའི་ཚིག་སྦྱོར་ལེགས་པ་ལྟ་བུར་སྣང་ཡང་དོན་ལ་མི་གནས་ཏེ་སྦྱོང་བྱེད་བསྐྱེད་རིམ་ནི་མངོན་པར་བྱང་ཆུབ་པ་ལྔ་པོ་ཉིད་ལ་བཟུང་བས་མ་ཆོག་པ་མེད་མོད། སྦྱོང་བྱེད་ཀྱི་གཉེན་པོ་ཡོད་པའི་ཡུལ་དུས་དེ་དང༌། སྦྱང་གཞི་གསུམ་པོ་ཡུལ་དུས་མི་མཚུངས་པའི་ཕྱིར། གལ་ཏེ་བསྐྱེད་རིམ་སྐྱེ་བ་སྦྱོང་བྱེད་ཡིན་པ་ལ་རྩོད་པ་མེད་མོད། སྦྱང་གཞིར་གྱུར་པའི་འཆི་བ་དང་བར་དོ་ཡང་འབྱུང་འགྱུར་ལ་བསམས་པའོ། །ཞེ་ན། དེས་དེ་དག་མི་སྦྱོང་བར་ཁས་མི་ལེན་མོད། འདིར་སྦྱང་གཞིའི་གཙོ་བོ་སྲིད་པར་སྐྱེ་བའི་རིམ་པ་ཉིད་ལ་ལུང་གི་བཤད་པ་དང་རིགས་པས་གྲུབ་པ་ཡིན་ཏེ། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་གི་ཚེ་ཐ་མལ་གྱི་རྣམ་ཤེས་སྲིད་པར་སྐྱེ་བའི་རིམ་པ་མཐའ་དག་མི་དམིགས་པར་བྱས་ནས་སྒྲུབ་པ་པོ་རང་གི་གཞི་དུས་ཀྱི་ཡེ་ཤེས་ཁོ་ན་མྱ་ངན་འདས་ལས་འདས་པའི་ལམ་དུ་འཇུག་པ་དང༌། སྐྱེ་བའི་རིམ་པ་རྒྱུད་གཞུང་ལས་བྱུང་བ་དང༌། བླ་མ་བརྒྱུད་པའི་མན་ངག་གིས་ཇི་ལྟར་བསྟན་པ་དེ་ཉིད་གོམས་པས་སྲིད་པར་སྐྱེ་བའི་རིམ་པ་མཐའ་དག་སྦྱོང་བར་ནུས་ཤིང༌། ནུས་པ་ལྟར་སྦྱོང་བྱེད་ཀྱི་གཉེན་པོ་གོམས་པས་སྦྱང་བའི་འབྲས་བུ་མ་འོངས་པ་ན་སྲིད་པ་སྐྱེ་བའི་རིམ་པ་མཐའ་དག་ཁེགས་ལ། དེའི་མཐུ་ལས་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་མངོན་དུ་བྱེད་ནུས་པའི་ཕྱིར་ན་འཆི་སྲིད་སྐྱེ་སྲིད་ཀྱི་གཉེན་པོར་གྱུར་པའི་བསྐྱེད་རིམ་ལོགས་ནས་ཚོལ་མི་དགོས་ལ། སྤྱིར་དགོས་པ་ཞིག་སྲིད་ན་རྫོགས་པའི་རིམ་པ་ཁོ་ནར་ངེས་སོགས་ཁྱེད་ཀྱི་ཕྱོགས་ལའང་སྤངས་གཉེན་དུས་མི་མཚུངས་པའི་ཉེ་པས་གནོད་དོ་ཞེ་ན་མ་ཡིན་ཏེ། སྒྲུབ་པ་པོ་ཉིད་ཀྱི་རྒྱུད་ལ་འཁོར་བ་ཐོག་མེད་ནས་སྲིད་པར་སྐྱེ་བའི་རིམ་པ་ཉིད་ཀྱི་བག་ཆགས་འཐུག་པོ་ཀུན་རྫོབ་རྣམ་ཤེས་ཀྱི་རྒྱུད་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ན་ཆུ་བོའི་རྒྱུན་བཞིན་དུ་ཡོད་པ་དེ་དང༌། བསྐྱེད་རིམ་གྱི་ཡེ་ཤེས་སྒྲུབ་པ་པོ་ཉིད་ཀྱི་དོན་དམ་པའི་ཤེས་རྒྱུད་ཆོས་དབྱིངས་ཡེ་ཤེས་ཀྱི་སྟེང་དུ་འབྲལ་མི་རུང་གི་ཚུལ་གྱིས་བྱུང་བ་གཉིས་དུས་མཚུངས་པར་བྱས་ནས་གོམས་པས་སྦྱང་གཞི་སྐྱེ་བའི་རིམ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པའི་ཕྱིར། བོད་ཕྱི་མའི་ལུགས་ལ་གྲུབ་པའི་མཐའ་འདི་ལྟར་འཇོག་ནུས་པ་མ་ཡིན་ཏེ། དཔལ་ལྡན་ཟླ་བའི་ལུགས་སྒྲུབ་པའི་འབད་རྩོལ་གྱིས་ཀུན་གཞི་དང་བག་ཆགས་དང་གནས་གྱུར་གྱི་ཚུལ་འདི་ལ་ཤིན་ཏུ་སྡང་བའི་ཕྱིར། གལ་ཏེ་ཁྱེད་ཀྱི་ཕྱོགས་ལ་ཡང་བསྐྱེད་རིམ་གྱི་སྔོན་འགྲོ་སྟོང་ཉིད་སྒོམ་པའི་རྗེས་ཐོགས་སུ་བར་དོའི་རྣམ་ཤེས་སྣོད་བཅུད་གཉིས་ཀ་ལ་འཇུག་པ་རྩལ་དུ་འདོན་པ་མ་ཡིན་ནམ་ཞེ་ན་ཡིན་མོད། དེ་འདྲ་དེ་སྒྲུབ་པ་པོའི་བར་དོའི་སྦྱོང་བྱེད་དུ་སྦྱར་བ་མ་ཡིན་ཏེ། དེ་དག་ནི་སྒྲུབ་པ་པོའི་རྣམ་ཤེས་ལ་སྣང་བའི་སྣོད་བཅུད་མཐའ་དག་དམིགས་མེད་དུ་སྦྱངས་ནས་རྟེན་བརྟེན་པ་མཐའ་དག དག་པ་ཡེ་ཤེས་ཀྱི་སྣོད་བཅུད་དུ་བསྒྲུབ་པར་བྱ་བ་དང་གྲུབ་ཟིན་སླར་མི་ལྡོག་པ་ཉིད་དུ་གོམས་པར་བྱེད་པའི་ཐབས་མཁས་ཡིན་པས་སོ། །དེ་དུས་ཀྱི་བར་དོ་དེ་དག་བར་དོ་རང་མཚན་པ་ཉིད་དམ་དེ་སྦྱོང་བྱེད་ཀྱི་ཡེ་ཤེས་ཉིད་དུ་འདོད། དང་པོ་ལྟར་ན་སྟོང་པ་ཉིད་ཀྱི་སྒོམ་ཐུན་དེའི་རྗེས་ལ་བར་སྲིད་བྱུང་ན་ཧ་ཅང་ཐལ་བ་དང༌། ཕྱི་མ་ལྟར་ན་རྣལ་འབྱོར་པ་རང་གི་ཤེས་རྒྱུད་དང་རྫས་གཅིག་མ་ནི་མངོན་བྱང་གསུམ་པའི་དུས་ཀྱི་ཡེ་ཤེས་དང་ཁྱད་ཅི་ཡོད་རྫས་ཐ་དད་ན་ནི་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷ་ཉིད་དུ་སྐྱེ་བ་ལེན་པ་པོར་ཁྱེད་རང་གི་རྗེ་གོང་མས་བཤད་པ་དང་འགལ་ལོ་ཞེ་ན། དགྱེས་རྡོར་དུ་རྟེན་བརྟེན་པ་ལ་བསྲེ་བར་བཤད་པའི་བར་དོའི་མིང་ཅན་དེ་བར་སྲིད་དངོས་མ་ཡིན་ཏེ། རང་གི་བར་སྲིད་འདས་པ་ནི་འགགས་མ་འོངས་པ་ནི་མ་སྐྱེས་ད་ལྟར་བ་ནི་སྔོན་དུས་ཀྱི་སྲིད་པ་གནས་བཞིན་པ་ཉིད་ཀྱི་ཕྱིར་དང༌། གང་ཟག་གཞན་གྱི་བར་དོ་བསྲེ་ན་ཧ་ཅང་ཐལ་བའི་ཕྱིར་དང༌། ལས་ཉོན་གྱི་རྣམ་པར་སྨིན་པ་ནི་དགྱེས་པ་རྡོ་རྗེའི་རྟེན་བརྟེན་པ་གང་དུ་ཡང་སྐྱེ་བ་ལེན་པ་མི་རུང་བའི་ཕྱིར། དེས་ན་སྒྲུབ་པ་པོ་རང་གི་རྣམ་ཤེས་ཀྱི་ཆོས་ཉིད་དུ་གྱུར་པའི་འོད་གསལ་ཇི་སྙེད་པ་ནི་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་རྫས་གཅིག་པ་ཁོ་ན་ལ་ཡེ་ཤེས་རྗེས་མཐུན་པའི་ངོར་བྱེད་ལས་ཐ་དད་པ་ཉིད་དོ། །གལ་ཏེ་ཁྱེད་ཀྱིས་ཀྱང་བར་དོའི་ཆོས་ཉིད་དུ་ཁས་བླངས་པ་དེས་འཁོར་བ་ཐོག་མེད་ཀྱི་བར་དོའི་བག་ཆགས་དང་སྐྱེ་འགྱུར་གྱི་ས་བོན་སྦྱོང་བར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཤིན་ཏུ་དང་སྐྱེ་འཆིའི་ཕྱོགས་ལ་ཡང་དེ་བཞིན་ཏེ་གཞན་གྱི་འདོད་པ་དང་མི་མཐུན་པའི་ཚུལ་འདི་ལྟར། སྦྱང་གཞི་སྦྱོང་བར་བྱེད་པ་པོ་ཀུན་གྱི་ལུགས་ལ། ཐོག་མར་སྦྱང་གཞིའི་ཆོས་ཀྱི་རིགས་འདྲ་འདས་པ་རྣམས་ནི་ཤེས་པར་བྱ་བ་དང༌། དེ་དག་གི་བག་ཆགས་རྣམ་ཤེས་ཀྱི་རྒྱུ་ལ་ཡོད་བཞིན་པ་ནི་དངོས་སུ་འཕྲད་ནས་སྦྱང་བཞིན་པ་དང༌། དེའི་རིགས་འདྲའི་རྒྱུན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ནི་སྦྱངས་པའི་དོན་དེ་ཀུན་ལ་ཤེས་པར་བྱའོ། །ལྔ་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དང༌། འཕྲོས་པའོ། །དང་པོ་ལ་གཉིས་ཏེ། འདོད་འཇོ་ལ་བརྗོད་པ་དང༌། ནག་པོ་འཁྲུལ་སྤོང་ལ་བརྗོད་པའོ། །དང་པོ་ནི། ནག་པོ་ཞབས་ཀྱི་ལུགས་འདི་ལ་རྒྱུའི་རྡོར་འཛིན་ཞལ་ཕྱག་ཏུ་གྲུབ་པ་དང་མ་གྲུབ་པ་གང་རུང་གཅིག་ལའམ་གཉིས་ཀ་ལ་བར་དོ་བསྲེ་བ་ཡིན། དང་པོ་ལྟར་ན་རྒྱུ་ལ་ཡིན་ནམ་འབྲས་བུ་ལ་ཡིན། གཉིས་པ་ལྟར་ན། རྒྱུ་ལ་བསྲེ་རྒྱུ་བྱུང་བས་ཁས་བླངས་འགལ་བ་དང༌། དང་པོ་ལྟར་ན། ཞུ་བ་གླུས་སྐུལ་བྱེད་དུས་ཀྱི་ཞུ་བའི་རྐྱེན་གང་ཡིན་བརྟགས་པས་འཇོག་གོ །རྒྱུ་ཁོ་ལ་ཡིན་ན་ཁྱེད་ཀྱིས་ནི་རྒྱུའི་རྡོར་འཛིན་ཆ་གཉིས་ཁས་བླངས་ཏེ། མངོན་བྱང་གསུམ་པའི་དུས་ཀྱི་ཧཱུྃ་ཡིག་དང༌། ཞལ་ཕྱག་རྫོགས་པའི་གནས་སྐབས་སོ། །ཕྱི་མ་ལ་བསྲེ་དགོས་པ་ནི་བཤད་མ་ཐག་པ་དེ་ཉིད་དང༌།   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*