རྗེ་བཙུན་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་བརྗོད་ཚུལ་བཞིན་དུ་ཀླག་པའི་མན་ངག ཁ ༽

མྱ་ངན་ལས་མི་འདའ་བར་གསོལ་བའི་བར་གྱི་དགེ་བ་རྣམས་སོ། །གཉིས་པ་ནི། མཐར་ཐུག་སེམས་ཅན་གྱི་དོན་དུ་འཚང་རྒྱ་བ་དང༌། གནས་སྐབས་འདས་པ་དང་ད་ལྟར་གྱི་སངས་རྒྱས་སྲས་དང་བཅས་པ་རྣམས་མཆོད་པ་དང༌། མ་འོངས་པའི་སངས་རྒྱས་རྣམས་མྱུར་དུ་འབྱོན་པ་ལ་སོགས་པ་གཞུང་ལས་ཇི་སྐད་དུ་བཤད་པ་དེ་དག་གི་དོན་དུའོ། །གསུམ་པ་ནི། ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་གྱིས་ཇི་ལྟར་བསྔོས་པ་དེ་ལྟར་དུའོ། །གཉིས་པ་འགྱུར་གྱི་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས། རྗེ་བཙུན་འཇམ་དཔལ་ཁྱེའུ་གཞོན་ནུ་ལོ་བརྒྱད་ལོན་པའི་ཚལ་གྱིས་དོན་མཛད་པར་བཤད་པ་དེ་ལ་ཕྱག་བྱས་པའོ། །འདིར་དེ་ལ་ཕྱག་བྱེད་ཀྱང༌། ལོ་ཙྪ་བས་དད་པའི་ལྷ་ལ་ཕྱག་བྱས་པའམ། སྔོན་གྱི་བཀས་བཅད་དང་མཐུན་པར་བྱས་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་འདི། ཐོག་མར་འཇམ་དཔལ་གྱི་ནོར་བཟང་ལ་བཤད་པའི་རྒྱུ་མཚན་གྱིས་དང༌། ནོར་བཟང་ཀྱིས་ཀུན་ཏུ་བཟང་པོ་མཐོང་ནས་སྨོན་ལམ་འདི་ཐོས་པ་ཡང༌། འཇམ་དཔལ་གཞོན་ནུར་གྱུར་པ་དགེ་བའི་བཤེས་གཉེན་དུ་བསྟེན་པའི་མཐུ་དང་བྱིན་རླབས་ལས་བྱུང་བ་ཡིན་པར་མདོ་སྡེ་ལས་གསལ་བར་གསུངས་པ་བཞིན་ནོ། །གསུམ་པ་གཞུང་གི་དོན་ལ་གསུམ་སྟེ། བསྔོ་རྒྱུའི་དགེ་རྩ་གསོག་པ་དང༌། བསགས་པ་མཐར་ཐུག་རྫོགས་བྱང་དང་གནས་སྐབས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བསྔོ་བ་དང༌། བསྔོས་པའི་དགེ་རྩ་དེ་ཡང་ཆུད་མི་ཟ་བར་བྱེད་པའོ། །དང་པོ་ལ་དྲུག་སྟེ། དེ་བཞིན་གཤེགས་པ་ལ་ཕྱག་བྱ་བ་དང༌། དེ་ནས་དེ་ལ་མཆོད་པ་དང༌། དེའི་འོག་ཏུ་སྡིག་པ་བཤགས་པ་དང༌། ཀུན་གྱི་དགེ་བ་ལ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། དུས་རྟག་ཏུ་བཞུགས་པར་གསོལ་བ་འདེབས་པའོ། །དང་པོ་ལ་གཉིས་ཏེ། སྒོ་གསུམ་གྱིས་སྤྱིར་ཕྱག་འཚལ་བ་དང༌། གསུམ་པོ་སོ་སོར་ཕྱེ་ནས་སོ་སོས་ཕྱག་འཚལ་བའོ། །དང་པོ་ནི། ཕྱག་བགྱིའོ། །ཞེས་པ་ནི། དོན་ཙམ་སྟོན་པའི་སྒྲའོ་གང་ལ་ན། མ་ལུས་དེ་དག་ཐམས་ཅད་ལ་ཞེས་པ་ནི། ལས་སུ་བྱ་བའི་ཚིག་གོ །བྱེད་པ་པོ་གང་གིས་ན། བདག་གིས་ཞེས་པ་ནི། བྱེད་པ་པོའི་ཚིག་གོ །ཚུལ་ཇི་ལྟར་ན་ལུས་དང་ངག་ཡིད་དྭང་བས་ཞེས་པ་སྟེ། འབྱུང་ཁུངས་ཀྱི་ཚིག་གོ །དེ་དག་ནི་གཞུང་གིས་དངོས་སུ་ཟིན་ལ། དགོས་པ་ཅིའི་ཕྱིར་དུ་ཞེ་ན། ཇི་སྐད་དུ། གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །ཞེས་པ་ཡར་བླངས་ཏེ། དེའི་ཕྱིར་དུའོ། །བདུན་པའི་སྒྲ་ནི། ཇི་སྐད་དུ། བརྡའ་སྤྲོད་པའི་གཞུང་ལས། འབྲེལ་པ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་ཀྱང༌། །འོན་ཀྱང་དེ་ནི་རྣམ་དབྱེ་ལས། །དོན་གྱིས་ཐོབ་པར་བྱས་པ་ཡིན། །ཞེས་འབྱུང་བ་ལྟར་ཤུགས་ལ་ཐོབ་པ་ཡིན་ལ། བདུན་པ་གནས་གཞིའི་སྒྲ་ནི། ཕྱོགས་བཅུའི་འཇིག་རྟེན་ན་ཞེས་པ་སྟོན་པ་ཡིན་ཏེ། གང་ལ་ཕྱག་བྱ་བའི་ཡུལ་གྱི་དེ་བཞིན་གཤེགས་པ་དེ་དག་ཡུལ་གང་ན་ཡོད་པའི་གནས་བསྟན་པའི་ཚིག་ཡིན་པས་སོ། །འོ་ན་མ་ལུས་ཞེས་པ་དེ་གང་ཞེ་ན། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །ཞེས་པའོ། །དེ་ལ་ཚད་ཇི་ཙམ་ཞེ་ན། སུ་དག་ཅེས་པ་སྟེ། གྲངས་ཚད་མེད་པར་སྟོན་པའོ། །དེ་དག་གང་ན་ཡོད་ཅེ་ན། ཕྱོགས་བཅུའི་འཇིག་རྟེན་ཞེས་པའོ། །བཅུ་པོ་དེ་ཡང་རེ་རེ་ཁོ་ན་ཡིན་ནམ་ཞེ་ན། ཇི་སྙེད་ཅེས་པ་སྟེ། གྲངས་ངེས་མེད་པའོ། །དུས་གསུམ་ནི། འདས་པ་དང༌། མ་འོངས་པའི་དང༌། ད་ལྟར་བྱུང་བའི་དུས་སོ། །གཤེགས་པ་ནི་དུས་དེ་དང་དེར་བྱོན་ཟིན་པ་དང༌། འབྱོན་པར་འགྱུར་བ་དང༌། འབྱོན་བཞིན་པ་རྣམས་སོ། །དེ་ཡང་འདས་པ་ནི། ཞིག་ཟིན་པས་ཕྱག་བྱ་བའི་ཡུལ་དུ་མེད་པ་དང༌། མ་འོངས་པ་ནི་ད་ལྟར་མཆོད་འོས་མ་ཡིན་པས། ཕྱག་བྱ་བའི་ཡུལ་མ་ཡིན་ནོ། །སྙམ་པའི་དོགས་པ་བཀག་པས། ང་རྒྱལ་ལ་བརྟེན་པའི་སྒྲིབ་པ་བྱང་བར་འགྱུར་བའི་དགོས་པ་ཡོད་དོ། །མི་ཡི་སེང་གེ་ཞེས་པ་ནི། མི་ཡི་ཚུལ་དུ་སྟོན་ཅིང༌། བག་ཚ་བ་མེད་པ་དང༌། གཞན་གྱི་སྤོབས་པ་འཕྲོག་ནུས་པའི་ཕྱིར། དེ་ཞེས་བྱའོ། །འདིར་ཀུན་ཞེས་པ་དང༌། ཐམས་ཅད་མ་ལུས་ཞེས་པ་ནི་སྒྲ་ཟློས་པ་མ་ཡིན་གྱི། བསྣན་པའི་ཚིག་ཡིན་ཏེ། ལུང་གཞན་དེ་ཉིད་བསྡུས་པ་སོགས་ལས། མ་ལུས་ཤིང་ལུས་པ་མེད་པའི་དམ་པ་ཐམས་ཅད་ལ་ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་གསུམ་སྟེ། ལུས་ཀྱིས་ཕྱག་འཚལ་བ་དང༌། ཡིད་ཀྱིས་དང༌། ངག་གིས་ཕྱག་འཚལ་བའོ། །དང་པོ་ནི། གོང་དེར་ལུས་དང་ངག་ཡིད་དྭང་བས་ཞེས་བཤད་ན། ལུས་དྭང་བས་ཕྱག་བྱ་བ་ཇི་ལྟར་ཞེ་ན། སེམས་རབ་ཏུ་དྭང་བའི་སྒོ་ནས་ལུས་ཀྱིས་ཕྱག་བྱས་པ་ལ་ནི་ཞེས་བྱ་ལ། དེ་ཉིད་འཆད་པ་ནི། ཕྱག་འཚལ་ཞེས་པ་བཤད་པའི་གཞི་ཡིན་ལ། དང་པོ་དོན་ཙམ་སྟོན་པའོ། །ལས་སུ་བྱ་བ་གང་ལ་ཕྱག་འཚལ་ན། རྒྱལ་བ་ཀུན་ལའོ། །བྱེད་པ་པོ་གང་གིས་ན། སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་ལུས་རབ་ཏུ་བཏུད་པ་ཡིན་ནོ། །ཚུལ་ཇི་ལྟར་དུ་ན། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ་བྱས་པའི་སྒོ་ནས་རབ་ཏུའོ། །དེ་མངོན་སུམ་དུ་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། བཟང་པོ་སྤྱོད་པ་སྟེ། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་སྟོབས་དག་གིས་སོ། །དེ་ཡང་དེའི་སྟོབས་ཀྱིས་མ་དད་པ་ལ་སོགས་པའི་ཉོན་མོངས་ཟིལ་གྱིས་གནོན་པའི་སྒོས་ཕྱག་འཚལ་བ་ལ་ནི་རབ་ཏུ་དྭང་བས་ཕྱག་འཚལ་བ་དང༌། སྨོན་ལམ་གྱི་སྟོབས་ཀྱིས་ཕྱག་འཚལ་བ་ཞེས་བྱའོ། །ཇི་སྐད་དུ། མི་མཐུན་ཕྱོགས་ཉམ་ཆུང་བ་ཡང༌། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་འབྱུང་བ་ལྟར་རོ། །དགོས་པ་ཅིའི་ཕྱིར་དུ་ཕྱག་འཚལ་ན། ཕྱག་བྱས་པ་ལས་བྱུང་བའི་དགེ་བ་དེ་ཡུལ་ཁྱད་པར་ཅན་དུ་བསྒྱུར་བའི་དོན་དུའོ། །ཞེས་ཡན་ལག་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ཡིད་དྭང་བས་ཕྱག་འཚལ་བ་ནི། ཞིང་གི་རྡུལ་སྙེད་རབ་ཏུ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་སྦྱར་ནས། ལས་སུ་བྱ་བ་གང་ལ་ན། རྡུལ་ཕྲ་རབ་གཅིག་གི་སྟེང་ན། སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱིས་གང་བར་མོས་ལ། སངས་རྒྱས་དེ་ཡང༌། རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་སྲས་ཀྱི་དབུས་ན་བཞུགས་པ་དག རྡུལ་གཅིག་གི་སྟེང་ན་ཇི་ལྟར་ཡོད་པ་དེ་ལྟར། ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་སྟེ། ནམ་མཁས་གང་དུ་ཁྱབ་པ་ལ་ཐམས་ཅད་དུ་རྒྱལ་བ་སྲས་དང་བཅས་པ་དག་གིས་གང་ཞིང་མོས་པ་ལའོ། །འདིར་མོས་པ་ཞེས་པ་དང༌། གོང་དུ་མངོན་སུམ་ཞེས་པ་གཉིས་ནི་དོན་གཅིག་ཏུ་འདུ་བ་ཡིན་ལ། དེ་ཡང་མངོན་སུམ་ནི་བཏགས་པ་པ་ཡིན་ཞིང༌། མོས་པའམ། རྟོག་པ་ནི་མཚན་ཉིད་པའོ། །གསུམ་པ་ནི་ངག་དྭང་བས་ཕྱག་བྱ་བ་ནི། འདིར་ཡང༌། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །ཞེས་སྦྱར་ནས། བྱ་བྱེད་ལས་གསུམ་སྔ་མ་ལྟར་འཆད་ཅིང༌། ཚུལ་ཇི་ལྟར་དུ་ཕྱག་འཚལ་ན། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད་པའི་སྒོ་ནས་སོ། །བསྟོད་པའི་དོན་ནི། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །ཞེས་པའོ། །དེ་བརྗོད་པའི་ཚུལ་ཡང༌། དབྱངས་ཀྱི་ཕྲེང་བ་རེ་རེ་ལ། རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་རྣམ་པར་འཕྲོ་བའི་སྒྲ་ཀུན་གྱིས་སོ། །ཡོན་ཏན་ཇི་ལྟ་བུ་ཞེ་ན། རྡུལ་གཅིག་སྟེང་ན་ཞེས་སོགས་འདིར་ཡང་སྦྱར་ནས། རྒྱལ་བ་དེ་དག་གིས་བསྔགས་པའི་ཕྲེང་བ་མི་ཟད་རྒྱ་མཚོ་རྣམས་སོ། །བསྟོད་བཀུར་བསྔགས་གསུམ་གྱི་ཁྱད་པར་ལ། རིག་བྱེད་པ་ཡི་གེའི་རྐང་གྲངས་མང་ཉུང་གིས་འབྱེད་ལ། ཡུམ་གྱི་རྒྱན་ལས། ཡོན་ཏན་བརྗོད་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །ཞེས་ཁྱད་པར་བཤད་ཅིང༌། འདིར་ནི་བསྔགས་པ་དང་ཡོན་ཏན་མིང་གི་རྣམ་གྲངས་སུ་བྱས་ནས། དེ་ངག་ཏུ་བརྗོད་པ་ལ་བསྟོད་པ་ཞེས་བྱའོ། །གཉིས་པ་མཆོད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། ཕྱག་མཆོད་གཉིས་ཀ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའི་མཆོད་པའོ། །དང་པོ་ནི། རྡུལ་གཅིག་སྟེང་ན་ཞེས་པའི་ཤླཽ་ཀ་གཅིག་མར་བླངས་ནས། མེ་ཏོག་དམ་པ་སོགས་དང་སྦྱར་རོ། །དེ་ཡང་མཆོད་པར་བགྱི་ཞེས་པ་ནི་དོན་ཙམ་སྟོན་པའོ། །གང་ལ་ན། རྡུལ་གཅིག་སྟེང་ན་ཞེས་སོགས་ཀྱི་ཁྱད་ཆོས་དང་ལྡན་པའི་རྒྱལ་བ་དེ་དག་ལ་ནིའོ། །གང་གིས་ན། དམ་པ་ནི་དགེ་བའི་དོན་ཏེ། སྡིག་པ་དང་མ་འདྲེས་ཤིང་གྱ་ནོམ་པའོ། །དེ་ཁྱད་པར་དུ་བྱས་པའི་པདྨ་དཀར་པོ་ལ་སོགས་པའི་མེ་ཏོག་དང༌། ནོར་བུ་དང༌། ཆུ་ཤེལ་ལ་སོགས་པའི་ཕྲེང་བའི་ཁྱད་པར་དག སྐུ་ལུས་ཀྱི་སྤྱི་ལ་འབུལ་བ་དང༌། སིལ་སྙན་གྱི་ཁྱད་པར་སྣ་ཚོགས་པ་རྣམས་སྙན་ལ་འབུལ་བ་དང༌། ཙནྡན་དང་གུར་གུམ་ལ་སོགས་པའི་ཁྱད་པར་ཐུགས་ཀར་འབུལ་བ་དང༌། གདུགས་མཆོག་གསེར་གྱི་ཡུ་བ་ཅན་དང༌། དེས་མཚོན་པའི་རྒྱན་དང་བ་དན་ལ་སོགས་པ་དབུ་ལ་འབུལ་བ་དང༌། མར་མེའི་མཆོག་སྤྱན་ལམ་དུ་འབུལ་བ་དང༌། བདུག་སྤོས་དམ་པ་ཤངས་ལ་འབུལ་བ་དང༌། ན་བཟའ་དམ་པ་རྣམས་སྐུའི་སྟོད་སྨད་ཀྱི་ཆ་ལ་འབུལ་བ་དང༌། དྲི་མཆོག་དང༌། ཕྱེ་མའི་ཕུར་མ་ཞེས་བྱ་བ་ནི། ཙནྡན་དང༌། ཨ་ཀ་རུ་ལ་སོགས་པའི་ཕྱེ་མ། རས་ལ་སོགས་པའི་གོས་ཀྱི་སྣོད་དུ་ཐུམ་བུར་བཏུམ་པ་ལ་བྱ་བ་ཡིན་ལ། དེ་ལྟ་བུ་གོང་ནས་གོང་དུ་བརྩེགས་པ་རི་རབ་དང་མཉམ་པ་ཤངས་ལ་འབུལ་བར་བགྱིའོ། །དྲི་མཆོག་དང་བདུག་སྤོས་ཀྱི་ཁྱད་ནི། མ་སྲེགས་པར་དྲི་འབྱུང་བ་དང༌། བསྲེགས་ན་དྲི་འབྱུང་བ་ལ་བྱེད་དོ། །བཀོད་པ་ཁྱད་པར་འཕགས་པའི་ཕྱོགས་ཀུན་ཞེས་བྱ་བའི་དོན་ནི། གྲོང་པའི་ཚིག་རང་དགའ་བ་ལ། མཆོད་པའི་སྒྲིགས་ལེགས་པ་འཆད་ཀྱང་འགྲེལ་པ་མཁན་པོས་བཀོད་པ་ཞེས་བྱ་བ་ནི་ཚོགས་པའི་རྣམ་གྲངས་ཡིན་པས། ལྷ་དང་མིའི་མཆོད་པ་སོགས་ཆེ་ཞིང༌། ཁྱད་པར་དུ་འཕགས་པ་ལ་བཤད་དོ། །དེས་ན་བཀོད་པས་ཞེས་བྱེད་ཚིག་འབྱུང་བ་ནི་འགྲེལ་པ་དག་དང་མི་མཐུན་ནོ། །འགྱུར་ཁ་ཅིག་ནི། ཁྱད་པར་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀྱིས་ཞེས་འབྱུང་ལ། དེའི་ཚེ་ན་རྒྱན་དང་བཀོད་པ་ནི་དོན་གཅིག་ཅིང༌། ཐམས་ཅད་ཅེས་པ་མང་པོའི་རྣམ་གྲངས་སོ། །གཉིས་པ་བླ་ན་མེད་པའི་མཆོད་པ་འབུལ་བ་ནི། རྡུལ་གཅིག་སྟེང་ན་ཞེས། སོགས་མར་བླངས་ནས་མཆོད་པ་གང་རྣམས་ཞེས་སྦྱར་རོ། །གང་རྣམས་ཞེས་པ་ནི། གོང་དུ་བཤད་མ་ཐག་པའི་མེ་ཏོག་ལ་སོགས་པ་རྣམས་སོ། །བླ་ན་མེད་པ་ཞེས་བྱ་བ་ནི། ཟག་པ་དང་བཅས་པའི་ལས་ཀྱི་བདག་འབྲས་སུ་གྱུར་པའི་འཇིག་རྟེན་དུ་སྐྱེས་པ་དེ་དག་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དང༌། སྨོན་ལམ་གྱི་མཐུ་ལས་བྱུང་བའོ། །རྒྱ་ཆེ་བ་ཞེས་པ་ནི། མཆོད་པ་དེས་ཆོས་ཀྱི་དབྱིངས་མཐས་ཀླས་པ་ཐམས་ཅད་རྒྱས་པར་ཁེངས་པའོ། །མཆོད་པ་དེ་དག་རྡུལ་གྱི་གྲངས་དང་མཉམ་པའི་རྒྱལ་བ་ཐམས་ཅད་ལ་ཡིད་ཀྱིས་མོས་པ་བྱས་ནས་འབུལ་ལོ། །གཉིས་པ་ནི། རྒྱལ་བ་ཀུན་ལ་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །གང་གི་སྒོ་ནས་ཤེ་ན། བཟང་པོ་སྤྱོད་པ་ལ་དད་པའི་སྟོབས་དག་གིས་སོ། །བཟང་པོ་སྤྱོད་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ལ། འདིའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལ། དད་པ་དང༌། མོས་པ་དང༌། ཡིད་ཆེས་པའི་སྟོབས་ཀྱིས་དེ་དང་མཐུན་པར་སེམས་ཀྱིས་སྤྲུལ་ནས་མཆོད་པའོ། །དེ་ལྟར་མཆོད་པས་ནི། ཉོན་མོངས་པ་སེར་སྣ་དང༌། དེས་བསགས་པའི་སྡིག་པ་རྣམས་བྱང་བར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་ནི། སོ་སོར་བཤགས་སོ། །གང་བཤགས་ན། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་དོ། །བཤགས་པ་པོ་གང་གིས་ན་བདག་གིས་སོ། །སྡིག་པ་དེ་ལ་དུ་ཞིག་ཅེ་ན། ལུས་དང་ངག་དང༌། དེ་བཞིན་དུ་ཡིད་ཀྱིས་ཀྱང་བགྱིས་པ་དེ་གསུམ་མོ། །སྡིག་པར་འཇོག་པ་ལ་ཀུན་སློང་ཇི་ལྟ་བུས་ཀུན་ནས་བསླངས་པ་ཤིག་དགོས་ཤེ་ན། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་པ་སྟེ། དུས་ཀྱི་ཀུན་སློང་གཉིས་པོ་འདི་གང་རུང་གིས་བསླང་བ་ཤིག་དགོས་ལ་རྒྱུའི་ཀུན་སློང་ནི་དགེ་བས་བྱས་པ་ཡང་སྲིད་ལ། དེ་འདྲ་དེ་ལ་ནི། བསམ་པ་དཀར་ལ་སྦྱོར་བ་གནག་པའི་ལས་ཞེས་བྱའོ། །ཚུལ་ཇི་ལྟར་དུ་བཤགས་ན། རྡུལ་གཅིག་སྟེང་ན་ཞེས་སོགས་འདིར་བླངས། དེ་དག་གི་སྤྱན་སྔ་རུ། དེ་ཡང་བཤགས་སོ་ཞེས་པ་ནི། ཐ་སྙད་དུ་བྱས་པ་ཙམ་ཡིན་ལ། གོ་དོན་ནི། སྔར་བྱས་པ་ལ་འགྱོད་པ་དང༌། ཕྱིན་ཆད་སྡོམ་པའི་སེམས་བསྐྱེད་པའོ། །འོ་ན་འཐོལ་བ་དང་ཁྱད་པར་ཅི་ཡོད་ཅེ་ན། ཉེས་པ་མི་འཆབ་པའི་སེམས་ཀྱིས་ཉེས་པ་ལ་ཉེས་པར་བརྗོད་པ་ནི་འཐོལ་བ་ཡིན་ལ། དེས་ནི་འཆབ་པའི་ཉེས་པ་མི་འབྱུང་བར་བྱེད་ཅིང༌། དེ་ལས་ཉེས་པ་འཕེལ་བར་ཡང་མི་འགྱུར་བ་ཡིན་ཏེ། མ་འཐོལ་ན་རྩ་བའི་ཉེས་པ་འཆབ་ཉེས་དང་བཅས་ཏེ། ཞག་རེ་རེ་བཞིན་ཉིས་འགྱུར་དུ་འཕེལ་བར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པས་སོ། །བཤགས་པ་ནི། ཉེས་པ་རང་གི་ངོ་བོ་བྱང་བར་མ་ཟད་འཆབ་པ་ཞེས་བྱ་བའི་ཉོན་མོངས་པ་དང༌། དེས་ཀུན་ནས་བསླངས་པའི་ལས་ཀྱི་སྒྲིབ་པ་ཡང་བྱང་བར་འགྱུར་རོ། །འོ་ན་བཤགས་པས་ཉེས་པའི་ས་བོན་འབྱིན་པར་བྱེད་དམ། རྣམ་སྨིན་ཐག་བསྲིང་བར་བྱེད་པ་གཉིས་ལས་གང་ཞེ་ན། ཕྱི་མ་ལྟར་ཡིན་ཏེ། ཇི་སྲིད་བདེན་པ་མ་མཐོང་བ་དེ་སྲིད་དུ་སྤང་བྱའི་ས་བོན་འབྱིན་པར་མི་ནུས་སོ། །དེས་ན་ཉེས་པ་བཤགས་པ་ཞེས་བྱ་བ་ནི། ཉེས་པ་སྐྱུག་པ་ཞེས་བྱ་བའི་དོན་ནོ། །སོ་སོར་ཞེས་བྱ་བ་ནི། སྡེ་པ་རྣམས་མ་འདྲེས་པར་ངོས་ཟིན་པར་བྱས་ནས། ཞེས་པའི་དོན་ནོ། །ཡང་ན་དང་པོར་བཤགས་པ་ཞེས་བྱ་བའི་དོན་ཏེ། སྐད་ཅིག་ཀྱང་མི་གནས་པར་སྐྱུག་པར་རོ། །ཡང་ན་རབ་ཏུ་བཤགས་པ་ཞེས་བྱ་བའི་དོན་ཏེ། དགེ་བའི་རྩ་བ་གསུམ་པོ་གང་རུང་གིས་ཀུན་ནས་བསླངས་ཏེ་སྐྱུག་པར་བྱེད་པའོ། །བཞི་པ་རྗེས་སུ་ཡི་རང་བ་ནི། ཡི་རང་ངོ་ཞེས་པ་བཤད་པའི་གཞི། གང་ལ་ན། ཕྱོགས་བཅུའི་རྒྱལ་བ་ཀུན་དང་དེའི་སངས་རྒྱས་སྲས་ཐམས་ཅད་དང༌། དེའི་རང་རྒྱས་རྣམས་དང༌། དེའི་ཉན་ཐོས་སློབ་པ་དང༌། མི་སློབ་པ་རྣམས་དང༌། སོ་སོ་སྐྱེ་བོའི་འགྲོ་བ་ཀུན་གྱིས་བྱས་པའི་བསོད་ནམས་གང་ཡོད་པ་དེ་དག་ཐམས་ཅད་ལ་ཡང་ངོ༌། །ཇི་ལྟར་ན། དེ་དག་ཀུན་གྱི་རྗེས་སུའོ། །གང་གིས་ན། བདག་གིས་སོ། །འདིར་ཡང༌། སོ་སོར་བདག་ཡི་རང་ཞེས་སྦྱར་ནས། དེ་དག་ཐམས་ཅད་ལ་སྐད་ཅིག་རེ་རེ་ཞིང༌། རྗེས་སུ་ཡི་རང་བར་བྱས་ན་འཕེལ་བར་འགྱུར་རོ། །འོ་ན་འགྲོ་བ་ཀུན་ཞེས་པ་དང༌། སྔ་མ་རྣམས་བཟློས་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ་འདིར་འགྲོ་བ་ཞེས་བྱ་བའི་དོན་ནི། སྲེད་པ་དང་བཅས་པས་འཁོར་བར་འགྲོ་བ་ཞེས་བྱ་བ་ཡིན་ལ། ཉན་ཐོས་དང༌། རང་སངས་རྒྱས་དང༌། རྒྱལ་བའི་སྲས་པོ་འགའ་ཞིག་ལ་ནི། དེ་མེད་པའི་ཕྱིར་འགྲོ་བ་མ་ཡིན་ནོ། །ཞེས་འགྲེལ་པ་མཁན་པོ་དག་འཆད་ལ། དེས་ནི་ཇི་སྐད་དུ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །ཞེས་པའི་དོན་ཡང་བཤད་པར་འགྱུར་རོ། །ཡན་ལག་བཞི་པ་འདིས་ནི། ཉོན་མོངས་པ་ཕྲག་དོག་ལ་བརྟེན་པའི་ཉེས་པ་རྣམས་འབྱང་བར་འགྱུར་རོ། །ཡི་རང་ཞེས་པ་ཕྲག་དོག་མེད་པའི་དགེ་བའི་རྩ་བ་ལ་ཟེར་བ་ཡིན་གྱི། གཞན་དག་ཡིད་རང་བར་གྱུར་པས་ན་དེ་ཞེས་བྱའོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། འདི་ལ་ཡིད་ཀྱི་སྐད་དོད་མེད་པས་སོ། །ཡན་ལག་ལྔ་པ་ནི་བསྐུལ་ལོ། །གང་ན། འཁོར་ལོ་བསྐོར་བར་རོ། །དེ་ཇི་ལྟ་བུ་ཞེ་ན། བླ་ན་མེད་པ་སྟེ། ཆོས་ཀྱི་འཁོར་ལོའོ། །སུ་ཞིག་ལ་བསྐུལ་ན། མགོན་པོ་དེ་དག་ཐམས་ཅད་ལའོ། །ཇི་ལྟ་བུ་ཞེ་ན། གང་ཞེས་པ་ནི། སྤྱི་སྒྲ་ཡིན་ཀྱང་འཇིག་རྟེན་སྒྲོན་མ་ཞེས་པ་དང་འབྲེལ་ལ། དེའང་ཕྱོགས་རིས་སུ་མ་ཆད་པས་ན་གང་ཞེས་བྱ་ལ། རྣམས་ཞེས་པ་ནི་མང་པོའོ། །འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པས་ན་དེའི་སྒྲོན་མ་ཞེས་བྱའོ། །སྒྲོན་མ་དེ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་རིམ་པར་སངས་རྒྱས་ཞེས་བྱ་བ་ནི་གོང་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པའོ། །དེའི་ཁྱད་པར་ཡང༌། མ་ཆགས་བརྙེས། ཞེས་པ་དངོས་པོ་གང་ལ་ཡང་མ་ཆགས་པས་ཆོས་ཉིད་ལ་མཉམ་པར་བཞག་ནས་ཆོས་སྟོན་པ་ལ་སྤྲོ་བ་མི་མཛད་པ་དེ་དག་ལའོ། །གང་གིས་བསྐུལ་ན། བདག་གིས་སོ། །ཇི་ལྟར་དུ་བསྐུལ་ཞེ་ན། འོག་གི་ཐལ་མོ་རབ་སྦྱར་ཞེས་པ་འདིར་ཡར་བླང་ངོ༌། །དགོས་པ་ནི། འགྲོ་བ་རྣམས་ཀྱི་མི་ཤེས་པའི་མུན་པ་སེལ་བའི་ཕྱིར་དུའོ། །དེ་ལྟར་ན་ཡན་ལག་ལྔ་པ་འདིས་ནི། ཉོན་མོངས་པ་མ་རིག་པ་ལ་བརྟེན་པའི་ཉེས་པ་བྱང་ནས། གཏི་མུག་མེད་པའི་དགེ་བའི་རྩ་བ་རྒྱས་པར་འགྱུར་རོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། གསོལ་བར་བགྱིའོ། །ལས་སུ་བྱ་བ་གང་ན། ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་བསྐལ་པ་དག་ཏུ་བཞུགས་པར་ཡང་ངོ༌། །གང་ལ་ན། གང་ཕྱོགས་བཅུའི་ཞེས་པ་རྐང་པ་གཉིས་འདིར་ཡར་བླངས་ནས། མྱ་ངན་ལས་འདས་པའི་ཚུལ་སྟོན་པར་བཞེད་པ་དེ་དག་ལའོ། །དགོས་པ་ནི། འགྲོ་བ་མགོན་མེད་པ་ཐམས་ཅད་ལ་མཐར་ཐུག་ཕན་ཞིང༌། གནས་སྐབས་བདེ་བར་བྱ་བའི་ཕྱིར་དུའོ། །གང་གིས་ན། བདག་གིས་སོ། །ཚུལ་ཇི་ལྟར་ཞེ་ན། པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་རབ་ཏུ་སྦྱར་ཏེའོ། །འདིར་མྱ་ངན་ཞེས་པ་ནི། ཟག་པ་དང་བཅས་པའི་ཉེར་ལེན་གྱི་ཕུང་པོ་ལ་བྱ་ཞིང༌། དེ་ལས་འདའ་བ་ནི་འཆི་འཕོ་བ་སྟེ། ཉན་ཐོས་པ་ལྟར་ན། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱེད་པའོ། །དེ་ལྟར་ན། ཡན་ལག་དྲུག་པ་འདིས་ནི། ཐེག་པ་དམན་པའི་ཡིད་ལ་བྱེད་པ་དང༌། དེ་ལ་བརྟེན་པའི་ཉེས་པ་བྱང་བར་འགྱུར་རོ། །དེ་དག་གིས་ནི་གང་བསྔོ་བའི་བསོད་ནམས་ཀྱི་ཚོགས་བཤད་ཟིན་ཏོ། །གཉིས་པ་དགེ་བའི་རྩ་བ་བསགས་པ་དེ་ཀུན་ཏུ་བཟང་པོའི་བསྔོ་བས་བསྔོ་བ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ། དབྱེ་བ་རྒྱས་པར་བཤད་པ་སྨོན་ལམ་གྱི་ཚད་དང་ཕན་ཡོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། བསྔོའོ། །གང་དུ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དུའོ། །བྱེད་པ་པོ་གང་གིས་ན། བཤད་མ་ཐག་པའི་དགེ་བ་བསགས་པ་བདག་གིས་སོ། །དགོས་པ་ཅིའི་ཕྱིར་དུ་ན། སེམས་ཅན་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར་དུའོ། །གང་ན། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་ཐམས་ཅད་དོ། །དེ་ཡང་གང་ཞེ་ན། རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་བ་དང༌། དེ་ལ་མཆོད་པ་འབུལ་ཞིང༌། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང༌། ཀུན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་དགེ་བ་སྟེ། སྡེ་ཚན་དྲུག་པོ་དེ་དག་གོ །འདིས་ནི་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡང་བསྟན་པ་ཡིན་ཏེ། དེའི་ངོ་བོ་ནི་འདི་ཉིད་ལས་མ་འདས་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། འགྲེལ་པ་མཛད་པ་དག་གིས་སྨོན་ལམ་གྱི་དབྱེ་བ་བཅུ་དྲུག་ཏུ་ཕྱེ་བ་དེ་དག་བསྡུས་ན་གཉིས་སུ་འདུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་སྨོན་པ་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམས་རྫོགས་པར་སྨོན་པའོ། །དང་པོ་ལ། སྨོན་ལམ་རྒྱས་པར་བཏབ་པ་དང༌། བསྡུས་ཏེ་བཏབ་པའོ། །དང་པོ་ལ་གསུམ་སྟེ། སེམས་ཅན་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པ་དང༌། སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པའོ། །དང་པོ་ལ་གསུམ་སྟེ། བསམ་པའི་དབང་དུ་བྱས་པ། སྦྱོར་བའི་དབང་དུ་བྱས་པ། གཉིས་ཀའི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། ལྷག་པའི་བསམ་པའི་དབང་དུ་བྱས་པ་དང༌། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་ཅིང༌། དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པར་བྱ་བའི་བསམ་པ། སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བའི་བསམ་པའོ། །དང་པོ་ལ་གཉིས་ཏེ། འདས་པ་དང་ད་ལྟར་གྱི་སངས་རྒྱས་ལ་མཆོད་པའི་བསམ་པ་དང༌། མ་འོངས་པའི་སངས་རྒྱས་ཀྱི་དགོངས་པ་རྫོགས་པའི་བསམ་པའོ། །དང་པོ་ནི། མཆོད་པར་གྱུར་ཅིག གང་གིས་ན་བླ་ན་མེད་པའི་མཆོད་པའོ། །སུ་ཞིག་ལ་མཆོད་ཅེ་ན། འདས་པ་སྟེ། མྱ་ངན་ལས་འདས་པའི་ཚུལ་བསྟན་ཟིན་པའི་སངས་རྒྱས་རྣམས་དང༌། གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་དག་ན། དེའི་ཚུལ་མ་བསྟན་པར་གང་བཞུགས་པ་དེ་དག་ལའོ། །གཉིས་པ་ནི། སྤྱོན་ཞེས་བྱ་བ་ནི། བྱོན་ཞིག་པའོ། །གང་དུ་ན་རིམ་པར་བྱང་ཆུབ་ནས་སངས་རྒྱས་སུའོ། །ཇི་ལྟར་བྱང་ཆུབ་ཅེ་ན། བསམ་པ་ཀུན་རྫོགས་པ་སྟེ། ཚོགས་གཉིས་རྫོགས་ནས་སོ། །ཇི་ལྟར་དུ་སྤྱོན་ཞེ་ན། རབ་ཏུ་མྱུར་བར་རོ། །སུ་ཞིག་བྱོན་ཞེ་ན། གང་ཡང་སངས་རྒྱས་སུ་མ་བྱོན་པ་སྟེ། སངས་རྒྱས་མ་ཟིན་པའི། རྒྱལ་བའི་སྲས་པོ་དེ་དག་གོ །གཉིས་པ་ནི། ཡོངས་སུ་དག་གྱུར་ཅིག གང་ན། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ་དེ་དག་གོ །ཇི་ལྟར་ཞེ་ན། རྒྱ་ཆེ་བ་སྟེ། དོགས་པ་མ་ཡིན་པའི་ཕྱིར་རོ། །མདོར་ན་ཐ་གྲུ་ཆེ་བ་དང༌། ངོ་བོ་ཡོངས་སུ་དག་པ་བདེ་བ་ཅན་ལྟ་བུར་གྱུར་ཅིག དེ་ནི་སྣ་ཚོགས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་པའོ། །དེ་ནས་བཅུད་ཀྱི་ཞིང་དག་པར་སྨོན་པ་ནི། རབ་ཏུ་གང་བར་ཤོག་ཤིག གང་གིས་ན། རྒྱལ་བ་དང༌། དེའི་འཁོར་དུ་བྱུང་བའི་སངས་རྒྱས་ཀྱི་སྲས་ཀྱིས་སོ། །གང་དུ་ཞེ་ན་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུའོ། །ཇི་ལྟར་ཞེ་ན། དེ་དག་ནི་དེར་གཤེགས་ཤིང་བྱོན་པའི་ཚུལ་གྱིས་སོ། །གསུམ་པ་ནི། བདེ་བའི་བསམ་པ་དང༌། ཕན་པའི་བསམ་པ་གཉིས་སོ། །དང་པོ་ནི། རྒྱལ་བར་གྱུར་ཅིག གང་ན། ཕྱོགས་བཅུའི་སེམས་ཅན་ཇི་སྙེད་པ་དེ་དག་གོ །དུས་ནི་རྟག་ཏུའོ། །ཚུལ་ནི། ལུས་དང་སེམས་ལ་ནད་མེད་པའི་ཚུལ་གྱིས་སོ། །གཉིས་པ་ཕན་པའི་བསམ་པ་ནི། མཐུན་པར་གྱུར་ཅིག གང་ཞེ་ན། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནིའོ། །འདིར་མཐུན་པའི་དོན། འགྲེལ་པས་ལྡན་པ་ལ་བཤད་ལ། དེ་ལྟ་ན་ཡང༌། ཆོས་ཀྱི་དོན་རྣམས་ནི། འགྲོ་བ་ཀུན་གྱི་རང་རང་གི་བསམ་པ་དང་མཐུན་པར་གྱུར་ཅིག ཅེས་བཤད་ན། དོན་ལ་འབྱོར་ཞིང་འོག་མ་དང་མི་བཟློས་སོ། །དེར་མ་ཟད་འགྲུབ་པར་ཤོག་ཤིག གང་ཞེ་ན། འགྲོ་བ་ཀུན་གྱི་བསམ་པ་ཆོས་དང་མཐུན་པར་མ་ཟད། གང་དང་མཐུན་པའི་ཆོས་ཀྱི་རེ་བའང་ངོ༌། །དེ་དག་གིས་ནི། མ་འོངས་པའི་སངས་རྒྱས་མྱུར་དུ་འབྱོན་པར་སྨོན་པས་མཚོན་ནས་རང་ཉིད་མྱུར་དུ་སངས་རྒྱ་བ་དང༌། སེམས་ཅན་རྣམས་ལ་ཕན་པ་དང༌། བདེ་བ་ལ་འགོད་པར་དམ་བཅས་པ་ཡིན་ནོ། །གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་བ་ལ་གཉིས་ཏེ། གཉེན་པོ་བསྟེན་པ་དང༌། མི་མཐུན་པའི་ཕྱོགས་སྤང་བའོ། །དང་པོ་ལ། དེ་མི་བརྗེད་པའི་རྒྱུ་བཞི་ལས། དང་པོ་ནི། བདག་ནི་འགྲོ་བ་རིགས་ལྔ་པོ་གང་དུ་སྐྱེས་པ་དེ་ཀུན་ཏུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་དག་ནི་སྤྱོད་ཅིང༌། སྐྱེ་བ་སྔ་མ་རྣམས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྗེས་སུ་དྲན་པར་གྱུར་ཅིག དྲན་ནས་ཅི་ཞིག་བྱ་ན། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །ཞེས་པ་ནི། གང་དུ་སྐྱེས་པ་ནས་འཆི་འཕོ་བ་ལ་ཐུག་པའི་བར་དུ། བདག་ནི་རབ་ཏུ་འབྱུང་བར་ཤོག་ཤིག དུས་ཇི་ཙམ་གྱི་བར་དུ་ཞེ་ན། དུས་རེས་འགའ་བ་མ་ཡིན་པར་རྟག་ཏུའོ། །འགྲེལ་པས་ནི། བྱང་ཆུབ་སྤྱོད་པ་སྤྱད་པ་ན། །རྟག་ཏུ་སྐྱེ་བ་དྲན་པར་འགྱུར། །ཞེས་བྱ་བའི་དོན་དུ་བཤད་དོ། །དེའི་ངག་དོན་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་བསྐྱེད་པ་མི་འཐད་དེ། ཚེ་འདིར་ཡང་དག་པར་བླངས་པ་དེ་ཚེ་རབས་གཞན་དུ་མི་དྲན་པའི་ཕྱིར་སྙམ་པ་ལ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་དང་པོ་འདི་གསུངས་པ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་སུ། མི་འཁྲུགས་པའི་སྨོན་ལམ་རྗེས་སུ་སྣང་བའི་ཕྱིར་ཉེས་པ་མེད་དོ། །ཞེས་བཤད་པ་དང་མཐུན་ནོ། །མདོར་ན་དེར་སེམས་བསྐྱེད་པས་ནི། སྐྱེ་བ་དྲན་པར་སྨོན་དགོས་ཤིང༌། དེ་ལས་དེ་དྲན་ནས། དེའི་བསླབ་པ་ལ་སློབ་པ་རང་གི་ངང་གིས་འབྱུང་བའོ། །རྒྱུ་གཉིས་པ་ནི། རབ་ཏུ་འབྱུང་ནས་ཇི་ལྟར་བྱ་ཞེ་ན། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་པར་གྱུར་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པའོ། །འདིར་བཟང་པོ་ཞེས་པ་ནི། ཀུན་ཏུ་བཟང་པོ་ཡིན་ལ། དེ་ཉིད་ནི་སྲས་ཀྱི་ཐུ་བོ་ཁོ་ནར་མ་ཟད། སེམས་དཔའ་སྤྱིའི་མཚན་ཀྱང་ཡིན་ཏེ། རྒྱུད་བླ་མ་ལས། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །ཞེས་བཤད་པས་སོ། །ཇི་ལྟར་རྫོགས་པར་བྱ་ཞེ་ན། ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཁྱད་པར་བཞི་འཆད་དོ། །དེ་ཡང༌། ཉོན་མོངས་པ་དང་མ་འདྲེས་པས་དྲི་མ་མེད་པ། ཐེག་པ་དམན་པར་སེམས་བསྐྱེད་པའི་གཡའ་དང་བྲལ་བས་ན། ཡོངས་སུ་དག་པ། ལུས་ངག་གི་ཉེས་སྤྱོད་དང་བྲལ་བས་ན། ཉམས་པ་མེད་པ། རྣམ་པར་སྨིན་པ་ལ་རེ་བ་མེད་པས་ན་སྐྱོན་མེད་པའོ། །རྒྱུ་གསུམ་པ་ནི། ཚེ་རབས་ཀུན་ཏུ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་ནས་ལས་སུ་བྱ་བ་ཅི་ཞིག་བྱ་ཞེ་ན། འགྲོ་བ་ཀུན་གྱི་རྣ་བའི་དབང་པོ་དང་མཐུན་ཞིང༌། བསམ་པ་དང་འཚམ་པའི་སྒྲ་རྣམས་ཇི་ཙམ་གྱིས། འགྲོ་བ་ཐམས་ཅད་ཀྱི་སྐད་དུ། བདག་གིས་དམ་པའི་ཆོས་བསྟན་ཏོ་སྟེ། སྟོན་པར་གྱུར་ཅིག དེ་ཡང་གང་ཞེ་ན། ལྷ་རྣམས་ལ་ལྷའི་སྐད་དུ་དང༌། ཀླུ་རྣམས་ལ་དེའི་སྐད་དུ་དང༌། གྲུལ་བུམ་དག་དང་མི་རྣམས་ལ་དེ་དང་དེའི་སྐད་དུའོ། །དང་ཞེས་པ། ཕྱི་མ་འདྲེན་པའི་ཚིག་འབྱུང་བ་ལྟར་ན། དེ་དང་དེ་དག་ཏུ་མ་འདུས་པའི་འགྲོ་བ་རྣམས་ལ་དེ་དང་དེའི་སྐད་ཀྱིས་སོ། །རྒྱུ་བཞི་པ་ནི། སེམས་ཀྱི་རྒྱུད་དེ་གཤིན་ཞིང་མཉེན་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རབ་ཏུ་བརྩོན་པ་སྟེ། སྤྲོ་བའོ། །དེ་ལྟར་རྒྱུ་བཞི་པོ་དེས་བྱང་ཆུབ་ཀྱི་སེམས་ནི་ནམ་ཡང་བརྗེད་པར་མ་གྱུར་ཅིག ཅེས་འཇུག་བསྡུ་བའོ། །གཉིས་པ་མི་མཐུན་ཕྱོགས་བསལ་བ་ནི། ཕམ་པ་ལྟ་བུའི་ཆོས་བཞི་ནི། རྩ་བའི་ལྟུང་བ་བཅུ་དགུ་དང༌། ནག་པོའི་ཆོས་བཞི་ལ་སོགས་པའི་སྡིག་པ་གང་རྣམས། བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་ལ་སྒྲིབ་པར་གྱུར་པ་དག་ལས། རང་གི་རྒྱུད་ལ་གང་བྱུང་དུ་རུང་བ་དེ་དག་མ་ལུས་པའི་ས་བོན་ཡོངས་སུ་བྱང་བར་ཤོག་ཤིག རྒྱུ་གང་གིས་ཤེ་ན། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །ཞེས་པའི་རྒྱུ་ལས་སོ། །གཉིས་པ་སྦྱོར་བའི་དབང་དུ་བྱས་པ་ལ་གཉིས་ཏེ། ལས་ཉོན་གྱི་འཆིང་བ་ལས་གྲོལ་བཞིན་དུ་འཁོར་བར་སྐྱེ་བ་ཇི་ལྟར་ལེན་པའི་ཚུལ་ལ་སྨོན་པ་དང༌། བླངས་ནས་སེམས་ཅན་གྱི་དོན་ཇི་ལྟར་བྱ་བའི་ཚུལ་ལ་སྨོན་པའོ། །དང་པོ་ནི། དེ་ལྟར། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་འདྲ་དེས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུགས་ནས། འཇིག་རྟེན་ཁམས་ཀྱི་འགྲོ་བ་རིགས་ལྔ་པོ་རྣམས་སུ་ཡང༌། སྤྱད་པ་སྟེ་སྐྱེ་བ་ལེན་པར་བྱེད་དོ། །ཇི་ལྟར་ཞེ་ན། དཔེ་གཉིས་ཏེ། ཆགས་པ་མེད་པ་དང༌། ཐོགས་པ་མེད་པའི་དཔེའོ། །དང་པོ་ནི། ཇི་ལྟར་པདྨོ་ཆུའི་ནང་ན་གནས་ཀྱང༌། ཆུས་མི་ཆགས་པ་བཞིན་དུ། འཁོར་བར་སྐྱེས་ཀྱང་ལས་དང༌། ཉོན་མོངས་པ་དང༌། བདུད་ཀྱིས་མ་ཆགས་པར་རོ། །དེའི་ཤེས་བྱེད་ཀྱང༌། བསོད་ནམས་ལ་སོགས་པའི་ལས་གསུམ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་རེ་བ་མེད་པའོ། །དེའི་ཤེས་བྱེད་ཀྱང༌། སྲིད་ལེན་གྱི་རྐྱེན་གྱིས་ཉིང་འཚམས་སྦྱར་བ་མ་ཡིན་གྱི། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པའོ། །དཔེ་གཉིས་པ་ནི། ཇི་ལྟར། ཉི་མ་དང་ཟླ་བ་ནི། རང་གི་དོན་མ་ཡིན་པར་གཞན་གྱི་དོན་ཁོ་ན་ལ་ཞུགས་པའི་སྒོ་ནས་ནམ་མཁའ་ལ་ཐོགས་པ་མེད་པར་རྒྱུ་བ་ལྟར། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཡང་གཞན་དོན་ཁོ་ནའི་བསམ་པས་སྐྱེ་བ་ལེན་པའོ། །ཅི་འཁོར་བར་མ་ཆགས་ཤིང༌། རྣམ་པར་སྨིན་པ་ལ་རེ་བ་མེད་པ་ཤེས་བྱེད་ཅི་ཞེ་ན། ལས་དང༌། ཉོན་མོངས་པ་དང༌། བདུད་ཀྱི་ལས་རྣམས་ལས་གྲོལ་བའི་རྒྱུ་མཚན་གྱིས་སོ། །དེ་ཡང༌། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །ཞེས་བྱ་བའི་རྒྱུ་ལས་སོ། །གཉིས་པ་ལ་གཉིས་ཏེ། སེམས་ཅན་ལ་ཕན་བདེ་སྒྲུབ་པའི་ཚུལ་དང༌། གོ་ཆ་ཆེན་པོ་བགོ་བར་སྨོན་པའོ། །དང་པོ་ལ་བདེ་བ་སྒྲུབ་པའི་ཚུལ་དང༌། ཕན་པ་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་ཁྱོན་དང༌། ཕྱོགས་རྣམས་ཇི་ཙམ་པར་ངན་སོང་གི་སྡུག་བསྔལ་ཇི་སྙེད་ཡོད་པ་དེ་དག་རབ་ཏུ་ཞི་བར་བྱེད་ཅིང༌། མཐོ་རིས་ཀྱི་བདེ་བ་དག་ལ་ངན་སོང་བའི་འགྲོ་བ་ཀུན་བཀོད་ཟིན་པར་གྱུར་ཅིག ཅེས་པའོ། །གཉིས་པ་ནི། བདེ་འགྲོ་དང་ངན་འགྲོའི་འགྲོ་བ་ཐམས་ཅད་ལ་ནི། རང་རང་གི་སྐལ་བ་དང་འཚམས་པའི་དམ་པའི་ཆོས་ཀྱི་ཕན་པར་ལོངས་སྤྱོད་པར་གྱུར་ཅིག གཉིས་པ་ལ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་རྫོགས་པ་དང༌། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པའི་དང༌། དམ་པའི་ཆོས་རབ་ཏུ་གནས་པའི་གོ་ཆའོ། །དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པའི་བསམ་པས་གོ་ཆ་བགོ་བའོ། །ཅིང་ཞེས་པ་ནི། འོག་མ་འདྲེན་པའི་ཚིག་གོ །གཉིས་པ་ནི། སེམས་ཅན་དག་གི་སེམས་ཀྱི་སྤྱོད་པ་དང་མཐུན་པར་འཇུག་པ་སྟེ། དེ་དག་ལ་རང་རང་གི་སྐལ་བ་དང་འཚམས་པར་གང་ལ་གང་འདུལ་གྱི་སྤྱོད་པ་རྗེས་སུ་སྟོན་པའོ། །གསུམ་པ་ནི། གདུལ་བྱ་རྣམས་ཀུན་ཏུ་བཟང་པོའི་སྤྱོད་པ་དག་ནི་རབ་ཏུ་འཆད་ཅིང་སྟོན་པའོ། །མ་འོངས་བསྐལ་པ་ཀུན་ཏུ་ཞེས་པ་ནི། གོང་མ་གསུམ་ཀ་ལ་སྦྱར་ནས། སྤྱོད་པར་གྱུར་ཞེས་པ་མཐའི་གསལ་བྱེད་དོ། །གསུམ་པ་བསམ་སྦྱོར་གཉིས་ཀའི་དབང་དུ་བྱས་པ་ལ་གསུམ་སྟེ། གྲོགས་དང་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་ལ་སྨོན་པ་དང༌། དེ་ནས་དམ་པའི་ཆོས་ཚུལ་བཞིན་དུ་འཛིན་པར་སྨོན་པ་དང༌། དེ་ནས་ཡོན་ཏན་གྱི་མཛོད་ཐོབ་པར་སྨོན་པའོ། །དང་པོ་ལ་གསུམ་སྟེ། བདག་གི་སྤྱོད་པ་དང་མཐུན་པའི་གྲོགས་པོ་དག་དང་འགྲོགས་པར་སྨོན་པ་དང༌། རང་ལ་ཕན་པའི་བཤེས་གཉེན་དང་ཕྲད་ནས་དེ་ཚུལ་བཞིན་དུ་བསྟེན་པར་སྨོན་པ་དང༌། རྒྱལ་བ་སྲས་བཅས་ཀྱི་ཞལ་མཐོང་ནས། དེ་ལ་མཆོད་པར་སྨོན་པའོ། །དང་པོ་ནི། རྟག་ཏུ་འགྲོགས་པར་ཤོག་ཤིག སུ་དང་ཞེ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཞུགས་པའི་བྱང་སེམས་དག་གི་སྤྱོད་པ་དང་མཚུངས་པར་གང་སྤྱོད་པ་དེ་དག་དང་ངོ༌། །ཡང་ཞེས་པ་ནི་གཞན་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པར་མ་ཟད་ཅེས་པའོ། །གཉིས་པ་ལ་གཉིས་ཏེ། དགེ་བའི་བཤེས་གཉེན་དང་ཕྲད་པར་སྨོན་པ་དང༌། བསྟེན་པར་སྨོན་པའོ། །དང་པོ་ནི། ཕྲད་པར་ཤོག སུ་དང་ན། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག ཀུན་ཏུ་བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ་ཤིན་ཏུ་མང་པོ་རྣམས་དེ་དག་དང་ངོ༌། །དུས་ནི་རྟག་ཏུའོ། །ཡང་ཞེས་པ་ནི། བཟང་པོ་སྤྱོད་པ་སྟོན་པའི་གྲོགས་པོ་དང་འགྲོགས་པར་མ་ཟད་ཅེས་པའོ། །གཉིས་པ་ནི། གྲོགས་དང་དགེ་བའི་བཤེས་གཉེན་དེ་དག བདག་གིས་ནམ་ཡང་སྟེ། ཅི་ནས་ཀྱང་ཡིད་མི་འབྱུང་བར་བྱ་སྟེ། དེ་དག་ཡིད་ལ་འབབ་ཅིང་མཐུན་པར་གྱུར་ཅིག ཅེས་པའོ། །གསུམ་པ་ལ་གཉིས་ཏེ། ལྟ་བར་སྨོན་པ་དང༌། མཆོད་པར་སྨོན་པའོ། །དང་པོ་ནི། ལྟ་བར་གྱུར་ཅིག གང་ན། རྒྱལ་བའོ། །དེ་ཇི་ལྟ་བུ་ཞེ་ན་སངས་རྒྱས་ཀྱི་སྲས་ཀྱིས་བསྐོར་བ་དང་མགོན་དུ་གྱུར་པ་རྣམས་སོ། །ཇི་ལྟར་ཞེ་ན། མངོན་སུམ་དུའོ། །དུས་ནི་རྟག་ཏུའོ། །གང་གིས་ན་བདག་གིས་སོ། །གཉིས་པ་ནི། མཆོད་པར་བགྱི་ཞེས་པ་བཤད་པའི་གཞི་གང་ལ་ཞེ་ན། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་དེ་དག་ལའོ། །ཡང་ཞེས་པ་ནི། ལྟ་བར་མ་ཟད། དེ་དག་མཆོད་པ་ཡང་ནི་རྒྱ་ཆེར་བགྱི་ཞེས་སྦྱར་རོ། །མཆོད་པ་ཇི་ལྟ་བུ་ཞེ་ན། རྒྱ་ཆེ་བ་སྟེ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་སོ། །ཚུལ་ཇི་ལྟར་དུ། དུས་ཇི་ཙམ་གྱི་བར་དུ་ཞེ་ན། མ་འོངས་པའི་བསྐལ་པ་ཀུན་ཏུ་མི་སྐྱོ་བའི་ཚུལ་གྱིས་སོ། །གཉིས་པ་ལ། དམ་པའི་ཆོས་འཛིན་པ་དང༌། བཤད་པར་དང༌། ཡོངས་སུ་སྦྱངས་པར་སྨོན་པའོ། །དང་པོ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་འཛིན་པར་གྱུར་ཅིག་ཅིང༌། ཞེས་པ་ནི་འོག་མ་སྡུད་པའོ། །གཉིས་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཀུན་ནས་འགྲོ་བ་རྣམས་ལ་སྣང་བར་བྱེད་ཅིང༌། རབ་ཏུ་སྟོན་པར་བྱེད་པའོ། །གསུམ་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་རྣམས་སྦྱང་བ་ཡང་སྤྱད་པར་བགྱིའོ། །སྦྱང་བར་བྱ་བ་ཞེས་པ་ནི། དྲི་མ་མེད་པར་བྱ་བ་དང༌། །ཉེས་པ་རིང་དུ་སྤོང་བའོ། །མ་འོངས་བསྐལ་པ་ཀུན་ཏུ་ཞེས་པ། གསུམ་ཀའི་ཐོག་མར་སྦྱར་ནས། སྤྱད་པར་བགྱིའོ་ཞེས་པ་མཐའི་གསལ་བྱེད་དོ། །གསུམ་པ་དེ་ལས་ཡོན་ཏན་གྱི་མཛོད་འཛིན་པར་སྨོན་པ་ནི། དེ་ལྟར་བཤེས་གཉེན་བསྟེན་པ་དང༌། དམ་པའི་ཆོས་བཟུང་བའི་མཐུ་ལས། རང་གི་བློ་གྲོས་བང་མཛོད་དུ་གྱུར་ཅིག གང་གིས་ན། ཡོན་ཏན་ཀུན་གྱིའོ། །ཅིའི་ཕྱིར་མཛོད་ཅེས་བྱ་ཤེ་ན་ཡོན་ཏན་མི་ཟད་པའི་དོན་གྱིས་ན། དེ་ཞེས་བྱ་ལ། དེ་བཞིན་དུ་འདིར་ཡང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་མི་ཟད་པ་རྙེད་པའི་དོན་གྱིས་ན་དེ་ཞེས་བྱའོ། །དེ་ཡང་གང་ཞེ་ན། སྙིང་རྗེ་ལ་སོགས་པའི་ཐབས་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང༌། རྣམ་ཐར་ཞེས་བྱ་བ་ནི། རྣམ་པར་ཐར་པ་བརྒྱད་དང༌། གསུམ་ལ་སོགས་པ་ལ་ཟེར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པའོ། །དེ་ཡང་གང་ཞེ་ན། སྙིང་རྗེ་ཆེན་པོ་ཐོགས་པ་མེད་པའི་རྣམ་པར་ཐར་པ་དང༌། སྒྱུ་མར་གྱུར་པའི་རྣམ་པར་ཐར་པའོ། །དེ་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་མཛོད་མི་ཟད་པའི་ཡོན་ཏན་གྱི་གཏེར་དུ་གྱུར་པ་ཐམས་ཅད་ལ་བདེ་ཞིང་ཕན་པར་བྱ་བའི་ཕྱིར་གྱུར་ཅིག་པའོ། །གཉིས་པ་སངས་རྒྱས་ཀྱི་ཞིང་སྦྱོང་བར་སྨོན་པ་ལ་གཉིས་ཏེ། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ལྟ་བུ་ན། སངས་རྒྱས་རྒྱ་མཚོ་ལྟ་བུ་ལ་ལྟ་ཞིང༌། དེའི་སྤྱོད་ཡུལ་ལ་འཇུག་པ་དང༌། དེ་ལ་ཞུགས་ནས་མ་འོངས་པའི་ཞིང་རྒྱ་མཚོ་སྦྱོང་བའོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་རྒྱ་མཚོ་ལྟ་བུ་ལྟ་བ་དང༌། དེའི་ཞིང་ཁམས་རྒྱ་མཚོ་ལ་ཞུགས་ནས་སྤྱོད་ཡུལ་ལ་འཇུག་པའོ། །དང་པོ་ནི། བལྟ་བར་བགྱིའོ། །གང་ལ་ན། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལའོ། །ཇི་ལྟར་དུ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་སྤྱད་པ་སྤྱོད་ཅིང་ངོ༌། །བསམ་གྱིས་མི་ཁྱབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། རྡུལ་གཅིག་སྟེང་ན་རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་གནས་ཏེ། ཞིང་དེ་དག་རེ་རེ་ན་ཡང༌། རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་རེ་རེ་ལ་ཡང༌། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དག་གིས་བསྐོར་བས་ནའོ། །གཉིས་པ་ལ་གཉིས་ཏེ། ཞིང་རྒྱ་མཚོར་འཇུག་པ་དང༌། སྤྱོད་ཡུལ་རྒྱ་མཚོ་ལྟ་བུ་ལ་འཇུག་པའོ། །དང་པོ་ནི། རྡུལ་གཅིག་སྟེང་ན་སངས་རྒྱས་ཞིང་དང་བཅས་པ་ཇི་ལྟར་ཡོད་པ་དེ་ལྟར། མ་ལུས་པའི་ཕྱོགས་ཐམས་ཅད་དུ་ཡང་སྐྲ་ཙམ་གྱི་ཁྱོན་གྱི་ཚད་ཙམ་ཡང་མ་ལུས་པར་དུས་སྐད་ཅིག་མ་གཅིག་ལ་ཡུལ་རྡུལ་རེའི་སྟེང་དུ། དུས་གསུམ་སྟེ་ཚད་སྙེད་ཀྱི་སངས་རྒྱས་རྒྱ་མཚོ། ཞིང་རྒྱ་མཚོ་དང་བཅས་པ། བསྐལ་པ་རྒྱ་མཚོའི་ཚད་དང་མཉམ་པར་སྤྱོད་ཅིང༌། རབ་ཏུ་འཇུག་པ་ཞེས་བྱ་བ་དེ་ཡང་མཐོང་བར་ཤོག་ཤིག གཉིས་པ་ལ། གསུང་གི་གསང་བ་ལ་འཇུག་པ་དང༌། རྫུ་འཕྲུལ་གྱི་གསང་བ་ལ་འཇུག་པ་དང༌། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའོ། །དང་པོ་ལ་གཉིས་ཏེ། ཚིག་དབྱངས་མི་འདྲ་བ་ལ་བློ་འཇུག་པ་དང༌། དབྱངས་རེ་རེས་དོན་གྱི་ཁྱད་པར་མི་འདྲ་བ་མང་པོ་སྟོན་པ་ལ་བློ་འཇུག་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པ་བགྱིའོ་སྟེ། མཉན་པར་བགྱིའོ། །གསུང་དེ་ཇི་ལྟ་བུ་ཞེ་ན། འགྲོ་བ་ཀུན་གྱི་བསམ་པ་ཇི་ལྟ་བ་བཞིན་གྱི་དབྱངས་ཞེས་བྱ་བ་ནི། གདུལ་བྱའི་དབང་པོའི་རིམ་པ་ལས་མཆོག་དམན་གྱི་རིམ་པ་ཐ་དད་དུ་འབྱུང་བའོ། །དབྱངས་དེ་ཡང་ཐ་མལ་པ་གཞན་གྱི་ལྟར། ཡན་ལག་རེ་རེ་བ་ཁོ་ན། སྐྱོན་གྱིས་རྣམ་པར་མ་དག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གསུང་གཅིག་ལ་ཡང་ཡན་ལག་དྲུག་ཅུ་དང་ལྡན་པ་ལྟ་བུ། ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས་རབ་ཏུ་ཕྱེ་བ་དང༌། ཡན་ལག་རྣམས་ཀྱང་སྐྱོན་དང་མ་འདྲེས་པར་རྣམ་པར་དག་པའོ། །གཉིས་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱི་འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་མཛད་པ་དེ་དག་གི་ཡང་གསུང་གི་དབྱངས་འཁོར་བ་ཇི་སྲིད་ཀྱི་བར་དུ་འཇུག་པས་མི་ཟད་པ་དེ་ལ། བློ་ཡེ་ཤེས་ཀྱི་སྟོབས་ཀྱིས་ཀྱང་སྐད་ཅིག་མ་གཅིག་ལ་བདག་ཀྱང་རབ་ཏུ་འཇུག་པར་གྱུར་ཅིག གཉིས་པ་ནི། སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱིའོ། །གང་ལ་ཤེ་ན། མ་འོངས་པའི་བསྐལ་པ་ཐམས་ཅད་གཅིག་ནས་གཅིག་ཏུ་རིམ་པར་བརྒྱུད་དེ་འཇུག་པ་དེ་ཡང་ངོ༌། །ཇི་ལྟར་ཞེ་ན། གང་ཡང་བསྐལ་པ་དུས་གསུམ་དུ་སྲིད་ཚད་དེ་དག་ཐམས་ཅད་སྐད་ཅིག་གཅིག་གི་ཆ་ཤས་ཀྱི་ཡུན་ཙམ་གྱིས་ནི། ཞུགས་པར་མཛད་པ་དེ་ལ་བདག་ཀྱང་སྤྱོད་པར་བགྱིའོ། །གང་གིས་ན། བློའི་སྟོབས། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་ནི། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་བསྟན། ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། མ་གོས་པའི་སྤྱོད་པ་བསྟན། དེ་ནས། ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །ཅེས་ཚིགས་སུ་བཅད་པ་གཅིག་གིས་ནི། སེམས་ཅན་ལ་ཕན་གདགས་པར་བསྟན། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི་གོ་ཆ་བསྟན། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། བྱང་ཆུབ་སེམས་དཔའ་སྐལ་བ་མཉམ་པ་རྣམས་དང་ཕྲད་པར་བསྟན། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །ཅེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་བསྟན། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། སངས་རྒྱས་ལ་བལྟ་བར་བསྟན། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་པས་ནི། དམ་པའི་ཆོས་ཡོངས་སུ་འཛིན་པར་བསྟན། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །ཞེས་པའི་རྐང་པ་གཅིག་གིས་ནི། མཛོད་ཟད་མི་ཤེས་པར་ཐོབ་པར་བསྟན། དེ་ཡན་ཆད་ནི་མོས་པས་སྤྱོད་པའི་དབང་དུ་བྱས་སོ། །དེ་ནས། ལྷག་བསམ་དག་པའི་ས་པའི་དབང་དུ་བྱས་པ་ལ། རྡུལ་གཅིག་སྟེང་ན་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། སངས་རྒྱས་ཀྱི་ཞིང་ལ་ལྟ་བ་དང༌། ས་རབ་ཏུ་དགའ་བ་བསྟན། གསུང་གཅིག་ཡན་ལག་ཅེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། སངས་རྒྱས་གསུང་ལ་འཇུག་པ་དང༌། ས་དྲི་མ་མེད་པ་བསྟན་ནོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །ཅེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ་དང༌། ས་འོད་བྱེད་པ་བསྟན་ནོ། །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་ཞེས་སོགས། ཕྱེད་སྔ་མས་བསྐལ་པ་ལ་འཇུག་པ་དང༌། ཕྱེད་ཕྱི་མས་བསྐལ་པ་ཐམས་ཅད་ལ་འཇུག་པ་བསྟན། དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། སངས་རྒྱས་ལ་བལྟ་བ་དང༌། དེའི་སྤྱོད་ཡུལ་ལ་འཇུག་པ་བསྟན་ཏེ། ས་ཤིན་ཏུ་སྦྱང་དཀའ་བ་ཡང་བསྟན་ནོ། །གང་ཡང་དུས་གསུམ་དེ་དག་ཞིང་བཀོད་པ། །ཞེས་སོགས་ཚིགས་སུ་བཅད་གཅིག་གིས་ནི། སངས་རྒྱས་ཀྱི་ཞིང་བཀོད་པ་སྒྲུབ་པ་ལ་འཇུག་པ་བསྟན་ནོ། །འདིས་ནི་ས་མངོན་དུ་གྱུར་པ་ཡང་བསྟན་ནོ། །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་འཇུག་པ་བསྟན་ཏེ། ས་རིང་དུ་སོང་བ་བསྟན་ཏོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། སྟོབས་བཅུ་བསྟན་ནོ། །ས་མི་གཡོ་བ་བསྟན་ནོ། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། མི་མཐུན་པའི་ཕྱོགས་ཉམས་པར་བསྟན་ནོ། །ས་ལེགས་པའི་བློ་གྲོས་བསྟན་ཏོ། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ཡོན་ཏན་ཡོངས་སུ་བྱང་བ་རྣམ་པ་བརྒྱད་བསྟན་ཏོ། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། ཡོན་ཏན་ཐམས་ཅན་ཡོངས་སུ་རྫོགས་པར་བྱ་བ་བསྟན་ཏོ། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ལྟར་བཟུང་བ་རྣམས་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པར་བསྔོ་བ་བསྟན། ཚིགས་སུ་བཅད་པ་དྲུག་གིས་ནི། ས་ཆོས་ཀྱི་སྤྲིན་བསྟན་ཏོ། །དེ་དག་གིས་རྒྱུའི་ས་ཡོངས་སུ་རྫོགས་ནས། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཅེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། ཀུན་ཏུ་འོད་ཀྱི་ས་བསྟན་པ་ལས། ཚིགས་བཅད་དང་པོས། རྒྱུ་ས་བཅུའི་གནས་སྐབས་སུ་བསགས་པའི་དགེ་ཚོགས་ཀྱི་འབྲས་བུ་རྒྱ་ཆེ་བར་བསྟན་ནས། ཚིགས་བཅད་ཕྱི་མས་མི་གནས་པའི་མྱང་འདས་ཀྱི་ཚེ་ནའང་ཟད་མི་ཤེས་པར་བསྟན་ཏོ། །གཉིས་པ་སྒོམ་པའི་ཚུལ་ཕན་ཡོན་དང་བཅས་པ་ལ། ཕན་ཡོན་རྒྱས་པར་བཤད་པ་དང༌། བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། ཚེ་འདིའི་དང༌། ཕྱི་མའི་གཉིས། དང་པོ་ལ། བཞི་དང༌། སྟོབས་ཀྱིས་སོ། །གསུམ་པ་ནི། བདག་གིས་བལྟ་བར་བགྱིའོ། །དུས་ཇི་ཙམ་ལ་ཞེ་ན། སྐད་ཅིག་ལའོ། །གང་ལ་ཞེ་ན། དུས་གསུམ་གཤེགས་པའི་མིའི་སེངྒེ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་དང༌། དེ་ན་ཡང༌། སྐྲ་ཙམ་གྱི་ཁྱོན་ལ་དུས་གསུམ་གྱི་ཚད་དང་མཉམ་པར་བཞུགས་པ་གང་ཡིན་པ་དེ་དག་ལའོ། །དེ་དག་ལ་བལྟས་ནས་ཅི་ཞིག་བྱ་ཞེ་ན། དུས་རྟག་ཏུ་མིའི་སེངྒེ། བཤད་མ་ཐག་པ་དེ་དག་གི་ནི་སྤྱོད་ཡུལ་གང་ཡིན་པ་དེ་ལ་འཇུག་པར་བགྱིའོ། །གང་གི་སྟོབས་ཀྱིས་ཤེ་ན། སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་ཞེས་བྱ་བ་ནི། ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་རྣམ་པར་འཕྲུལ་པ་དེའི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་སྙམ་དུ། བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་ནི། མི་སྲིད་པའི་དོན་ལ་སྨོན་པ་ཡིན་ཏེ། རྡུལ་གཅིག་གི་ཁྱོན་ལ་སངས་རྒྱས་ཀྱི་ཞིང་དེ་འདྲ་བ་ཤོང་བའི་གོ་སྐབས་མེད་པའི་ཕྱིར་དང༌། སྐད་ཅིག་ཆ་ཤས་གཅིག་ལ་བསྐལ་བའི་ཚད་སྟོན་པར་མི་ནུས་ཏེ། དེ་ལ་དེའི་ཚད་མི་རྫོགས་པའི་ཕྱིར་ཞེ་ན། ཟག་པ་མེད་པའི་ཡེ་ཤེས་ཀྱིས་སྒྱུ་མར་གྱུར་པའི་རྣམ་ཐར་གྱི་སྟོབས་ཀྱིས་སྤྲུལ་ན། དེ་དང་དེར་སྤྲུལ་ཞིང་བསྒྱུར་ནུས་པ་ཡིན་ཏེ། ཡེ་ཤེས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར། དཔེར་ན། སྣོད་ཤིན་ཏུ་ཆུ་དྭངས་པས་གང་བ་ལ། གཟའ་དང་རྒྱུ་སྐར་ལ་སོགས་པ་ནམ་མཁའི་རྒྱན་ཐམས་ཅད་སྣང་བ་བཞིན་ནོ། །དུས་སྐད་ཅིག་མ་གཅིག་ལ་བསྐལ་པའི་ཚད་ཀྱང་སྟོན་ནུས་ཏེ། ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཀྱང་བསྐལ་པར་རིམ་ཅན་དུ་འབྱུང་བའི་དོན་རྣམས་འབྱུང་རིམ་དང་མཐུན་པར་སྐད་ཅིག་མ་གཅིག་ལ་མཁྱེན་པའི་ཕྱིར། གཉིས་པ་མ་འོངས་པའི་ཞིང་སྦྱོང་བ་ལ་གཉིས་ཏེ། ཇི་ལྟར་སྦྱོང་བའི་ཚུལ་དང༌། གང་གི་སྟོབས་ཀྱིས་སྦྱོང་ནུས་པའོ། །དང་པོ་ལ་གསུམ་སྟེ། ཞིང་སྦྱོང་བ་དངོས་དང༌། ཞིང་དེར་སངས་རྒྱས་པའི་མཛད་པ་རྣམས་ཆོ་འཕྲུལ་གྱི་སྒོ་ནས་སྟོན་པ་དང་སངས་རྒྱས་ཀྱི་ཞིང་ཀུན་ཏུ་འགྲོ་བའོ། །དང་པོ་ནི། གང་ཡང་དུས་གསུམ་དག་ཞིང་གི་བཀོད་པ་རྡུལ་གྱི་གྲངས་དང་མཉམ་པ་དེ་དག་རྡུལ་གཅིག་གི་སྟེང་དུ་མངོན་པར་བསྒྲུབ་པར་བྱའོ། །རྡུལ་གཅིག་གི་སྟེང་དུ་བསྒྲུབ་པ་དེ་ལྟར་མ་ལུས་པའི་ཕྱོགས་ཐམས་ཅད་དུ་ཡང་བར་མཚམས་མེད་པར་རྒྱལ་བ་ཀུན་གྱི་ཞིང་རྣམས་ཀྱི་བཀོད་པ་ཇི་སྙེད་ཡོད་པ་དེ་ལྟར་དུ་བཀོད་ནས་སྟོན་པ་ལ་འཇུག་པར་བགྱིའོ། །གཉིས་པ་ནི། གང་ཡང་འདས་པ་དང་ད་ལྟར་གྱི་སངས་རྒྱས་ཀྱི་མཛད་པ་རྣམས་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟོན་ནུས་པ་ལྟ་ཞོག་གི མ་བྱོན་པའི་འཇིག་རྟེན་གྱི་སྒྲོན་མ་རྣམས་ཇི་སྙེད་འབྱུང་བ་དེ་དག་དགའ་ལྡན་གྱི་གནས་ན་བཞུགས་པ་ནས། རིམ་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་རབ་ཏུ་ཞི་བའི་མཐའི་བར་སྐད་ཅིག་མ་གཅིག་ལ་གཟུགས་བརྙན་གྱི་ཚུལ་གྱིས་སྟོན་པར་བྱེད་དོ། །གསུམ་པ་ནི། དུས་གསུམ་གྱི་མགོན་པོ་སངས་རྒྱས་ཐམས་ཅད་ཀྱི་དྲུང་དུ་བདག་མཆིའོ་སྟེ་འགྲོའོ། །ཇི་ལྟར་ཞེ་ན། རྫུ་འཕྲུལ་གྱི་སྟོབས་ཀྱིས་སོ། །ཅིའི་ཕྱིར་དུ་ན། དེ་དག་མཆོད་པའི་ཕྱིར་དུའོ། །དེའི་ཡང་དགོས་པ་ནི། རང་ཉིད་གང་དུ་སངས་རྒྱས་པའི་ཞིང་ཁམས་རྒྱ་མཚོ་རྣམ་པར་སྦྱོང་བའི་ཕྱིར་དུའོ། །གལ་ཏེ་འདི་སྙམ་དུ་ཕྱོགས་བཅུ་ཐམས་ཅད་དུ་རྡུལ་གྱི་ཕྲེང་བ་བར་མཚམས་མེད་པ་རེའི་སྟེང་དུ། སངས་རྒྱས་ཀྱི་ཞིང་རྡུལ་གྱི་གྲངས་དང་མཉམ་པ་མ་འདྲེས་པར་བཞག་ཏུ་མི་རུང་སྟེ། རྡུལ་གཅིག་གི་སྟེང་དུ་ཁམས་ཕོར་གྱི་ཚད་ཙམ་ཡང་མི་ཤོང་བ་བཞིན་ནོ་སྙམ་ན། ཉེས་པ་དེ་མེད་དེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ། རང་བཞིན་གྱི་རྣམ་པར་དག་པ་ཡིན་པའི་ཕྱིར། དཔེར་ན། མིག་འཁྲུལ་མཁན་གྱིས་རྡེའུ་དང༌། ཤིང་བུ་ཙམ་གྱི་གོ་སར་ཡང༌། ཁང་བཟངས་དང༌། རྟ་དང༌། གླང་པོ་སོགས་སྤྲུལ་པར་ནུས་པ་བཞིན་ནོ། །དོན་དེ་དག་ཀྱང་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་རྣམ་སྣང་གངས་ཆེན་མཚོའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་དེ་ན། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཡོད་ལ། དེ་རེ་རེ་ན་སངས་རྒྱས་སྲས་དང་བཅས་པ་ཇི་སྙེད་བཞུགས་པ་དེ་སྙེད་ཀྱི་དྲུང་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང་དེ་སྙེད་བཞུགས་ནས། དེས་དེ་དག་ལ་བལྟ་བ་དང༌། མཆོད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྦྱོང་བར་བཤད་དོ། །དེའི་ཡང་དགོས་པ་ནི། ཀུན་ཏུ་བཟང་པོ་རང་ཉིད་ཀྱི་མ་འོངས་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བའི་དོན་དུའོ། །དེ་ན་ཡོད་པའི་ཞིང་དེ་དག་ཀྱང་དུས་གསུམ་གྱི་བསྐལ་པར་བྱུང་བ་དང༌། འབྱུང་བར་འགྱུར་པའི་ཞིང་ཁམས་རྒྱ་མཚོ་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་གྱིས་བསྟན་པ་ཡིན་ལ། དེ་ལ་ནི་སྒྱུ་མར་གྱུར་པའི་རྣམ་ཐར་ཞེས་བྱའོ། །དེ་དག་གི་དོན་བསྡུས་པ་ནི། གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་སྤྱད་པར་བགྱི། །ཞེས་བྱའོ། །མདོར་ན་རྡུལ་གཅིག་སྟེང་ན་སོགས་ཤླཽ་ཀ་བརྒྱད་ཀྱིས་ནི། སངས་རྒྱས་ཕལ་པོ་ཆེ་ནས་འབྱུང་བའི་འཇིག་རྟེན་གྱི་ཞིང་ཁམས་རྒྱ་མཚོ་སྟོན་པའི་དོན་ཐམས་ཅད་བསྡུས་པ་ཡིན་ནོ། །གཉིས་པ་གང་གིས་སྒྲུབ་ནུས་པ་ལ་གསུམ་སྟེ། སྟོབས་ཀྱིས་བསྒྲུབ་པ་དང༌། གཉེན་པོས་བསྒྲུབ་པ་དང༌། ལས་ཀྱིས་བསྒྲུབ་པའོ། །དང་པོ་ནི། ཡང་དག་བསྒྲུབ་པར་བྱེད་ཅེས་པ་བཤད་པའི་གཞིའོ། །གང་ན། བྱང་ཆུབ་སྟོབས་རྣམས་ཞེས་པ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སྟོབས་དང་མཐུ་གང་ཡིན་པ་དེའོ། །དེ་ཡང་སྐུ་གསུམ་འཕྲིན་ལས་དང་བཅས་པའོ། །ཡང་ན། དེའི་ཚད་ཀྱི་སྟོབས་དང་མཐུ་ལ་དེ་ཞེས་བྱའོ། །གང་གིས་གྲུབ་ན། སྟོབས་རྣམ་པ་བཅུས་སོ། །དེ་གང་ཞེ་ན། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་སྟོབས་ཞེས་པ་ནི། ཕྱོགས་བཅུ་ཀུན་ཏུ་ཅིག་ཆར་སྐད་ཅིག་ལ་འགྲོ་ནུས་པའོ། །དེར་སོང་ནས་སེམས་ཅན་སོ་སོའི་ཡིད་འཕྲོག་པར་བྱེད་པའི་ཆོ་འཕྲུལ་སྟོན་པར་ནུས་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་དང༌། ཀུན་ནས་སྒོའི་ཐེག་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མིང་ཡིན་ལ། ཅིའི་ཕྱིར་དེ་ལ་ཀུན་ནས་སྒོ་ཞེས་བྱ་ཞེ་ན། སྒོ་ཀུན་ནས་གཞན་ལ་ཕན་པར་བྱེད་པའོ། །དེ་ཡང་འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ཇི་ལྟ་བ་བཞིན་ནོ། །ཀུན་ཏུ་ཡོན་ཏན་གྱི་སྟོབས་ཞེས་པ་ནི། ཐོག་མཐའ་བར་ཀུན་ནས་སུ་དགེ་བའོ། །སྤྱོད་པའི་སྟོབས་ཞེས་པ་ནི། བྱང་ཆུབ་སྤྱོད་པ་དང༌། བཟང་པོ་སྤྱོད་པའི་སྟོབས་གཉིས་ཀ་ལ་འཇུག་སྟེ། སྤྱོད་པའི་སྟོབས། ཞེས་སྤྱི་ཙམ་ནས་སྨོས་པའི་ཕྱིར་རོ། །ཀུན་ཏུ་ཁྱབ་པའི་བྱམས་པ་ཞེས་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའོ། །ཀུན་ནས་དགེ་བའི་བསོད་ནམས་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་སེམས་ཀྱིས་ཁྱབ་པས་ན་ཀུན་ནས་དགེ་བ་ཞེས་བྱ་ལ་ཡང་ན། དག་ཅིང་གཙང་བར་བྱེད་པས་ན་བསོད་ནམས་སམ། དེའི་ཕྱིར་ལེགས་པར་བསོད་པར་གྱུར་པས་ན། བསོད་ནམས་ཞེས་བྱའོ། །མཚན་གཞི་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས་སོགས་གསུམ་མོ། །སྟོབས་ཞེས་པ་ནི། མི་མཐུན་པའི་ཕྱོགས་ཀྱིས་གནོན་པར་མི་ནུས་པ་སྟེ། བྱང་ཆུབ་ཀྱི་སེམས་སྒོམ་པའི་མཐུ་ལས་བྱུང་བའོ། །དེ་སྐད་དུ་ཡང༌། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་གསུངས་སོ། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཞེས་པ་ནི། སྤྲོས་པ་ཉེ་བར་ཞི་བའི་ཡེ་ཤེས་དེ་ཆགས་ཐོགས་གཉིས་དང་བྲལ་བའི་ཡེ་ཤེས་སོ། །ཤེས་རབ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཐབས་ཞེས་པ་ནི། འདོད་པའི་དོན་འགའ་ཞིག་གྲུབ་པའི་མན་ངག་སྟེ། འདིར་ནི་ཐེག་ཆེན་སེམས་བསྐྱེད་ལྟ་བུའོ། །ཐབས་དེ་ཉིད་ཤེས་རབ་ཀྱིས་སྒྲུབ་དགོས་པས་ན། ཐབས་ཤེས་ཟུང་དུ་འབྲེལ་བའོ། །ཏིང་ངེ་འཛིན་ཞེས་པ་ནི། དམིགས་པ་ལ་སེམས་རྩེ་གཅིག་པ་སྟེ། དེ་ནུས་པ་མཐུ་ཅན་དུ་གྱུར་པ་ལ་དེའི་སྟོབས་ཞེས་བྱའོ། །མདོར་ན་བཅུ་པོ་དེ་ལ་བྱང་ཆུབ་ཀྱི་ཚད་ཀྱི་སྟོབས་ཞེས་བྱའོ། །ཞེས་འཇུག་བསྡུས་པའོ། །ཡང་ན། བཅུ་པོ་དེས་བྱང་ཆུབ་ཀྱི་སྟོབས་འགྲུབ་པར་བྱེད་དོ་ཞེས་བྱེད་པ་པོའི་དོན་དུ་སྦྱར་རོ། །གཉིས་པ་གཉེན་པོས་སྒྲུབ་པ་ནི་གཉིས་ཏེ། སྤང་བྱ་གསུམ་སྤོང་བ་དང་གཉེན་པོ་གཅིག་བསྟེན་པའོ། །དང་པོ་ནི། ཟག་པ་དང་བཅས་པའི་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་པར་བྱེད་པ་དང༌། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པའི་སྟོབས་རྣམས་འཇོམས་པར་བྱེད་པ་དང༌། ཕུང་པོ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་དེ། གསུམ་པོ་དེའི་སྟོབས་མེད་པར་བྱེད་པའོ། །གཉིས་པ་ནི། དེ་དག་གཉེན་པོ་གང་གིས་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྟོབས་ནི་རྫོགས་པར་བྱེད་པའི་མཐུ་ལས་སོ། །གསུམ་པ་ལས་ཀྱིས་བསྒྲུབས་པ་ནི། བྱང་ཆུབ་སེམས་དཔའི་ལས་རྣམ་པ་བརྒྱད་དེ། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །ཞེས་པ་ནས་རང་ཉིད་གང་དུ་སངས་རྒྱས་པའི་ཞིང་དེ་བདེ་བ་ཅན་དང༌། པདྨོ་ཅན་ལྟར་དུ་བྱེད་པའོ། །སེམས་ཅན་རྒྱ་མཚོ་དག་རྣམ་པར་སྒྲོལ་བར་བྱེད་པ་ནི། ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་ཆོས་བསྟན་པར་བྱས་པ་ལས་སོ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བར་བྱེད་པ་ནི། ཐོབ་པར་བྱ་བའི་ཆོས་སྟོབས་སོགས་དང༌། བཤད་པར་བྱ་བའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ། ཤེས་རབ་ཀྱི་མིག་གིས་སྐད་ཅིག་གཅིག་ལ་མཐོང་བར་བྱེད་པ་དང༌། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི། མཐོང་བའི་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡེ་ཤེས་མཐའ་ཡས་པ་རྣམས་རྟོགས་ཤིང་ཁོང་དུ་ཆུད་པ་དང༌། རྫོགས་པར་བྱེད་པའོ། །སྤྱོད་པ་རྒྱ་མཚོ་ཞེས་བྱ་བ་ནི། བྱང་ཆུབ་སྤྱོད་པ་དང༌། བཟང་པོ་སྤྱོད་པ་དམིགས་ཀྱིས་མ་ཕྱེ་བ་ན་གཉིས་ཀ་བཟུང་བར་བྱའོ། །གཉིས་པོའི་ཁྱད་པར་ཅི་ཞེ་ན། འགྲེལ་པ་ལས། བྱང་ཆུབ་སྤྱོད་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པ་སྟེ་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་སྤྱོད་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་སྟེ་བསོད་ནམས་ཀྱི་ཚོགས་སོ། །སྨོན་ལམ་རྒྱ་མཚོ་ནི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ། སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་རྣམས་སོ། །ཡོངས་སུ་རྫོགས་པར་བྱེད་པ་ནི། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་སྟོབས་ཀྱིས་སོ། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་པར་བྱེད་པ་ནི། དུས་སྐད་ཅིག་མ་གཅིག་ལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་གིས་ཁྱབ་པར་བྱེད་པའོ། །བསྐལ་པ་རྒྱ་མཚོ་མི་སྐྱོ་བ་ནི། དུས་དེ་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་སྤྱད་ཀྱང་ཡིད་མི་སྐྱོ་བའོ། །གསུམ་པ་སྨོན་ལམ་རྫོགས་པར་བྱ་བ་ནི། མ་ལུས་རྫོགས་པར་བགྱིའོ། །གང་གིས་ན་བདག་གིས་སོ། །གང་ན། གང་ཡང་དུས་གསུམ་དུ་གཤེགས་པའི་རྒྱལ་བའི་བྱང་ཆུབ་ཏུ་སྤྱོད་པའི་སྨོན་ལམ་གྱི་བྱེ་བྲག་རྣམས་སོ། །དེ་ཀུན་ཏུ་མ་ལུས་པའོ། །ཇི་ལྟར་ཞེ་ན། ཀུན་ཏུ་བཟང་པོའི་སྤྱོད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་རིམ་པ་ནི། འདིར་རྣམས་ཞེས་པ་དང༌། ཀུན་ཞེས་པ་དང༌། མ་ལུས་པ་རྣམས་ནི་གཅིག་གིས་གཅིག་བཤད་པའོ། །གཉིས་པ་སྨོན་ལམ་བསྡུས་ཏེ་བཏབ་པ་ལ་གཉིས་ཏེ། ཀུན་ཏུ་བཟང་པོ་དང་འདྲ་བར་སྨོན་པ་དང༌། འཇམ་དཔལ་དང་འདྲ་བར་སྨོན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བསྟན་པ་དང༌། དེ་ཉིད་བཤད་པའོ། །དང་པོ་ནི། རབ་ཏུ་བསྔོ་བའོ། །གང་ན་གོང་དུ་བཤད་པའི་ཕྱག་འཚལ་བ་ལ་སོགས་པའི་དགེ་བ་འདི་དག་ཐམས་ཅད་དོ། །དགོས་པ་ཅིའི་ཕྱིར་དུ་ན། གང་གི་མིང་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བའི་མཁས་པ་དེ་དང་མཚུངས་པར་སྤྱོད་པའི་ཕྱིར་དུའོ། །དེ་ཇི་ལྟར་ཞེ་ན། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པའོ། །ཅིའི་ཕྱིར་མིང་དེ་སྐད་ཅེས་བྱ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོ་ཞེས་མིང་བཏགས་པའོ། །དེ་སྐད་འདོགས་པའི་རྒྱུ་མཚན་ནི། བྱང་ཆུབ་སེམས་དཔའ་དེ་གང་ན་ཡོད་པའི་འཁོར་གྱི་དཀྱིལ་འཁོར་དེ་བཟང་ཞིང་མཛེས་པའི་ཕྱིར་རོ། །ཀུན་གྱི་སྲས་ཀྱི་ཐུ་བོ་པ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། མདོ་སྡེ་དེ་དག་ལས། བྱང་ཆུབ་སེམས་དཔའ་ལ་འདོད་ཆེན་པ་དང༌། དེ་མ་ཡིན་པ་གཉིས་བཤད་པ་ལས། དང་པོ་ནི། མྱུར་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པར་སྨོན་པ་དེ་ཡིན་ལ། དེ་དག་གི་ནང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔ་བ་ནི་འཕགས་པ་བྱམས་པ་ཡིན་ལ། གཉིས་པ་འདོད་ཆེན་པ་མ་ཡིན་པ་ནི། ཇི་སྲིད་སེམས་ཅན་ཐམས་ཅད་འཁོར་བ་ལས་མ་གྲོལ་གྱི་བར་རང་ཉིད་འཚང་མི་རྒྱ་བར་བྱང་ཆུབ་སེམས་དཔའི་ངང་ཉིད་ནས་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་འདེབས་པའོ། །དེ་དག་གི་ནང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔ་བ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་པས། དེའི་ཕྱིར་འདི་གཉིས་ལ་རྒྱལ་བའི་སྲས་ཀྱི་ཐུ་བོ་ཞེས་བྱའོ། །ཞེས་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ལས་བྱུང་ངོ༌། །གཉིས་པ་ནི། འོ་ན་དེར་མཚུངས་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཁས་པ་ཀུན་ཏུ་བཟང་པོ་དེ། ལུས་དང་ངག་ཡིད་ཀྱང་རྣམ་པར་དག་ཅིང༌། དེའི་རྒྱུ་རྐྱེན་གྱིས་སྤྱོད་པ་རྣམ་པར་དག་པ་དང༌། དེའི་རྒྱུ་རྐྱེན་གྱིས་ཞིང་རྣམས་ཡོངས་སུ་དག་པར་བསྔོ་བ་བཟང་པོ་མཛད་པ་ཅི་འདྲ་བ་དེ་འདྲ་དང༌། བདག་ཀྱང་དེ་དང་མཚུངས་པར་ཤོག་ཅེས་པའོ། །མདོར་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྣམ་པར་དག་པར་བྱས་པ་དེ་ཉིད་ཞིང་དག་པའི་དོན་དུ་བསྔོ་བ་ནི། མཁས་པ་ཀུན་ཏུ་བཟང་པོའི་བསྔོ་བའོ། །དེ་ཡང་ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི། རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང༌། འགྲོ་བ་འདུལ་བ་མཐར་ཐུག་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་ནས་སར་སྨོན་ལམ་རྒྱ་མཚོས་རབ་ཏུ་གནས་པ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། སྒོ་ཐམས་ཅད་ནས་ཆོས་ཀྱི་དབྱིངས་སུ་བདག་གི་ལུས་ཀྱི་སྤྲིན་རྡུལ་རྙེད་མཐའ་ཡས་པས་སངས་རྒྱས་པར་འགེངས་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། ཞིང་ཐམས་ཅད་དུ་རང་གི་མིང་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་སྒྲོགས་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་སྦུབས་སུ་བྱང་ཆུབ་སེམས་དཔའི་ཡུལ་དང་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པ་ཡང་དག་པར་སྟོན་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། དུས་གསུམ་གྱི་བསྐལ་པ་སྐད་ཅིག་གཅིག་ཏུ་སྟོན་པས་འབྱུང་བ་དང་འཇིག་པར་རབ་ཏུ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དབང་པོ་རྒྱ་མཚོའི་ཡུལ་ཕན་ཚུན་དུ་འཇུག་པ་ཡང་དག་པར་སྟོན་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། གང་འདི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་རང་གི་ལུས་ཀྱི་སྤྲུལ་པས་རྒྱས་པར་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་རྣམ་པར་ཐར་པ་དང༌། གང་འདིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་ཚུལ་ཕན་ཡོན་དུ་སྟོན་པ་རྒྱ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ལ་འཇུག་པ་ཞེས་བྱ་བའི་རྣམ་པར་ཐར་པ་དག་གོ །ཞེས་གསུངས་སོ། །གཉིས་པ་འཇམ་དཔལ་དང་འདྲ་བར་བསྔོ་བ་ནི། འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱིའོ། །ཅིའི་ཕྱིར་དུ་ན། ཀུན་ནས་ཏེ། ཀུན་ཏུ་ཞེས་པ་ཐོག་མཐའ་བར་གསུམ་དགེ་བ་བཟང་པོ་སྤྱོད་པའི་ཕྱིར་དུའོ། །དེའི་སྨོན་ལམ་ཇི་ལྟ་བུ་ཞེ་ན། འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པའི་ཚེ། རང་གི་སྐུ་མཆོག་ཏུ་མཛེས་པ་ཡིད་དུ་འོང་བ་དེས། མཐའ་ཡས་པའི་སེམས་ཅན་གྱི་ཡིད་འཕྲོག་ཏུ་བཅུག་ནས། དང་པོར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བར་དུ་སྤྱོད་པ་ལ་སློབ་པ་དང༌། ཐ་མར་སངས་རྒྱས་ཀྱི་ས་ལ་འགོད་པར་སྨོན་པའོ། །ཞེས་འགྲེལ་པར་འབྱུང་ལ། ཕལ་པོ་ཆེའི་མདོ་ལས་ནི། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ལས་འདས་པའི་འཇིག་རྟེན་གྱི་ཁམས་རེ་རེ་ན། དེ་བཞིན་གཤེགས་པ་ཇི་སྙེད་བཞུགས་པ་དེ་ཐམས་ཅད་ཀྱི་མདུན་ན་འཕགས་པ་འཇམ་དཔལ་ཡང་རེ་རེ་བཞུགས་ནས་འཕྲིན་ལས་བསྒྲུབ་པར་ཐུགས་བསྐྱེད་པ་ལ་བཤད་དོ། །སྨོན་ལམ་དེ་དུས་ཇི་ཙམ་གྱི་བར་དུ་སྤྱད་ཅེ་ན། མ་འོངས་བསྐལ་པ་ཀུན་ཏུ་ཞེས་པའོ། །ཇི་འདྲ་བའི་སེམས་ཀྱིས་ཤེ་ན། མི་སྐྱོ་བར་ཞེས་པའོ། །ཚུལ་ཇི་ལྟར་ཞེ་ན། ཇི་ལྟར་འདོད་པའི་སྨོན་ལམ་གྱི་བྱ་བ་དེ་མ་ལུས་པ་རྫོགས་པར་བགྱིའོ། །གཉིས་པ་སངས་རྒྱས་ཀྱི་སར་སྨོན་པ་ནི། སྤྱོད་པ་དང༌། ཡོན་ཏན་དང༌། གནས་དང༌། མཐུའི་ཁྱད་པར་སངས་རྒྱས་དང་མཚུངས་པར་སྨོན་པ་ནི། རིམ་པ་བཞིན་དུ་སྤྱོད་པ་དག་ནི་ཉན་རང་དང་བྱང་སེམས་ལྟར། ཚད་ཡོད་པ་དེ་ལྟ་བུ་མིན་པར་སངས་རྒྱས་ཉིད་དུ་གྱུར་ཅིག ཡོན་ཏན་རྣམས་དེ་དག་དང་འདྲ་བར་ཚད་བཟུང་དུ་ཡོད་པ་མིན་པར། ཚད་བཟུང་དུ་མེད་པ་སངས་རྒྱས་ཉིད་དུ་ཤོག་ཤིག སྤྱོད་པ་ཚད་མེད་པ་དེ་དག་ལ་གནས་ནས་ཀྱང༌། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཐམས་ཅད་འཚལ་བར་ཏེ། ཁོང་དུ་ཆུད་པར་བགྱིའོ། །གཉིས་པ། མཐའ་དང་ཕན་ཡོན་བསྟན་པས་འཇུག་བསྡུ་བ་ལ་གཉིས་ཏེ། སྨོན་ལམ་འདིའི་ཡུན་ཇི་ཙམ་གྱི་བར་དུ་འདེབས་པའི་མཐའ་བསྟན་པ་དང༌། སྨོན་ལམ་དེ་ལ་མོས་པའི་ཕན་ཡོན་ནོ། །དང་པོ་ནི། འོ་ན་སྨོན་ལམ་འདི་དག་རང་ཉིད་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་ཀྱི་བར་དུའམ། རང་ཉིད་སངས་མ་རྒྱས་ཀྱི་བར་དུ་འདེབས་པ་ཡིན་ཞེ་ན། དེ་མ་ཡིན་ཏེ། ཇི་སྲིད་སེམས་ཅན་དང་ནམ་མཁའ་མ་ཟད་ཀྱི་བར་དེ་སྲིད་དུ། སྨོན་ལམ་འདིའི་མཐའ་ཡང་དེ་སྲིད་འཇུག་པ་ཡིན་ནོ། །ཞེས་འཆད་པ་ནི། སྨོན་ལམ་འདི་ནི་ཉན་རང་ལྷག་མེད་དུ་འདས་པ་ལྟར། འདེབས་པ་པོ་རང་ཉིད་ཀྱི་སངས་རྒྱས་པའི་ཚེ་ཟད་པ་ནི་མ་ཡིན་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ་དེ་ཙམ་དུ་བདག་གི་སྨོན་ལམ་གྱི་མཐའ་ཡང་གནས་པའོ། །ལས་ཉོན་གྱི་མཐའ་ཇི་ཙམ་ཞེ་ན། སེམས་ཅན་གྱི་མཐའ་གང་ཡིན་པ་དེ་དག་གོ །དེའི་མཐའ་ཡང་ཇི་ཙམ་ཞེ་ན། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ་དེ་དང་འདྲ་བར་སེམས་ཅན་མ་ལུས་པའི་མཐའ་ཡང་དེ་བཞིན་ནོ། །གཉིས་པ་ཕན་ཡོན་ལ་གཉིས་ཏེ། སྨོན་ལམ་འདི་ལ་མོས་པའི་ཕན་ཡོན་རྒྱས་པར་བཤད་པ་དང༌། དེ་ལ་མོས་པའི་ཕན་ཡོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཚེ་འདིའི་ཕན་ཡོན་དང༌། ཕ་རོལ་གྱི་ཕན་ཡོན་ནོ། །དང་པོ་ལ་བཞི་སྟེ། བསོད་ནམས་ཁྱད་པར་ཅན་བསྡུད་པ་དང༌། དེ་བཞིན་གཤེགས་པ་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཐུན་པ་ཐོབ་པ་དང༌། ལས་ཀྱི་སྒྲིབ་པ་རྣམ་པར་བྱང་བ་རྣམས་སོ། །དང་པོ་ནི། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་པ་ནི། དང་པོ་དོན་ཙམ་སྟོན་པའི་སྒྲ་སྟེ་བཤད་པའི་གཞིའོ། །གཉིས་པ་ལས་སུ་བྱ་བ་གང་གིས་དེར་འགྱུར་ཞེ་ན། སྨོན་ལམ་འདི་ལ་ལན་གཅིག་ཙམ་ཡང་དད་པ་སྐྱེས་པས་ནི་ཐོབ་པའི་བསོད་ནམས་གང་ཡོད་པ་དེའོ། །འདིར་དད་པའི་གོ་དོན་ནི། དེའི་ཡོན་ཏན་མཐོང་བས་དེ་དང་མི་ཕྱེད་པའོ། །གསུམ་པ་བྱེད་པ་པོ་གང་གིས་བྱས་པའི་བསོད་ནམས་དེ་མཆོག་ཏུ་འགྱུར་ཞེ་ན། གང་ཟག་གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས་བྱང་ཆུབ་མཆོག་གི་སྟེ་རྫོགས་པའི་བྱང་ཆུབ་ཀྱི་རྗེས་སུ་མཐུན་པར་རབ་ཏུ་མོས་ཤིང་གུས་པར་བྱས་པའོ། །བཞི་པ་དགོས་ཆེད་ནི། བྱང་ཆུབ་མཆོག་གི་རྗེས་སུ་མཐུན་པའོ། །ལྔ་པ་འབྱུང་ཁུངས་ནི། གང་ལས་ཁྱད་པར་འཕགས་ཤེ་ན། གང་ཡང་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་མཐའ་ཡས་པ་རྣམས། རིན་ཆེན་རིན་ཐང་མེད་པ་རྣམས་བརྒྱན་ཏེ། རྒྱལ་བ་རྣམས་ལ་ཕུལ་བའི་དགེ་བ་ཅི་ཡོད་དེ། དེར་མ་ཟད་དངོས་པོ་ལྷ་དང་མིའི་བདེ་བའི་མཆོག་རྣམས་ཀྱི་གྲངས་ཞིང་གི་རྡུལ་ཇི་སྙེད་པ་དེ་སྙེད་དུས་བསྐལ་པར་ཕུལ་བའི་བསོད་ནམས་ལས་སོ། །དྲུག་པ་འབྲེལ་བའི་སྒྲ་ནི། ལྷ་དང་མི་ཞེས་དང༌། ཞིང་གི་ཞེས་སོགས་མཚམས་སྦྱོར་བའི་ཚིག་རྣམས་སོ། །གཉིས་པ་ལ། ངན་སོང་སྤངས་པ། སྡིག་གྲོགས་སྤངས་པ། དེའི་རྒྱུ་མཚན་གྱིས་དགེ་བའི་བཤེས་གཉེན་དང་མཇལ་ཞིང༌། འཆི་ཁར་སྣང་བ་མཐའ་ཡས་མཐོང་བའི་ཕན་ཡོན་ཏེ། གསུམ་པ་ནི། གོ་རིམ་བཞིན་དུ། དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར་ཞེས་དང༌། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །ཞེས་དང༌། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། ཞེས་པའོ། །རྒྱུ་གང་གིས་ཤེ་ན། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །ཞེས་པ་སྟེ། འདི་ལ་གང་གིས་བསྔོ་བའི་རྒྱལ་པོ་ཞེས་སོགས་རྐང་པ་གསུམ་སྦྱར་རོ། །གསུམ་པ་ལ་རྙེད་པ་རྙེད་པའི་ཕན་ཡོན་དང༌། བདེ་བས་འཚོ་བའི་ཕན་ཡོན། མིའི་སྲིད་པ་དོན་ཡོད་པར་བྱས་པའི་ཕན་ཡོན་དང༌། མྱུར་དུ་ཀུན་ཏུ་བཟང་པོ་དང་འདྲ་བར་འགྱུར་བའི་ཕན་ཡོན་རྣམས་ནི། གོ་རིམ་བཞིན་དུ། དེ་དག་རྙེད་པ་རབ་རྙེད་ཅེས་དང༌། མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། །ཞེས་དང༌། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བ། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །ཞེས་པ་རྣམས་སོ། །འདིར་དེ་དག་ཅེས་པའི་ཚིག་གསུམ་ནི། གང་གིས་བསྔོ་བའི་རྒྱལ་པོ་ཞེས་པའི་ཁྱད་པར་གསུམ་དང་ལྡན་པ་དེ་དག་གོ །ལེགས་པར་འོངས་ཞེས་པ་ཡི་གེ་སྒྲ་མེད་པ་ནི། མ་དག་པ་སྟེ། འགྲེལ་པ་ཀུན་དང་མི་འཐུན་ནོ། །བཞི་པ་ནི། ཡོངས་སུ་བྱང་བར་འགྱུར་རོ། །གང་ན། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས་སོ། །ཇི་ལྟར་ཞེ་ན། མ་ལུས་པ་མྱུར་དུའོ། །དེ་ཇི་ལྟ་བུ་ཞེ་ན། བྱེད་པ་པོ་གང་གིས་མ་རིག་པའི་དབང་གིས་བྱས་པ་དག་གོ །ཡོངས་སུ་བྱང་བའི་རྒྱུ་གང་ཞེ་ན། མཚམས་མེད་ལྔ་བྱས་པ་དེ་ཡིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ལ་དད་པ་དང་མོས་པའི་སྒོ་ནས་བརྗོད་པའོ། །གཉིས་པ་ཚེ་རབས་གཞན་གྱི་ཕན་ཡོན་ལ་གཉིས་ཏེ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ། །དང་པོ་ལ་གཉིས་ཏེ། ངེས་ལེགས་ཀྱི་ཡོན་ཏན་དང༌། མངོན་པར་མཐོ་བའི་ཡོན་ཏན་ནོ། །དང་པོ་ནི། བདག་མེད་རྟོགས་པའི་ཡེ་ཤེས་དང༌། སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་སུམ་ཅུ་རྩ་གཉིས་སོ། །གཉིས་པ་ནི། རྒྱལ་པོ་ལ་སོགས་པའི་རིགས་མཐོ་བ་དང༌། གཟུགས་ཞེས་པ་ནི། དབྱིབས་ཕུན་སུམ་ཚོགས་པ་དང༌། ཁ་དོག་ཅེས་པ་ནི། དེ་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་དག་ནི་རང་རྒྱུད་མཛེས་པའི་ཡོན་ཏན་ཡིན་ལ། གཞན་ཟིལ་གྱིས་གནོན་པའི་ཡོན་ཏན་ནི། གཉིས་ཏེ་གཞན་གྱི་སྡེ་པས་མི་ཐུབ་པ་དང༌། རང་གི་སྡེ་པས་མཆོད་པའོ། །དང་པོ་ནི། བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །ཅེས་པའོ། །དེ་ཡང་དགེ་བའི་ཚོགས་གསོག་པའི་བར་དུ་གཅོད་པར་བྱེད་པས་ན། བདུད་ཅེས་བྱ་ལ། དེ་ལ་ཉོན་མོངས་པའི་བདུད་ལ་སོགས་པའི་དབྱེ་བས་བཞིའམ། གོང་དུ་ཉོན་མོངས་པ་དང་བདུད་སོ་སོར་བཤད་པ་ལྟར་ན། ཕུང་པོའི་བདུད་ལ་སོགས་པ་གསུམ་ཁོ་ནའོ། །ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པས་སམ། རྟག་ཆད་ཀྱི་མུ་ལ་སྟེགས་བཅས་པས་ན། མུ་སྟེགས་ཅན་ཞེས་བྱ་ལ། མདོར་ན་ཆོས་ཀྱི་ཕྱག་རྒྱ་བཞི་པོ་དང་མི་ལྡན་པ་དེ་དག་གོ །དེས་མི་ཐུབ་ཅེས་པ་ནི། དེས་ཟིལ་གྱིས་མི་གནོན་པ་དེ། ངག་དོན་བསྡུས་ན། སེམས་འདོད་པའི་ཡོན་ཏན་གྱི་དབང་དུ་མི་འགྲོ་ཞིང༌། རྟག་ཆད་ཀྱི་ལྟ་བ་ངན་པ་རྒྱུད་ལ་མི་སྐྱེ་བའོ། །གཉིས་པ་ནི། སྨོན་ལམ་འདི་གང་གིས་ཐོས་ནས་མོས་པ་སྟེ། འཇིག་རྟེན་གསུམ་པོ་ཀུན་གྱི་ནང་དུ་སྐྱེས་ཀྱང་མཆོད་ཅིང་ལྷ་དང་མི་རྣམས་ཀྱིས་བསྟི་སྟང་དུ་བྱེད་པར་འགྱུར་རོ། །འཇིག་རྟེན་གསུམ་ནི། འདོད་པའི་ལྷ་མི་གཉིས་དང༌། གཟུགས་ཁམས་ཀྱི་ལྷ་མི་ལ་བཤད་ན་ཚིག་དོན་འབྱོར་ལ། ཕྱོགས་ཀྱི་གླང་པོས་ནི་ཁམས་གསུམ་ལ་བཤད་དོ། །གཉིས་པ་འབྲས་བུས་བསྡུས་པའི་ཕན་ཡོན་ལ་ལྔ་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་དང༌། དེར་རྡོ་རྗེའི་གདན་ལ་འདུག་པ་དང༌། མངོན་པར་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། བདུད་བཏུལ་བ་རྣམས་ནི་གོ་རིམ་བཞིན་དུ། བྱང་ཆུབ་ཤིང་དབང་དུ་དྲུང་དུ་དེ་མྱུར་འགྲོ་ཞེས་དང་སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །ཞེས་དང༌། བྱང་ཆུབ་སངས་རྒྱས་ཞེས་དང༌། འཁོར་ལོ་རབ་ཏུ་བསྐོར་ཞེས་དང༌། བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །ཞེས་པའོ། །འདི་སངས་རྒྱས་པ་དང་བདུད་བཏུལ་བ་ནི་ཚུལ་བསྟན་པ་ཙམ་ཡིན་ལ། གཞན་གསུམ་ནི་མངོན་སུམ་པའོ། །གཉིས་པ་སྨོན་ལམ་འདི་ལ་མོས་པའི་ཕན་ཡོན་བསྡུས་ཏེ་བསྟན་པ་ལ་གཉིས་ཏེ། དེའི་རྣམ་སྨིན་གྱི་འབྲས་བུ་བསམ་གྱིས་མི་ཁྱབ་པ་དང༌། རྒྱུ་མཐུན་དང་བྲལ་བའི་འབྲས་བུ་ལ་ཐེ་ཚོམ་ཟ་མི་དགོས་པའོ། །དང་པོ་ནི། མཁྱེན་ནོ། །གང་གིས་ན། གཞན་གྱིས་བསམ་པར་མི་ནུས་པས་སངས་རྒྱས་ཁོ་ནས་སོ། །གང་ན་རྣམ་པར་སྨིན་པ་ཞེས་བྱ་བ་ནི། སྤྱིར་རྒྱུ་གཅིག་ལ་འབྲས་བུ་མང་པོ་འབྱུང་བའི་མིང་ཡིན་ལ། བྱེ་བྲག་ཏུ་མངོན་མཐོའི་ཡོན་ཏན་གོང་དུ་བཤད་ཟིན་པ་དེ་དག་གོ །གང་གི་རྣམ་སྨིན་ཡིན་ཞེ་ན། སྨོན་ལམ་འདི་ཐོས་ནས་དད་མོས་དང་ལྡན་པ་གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འཆང་བ་ཞེས་བྱ་བ་ནི་འཛིན་པའི་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་ཚིག་མ་བརྗེད་པར་བློ་ལ་འཛིན་པའོ། །སྟོན་པ་ནི། དེའི་དོན་ཚུལ་བཞིན་དུ་གཞན་ལ་སྟོན་པའོ། །ཀློག་པ་ནི། གླེགས་བམ་དུ་བྲིས་པ་ལ་མིག་གིས་བསྟན་ནས། ངག་ཏུ་ཀློག་པར་བྱེད་པ་སྟེ། དེ་དག་གང་རུང་བ་ཡིས་ཐོབ་པའི་བསོད་ནམས་དེ་ཡིས་སོ། །གཉིས་པ་ནི། མ་བྱེད་ཅིག་གང་ན། སོམ་ཉི་སྟེ་ཐེ་ཚོམ་མོ། །གང་ལ་མི་བྱེད་ཅེ་ན། སྨོན་ལམ་འདི་འཛིན་པ་སོགས་གསུམ་ལས་བྱུང་བའི་བསོད་ནམས་ཀྱིས་བྱང་ཆུབ་མཆོག་སྟེ་རྫོགས་པའི་སངས་རྒྱས་ལའོ། །འདི་ལའང༌། རྒྱུ་མཐུན་གྱི་འབྲས་བུ་ཡེ་ཤེས་ཀྱི་ཆ་དང༌། བྲལ་བའི་འབྲས་བུ་སྤངས་པའི་ཆ་གཉིས་སོ། །དེ་དག་གིས་ནི། བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཐོས་ནས། དད་ཅིང་མོས་པའི་ཕན་ཡོན་རྣམས་བཤད་ཟིན་ཏོ། །གཉིས་པ་སྨོན་ལམ་འདི་ཁ་བཏོན་དུ་བྱས་པའི་དགེ་བ་བསྔོ་བ་དང༌། གཞན་གྱིས་བཏབ་པའི་སྨོན་ལམ་རྫོགས་པར་བསྔོ་བའོ། །དང་པོ་ལ་གཉིས་ཏེ། མཐར་ཐུག་ཚོགས་རྫོགས་པར་བསྔོ་བ་དང༌། གནས་སྐབས་བདེ་བ་ཅན་དུ་སྐྱེས་ནས། སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པར་སྨོན་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་པའི་བསྔོ་བས་བསོད་ནམས་ཀྱི་ཚོགས་རྫོགས་པར་བསྔོ་བ་དང༌། འདོད་ཆེན་པའི་བསྔོ་བས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བསྔོ་བའོ། །དང་པོ་ནི། རབ་ཏུ་བསྔོ་བའོ། །གང་ན། བདག་གིས་བཟང་པོ་སྤྱོད་པའི་སྨོན་ལམ་ཚིག་ཙམ་དུ་སྟོན་པའི་དགེ་བ་འདི་དག་ཐམས་ཅད་དོ། །ཇི་ལྟར་ཞེ་ན། འཇམ་དཔལ་དཔའ་བོ་ཇི་ལྟར་མཁྱེན་ནས་བསྔོ་བར་མཛད་པ་དེ་བཞིན་དང༌། ཀུན་ཏུ་བཟང་པོ་དེ་ཡང་དགེ་བའི་རྩ་བ་བསྔོ་བའི་ཚུལ་མཁྱེན་ནས་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ། བདག་ཀྱང་བྱང་སེམས་ཆེན་པོ་དེ་དག་ཀུན་གྱི་རྗེས་སུ་སློབ་ཅིང་བསྔོ་བར་བྱེད་དོ། །ཅིའི་ཕྱིར་འཇམ་དཔལ་དཔའ་བོ་ཞེས་བྱ་ཞེ་ན། ཤེས་རབ་ཀྱི་རལ་གྲི་དྲི་མ་མེད་པའི་རྣོ་ངར་ཅན་དེ་བརྡར་བས་དངོས་པོར་མངོན་པར་ཞེན་པའི་དགྲའི་ཚོགས་ཐམས་ཅད་བཅོམ་པའི་ཕྱིར། ཞེས་ཤཱཀྱ་བཤེས་གཉེན་གྱིས་བཤད་དོ། །གཉིས་པ་ནི། བདག་གིས་སྨོན་ལམ་འདི་བཏབ་པའི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པ་སྟེ། འདིར་བཟང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བྱ་སྟེ། ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་འགྲེལ་པའི་ནང་གི་གཞུང་ལས། མཆོག་ཏུ་བཟང་པོ་སྤྱོད་ཕྱིར་བསྔོ་བར་གྱི། །ཞེས་གསུངས་སོ། །ཚུལ་ཇི་ལྟར་དུ་བསྔོ་བ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པའི་བསྔོ་བ་དེས་སོ། །དེ་ཡང་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་བསྔོ་བ་ལ་བྱ་བ་ཡིན། ཡུམ་གྱི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ཏེ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་པ་ལྟར་རོ། །འཇམ་དཔལ་དཔའ་བོ་ཞེས་སོགས་ཤླཽ་ཀ་གཉིས་པོ་འདིའི་ནང་དུ་བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་འདུས་པའི་རྒྱུ་མཚན་གྱིས་བསྔོ་བ་བླ་ན་མེད་པར་བཤད་དོ། །འཇམ་དཔལ་དང་ཀུན་ཏུ་བཟང་པོས་མཁྱེན་པའི་བསྔོ་བ་དང༌། རྒྱལ་བས་མཆོག་ཏུ་བསྔགས་པའི་བསྔོ་བ་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། སྔ་མ་ནི། འཇམ་དཔལ་དང༌། ཀུན་བཟང་ལྟ་བུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་སློབ་པར་བྱེད་ཀྱི། ཡེ་ཤེས་ཀྱིས་ཤེས་བྱའི་སྒྲིབ་པ་ཆེད་དུ་གཉེར་ནས་མི་སྤོང་བ་གཞོན་ནུའི་ས་པ་དེ་དག་གི་བསྔོ་བ་ཡིན་ལ། ཕྱི་མ་ནི་མི་དམིགས་པའི་ཤེས་རབ་ཀྱིས་དེ་ཆེད་དུ་གཉེར་ནས་སྤོང་བ་བྱང་སེམས་འདོད་ཆེན་པ་དག་གི་བསྔོ་བའི་དབང་དུ་བྱས་པའོ། །གཉིས་པ་ལ་གཉིས་ཏེ། འཆི་ཁར་སྒྲིབ་པ་རྣམས་བསྲབས་ནས་སྣང་བ་མཐའ་ཡས་མཐོང་བར་སྨོན་པ་དང༌། ཕྱི་མར་བདེ་བ་ཅན་དུ་སྐྱེ་བར་སྨོན་པའོ། །དང་པོ་ནི། སྨོན་ལམ་འདེབས་པ་པོ་དག་ནི་ནམ་འཆི་བའི་དུས་བྱེད་པར་གྱུར་པ་ན། ལས་དང༌། ཉོན་མོངས་པ་དང༌། རྣམ་སྨིན་གྱི་སྒྲིབ་པ་དག་ནི་ཕྱིར་ཏེ། རྒྱང་རིང་དུ་བསལ་ཏེ་སྣང་བ་མཐའ་ཡས་རྒྱལ་བ་འོད་དཔག་ཏུ་མེད་པ་དེ་ནི་མངོན་སུམ་དུ་མཐོང་བར་བྱས་ནས། ཕྱི་མ་བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ་བར་བགྱིའོ། །གཉིས་པ་ལ་བཞི་སྟེ། དེར་སྐྱེས་ནས་སྨོན་ལམ་རྫོགས་པར་བསྔོ་བ། དེ་སེམས་ཅན་གྱི་དོན་བྱེད་པར་བསྔོ་བ། དེར་སྐྱེས་ནས་སྣང་བ་མཐའ་ཡས་ལས་ལུང་བསྟན་ཐོབ་པར་བསྔོ་བ། དེ་ནས་སྤྲུལ་པས་ཕྱོགས་བཅུར་འགྲོ་དོན་བྱེད་པར་བསྔོ་བའོ། །དང་པོ་ནི། འོ་ན་དེར་སྐྱེ་བ་བླངས་ནས་ཅི་ཞིག་བྱ་ཞེ་ན། དེར་སོང་ནས་ནི་དེས་བཏབ་པའི་སྨོན་ལམ་དེ་དག་ཀྱང་ཐམས་ཅད་མ་ལུས་མངོན་དུ་གྱུར་པར་ཤོག་ཤིག གཉིས་པ་ནི། ཕན་པར་བགྱིའོ། །གང་ལ་ན། སེམས་ཅན་ཐམས་ཅད་ལའོ། །ཇི་ཙམ་གྱི་བར་དུ་ཞེ་ན། འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུའོ། །ཚུལ་ཇི་ལྟར་ཞེ་ན། སེམས་ཅན་དེ་དག་མ་ལུས་པའི་འདོད་པ་བདག་གིས་ཡོངས་སུ་བསྐང་བའི་ཚུལ་གྱིའོ། །གསུམ་པ་ནི། བདེ་བ་ཅན་དེར་ལུང་བསྟན་པ་ཡང་ཐོབ་པར་ཤོག་ཤིག གང་གིས་ན་བདག་གིས་སོ། །བྱེད་པ་པོ་གང་གིས་ན་སྣང་བ་མཐའ་ཡས་རྒྱལ་བས་སོ། །ཚུལ་ཇི་ལྟར་དུ་ཞེ་ན། རྒྱལ་པ་དེའི་མངོན་སུམ་དུའོ། །གནས་གང་ཞེ་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར་རོ། །སྐྱེ་གནས་བཞི་ལས་ཇི་ལྟ་བུ་ཞིག་ཏུ་སྐྱེས་པ་དེའི་ཚེ་ཞེ་ན། པདྨོ་དམ་པ་ཤིན་ཏུ་མཛེས་པ་ལས་རྫུས་ཏེ་སྐྱེས་པ་དེའི་ཚེའོ། །བཞི་པ་ནི། འོ་ན་སྐྱེ་གནས་དེར་སྐྱེས་ནས། རྒྱལ་བ་དེའི་དྲུང་དུ་རྟག་པར་གནས་སམ་ཞེ་ན། ཞིང་དེ་དང་སྐྱེ་གནས་དེར་ནི་བཟང་པོ་སྤྱོད་པའི་སྨོན་ལམ་འདེབས་པ་པོ་བདག་གི་ཞིང་འདི་ཞེས་བྱ་བར་སངས་རྒྱས་འདི་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན་པ་རབ་ཏུ་ཐོབ་ནས། ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་སུ་སོང་ནས་སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱིའོ། །ལུས་གཅིག་གིས་ཐམས་ཅད་དུ་འགྲོའམ་ཞེ་ན། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས་སོ། །གང་གི་མཐུ་ཡིས་ཞེ་ན། བློ་ཤེས་རབ་ཀྱི་སྟོབས་ཀྱིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ལས་སོ། །ཤཱཀྱ་བཤེས་གཉེན་གྱི་འགྲེལ་པར། རྒྱལ་བའི་དཀྱིལ་འཁོར་སོགས་ཤླཽ་ཀ་གཉིས་པོ་འདི། རབ་ཏུ་འགྲོ་ཞེས་པ་དང༌། དེར་སོང་ནས་ནི་ཞེས་པའི་བར་དུ་འབྱུང་བ་དེ་ནི། གོ་རིམ་ཤིན་ཏུ་འགྲིག་པ་ཡིན་ལ། དེའི་ལྟར་ན། དེར་སོང་ཞེས་པ། ཕྱོགས་བཅུའི་ཞིང་ཁམས་དེར་སོང་བ་ལ་འཆད་དོ། །འཆད་ལུགས་དེ་ལྟ་ན། གཉིས་པ་བདེ་བ་ཅན་དུ་སྐྱེ་བར་སྨོན་པ་ལ་བཞི་སྟེ། དེར་སྐྱེས་ནས་འོད་དཔག་མེད་ལས་ལུང་བསྟན་ཐོབ་པར་སྨོན་པ། དེ་ཐོབ་ནས་སྤྲུལ་པས་ཕྱོགས་བཅུར་སེམས་ཅན་གྱི་དོན་དུ་འགྲོ་བར་སྨོན་པ། དེར་སོང་ནས་གོང་དུ་བཏབ་པའི་སྨོན་ལམ་ཐམས་ཅད་རྫོགས་པར་སྨོན་པ། དེ་རྫོགས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་སྨོན་པའོ། །ཞེས་པ་མཚམས་དེ་ལྟར་དུ་བཅད་པར་བྱའོ། །མདོ་སྡེའི་ནང་ནི། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི་ཞེས་པ་དེ་ཡན་ཆད་ལས་མི་བཞུགས་ལ། རྒྱ་གར་གྱི་མཁན་པོ་དག་གིས་བཀྲལ་བའི་གཞུང་ན། བཟང་པོ་སྤྱོད་པའི་སྨོན་ལམ་སྟོན་པ་ཡིས། །ཞེས་སོགས་ཤླཽ་ཀ་གཉིས་འབྱུང་བ་ལྟར་ན། འདི་ལྟར་འཆད་དེ། གཉིས་པ་གཞན་གྱིས་བཏབ་པའི་སྨོན་ལམ་རྫོགས་པར་བསྔོ་བ་ལ་གཉིས་ཏེ། སེམས་ཅན་གཞན་གྱིས་བཟང་པོ་སྤྱོད་པའི་སྨོན་ལམ་རྫོགས་པར་བསྔོ་བ་དང༌། བྱང་ཆུབ་སྤྱོད་པའི་སྨོན་ལམ་རྫོགས་པར་བསྔོ་བའོ། །དང་པོ་ནི། འབྱོར་བར་ཤོག གང་ན་འགྲོ་བ་གཞན་རྣམས་ཀྱི་བཟང་པོ་སྤྱོད་པའི་སྨོན་ལམ་དགེ་བ་སྟེ་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་དོ། །དུས་ནི་སྐད་ཅིག་མ་གཅིག་ཏུ་ཡང་ངོ༌། །གཅིག་གིས་ཞེས་བྱེད་པ་པོའི་ཚིག་འབྱུང་བ་ནི་སྐབས་ཀྱི་དོན་དང་མི་འབྱོར་བས་འགྱུར་ལེགས་པ་མ་ཡིན་ནོ། །རྒྱུ་གང་གིས་ཞེ་ན། བཟང་པོ་སྤྱོད་པའི་སྨོན་ལམ་སྟོན་པ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་དེའི་ནིའོ། །གཉིས་པ་ནི། འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག་ཤིག གང་གིས་ན། འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས་སོ། །རྒྱུ་གང་གིས་ཤེ་ན། གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་པ་དེས་སོ། །འདིར་འོད་དཔག་མེད་པའི་གནས་ཞེས་པ་དེའི་ཞིང་ཁམས་ལ་འཆད་པ་ནི་གོང་མ་དག་དང་བཟློས་པས་རྒྱལ་བ་དེའི་གོ་འཕང་ཐོབ་པར་སྨོན་པ་ལ་བཤད་ན་ལེགས་པ་ཡིན་ནོ། །སྨོན་ལམ་རྒྱལ་པོ་ཞེས་སོགས་ཀྱི་ཤླཽ་ཀ་གཅིག་ནི། བོད་ཀྱིས་སྦྱར་བ་ཡིན་ཞིང༌། གོ་བར་སླ་བས་འགྲེལ་པ་མ་བྱས་སོ། །དེ་ལྟར་ཚིག་དོན་རྒྱས་པར་བཤད་ཟིན་ནས། བསྡུས་དོན་གྱི་མཚམས་གཅོད་ཚུལ་མི་འདྲ་བ་དག་གི་ཁྱད་པར་བཤད་ན་འདི་ཡིན་ཏེ། སྔར་ཚིག་དོན་འཆད་པའི་ཐོག་མར་བཤད་པའི་བསྡུས་དོན་དེ་བཞིན་སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་དབྱིག་གཉེན་ཟེར་བའང་གདའ་ཕྱོགས་ཀྱི་གླང་པོ་དང༌། རྒྱན་བཟང་པོ་ལ་སོགས་པ་འགྲེལ་མཛད་ཕལ་ཆེ་བ་དག་གི་འཆད་ལུགས་གཅིག་ཏུ་སྣང་བ་དེ་བཀོད་པ་ཡིན་ལ། ཚིག་དོན་དཀྱུས་ལ་འཆད་པ་ན། དགེ་རྩ་གསོག་པ། སྨོན་ལམ་འདེབས་པ། བཏབ་པའི་ཕན་ཡོན། བཏབ་པའི་དགེ་བ་བསྔོ་བ་སྟེ། བཞིར་བསྡུས་ནས། གཉིས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྫོགས་སྨིན་སྦྱང་གསུམ་བྱ་བ། དེ་ནས་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་བྱེད་པར་སྨོན་པ་དང་གཉིས་སུ་བསྡུད་ཅིང༌། དང་པོ་ལ། སེམས་དང་པོ་བསྐྱེད་པའི་བྱང་སེམས་ཀྱིས་སེམས་བསྐྱེད་ནས་དེ་མི་ཉམས་པར་བྱ་བ་དང༌། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་འཁོར་བར་སྐྱེ་བ་བླངས་ནས་སེམས་ཅན་སྨིན་པར་བྱ་བ་དང༌། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་སྨོན་ལམ་རྫོགས་པར་བྱ་བ་དང༌། ཞར་ལ་ཀུན་ཏུ་བཟང་པོ་དང༌། འཇམ་དཔལ་ལྟར་དུས་རྟག་ཏུ་གཞོན་ནུའི་ས་པར་སྨོན་པ་རྣམས་སུ་བསྡུས་ནས་འཆད་པ་ནི་ཁོ་བོའི་རྣམ་པར་རྟོག་པས་བརྟགས་ནས་སྦྱར་བ་ཡིན་ལ། རྣལ་འབྱོར་རྒྱུད་ཀྱི་འགྲེལ་མཛད་དང༌། ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འདི་ལྟར་འབྱུང་སྟེ། སྨོན་ལམ་འདི་ནི་དོན་གསུམ་དུ་བསྟན་ཏེ། རྟེན་གྱི་གང་ཟག་ཐབས་དང་བཅས་པ། བསྒོམ་ཚུལ་ཕན་ཡོན་དང་བཅས་པ། ཁ་བཏོན་ཏུ་བཏོན་པ་ཙམ་གྱི་ཕན་ཡོན་ནོ། །དང་པོ་ལ། ཐབས་དང༌། རྟེན་གྱི་གང་ཟག་གོ །དང་པོ་ལ། དགེ་རྩ་གསོག་པ་དང༌། ཆུད་མི་ཟ་བར་བྱེད་པའོ། །དང་པོ་ནི། ཇི་སྙེད་སུ་དག་ནས། བསྐོར་བར་བསྐུལ་གྱི་བར་རོ། །གཉིས་པ་ལ་བསྔོ་བ་དང༌། སྨོན་ལམ་མོ། །དང་པོ་ནི། ཕྱག་འཚལ་བ་དང་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ནི། ཕྱིར་བསྔོའོ་ཞེས་དང༌། འདས་པའི་སངས་རྒྱས་ཞེས་པའི་བར་དེར་འདི་ལྟར་འབྱུང་སྟེ། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པར་བྱེད། །ཡེ་ཤེས་སྤྱོད་པ་རྣམ་པར་དག་བྱེད་ཅིང༌། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད། །ཅེས་འབྱུང་ངོ༌། །འདིས་ནི་སྨོན་ལམ་ཐམས་ཅད་ཀྱི་དོན་བསྡུས་ལ། དེ་ཡང་རྐང་པ་དང་པོས་ནི། སྨོན་ལམ་རང་གི་ངོ་བོ་བསྟན། རྐང་པ་གཉིས་པས་ནི། མོས་པས་སྤྱོད་པའི་ས་བསྟན། རྐང་པ་གསུམ་པས་ནི་ས་བཅུའི་གནས་སྐབས་བསྟན། རྐང་པ་བཞི་པས་ནི། ཀུན་ཏུ་འོད་ཀྱི་ས་བསྟན། ཡེ་ཤེས་སྤྱོད་པ་དང༌། བྱང་ཆུབ་སྤྱོད་པའི་ཁྱད་པར་ནི། ས་བཅུའི་སྤྱོད་པ་དང༌། སངས་རྒྱས་ཀྱི་སའི་སྤྱོད་པ་ལ་བྱའོ། །གཉིས་པ་རྟེན་གྱི་གང་ཟག་ལ། མོས་པས་སྤྱོད་པའི་ས་དང༌། ལྷག་བསམ་དག་པའི་ས་པའོ། །དང་པོ་ནི། འདས་པའི་སངས་རྒྱས་རྣམས་དང༌། ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱིས་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ཕྱི་མ་ལ་རྒྱུ་དང་འབྲས་བུ་བསྡུས་པ་གཉིས་རྣམས་ནི། གང་ཡང་ཕྱོགས་བཅུའི་ཞེས་སོགས་ཚིགས་སུ་བཅད་པ་བརྒྱད་ཀྱིས་སྟོན་ནོ། །གསུམ་པ་སྨོན་ལམ་འདི་ཁ་བཏོན་དུ་བྱས་པའི་ཕན་ཡོན་ལ། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་བསྔོ་བ་དང༌། དེ་བཞིན་གཤེགས་པའི་རྗེས་སུ་སློབ་པར་བསྔོ་བ་དང༌། ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང༌། མཐུན་པའི་ཡོངས་སུ་བཟུང་བར་བསྔོ་བ་དང༌། འཇིག་རྟེན་གནས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱ་བར་བསྔོ་བ་དང་བཞི་ནི། གོ་རིམ་བཞིན་དུ། འཇམ་དཔལ་དཔའ་བོས་སོགས་ཚིགས་སུ་བཅད་པ་གཅིག་དང༌། དུས་གསུམ་གཤེགས་པའི་ཞེས་སོགས་གཅིག་དང༌། བདག་ནི་འཆི་བའི་ཞེས་སོགས་གཅིག་དང༌། དེར་སོང་ནས་ནི་ཞེས་སོགས་ཚིགས་སུ་བཅད་པ་གཅིག་རྣམས་ཀྱིས་སྟོན། དེ་ནས་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡིས། ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། བཏོན་པའི་དགེ་བ་ཡོངས་སུ་བསྔོ་བ་བསྟན་ནོ། །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོ་བས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་ནི། སྒོམ་པ་དང་བཏོན་པའི་ཕན་ཡོན་གཉིས་ཀ་བསྟན་ནོ། །རྒྱལ་བའི་དཀྱིལ་འཁོར་སོགས་རྐང་པ་གཉིས་ཀྱིས་ནི། བདག་པོའི་འབྲས་བུ་བདེ་བ་ཅན་དུ་སྐྱེ་བ་དང༌། རྒྱུ་མཐུན་གྱི་འབྲས་བུ་སེམས་ཅན་གྱི་དོན་བྱེད་པ་གཉིས་བསྟན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཅིག་གི་བདག་ཉིད་ཅན་གྱི་སྨོན་ལམ་གྱི་རྒྱལ་པོ་འདིའི་རྣམ་བཤད་ཡོངས་སུ་རྫོགས་པར་གྲུབ་པའོ། །ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་མཚོ་ལས། །རྣམ་དཔྱོད་ཧུབ་ཀྱིས་བྱུང་ནས་གཞན་ཕན་གྱི། །དཔག་བསམ་ཡོངས་འདུའི་ཕྲག་པར་གང་བྱིན་པས། །འགྲོ་ཀུན་ཉེར་འཚོའི་བདུད་རྩིར་འདི་གྱུར་ཅིག །གང་འདི་ཕྱག་མཁར་རྩེ་མོ་ཡི། །བསོད་ནམས་ཕོ་བྲང་ཉམས་དགའ་བའི། །དཔག་བསམ་ལྗོན་པའི་གྲིབ་བསིལ་ལ། །བསྟི་གནས་བགྱིད་པ་གང་གིས་སྦྱར། །དགེ་དེས་ས་སྐྱོང་བློན་པོར་བཅས། །ཕ་རོལ་ཉེར་འཚེ་མེད་པ་དང༌། །སྲིད་ཞིའི་འབྱོར་པས་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །ཅེས་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད་དང་སངས་རྒྱས་ཕལ་པོ་ཆེའི་ནང་ནས་ཕྱུང་བ། འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ། དད་པ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་འདི་ནི། མི་དབང་ས་སྐྱོང་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་ནས། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ཐོས་པ་འཛིན་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ། གྲོ་བཞིན་ཅན་གྱི་ཡར་ཚེས་བརྒྱད་ལ། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཐིག་ལེ། ཆོས་འཁོར་རྩེ་མོའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །། ༄༅། །ན་མོ། ཨརྻ་མཻ་ཏྲི་ནཱ་ཐ་ཡེ། འཕགས་པ་བྱམས་པས་བཏབ་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་བྱམས་པའི་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བ། ཐུབ་ཆེན་སྟོན་པ་དེ་ཡི་ཞལ་གྱི་སྒོ། །བྱམས་དང་སྙིང་རྗེའི་ལང་འཚོ་གཡོ་ལྡན་པས། །རྟག་ཏུ་དམ་ཆོས་གསུང་བའི་འཛུམ་དཀར་གྱི། །འོད་འཕྲེང་འབར་བ་དེ་ལ་ཕྱག་བགྱིའོ། །སྔོན་ཚེ་བྱམས་པས་སྨོན་ལམ་གང་བཏབ་པ། །དུས་འདིར་ཐུབ་ཆེན་སྟོན་པས་འགྲོ་མང་ལ། །ཐེག་མཆོག་གཏམ་གྱི་དགའ་སྟོན་མྱོང་བྱའི་ཕྱིར། །གང་བཤད་དེ་འཆད་དེ་ཡང་དེ་ཕྱིར་དུའོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བཤད་བྱ་དངོས་ཀྱི་དོན་འཆད་པ་ལ་གསུམ་སྟེ་དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་དུའོ། །དེའི་དོན་ཡང་ཅི་ཞེ་ན། འདི་ལྟར་ཐེག་པ་མཆོག་གི་སྨོན་ལམ་ནི་གཉིས་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་དང༌། བྱང་ཆུབ་སྤྱོད་པའི་སྨོན་ལམ་མོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཏབ་པའོ། །འདོད་ཆེན་པ་མ་ཡིན་པའི་བྱང་སེམས་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་པ་ཞེས་ཀྱང་བྱ་བ་དེས། དགོས་པ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་མ་ཟིན་པ་དེ་སྲིད་དུ། རང་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཁོ་ན་ལ་སློབ་པར་སྨོན་པའོ། །སྨོན་ལམ་གཉིས་པ་ནི། རྒྱལ་བའི་སྲས་པོ་མ་ཕམ་པ་ལྟ་བུ། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་ཞེས་ཀྱང་བྱ། རྒྱལ་བའི་མྱུ་གུ་ལྟ་བུ་དང༌། ཟླ་བ་ཚེས་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེས། རང་ཉིད་ཐོག་མར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕངས་དེ་ལ་འགོད་པའི་ཕྱིར་དུ་སྨོན་ལམ་འདེབས་པའོ། །དེ་ལྟ་བུའི་རྒྱལ་སྲས་རིགས་གཉིས་ཀྱི་གཙོ་བོར་གྱུར་པ་ནི། གོ་རིམ་བཞིན་དུ། ཀུན་ཏུ་བཟང་པོ་དང༌། མ་ཕམ་པའོ། །དེའི་ཕྱིར་འདི་གཉིས་ལ་རྒྱལ་བའི་སྲས་ཀྱི་ཐུ་བོ་ཞེས་ཡོངས་སུ་གྲགས་སོ། །གཉིས་པ་བསྡུས་པའི་དོན་ནི། གཞུང་འདི་ནི་དོན་གཉིས་ཀྱིས་བསྡུས་ཏེ། མ་ཕམ་པས་སྔོན་སྨོན་ལམ་ཇི་ལྟར་བཏབ་པ་དང༌། དེ་ལྟར་བཏབ་པའི་ཕན་ཡོན་སྟོན་པས་གསུངས་པའོ། །དང་པོ་ལ་གཉིས་ཏེ། སྨོན་ལམ་དངོས་དང༌། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཀྱིས་དེ་འགྲུབ་པར་བསྔོ་བའོ། །དང་པོ་ལ་གཉིས་ཏེ། རང་ཉིད་ཐོག་མར་འཚང་རྒྱ་བར་སྨོན་པ་དང༌། དེའི་འོག་ཏུ་སེམས་ཅན་གྱི་དོན་བྱེད་པར་སྨོན་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་རྫོགས་པར་སྨོན་པ་དང༌། འབྲས་བུ་སངས་རྒྱས་ཐོབ་པར་སྨོན་པའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་སྨོན་པ་དང༌། དོན་དམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་སྨོན་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་ཕྱག་འཚལ་བ་དང་སྡིག་པ་བཤགས་པ་དང༌། དངོས་གཞི་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། སངས་རྒྱས་ཀུན་ལ་སོགས་ཤླཽ་ཀ་གསུམ་མོ། །གཉིས་པ་ནི། བདག་ལ་རྣམ་པ་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ་གཉིས་ཏེ། སྔོན་འགྲོ་ཕྱག མཆོད། སྡིག་བཤགས། ཡི་རང་བཞི་སྔོན་དུ་བྱ་བ་དང༌། དངོས་གཞི་དོན་དམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། ཕྱོགས་བཅུ་དག་གི་སོགས་ཤླཽ་ཀ་གཅིག་དང༌། རྐང་པ་གསུམ་མོ། །གཉིས་པ་ནི། བདག་ནི་ཞེས་པའི་རྐང་པ་གཅིག་གོ །གཉིས་པ་འབྲས་བུ་སངས་རྒྱས་ཐོབ་པར་སྨོན་པ་ལ་བཞི་སྟེ། མྱུར་དུ་འཚང་རྒྱ་བར་སྨོན་པ། འཚང་རྒྱས་ནས་བདུད་ཀྱི་སྡེ་འདུལ་བར་སྨོན་པ། དེ་བཏུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྨོན་པ། དེ་ནས་ཡུན་རིང་དུ་བཞུགས་པར་སྨོན་པའོ། །དང་པོ་ནི། ཕྱོགས་བཅུ་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ནི། བྱང་ཆུབ་སོགས་རྐང་པ་གཉིས་སོ། །གསུམ་པ་ལ་ཕན་པའི་སླད་དུ་དང༌། བདེ་བའི་སླད་དུ་འཁོར་ལོ་བསྐོར་བར་སྨོན་པ་གཉིས་ལས། དང་པོ་ནི། སྲོག་ཆགས་སོགས་རྐང་པ་གཉིས་སོ། །གཉིས་པ་ནི། ཆོས་རྔ་སོགས་རྐང་པ་གཉིས་སོ། །བཞི་པ་ནི། བསྐལ་པ་སོགས་རྐང་པ་གཉིས་སོ། །གཉིས་པ་སངས་རྒྱས་ནས་གཞན་དོན་བྱེད་པར་སྨོན་པ་ལ་གཉིས་ཏེ། སེམས་ཅན་ལ་སྙིང་རྗེའི་སྤྱན་གྱིས་གཟིགས་པར་སྨོན་པ་དང༌། གཟིགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་སྨོན་པའོ། །དང་པོ་ནི། འདོད་པའི་འདམ་དུ་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ་ཐར་པ་ལ་འགོད་པར་སྨོན་པ་དང༌། ཐམས་ཅད་མཁྱེན་པ་ལ་འགོད་པར་སྨོན་པའོ། །དང་པོ་ནི། སེམས་ཀྱི་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ་གཉིས་ཏེ། སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་པར་སྨོན་པ་དང༌། འཇུག་སེམས་ཀྱི་བསླབ་བྱ་ལ་སློབ་པར་སྨོན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ་གསུམ་སྟེ། ཀུན་རྫོབ་བྱང་སེམས་ཀྱི་བསླབ་བྱ་ལ་དང༌། དོན་དམ་བྱང་སེམས་ཀྱི་བསླབ་བྱ་ལ་དང༌། དེ་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ལ་སློབ་པར་སྨོན་པའོ། །དང་པོ་ལ་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་ནི། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས་ཞེས་པའོ། །སེམས་ཅན་དོན་བྱེད་ཀྱི་དབང་དུ་བྱས་པ་ནི། འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག་ཅེས་པའོ། །དགེ་བ་ཆོས་བསྡུད་ཀྱི་དབང་དུ་བྱས་པ་ནི། མངོན་ཤེས་སོགས་རྐང་པ་གཉིས་སོ། །གཉིས་པ་ལ་གཉིས་ཏེ། ཆོས་ཀྱི་བདག་མེད་ཀྱི་དང༌། གང་ཟག་གི་བདག་མེད་རྟོགས་པའི་དབང་དུ་བྱས་པའོ། །དང་པོ་ནི། མ་སྐྱེས་པ་དང་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ནི། སངས་རྒྱས་སོགས་ཤླཽ་ཀ་གཅིག་གོ །གསུམ་པ་ལ་གཉིས་ཏེ། སྦྱིན་པ་གཏོང་བས་མཚོན་ནས་ཕྱིན་དྲུག་ལ་སློབ་པར་སྨོན་པ་དང་ཕྱིན་དྲུག་རྫོགས་པར་སྨོན་པའོ། །དང་པོ་ནི། བདག་འཛིན་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ནི། དངོས་པོ་སོགས་ཤླཽ་ཀ་དྲུག་གོ །གཉིས་པ་སྨོན་ལམ་དེ་འགྲུབ་པར་སྨོན་པ་ནི། སངས་རྒྱས་ཀུན་གྱི་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་སྨོན་ལམ་དེ་ལྟར་བཏབ་པའི་ཕན་ཡོན་ནི། དེ་ལྟར་སྤྱད་པ་སོགས་ཤླཽ་ཀ་གཅིག་གོ །ཐོག་མར་བསྡུས་པའི་དོན་ནི་ཙམ་དུ་བཤད་ནས། བསྡུས་པའི་དོན་གྱི་རྟོགས་ཚུལ་གཉིས་པ་ཞིག་ཀྱང་བློ་ལ་འཆར་བ་དེ་ནི། ཚིག་གི་དོན་དང་ལྷན་ཅིག་ཏུ་བཤད་པར་བྱའོ། །གསུམ་པ་ཚིག་གི་དོན་ལ། སྨོན་ལམ་འདི་གང་ཟག་གང་གིས་དགོས་པ་གང་གི་ཕྱིར། དུས་ནམ་གྱི་ཚེ་བཏབ་པ་དང༌། བརྗོད་བྱའི་དོན་སྟོན་ཚུལ་ཇི་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་མདོ་སྡེ་གང་གི་ནང་དུ་གཏོགས་པ། གཞུང་གི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྗེ་བཙུན་མ་ཕམ་པ་འདི་སྔོན་ལས་དང་པོ་པའི་ཚེ། དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་པ་ན། སྐྱེ་དགུ་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པའི་རྒྱུ་མཚན་གྱིས་བྱམས་པ་ཞེས་བྱའི་མཚན་གསོལ་བ་དེ་ནས་བཟུང་སྟེ། ནམ་ཞིག་རྡོ་རྗེ་གདན་དུ་སངས་རྒྱས་ནས་མྱ་ངན་ལས་འདས་པའི་ཚུལ་མི་སྟོན་པ་དེ་སྲིད་དུ། བྱམས་པ་ཞེས་བྱ་བར་གྲགས་པ་དེས་སོ། །དུས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེའོ། །དགོས་པ་ནི། གོང་དུ་བཤད་པ་ལྟར་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པའི་ཕྱིར་དུའོ། །ཚུལ་ནི། ཉིན་མཚན་གྱི་དུས་དྲུག་ཏུའོ། །དེའི་ཡང་དགོས་པ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐུན་མཚམས་ལས་མི་འདའ་བའི་ཕྱིར་དུའོ། །གཉིས་པ་ལ་བརྗོད་བྱ་ནི། ལྟ་བ་བདག་མེད་པ་གཉིས་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་ཚུལ་རྣམས་སྟོན་ལ། བཀའ་འཁོར་ལོ་གསུམ་ལས། ཐ་མའི་ནང་ཚན་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་སྡེའི་ནང་དུ་འབྱུང་ལ། དེ་ཡང་རང་རེའི་སྟོན་པས། སྔོན་བྱུང་བ་དེ་ལྟར་བརྗོད་པ་དེ་ཉིད་བཀའ་བསྡུ་བ་པོས། མདོ་སྡེ་དེའི་ནང་དུ་བསྡུས་པའོ། །དེའི་ནང་དུ་བསྡུས་པའི་བཀའ་ཐ་མར་གཏོགས་པའི་ཤེས་བྱེད་ཀྱང༌། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་ཇི་ལྟར་འབྱུང་བ་དང༌། ལམ་གྱི་བགྲོད་ཚུལ་དང༌། ལྟ་སྤྱོད་ཀྱི་རྣམ་གཞག་མཚུངས་པར་བཤད་པ་ལས་ཤེས་སོ། །དེ་དང་ཇི་ལྟར་མཐུན་ཞེ་ན། སངས་རྒྱས་ཀུན་ལ་ཞེས་པ་ནས། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ནི། ཐེག་པ་ཆེན་པོ་བཀར་སྒྲུབ་པ་དང༌། ཆ་མཐུན་ནོ། །དེའི་ཤེས་བྱེད་ཀྱང༌། དེ་དེར་སྒྲུབ་པ་ནི། དེའི་སྤྱོད་པ་ཉན་ཐོས་སྡེ་པའི་ངོར་ཡང་དེར་སྒྲུབ་དགོས་པ་ཡིན་གྱི། དེའི་ལྟ་བ་དེར་སྒྲུབ་དགོས་པ་མ་ཡིན་ལ། འདིར་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཕྱག་གི་ཡུལ་དུ་བསྟན་པ་ན། དེ་དེར་སྒྲུབ་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པོ་དེ་ཉིད་ཀྱིས་སྐྱབས་འགྲོ་ཡང་བསྟན་པ་ཡིན་ནོ། །སངས་རྒྱས་དང་དགེ་འདུན་དཀོན་མཆོག་ནི་དངོས་སུ་གསལ་ལ། ཆོས་དཀོན་མཆོག་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་བྱ་དགོས་པ་ཡིན་ཏེ། དེ་ཉིད་ལམ་གྱི་བདེན་པ་དངོས་ཡིན་པས་སོ། །སེམས་ཀྱི་དབང་དུ་ཞེས་པ་ནས་བདག་གིས་ཀུན་མཁྱེན་ས་བོན་ནོ། །ཞེས་པའི་བར་གྱིས་ནི་རིགས་ཀྱི་ལེའུའི་དོན་སྟོན་ནོ། །དེ་ཡང་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་ཚོགས་བསོགས་པ་ནི། རིགས་སད་པའི་དོན་དངོས་ཡིན་པས་སོ། །དེ་སྐད་དུ་ཡང༌། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་འབྱུང་བ་ལྟར་རོ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཅེས་པས། སེམས་བསྐྱེད་ཀྱི་ལེའུའི་དོན་སྟོན་པ་ཡིན་ཏེ། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་བཤད་པའོ། །ཕྱོགས་བཅུ་དག་གི་ཞེས་པ་ནས། ཕྱག་འཚལ་བའི་བར་གྱིས་ནི་སྒྲུབ་པའི་ལེའུའི་དོན་སྟོན་པ་ཡིན་ཏེ། ཇི་སྐད་དུ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱས་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་འདོད། །ཅེས་པ་ལྟར། ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་བསླབ་བྱའི་དོན་སྒྲུབ་པ་ལ་འཆད་དགོས་ཀྱིས། དོན་དམ་བྱང་སེམས་ཀྱི་སྒྲུབ་པ་ནི། འོག་ལེའུ་བཅུ་བཞི་པ་ནས། འབྱུང་བས་ན། འདིར་ནི་ཕྱོགས་བཅུའི་སངས་རྒྱས་ཀུན་ལ་ཕྱག་འཚལ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ཀུན་ལ་ཡི་རང་བ་ནི་དེ་སྐབས་ཀྱི་སྒྲུབ་པའི་ངོ་བོ་ཡིན་པས་སོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་པས་ནི། དེ་ཁོ་ན་ཉིད་ཀྱི་ལེའུའི་དོན་སྟོན་ནོ། །དེའི་ཤེས་བྱེད་ཀྱང༌། དེ་ཁོ་ན་ཉིད་ཀྱི་དོན་ནི། བདག་མེད་པ་གཉིས་ཀྱི་ཡེ་ཤེས་ལ་འཆད་པས་སོ། །མངོན་ཤེས་དྲུག་པོ་མངོན་གྱིས་ནས་ཞེས་དང༌། བླ་མེད་བྱང་ཆུབ་རེག་གྱུར་ཅིག་ཅེས་པས་ནི། མཐུ་དང་བྱང་ཆུབ་ཀྱི་ལེའུའི་དོན་སྟོན་ནོ། །དེའི་ཤེས་བྱེད་ཀྱང༌། མཐུ་ནི་མངོན་ཤེས་དང༌། བྱང་ཆུབ་ནི་རྫོགས་པའི་བྱང་ཆུབ་ལ་འཆད་པར་གཞུང་དེ་ཉིད་ལས་གསལ་བས་སོ། །ཕྱོགས་བཅུ་དག་གི་ཞེས་པ་ནས། འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །ཅེས་པའི་བར་གྱིས་ནི། ཡོངས་སུ་སྨིན་གྱི་ལེའུའི་དོན་སྟོན་ནོ། །དེ་ལྟར་ལེའུ་བཅུའི་དོན་ཚང་བར་བསྟན་པས་ནི། གང་ལ་བསླབ་པར་བྱ་བའི་ཡུལ་དུ་གྱུར་པའི་ཐེག་པ་ཆེན་པོའི་རང་བཞིན་གཏན་ལ་ཕབ་པ་ཡིན་ནོ། །དོན་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ། ལྟ་བ་དང༌། སྤྱོད་པ་གཉིས་ལས། དང་པོ་ནི། གཞུང་དེར་ཆོས་མོས། ཆོས་འཚོལ། ཆོས་བཤད། ཆོས་སྒྲུབ་གདམ་ངག་རྗེས་སུ་བསྟན་པའི་ལེའུ་རྣམས་ནི། ལྟ་བ་བདག་མེད་པ་གཉིས་རྟོགས་པའི་ཤེས་རབ་ཀྱི་དབང་དུ་བྱས་པར་ཤིན་ཏུ་གསལ་ལ། དེ་དག་གི་དོན་ནི། མ་སྐྱེས་པ་དང༌། ཞེས་པ་ནས། ཆོས་རྟོགས་ཤོག ཅེས་པའི་བར་གྱིས་སྟོན་པར་གསལ་ལོ། །ཐབས་ལྡན་གྱི་ལེའུའི་དོན་ནི། བདག་འཛིན་ཞེས་སོགས་ཤླཽ་ཀ་གཅིག་གིས་སྟོན་པ་ཡིན་ཏེ། དེ་ཡང༌། ཐབས་ལྡན་གྱི་དོན་ནི། ལུས་ངག་ཡིད་གསུམ་གྱི་ལས་རྣམ་པར་དག་པ་དང༌། བསྡུ་བའི་དངོས་པོ་བཞི་ཡིན་ལ། འདིར་ཡང་དེ་ཉིད་གསལ་བས་སོ། །སྦྱིན་པ་གསལ་མོད། གཞན་གསུམ་ཇི་ལྟར་གསལ་ཞེ་ན། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་ནི། སེམས་ཅན་ཀུན་ལ་སྨན་སླད་དུ། ཞེས་པས་འཆད་ལ། དོན་མཐུན་པ་ནི། དངོས་པོ་ཀུན་ལ་མི་གནས་པར། །ཞེས་པས་སྟོན། ཡང་ན་ནི་སྦྱིན་གཏོང་ཤོག ཅེས་པས་སྦྱིན་གཏོང་རྣམ་པ་བཞི་བསྟན་ལ། དེ་དང་བསྡུ་བའི་དངོས་པོ་བཞི་དོན་གཅིག་པ་ཡིན་ཏེ། སྦྱིན་པ་ནི། ཟང་ཟིང་གི་དང་སྙན་པར་སྨྲ་བ་ནི་བྱམས་པའི་དང༌། དོན་སྤྱོད་པ་ནི་ཆོས་ཀྱི་དང༌། དོན་མཐུན་པ་ནི། མི་འཇིགས་པ་སྦྱིན་པས་བསྟན་ནོ། །དེའི་ཤེས་བྱེད་ཀྱང་རང་ཉིད་འཇིགས་པ་མེད་པའི་གོ་འཕངས་ལ་གནས་ནས། གཞན་འཇིགས་པ་ལས་སྐྱོབ་པ་ནི་དོན་མཐུན་པའི་ངོ་བོ་ཡིན་པས་སོ། །ཕྱིན་དྲུག་གི་ལེའུའི་དོན་ནི། དངོས་པོ་དངོས་པོ་མ་མཆིས་པས། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་དྲུག་གིས་གསལ་བར་བསྟན་ལ། མཐར་ཐུག་གི་ལེའུའི་དོན་ནི་སངས་རྒྱས་ཀུན་གྱི་སོགས་ཤླཽ་ཀ་གཅིག་གིས་སྟོན་པ་ཡིན་ཏེ། བསམ་པ་རྫོགས་པ་དང༌། མཐར་ཐུག་རྫོགས་བྱང་གི་ཡོན་ཏན་རྣམས་ཐོབ་པ་དོན་གཅིག་ལ་འདུས་པས་སོ། །ས་བཅུ་དང་བྱང་ཕྱོགས་སོ་བདུན་གྱི་ལེའུའི་དོན་ནི། དེ་ལྟར་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་ཡིན་ནོ། །དེ་ལྟར་ན། སྨོན་ལམ་འདིའི་བརྗོད་བྱའི་ལུས་དང༌། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་ལུས་ཀྱི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་མཐུན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གསུམ་པ་གཞུང་གི་དོན་ལ་གཉིས་ཏེ། བྱམས་པས་སྨོན་ལམ་བཏབ་པ་དང༌། དེའི་ཕན་ཡོན་སྟོན་པས་གསུངས་པའོ། །དང་པོ་ལ་གཉིས་ཏེ། སྨོན་ལམ་དངོས་དང༌། དེ་འགྲུབ་པའི་བདེན་ཚིག་བརྗོད་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་སྤྱོད་པའི་སྨོན་ལམ་ངོས་བཟུང་བ། སྨོན་ལམ་དེ་ཉིད་ལྟ་སྤྱོད་ཟུང་འཇུག་གི་སྒོ་ནས་ཇི་ལྟར་ཉམས་སུ་ལེན་པའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་སྐྱབས་འགྲོ་དང༌། ཡན་ལག་བདུན་པ་སྔོན་དུ་བཏང་བ། དངོས་གཞི་རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་སྨོན་པ། མཇུག་རང་གིས་ཐོབ་པའི་གོ་འཕངས་དེ་གཉིས་ཀ་ལ་སེམས་ཅན་གཞན་འགོད་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་དད་པ་བསྐྱེད་པ་དང༌། དངོས་གཞི་ཚོགས་གཉིས་བསགས་པ་དོན་ཡོད་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་གཉིས་ལ་སྐྱབས་སུ་འགྲོ་བ་དང༌། རང་རྒྱུད་ལ་འབྱུང་རུང་གི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་ལ་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བའོ། །དང་པོ་ནི། ཕྱག་འཚལ་ལོ། །དེ་ཡང་ཕྱག་ཅེས་པ་ནི། ལུས་ངག་ཡིད་གསུམ་གུས་པ་ལ་བྱ་ལ། འཚལ་བ་ནི། བྱེད་པའམ་བགྱི་བའོ། །དེ་ཡང་ལུས་གུས་པ་ནི། ཡན་ལག་ལྔ་རྣམ་པར་སྨད་པའོ། །དེ་ཡང་ཡན་ལག་ལྔ་པོ་ས་ལ་གཏུགས་པའམ། གཞན་གྱི་ཞབས་སྤྱི་བོར་ལེན་པ་གང་རུང་ངོ༌། །འདུལ་བ་ནས་ཕྱག་བྱ་བའི་གོ་དོན་རྣམ་པ་གཉིས་གསུངས་པ་ཡང་དེ་ཉིད་དོ། །ངག་གུས་པ་ནི། བསྟོད་པའི་དབྱངས་རྒྱ་མཚོས་བསྟོད་པའོ། །ཡིད་གུས་པ་ནི། རྡུལ་གཅིག་གི་སྟེང་ན། རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་སྲས་དང་བཅས་པ་བཞུགས་པར་མོས་ནས། དེ་ལ་མངོན་པར་དགའ་བས་སོ། །ཡོན་ཏན་མཐོང་ནས་མངོན་པར་དགའ་བའི་ཚུལ་ཡང༌། ཇི་སྐད་དུ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་པ་ནས། སེམས་ཅན་རྣམས་ཀྱི་ཐེ་ཚོམ་དག གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱི་དོན། དྲན་བཞིན་པའི་སྒོ་ནས། ངག་ཏུ་བརྗོད་དེ། ཡན་ལག་ལྔ་ས་ལ་གཏུགས་པར་བྱེད་པའོ། །དེ་ལྟར་གཏུགས་པ་ནས་ཡན་ལག་དེ་དང་དེས་ཁྱབ་པའི་ས་ལ་དབང་ཆེན་གྱི་གཞིའི་བར། རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བ་ལེན་པ་ནི། རྣམ་སྨིན་གྱི་ཁྱད་པར་དང༌། མཐར་ཐུག་གང་ལ་ཕྱག་བྱ་བ་དེའི་གོ་འཕངས་ཐོབ་པ་ནི། བྲལ་བའི་འབྲས་བུ་དང༌། རང་གིས་ཐོབ་པའི་ཡོན་ཏན་ལ་གཞན་རྣམས་ཀྱང་དགའ་བ་ནི། རྒྱུ་མཐུན་གྱི་འབྲས་བུའོ། །གཉིས་པ་ལས་སུ་བྱ་བ་གང་ལ་ཞེ་ན། ཀུན་ལ་ཞེས་པ་སྟེ། ཕྱོགས་བཅུ་ན་བཞུགས་པ་དང༌། དུས་གསུམ་དུ་བྱོན་པས་ཁྱད་པར་དུ་བྱས་པ་དག་གོ །དེ་གང་ཞེ་ན། སངས་རྒྱས་ཞེས་པ་སྟེ། སྤངས་པ་དང༌། རྟོགས་པའི་ཡོན་ཏན་གཉིས་ཀ་སྒྲ་གཅིག་གིས་མཚོན་པར་ནུས་ལ། དེ་སྐད་དུ་ཡང༌། སྔོན་གྱི་ལོ་ཙྪ་བ་ཆེན་པོ་དག་གིས་སྦྱར་བའི་བསྟན་བཅོས་སྒྲ་སྦྱོར་བམ་པོ་གཉིས་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་སོ། །དེ་ཡང༌། བུདྡྷ་ཞེས་པའི་མིང་གཅིག་པུ་དེ་ཉིད། སངས་པ་དང༌། རྒྱས་པ་གཉིས་ཀ་ལ་འཇུག་པ་ཡིན་གྱི། ཚིག་གཉིས་དང་དོན་གཉིས་སོ་སོར་སྦྱོར་བ་ནི། ཡི་གེའི་དོན་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བྱང་སེམས་ལ་དང༌། ཉན་ཐོས་ལ་ཕྱག་འཚལ་བའོ། །དང་པོ་ནི། ཕྱག་འཚལ་ལོ། །གང་ལ་ན། བྱང་ཆུབ་སེམས་དཔའ་རྣམས་དང༌། དེར་མ་ཟད་ཉན་ཐོས་རྣམས་ལ་ཡང་ངོ༌། །རང་སངས་རྒྱས་མི་སྨོས་པ་ཅི་ཞེ་ན། ཐེག་པ་ཆེན་པོའི་ཆོས་མི་སྟོན་པས་སམ། ཡང་ན་ཇི་སྐད་དུ། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་འགྲེལ་པར། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་འབྱུང་བ་ལྟར། དེ་དེ་མཚོན་པར་བཤད་ན་ཡང་འགྲིག་གོ །འོ་ན། རང་སངས་རྒྱས་ཀྱིས་དེ་མི་སྟོན་ལ། ཅིག་ཤོས་ཀྱིས་སྟོན་པ་ཅི་ཞེ་ན། རང་སངས་རྒྱས་རྣམས་ནི་རང་ཉིད་སངས་རྒྱས་སུ་ཁས་བླངས་ནས། རྫོགས་པའི་བྱང་ཆུབ་ལ་མི་འདུན་པས་དེའི་ཆེད་དུ་བྱ་བའི་ཆོས་མི་སྟོན་པ་དང༌། ཉན་ཐོས་ཞེས་བྱའི་མིང་གི་དོན་ནི། ཐོས་སྒྲོགས་པ་ཞེས་བྱ་བ་དང༌། ཐོས་ནས་ཉན་དུ་འཇུག་པ་ཞེས་བྱ་བ་ཡིན་ལ། དེ་ཡང་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཀྱི་དབང་དུ་བྱས་པར། མདོ་སྡེ་པདྨ་དཀར་པོ་སོགས་ལས་གསལ་བར་བཤད་དོ། །དེས་དེ་ལྟར་སྟོན་པ་དེ་ཡང༌། ཤེས་རབ་སྟོང་པ་ཉིད་ཀྱི་དབང་དུ་བྱས་པའི་ཆ་ནས་རང་གི་རང་དབང་དུ་སྟོན་པར་ནུས་པར་ཤེར་ཕྱིན་གྱི་མདོ་སྡེ་སོགས་ལས་གསལ་བ་ལྟར་ཡིན་ལ། དེས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པའི་རྒྱུ་མཚན་གཞན་ལ་འཆད་ཀྱང༌། དེའི་དྲུང་དུ་བྱང་སེམས་ཀྱི་སྡོམ་པ་ལེན་པ་ནི་ཡོད་པ་མ་ཡིན་ཏེ། དེ་ཉིད་ལ་སྡོམ་པ་དེ་མེད་པའི་ཕྱིར་རོ། །འོ་ན། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཇི་ལྟར་ཡོད་ཅེ་ན། བྱམས་པའི་ཆོས་བར་པ་གསུམ་གྱི་ལུགས་འདིར་ཡང༌། དེ་ལ་དེ་མངོན་སུམ་གྱི་རྟོགས་པ་མེད་ཀྱང༌། ཐོས་བསམ་གྱི་རྟོགས་པ་ནི་ཡོད་པའི་ཚུལ་ངེས་པར་ཁས་ལེན་དགོས་སོ། །འོ་ན་གཉིས་པོའི་ཡོན་ཏན་གྱི་ཁྱད་པར་ཅི་ཞེ་ན། དྲང་སྲོང་གི་མིག་དང་ལྡན་པ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་དང༌། ལྷའི་མིག་ལྡན་པ་ནི་ཉན་ཐོས་ཀྱི་དབང་དུ་བྱས་པའོ། །དེ་ཡང་ཇི་སྐད་དུ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ལ། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །ཞེས་པ་ལྟར་རོ། །དྲང་སྲོང་ཞེས་བྱ་བའི་སྒྲ་ཡངས་པར་བྱས་ན། ཕྱི་རོལ་པའི་རྣལ་འབྱོར་པ་ནས། སངས་རྒྱས་པའི་བར་ཐམས་ཅད་དོ། །ལྷ་མིག་དང་ལྡན་པ་ཞེས་པ་ནི་མངོན་ཤེས་དང་ལྡན་པ་སྟེ། གཞན་གྱི་དོན་བྱེད་ནུས་པའོ། །བྱེ་བྲག་ཏུ་ལྷའི་མིག་གིས་ནི་གདུལ་བྱ་གང་ན་ཡོད་པའི་ཡུལ་དང༌། གདུལ་བྱ་དེའི་གཟུགས་མཐོང་བར་ནུས་པའོ། །ཡང་ན་ཡོན་ཏན་གཉིས་ཀ་ཡང་ཡུལ་གཉིས་ཀ་ལ་སྦྱར་ནས། དྲང་སྲོང་ཞེས་པས་ནི། རྫུ་འཕྲུལ་གྱི་མངོན་ཤེས་སྟོན་པ་ཡིན་ཏེ། རི་ཥི་ཞེས་པ་དྲང་སྲོང་དང༌། རྫུ་འཕྲུལ་གཉིས་ཀའི་སྐད་དོད་དུ་སྣང་བས་སོ། །མདོར་ན་མངོན་ཤེས་དྲུག་གི་སྒོ་ནས་གཞན་གྱི་དོན་བྱེད་པར་ནུས་པའི་བྱང་སེམས་དང༌། ཉན་ཐོས་པའོ། །གཉིས་པ་ནི། ཕྱག་འཚལ་ལོ་གང་ལ་ན། བྱང་ཆུབ་ཀྱི་སེམས་ལའོ། །དེ་གང་ཞེ་ན། འཆད་ཚུལ་གཉིས་ཏེ། དོན་དམ་སེམས་བསྐྱེད་རྐྱང་པ་ལ་སྦྱར་བ་དང༌། ཡང་ན་ཀུན་རྫོབ་སེམས་བསྐྱེད་ཀྱང་མཚོན་པའོ། །དང་པོ་ནི། སྤྱིར་བྱང་ཆུབ་ལ་གཉིས་ཏེ། དོན་དམ་པ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་པ་གཟུགས་ཀྱི་སྐུའོ། །དེར་སེམས་བསྐྱེད་པའི་དང༌། འདུན་པའི་དང༌། དབྱེ་བས་དེ་ཡང་གཉིས་སོ། །སེམས་བསྐྱེད་དང་པོའི་ལག་རྗེས་ཀྱིས་ནི། ཡེ་ཤེས་ཀྱི་ཚོགས་རྫོགས་ནས། ཆོས་ཀྱི་སྐུའི་བྱང་ཆུབ་འདྲེན་པར་བྱེད་ལ། གཉིས་པའི་ལག་རྗེས་ཀྱིས་ནི། བསོད་ནམས་ཀྱི་ཚོགས་རྫོགས་ནས་གཟུགས་ཀྱི་སྐུའི་བྱང་ཆུབ་འདྲེན་པར་བྱེད་དོ། །འདིར་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། ཐེག་ཆེན་གྱི་ཆོས་དཀོན་མཆོག་འཆད་པ་སྐབས་སུ་བབ་པའི་ཕྱིར་དང་དེ་ཡང༌། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་དང༌། གང་འདོད་ཆགས་དང་བྲལ་བ་གཉིས་ལ་འཆད་དགོས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་དེའི་ཡོན་ཏན་ཅི་ཞེ་ན། སྤངས་པའི་ཁྱད་པར་ནི། ངན་འགྲོ་ལས་ནི་ལྡོག་བགྱིད་ཅིང༌། །ཞེས་པ་སྟེ། དེར་སྐྱེ་བའི་རྒྱུ་མི་དགེ་བའི་ས་བོན་སྤོངས་ནུས་པའོ། །རྟོགས་པའི་ཁྱད་པར་ནི། ཐར་པའི་ལམ་ནི་རབ་སྟོན་ལ། །ཞེས་པ་སྟེ། བདག་མེད་པ་གསུམ་མངོན་སུམ་དུ་རྟོགས་པས། རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པའི་ཕྱིར་རོ། །མཐོ་རིས་ལམ་ནི་ཞེས་འདོན་པ་ལྟར་ན། བླང་དོར་གྱི་གནས་གསལ་བར་བྱེད་པས་སོ། །ནུས་པའི་ཁྱད་པར་ནི། རྒ་ཤི་མེད་པར་འདྲེན་བགྱིད་པའི། །ཞེས་པ་ནི། མི་གནས་པའི་མྱ་ངན་ལས་འདས་པར། དངོས་སམ་བརྒྱུད་ནས་འདྲེན་པའི་མཐུ་ཡོད་པའོ། །འདི་ནི་སྔ་མ། མཐོ་རིས་ལམ་ཞེས་འཆད་པ་ལྟར་ན། འདིར་རྒ་ཤི་མེད་པ་ནི། ལྷག་མེད་ཀྱི་མྱང་འདས་ཙམ་ལ་བྱ་ལ། དེ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་ལྟར་ན། དམན་པའི་ལྷག་མེད་ནས་ཀྱང་རྒ་ཤི་མེད་པར་འཇོག་ནུས་ལ། དབུ་མ་ལྟར་ན། དེ་ན་ཡང་དེ་མེད་པ་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་སའི་དབང་གིས་ལུས་ལེན་པ་ཡོད་པས་སོ། །གཉིས་པ་ནི། རྐང་པ་དང་པོ་གཉིས་ཀྱིས་ཀུན་རྫོབ་བྱང་སེམས་ཀྱི་ཡོན་ཏན་མཚོན་པ་ཡིན་ཏེ། རྐང་པ་དང་པོས་བསོད་ནམས་ཆ་མཐུན་གྱི་དགེ་རྩ་མཐའ་དག་དང༌། རྐང་པ་གཉིས་པས། ཐར་པ་ཆ་མཐུན་གྱི་དགེ་རྩ་མཐའ་དག་མཚན་པར་ནུས་ལ། དེ་གཉིས་ཀྱིས་ནི། ཉེར་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་གཉིས་བསྡུས་པའོ། །རྒ་ཤི་མེད་པར་འདྲེན་པ་ནི་གཟུགས་ཀྱི་སྐུའི་སྐལ་མཉམ་གྱི་རྒྱུ་བྱེད་པའོ། །གཉིས་པ་ཚོགས་གཉིས་བསགས་པ་དོན་ཡོད་པར་བྱ་བ་ནི། ཡན་ལག་བདུན་གྱིས་བསྡུས་པ་ཡིན་ལ། དེ་ཡང༌། ཡན་ལག་དང་པོ་ལྔས་ནི། ཚོགས་གཉིས་བསོག་པར་བྱེད་ལ། འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་གཉིས་ཀྱིས་ནི། དེ་ཐོབ་པ་དོན་ཡོད་པར་བྱེད་པ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་མི་འདའ་བར་བྱེད་པའི་ཡན་ལག་ཡིན་པའི་ཕྱིར་རོ། །བྱང་ཆུབ་སྤྱོད་པའི་སྨོན་ལམ་འདི་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་གཉིས་ཀ་ལ་ཡང་ཡན་ལག་བདུན་གྱི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསོགས་པར་མཚུངས་ཀྱང༌། མི་འདྲ་བ་ནི། བསྔོ་བའི་ཁྱད་པར་ལས་བྱེད་དགོས་པ་ཡིན་ཏེ། རང་ཉིད་ཀྱི་སེམས་ཅན་གྱི་དོན་དུ། བྱང་ཆུབ་ཐོབ་པ་དང༌། རང་ཉིད་ཤུལ་དུ་བཞག་ནས་སེམས་ཅན་གཞན་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་བའི་ཁྱད་པར་ལས་སོ། །དེ་སྐད་དུ་ཡང༌། འདིར་ནི། བདག་གིས་ཀུན་མཁྱེན་ས་བོན་ནོ། །ཞེས་པ་དང༌། བཟང་སྤྱོད་དུ། ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་འབྱུང་བས་སོ། །དེར་བདག་གི་ཞེས་ལས་སུ་བྱ་བའི་སྒྲ་སྦྱར་ན། མ་དག་ལ། བདག་གིས་ཞེས་བྱེད་པ་པོའི་ཚིག་སྦྱར་བ་ཙམ་ནི་སྐྱོན་མེད་པ་ཡིན་ནོ། །དེ་ལྟར་ན། དང་པོ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བ་དང༌། ཡེ་ཤེས་ཀྱིའོ། །དང་པོ་ལ་གཉིས་ཏེ། སྡིག་པ་བཤགས་པ་དང༌། བསྔོ་བས་མཚོན་ནས་ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། བཤགས་པར་བགྱིའོ། །གང་ན། བདག་གིས་སྡིག་པ་ཅི་བགྱིས་པ་དེ་དག་གོ །གང་གིས་ན། བདག་གིས་སོ། །ཚུལ་ཇི་ལྟར་ན་སངས་རྒྱས་སྲས་བཅས་མངོན་སུམ་དུ་བཞུགས་པར་མོས་པའི་སྤྱན་སྔར་མཆིས་ནས་སུའོ། །སྡིག་པ་ཇི་ཙམ་ཞེ་ན། ཅི་བགྱིས་པ་ཞེས་པའི་ཚིག་གིས་ནི་ཚེ་འདིར་མ་ཟད། ཚེ་རབས་སྔ་མ་རྣམས་སུ་ཡང་སྡིག་པ་བྱས་པ་ངེས་པར་མཚོན་ཏེ། སེམས་ཀྱི་དབང་དུ་གྱུར་པ་ན། །ཞེས་པ་དང་འབྲེལ་བས་སོ། །སེམས་ཀྱི་དབང་ཞེས་པ་ནི། སེམས་ཀུན་གཞིའི་སྟེང་གི་ཉོན་མོངས་པའི་ས་བོན་གྱི་དབང་དུ་གྱུར་པས། ཞེས་པའམ། ཡང་ན་སེམས་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་ཀྱི་དབང་དུ་གྱུར་པས་ནའོ། །གཉིས་པ་ནི། བྱེད་པ་པོ་བདག་གིས་ལས་སུ་བྱ་བ་བྱང་ཆུབ། དགོས་ཆེད་མི་ཟད་པར་ཤོག་ཤིག རྒྱུ་གང་ལས་ཞེ་ན། རྒྱས་འགྱུར་གྱི་རིགས་དང༌། རང་བཞིན་དུ་གནས་པའི་རིགས་གཉིས་ལས། དང་པོ་ནི། བདག་གིས་ལུས་ངག་ཡིད་ཀྱི་ལས་རྣམ་པ་གསུམ་པོ་གང་གི་བསོད་ནམས་ཀྱི་ཚོགས་ནི་གསར་དུ་གང་བསྐྱེད་པ་དེ་ལས། གཟུགས་ཀྱི་སྐུའི་བྱང་ཆུབ་མི་ཟད་པར་ཤོག་ཅིག གཉིས་པ་ནི། དང་ཞེས་བྱ་བའི་སྒྲས་བསྡུས་པ་སྔ་མར་མ་ཟད། བདག་གིས་ཀུན་མཁྱེན་ས་བོན་ཏེ། རང་བཞིན་དུ་གནས་པའི་རིགས་དེས། ཆོས་སྐུའི་བྱང་ཆུབ་མི་ཟད་པར་ཤོག་ཤིག འདིར་མི་ཟད་པར་ཞེས་བྱ་བའི་སྒྲས་ནི། དམན་པའི་མྱང་འདས་ལས་ཁྱད་པར་དུ་བྱས་པ་ཡིན་ཏེ། དེར་ནི་དགེ་བའི་རྩ་བ་དང༌། བྱང་ཆུབ་ཕྱོགས་མཐུན་ལ་སོགས་པའི་ཡོན་ཏན་རྣམས་ཟད་པའི་ཕྱིར་རོ། །འདིར་རང་བཞིན་གནས་རིགས་རྫོགས་བྱང་དུ་བསྔོ་དགོས་པ་ནི། རྣལ་འབྱོར་སྤྱོད་པ་དག་གི་ལུགས་ཡིན་ཏེ། དེར་མ་ཟད་བསྔོ་བ་ན་ལྷག་མེད་ཀྱི་མྱང་འདས་སུ་དགེ་བའི་རྩ་བ་ཟད་ནས་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་བ་སྲིད་པའི་ཕྱིར། གསར་དུ་བསག་པའི་བསོད་ནམས་རྫོགས་བྱང་དུ་བསྔོ་བ་ནི། ཐེག་པ་ཐུན་མོང་གི་ལུགས་ཡིན་ཏེ། དེ་དེར་མ་བསྔོས་ན། བསོད་ནམས་ཆ་མཐུན་ཙམ་ཡིན་གྱི། ཐར་པ་ཆ་མཐུན་དུ་མི་འགྱུར་བ་སྲིད་པའི་ཕྱིར་རོ། །གཉིས་པ་ལ། མཆོད་པ་འབུལ་བ་དང༌། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཕྱག་འཚལ་བ་དང༌། དེ་ནས་དོན་དམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་ནི། བདག་ནི་ཡི་རང་ངོ༌། །གང་ལ་ཞེ་ན། ཕྱོགས་བཅུ་དག་གི་ཞིང་ཁམས་རྒྱ་མཚོ་རྣམས་སུ། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པ་འབུལ་བ་གང་བྱུང་བ་སངས་རྒྱས་ཀྱི་མཁྱེན་པས་རྗེས་སུ་ཡི་རང་བར་མཛད་པ་གང་ཡིན་པ་དེ་ལའོ། །འདིས་ནི་རང་གིས་མཆོད་པ་འབུལ་བ་ཡང་མཚོན་པར་ནུས་སོ། །མཆོད་པ་ནི། ཇི་སྐད་དུ། མེ་ཏོག་དམ་པ་ཞེས་སོགས་སུ། བླ་ན་ཡོད་པའི་མཆོད་པ་དང༌། བླ་ན་མེད་པའི་མཆོད་པ་གཉིས་བཤད་པ་དང༌། དཔལ་མཆོག་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང༌། འཆང་བ་དང༌། ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་འབྱུང་བ་ལྟར་རོ། །མཆོད་ནས་ཅི་ཞིག་བྱ་ཞེ་ན། སྡིག་པ་ཐམས་ཅད་བཤགས་པར་བགྱིད། །ཅེས་པའོ། །སྔ་མ་དང་ཁྱད་པར་ཅི་ཞེ་ན། སྤྱི་དང་བྱེ་བྲག་གི་ཁྱད་པར་ལས་ཏེ། གོང་མ་ནི་སྡིག་པ་ཙམ་བཤགས་པ་དང༌། འདི་ནི་མཆོད་པ་ལ་སེར་སྣ་བྱས་པ་སོགས་སངས་རྒྱས་མཆོད་པ་ལ་བརྟེན་པའི་སྡིག་པ་གང་ཡོད་པ་དེའོ། །གཉིས་པ་ནི། བསོད་ནམས་ཀུན་ལ་ཡི་རང་ངོ༌། །ཞེས་པ་སྟེ། རང་གཞན་གྱིས་བྱས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་བས། དེ་གོང་ནས་གོང་དུ་འཕེལ་བའི་ཕྱིར་དང༌། བསོད་ནམས་བྱས་པ་མཉམ་པ་ཉིད་འཐོབ་པར་བཤད་པའོ། །གསུམ་པ་ནི། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཚུལ་ནི་སྔ་མ་ལྟར་རོ། །ཡང་ན་ཚིག་རྐང་ཕྱི་མ་གསུམ་པོ་འདི། སྔ་མ་རྣམས་ཀྱི་དོན་བསྡུར་བྱས་ནས། ཕྱོགས་བཅུ་སོགས་རྐང་པ་བཞི་ལ། མཆོད་པ་དང༌། རྗེས་སུ་ཡི་རང་བའི་ཡན་ལག་གཉིས་ཀ་སྦྱར་བ་དང༌། སངས་རྒྱས་ཀུན་ལ་སོགས་ཤླཽ་ཀ་ཐོག་མ་བཞི་ཕྱག་འཚལ་གྱི་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ནི། བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་པའོ། །དེ་ཡང་ཡེ་ཤེས་མཆོག་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་བཤད་ན་འགྲིག་མོད། དེ་ལྟ་ན་ཡང་བདག་གི་བྱང་ཆུབ་མི་ཟད་ཤོག ཅེས་པ་དང་ཟློས་པར་འགྱུར་བས་དོན་དམ་སེམས་བསྐྱེད་ལ་སྦྱར་བ་ཡིན་ནོ། །གཉིས་པ་ཚོགས་གཉིས་རྫོགས་པ་དོན་ཡོད་པར་བྱ་བ་ལ་གསུམ་སྟེ། མྱུར་དུ་འཚང་རྒྱ་བར་སྨོན་པ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྨོན་པ། དེའི་འཕྲིན་ལས་སེམས་ཅན་ལ་འཇུག་པར་སྨོན་པ། དེ་ནས་མྱ་ངན་ལས་མི་འདའ་བར་སྨོན་པའོ། །དང་པོ་ནི་བསྐུལ་མ་འདེབས་སོ། །གང་དུ་ཞེ་ན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ། ས་བཅུ་པོ་དག་ལ་སོ་སོར་གནས་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བྱང་ཆུབ་མཆོག་ཏུ་འཚང་རྒྱ་བགྱིད་པར་རོ། །འདི་དངོས་བསྟན་སེམས་ཅན་གཞན་ལ་སྦྱར་ཡང་བསྟན་དོན་གྱི་གཙོ་བོ་ནི་སྨོན་ལམ་འདེབས་པ་པོ་རང་ཉིད་མཚོན་པ་ཡིན་ནོ། །གཉིས་པ་ནི། ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཅེས་པ་བཤད་པའི་གཞིའོ། །དགོས་པ་ནི། སྲོག་ཆགས་ཀུན་ལ་སྨན་སླད་དུའོ། །དུས་ནི་བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། སྡེ་དང་བཅས་པའི་བདུད་བཏུལ་ནས་སོ། །འདི་ཡང་སངས་རྒྱས་པ་དང༌། བདུད་བཏུལ་བ་གཉིས་ཀ་ཚོགས་པ་ལ་བྱ་བ་ཡིན་གྱིས། སངས་རྒྱས་ནས་བདུད་བཏུལ་བ་ནི་མ་ཡིན་ཏེ། དེ་ལྟར་ན། ཇི་སྐད་དུ། བདུད་སྡེ་འཇོམས་དང་རྫོགས་པ་ནི། །བྱང་ཆུབ་ཅེས་པའི་ལུང་དང་འགལ་བ་དང༌། དེའི་ཚེ་བདུད་བཏུལ་ཟིན་པའི་རིགས་པ་དང་འགལ་བ་ལས་སོ། །མཛད་པ་བཅུ་གཉིས་ཀྱི་བསྟོད་པ་ལས། མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཞེས་བཤད་པ་དེ་ལ་ནི་ཡིད་བརྟན་དུ་མི་རུང་སྟེ། འདིར་བདུད་བཏུལ་ནས་འཁོར་ལོ་བསྐོར་བར་བཤད་པའི་ལུང་དང་འགལ་བ་དང༌། དེ་དག་བདུད་དུ་འཆད་པ་གཞུང་ལུགས་གང་ནས་ཀྱང་མི་འབྱུང་བའི་རིགས་པ་ཀུན་དང་འགལ་བས་སོ། །སངས་རྒྱས་པ་དང༌། བདུད་བཏུལ་བ་གཉིས་ལ་ནི། ཤིང་ཞེས་པ་ཕུན་ཚུན་བསྡུད་པའི་ཚིག་ཡོད་པ་ཡིན་ལ། བདུད་བཏུལ་བ་དང༌། འཁོར་ལོ་བསྐོར་བ་གཉིས་ལ་ནི། ནས་ཞེས་པ་རིམ་པ་སྟོན་པའི་ཚིག་ཡོད་པས། ལུང་གཉིས་པོ་མཚུངས་སོ་སྙམ་དུ་བསམ་པར་མི་བྱའོ། །གསུམ་པ་ནི་ཆོས་ཀྱི་རྔ་ཆེན་པོ་ཚངས་པའི་གསུང་དབྱངས་ཀྱི་བརྡུངས་སྒྲ་ཡིས་ནི། སྡུག་བསྔལ་གསུམ་པོ་གང་རུང་གིས་གདུངས་པའི་སེམས་ཅན་ཐར་པ་མྱང་འདས་ཀྱི་ས་ལ་འགོད་པར་ཤོག་ཤིག་ཅེས་པའོ། །བཞི་པ་ནི་བཞུགས་པར་གྱུར་ཅིག སུ་ཞིག་ཅེ་ན། སངས་རྒྱས་པ་དེའོ། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། བསྐལ་པ་བྱེ་བ་བསམ་ཡས་སུའོ། །ཚུལ་ཇི་ལྟར་དུ་ཞེ་ན། དམ་པའི་ཆོས་སྟོན་པར་མཛད་ཅིང་ངོ༌། །འདིར་ཡན་ལག་ཕྱི་མ་གཉིས་དངོས་སུ་བྱང་སེམས་གཞན་དང་སངས་རྒྱས་གཞན་ལ་སྦྱར་ཡང༌། ཤུགས་བསྟན་རང་ཉིད་མྱུར་དུ་སངས་རྒྱས། སངས་རྒྱས་ནས་རིང་དུ་བཞུགས་པ་གཉིས་ཀ་མཚོན་ནོ། །འདིའི་ཡན་ལག་གི་གོ་རིམ་ནི། བཟང་སྤྱོད་ལས་འབྱུང་བ་དང་མི་མཐུན་ཡང༌། དེ་ཁོ་ན་ལྟར་ངེས་པ་ཡིན་ཏེ། སྤྱོད་འཇུག་ལས་བྱུང་བ་ཡང་གོ་རིམ་དེ་ལྟར་དུ་མ་ངེས་པ་དང༌། བཤད་པའི་རྒྱུད་རྡོ་རྗེའི་གུར་ལས་ཀྱང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཞེས་སོགས་གོ་རིམ་དེ་ལྟར་དུ་ཡང་འབྱུང་བས་སོ། །དེ་ལྟར་སྔོན་འགྲོ་ཡན་ལག་བདུན་པ་བསྟན་ཟིན་ནས། དངོས་གཞི་ཐར་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕངས་སུ་སྨོན་པ་ལ་གཉིས་ཏེ། མཁྱེན་པར་གསོལ་བ་དང༌། འདོད་པའི་དོན་ལ་སྨོན་པའོ། །དང་པོ་རྐང་གཉིས་མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཟིགས་ཤིང་དགོངས་སུ་གསོལ། སུ་ཤིག་ལ་ཅེ་ན། འཆིང་བ་ཉོན་མོངས་པ་ཀུན་གྱི་བཅིང་བ་བདག་ལའོ། །བཅིང་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདོད་པའི་ཁམས་འདམ་དུ་བྱིང་བ་འདྲ་བའི་ནང་དུ་བྱིང་བར་འགྱུར་ཞིང༌། འདོད་པའི་ཕུང་པོ་དེ་ལ་སྲེད་པའི་འདོད་ཆགས་སྲད་བུ་དང་འདྲ་བས་དམ་དུ་བཅིངས་པའོ། །གཉིས་པ་ལ་གཉིས་ཏེ། ཐར་པ་ཙམ་ལ་སྨོན་པ་དང༌། རྫོགས་པའི་བྱང་ཆུབ་ལ་སྨོན་པའོ། །དང་པོ་ནི། གཟིགས་ནས་ཅི་ཞིག་བྱ་ཞེ་ན། སེམས་ཅན་རྣམས་ལ་བྱམས་པའི་ཐུགས་དང་ལྡན་པ་རྣམས་ཀྱིས། བདག་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་ཤིག ཞེ་སྡང་དང་ལྡན་པའི་སེམས་ཅན་རྣམས་ལ་བྱམས་པར་མི་རིགས་སོ་ཞེ་ན། སེམས་ཀྱི་དྲི་མར་གྱུར་པ་སྟེ། དེ་དེའི་གཞན་དབང་དུ་གྱུར་པ་རྣམས་ལ། སངས་རྒྱས་རྣམས་ནི་སྨོད་པར་མི་མཛད་དོ། །དེའི་ཕྱིར་ན་བྱམས་པར་རིགས་སོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་གང་ད་ལྟར་བཞུགས་པ་དང༌། གང་དག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཟིན་པ་དང༌། མ་བྱོན་པའི་སངས་རྒྱས་ཏེ། མ་འོངས་པ་ན་བདག་གི་སྔོན་ལ་སངས་རྒྱས་པར་གྱུར་པ་དེ་དག་གི་རྗེས་སུ་བདག་ཀྱང་སློབ་ཅིང་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་གྱུར་ཅིག དེའི་ཁྱད་པར་ཡང༌། ཇི་སྐད་དུ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པ་བྱང་ཆུབ་སངས་རྒྱས་ནས། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་ལ། གཞན་ཐར་པ་ལ་འགོད་པ་དང༌། ཐམས་ཅད་མཁྱེན་པ་ལ་འགོད་པའོ། །དང་པོ་ནི། དེ་ལྟར་ན་རང་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བགྱིས་ཏེ། ཐོག་མར་སངས་རྒྱས་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཐར་པ་ལ་འགོད་པའི་བྱ་བ་བགྱིད་པར་ཤོག་ཤིག ཅེས་པའོ། །གཉིས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གནས་སྐབས་སུ་མངོན་པར་ཤེས་པ་དྲུག་པོ་མངོན་དུ་བགྱིས་ནས་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་གྱུར་ཅིག གཉིས་པ་སྨོན་ལམ་བཏབ་པའི་དོན་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གཉིས་ཏེ། ལྟ་བ་བདག་མེད་པ་གཉིས་ཀྱི་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཆོས་ཀྱི་བདག་མེད་རྟོགས་པར་སྨོན་པ་དང༌། གང་ཟག་གི་བདག་མེད་རྟོགས་པར་འདུན་པའོ། །སྟོང་པའི་ཆོས་རྣམས་རྟོགས་པར་ཤོག ཇི་ལྟར་སྟོང་ཞེ་ན། རྣམ་པར་རིག་པ་སྟེ། ནང་གི་དངོས་པོ་ལ་ངོ་བོ་མ་མཆིས་པ་དང༌། དངོས་མ་མཆིས་ཞེས་པ་ཕྱིའི་དངོས་པོ་རང་གི་ངོ་བོས་སྟོང་པའོ། །དེའི་ཤེས་བྱེད་ཀྱང་ཕྱི་ནང་གཉིས་ཀ་འདས་པའི་དུས་སུ་མ་སྐྱེས་པ་དང༌། མ་འོངས་པ་ན་མི་འབྱུང་བ་དང༌། ད་ལྟར་གྱི་རང་བཞིན་མ་མཆིས་པ་སྟེ་མེད་པ་དང༌། དུས་གསུམ་པོ་གང་ལ་བརྟེན་པའི་གནས་ཀྱང་མ་མཆིས་པའོ། །ཡང་ན་ཕྱི་ནང་གི་དངོས་པོ་གཉིས་ཆོས་ཅན་དུ་བཞག་ནས། རང་བཞིན་མ་མཆིས་པ་ནི་བསྒྲུབ་བྱ་དང༌། མ་སྐྱེས་མི་འབྱུང་དང༌། གནས་མ་མཆིས་པ་སྒྲུབ་བྱེད་དེ། སྐྱེ་འཇིག་གནས་གསུམ་ལ་དཔྱད་ན་མ་དམིགས་པའི་དོན་ནོ། །དེ་ཡང་གཙོ་བོ་རྣམ་རིག་མ་མཆིས་པའི་ཤེས་བྱེད་དུ་གསལ་བ་ནི། དབུ་མའི་གཞུང་ལུགས་ཆེན་པོ་དག་གི་དོན་བསམས་པས་ཤེས་པར་ནུས་ལ། ནང་རྣམ་རིག་མ་མཆིས་པར་གྲུབ་པ་ན། ཕྱིའི་དངོས་མ་མཆིས་པར་ཡང་དོན་གྱིས་གྲུབ་སྟེ། སྣང་བ་སེམས་སུ་སྒྲུབ་པ་སྔོན་དུ་སོང་བ་ལས་སོ། །དེའི་ཚུལ་ཡང༌། མདོ་སྡེའི་རྒྱན་ལས། བྱུང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། སེམས་ཅན་དང༌། སྲོག་དང༌། གང་ཟག་དང༌། གསོག་དང༌། བདག་ཅེས་བྱ་བ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། དེ་དག་ཀྱང་རེ་རེ་ནས་མ་མཆིས་པའི་ཆོས་རྟོགས་པར་ཤོག་ཤིག དེ་དག་མ་མཆིས་པའི་ཚུལ་ཇི་ལྟར་ཞེ་ན། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། བདག་ཕུང་གཅིག་དང༌། ཐ་དད་དང༌། རྟེན་བརྟེན་པ་ལྡན་པ་སྟེ། བདག་ཏུ་ཐ་སྙད་བཏགས་པའི་དོན། ཚོལ་བྱེད་ཀྱི་རིགས་པ་ལྔས་མ་རྙེད་པ་དང༌། ཤེས་བྱེད་ཀྱི་དཔེ་ནི། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར་རོ། །སངས་རྒྱས་དང༌། དྲང་སྲོང་ཆེན་པོ་ནི་མིང་གི་རྣམ་གྲངས་ཡིན་ལ། དེས་བདག་མེད་རྟོགས་པ་ལྟར་ཞེས་བཤད་ཀྱང་ནུས་མོད་ཀྱང༌། ནུས་པ་ཆེར་མ་ཐོན་པས། དེ་ལ་བདག་མེད་པ་ལྟར་ཞེས་སམ། དྲང་སྲོང་ཆེན་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་དབྱིངས་ལ་བདག་མེད་པ་ལྟར་ཞེས་སྦྱར་རོ། །དེ་ཡང༌། ལྷག་མེད་ཀྱི་དབྱིངས་སུ་བདག་ཆད་པ་ནི། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཀུན་གྱི་འདོད་པ་ཡིན་ལ། སངས་རྒྱས་ལ་བདག་མེད་པའི་ཚུལ་ཡང༌། དབུ་མའི་རྩ་བ་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་བཤད་པ་ལྟར་རོ། །དེའི་ཤེས་བྱེད་ཀྱང༌། སེམས་ཅན་ལ་བདག་འགོག་པ་ལས། སངས་རྒྱས་ལ་བདག་འགོག་པ་ཆེས་སླ་བ་ལ་དགོངས་པ་ཡིན་ལ། དེའི་ཤེས་བྱེད་ཀྱང༌། བདག་དང༌། སེམས་ཅན་ནི་མིང་གི་རྣམ་གྲངས་སུ་འཇིག་རྟེན་ན་གྲགས་ལ། དེ་བཞིན་གཤེགས་པ་ནི། སེམས་ཅན་ཟད་པའི་གནས་སྐབས་ལ་བཏགས་པས་སོ། །འདིར་བདག་མེད་གཉིས་འཆད་པ་ནི། སྟོང་པའི་ཆོས་ཞེས་པ་དང༌། བདག་མ་མཆིས་པའི་ཆོས་ཞེས་འབྱུང་བ་ནི། བདག་མེད་གཉིས་ཀྱི་དོན། མེད་དགག་ཏུ་འཆད་པ་བསལ་ནས། མ་ཡིན་པར་དགག་པ་ཉིད་དུ་སྟོན་པ་མདོ་སྡེའི་རྒྱན་དང༌། རྒྱུད་བླ་མ་གཉིས་ཀ་ལས། སྟོང་ཉིད་ཀྱི་དོན་མ་ཡིན་དགག་ཏུ་བཤད་ཅིང༌། མངོན་རྟོགས་རྒྱན་གྱི་དགོངས་པ་འཕགས་སེང་གི་འགྲེལ་པ་ལས། དེ་ལྟར་བཤད་པ་དང་ཡང་མཐུན་ནོ། །གཉིས་པ་ལ་གཉིས་ཏེ། འཁོར་གསུམ་རྣམ་དག་སྤྱིར་བཤད་པ་དང༌། ཕྱིན་དྲུག་སོ་སོར་བཤད་པའོ། །དང་པོ་ནི། སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །ཅེས་པ་དྲུག་ཀ་ལ་སྦྱར་བར་བྱ་སྟེ། ཚུལ་འཆད་མ་མཆིས་ཁྲིམས་བསྲུངས་ཤོག །ཅེས་སོགས་སོ། །ཇི་ལྟར་ཞེ་ན། ཤེས་རབ་ཀྱི་ཁྱད་པར་བདག་ཏུ་འཛིན་པས་ནང་གི་དངོས་པོ་ལ་མི་གནས་ཤིང༌། བདག་གིར་འཛིན་པ་ཡིས་ཕྱིའི་དངོས་པོ་ཀུན་ལ་མི་གནས་པར། ཐབས་ཀྱི་ཁྱད་པར་སེམས་ཅན་ཀུན་ལ་ཕན་པའི་སླད་དུའོ། །གཉིས་པ་ལ་དྲུག་ལས། དང་པོ་ནི། སེར་སྣ་མ་མཆིས་པའི་སྦྱིན་པ་ཇི་ལྟར་གཏོང་ཞེ་ན། ཀུན་རྫོབ་དང༌། དོན་དམ་གྱི་ཁྱད་པར་གཉིས་ཀྱིས་སྟོན་ཏེ། བདག་གི་སྦྱིན་པ་བཏང་བར་བྱ་བའི་ཆོས་དང༌། ཟང་ཟིང་དང༌། མི་འཇིགས་པའི་ལོངས་སྤྱོད་གང་དང༌། གང་ཡིན་པ་དེ་ལྷུན་གྱིས་གྲུབ་པར་ཤོག་ཤིག ལོངས་སྤྱོད་ཇི་ལྟ་བུ་ཞེ་ན། དངོས་པོ་དངོས་པོ་མ་མཆིས་པའི། །ཞེས་པ་སྟེ། དོན་དམ་པར་རང་གི་ངོ་བོས་སྟོང་པའོ། །དེ་ལྟར་བདེན་པ་གཉིས་ལས་མི་འདའ་བའི་ཚུལ་གྱིས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་དོ། །ཞེས་འཆད་པ་ནི། དངོས་པོ་ཐམས་ཅད་རྣམ་འཇིག་པས་ཏེ། ཤེས་རབ་ཀྱིས་དེ་ལྟར་རྟོགས་ནས། ཀུན་རྫོབ་ཏུ་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའོ། །གཉིས་པ་ཚུལ་ཁྲིམས་ལ་ཡང༌། ཐབས་ཤེས་གཉིས་ལྡན་གྱི་ཚུལ་ཁྲིམས་ངོས་བཟུང་བ་དང༌། དེ་ཉམས་སུ་ལེན་པའི་ཚུལ་བཤད་པ་གཉིས་ལས། དང་པོ་ནི། ཚུལ་ཁྲིམས་ཀྱི་སྐྱོན་མེད་ཅིང༌། ཞེས་སྦྱར་ནས། ཐ་སྙད་དུ་ཚུལ་ཁྲིམས་ཀྱི་སྐྱོན། སྒོ་གསུམ་གྱི་ཁ་ན་མ་ཐོ་བ་མེད་ཅིང༌། ཤེས་རབ་ཀྱི་ཁྱད་པར་འཁོར་གསུམ་དུ་འཛིན་པས་རྣམ་པར་དག་པ་དང་ལྡན་པའི་ཚུལ་ཁྲིམས་སོ། །གཉིས་པ་ནི། དེ་ལྟར་བདེན་པ་གཉིས་ལས་མི་འདའ་བའི་ཚུལ་གྱིས་ཚུལ་ཁྲིམས་བསྲུང་དགོས་སོ། །ཞེས་སྟོན་པ་ནི། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའོ། །གསུམ་པ་ལ་ཡང༌། བདེན་གཉིས་ཟུང་འཇུག་གི་བཟོད་པ་ངོས་བཟུང༌། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། ས་ལྟ་བུའི་བཟོད་པས་སྡུག་བསྔལ་དང་དུ་ལེན་པ་དང༌། ཆུ་ལྟ་བུའི་བཟོད་པས་ཆོས་ལ་ངེས་པར་རྟོགས་པ་དང༌། མེ་ལྟ་བུའི་བཟོད་པས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། ཀུན་རྫོབ་ཀྱི་བཟོད་པའོ། །དོན་དམ་པར་རླུང་གི་ཁམས་ལྟར་ཡུལ་གང་ལ་ཡང་མི་གནས་ཤིང༌། ཁྲོ་བ་མ་མཆིས་པ་ནི། དོན་དམ་པའི་བཟོད་པའོ། །གཉིས་པ་ནི། དེ་ལྟ་བུའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག ཅེས་པའོ། །བཞི་པ་ལ་ཡང༌། གཉིས་ལས། དང་པོ་ནི། དོན་དམ་གྱི་ཁྱད་པར་ནི། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །ཞེས་པ་སྟེ། སྤང་བྱ་གཉིས་ཀ་མི་དམིགས་པའོ། །ཀུན་རྫོབ་ཐབས་ཀྱི་ཁྱད་པར་ནི། ཐ་སྙད་དུ་ལུས་ངག་ཡིད་གསུམ་གྱི་བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། བརྟན་པ་ཞེས་བྱ་བ་ནི་བདུད་ལས་ཀྱིས་མི་ཕྱེད་པའོ། །གཉིས་པ་ནི། དེ་ལྟར་སྟོབས་དང་ལྡན་པའི་ལུས་ངག་སེམས་གསུམ་གྱིས་བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག་ཅེས་པའོ། །ལྔ་པ་ལ་ཡང་གཉིས་ལས། དང་པོ་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། དོན་དམ་པར་མི་དམིགས་པའི་ཏིང་ངེ་འཛིན་ནོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ཐ་སྙད་དུ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའོ། །གཉིས་པ་ནི། དེ་ལྟར་བདེན་གཉིས་ཟུང་དུ་འཇུག་པའམ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའོ། །དྲུག་པ་ལ་ཡང་གཉིས་ལས་དང་པོ་ལ། དོན་དམ་པར་རྟོགས་ཚུལ་གྱི་ཁྱད་པར་ལས་སོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ཤེས་རབ་དང༌། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། ཀུན་རྫོབ་རྟོགས་ཚུལ་གྱི་ཁྱད་པར། ཡང་ཞེས་པ། སྔ་མ་དེར་མ་ཟད་སྔོན་མཐའ་ཕྱི་མཐའ་ད་ལྟར་གསུམ་རིག་སྟེ། རིག་པ་གསུམ་མངོན་སུམ་དུ་བགྱིས་པའོ། །གཉིས་པ་ནི། དེ་ལྟ་བུའི་ཚུལ་གྱི་ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག ཅེས་པའོ། །དེ་ལྟར་ཕྱིན་དྲུག་རྫོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །གཉིས་པ་ནི་སྨོན་ལམ་དེ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་བསྔོ་བ་ནི། སྨོན་ལམ་འདེབས་པ་པོ་བདག་གི་བསམ་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག གང་གི་མཐུ་ལས་ཤེ་ན། སྨོན་ལམ་དེ་ལྟར་བཏབ་པ་ལ། སངས་རྒྱས་ཀུན་གྱིས་བསྔགས་པ་སྟེ། རྗེས་སུ་ཡི་རང་བར་མཛད་པ་དང༌། རང་ཉིད་ཀྱི་ཤེས་རབ་ཀྱི་འོད་དང༌། གཟི་བརྗིད་ཏེ། མེ་ལྕེ་རབ་ཏུ་འབར་བ་དང༌། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་མཐུ་ལས་སོ། །དེའི་ཤེས་བྱེད་ཀྱང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་དེ་རྫོགས་པའི་གྲོགས་མཛད་པས་སོ། །དེ་ལྟར་བྱམས་པའི་སྨོན་ལམ་དངོས་བསྟན་ཟིན་ནས། དེའི་ཕན་ཡོན་སྟོན་པ་ཐུབ་པའི་དབང་པོས་གསུངས་པ་ནི། གོང་དུ་བཤད་པ་ལྟར། བྱམས་པ་ཞེས་མཚན་ཡོངས་སུ་གྲགས་པ་དང་ལྡན་པ་དེས། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་ཅིང༌། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྫོགས་པར་བགྱིས་ནས། རིམ་གྱིས་ས་བཅུ་པོ་ལ་རབ་ཏུ་གནས་པར་བྱས་སོ། །དེ་ལྟར་བྱམས་པའི་སྨོན་ལམ་ལ། །འཕགས་ཡུལ་འགྲེལ་པ་སྔོན་མ་གྱུར། །མཁས་དང་མཁས་པ་མིན་འགལ་ཡི། །རྣམ་བཤད་འགའ་ཞིག་གྲགས་ན་ཡང༌། །དེ་ཡི་ཚིག་དོན་མ་ལྟས་པར། །མང་དུ་ཐོས་པའི་རྣམ་དཔྱོད་ཀྱིས། །རྒྱལ་བའི་གསུང་ལ་རྣམ་བརྟགས་པ། །མི་ཕམ་དགྱེས་པའི་དོན་དུ་བསྔོ། །དགེ་དེས་ཡིད་ཀྱི་ལང་འཚོ་ནི། །སྨོན་ལམ་ཤིང་རྟ་ལ་ཞོན་ནས། །བྱང་ཆུབ་སྤྱོད་པའི་ཐང་འཇམ་ལ། །བདེ་བར་རྒྱུ་བ་ཉིད་གྱུར་ཅིག །ཕྱ་མཁར་མཐོན་པོའི་ཕོ་བྲང་གི །ས་སྐྱོང་འབྱོར་པའི་དཔག་བསམ་ལ། །བདེ་བར་བསྟི་བའི་སྤོང་བ་པས། །བྱང་ཆུབ་ཡོངས་ལ་འཇུག་ཕྱིར་སྦྱར། །དགེ་དེས་ས་སྐྱོང་བློན་པོར་བཅས། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །ཅེས་རྗེ་བཙུན་བྱམས་པའི་སྨོན་ལམ་གྱི་རྒྱ་ཆེར་བཤད་པ། བྱམས་པའི་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་ཐོས་པ་འཛིན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྣམ་འཕྱང་གི་ལོ་གྲོ་བཞིན་ཅན་གྱི་ཡར་ངོ་ལ། འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཐིག་ལེ། ཆོས་འཁོར་རྩེ་མོའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །། ༄༅། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་དང་ཆོ་གའི་གཞུང་གི་རྣམ་བཤད་འཆི་མེད་མཛོད་ཀྱི་རྔ་སྒྲ་བཞུགས།། ༄༅། །ན་མོ་བཻ་ཌཱུ་རྻ་ཡེ། རི་རབ་ལྷུན་པོས་མི་བསྐྲུན་བརྗིད་པའི་སྐུ། །ཚངས་དབྱངས་བྱེ་བས་མི་འགྲན་སྙན་པའི་གསུང༌། །བདུད་དཔུང་རླབས་ཀྱིས་མི་འཁྲུགས་ཟབ་པའི་ཐུགས། །འཕྲིན་ལས་གཞན་དང་མི་མཉམ་རྒྱལ་བ་བརྒྱད། །མཚན་ཙམ་བཟུང་བས་ཕ་རོལ་ཕྲག་དོག་དང༌། །རང་ཉིད་ཆགས་སྡང་རྨོངས་ལས་གྲོལ་མཛད་ཅིང༌། །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་ཀྱང༌། །རིགས་པར་སེལ་མཛད་དེ་ལ་ཕྱག་འཚལ་ལོ། །འདིར་དེ་བཞིན་གཤེགས་པ་བརྒྱད་འཁོར་དང་བཅས་པ་མཆོད་པའི་ཆོ་ག་རྒྱས་པར་སྟོན་པའི་བསྟན་བཅོས། མཚན་བརྗོད་པར་དཀའ་བའི་སེམས་དཔའ་ཆེན་པོ་ཞི་བ་འཚོས་མཛད་པ་འདི་ནི་དོན་གསུམ་གྱིས་བཤད་པར་བྱ་སྟེ། ཐུན་མོང་གི་རྣམ་གཞག་བསྟན་པ། མདོ་སྔགས་ལ་བརྟེན་པའི་ཆོ་ག་སོ་སོར་བཤད་པ། མདོ་དང་ཇི་ལྟར་སྦྱོར་བའི་རིམ་པའོ། །དང་པོ་ལ་རྟེན་གྱི་གང་ཟག་གང་གིས་ཉམས་སུ་ལེན་པ། ཆོ་གའི་རྣམ་གཞག་ཇི་ལྟར་ཉམས་སུ་ལེན་པ། དགོས་པ་གང་གི་ཕྱིར་ཉམས་སུ་ལེན་པའོ། །དང་པོ་ནི། སྐྱབས་འགྲོའི་སྡོམ་པ་དང་ལྡན་ཞིང༌། ཚད་མེད་པ་བཞི་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་དབྱེ་བས་གཉིས་ལས། ཁྱིམ་པ་ཡིན་ན་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླང་བར་བྱ་ཞིང༌། གཉིས་པ་ཡང་དེའི་སྡོམ་པ་དང་མི་ལྡན་པ་བར་མ་ཙམ་ཡིན་ན་གསོ་སྦྱོང་བླངས་པ་ལ་འགལ་བ་མེད་དོ། །གཉིས་པ་ལ། གཞལ་ཡས་ཁང་བསྐྱེད་ཅིང་ས་གཞི་བྱིན་གྱིས་རློབས་པ་དང༌། དེར་དེ་བཞིན་གཤེགས་པ་བརྒྱད་འཁོར་དང་བཅས་པ་སྤྱན་དྲངས་ནས་ཕྱག་མཆོད་སོགས་བྱ་བ། འདོད་པའི་དོན་ལ་གསོལ་བ་གདབ་ཅིང་དངོས་གྲུབ་བླང་བའོ། །དང་པོ་ནི། དག་པའི་ཞིང་ན་ཡོད་པའི་ས་གཞི་དང༌། གཞལ་ཡས་ཁང་ལ་སོགས་པ་རྣམས་ཀྱི་བཀོད་པའི་ཁྱད་པར་ཅི་འདྲ་བ་དེ་འདྲ་ཞིག སྒྲུབ་པ་པོ་རང་ཉིད་གང་ན་འཁོད་པའི་གནས་དེར་འབྱུང་བར་སྨོན་ལམ་བཏབ་པའི་སྒོ་ནས་སྒྲུབ་པ་ཡིན་གྱི། ཐིག་གདབ་པ་དང༌། ཚོན་འགྱེད་པ་ལ་སོགས་པའི་རིམ་པས་ངེས་པར་སྒྲུབ་དགོས་པ་ནི་མ་ཡིན་ཏེ། ལུགས་དེ་ལ་སྨོན་ལམ་གདབ་པའི་སྒོ་ནས་གཞལ་ཡས་ཁང་གི་བསྒྲུབ་ཚུལ་དེ་ལྟ་བུ་མི་འབྱུང་བའི་ཕྱིར། སྒོ་བཞི་དང༌། རྟ་བབས་དང༌། དྲྭ་བ་དང༌། དྲྭ་བ་ཕྱེད་པ་སོགས་བཤད་པ་ཙམ་གྱིས་སྔགས་ཀྱི་ལུགས་ཁོ་ནར་མི་འགྲུབ་སྟེ། འདུལ་བ་གནས་མལ་གྱི་གཞི་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར། འདིར་སྤྱན་འདྲེན་པ་ཡང་དམ་ཚིག་པ་བསྐྱེད་ནས། དེ་ལ་ཡེ་ཤེས་པ་སྤྱན་འདྲེན་པ་མ་ཡིན་གྱི། གཞལ་མེད་ཁང་གི་ནང་དུ་གདན་རྐྱང་པ་བསྐྱེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་སྐུ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ཙམ་ཡིན་པའི་ཕྱིར་དང༌། ལུགས་མ་དང་རས་བྲིས་ལ་སོགས་པ་མདུན་དུ་བཀྲམ་ནས་དེ་ལ་སྤྱན་འདྲེན་པ་ཡང་ཡོད་མོད་ཀྱི། དེ་འདྲ་དེ་ལུགས་འདི་ལ་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་མ་ཡིན་པའི་ཕྱིར་དང༌། སྐྱབས་གྲོལ་གྱི་སྐབས་ནས་བསྟན་པའི་ཆོ་ག་ལས་སྐུ་གཟུགས་བདུན་བྱ་བར་བཤད་ཀྱང༌། དེར་ཡེ་ཤེས་པ་སྤྱན་འདྲེན་པའི་གསལ་ཁ་མེད་པའི་ཕྱིར། ཡང་གཞན་མེད་ཁང་གི་དབུས་སུ་ཆོས་པོ་ཏི་བཞུགས་པ་དང༌། མཐའ་བསྐོར་དུ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པའི་ངེས་པ་ཡང་ཡོད་པ་མིན་ཏེ། མདོ་དང་ཆོ་གའི་གཞུང་གཉིས་ཀ་ལས་དེ་ལྟར་མ་བཤད་པའི་ཕྱིར་དང༌། སྤྱིར་ཡང་གསང་སྔགས་ཀྱི་རྒྱུད་གཞུང་ལས་གཙོ་འཁོར་གྱི་ཚུལ་དེ་ལྟར་མི་འབྱུང་བའི་ཕྱིར། ཡང་ལ་ལ་དག་ཆོས་པོ་ཏི་ཡང་བཞུགས་ཞེས་པའི་དོན་ལ་བསམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྐུ་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་ལ། འཁོར་བདེ་བར་གཤེགས་པ་བརྒྱད་ཀྱིས་བསྐོར་བའི་རྣམ་གཞག་བྱེད་པ་ཡང་རིགས་པ་མ་ཡིན་ཏེ། དེ་འདྲའི་རྣམ་གཞག་དེ་མདོ་དང་ཆོ་གའི་གཞུང་གཉིས་ཀ་ལས་མི་འཐོན་པའི་ཕྱིར་དང༌། དེ་དུས་ཀྱི་ཆོས་པོ་ཏི་དེ་ཤེར་ཕྱིན་གྱི་མདོ་ལ་བྱེད་ན་ཕྱོགས་འགྲོ་ཙམ་ཡིན་ཀྱང༌། དེ་ནི་མདོ་འདི་ཉིད་ལ་བྱེད་པར་མདོ་དང་ཆོ་ག་གཉིས་ཀ་ལས་གསལ་བའི་ཕྱིར་དང༌། ཆོས་པོ་ཏི་ནི་ལུང་གི་ཆོས་དང༌། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཞེས་སོགས་ཀྱི་སྐབས་ནས་འབྱུང་བའི་ཆོས་དེ་ནི། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་འཆད་དགོས་ལ། དེ་ཉིད་གཟུགས་ཀྱི་སྐུར་བཞེངས་པའི་ཡུམ་ཆེན་མོ་དེ་ནི་དགེ་འདུན་དཀོན་མཆོག་གི་ཁོངས་སུ་གཏོགས་པས། དེ་གསུམ་ཀ་ཡང་འདིར་དཀྱིལ་འཁོར་གྱི་གཙོ་བོར་མི་རུང་བའི་ཕྱིར། དེ་བས་ན་ཆོས་པོ་ཏི་ཡང་བཞུགས་ཞེས་པ་ནི། གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་མཚར་དུ་དངར་བ་བསྒྲིགས་པ་དེ་རེ་རེའི་སྟེང་དུ། དེ་བཞིན་གཤེགས་པ་རེ་རེ་དང༌། མདོ་འདིའི་པོ་ཏི་ཡང་རེ་རེ་བཞུགས་པའོ། །བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་འབྱུང་བ་བཞུགས་ཞེས་པ་ནི། སེང་གེའི་ཁྲི་བརྒྱད་པོའི་བར་མཚམས་དང་གཡས་གཡོན་དག་དུ། དེ་བཞིན་གཤེགས་པ་བརྒྱད་པོ་རང་རང་གི་འཁོར་གླེང་གཞི་ལས་བཤད་པ་རྣམས་ཀྱིས་བསྐོར་བའོ། །དེ་ལྟར་འཁོར་གྱི་བསྐོར་ནས་བཞུགས་པ་རྣམས་ཀྱི་མདུན་དུ། འཇམ་དཔལ་ལ་སོགས་པ་གསུམ་ཞལ་ནང་དུ་ཕྱོགས་ནས་བཞུགས་སོ། །གསུམ་པ་ལ་ཞེས་པ་ནི། དང་པོ་དེ་བཞིན་གཤེགས་པའི་གདན་གཉིས་པ་བྱང་ཆུབ་སེམས་དཔའི་གདན། གསུམ་པ་ལ་གཡས་སུ་ཚངས་པ་སོགས་དང༌། གཡོན་དུ་གནོད་སྦྱིན་རྣམས་སོ། །སྒོ་བཞི་ལ་རྒྱལ་པོ་བཞི། མདོ་སྡེ་འདི་དང་དེ་འཛིན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྲུང་བའི་ཚུལ་གྱིས་བཞུགས་པའོ། །ཡང་གཞན་དག་སྨན་བླའི་ཕོ་བྲང་དུ་གྲགས་པ་ཆོས་པོ་ཏི་དབུས་སུ་བཞུགས་པ་ལ་ལྷ་རྣམས་ཞལ་ཕྱིར་བསྟན་ནས་བྲིས་པ་ནི། མདོ་སྔགས་ཀྱི་ལུགས་གང་དང་ཡང་མི་མཐུན་མོད། བསོད་ནམས་གསོག་པའི་ཡན་ལག་ཏུ་འགལ་བ་མེད་དོ། །ཡང་རིན་པོ་ཆེའི་སེང་གེའི་ཁྲིའི་སྟན་ལ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་སྒྲགས་དཔལ་གྱི་རྒྱལ་པོ་དང་ཞེས་སོགས་ཀྱང༌། གདན་སོ་སོའི་ཁྱད་པར་ངོས་འཛིན་པའི་ཕྱིར་དུ་དེ་བཞིན་གཤེགས་པ་དེ་སོ་སོའི་མཚན་སྨོས་པ་ཡིན་གྱི། སྐུ་དམ་ཚིག་པ་བསྐྱེད་པ་ནི་མ་ཡིན་ཏེ། དེ་མ་ཐག་ཏུ་གདན་འཛོམ་པའི་བཞུགས་གནས་ཞེས་བཤད་པའི་ཕྱིར། དེ་ལྟ་བུའི་ས་གཞི་གཞལ་མེད་ཁང་དང་བཅས་པ་མཆོད་པའི་ཡོ་བྱད་ཀྱི་ཚོགས་ཀྱིས་གང་བ་དེ་བྱིན་གྱིས་རློབས་པ་ཡིན་ནོ། །གང་དུ་ན། སྒྲུབ་པ་པོ་རང་གི་མདུན་དུའོ། །གང་གིས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་སོ། །རློབས་པའི་རྒྱུ་མཚན་ནི། རློབས་པ་པོས་ཚོགས་གཉིས་ཡོངས་སུ་རྫོགས་པ་དང༌། བརླབས་བྱ་ཡུལ་གྱི་ཆོས་དབྱིངས་རྣམ་པར་དག་པའི་མཐུ་ལས་སོ། །གཉིས་པ་ལ་སྤྱན་དྲངས་པ་དང༌། ཕྱག་མཆོད་སོགས་བྱ་བའོ། །དང་པོ་ནི། གོང་དུ་ཇི་སྐད་བཤད་མ་ཐག་པའི་གཙོ་འཁོར་དེ་དག་ཀྱང་སྤྱན་དྲངས་ཕྱིན་ཆད་གཞལ་མེད་ཁང་གི་དབུས་ན་བཞུགས་པར་བསམ་པ་ཡིན་གྱི། སྤྱན་མ་དྲངས་པའི་གོང་དུ་ནི་གདན་རྐྱང་པ་བསྐྱེད་པ་ཙམ་ཡིན་ཏེ། སྤྱན་འདྲེན་གྱི་ཚིག་རྫོགས་པའི་དེ་མ་ཐག་ཏུ། སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་ཞེས་སོགས་གསུངས་པའི་ཕྱིར། གཞལ་མེད་ཁང་དུ་གཟུགས་ཀྱི་སྐུ་སྤྱན་འདྲེན་པ་ཙམ་གྱིས་སྔགས་ཀྱི་ལུགས་ཁོ་ནར་མི་འགྲུབ་སྟེ། མ་ག་དྷ་བཟང་མོའི་རྟོགས་པ་བརྗོད་པ་ལས་འབྱུང་བ་བཞིན་ནོ། །དེ་ཡང་དེ་བཞིན་གཤེགས་པ་བདུན་པོ་ནི་ད་ལྟ་མྱ་ངན་ལས་འདས་པའི་ཚུལ་བསྟན་མ་ཟིན་པས། གཟུགས་ཀྱི་སྐུ་དེ་ཉིད་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྤྱན་འདྲེན་པ་ཡིན་ལ། ཤཱཀྱའི་རྒྱལ་པོ་ནི་ཞིང་འདིར་མྱ་ངན་ལས་འདའ་ཚུལ་བསྟན་ཟིན་པས། ཞིང་གཞན་ན་གཟུགས་སྐུའི་རྣམ་པ་གང་ཡོད་པ་དེ་ཉིད་སྤྱན་འདྲེན་པའོ། །ཆོས་དཀོན་མཆོག་ལ་ལུང་རྟོགས་གཉིས་ནི་རྟེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་སྤྱན་འདྲེན་པ་དེ་ཉིད་ཀྱིས་ཆོག་ལ། ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་ངོ་བོ་ལ་སྤྱན་འདྲེན་མི་དགོས་པས། ཆོས་ལ་སྤྱན་འདྲེན་ལོགས་པ་མ་བཤད་དོ། །ཡུམ་ཆེན་མོའི་སྐུ་གཟུགས་གཞལ་མེད་ཁང་གི་ནང་དུ་བསྐྱེད་པ་དང་འདྲེ་བར་འཐད་ན། དེ་ལ་ཡང་སྤྱན་འདྲེན་ལོགས་པ་ཅིའི་ཕྱིར་མི་འབྱུང་ཞེས་བསམ་དགོས་པ་ཡིན་ནོ། །དེའི་ཕྱིར་གཞལ་ཡས་ཁང་དུ་འགོད་རྒྱུའི་ཆོས་དཀོན་མཆོག་དེ་དང༌། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཞེས་པའི་སྐབས་ཀྱི་ཆོས་དཀོན་མཆོག་གཉིས་དོན་གཅིག་པ་མིན་ཏེ། སྔ་མ་ལུང་གི་ཆོས་དང༌། ཕྱི་མ་ཆོས་ཀྱི་དབྱིངས་ལ་བཤད་པའི་ཕྱིར། དེ་བས་ན་སྐབས་དེར་ཕྱག་མཆོད་དང༌། སྨོན་ལམ་གདབ་པ་ལོགས་སུ་བྱེད་པ་ནི་བསྟན་འཆོས་མཁན་པོའི་དགོངས་པ་མ་ཡིན་ནོ། །ཡང་དེ་དང་དེ་དག་སྤྱན་འདྲེན་པའི་རྒྱུ་མཚན་ཅི་སྙམ་ན། དེ་བཞིན་གཤེགས་པ་བདུན་ནི་མདོ་སྡེ་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་ལྷ་ཡིན་པ་དང༌། ཤཱཀྱ་ཐུབ་པ་སྤྱན་འདྲེན་པ་ནི། མདོ་འདིའི་གླེང་གཞི་ལས་དེ་བཞིན་གཤེགས་པ་བརྒྱད་ཐབས་ཅིག་ཏུ་བཞུགས་ནས་མདོའི་དོན་བྱིན་གྱིས་བརླབས་པར་བཤད་པ་ལ་བརྟེན་པ་ཡིན་གྱི། མདོ་སྡེ་གསུང་བ་པོ་ཡིན་པ་ཙམ་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འགོད་དགོས་ན་རྒྱུ་མཚན་འཁྲུལ་ལོ། །འཇམ་དཔལ་ལ་སོགས་པ་སྤྱན་འདྲེན་པ་ཡང་རྒྱུ་མཚན་སྔ་མ་དེ་ཉིད་དང་མཚུངས་པ་ཡིན་གྱི། མདོ་སྡེ་ཞུ་བ་པོ་དང༌། དེའི་སྲུང་མ་ཡིན་པ་ཙམ་གྱིས་དེར་འགོད་དགོས་ན་རྒྱུ་མཚན་འཁྲུལ་ལོ། །གཉིས་པ་ནི། དེ་བཞིན་གཤེགས་པ་བདུན་ལ་ཕྱག་བདུན་བདུན་བྱེད་པ་དང༌། དེས་ཉེ་བར་མཚོན་ནས་མཆོད་པ་ལ་སོགས་པ་ཡང་བདུན་བདུན་བྱེད་པ་ནི་ཕྱག་མཆོད་བཞི་བཅུ་ཞེ་དགུ་ཚང་བའི་དོན་དུ་ཡིན་ལ། དེའི་དགོས་པ་ཡང་སྐྱབས་གྲོལ་གྱི་སྐབས་ནས་འབྱུང་བ་བཞིན་ནོ། །ལྷག་མ་རྣམས་ལ་ནི་སྔ་མའི་ཤུགས་ཉེ་བར་སྦྱར་བ་ཡིན་གྱི། རྒྱུ་མཚན་བཤད་པར་དཀའོ། །གསུམ་པ་སྨོན་ལམ་གདབ་ཅིང་དངོས་གྲུབ་བླང་བ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གསུམ་པ་དགོས་པ་གང་གི་ཕྱིར་ཉམས་སུ་ལེན་པ་ལ། དགོས་པ་གཉིས་ལས། དང་པོ་ནི། སླད་མའི་དུས་སུ་བྲོ་ནད་དང༌། གཟའ་དང་རྒྱུ་སྐར་གྱི་གནོད་པ་དང༌། ཕ་རོལ་གྱི་དམག་ཚོགས་བཟློག་པའི་དོན་ནོ། །དགོས་པ་གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱིས་དགོངས་པར་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སེམས་པར་འགྱུར་བ་དང༌། དེ་བཞིན་གཤེགས་པ་སོ་སོའི་སྨོན་ལམ་དང་མཐུན་པའི་དགོས་པ་རྣམས་འགྲུབ་པ་དང༌། རྡོ་རྗེ་འཛིན་ཐམས་ཅད་ཀྱིས་བསྲུང་བ་དང༌། ལྷ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོབ་པའོ། །གཉིས་པ་མདོ་སྔགས་ཀྱི་ཆོ་ག་སོ་སོར་བཤད་པ་ལ། མདོའི་ཆོ་ག་ཇི་ལྟར་བྱ་བ་དང༌། སྔགས་ཀྱི་ཆོ་ག་ཇི་ལྟར་བྱ་བ་དང༌། ཐུན་མོང་དུ་ཇི་ལྟར་བྱ་བའོ། །དང་པོ་ལ། ས་གཞི་དང༌། གཞལ་ཡས་ཁང་བྱིན་གྱིས་རློབས་པ་ནི་ཆོ་གའི་གཞུང་ཇི་ལྟ་བ་བཞིན་ནོ། །སྤྱན་འདྲེན་པ་དང་ཕྱག་བྱ་བའི་ཡུལ་ནི་དེ་བཞིན་གཤེགས་པ་བདུན་པོ་ཁོ་ནའོ། །ཆེད་དུ་བྱ་བའི་དགོས་པ་དང་ལག་ལེན་ཇི་ལྟར་བྱ་བའི་རིམ་པ་ནི་སྐྱབས་གྲོལ་གྱི་སྐབས་ནས་བསྟན་པའི་གཞུང་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བྱས་པའི་ཕན་ཡོན་ནི། འཇམ་དཔལ་གྱིས་སྨན་པའི་རྒྱལ་པོའི་མཚན་རྣ་ལམ་དུ་སྒྲག་པར་འགྱུར་བ་སོགས་སོ། །དེའི་སྲུང་མར་ཁས་བླངས་པ་ནི་གནོད་སྦྱིན་གྱིས་སྡེ་དཔོན་ཆེན་པོ་བཅུ་གཉིས་སོ། །གཉིས་པ་སྔགས་ལ་བརྟེན་པའི་ཆོ་ག་ལ། གཞུང་གང་གིས་བསྟན་པ་དང༌། ཆོ་ག་ཇི་ལྟ་བའོ། །དང་པོ་ནི། གཞུང་འདི་ཉིད་ཀྱི་ཐོག་མར་བྱུང་བའི་ཚིག་འགའ་ཞིག་དང༌། ཤཱཀྱ་ཐུབ་པའི་སྐབས་དང༌། ཕྱག་ན་རྡོ་རྗེའི་སྐབས་ཀྱི་གཞུང་ཚན་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ལ། ས་གཞི་བྱིན་གྱིས་རློབས་ཅིང་གཞལ་ཡས་ཁང་བསྐྱེད་པ། དེར་གདན་བསྐྱེད་ནས་ལྷ་སྤྱན་འདྲེན་པ། དེ་ནས་ཆོ་ག་ཇི་ལྟར་བྱ་བའི་རིམ་པའོ། །དང་པོ་ནི། གཞུང་ཇི་ལྟ་བ་བཞིན་ཏེ། དེ་ཡང་གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་པས་ཐིག་གདབ་དགོས་པར་བསྟན། ཚོན་གྱི་ཕྱེ་མ་དགྲམ་ཞེས་པས་ཚོན་འགྱེད་དགོས་པར་བསྟན། མདོ་ལས་རྟ་བབས་དང་རྩིག་པ་དང༌། སྒོ་བཞི་དང་ལྡན་པར་བཤད་པས། གཞལ་ཡས་ཁང་སྒོ་རྐྱང་པ་ཅན་གཅིག་གྲུབ་པ་ཡིན་ནོ། །མཐའ་རིན་པོ་ཆེའི་ཕ་གུ་བརྩེགས་པ་ཞེས་འབྱུང་བ་ནི། སངས་རྒྱས་ཀྱི་ཞིང་དེའི་མཐའ་སྐོར་སྟོན་པ་ཡིན་གྱི། གཞལ་ཡས་ཁང་གི་ཕ་གུ་འཆད་པའི་སྐབས་མ་ཡིན་ནོ། །གཉིས་པ་གདན་བསྐྱེད་པ་ནི། གཞལ་ཡས་ཁང་དེའི་དབུས་སུ་གཙོ་བོ་དེ་བཞིན་གཤེགས་པ་བརྒྱད། མདོ་སྡེ་འདིའི་གླེགས་བམ་རེ་རེ་དང་བཅས་པ་བཞུགས་པའི་སེངྒེའི་ཁྲི་ཆེན་པོ་བརྒྱད་བཤམ། ཁྲི་རེ་རེའི་མཐའ་སྐོར་དུ། འཁོར་བྱང་ཆུབ་སེམས་དཔའ་བཞུགས་པའི་བར་གྱི་སྣམ་བུ་བཤམ། དེ་བཞིན་གཤེགས་པ་བརྒྱད་ཚར་དུ་བསྒྲིགས་པའི་མདུན་དུ། འཇམ་དཔལ་ལ་སོགས་པ་གསུམ་གྱི་གདན། དེ་ཐམས་ཅད་ཀྱི་མཐའ་སྐོར་དུ། གཡས་ཕྱོགས་སུ་ཚངས་པ་དང་བརྒྱ་བྱིན་གྱི་གདན། གཡོན་ཕྱོགས་སུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱི་གདན། སྒོ་བཞི་ལ་རྒྱལ་ཆེན་བཞིའི་གདན་བཤམ་མོ། །དེ་ནས་སྤྱན་དྲངས་པ་ནི་གཞུང་ཇི་ལྟ་བ་བཞིན་ཡིན་ལ། འདིར་ཡང་ཡེ་ཤེས་པ་སྤྱན་འདྲེན་པ་ནི་མ་ཡིན་ཏེ། འདི་བྱ་བའི་རྒྱུད་རང་རྐང་དུ་བཀྲལ་དགོས་པའི་ཕྱིར་དང༌། ཐོག་མར་དམ་ཚིག་པ་བསྐྱེད་པ་ཡང་མེད་པའི་ཕྱིར། འདིར་དེ་བཞིན་གཤེགས་པ་བརྒྱད་ཀྱི་ནང་ནས་གཙོ་བོ་གང་ཡིན་གྱི་གསལ་ཁ་བཤད་པ་མེད་ཀྱང༌། ཆོ་ག་སྔགས་ལུགས་སུ་བཀྲལ་བ་འདི་ཤཱཀྱ་ཐུབ་པའི་སྐབས་སུ་འབྱུང་བས། དེ་ཉིད་ལ་གཙོ་བོ་བྱས་ན་ལེགས་སོ། །སྤྱིར་ནི་དེ་བཞིན་གཤེགས་པ་བདུན་པོ་རེ་རེ་ནས་ཐུན་མོང་གི་འཁོར་གྱིས་བསྐོར་བའི་རྟེན་གཞལ་ཡས་ཁང་དང་བཅས་པ་བསྐྱེད་ནས་ཕྱག་མཆོད་ལ་སོགས་པ་རང་རང་གི་སྐབས་ནས་འབྱུང་བ་བཞིན་བྱས་པས། ཆོ་ག་ཆ་ཚང་བ་བདུན་དུ་འགྱུར་བར་གསལ་མོད། བརྒྱད་ཀ་ལྷན་ཅིག་ཏུ་ཚོགས་པའི་དཀྱིལ་འཁོར་གྱི་རྣམ་གཞག་བྱེད་པ་དེའི་ཚེ་འཁོར་ལོས་སྒྱུར་བའི་གཙོ་བོ་ནི་ཤཱཀྱ་ཐུབ་པ་ཉིད་ལ་བྱ་བ་རིགས་པ་ཡིན་ཏེ། ཞིང་འདིར་དེ་བཞིན་གཤེགས་པ་བདུན་གྱི་གཟུགས་ཀྱི་སྐུ་དང༌། བྱིན་རླབས་དང་འཕྲིན་ལས་གང་ཞུགས་པ་དེ་ཐམས་ཅད་དུ་ཤཱཀྱའི་རྒྱལ་པོའི་འཕྲིན་ལས་ཡིན་པའི་ཕྱིར་དང༌། ཞིང་གཞན་གྱི་མཆོག་གི་སྤྲུལ་པའི་སྐུའི་ཆ་ལུགས་ཅན་གྱིས་དཀྱིལ་འཁོར་གྱི་གཙོ་བོ་བྱས་ནས་ཞིང་དེ་ཉིད་ཀྱི་བསྟན་པའི་བདག་པོ་སྤྲུལ་སྐུའི་ཆ་ལུགས་ཅན་དེ་ཉིད་དཀྱིལ་འཁོར་གྱི་ལྷའི་འཁོར་དུ་བཀོད་པའི་རྣམ་གཞག་འབྱུང་མི་སྲིད་པའི་ཕྱིར་དང༌། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་ཞེས་པའི་དོན་ཡང་འདི་ཉིད་ཡིན་པའི་ཕྱིར་དང༌། ཆོ་གའི་གཞུང་ལས་ཀྱང་དེ་བཞིན་གཤེགས་པ་བརྒྱད་ཀྱི་མཚན་བརྗོད་པ་ནི། ཤཱཀྱ་ཐུབ་པ་ལ་སྟོན་པ་ཞེས་འབུར་དུ་དོད་པའི་ཕྱིར་དང༌། མདོ་ལས་ཀྱང་དེ་བཞིན་གཤེགས་པ་བདུན་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཐབས་ཅིག་ཏུ་མཐོང་ངོ་ཞེས་དང༌། འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་བརྒྱད་ཀ་གདན་འཛོམ་པའི་དབུས་སུ་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུ་བ་མཛད་པར་བཤད་པའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱི་མཐུས་བདག་ཅག་གིས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུ་རྻ་འོད་ཀྱི་རྒྱལ་པོའི་མཚན་ཐོས་ཏེ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་བརྒྱད་ཀའི་གཙོ་བོ་སྨན་པའི་རྒྱལ་པོས་མཛད་པར་འཆད་པ་ལ་ནི་ཤེས་བྱེད་ཀྱི་ལུང་དང་རིགས་པ་ཅི་ཡང་མི་སྣང་ངོ༌། །དེ་ལྟར་བྱས་པ་དེའི་ཚེ་ན་ཤཱཀྱ་ཐུབ་པའི་གདན་དབུས་སུ་བཤམ། བུམ་པ་གཅིག་སྟ་གོན་བྱས་ཏེ་གཟུངས་སྔགས་བཟླས་ནས་ཁྲུས་བྱ་བར་བཤད་པས། དེའི་གཟུངས་དང་ལྷ་གང་ཡིན་དངོས་སུ་མི་གསལ་ཡང༌། ཕྱག་ན་རྡོ་རྗེའི་དབང་དུ་བྱས་པའམ། ཡང་ན་འཇམ་དཔལ་གྱི་རྟོག་པ་ལས་བཤད་པ་ལྟར། ལྷ་སྤྱིའི་དབང་དུ་བྱས་པའི་བུམ་པར་གསལ་ལོ། །གསུམ་པ་ཆོ་གའི་རིམ་པ་ཇི་ལྟར་བྱ་བ་ལ། དེ་བཞིན་གཤེགས་པ་བརྒྱད་སྒྲུབ་པའི་ཆོ་ག་དང༌། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཆོ་གའོ། །དང་པོ་ནི། ཕྱག་ན་རྡོ་རྗེའི་སྐབས་ནས་བདག་ཅག་གིས་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་མཐོང་ཞེས་དང༌། དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་བདུན་ཡང་བགྱི་ཞེས་པའི་སྐབས་ཀྱི་དེ་བཞིན་གཤེགས་པ་ནི། བདེ་བར་གཤེགས་པ་བརྒྱད་ཀ་ལ་བྱེད་པར་མདོ་ཉིད་ལ་གསལ་ལོ། །སྐབས་འདིར་དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་འཚལ་བའི་བཤད་པ་མི་སྣང་བས། མཚན་ནས་བརྗོད་པའི་མཆོད་པ་འབུལ། དེ་ནས་དེ་བཞིན་གཤེགས་པ་བརྒྱད་པོ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱིས་འཕྲེང་བ་བཀོད་པ་ལ་དམིགས་ནས། བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་ལན་སྟོང་རྩ་བརྒྱད་འདོན་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་བརྒྱད་པོ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། མདོ་ལས་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་བརྒྱད་ཀ་ལ་བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་འདི་གང་ཡིན་དྲིས་པའི་ལན་དུ། དེ་བཞིན་གཤེགས་པ་བརྒྱད་ཀས་གསུང་གཅིག་ཁོ་ནར་གཟུངས་དེ་བཀའ་སྩལ་པའི་ཕྱིར་དང༌། ཆོ་ག་ལས་ཀྱང་ལན་སྟོང་རྩ་བརྒྱད་དུ་བཏོན་ན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བཟླས་ཟིན་པའི་འོག་ཏུ་དེ་བཞིན་གཤེགས་པ་སོ་སོའི་སྨོན་ལམ་རྣམས་གདབ་པར་བྱའོ། །གཉིས་པ་ནི། ཆོ་ག་འདིའི་སྒྲུབ་པ་པོ་དེས་བྱེ་བྲག་ཏུ་གསང་བའི་བདག་པོ་བསྒྲུབ་པར་འདོད་ན། དེའི་སྐུ་ལུགས་མའམ་རས་བྲིས་སྒྲུབ་པ་པོ་རང་ལ་ཞལ་བསྟན་པ། དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་འཕྲེང་བ་བཀོད་པ་ལ་དམིགས་པ་གཏད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བཛྲེ་བཛྲེ་ཞེས་སོགས་ཅི་ནུས་སུ་བཟླས་པས་དེའི་ཞལ་སྟོན་པར་འགྱུར་རོ། །ཡང་སྒྲུབ་པ་པོ་དེས། གསང་བའི་བདག་པོ་དང༌། ཚངས་པ་དང༌། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་རྗེས་སུ་འབྲང་ཞིང་བསྲུང་བ་དང༌། བསྐྱབ་པར་འདོད་པས། ཏདྱ་ཐཱ། ཨ་གྷཱུ་མ་གྷཱུ་ཞེས་སོགས་ཅི་རིགས་སུ་གདོན་པར་བྱའོ། །མདོར་ན་ཆོ་ག་འདིའི་ལྷ་ནི། དེ་བཞིན་གཤེགས་པ་བརྒྱད་དོ། །ཆོ་ག་ནི་མཚན་ནས་བརྗོད་ཅིང་མཆོད་པ་ཕུལ་ཏེ་གཟུངས་སྔགས་ལན་སྟོང་རྩ་བརྒྱད་གདོན་པའོ། །འདིའི་སྲུང་མ་ནི་གསང་བའི་བདག་པོ་ལ་སོགས་པ་རྣམས་སོ། །གསུམ་པ་ཐུན་མོང་གི་ཆོ་ག་ནི། དཀྱུས་སུ་ཇི་ལྟར་གསལ་བ་བཞིན་བཀླག་པས་ཆོག་པ་ཡིན་ནོ། །མདུན་དུ་གླེགས་བམ་བཞག་སྟེ་གཟུགས་སྔགས་བཟླ་བ་ནི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསུངས་ཤིང༌། འདིར་ཡང་མདོ་སྡེ་འདི་ཞག་བཞི་བཅུ་རྩ་དགུར་གདོན་པར་བྱའོ་ཞེས་གསུངས་པ་ལས་གསལ་བར་ཐོན་པ་ཡིན་གྱི། དེ་ལས་ལོགས་སུ་ཆོས་དཀོན་མཆོག་ལ་བརྟེན་པའི་ཆོ་ག་མ་བཤད་དོ། །དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཞེས་སོགས་འདི་ལ་མདོའི་ཁུངས་མེད་ཀྱང༌། སྔར་བཏབ་པའི་སྨོན་ལམ་རྣམས་ཀྱི་བདེན་ཚིག་འགྲུབ་བྱེད་དུ་ཆོ་ག་མཁན་པོས་བསྣན་པ་ཡིན་མོད། དེར་མཚོན་ལ་ཕྱག་མཆོད་དང༌། མ་རིག་མུན་སེལ་ཞེས་སོགས་ཤླཽ་ཀ་གཅིག་ཀློག་པ་ནི་བསྟན་བཅོས་མཁན་པོའི་གཞུང་མ་ཡིན་ནོ། །གོང་འོག་གཉིས་སུ་སངས་རྒྱས་དང་དགེ་འདུན་ལ་བརྟེན་པའི་ཆོ་ག་བྱུང་བས། བར་འདིར་ཆོས་དཀོན་མཆོག་ལ་བརྟེན་པའི་ཆོ་ག་བྱེད་པར་རིགས་སོ་སྙམ་དུ་བསམས་པ་ཡིན་མོད། དེ་ལྟ་ན་ནི་ངན་སོང་སྦྱོང་རྒྱུད་ཀྱི་ཆོ་ག་སོགས་ལ་ཧ་ཅང་ཐལ་བར་འགྱུར་རོ། །མདོར་བསྡུ་ན། མདོ་བརྒྱད་བརྒྱ་པའི་དངོས་བསྟན་དང༌། མདོ་སྔགས་གཉིས་ཀྱི་བཟླས་ཕྱེ་བའི་མདོའི་ཆོ་ག་ཙམ་ཞིག་བྱེད་ན། གཞལ་མེད་ཁང་གི་བཀོད་པ་ཡོད་དམ་མེད་ཀྱང་རུང༌། དེ་བཞིན་གཤེགས་པ་བདུན་པོ་ཐམས་ཅད་དམ་རེ་རེ་ནས་ཀྱང་རུང༌། རང་རང་གི་སྐུ་གཟུགས་མདོ་སྡེ་དང་བཅས་པ་དངོས་སུ་ཡོད་དམ་མེད་ཀྱང་ཚོམ་བུ་ལྟ་བུ་ལ་དམིགས་པའི་རྟེན་བྱས་ནས། སྐྱབས་འགྲོལ་གྱི་སྐབས་སུ་འབྱུང་བའི་ཆོ་གའི་བསྒྲིགས་རྣམས་ལག་ལེན་དུ་བྱས་ཏེ། ཕྱག་མཆོད་སོགས་བྱ་ཞིང་སྨོན་ལམ་བཏབ་ནས། འཇམ་དཔལ་གྱི་སྐབས་ནས་བསྟན་པའི་ཕན་ཡོན་རྣམས་འབྱུང་ཞིང༌། གནོད་སྦྱིན་བཅུ་གཉིས་ཀྱིས་སྲུང་མ་བྱེད་པར་འགྱུར་རོ། །གཉིས་ཀྱིས་བཟླས་ཕྱེ་བའི་སྔགས་ཀྱི་ཆོ་ག་རྐྱང་པ་བྱེད་ན། དཀྱིལ་འཁོར་གྱི་དབུས་སུ་ཤཱཀྱ་ཐུབ་པ་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་བརྒྱད། ཆོས་པོ་ཏི་དང་བཅས་པ། བྱང་ཆུབ་སེམས་དཔའ་གསུམ་དང༌། ལྷའི་དབང་པོ་གཉིས། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་སྤྱན་དྲངས། དེ་བཞིན་གཤེགས་པ་བརྒྱད་ཀ་ལ་ཐུན་མོང་དུ་ཕྱག་འཚལ་བ་སྔོན་དུ་སོང་ངམ། མ་སོང་ཀྱང་རུང་སྟེ་མཆོད་པ་སོགས་རྣམ་པར་དག་པ་བྱས་ལ། སོ་སོའི་སྐབས་ཀྱི་སྨོན་ལམ་རྣམས་ངག་དུ་མ་བརྗོད་ཀྱང་ཞོར་ལ་འབྱུང་བས་གཟུངས་སྔགས་རྐྱང་པ་བཟླ་ཞིང༌། ཕྱག་རྡོར་གྱི་སྐབས་ནས་འབྱུང་བའི་ཆོ་གའི་བསྒྲིགས་རྣམས་བྱའོ། །དེ་ལྟར་བྱས་པས་རྒྱལ་པོ་ཆེན་པོ་བཞིས་བསྲུང་བ་དང༌། ཕྱག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་བ་སོགས་ཀྱི་ཕན་ཡོན་འབྱུང་ངོ༌། །འོ་ན་འདི་རྒྱུད་སྡེ་གང་གི་དབང་དུ་བྱེད་ཅེ་ན། བྱ་བའི་རྒྱུད་དུ་གཏོགས་པ་ཡིན་ཏེ། གོང་མ་གཞན་གསུམ་གྱི་མཚན་ཉིད་མ་ཚང་བའི་ཕྱིར། དེ་ལས་ཀྱང་དེ་བཞིན་གཤེགས་པ་བརྒྱད་ཀྱི་ཆོ་ག་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོ་གར་གཏོགས་ཤིང༌། གསང་བའི་བདག་པོའི་ཆོ་ག་ནི་རྡོ་རྗེའི་རིགས་སུ་གཏོགས་སོ། །འོ་ན་འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཇི་ལྟ་བུ་ཞེ་ན། སྤྱིར་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གང་ཡང་རུང་བའམ། བྱེ་བྲག་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ཙམ་གྱིས་བྱ་བའི་རྒྱུད་རིགས་གསུམ་པོ་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་བར་གསང་བ་སྤྱི་རྒྱུད་ལས་གསུངས་པ་ལྟར་ཡིན་ལ། གང་དག་དེ་བཞིན་གཤེགས་པ་བརྒྱད་དམ། སྨན་པའི་རྒྱལ་པོའི་དབང་དང་རྗེས་སུ་གནང་བ་བྱེད་དོ་ཟེར་བ་དེ་དག་ལ། བརྒྱུད་པ་རྣམ་པར་དག་པའི་ཁུངས་ཡོད་པར་མ་མངོན་ཞིང༌། བྱེ་བྲག་ཏུ་ཨོཾ་བྷེ་ཥ་ཛྱེ་ཞེས་པའི་གཟུངས་འདི་སྨན་རྒྱལ་གྱི་སྙིང་པོའི་གཟུངས་སུ་མདོ་འདི་ལས་མ་བཤད་ཅིང༌། ཆོ་གའི་གཞུང་གི་དགོངས་པ་ཡིན་ནའང་སྨན་བླའི་སྐབས་དེ་ཉིད་དུ་འབྱུང་བར་རིགས་པ་ལས་མི་འབྱུང་བའི་ཕྱིར། བསྟན་བཅོས་མཁན་པོའི་དགོངས་པ་ཡང་མ་ཡིན་ཞིང༌། གཟུངས་ཀྱི་མདོ་གཞན་ནས་སྨན་བླའི་སྙིང་པོར་བཤད་པ་དེ་ཉིད་འགའ་ཞིག་གིས་འདིར་བྲིས་པའོ། །དེའི་ཕྱིར་གཟུགས་སྔགས་བཟླས་ཏེ་ཁྲུས་བྱ་བའི་གཟུངས་དེ་ནི་བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་དེ་ཉིད་ཡིན་ལ། སྨིན་པའི་རྒྱལ་པོའི་རིག་གཏད་ཀྱི་ལག་ལེན་ཡོད་ན་གཟུངས་སྔགས་ནི་དེ་ཉིད་ཡིན་གྱི་གཞན་མེད་དོ། །འོ་ན་ཆོ་ག་འདི་ལ་སྨན་བླ་གཙོ་བོར་གྲགས་པའི་རྒྱུ་མཚན་ཅི་ཞེ་ན། དེ་གལ་ཆེ་བས་བཤད་པ་ནི། འཕགས་པ་སྐྱབས་གྲོལ་གྱིས་སྨན་བླ་ཁོ་ན་ཐུན་མོང་མ་ཡིན་པར་མཆོད་པའི་ཆོ་ག་ཀུན་དགའ་བོ་ལ་རྒྱས་པར་གསུངས་སོ། །ཇི་ལྟར་གསུངས་ན། སྨན་པའི་རྒྱལ་པོ་ཉིད་ཀྱི་སྐུ་གཟུགས་བདུན་བཞུགས་སུ་གསོལ། མཆོད་པའི་ཁྱད་པར་དེ་རེ་རེའི་སྤྱན་སྔར་མར་མེ་བདུན་བདུན་དང༌། ཚོན་སྣ་ལྔ་པའི་བ་དན་བདུན་བདུན་ལས་མི་ཉུང་བར་ཕུལ། དུས་ཀྱི་ཁྱད་པར་ཉིན་ཞག་བདུན་ཕྲག་བདུན་དུ། སྡོམ་པའི་ཁྱད་པར་གསོ་སྦྱོང་གི་ཆོ་ག་བདུན་ཕྲག་བདུན་བླངས། ཆོ་གའི་ཁྱད་པར་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྨན་པའི་རྒྱལ་པོའི་མཚན་ལན་བདུན་བདུན་བརྗོད་ཅིང་ཕྱག་འཚལ་བ་གཙོ་བོར་གྱུར་པའི་ཡན་ལག་བདུན་པ་ལན་བདུན་བདུན་དུ་བྱ་ཞིང༌། དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྨོན་ལམ་བཅུ་གཉིས་པོ་ལན་བདུན་བདུན་དུ་བཏབ་ན། དགོས་པའི་ཁྱད་པར་ནད་ཆེན་པོ་ལས་ཐར་བ་དང༌། ཕ་རོལ་དམག་ཚོགས་དང་རྒྱུ་སྐར་གྱི་གནོད་པ་མི་འབྱུང་བར་བཤད་དོ། །ཇི་སྐད་བཤད་པ་དེ་ཐམས་ཅད་ཀྱི་བསྡུས་པའི་དོན་ནི། གཞུང་འདིར་འབྱུང་བའི་ཆོ་ག་ནི་གསུམ་ཡིན་ཏེ། མདོ་ཉིད་ཀྱི་དབང་དུ་བྱས་པ་དང༌། སྔགས་ཁོ་ནའི་དབང་དུ་བྱས་པ་དང༌། ཐུན་མོང་གི་ཆོ་ག་དཀྱུས་ཇི་ལྟ་བ་བཞིན་གསལ་བའོ། །དང་པོ་ལ། ཐུན་མོང་བ་དེ་བཞིན་གཤེགས་པ་བདུན་ཀའི་དབང་དུ་བྱས་པ་དང༌། ཐུན་མོང་མ་ཡིན་པ་སྨན་པའི་རྒྱལ་པོ་ཁོ་ན་མཆོད་པའི་ཆོ་གའོ། །གཉིས་པོའི་ཁྱད་པར་ཡང་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་བདུན་ཀ་མཆོད་པའི་ཐུན་མོང་གི་ཆོ་ག་སྟོན་པ་ཤཱཀྱ་ཐུབ་པ་ལ་དམིགས་ཀྱིས་ཞུས་ནས་སྟོན་པས་གནང་བ་དང༌། གླེང་བསླང་མཁན་མེད་པར་འཕགས་པ་སྐྱབས་གྲོལ་གྱིས་སྨན་པའི་རྒྱལ་པོ་མཆོད་པའི་ཐུན་མོང་མ་ཡིན་པའི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་ནི་འདི་ཡིན་ནོ་ཞེས་སྟོན་པ་ལ་ཞུས་ཤིང༌། ཀུན་དགའ་བོ་ལ་བསྙད་པའོ། །གཉིས་པ་ལ་ཡང༌། དེ་བཞིན་གཤེགས་པ་བརྒྱད་ཀའི་དབང་དུ་བྱས་པ་དང༌། ཕྱག་ན་རྡོ་རྗེ་ཁོ་ནའི་དབང་དུ་བྱས་པའི་དབྱེ་བས་གཉིས་ཏེ། དེ་ལྟར་རྣམ་པ་ལྔ་ཡིན་ནོ། །དེ་ལས་ཀྱང་རྒྱས་པར་ཕྱེ་ན། དེ་བཞིན་གཤེགས་པ་དང་པོ་དྲུག་ལའང་ཐུན་མོང་མ་ཡིན་པའི་ཆོ་ག་སོ་སོར་སྦྱར་བས་བཅུ་གཅིག་གོ །ཤཱཀྱ་ཐུབ་པ་མཆོད་པའི་ཆོ་ག་ནི་ཐུན་མོང་མ་ཡིན་པ་གཅིག་ཏུ་དབྱེ་བར་མི་ནུས་ཏེ། དེ་ནི་བདུན་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་རྗེས་སུ་འགྲོ་དགོས་པར་གསལ་བའི་ཕྱིར་དང༌། དེ་ལ་ཐུན་མོང་མ་ཡིན་པའི་ཆོ་ག་གཅིག་བྱུང་བའི་ཚེ་ནའང༌། སྔགས་ཀྱི་ལུགས་དང་པོ་དེ་ཉིད་ལས་མ་འདས་པའི་ཕྱིར། གསུམ་པ་མདོ་དང་ཇི་ལྟར་སྦྱོར་བའི་རིམ་པ་ལ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་བརྒྱད་བརྒྱ་པ་ཞེས་བྱ་བ་འདི་དོན་གསུམ་གྱིས་བཤད་པར་བྱ་སྟེ། བསྡུས་པའི་དོན། དགོས་པའི་དོན། ཚིག་གི་དོན་ནོ། །དང་པོ་ལ། ཞུ་བ་པོ་གང་གིས་ཞུས་པ། སྟོན་པ་གང་ལ་ཞུས་པ། དགོས་པ་ཅིའི་ཕྱིར་དུ་ཞུས་པ། ཞུས་པའི་ཆོས་ཀྱི་བརྗོད་བྱ་གང་ཡིན་པ་རྣམས་སོ། །དང་པོ་ལ་གཉིས་ཏེ། ཚིག་གི་སྒོ་ནས་ཞུས་པ་དང༌། ཚིག་ཏུ་མ་བརྗོད་ཀྱང་ཐེ་ཚོམ་ཙམ་སྐྱེས་པ་མཁྱེན་པའོ། །དང་པོ་ནི། འཇམ་དཔལ་དང༌། སྐྱབས་གྲོལ་དང༌། ཕྱག་ན་རྡོ་རྗེ་དང༌། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། ཀུན་དགའ་བོ་རྣམས་སོ། །གཉིས་པ་ནི། འཁོར་དེར་ལྷགས་པའི་ལྷ་ཤེས་རབ་ཆུང་བ་འགའ་ཞིག་གི་བསམ་པ་ལ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་མཚན་བཟུང་བ་ཙམ་གྱིས་ཕན་ཡོན་དེ་ལྟ་བུ་འབྱུང་བ་ཅི་སྙམ་དུ་སོམ་ཉི་ཟ་བའོ། །གཉིས་པ་ལ། དངོས་སུ་ཞུས་པའི་ལན་གསུངས་པ་དང༌། སོམ་ཉི་ཟ་བའི་བསམ་པ་མཁྱེན་ནས་གསུངས་པའོ། །དང་པོ་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་ལ་འཇམ་དཔལ་གྱིས་ཞུས་པ་ན། དེ་བཞིན་གཤེགས་པ་བདུན་གྱི་མཚན་དང༌། ཞིང་ཁམས་དང༌། དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ན་སྨོན་ལམ་གང་བཏབ་པ་དང༌། ཞིང་འདིར་སྙིགས་མའི་དུས་སུ་དེ་བཞིན་གཤེགས་པ་བདུན་པོ་དེའི་མཚན་བཟུང་བ་དང༌། མཆོད་པ་བྱས་ན། དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་དང་མཐུན་པའི་ཕན་ཡོན་འབྱུང་བར་གསུངས་སོ། །སྐྱབས་གྲོལ་གྱིས་ནི་སྟོན་པ་ཉིད་ལ་དཔང་པོར་གསོལ་བའི་ཚུལ་གྱིས་ཞུས་ཏེ། བྱེ་བྲག་ཏུ་སྨན་པའི་རྒྱལ་པོ་ཇི་ལྟར་མཆོད་པའི་ཆོ་ག་ཀུན་དགའ་བོ་ལ་རྒྱས་པར་བཤད་དོ། །འདིས་དེ་བཞིན་གཤེགས་པ་གཞན་དྲུག་མཆོད་པའི་ཆོ་ག་ཡང་མཚོན་པར་ནུས་སོ། །གཉིས་པ་ནི། སྟོན་པ་ཉིད་ཀྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་བསམ་པ་མཁྱེན་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་བསྒུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་བདུན་སེངྒེའི་ཁྲི་ལ་བཞུགས་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་གཤེགས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཐབས་ཅིག་ཏུ་བཞུགས་པ་ཐམས་ཅད་ཀྱིས་མཐོང་ངོ༌། །དེའི་ཚེ་ཞུ་བ་པོ་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་བྱིན་གྱིས་རློབས་པའི་གཟུངས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་བརྒྱད་པོ་དེ་དག་གིས་མགྲིན་གཅིག་ཏུ་བཻ་ཌཱུརྻའི་འོད་ཅེས་བྱ་བའི་གཟུངས་བཀའ་སྩལ་ནས་ཆོ་ག་ཕན་ཡོན་དང་བཅས་པ་རྒྱས་པར་གསུངས་པ་དེའི་ཚེ། ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་ལ་གཡས་ཕྱོགས་སུ་བསྐོར་བ་ལན་བདུན་བྱས་ནས་སོང་ངོ༌། །ཕྱག་བདུན་བདུན་བྱེད་པ་ནི་མདོ་འདི་ལ་བརྟེན་པའོ། །ཡང་གསང་བའི་བདག་པོ་དང༌། ལྷའི་དབང་པོ་དང༌། རྒྱལ་པོ་ཆེན་པོ་བཞིས་ནི་དེ་བཞིན་གཤེགས་པ་བདུན་མངོན་སུམ་དུ་མཐོང་བས་ཡིད་ཆེས་ནས། སུ་གང་དག་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང༌། བཻ་ཌཱུརྻའི་འོད་ཀྱི་གཟུགས་འཛིན་པ་དེ་དག་བསྲུང་བ་དང༌། སྐྱོབ་པ་ཁས་བླངས་ནས། རང་རང་གི་བྲོ་བོར་བར་དང་དམ་བཅའ་བར་མཛད་དོ། །དེའི་ཚིག་ནི། ཨ་གྷུ་མ་གྷུ་སོགས་སོ། །དེའི་ཚེ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་བདུན་དཔང་པོར་བཞག་ནས་རང་གི་སྙིང་པོ་དང༌། ལག་ན་རྡོ་རྗེ་སྒྲུབ་པའི་ཐབས་བཤད་དོ། །དེའི་སྔགས་ནི། བཛྲེ་བཛྲེ་སོགས་སོ། །གསུམ་པ་ནི། འཇམ་དཔལ་གྱིས་སླད་མའི་དུས་སུ་གཟའ་དང་རྒྱུ་སྐར་གྱི་གནོད་པ་དང༌། ཕ་རོལ་གྱི་དམག་ཚོགས་བཟློག་པའི་དོན་དུ་དེ་བཞིན་གཤེགས་པ་བདུན་ཇི་ལྟར་མཆོད་པའི་ཆོ་ག་ཞུས་པ་ནི་དགོས་པ་དང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཐུགས་ཀྱིས་དགོངས་པ་དང༌། མཐར་བྱེད་ཀྱི་གཤིན་རྗེས་ཟིན་པའི་རྣམ་པར་ཤེས་པ་སླར་ལོག་སྟེ། ཚེ་རིང་བར་འགྱུར་བ་ལ་སོགས་པའི་དོན་དུ་གཟུངས་ཀྱི་ཚིག་ལན་སྟོང་རྩ་བརྒྱད་དུ་བཟླས་པའི་ཆོ་ག་ཞུས་པ་ནི་དགོས་པ་གཉིས་པའོ། །བཞི་པ་བརྗོད་བྱའི་དོན་གང་ཡིན་པ་ནི། མདོ་ལུགས་ཁོ་ན་ལ་བརྟེན་ནས་དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་དང༌། མདོ་སྔགས་ཐུན་མོང་གི་ལུགས་ལ་བརྟེན་ནས་དེ་བཞིན་གཤེགས་པ་བརྒྱད་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ་མཉེས་པར་བྱེད་པའི་གཟུངས་ཀྱི་ཆོ་ག་བཤད་པ་དང༌། བྱེ་བྲག་ཏུ་ལག་ན་རྡོ་རྗེ་སྒྲུབ་པའི་ཐབས་མདོ་དང་གཟུངས་གཉིས་ཀ་ལ་བརྟེན་ནས་བཤད་པ་དང༌། གནོད་སྦྱིན་བཅུ་གཉིས་ཀྱིས་མདོའི་ཆོ་ག་རྣམས་ཀྱི་སྲུང་མ་བྱེད་པར་ཁས་བླངས་པ་དང༌། གསང་བའི་བདག་པོ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞིས་མདོ་དང་གཟུངས་གཉིས་ཀའི་སྲུང་མ་བྱེད་པར་ཁས་བླངས་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་སྲུང་མ་དེ་དག་ལ་རྗེས་སུ་གཏད་པ་རྣམས་སོ། །གཉིས་པ་དགོས་པའི་དོན་ནི་གོང་དུ་བཤད་ཟིན་པ་དེ་དག་གོ །གསུམ་པ་ཚིག་གི་དོན་ནི། གཞུང་འདིར་ས་གཞི་བྱིན་གྱིས་རློབས་པ་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་བཞུགས་པའི་བར་ནི། སྔོན་མདོ་སྡེ་འདི་གསུངས་པའི་དུས་སུ་ལྷའི་བུ་ཤེས་རབ་ཆུང་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་དོན་དུ་དེ་བཞིན་གཤེགས་པ་བདུན་ཞིང་འདིར་སྤྱན་དྲངས། ཤཱཀྱ་ཐུབ་པ་དང་ཐབས་ཅིག་ཏུ་བཞུགས་པ་ལ། འཇམ་དཔལ་དང༌། ཕྱག་ན་རྡོ་རྗེ་གཉིས་དང༌། ཞུས་ལན་དངོས་སུ་མཛད་ཅིང་མདོའི་དོན་དང༌། གཟུངས་སྔགས་བྱིན་གྱིས་རློབས་པར་མཛད་པ་དེ་ཉིད་ལ་བརྟེན་པའོ། །དེ་ལྟ་མོད་ཀྱི་ཤཱཀྱ་ཐུབ་པ་མན་ཆད་སྤྱན་འདྲེན་པའི་ཚིག་རྣམས་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་དོ། །བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་ཞེས་པ་ནས། ལེགས་པར་བརྒྱན་པའི་ས་གཞི་ལ་ཞེས་པའི་བར་ནི་ཕལ་ཆེར་མདོ་ཉིད་ལ་དངོས་སུ་སྣང་ལ། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་པ་ནས། སྨོན་པ་མེད་པ་ནས་འཇུག་པ་ཞེས་པའི་བར་ནི་མདོ་ཉིད་ལ་དངོས་སུ་མི་སྣང་ཡང༌། འཕགས་པ་ཐོགས་མེད་ཀྱི་ཐེག་བསྡུས་ལས་འབྱུང་བའི་ཚིག་དེ་ཉིད་བཀོད་པར་སྣང་ངོ༌། །ཞིང་ཁམས་དེ་དང་དེ་དག་གི་དབུས་ན་གཞལ་ཡས་ཁང་གི་རྣམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ཡོད་པ་ནི། སྨན་བླའི་ཐད་ཀྱི་མདོ་ཉིད་ལས་གསལ་བར་བཤད་ལ། མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས་དང༌། ལོངས་སྤྱོད་པར་གྱུར་ཅིག་ཅེས་དང༌། དེ་བཞིན་དུ་གྱུར་ཅིག་ཅེས་པ་རྣམས་ལ་ནི་མདོ་དང་དངོས་སུ་སྦྱར་རྒྱུ་མེད་དོ། །གཞལ་མེད་ཁང་གི་དབུས་སུ་སེངྒེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པ་དང༌། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་གླེང་གཞི་ལས་བྱུང་བ་ཞེས་པ་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་ཡོད་ལ། ཆོས་པོ་ཏི་བཞུགས་པ་དང༌། འཇམ་དཔལ་ལ་སོགས་པའི་ལྷག་མ་རྣམས་ཀྱི་གདན་བཤམས་པ་ལ་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་དོ། །ཡང་དེ་བཞིན་གཤེགས་པ་བདུན་ལ་ཕྱག་མཆོད་འབུལ་བ་དང༌། དེ་དག་གི་སྔོན་གྱི་སྨོན་ལམ་དང་མཐུན་པའི་སྨོན་ལམ་འདེབས་པ་ནི་མདོ་དང་དངོས་སུ་སྦྱོར་རྒྱུ་ཡོད་ལ། ཤཱཀྱ་ཐུབ་པ་མན་ཆད་ཀྱི་ཕྱག་མཆོད་གཉིས་ལ་མདོ་དང་དངོས་སུ་སྦྱོར་རྒྱུ་མེད་ཅིང༌། ཆོ་གའི་ཚིག་གཞན་རྣམས་ནི་མདོའི་དངོས་བསྟན་ལ་ཡོད་དོ། །རྗེས་ཀྱི་ཆོ་གའི་ཚིག་རྣམས་ནི་མཁན་པོ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཉེ་བར་སྦྱར་བ་ཡིན་ནོ། །གང་འདིར་རྣམ་བཤད་བཤད་པ་མཁས་ཕྱིར་ཏེ། །ཆོ་གའི་ཡན་ལག་ལག་ལེན་གཞུང་བཞིན་མཛོད། །མང་པོའི་ཟིན་བྲིས་བྲིས་ནས་བཞག་པ་མིན། །གཞན་གྱིས་བཤད་དེ་དེ་རང་ཉིད་ཀྱིས་ཆོག །དེ་ཀུན་ཕལ་ཆེར་ཆེར་རློམ་འགའ་ཡི་ལུགས། །རང་བློས་རྣམ་དཔྱད་དཔྱད་པས་རྣམ་དག་པར། །མདོ་གཞུང་ཇི་བཞིན་བཞིན་མདངས་བཟང་པོ་ཡིས། །ལེགས་པར་འཆད་མཁས་མཁས་པ་གང་དེ་སུ། །ཤཱཀྱའི་གསུང་རབ་མཆོག་ཏུ་ཟབ་པ་དང༌། །བཅོམ་ལྡན་དགོངས་པ་ཤིན་ཏུ་རྒྱ་ཆེ་བ། །ལེགས་པར་ཤེས་ནས་འཆད་པའི་བློ་གསལ་བ། །མཁས་པའི་གདེང་ཐོབ་ཀུན་དང་མཉམ་དེ་ཡིན། །དགེ་དེས་ས་སྐྱོང་ནམ་མཁའ་ཡི། །རྡོ་རྗེ་རྣམ་དཀར་གྲགས་པ་ཡི། །དཔལ་འབྱོར་བཟང་པོ་ཅན་དེ་ཡི། །དབུ་རྨོག་གོང་ནས་གོང་བཙན་ཤོག །མི་བདག་སྲས་དང་བློན་པོར་བཅས། །མང་པོས་ཀུན་ནས་བཀུར་བ་དང༌། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བར་ཤོག །དེ་སྐད་སྲིད་ཞིའི་དགྲ་ཚོགས་ལས། །རྣམ་རྒྱལ་གྲགས་པ་བཟང་པོ་ཡི། །འབྱོར་པའི་རྒྱ་མཚོར་ངལ་སོ་ནས། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར། །ཞེས་བྱ་བ་འདི་ནི་ཡུལ་དབུས་ཀྱི་ཐོས་པ་འཛིན་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མྱོས་བྱེད་ཅེས་བྱ་བ་ཤིང་མོ་ལུག་གི་ལོ། ས་གས་ཉ་གང་བའི་ཉིན་པར་ཆོས་ཀྱི་རྒྱལ་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞབས་བརྟན་གྱི་གཙུག་ལག་ཁང་མཛད་མཐོང་སྨོན་གྱི་ཡང་ཐོག་གི་གཞལ་ཡས་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་རྐོང་སྟོན་མགོན་པོ་རྒྱལ་མཚན་དཔལ་བཟང་པོའོ།།  །།སྭསྟི། ཐུན་མོང་གཞི་ཡི་འདྲེས་རྐང་དང༌། །མ་རྟོགས་འཁོར་བའི་འདྲེས་རྐང་དང༌། །རྟོགས་བྱེད་ལམ་གྱི་འདྲེས་རྐང་དང༌། །རྟོགས་པ་འབྲས་བུའི་འདྲེས་རྐང་ངོ༌། །དང་པོ་སུམ་ཅུ་རྩ་ལྔ་སྟེ། །གཉིས་པ་ལ་ནི་བཅོ་བརྒྱད་ཡོད། །གསུམ་པ་བཞི་བཅུ་རྩ་གསུམ་ལ། །བཞི་པ་བཅུ་དང་གཉིས་ཡིན་ནོ། །དང་པོ་ཕུང་ཁམས་རེག་ཚོར་ལ། །ལྔ་དང་བཅོ་བརྒྱད་དྲུག་དང་དྲུག །གཉིས་པ་རྟེན་འབྲེལ་བཅུ་གཉིས་དང༌། །ས་ལ་སོགས་པའི་ཁམས་དྲུག་གོ །གསུམ་པ་ཕ་རོལ་ཕྱིན་དྲུག་དང༌། །སྟོང་ཉིད་བཅོ་བརྒྱད་བྱང་ཕྱོགས་བདུན། །བསམ་གཏན་ཚད་མེད་གཟུགས་མེད་དང༌། །རྣམ་པར་ཐར་བརྒྱད་སྙོམས་འཇུག་དགུ །རེ་རེ་དག་ཏུ་བགྲང་བར་བྱས། །རྣམ་ཐར་སྒོ་གསུམ་བདེན་པ་བཞི། །རེ་རེར་བགྲངས་པ་དེ་ཡིན་ནོ། །མངོན་ཤེས་ཏིང་འཛིན་གཟུངས་ཀྱི་སྒོ། །སྟོབས་བཅུ་མི་འཇིགས་སོ་སོ་རིག །བྱམས་དང་སྙིང་རྗེ་མ་འདྲེས་ཆོས། །མཁྱེན་པ་གསུམ་དང་བཅུ་གཉིས་ནི། །ལྔ་པ་འབྲས་བུ་བཅུ་གཉིས་སོ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*