པཎ་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་བསྟོད་དང༌། རང་ཉིད་ཀྱི་རྣམ་དཀར་ལ་རྗེས་སུ་ཡི་རང་སྤེལ་བ་ཞེས་པའི་སྐོར།

༼ཉ༽༄༅། །པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་གྱི་སྐུ་བསྟོད། རང་ཉིད་ཀྱི་རྣམ་དཀར་ལ་རྗེས་སུ་ཡི་རང་སྤེལ་བ་ཞེས་པའི་སྐོར་བཞུགས་སོ།།

ན་མོ་གུ་རཱ་ཝེ། ཤཱཀྱའི་དབང་པོའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་སྒྱུར་དམ་པའི་མགོན་གྱིས་རྗེས་བཟུང་བས། །རྒྱ་ཆེན་ཆོས་ཀྱི་མིག་སྟོང་རབ་ཡངས་པ། །བློ་གསལ་དབང་པོ་མཆོག་ལྡན་ལེགས་པའི་བློ། །ཁྱོད་ནི་ཡོངས་རྫོགས་ཐུབ་པའི་བསྟན་པ་ལ། །ཕྱོགས་རེ་མིན་པའི་ངེས་པ་ཆེར་རྙེད་ནས། །མཐའ་ཡས་འགྲོ་བའི་དོན་ཕྱིར་རྒྱལ་བ་ཡི། །ལམ་བཟང་འཚོལ་ལ་བརྩོན་པ་ལྷོད་མ་གྱུར། །ཁྱོད་ནི་དགེ་བའི་བཤེས་ལ་རྒྱལ་བ་བཞིན། །བཅོས་མ་མིན་པའི་དད་པ་བརྟན་པོ་ཡིས། །བསྟན་པའི་སྙིང་པོ་སྡོམ་གསུམ་ལེགས་མནོས་ནས། །གཅིག་ཏུ་བསྟན་པ་འབའ་ཞིག་ལྷག་པར་སེམས། །ཁྱོད་ནི་སྐྱེ་བར་སྦྱངས་པའི་མཐུ་ལྡན་པས། །དྲི་མེད་གཞུང་ལུགས་མང་དུ་ཐོས་པ་དང༌། །དེ་དོན་རིགས་པས་འབྱེད་པའི་རྣམ་དཔྱོད་ཀྱིས། །ཟབ་མོའི་དོན་ལ་འཇིགས་མེད་སྤོབས་པ་ཐོབ། །ཁྱོད་ཐུགས་སྡེ་སྣོད་གསུམ་གྱི་ཕ་མཐར་སོན། །གསང་སྔགས་རྒྱ་མཚོ་ཁྱོད་བློའི་དཔལ་གྱིས་བཟུང༌། །བརྡ་སྤྲོད་གཞུང་དང་སྙན་མངགས་གཞུང་ལུགས་དང༌། །རྟོག་གེའི་གཞུང་བརྒྱ་སྨྲ་བའི་དབང་པོ་ཁྱོད། །མི་ཟད་ཚིག་གི་གཏེར་ལ་དབང་འབྱོར་པས། །ཐ་སྙད་སྨྲ་ལ་གཞན་དྲིང་མི་འཇོག་ཅིང༌། །དབང་པོའི་རིམ་བཞིན་སྙིང་ལ་ལེགས་འབབ་པའི། །ལེགས་པར་བཤད་པའི་སྒྲ་དབྱངས་སྒྲོག་མཁས་པ། །ཁྱོད་ཀྱིས་རང་གཞན་གྲུབ་མཐའ་རྒྱ་མཚོའི་གནད། །ལེགས་པར་རྟོགས་ནས་ལུང་གི་རྗེས་འགྲོ་བའི། །དྲི་མེད་རིགས་པའི་རྣམ་འགྱུར་སྟོང་སྤྲོས་པས། །གཞན་གཞུང་དྲེགས་པའི་རི་བོ་བསྙིལ་ལ་མཁས། །ཁྱོད་ནི་རྒྱལ་བའི་དགོངས་པ་འགྲེལ་བ་ལ། །རྨད་བྱུང་ཤིང་རྟའི་སྲོལ་ནས་ལེགས་དྲངས་པའི། །ཕུལ་བྱུང་ལེགས་བཤད་རྩོམ་པའི་མཐུ་གྲུབ་པས། །ཐུབ་བསྟན་ཉིན་མོར་བྱེད་པ་ཁྱོད་ཀྱིས་ནི། །དགེ་ལེགས་རྩ་བ་དཔལ་ལྡན་བླ་མ་ཀུན། །རང་རང་འཁོར་ལོའི་མགོན་དང་དབྱེར་མེད་པར། །ལེགས་པར་རྟོགས་ནས་མཆོག་དང་ཐུན་མོང་གི །དོན་ཀུན་སྒྲུབ་མཁས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཀྱི་ལེགས་བྱས་འདིས་མཚོན་ནས། །རང་དང་གཞན་གྱི་དུས་གསུམ་དགེ་བ་ལ། །ཡི་རང་བགྱིས་པའི་རྣམ་དཀར་དགེ་བ་དེ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དོན་དུ་བསྔོ།།  །།ཞེས་པ་འདི་ནི་དད་ལྡན་འགས། །ནན་གྱིས་བསྐུལ་བའི་ངོར་བགྱིས་ཏེ། །རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས། །ནཱ་ལ་ཨིནྡྲའི་ཆོས་གྲྭར་སྦྱར།།  །།ན་མཿགུ་རཱ་ཝེ། ཤཱཀྱའི་སྲས་ཀྱི་ཐེག་མཆོག་ངེས་པའི་དོན། །ཚད་ལྡན་ཤིང་རྟའི་སྲོལ་དུ་གང་བྱོན་པ། །དྲི་མེད་ལེགས་པའི་བློ་ཡིས་འདོམས་པ་ལ། །མཚུངས་བྲལ་དགེ་བའི་བཤེས་ལ་གསོལ་བ་འདེབས། །མཁས་བཙུན་བཟང་པོས་རང་རྒྱུད་སྨིན་པའི་སྐུ། །འཆད་རྩོད་རྩོམ་པས་གཞན་རྒྱུད་གྲོལ་བའི་གསུང༌། །ཐོས་བསམ་སྒོམ་པས་ཡིད་ཆེས་བརྙེས་པའི་ཐུགས། །མཁྱེན་བརྩེ་ནུས་པའི་དབང་པོར་གསོལ་བ་འདེབས། །ཇི་ལྟའི་དོན་ལ་ཆགས་པ་སྤངས་པའི་ཐུགས། །ཇི་སྙེད་འཆད་ལ་ཐོགས་པ་མེད་པའི་གསུང༌། །ཟུང་འཇུག་མཚན་མས་དབེན་པ་རྡོ་རྗེའི་སྐུ། །དཔལ་ལྡན་རིགས་བརྒྱའི་བདག་པོར་གསོལ་བ་འདེབས། །ཤེས་རབ་མིག་གིས་མཐའ་གཉིས་སེལ་བའི་གསུང༌། །སྙིང་རྗེའི་ལམ་ནས་འགྲོ་བ་འདྲེན་པའི་སྐུ། །ནམ་ཡང་དབུ་མའི་ལམ་ལ་གཞོལ་བའི་ཐུགས། །ཐུབ་བསྟན་སྙིང་པོར་མཛད་ལ་གསོལ་བ་འདེབས། །རང་བཞིན་རྣམ་དག་རྫོགས་སངས་རྒྱས་ཀྱི་སྐུ། །གློ་བུར་རྣམ་དག་བདེ་བ་ཆེན་པོའི་གསུང༌། །ཟབ་གསལ་སྤྲོས་ཀུན་བྲལ་བའི་ཐུགས་རྗེ་ཡིས། །འགྲོ་མང་འདྲེན་པའི་དབང་པོར་གསོལ་བ་འདེབས། །མ་རྣམས་སྲིད་ལས་སྒྲོལ་བའི་ལྷག་བསམ་གྱིས། །སྐུ་གསུང་ཐུགས་ཀྱི་བགྱི་བ་ཅི་མཆིས་པ། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཆེན་གྱི། །རིམ་གྲོར་བགྱི་བ་དེ་ལ་གསོལ་བ་འདེབས། །དེ་ལྟར་དགེ་བའི་བཤེས་ལ་བསྙེན་བྱས་ནས། །འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང༌། །ལས་འབྲས་བླང་དོར་འབྱེད་པའི་ཤེས་རབ་ཀྱིས། །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྲིད་པའི་ཕུན་ཚོགས་ཀུན་གྱི་རྩ་བ་ནི། །རྨོངས་པའི་མུན་ཆེན་ཡིན་པར་ཐག་བཅད་ནས། །བདག་མེད་ཡེ་ཤེས་འབར་བའི་སྒྲོན་མ་ཡིས། །དམ་ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །བྱང་ཆུབ་ཐུགས་མཆོག་ཆ་ཤས་གཅིག་ཙམ་ཡང༌། །འགྲོ་ཀུན་ཕན་བདེའི་བྱེད་པོར་ངེས་རྙེད་ནས། །གཞན་དོན་འབའ་ཞིག་སེམས་པའི་བརྩོན་འགྲུས་ཀྱིས། །ལམ་གྱི་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །བཟང་ངན་རྟོག་པའི་ཕྲེང་བ་ཅི་ཤར་ཡང༌། །གནས་ལུགས་སྒྲིབ་པའི་དྲི་མར་ཤེས་གྱུར་ཏེ། །མི་རྟོག་ཏིང་ངེ་འཛིན་ངང་ནས་འཁྲུལ་སྣང་ཀུན། །ཡེ་ཤེས་ཉིད་དུ་འཆར་བར་བྱིན་གྱིས་རློབས། །ཅེས་པ་དགེ་བའི་བཤེས་གཉེན་དང༌། །རྡོ་རྗེའི་སློབ་དཔོན་སོ་སོ་ཡང༌། །གཅིག་ཏུ་བསྡུས་པའི་སྐུ་མངའ་ལ། །བཀའ་དྲིན་དྲན་པའི་མོས་གུས་ཀྱིས། །མཆོད་བརྗོད་དངོས་གྲུབ་གསོལ་བའི་ཚིག །བསོད་ནམས་རྒྱལ་མཆོག་རབ་བརྟན་དཔལ། །བཟང་པོའི་གསུང་གིས་བསྐུལ་བའི་ངོར། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར། །བླ་མའི་ཟབ་ལམ་གཅིག་པུས་མཁའ་སྤྱོད་དུ། །མྱུར་བར་མཁས་འགྲོའི་དབང་ཕྱུག་གྱུར་འདོད་པའི། །ཡིད་བཟང་གང་དག་མཆོག་གི་སྐལ་ལྡན་དུ། །ལེགས་པར་འཁྲིད་པའི་བསྟོད་དབྱངས་དམ་པ་ཡིན། །མངྒུ་རུ་ཙ་རཎ་མཱུ་ལ་ཨཱ་ཛནྨ་ཛ་ཏི་བྷ་ཝ་ཏི། སརྦ་ཛ་ག་ཏ་ཤུ་བྷ་ཝནྟུ།།  །།ན་མཿགུ་རཱ་ཝེ། དགེ་ལེགས་ཀུན་འབྱུང་ཐུབ་བསྟན་རིན་པོ་ཆེ། །འཁྲུལ་པའི་ལམ་ནས་གྱེན་དུ་འདེགས་པ་ལ། །དཔལ་ལྡན་ལུང་དང་རིགས་པའི་སྟོབས་བརྒྱ་པ། །འཇིགས་མེད་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། །ལོ་བཅུ་ལོན་ཚེ་ཤཱཀྱའི་མཚན་ཅན་ལས། །རབ་ཏུ་བྱུང་ནས་རྒྱ་ཆེའི་ཆོས་རྣམས་བཟུང༌། །ཉེར་ལྔའི་དུས་སུ་ཀུན་དགའི་ཞབས་པད་ལས། །བསྙེན་པར་རྫོགས་ནས་ཟབ་མོའི་ཆོས་མང་གསན། །བཤེས་གཉེན་དམ་པ་བཅུ་ཕྲག་བཞི་པོ་ལས། །མདོ་རྒྱུད་མན་ངག་རིག་གནས་ཕལ་ཆེར་ཐོས། །བསྟན་ལ་ལོག་པར་གཞོལ་རྣམས་བརྡ་སྤྲོད་པའི། །གཞུང་རྩོམ་བྱེད་པོར་གུས་པས་གསོལ་བ་འདེབས། །བཅོ་བརྒྱད་ལོ་ལ་བཤད་པའི་གྲྭར་ཞུགས་ནས། །བར་ཆད་མེད་པར་ལོ་གྲངས་ལྔ་བཅུ་རུ། །གཞུང་ཆེན་ཕལ་ཆེར་ཤིང་རྟའི་སྲོལ་བཟང་བཞིན། །འཆད་མཁས་ཁྱོད་ཀྱིས་བཤད་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བགྱི་བ་ཅི་མཛད་པ། །ཐུབ་བསྟན་རྒྱས་པའི་དོན་དུ་བསྔོ་མཛད་ཅིང༌། །མ་རྣམས་སྲིད་པའི་མཚོ་ལས་སྒྲོལ་ལོ་ཞེས། །དམ་བཅའི་ཁུར་ཆེན་ཁྱེར་ལ་གསོལ་བ་འདེབས། །ཕ་རོལ་ཕྱིན་དང་ཐེག་མཆོག་རྩེ་མོ་ཡི། །ངེས་པའི་དོན་ལ་རིགས་པས་དཔྱོད་པ་དང༌། །གོམས་བྱེད་བློ་ཡི་མྱོང་བྱར་བརྡ་འཕྲོད་ནས། །འཁྲུལ་མེད་ལམ་དུ་ཞུགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཆད་རྩོད་རྩོམ་དང་ཐོས་བསམ་སྒོམ་པ་ཀུན། །སྔོན་བྱོན་མཁས་གྲུབ་གོང་མའི་བཞེད་ཇི་བཞིན། །མ་ནོར་ཉམས་ལེན་བྱེད་ལ་གེགས་མེད་ཤོག །ཅེས་པ་འདི་ནི་རྣལ་འབྱོར་གྱི། །དབང་ཕྱུག་རྡོ་རྗེ་བདུད་འདུལ་གྱིས། །གསོལ་བ་བཏབ་པའི་ངོར་བྱས་ནས། །བསྟོད་ཡུལ་ཉིད་ཀྱིས་སྨྲས་པའོ། །ཤུ་བྷ་མསྟུ་སརྦྦ་ཛ་ག་ཏ་མི་ཏི།།  །།ན་མཿགུ་རུ་ཝེ། རང་དོན་ཞི་བའི་གནས་སུ་མི་གཟིམས་ཤིང༌། །གཞན་དོན་ཕན་བདེའི་གནས་སུ་རྟག་འཆར་བ། །དཔལ་ལྡན་བླ་མ་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །སྒོ་གསུམ་མཛད་པས་རྒྱལ་བའི་གདུང་འཚོབ་ཅིང༌། །རྒྱལ་བ་ཉིད་ཀྱི་ཕྲིན་ལས་ཀུན་མཛད་པ། །དཔལ་ལྡན་བླ་མ་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །ནམ་ཡང་བདག་ཉིད་གཅེས་པར་མི་འཛིན་ཞིང༌། །ཅི་མཛད་གཞན་གྱི་དོན་དུ་ལྷུན་གྲུབ་པ། །དཔལ་ལྡན་བླ་མ་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །ཆོས་བརྒྱད་སྒྱུ་མའི་གར་ལ་མི་གཟིགས་ཤིང༌། །ངེས་དོན་ལེགས་པར་བཤད་པའི་བདུད་རྩི་ཡིས། །འཚོ་མཛད་བླ་མ་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །སྐད་ཅིག་ཙམ་ཡང་ལྷོད་པར་མི་བཞུགས་ཤིང༌། །ཤུགས་དྲག་རྒྱུན་མི་ཆད་པའི་བརྩོན་འགྲུས་ཀྱིས། །འགྲོ་བའི་དོན་མཛད་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །ཚེ་འདིའི་སྣང་བ་ཡུད་ཙམ་ཉིད་དུ་མཁྱེན། །མཛད་པ་མ་ལུས་ཕན་དང་བདེ་བའི་རྒྱུར། །བསྔོ་མཛད་བླ་མ་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །འཁོར་བའི་བདེ་བས་ནམ་ཞིག་བསླུ་བར་གཟིགས། །མྱང་འདས་བདེ་བ་ཉམ་ངའི་གནས་སུ་མཁྱེན། །སྲིད་ཞིའི་མཐར་སོན་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །ཆོས་དང་ཆོས་མིན་སོ་སོར་འབྱེད་མཁྱེན་ནས། །རང་དང་གཞན་གྱི་ཕྱོགས་འཛིན་མི་མངའ་བར། །ཀུན་ལ་སྙོམས་མཛད་རྒྱལ་བའི་དབང་པོ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །རྣམ་ཤེས་ཡུལ་དུ་གང་སྣང་འཁྲུལ་པར་མཁྱེན། །མཁྱེན་པོའི་ཡེ་ཤེས་གདོད་ནས་སྟོང་པར་གཟིགས། །སྣང་སྟོང་ཟུང་འཇུག་སྒྱུ་མའི་རྣལ་འབྱོར་པ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །དལ་འབྱོར་ཤིང་རྟའི་གྲུ་ཆེན་ལ་ཆིབས་ནས། །སྲིད་པའི་མཚོ་དང་ཞི་བའི་མཐར་འཛིན་ལ། །སྒྲོལ་མཛད་དད་དཔོན་འགྲོ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་ཀྱང་དེ་འདྲར་ཤོག །ཚེ་འདིའི་སྣང་བ་སུ་ལའང་རྟས་པ་མེད། །བར་སྣང་གློག་འདྲའི་དལ་འབྱོར་འདི་བཟུང་ནས། །རྒྱལ་བའི་སྲས་རྣམས་གཤེགས་པའི་ལམ་བཟང་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་བསྐྱངས་པའི་མ་རྣམས་ནི། །སྡུག་བསྔལ་གསུམ་གྱིས་གདུངས་པ་འདི་བསམས་ཚེ། །བཟོད་གླགས་མེད་པའི་སྙིང་རྗེ་ཆེན་པོ་ཡིས། །བརྩོན་འགྲུས་དྲག་པོ་རྩོམ་པར་བྱིན་གྱིས་རློབས། །ཞེས་པ་བཤེས་གཉེན་དཀོན་མཆོག་རིན་ཆེན་གྱི་ཁ་གཏོན་དུ་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར་བགྱིས་ནས། །ལེགས་པའི་བློས་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*