རྗེ་བཙུན་ངག་གི་དབང་པོའི་སྒྲུབ་ཐབས་པདྨ་དཀར་པོའི་ཕྲེང་བ་སོགས་ཡི་དམ་ལྷའི་སྒྲུབ་ཐབས།

༼ཉ༽༄༅། །རྗེ་བཙུན་ངག་གི་དབང་པོའི་སྒྲུབ་ཐབས་པདྨ་དཀར་པོའི་ཕྲེང་བ་སོགས་ཡི་དམ་ལྷའི་སྒྲུབ་ཐབས་ཀྱི་ཚོགས་བཞུགས།།

ན་མོ་ཝ་གི་ཤྭ་ར་ཡ། རྗེ་བཙུན་ངག་གི་དབང་པོའི་སྒྲུབ་པའི་ཐབས་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་ངག་གི་དབང་ཕྱུག་ཉིད་ལ་ཕྱག་འཚལ་ལོ། །དཀར་སྣུམ་གླང་ཆེན་ཁྱུ་ཡིས་བརྗིད་ཆགས་ཤིང༌། །དཀར་སེང་ངང་པའི་ཚོགས་ཀྱིས་རོལ་རྩེད་པའི། །དཀར་བསིལ་འོ་མའི་ཆུ་གཏེར་ཉམས་དགའ་བར། །དཀར་འཇམ་པདྨོའི་ཁྲི་ལ་ཞི་ཞིང་སྒེག །རབ་དཀར་མཚན་དཔེའི་ལང་ཚོ་བལྟ་ན་སྡུག །འཛུམ་དཀར་དབྱངས་ཀྱི་ཕྲེང་བ་རྣ་བའི་དཔལ། །རྣམ་དཀར་ཤེས་རབ་སྙིང་གི་བདུད་རྩིའི་གཏེར། །མདོག་དཀར་ཡེ་ཤེས་སྐུ་ཅན་དེར་ཕྱག་བྱ། །དེ་ལ་རེ་ཤིག་དང་པོ་སྒྲུབ་པ་པོ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གང་ཡང་རུང་བར་ཞུགས་ཤིང༌། ཆུ་དང་ཅོད་པཎ་གྱི་དབང་བསྐུར་བ་ལེགས་པར་ཐོབ་པ། ལྷག་པའི་ལྷ་འདིའི་རྗེས་སུ་གནང་བ་དང་སྒྲུབ་པའི་ལུང་ཕྱིན་ཅི་མ་ལོག་པ་ཐོབ་ནས། དམ་ཚིག་དང་ལྡན་པའི་སློབ་མ། དགེ་བསྙེན་གྱི་གསོ་སྦྱོང་ཡན་ཆད་ལ་གནས་པ་ཁྲུས་དང་གཙང་སྦྲ་སྔོན་དུ་བཏང་སྟེ། ཡིད་དང་མཐུན་པའི་གནས་ཁང་སྐྱང་ནུལ་དང་ཕྱག་དར་བྱས་པ། དྲི་ཞིམ་པོའི་ཆུས་བྱུགས་ཤིང༌། ཨ་ཀ་རུ་ལ་སོགས་པའི་དྲི་བཟང་པོ་དང༌། མེ་ཏོག་གི་ཕྲེང་བ་མཚར་དུ་མངར་བ་དག་གིས་ཕྱོགས་ཀུན་ནས་བསྐོར་ཞིང༌། དར་སྣ་ཚོགས་ཀྱི་བླ་རེ་དང་ལྡ་ལྡིས་མཛེས་པར་ཕུབ་པའི་ནང་དུ། རྗེ་བཙུན་གྱི་བྲིས་སྐུ་དགྲམ་ཞིང༌། ཅི་འབྱོར་པའི་མཆོད་པ་ཡིད་དུ་འོང་བ་བཤམ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་བཏང་སྟེ། རང་ཉིད་ཐ་མལ་དུ་གནས་པས། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་བི་ཤུདྡྷོ྅ཧཾ། ཞེས་བརྗོད་ནས། ཅིར་ཡང་མི་དམིགས་པའི་སྟོང་པ་ཉིད་ལ་ཡུན་རིང་དུ་མཉམ་པར་བཞག་པར་བྱའོ། །དེ་ནི་སྟོང་པའི་རྣལ་འབྱོར་རོ།།  །།དེ་ནས་སྣང་བའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འཇུག་པར་བྱ་སྟེ། སྟོང་པའི་ངང་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་པའི་ཐུགས་རྗེ་དང་སྨོན་ལམ་རྣམ་པར་དག་པའི་མཐུ་ལས་གྲུབ་པའི་ཕྱོགས་ཡངས་ཤིང་ཉམས་དགའ་བ། མཐོ་དམན་མེད་པ། བརྗིད་ཆགས་ཤིང་མཛེས་པ། བལྟ་ན་སྡུག་པ། རིན་པོ་ཆེའི་བྲག་རི་ལྷུན་སྟུག་པ་དག་གིས་ཕྱོགས་ཀུན་ནས་འཁོར་བའི་ངོས་ལ་དྲང་སྲོང་དུ་མ་བསམ་གཏན་མཛད་པ། ཨིནྡྲ་ནི་ལའི་འོད་ཟེར་སྟོང་ཕྲག་རབ་ཏུ་འཁྲུགས་པའི་ནེའུ་སིང་སྔོན་པོས་ཕྱོགས་མཐའ་དག་རབ་ཏུ་བསྐོར་བ། དེ་ན་སྤྲུལ་པའི་གླང་པོ་ཆེ་ཐལ་དཀར་གསེར་གྱི་དྲྭ་བས་སྤྲས་པ་དུ་མ་འགྱིང་ཞིང་རྩེ་བས་སྒྱེལ་བའི་བྱི་རུ་དང་མརྒད་ཀྱི་སྡོང་པོ་ཆལ་ཆོལ་དུ་འདུག་པ། གསེར་གྱི་ཐིག་ཕྲེང་གིས་མིག་མངས་རིས་སུ་མཉམ་པར་བོགས་པའི་བར་མཚམས་དག་ན། རིན་པོ་ཆེ་པདྨ་རཱ་ག་དང༌། ཨནྡ་རྙིལ་གྱི་ཕྲ་ཚོམས་བཀོད་པ། མུ་ཏིག་གི་ཕུང་པོ་གྲམ་བུར་བརྡལ་བ། ལ་ལ་དག་ན་སྤྲུལ་པའི་དགེ་སློང་རབ་ཏུ་མང་པོ་བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྙན་དངགས་དང༌། སྡེབ་སྦྱོར་དང༌། ཚིག་གི་རྒྱན་དང༌། གསོ་དཔྱད་དང༌། ཟློས་གར་དང༌། རིག་པའི་རྣམ་གྲངས་བསམ་ལས་འདས་ཤིང༌། དཔག་པར་དཀའ་བ་དག་དང༌། གཞན་ཡང་ཟབ་པ་དང༌། རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྙན་པར་སྒྲོགས་པ། ལ་ལ་དག་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ནས་འོངས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དག་འཕགས་པ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་བལྟ་ཞིང༌། དགེ་བའི་བཤེས་གཉེན་དུ་བསྟེན་པ། ལ་ལ་དག་ན་བསྙུང་བར་གནས་ཤིང་འཇིགས་པར་དམིགས་ཏེ་གཙང་སྦྲ་བྱེད་པ་བདག་རྗེ་བཙུན་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ངག་གི་དབང་ཕྱུག་ཐོབ་ཅིང༌། ཐོགས་པ་མེད་པའི་སྤོབས་པ་དང༌། གཟུངས་དང་མངོན་པར་ཤེས་པ་མང་པོ་ཤར་བས་གང་བ་དག་ཡོད་དོ། །ནེའུ་སིང་གི་དཀྱིལ་དྲང་ཐད་ན་དངུལ་དཀར་གྱི་མེ་ལོང་དྭངས་ཤིང་དྲི་མ་མེད་པ། དཔག་ཚད་ལྔ་བཅུའི་ཆུ་ཞེང་ཅན་ལ། ཟླ་བ་ཉ་ཡོངས་སུ་གང་བ་འབུམ་ཕྲག་དུ་མའི་འོད་ཟེར་འཐུངས་ཤིང་སིམ་པའི་མདོག་ཅན། སིམ་ཞིང་སྣུམ་པའི་འོ་མ་ཅན་གྱི་རྒྱ་མཚོ་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་སྙིང་པོ་ཅན། ཡན་ལག་བརྒྱད་དང་ལྡན་པ། འབུར་དུ་དོད་པ་ལྟ་བུའི་རྣམ་པས་ཡོངས་སུ་གང་བ། འཇམ་ཞིང་དལ་བའི་རླབས་ཀྱི་ཕྲེང་བ་དུ་མས་ཉེ་བར་འཁྱུད་ཅིང་བདུད་རྩིའི་ཟེགས་མ་འཐོར་བ། ཨུཏྤལ་དང༌། པུནྡྷ་རི་ཀ་དང༌། པདྨ་དམར་པོ་དག་གི་དྲྭ་བས་མཛེས་པར་ཁེབས་པའི་ཁྲོད་ན། སྤྲུལ་པའི་ཁྲུང་ཁྲུང་དང༌། ངང་ངུར་དང་ས་ར་ས་ལ་སོགས་པ་ཕྱོགས་བརྒྱར་རོལ་ཞིང་རྩེ་བ། མགྲིན་པ་མཐོ་ཞིང་རབ་ཏུ་མཐོ་བར་བཏེག་ནས་རྣམ་ཐར་སྒོ་གསུམ་གྱི་སྒྲ་དབྱངས་སྙན་པར་སྒྲོགས་པ། དེ་ལྟ་བུའི་རྒྱ་མཚོ་ཆེན་པོའི་འགྲམ་ངོགས་ཡངས་ཤིང་རྒྱ་ཆེ་བའི་བར་བར་དག་ན། མཐོ་རིས་ཀྱི་བུ་མོ་སྟོང་གི་ལག་པས་གསར་དུ་བསྐྲུན་པའི་བཻ་ཌཱུརྻའི་འདབ་མ་འབུམ་ཕྲག་སྒྲིགས་པའི་ལོ་མའི་གུར་ཁང་ཉམས་རབ་ཏུ་དགའ་བ་དག་ནི། དྲི་ཟའི་ལྷ་མོ་སྟོང་ཕྲག་མང་པོས་མཆོད་པའི་ཉམས་སྣ་ཚོགས་བསྒྱུར་བའི་དབུས་ན། མཚར་ཞིང་སྡུག་པའི་དབྱངས་ཅན་ལྷ་མོ། རིན་པོ་ཆེ་ནལ་གྱི་རྒྱུད་མངས་སྟོང་ཕྲག་རབ་ཏུ་བརྒྱུས་པའི་དྲི་ཟའི་ཏམ་བུ་ར་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲེངས་པ། ཕྱག་གཡས་པ་གསེར་གྱི་སོར་གདུབ་ལྡིང་ཞིང་འཕུར་བ་ལྟ་བུ་སིལ་སིལ་གྱི་སྐད་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་སྒྲ་དང་བཅས་པའི་སོར་མོའི་ཕྲེང་བས་རྒྱུད་མངས་རབ་ཏུ་བརྡུང་པའི་དབྱངས་ལས། སྙན་དངགས་དང༌། ངེས་བརྗོད་དང༌། སྲིད་བསྲུང་དང༌། བཟོ་དང༌། གསོ་བ་དང༌། བརྡ་སྤྲོད་པ་དང༌། ལུགས་ཀྱི་བསྟན་བཅོས་དུ་མའི་ཉམས་རང་གི་ངང་གིས་འབྱུང་བའི་དབྱངས་སྙན་པོ་དག་གིས་རྗེ་བཙུན་ལ་མཆོད་པར་འབུལ་ཞིང༌། ཨུཏྤལ་ལྟར་ཡངས་ཤིང༌། པིར་གྱིས་བྲིས་པ་ལྟ་བུའི་སྨིན་ལེགས་མ་བྱེ་བ་ཕྲག་བརྒྱ་དང་ཐབས་གཅིག་ཏུ་རྗེ་བཙུན་གྱི་ཞལ་ལ་མངོན་པར་བལྟ་བ་དང་ཅུང་ཟད་འཛུམ་བག་དང་ལྡན་པར་བཞུགས་སོ། །མཚོ་དེའི་དབུས་མ་གཡོ་བའི་སྟེང་གི་ནམ་མཁའ་ལས། པཾ་ཡིག་དཀར་པོ་ཞུ་བ་མཚོའི་ནང་དུ་ལྷུང་ཞིང་སྨིན་པ་ལས་འཁྲུངས་པའི་རིན་པོ་ཆེ་ནལ་གྱི་ཡུ་བ་དང༌། སྦུར་ལེན་གྱི་ཆུ་བ་འཁྲང་ཞིང་ལྡེམ་པའི་ངོས་ལ། ཆུ་ཤེལ་དཀར་པོ་དྲི་མ་མེད་པའི་འདབ་མ་འབུམ་དང་ལྡན་པའི་པདྨ་དཀར་པོའི་ལྟེ་བ། རིན་པོ་ཆེ་དབང་གི་རྒྱལ་པོའི་ཟེ་འབྲུས་ཡོངས་སུ་གང་བ་ལ། གསེར་གྱི་གེ་སར་ཟག་པ་མེད་པའི་བདུད་རྩི་འཁྲུངས་པ་དག་གིས་རིམ་པར་བསྐོར་བ་ལ། གཡུའི་བུང་བ་གཞོན་ནུ་འཁོར་ཞིང་བདུད་རྩིས་རབ་ཏུ་མྱོས་པ་དག་ཆོས་ཀྱི་སྡོམ་བཞིའི་དར་དིར་སྙན་པར་སྒྲོགས་པའོ། །དེའི་སྟེང་ན་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཨཱཿཡིག་དཀར་པོ་གདོད་མ་ནས་སྐྱེ་འགག་གནས་གསུམ་གྱིས་དབེན་པ་དེ་ཞུ་བ་ཡོངས་སུ་འཁྱིལ་བ་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཉ་རབ་ཏུ་གང་ཞིང་བསིལ་བའི་འོད་ཟེར་གྲངས་མེད་པ་རབ་ཏུ་འཁྲུགས་པ། སྙིང་རྗེ་ཆེན་པོའི་ངོ་བོ་རི་བོང་གཞོན་ནུའི་གཟུགས་གསལ་བར་དོད་པ། དེའི་སྟེང་དུ་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཐུགས་རྡོ་རྗེའི་ངོ་བོ་ཨཱཿརིང་པོ་ཚེག་དྲག་ཅན་འོད་ཟེར་འབུམ་ཕྲག་གྲངས་མེད་པ་ནམ་མཁའི་མཐའ་ཀླས་པར་ཁྱབ། སེམས་ཅན་མང་པོའི་མི་ཤེས་པའི་མུན་པ་གསལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཡོངས་སུ་གྱུར་པ་ལས། སྐུ་རྡོ་རྗེའི་ངོ་བོ་རྗེ་བཙུན་ངག་གི་དབང་ཕྱུག་སྐུ་མདོག་ཀཻ་ལ་ཤའི་རི་ལྟར་བརྗིད་ཆགས་པ་ལ། དགུང་ཟླ་ཉ་ཡོངས་སུ་གང་བ་འབུམ་ཕྲག་དུ་མས་ཀུན་ནས་དཀར་བར་བྱས་པ་ལྟ་བུའི་ཚུལ་ཅན། དེ་བཞིན་གཤེགས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཕྱག་གཡས་པ་ངག་གི་དབང་ཕྱུག་མཆོག་གི་དངོས་གྲུབ་སྟེར་བའི་ཉམས་ཀྱིས་གླང་པོ་ཆེ་ཞི་ཞིང་དུལ་བའི་སྣ་ལྟར་བརྐྱང་པ། དེའི་མཐེབ་འཛུབ་སྦྱར་བའི་དབུས་ནས་འཁྲུངས་ཤིང༌། ཉོན་མོངས་པ་དང་སྡུག་བསྔལ་གྱི་འདམ་གྱིས་མ་གོས་པའི་པདྨ་དཀར་པོ་དཔག་བསམ་གྱི་ལྗོན་པ་ལ་འཁྲིལ་ཤིང་གཞོན་ནུ་འཁྲིལ་བའི་ཚུལ་གྱིས་སྙན་གྱི་ཐད་ཀར་སླེབ་པ། སྙན་ཤལ་གྱི་ལུང་མིག་ཡངས་པའི་ངོས་ལ་འཕྱངས་པའི་རིན་པོ་ཆེ་ཉི་མའི་འོད་ཟེར་འཁྱུག་ཅིང་འབར་བའི་ཐད་ཀར་ཁ་བྱེ་བ། དེའི་གེ་སར་གྱི་སྙིང་པོ་ལ་དངོས་པོ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བུའི་ངོ་བོ་མཁའ་ལྟར་དྭངས་ཤིང༌། ལྷ་རྫས་ཀྱི་རྡོ་རྗེ་ལྟར་ཐམས་ཅད་དུ་ཐོགས་པ་མེད་པའི་རལ་གྲི། རྟོག་པའི་དྲྭ་བ་དང་མི་ཤེས་པའི་ས་བོན་གཅོད་པའི་རྣོ་ངར་ཅན། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་ཉི་མ་འབུམ་ལས་ལྷག་པའི་མེ་ལྕེ་དུམ་བུ་དུམ་བུར་འཁྱིལ་ཞིང་རབ་ཏུ་འབར་བ། ཆང་བཟུང་ལ་ས་བོན་གྱིས་མཚན་པ་གྱེན་དུ་བཞེངས་པའོ། །ཕྱག་གཡོན་པ་མི་ཤེས་པའི་འདམ་དང་བྲལ་བའི་ཨུཏྤལ་དཀར་པོའི་ཡུ་བ་ནས་མཐེབ་སྲིན་གྱིས་ཐུགས་ཁར་འཛིན་པ། གྱེན་དུ་འཁྲིལ་བ་སྙན་གྱི་ཐད་ཀར་སླེབ་པ། སྙན་ཤལ་གྱི་རིན་པོ་ཆེ་ཟླ་བའི་འོད་ཟེར་ཕྱོགས་བརྒྱར་འཕྲོ་བའི་ཐད་ཀར་ཞལ་ཕྱེ་བ། གེ་སར་གྱི་སྙིང་པོ་ལ་དངོས་པོ་ཐམས་ཅད་ཀྱི་ཇི་སྙེད་པའི་ངོ་བོ་བཻ་ཌཱུརྻའི་གླེགས་བུ་ལ་འཛམ་བུ་ཆུ་བོའི་གསེར་གཙོ་མས་ཐིག་ལེར་བྲིས་པའི་རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པའི་གླེགས་བམ་སྒྲུབ་པ་པོ་ལ་ཟད་མི་ཤེས་པའི་སྤོབས་པ་དང༌། མི་བརྗེད་པའི་གཟུངས་མཆོག་སྟེར་བའི་ཚུལ་དུ་སྒེག་པར་བཞུགས་པ་ལ། ལྷ་རྫས་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པར་སྤྲས་པའོ། །བུང་བ་ལྟར་གནག་ཅིང་དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རིན་པོ་ཆེ་དབང་གི་རྒྱལ་པོ་བཞུགས་པ་ལ་འོད་ཟེར་ཕྱོགས་བརྒྱར་འཕྲོ་བ། གསེར་གྱི་ཉག་ཐག་འཇམ་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་ཚར་དུ་བསྟར་བའི་སྲད་བུས་ཐད་སོ་ཐད་སོར་བཅིངས་པའི་ཟུར་ཕུད་ལྔ་དང་ལྡན་པ། ལྷའི་བཟོ་བོ་མཁས་པ་ཤེས་རབ་གསལ་ཞིང་ཡིད་གཞུངས་པ་དག་གིས་མཛེས་པར་བསྐྲུན་པའི་རིན་པོ་ཆེའི་རྒྱན་ཕྲེང་ཡིད་རབ་ཏུ་འཕྲོག་པ་སིལ་སིལ་གྱི་དབྱངས་རྣ་བར་སྙན་ཞིང་ཡིད་ལ་སིམས་པ་དག་གིས་མགུལ་བ་དང་དཔུང་པར་བརྒྱན་ཞིང༌། ཕྱག་དང་ཞབས་དང་སོར་མོ་རྣམས་ཀྱི་གདུབ་བུ་འོད་ཟེར་རབ་ཏུ་འཕྲོ་བ་ཡིད་དུ་འོང་བ། དོ་ཤལ་དང༌། དོ་ཤལ་ཕྱེད་པ་དང༌། སེ་མོ་དེའི་ཕྲེང་བ་རིང་པོ་དག་གིས་ཐད་སོ་ཐད་སོར་སྤྲས་པའོ། །དབང་པོའི་གཞུ་ལྟར་བཀྲ་ཞིང་དྭངས་ཤིང་ཐོགས་པ་མེད་པའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་འཇམ་པོ་དང༌། སྐུའི་སྟ་ཟུར་ན་དར་གྱི་མདུད་པ་དམ་པོས་བཅིངས་པའི་ཁུག་ལུང་གི་འཕྲོ་ལ་གཡེར་ཁའི་གསུང་འཇམ་པོ་དང་བཅས་པའི་ལྷ་རྫས་ཀྱི་དར་སྣ་ཚོགས་ཀྱི་སྨད་གཡོགས་མཛེས་པར་བསྣམས་པ། ཞི་ཞིང་རབ་ཏུ་སྒེག་པ། སྙིང་རྗེ་ཆེ་ཞིང་འཛུམ་པའི་མདངས་ཀྱིས་འགྲོ་བ་ཐམས་ཅད་ལ་ཆགས་པའི་ཉམས་དང་ལྡན་པ། ཆ་ཤས་བཅུ་དྲུག་བསགས་པའི་ལང་ཚོ་གསར་པའི་ཁུར་གྱིས་རབ་ཏུ་ལྕི་ཞིང་གཡུར་ཟ་བ། རབ་ཏུ་དྲང་ཞིང་འཕྲང་ཚུགས་པའི་སྐུའི་དབྱིབས་བལྟ་ན་སྡུག་ཅིང༌། ཀུན་གྱི་ཡིད་རབ་ཏུ་འཛིན་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། གསང་བའི་མཛོད་རབ་ཏུ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་གིས་ཀྱང༌། གདུགས་དཀར་གྱི་ཕྲེང་བ་དང༌། བསིལ་ཡབ་ནོར་བུའི་ཡུ་བ་ཅན་དག་གིས། ཕྱོགས་བརྒྱ་ནས་གཡོབ་ཅིང་བཀུར་བསྟི་མཛད་པ། ལྷའི་བུ་དུ་མས་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་སྟེ། མཆོད་པའི་ཉམས་སྣ་ཚོགས་ཀྱིས་མཆོད་པར་མཛད་པའོ། །སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་པདྨ་ར་གའི་ཕོན་པོ་ཉམས་རབ་ཏུ་དགའ་བ་དག་གིས་བརྗིད་ཆགས་ཤིང་སྐྱེས་བུ་ཆེན་པོར་མཚོན་པ། དཔེ་བྱད་བཟང་པོ་བརྒྱད་ཅུའི་རིན་པོ་ཆེའི་རྒྱན་ཕྲེང་སྟར་ལ་བརྒྱུས་བ་དག་གིས་སྐུའི་ཆ་ཤས་ཐམས་ཅད་ཁྱབ་ཅིང་མཛེས་པར་བྱས་པ་གཞན་ཡང༌། ཟབ་པ་དང༌། རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་སྒྲ་དབྱངས་རྣ་བར་འཇེབས་ཤིང༌། ཡིད་ལ་གཤིན་པ་མང་པོ་དང༌། རིག་པའི་གནས་ལྔ་དང༌། ཐ་སྙད་ཀྱི་གཙུག་ལག་བརྒྱ་ཕྲག་རང་གི་ངང་གིས་འཆར་བའི་གསུང་དབྱངས་ཡན་ལག་དྲུག་ཅུའི་འབྲུག་གི་སྒྲ་དབྱངས་ལྗགས་ཀྱི་གློག་ཕྲེང་གཞོན་ནུའི་རྩེ་མོ་ནས། དལ་ཞིང་ཟུར་ཕྱིན་པ། སྐལ་བ་དང་འཚམས་པའི་སྙིང་ལ་རབ་ཏུ་འབབ་པ་དག་རྒྱུན་མི་ཆད་པར་རབ་ཏུ་འབྱུང་བའོ། །དེའི་གཙུག་ཏོར་དང༌། མགྲིན་པ་དང༌། སྙིང་ཁ་རྣམས་སུ་ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ་པར་བྱའོ། །དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨཱཿཡིག་དཀར་པོ་འབུར་དུ་དོད་ཅིང༌། རྟག་ཏུ་འཆར་བ། ཐུགས་རྡོ་རྗེའི་ངོ་བོར་བཞུགས་པའི་མཐའ་སྐོར་དུ། གསུང་རྡོ་རྗེའི་ངོ་བོ། ཨོཾ་ཝཱ་ཥྱཻ་དཱྃ་ན་མ། ཞེས་རང་སྒྲ་དྲག་ཏུ་སྒྲོགས་པའི་ཚུལ་གྱིས་བཞུགས་པ། དེ་ལས་སེམས་གཞན་དུ་མ་འཕྲོས་པར་སྲོག་རྩོལ་བཟུང་སྟེ་ཡུན་རིང་དུ་མཉམ་པར་བཞག་པར་བྱའོ། །དེ་ནི་སྒོ་དྲུག་གི་སྒོ་ནས་ལྷ་བསྐྱེད་པའི་ཆོ་གའོ། །དེ་ནས་སྔགས་ཀྱི་བསམ་གཏན་གྱི་ཆོ་ག་ལས་ངག་གི་དངོས་གྲུབ་བླང་བར་བྱ་སྟེ། ཇི་སྐད་དུ། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཞེས་གསུངས་པས། སྒྲ་སྔགས་ཀྱི་ཕྲེང་བ་དང༌། སེམས་ཟླ་བའི་དཀྱིལ་འཁོར་དང༌། གཞི་སངས་རྒྱས་ཀྱི་སྐུ་རྣམས་གཅིག་ཏུ་དམིགས་ཏེ། སེམས་གཞན་དུ་མ་ཡེངས་པར། ཤིབ་བུའམ། ཡིད་ཀྱིས་ཡི་གེ་དྲུག་པ་སྟོང་ཕྲག་ལ་སོགས་པ་ཅི་རིགས་པ་བཟླ་བར་བྱའོ། །གསང་སྔགས་མི་འགྱུར་བའི་གཞི་ནི། མདུན་གྱི་ལྷག་པའི་ལྷ་ལ་བྱ་བ་ཡིན་ནོ།།  །།དེ་ནས་ཐུན་མཚམས་སུ་བསྟོད་པས་བསྟོད་པར་བྱ་སྟེ། ན་མོ་ཝཱ་གི་ཤྭ་ར་ཡ། ཐུགས་རྗེ་ཆེ་ལྡན་རྒྱལ་བ་ཐམས་ཅད་ཀྱིས། །ཀུན་ལ་ལེགས་འདོམས་གསུང་གི་རྔ་བོ་ཆེ། །གཅིག་བསྡུས་ཚངས་པའི་དབྱངས་ཀྱིས་འདོམས་མཛད་པ། །སྨྲ་མཁས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །མཁྱེན་པའི་སྤྱན་ལྡན་སྐྱོབ་པ་ཐམས་ཅད་ཀྱི། །ཤེས་བྱ་ཀུན་ལ་ཐོགས་མེད་འཇུག་པའི་བློ། །གཅིག་བསྡུས་ལང་ཚོ་ལྡན་པའི་སྐུར་བཞེངས་པ། །མཁྱེན་ལྡན་ཐུགས་རྗེའི་ལྷ་དེར་ཕྱག་འཚལ་ལོ། །སྲིད་པའི་རྒྱ་མཚོ་རིང་ནས་ལེགས་བརྒལ་ཀྱང༌། །གཞན་གྱི་དོན་ཕྱིར་སྐྱེ་བའི་ཆུ་གཏེར་དུ། །སྨོན་ལམ་དག་པའི་ཆུ་སྐྱེས་འདབ་བརྒྱ་པ། །ལེགས་པར་འཁྲུངས་པ་དེ་ལ་ཕྱག་འཚལ་ལོ། །རང་དོན་ཡོངས་རྫོགས་ཆོས་ཀྱི་སྐུ་བརྙེས་ཀྱང༌། །ཞི་བའི་གནས་སུ་སྐད་ཅིག་མི་བཞུགས་པ། །ཐུགས་རྗེའི་ཆ་ཤས་བསགས་པའི་ཟླ་བ་ནི། །ཡོངས་རྫོགས་རྟག་པར་འཆར་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྐྱེ་མེད་ཨཱཿཡིག་སྟོང་པའི་དངོས། །འཕགས་རྣམས་མཆོད་ཅིང་སེམས་ཅན་དོན་བྱས་ནས། །སྣང་ཞིང་ངོ་བོས་སྟོང་པ་སྒྱུ་མའི་སྐུ། །གཞོན་ནུར་འཁྲུངས་པ་དེ་ལ་ཕྱག་འཚལ་ལོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་མངའ་བའི། །མ་ལུས་བདུད་སྡེའི་དཔུང་གིས་ཕྱག་བྱས་ཤིང༌། །ལོག་བློས་མི་སྒུལ་ཚིག་ལ་ཐོགས་མེད་པའི། །གསུང་རབ་ཀུན་བསྡུས་ཡིད་འཕྲོག་གླེགས་བམ་གཟུགས། །སྐལ་བར་ལྡན་པའི་སྙིང་གི་ཁྱམས་ཆེན་དུ། །གཡོན་པའི་ཕྱག་གིས་སྟེར་ལ་ཕྱག་འཚལ་ལོ། །རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ནི། །དབང་གི་རྒྱལ་པོས་འགྲོ་བ་མ་ལུས་པ། །ཀུན་ཀྱང་དབང་དུ་བསྡུད་ལ་ཕྱག་འཚལ་ལོ། །ཐུགས་ཁར་ཀུན་རྫོབ་ཟླ་བའི་དཀྱིལ་འཁོར་ལ། །དོན་དམ་ཨཱཿཡིག་རི་བོང་འཛིན་པའི་གཟུགས། །མཐའ་སྐོར་ཡི་གེ་དྲུག་པའི་འོད་དཀར་ལས། །ངག་དབང་སྦྱིན་པར་མཛད་ལ་ཕྱག་འཚལ་ལོ། །མང་དུ་ཐོས་པ་གང་བསགས་དང༌། །རྣམ་པར་དཔྱོད་པའི་ཤེས་རབ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡི། །མཆོད་པ་དྲི་མ་མེད་དེ་འབུལ། །རྒྱལ་བའི་བཀའ་དང་ཚད་ལྡན་གཞུང༌། །ཉི་མ་རེ་ལ་ཤླཽ་ཀ །སྟོང་ཕྲག་རེ་ནི་ལེན་པ་དང༌། །རྟག་ཏུ་མི་བརྗེད་འཛིན་པར་ཤོག །རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས། །དེ་དོན་རྣམ་པར་འབྱེད་པ་དང༌། །རྟག་ཏུ་སེམས་ཤིང་བསྒོམ་པ་དང༌། །ཆོས་ཀུན་སྒྱུ་མར་ཤེས་པར་ཤོག །སྟོང་པ་ཉིད་ཀྱི་དོན་རྟོགས་ནས། །ས་རབ་དགའ་བ་ཐོབ་ཀྱི་བར། །དགེ་བའི་བཤེས་དང་འཕྲད་པ་དང༌། །འཇམ་པའི་དབྱངས་ཀྱིས་རྗེས་འཛིན་ཤོག །སྒྲ་དང་ཚད་མ་ཤེས་པ་དང༌། །བཟོ་དང་གསོ་བ་རིག་པ་ཡིས། །ལུགས་ངན་ཐམས་ཅད་ཕམ་བྱས་ནས། །གཞན་དག་རྗེས་སུ་འཛིན་པར་ཤོག །རྟག་ཏུ་ཚེ་རབ་དྲན་པ་དང༌། །རབ་ཏུ་བྱུང་བ་བགྱིད་པ་དང༌། །འདུ་འཛི་ཐམས་ཅད་སྤོང་བར་ཤོག །ཕོངས་པ་རྣམས་ལ་སྟེར་བ་དང༌། །ཚུལ་ཁྲིམས་དྲི་མ་མེད་པ་དང༌། །གཞན་གྱིས་མཐོང་ན་དགའ་བ་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་དང༌། །མཉམ་པར་བཞག་པ་ཐོབ་པ་དང༌། །མང་དུ་ཐོས་པ་མཆོག་དང་ནི། །གཞན་དོན་བྱང་ཆུབ་ལ་རེ་བས། །རྟག་ཏུ་གཞན་ལ་འདོམས་པར་ཤོག །ཆོས་ཀྱི་མིག་ནི་ཐོབ་པ་དང༌། །མངོན་པར་ཤེས་པ་འཆར་བ་དང༌། །མི་སྲུན་པ་ལ་བཟོད་པ་ཡིས། །རྟག་ཏུ་གཞན་གྱི་དོན་བྱེད་ཤོག །ནམ་ཡང་ཀུན་གྱིས་བཀུར་བ་དང༌། །འཁོར་ནི་ཡོངས་སུ་དག་པ་དང༌། །ལྕེ་བདེ་དོན་གསལ་ལྡན་པ་ཡིས། །རང་བཟོ་སྤངས་ཏེ་འཆད་པར་ཤོག །བག་ཡོད་བཟོད་སྲན་ཆེ་བ་དང༌། །སྨྲ་མཁས་སྙིང་ལ་འབབ་པ་དང༌། །མཛངས་ཤིང་སྙན་པར་སྨྲ་བ་ཡིས། །སློབ་མའི་རེ་བ་སྐོང་བར་ཤོག །ཅེས་རྟོག་པ་ནས་གསུངས་པའི་རྗེ་བཙུན་ངག་གི་དབང་པོ་བྱ་རྒྱུད་རང་རྐང་གི་སྒོ་ནས་སྒྲུབ་པ་དང་བསྟོད་པ། རྗེ་བཙུན་གྱི་ཐུགས་རབ་ཏུ་འཁུལ་བྱེད། པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་ལ་ཡིད་རབ་ཏུ་དྭང་བའི་དགེ་སློང་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་གུས་པར་སྦྱར་བ་འདི་ནི། ངག་གི་དབང་ཕྱུག་དཔལ་གྱིས་བསྐུལ་བའི་དོན་དུ་འཚལ་བའོ།།  །།མངྒ་ལཾ།།  །། ༄༅། །བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་སྒྲུབ་ཐབས་ཚངས་པའི་དབྱངས་ཀྱི་ཕྲེང་བ་བཞུགས།། ༄༅། །ན་མཿམཧཱ་ཙཎྜ་ཡེ། སྟོང་ཕྲག་རྩེ་མོ་འཁྲུགས་པའི་མེ་དཔུང་ནི། །བརྒྱ་བྱིན་གཞུ་ལྟར་འཁྱིལ་བའི་གུར་ཁྱིམ་ན། །གཟི་བརྗིད་བརྒྱ་ལྡན་ཁྲོ་ཆེན་འོད་དཀར་ཅན། །ལེགས་པར་ཤར་བ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་མཆོད་པར་བརྗོད་ནས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་བྱུང་བའི་བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་བསྒྲུབ་པ་བཤད་པར་བྱ་བ་ལ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། བསྒྲུབ་པའི་སྤྱོད་པ་དང་གསུམ་གྱི་སྒོ་ནས་དངོས་གྲུབ་བླང་བར་བྱའོ། །དང་པོ་ནི། རེ་ཤིག་སྒྲུབ་པ་པོ་སྤྱོད་པའི་རྒྱུད་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང༌། དབང་བསྐུར་བ་མནོས་ནས། དམ་ཚིག་དང་སྡོམ་པ་ལ་གནས་པ་དེས། རིའི་ཕུག་གམ། ཤིང་ལྗོན་པའི་དྲུང་ངམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པའི་གནས། དབེན་ཞིང་ཉམས་དགའ་བར་སྐྱིལ་མོ་ཀྲུང་བཅས་ཏེ། བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི། མཐའ་ཡས་པའི་སེམས་ཅན་ལ་དམིགས་པའི་བྱམས་པ་དང༌། སྙིང་རྗེ་སྔོན་དུ་བཏང་སྟེ། བདུད་བཞི་དང༌། ས་གཉིས་ལས་འདས་ཏེ། གཏུམ་པོ་དཀར་པོའི་གོ་འཕང་སྔོན་དུ་བྱེད་པར་འདོད་པའོ། །དེ་ནི་ཕྱིའི་འཇུག་པའོ། །ནང་གི་འཇུག་པ་ནི། འདི་ལྟར་ཡིད་ལ་བསམ་པར་བྱ་སྟེ། རང་གི་སེམས་ལས་གཞན་དུ་སྣང་བ། སྣང་བ་འདི་ཐམས་ཅད་ནི། སེམས་ཀྱི་བྱས་པ་ཡིན་གྱི་དོན་ལོགས་ན་གྲུབ་པ་མེད་པས་ངོ་བོ་ཉིད་ཀྱིས་སྟོང་པའོ། །སེམས་ཀྱང་སྐྱེ་འགག་གནས་གསུམ་ལ་བརྟགས་པ་ན་ངོས་བཟུང་དང་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པའོ། །ཞེས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནི་མཚན་མ་མེད་པའི་རྣལ་འབྱོར་གྱིས་འཇུག་པའོ། །དེ་ནས་མཚན་མ་དང་བཅས་པའི་རྣལ་འབྱོར་གྱིས་འཇུག་པར་བྱས་ཏེ། ཇི་སྐད་དུ། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་ནི་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་བཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །སླར་སྡུད་པའི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམས་པར་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །ཞེས་གསུངས་པ་དང་མཐུན་པར་བྱས་ཏེ། དེ་ལ་ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་སྒོམ་པ་ནི་བཤད་མ་ཐག་པ་དེ་ཡིན་ནོ། །ཡི་གེ་གཉིས་པའི་རྣལ་འབྱོར་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་འབུམ་དང་ལྡན་པ། སྟོང་གསུམ་གྱི་ཚད་དང་མཉམ་པ། དེའི་ལྟེ་བ་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བ་བསིལ་བའི་འོད་ཟེར་འབུམ་ཕྲག་འབབ་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ཚ་བའི་འོད་ཟེར་འབུམ་ཕྲག་གྲངས་མེད་པ་རབ་ཏུ་འཁྲུགས་པ། དེའི་སྟེང་དུ་རང་གི་རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ་ཧཱུྃ་ཡིག་རིང་པོ་འོད་ཟེར་དཀར་པོ་གྲངས་མེད་པ་རབ་ཏུ་འཕྲོ་ཞིང༌། དྲག་ཏུ་འཚེར་བ། གཟུང་འཛིན་གཉིས་བྲལ་བའི་ངོ་བོ་ཡིན་རིང་དུ་བསམ་པར་བྱའོ། །དེ་ནི་ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང་བ་ཞེས་བྱ་བ་དེ་ཡིན་ནོ། །དེ་ནས་གཞི་དང་པོ། རང་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་འཇུག་པར་བྱ་སྟེ། ཧཱུྃ་ལས་འོད་འཕྲོས་པས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། མི་ཤེས་པའི་མུན་པ་བསལ། སླར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་གཏུམ་པོ་དཀར་པོ། སྐུ་མདོག་གངས་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཡོན་པའི་པུས་མོའི་ལྷ་ང་དང༌། གཡས་པའི་མཐིལ་གྱིས་ཉི་མའི་གདན་ལ་བརྟེན་པས་བདུད་བཞི་དང༌། ས་གཉིས་ཀྱི་འཇིགས་པ་མཐའ་དག་མནོན་པར་མཛད་པའོ། །ཕྱག་གཡས་པ་ན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་རལ་གྲི་ནམ་མཁའ་ལ་འཆར་བས་མི་ཤེས་པའི་མུན་པ་ཐམས་ཅད་གཅོད་པར་མཛད་པའོ། །ཕྱག་གཡོན་པ་སྡིགས་འཛུབ་ཐུགས་ཀར་མཛད་དེ་རྡོ་རྗེའི་ཞགས་པ་ལན་གསུམ་དུ་དཀྲིས་པས། འབྱུང་པོ་ཐམས་ཅད་སྲིན་འཛུབ་གྱི་རྩ་བར་མནན་ཅིང་འཆིང་བར་མཛད་པའོ། །དམར་ལ་ཟླུམ་པའི་སྤྱན་གསུམ་སྟེང་འོག་དང་ཕྱོགས་མཚམས་སུ་གཟིར་ཤིང་བསྒྲད་པས། ས་འོག་དང༌། ས་སྟེང་དང༌། ས་བླ་ན་གནས་པའི་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་མནོན་པར་མཛད་པ། རྣོ་ཞིང་ངར་དང་ལྡན་པའི་མཆེ་བ་མ་མཆུའི་སྟེང་དུ་རྣམ་པར་གཙིགས་པས་ཕས་ཀྱི་རྒོལ་བ་ཐམས་ཅད་སྐྲག་ཅིང་སྤ་བཀོང་བར་མཛད་པ། དབུ་སྐྲ་དང༌། སྨ་ར་དང༌། སྨིན་མ་དམར་སེར་གྱེན་དུ་འབར་བས་ཉོན་མོངས་པའི་བུད་ཤིང་ཐམས་ཅད་བསྲེག་པར་མཛད་པ། རིན་པོ་ཆེ་སྣ་ལྔའི་རྒྱན་སྣ་ཚོགས་རང་རང་གི་གནས་སུ་མཛེས་པར་འཁོད་ཅིང༌། སིལ་སིལ་གྱི་སྒྲ་སྙན་པར་འཁྲོལ་བས་འགྲོ་བ་རྣམས་དབང་དུ་བསྡུད་པ། སྦྲུལ་ཆེན་པོའི་སྐེ་རགས་བཅིངས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཀྱིས་སྐུ་སྨད་མཛེས་པར་བྱས་པས། ཀླུའི་ནད་སེལ་ཞིང་འགྲོ་བ་མཐའ་དག་ལ་བྱམས་ཤིང་སྙིང་རྗེ་བར་མཛད་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོ་ན། བཅོམ་ལྡན་འདས་མི་བསྐྱོད་པ་དབང་གི་རྒྱལ་པོའི་ངོ་བོར་བཞུགས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བར་བྱེད་ཅིང༌། རྒྱུད་བྱིན་གྱི་བརླབ་པར་མཛད་པའོ། །དེའི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ཁ་རྣམས་སུ། ཨོཾ་ཨཱཿཧཱུྃ། ཞེས་བྱ་བའི་སྔགས་དང་ཕྱག་རྒྱས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་དག་ནི་གཞི་དང་པོའི་རྣལ་འབྱོར་རོ། །དེ་ནས་གཞི་གཉིས་པ་མདུན་དུ་སངས་རྒྱས་བསྐྱེད་པ་ནི། རང་གི་མདུན་དུ་ཁྲུ་གང་ལས་མི་རིང་བར་པདྨ་དང༌། ཟླ་བ་ཉི་མའི་གདན་གྱི་སྟེང་དུ། རང་དང་འདྲ་བའི་བཅོམ་ལྡན་འདས། སྔ་མ་ཁོ་ན་བཞིན་བསྐྱེད་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པར་བྱའོ། །དེ་དག་ནི་འཇུག་པའི་སྤྱོད་པ་ཡིན་ནོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི་གཉིས་ཏེ། མཚན་བཅས་དང༌། མཚན་མེད་དོ། །དང་པོ་ནི། རང་གི་སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། འཁོར་ལོ་དཀར་པོ་རྩིབས་བཅུ་པ་ལྟེ་བ་མུ་ཁྱུད་དང་བཅས་པ་གཡས་བསྐོར་དུ་དྲག་ཏུ་འཁོར་བ། དེའི་ལྟེ་བའི་ནང་དུ། ཧཱུྃ་ཡིག་དཀར་པོ་ཡེ་ཤེས་སེམས་དཔའ་ངོ་བོར་བཞུགས་པ། རྩིབས་བཅུ་ལ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་བྱའོ། །ཡི་གེ་བཅུ་པོ་རང་སྒྲ་དྲག་ཏུ་སྒྲོགས་པ་གཡོན་བསྐོར་དུ་བཞུགས་པར་བསམ་པར་བྱའོ། །དེ་ཉིད་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་སྲོག་རྩོལ་སྒོམ་ནས་གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ་མམ་དྲུག་ལ་སོགས་པ་ཅི་རིགས་པར་བཟླ་བར་བྱའོ། །དེ་ནི་ཕྱིའི་བཟླས་བརྗོད་དོ། །དེ་ནས་ནང་གི་བཟླས་བརྗོད་ལ་འཇུག་པར་བྱ་སྟེ། བདག་བསྐྱེད་ཀྱི་སྙིང་ཁའི་ཧཱུྃ་ལས། ཡི་གེ་བཅུ་པོ་རིམ་པ་བཞིན་འཁྲུངས་ཏེ། བདག་བསྐྱེད་ཀྱི་ཞལ་ནས། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། འཁོར་ལོ་རྩིབས་བཅུ་པ་ཡིག་འབྲུ་དང་བཅས་པ་སྔར་བཞིན་དུ་བསམ་པའི་སྔགས་ཀྱི་ཕྲེང་བ་ལ་སོ་སོར་ཐིམ། སླར་ཡང་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་མདུན་བསྐྱེད་ཀྱི་ལྟེ་བ་ནས་འཐོན། བདག་བསྐྱེད་ཀྱི་ལྟེ་བར་བཞུགས། སྙིང་ཁའི་འཁོར་ལོ་སྔགས་ཀྱི་ཕྲེང་བ་དང་བཅས་པ་ལ་ཐིམ་པར་བསམ་མོ། །དེ་ལྟར་སྲོག་རྩོལ་བསྡམས་ནས་གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ་མམ། དྲུག་ལ་སོགས་པ་བཟླ་བར་བྱའོ། །དེ་དག་ནི་མཚན་མ་དང་བཅས་པའི་རྣལ་འབྱོར་རོ། །གཉིས་པ་མཚན་མ་མེད་པའི་རྣལ་འབྱོར་ནི། ལྷའི་མཚན་མ་དང་སྔགས་ཀྱི་སྒྲ་ཐམས་ཅད་རང་གི་སེམས་གསལ་རིག་ཙམ་དུ་ཤེས་པར་བྱས་ནས། སེམས་དེ་ཡང་གསལ་བ་དང༌། སྟོང་པ་དང༌། འཛིན་པ་མེད་པ་ནམ་མཁའི་རང་བཞིན་དུ་ཤེས་པར་བྱས་ནས། ཡིད་ཀྱི་བཟླས་པ་འབུམ་ཕྲག་གསུམ་ལ་སོགས་པ་བཟླ་བར་བྱའོ། །དེ་དག་ནི་སྦྱོར་བའི་སྤྱོད་པའོ། །གསུམ་པ་བསྒྲུབ་པའི་སྤྱོད་པ་ལ། ཕྱི་ནང་གཉིས་ལས། ཕྱིའི་དངོས་གྲུབ་བསྒྲུབ་པ་ནི། དེ་ལྟར་བསྙེན་པ་མཐར་ཕྱིན་ནས། བཅོམ་ལྡན་འདས་བྲིས་སྐུ་དང༌། ལུགས་མ་ལ་སོགས་པ་གང་ཡང་རུང་བ་བཤམས་ཏེ། རལ་གྲི་ལ་སོགས་པའི་རྫས་ལ་བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་སྒྲུབ་པར་བྱེད་དོ། །གཞན་ཡང༌། ཕས་ཀྱི་རྒོལ་བ་ཟིལ་གྱིས་མནོན་པ་དང༌། རྩོད་པ་ལས་རྒྱལ་བ་དང༌། ཟད་མི་ཤེས་པའི་སྤོབས་པ་དང༌། སྨྲ་བ་ཐམས་ཅད་ལ་ཐོགས་པ་མེད་པ་འབྱུང་བར་འགྱུར་རོ། །གཉིས་པ་ནང་གི་དངོས་གྲུབ་བསྒྲུབ་པ་ནི། དེ་ལྟར་གྲངས་ཀྱི་བསྙེན་པ་སྔོན་དུ་སོང་ནས། མཚན་མ་མེད་པའི་རྣལ་འབྱོར་ལ་གོམས་པར་བྱས་པས། མངོན་པར་ཤེས་པ་ལྔ་དང༌། མི་བརྗེད་པའི་གཟུངས་དང༌། བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་ནས་ཐུན་མཚམས་སུ་བསྟོད་པས་བསྟོད་པར་བྱ་སྟེ། མིག་སྟོང་ལྡན་པའི་གསེར་གྱི་ཁྱམས་ཆེན་དུ། །ཐུབ་དབང་བཞུགས་ཚེ་མི་ཕམ་བྱམས་པས་ཞུས། །བདུད་བཞི་འཇོམས་ཕྱིར་ཐུབ་པའི་པུས་མོ་ལས། །ལེགས་པར་འཁྲུངས་པ་ཁྱོད་ལ་ཕྱག་འཚལ་ལོ། །གཡས་གཡོན་ཞབས་ཀྱི་བཞུགས་ཐབས་བརྗིད་ཆགས་པས། །དམན་པའི་སེམས་དང་དུག་གསུམ་ཟིལ་མནན་ནས། །འགྲོ་བའི་དོན་ཕྱིར་གཏུམ་ཆེན་དཀར་པོའི་སྐུར། །ལེགས་པར་བཞེངས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་འདི་ནམ་ཡང་མི་འདོར་ཞིང༌། །ཁྲོ་བོའི་སྟངས་སྟབས་བདུད་དཔུང་སྐྲག་པར་མཛད། །ཁྲོ་དང་ཆགས་པས་འགྲོ་བ་འདྲེན་མཛད་པའི། །བཅོམ་ལྡན་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །རང་དོན་ཡོངས་རྫོགས་ཞི་བའི་སྐུར་བཞུགས་ཀྱང༌། །གཞན་དོན་མཐར་ཕྱིན་ཁྲོ་བོའི་སྐུར་བཞེངས་ནས། །ཐུགས་རྗེའི་དམིགས་མེད་བདུད་དཔུང་འཇོམས་མཛད་པའི། །བཅོམ་ལྡན་ཁྲོ་བོ་ཁྱོད་ལ་ཕྱག་འཚལ་ལོ། །རྟག་ཆད་ལྟ་བས་ནམ་ཡང་མི་གཡོ་ཞིང༌། །མ་ལུས་བདུད་སྡེའི་དཔུང་གིས་ཕྱག་བྱས་པས། །སྲིད་གསུམ་འགྲོ་བའི་སྐྱབས་དང་མགོན་མཛད་པའི། །བཅོམ་ལྡན་བགེགས་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །མཐུ་ཆེན་ཞལ་སྒོར་སྟོབས་བཅུའི་མཆེ་བ་རྣོ། །ས་གསུམ་གནོན་པའི་སྤྱན་གསུམ་འཁྲུལ་འཁོར་ཅན། །བདུད་དཔུང་དངངས་མཛད་ཁྲོ་གཉེར་གསུམ་འཁྱོག་གིས། །ཕྱི་རྒོལ་དྲེགས་པ་འཕྲོག་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཁྲོས་པའི་དགྲ་སྟབས་གཅིག་བཤམས་པས། །གཏི་མུག་ཁྲོས་པའི་ཁྱབ་འཇུག་དཔུང་ཚོགས་བཞི། །ཆགས་པའི་གོ་བགོས་ཁོང་ཁྲོའི་མཚོན་བདར་བའི། །གཡུལ་ལས་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །དམར་སེར་རོལ་པའི་སྤྲིན་དཔུང་དྲག་ལ་རྔམ། །སྟོང་ཕྲག་མེ་དཔུང་འབར་བའི་གློག་ཕྲེང་གཡོ། །ཧཱུྃ་ཕཊ་འབྲུག་སྒྲ་ཚངས་པའི་དབྱངས་གཅིག་གིས། །བདུད་བཞིའི་དྲེགས་པ་འཇོམས་ལ་ཕྱག་འཚལ་ལོ། །གསལ་སྟོང་ཉམས་ཀྱིས་བྲིས་པའི་པདྨ་ལ། །བདེ་སྟོང་སྒྱུ་མའི་གར་མཛད་དཔའ་བོ་ནི། །སྣང་སྟོང་ཟུང་འཇུག་ཁྲོ་འཛུམ་སྒེག་ཆགས་པའི། །སྐུ་ཡི་ཉམས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ལེགས་བཤད་དབྱངས་ཀྱི་རི་མོ་འབུམ་ཕྲག་ཙམ། །བློ་མཚོའི་ཆུ་གཏེར་དབུས་སུ་ཤར་བ་ལས། །ཀུན་དགའ་གསར་པའི་དྲི་ཞིམ་སྟེར་མཁས་པ། །གསུང་གི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་བདག་ཉིད་རྡོ་རྗེའི་ཆང་ཟུངས་ལས། །གཟུང་འཛིན་གཉིས་བྲལ་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་མེ་ལྕེ་འཁྱུག་པའི་རལ་གྲི་ཡིས། །གཏི་མུག་མུན་པ་ཟ་བྱེད་ཁྱོད་ཕྱག་འཚལ། །བདུད་སྡེའི་དགྲ་བོ་དམ་དུ་འཆིང་བྱེད་ཅིང༌། །གདུལ་བྱའི་མཛའ་བོ་རིང་ནས་འགུགས་མཛད་པའི། །བྱམས་དང་སྙིང་རྗེའི་ཞགས་པ་བདུད་རྩིའི་ཆུས། །ཆགས་སྡང་དྲི་མ་འཁྲུད་པ་དེར་ཕྱག་འཚལ། །སྒེག་པའི་ཉམས་ལྡན་ཞབས་གཡོན་པུས་མོ་བཙུགས། །དཔའ་བའི་ཉམས་ལྡན་ལྗགས་འགྲིལ་མཆེ་བ་འཆང༌། །མི་སྡུག་ཉམས་ལྡན་སྦྲུལ་གྱི་སྐེ་རགས་ཅན། །ཁྲོ་ཆགས་གསུམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཧ་ཧའི་གད་རྒྱངས་རྒོད་པས་དབུགས་དབྱུང་ཞིང༌། །ཧཱུྃ་ཧཱུྃ་དྲག་ཤུལ་སྡིགས་པས་དངངས་པར་མཛད། །ཕཊ་ཕཊ་འཇིགས་རུང་འབྲུག་གི་ང་རོ་ཅན། །ཞི་རྒྱས་དྲག་པོའི་དབྱངས་ལྡན་ཁྱོད་ཕྱག་འཚལ། །བདུད་དཔུང་སྙིང་རྗེའི་མཚམས་ལས་མི་གཏོང་ཞིང༌། །ཉོན་མོངས་གཡུལ་དུ་རྔམས་པའི་དཔའ་མཛངས་ཅན། །ཞི་ཞིང་དུལ་བའི་ཕྲིན་ལས་བརྒྱ་ལྡན་པ། །དབང་བསྡུད་ཐུགས་ཀྱི་ཉམས་གསུམ་ལྡན་ཁྱོད་རྒྱལ། །དེ་ལྟར་བསྟོད་པས་བདག་དང་སློབ་མར་བཅས། །དཔུང་ལྡན་བདུད་བཞིའི་གཡུལ་ངོ་ཕམ་བྱས་ནས། །དྲེག་ལྡན་དམན་པའི་ས་གཉིས་ལས་འགོངས་ཏེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་གྱུར་ཅིག །མི་བརྗེད་གཟུངས་དང་མི་ཟད་སྤོབས་པ་དང༌། །ལེགས་བཤད་ཚོན་བརྒྱའི་མཛེས་སྡུག་གཡོ་ལྡན་པའི། །མངོན་ཤེས་ངང་མོའི་སྒེག་འགྲོས་སྟོང་ཕྲག་གིས། །ཐུབ་བསྟན་བདུད་རྩིའི་ཆུ་གཏེར་མཛེས་གྱུར་ཅིག །འཆད་པའི་དབྱངས་ཀྱི་སློབ་མའི་ཡིད་འཛིན་ཅིང༌། །རྩོད་པའི་ང་རོས་ཕྱིར་རྒོལ་གྲགས་པ་འཕྲོག །རྩོམ་པའི་ཕྲེང་བས་མཁས་རྣམས་དགྱེས་བྱས་ནས། །ཐུབ་བསྟན་མཛེས་པའི་རྒྱན་དུ་བདག་གྱུར་ཅིག །ཅེས་བཅོམ་ལྡན་ངག་གི་དབང་ཕྱུག་གཏུམ་པོ་དཀར་པོ་ལ་བསྟོད་ཅིང༌། སྒྲུབ་པའི་ཐབས། ཚངས་པའི་དབྱངས་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ནི། སྤྱོད་པའི་རྒྱུད་རང་རྐང་གི་གཞུང་ཇི་ལྟ་བ་བཞིན་དུ། རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས། མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་ཡིན་ནོ།།  །།མངྒལཾ།།  །། ༄༅། །ན་མོ་མཧཱ་ཙཎྜ་ཡ། བཅོམ་ལྡན་འདས་གཏུམ་པོ་དཀར་པོ་ལ་བསྙེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཐོག་མར་ཆོས་ཐམས་ཅད་སྟོང་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་ཡུན་རིང་དུ་མཉམ་པར་བཞག་ཅིང༌། ཡེ་ཤེས་དེ་ཉིད་ཀྱང་ནམ་མཁའ་ལྟར་དངས་ཤིང་དྲི་མ་མེད་པ། མཐའ་དབུས་སྐྱེ་འཇིགས་གནས་གསུམ་དང་བྲལ་བ། རང་བཞིན་གྱི་འོད་གསལ་བའི་ངོ་བོར་ཡུན་རིང་དུ་བསྒོམ་པར་བྱའོ། །མཉམ་གཞག་དེ་ལས་མ་ལངས་བཞིན་དུ། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་བཞིན་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁར་ལྷའི་རི་མོ་མཁན་མཁས་པའི་ཉམས་དང་ལྡན་པས་ལག་བརྐྱང་སྟེ་བྲིས་པ་ལྟ་བུའི་པཾ་ཡིག་དཀར་པོ་དཔག་ཚད་ཙམ་གྱི་ཚད་དང་ལྡན་པ། བརྒྱ་བྱིན་གྱི་གཞུའི་ཕྱོགས་བརྒྱར་སྤྲོས་པ་ལྟ་བུའི་འོད་ཟེར་གྱི་མདངས་དང་ལྡན་པ། དེ་ཡོངས་སུ་གྱུར་པ་ལས། སྟོང་གསུམ་གྱི་ཚད་དང་མཉམ་པའི་པདྨ་དཀར་པོ་འདབ་མ་འབུམ་དང་ལྡན་པ། ཚངས་པའི་ཡིད་ཀྱིས་ཅིག་ཆར་དུ་སྤྲུལ་པའི་ལྷའི་བཟོ་བོ་འབུམ་ཕྲག་བརྒྱ་ཡིས་བསྐྲུན་པ་ལྟ་བུའི་དབྱིབས་དང་ལྡན་ཞིང་རིམ་པར་འཚམས་པ། ཁ་དོག་མཛེས་ཤིང་ལྟ་ན་སྡུག་པ། དེའི་ཡུ་བ་རིན་པོ་ཆེ་གསེར་ལས་གྲུབ་པའི་སྡོང་པོ་སྦོམས་སུ་རི་རབ་ཀྱི་ཚད་དང་མཉམ་པ། ཚངས་པའི་འཇིག་རྟེན་ལས་མཐོ་ཞིང་འཕྲང་ཚུགས་པ། རིན་པོ་ཆེ་ན་ལ་དང༌། ཨིནྟྲ་ནི་ལ་དང༌། སྦུར་ལེན་དང༌། མརྒད་ལ་སོགས་པའི་ལག་སོ་སོར་གྱེས་པ། པད་མའི་འདབ་མ་རྣམས་ཀྱིས་མཛེས་པར་ཕུབ་པ་དང༌། དེའི་གེ་སར་གྱི་སྙིང་པོའི་རྩེ་མོ་ལ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཨ་ཡིག་དཀར་པོ་འབུར་དུ་དོད་ཅིང་དྲག་ཏུ་འཆར་བ། རྣམ་པར་རྒྱལ་བའི་ཁང་བཟང་གི་ཚད་དང་མཉམ་པ། དེ་ཡོངས་སུ་གྱུར་པ་ལས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་རབ་ཏུ་གང་བ་འོད་ཟེར་དཀར་པོའི་ཕྲེང་བ་ཕྱོགས་བརྒྱར་འཕྲོས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་ཡིད་ཀྱི་གདུང་བ་མ་ལུས་པར་འཕྲོག་པར་བྱེད་པ། དེའི་ངོས་འཇམ་ཞིང་ཡངས་པ་དངུལ་དཀར་གྱི་ཐིགས་པ་འཁྱིལ་བའི་ཡིད་བཞིན་གྱི་མཚོ་ལྟར་མི་གཡོ་ཞིང༌། དབུས་མཐོ་བའི་དཀྱིལ་དྲང་ཐད་དུ། བརྒྱ་བྱིན་གྱི་ལག་པས་གསར་དུ་བྲིས་པའི་རི་བོང་གཞོན་ནུ་གཞན་གྱི་སྡུག་བསྔལ་མི་བཟོད་པའི་རྣམ་པ་ཅན་གྱི་གཟུགས་བརྙན་སྙིང་རྗེ་ཆེན་པོའི་ངོ་བོར་བཞུགས་པ། དེའི་སྟེང་གི་ནམ་མཁའ་ལ་ཉོན་མོངས་པ་རྣམ་པར་རྟོག་པའི་མུན་ནག་གི་བུད་ཤིང་ཟ་བར་བྱེད་པའི་ཡེ་ཤེས་ཀྱི་ས་བོན་རཾ་ཡིག་སེར་པོ་ལི་ཁྲིའི་མཚམས་སྤྲིན་གཞོན་ནུའི་མདངས་དང་ལྡན་པ། དེ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་ངོ་བོ་ཉི་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་དྭངས་ཤིང་སྒྲིབ་པ་ཐམས་ཅད་དང་བྲལ་བ། འོད་ཟེར་གྱི་དྲྭ་བ་སྟོང་གི་ཕྲེང་བས་ཕྱོགས་བཅུ་རབ་འབྱམས་ཀྱི་མུན་པ་ཐམས་ཅད་སེལ་བར་མཛད་པའོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་པའི་པདྨ་དང་ཟླ་བ་ཉི་མའི་གདན་གསུམ་ཀ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བྱུང་བ་ཟག་པ་མེད་པའི་ཡེ་ཤེས་ལས་གྲུབ་པ་ཉོན་མོངས་པའི་ཆུ་ཡིས་མ་གོས་ཤིང༌། རྣམ་པར་རྟོག་པའི་ཁྱབ་འཇུག་གི་ཡན་ལག་གིས་ནམ་ཡང་ཟ་བར་མི་ནུས་པའོ། །དེའི་སྟེང་དུ་རིན་པོ་ཆེ་མེ་ཤེལ་གྱི་ཁྱམས་མཐིལ་གཙང་ཞིང་ཡིད་དུ་འོང་བ་དྭངས་ཤིང་ཐོགས་པ་མེད་པའི་དབུས་སུ། རང་གི་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་གཟུང་འཛིན་གཉིས་དང་བྲལ་བ་དཀར་ལ་དམར་བའི་མདངས་དང་ལྡན་པ་གྱེན་དུ་ལངས་པའོ། །དེ་ལས་འོད་ཟེར་དཀར་པོའི་ལག་པ་ཕྱོགས་བརྒྱར་བརྐྱང་པའི་རྩེ་མོ་ལ། རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོས་འཕགས་པ་རྣམས་མཆོད། བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་བྱས། སླར་ཡང་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་སུ་ཐིམ། དེས་སྙིང་རྗེའི་དབང་གིས་གཟུགས་ཀྱི་སྐུར་བཞེངས་པ་ནི། རང་ཉིད་ཁྲོ་བོའི་རྒྱལ་པོ་སྐུ་མདོག་ག་བུར་ལྟར་དྭངས་ཤིང་བསིལ་བའི་གངས་ཀྱི་ལྷུན་པོ་ལ། དགུང་ཟླ་ཉ་རབ་ཏུ་གང་ཞིང་རྒྱས་པའི་འབུམ་ཕྲག་དུ་མའི་འོད་ཟེར་གྱི་ཕྲེང་བས་ཀུན་ནས་དཀྲིགས་པ་ལྟ་བུའི་མདངས་དང་ལྡན་པ། སྐུ་སྦོམ་ཞིང་ཐུང་ལ་སྒེག་ཆགས་པ། ལོ་བརྒྱད་ལོན་པའི་བྱིས་པ་གཞོན་ནུའི་ཤ་ཉམས་དང་ལྡན་པ། ཞབས་གཡས་ཀྱི་མཐིལ་གསེར་གྱི་ལྷུན་པོ་ལྟར་དབང་ཆེན་གྱི་གཞི་ལ་མཉམ་པར་ཕབ་པ། ཞབས་གཡོན་བདུད་རྩིའི་རོལ་མཚོ་ལྟར་གྱེན་དུ་འཁྱིལ་ཞིང༌། པུས་མོའི་ལྷ་ང་ས་ལ་བཏུད་པས་ཞི་ཞིང་ཕུལ་བའི་ཉམས་དང་ལྡན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་འཕྲུལ་ཞིང་འཁོར་བས་བདུད་དང་ལྷ་མ་ཡིན་དང་ཀླུ་ཐམས་ཅད་སྐྲག་པར་མཛད་པ། ཞལ་གྱི་སྒོ་ནས་དཀར་ཞིང་སྣུམ་ལ་རྩ་བ་སྦོམ་ཞིང་རྩེ་མོ་རྣོ་བའི་མཆེ་བ་ཐུར་དུ་འཕྱང་ཞིང་གྱེན་དུ་བསླང་བ་གཉིས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་མཛད་པ། དཔའ་བའི་ཉམས་དང་ལྡན་པ། བསྐལ་བའི་མེ་ལྕེ་འཁྲུག་པ་ལྟ་བུའི་རལ་པ་དམར་སེར་གྱེན་དུ་བརྫེས་ཤིང༌། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བས་བདུད་ཀྱི་འཇིག་རྟེན་སྐྲག་པར་མཛད་པ། འཇིག་རྟེན་གསུམ་པོ་ཐམས་ཅད་ཤོང་བའི་ལྟོ་བ་ཐུར་དུ་འཕྱང་བ། སྦྲུལ་ཆེན་པོའི་སྐ་རགས་ཀྱིས་དཀྲིས་ཤིང༌། མདུད་པས་བསྡམས་པའི་འོག་ནས་གཅན་ཟན་གཏུམ་པོའི་པགས་པའི་ཤམ་ཐབས་བགོས་པས་མི་སྡུག་པའི་ཉམས་དག་ལྡན་པ། འཁུར་འཛུམ་ཕྱོགས་བཅུར་བཞད་ཅིང་རིན་པོ་ཆེའི་རྒྱན་ཕྲེང་གི་སིལ་སིལ་གྱི་སྒྲ་སྙན་པོས་འགྲོ་བ་རྣམས་ཀྱི་ཡིད་རབ་ཏུ་འགུགས་པར་མཛད་པས་ཆགས་པའི་ཉམས་དང་ལྡན་པ། ཐབས་ཀྱི་ངོ་བོ་ཕྱག་གཡས་པ་གཡུལ་དུ་ཞུགས་པའི་གླང་པོ་ཆེ་མྱོས་པའི་སྣ་ལྟར་མཁའ་ལ་བརྐྱང་པའི་སོར་མོ་རྣམས་ཀྱིས་དམ་དུ་བཅིངས་པའི་ཆང་ཟུང༌། གསུང་རྡོ་རྗེའི་ངོ་བོར་བཞུགས་པ་ལས་གསལ་བར་འཁྲུངས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཉིད་ཀྱི་ངོ་བོ་རིན་པོ་ཆེ་ཨིནྟྲ་ནི་ལ་ལྟར་སྔོ་ཞིང་དྭངས་ལ་ཐོགས་པ་མེད་པ་ཁྱབ་འཇུག་གི་ལུས་ལྟར་རིང་ཞིང་འཁྱུག་པ། མཐའ་བསྐོར་དུ་མེ་ལྕེ་དམར་སེར་གྱི་ཕྲེང་བས་རིམ་པར་ཕྱེ་ཞིང་གསལ་བར་དོད་པའི་ཡེ་ཤེས་ཀྱི་རལ་གྲི། ཆགས་སྡང་གི་བུད་ཤིང་བསྲེག་ཅིང་མི་ཤེས་པའི་མུན་པ་འཐིབས་པོའི་ནགས་ཚལ་རྩ་བ་ནས་དྲུངས་འབྱིན་པར་མཛད་པའོ། །ཤེས་རབ་ཀྱི་རང་བཞིན་ཕྱག་གཡོན་པ་ན་བརྒྱ་བྱིན་གྱི་གཞུ་ལྟར་འཁྱིལ་ཞིང་འགུགས་པའི་ཕྱག་སོར་གྱི་བུང་བ་གཞོན་ནུ་ཐུགས་རྗེའི་རོལ་མཚོའི་སྟེང་དུ། འཛུབ་མོ་དང་མཐེའུ་ཆུང་གི་གཤོག་པ་བརྐྱང་ཞིང་གར་སྣ་ཚོགས་བསྒྱུར་བ། མཐེབ་ཆེན་གྱི་རྩེ་མོ་ཁྲོས་པའི་སྟོང་ཉིད་རྡོ་རྗེས་བགེགས་དཔུང་མདའ་དག་སྲིན་འཛུབ་ཀྱི་རྩ་བའི་རྒྱ་མཚོའི་ཁོངས་སུ་མནན་པ། དེའི་ཁུག་ལུང་ལ་ལན་གསུམ་དཀྲིས་པའི་ཐུགས་རྡོ་རྗེའི་ངོ་བོ་རྫས་ཀྱི་རྡོ་རྗེ་ལས་གྲུབ་པའི་ཞགས་པ་རིང་པོས་བདུད་བཞི་དང་ས་གཉིས་ཀྱི་བར་དུ་གཅོད་པ་ཐམས་ཅད་འཆིངས་པར་མཛད་པའི་རྩེ་མོ་ནས་འཐོན་པའི་རྡོ་རྗེའི་ལྕགས་ཀྱུ་རྣོན་པོས་འགྲོ་བ་རྣམས་ཀྱི་ཡིད་རབ་ཏུ་འགུགས་པར་མཛད་པའོ། །འཇིགས་པ་མེད་པའི་ང་རོས་ས་ཆེན་གསུམ་པོ་ཐམས་ཅད་འདར་བར་མཛད་ཅིང༌། ལེགས་པར་བཤད་པའི་ལྗགས་ཀྱི་རྩེ་མོ་ནས་འཐོན་པའི་སེང་གེའི་ང་རོས་སྨྲ་བ་ངན་པ་རྣམས་ཚར་གཅོད་ཅིང༌། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པའི་ཞལ་གྱི་སྒོ་ནས། ཧ་ཧ་དང་ཧེ་ཧེའི་གད་རྒྱངས་ཀྱི་བཞད་པའི་ཉམས་དང་ལྡན་པ། ཧཱུྃ་ཧཱུྃ་གི་འབྲུག་སྒྲ་དྲག་པོས་དྲག་ཤུལ་གྱི་དབྱངས་དང་བཅས་པ། ཕཊ་གྱི་གནམ་ལྕགས་ཀྱི་ཕྲེང་བ་མི་ཟད་པས་འབྱུང་པོའི་གནོད་པ་དང་ནད་ཀྱི་རིགས་ཐམས་ཅད་དང༌། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཕྱེ་མར་མཛད་པས་འཇིགས་སུ་རུང་བའི་ཉམས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་ངོ་བོ་འགྲོ་བ་ཐམས་ཅད་ལ་སྙིང་བརྩེ་བར་མཛད་ཅིང༌། བདུད་ཀྱི་དམག་དཔུང་མཐའ་དག་ལ་དྲག་ཏུ་རྔམས་པ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཉེ་བར་ཞི་བའོ། །དེ་ལྟར་གར་དགུའི་ཉམས་དང་ལྡན་པ་དེའི་སྤྱི་བོ་དང༌། མགྲིན་པ་དང་སྙིང་ཁ་རྣམས་སུ་ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པར་བྱའོ། །དེའི་སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བཅུ་པ་ལྟེ་བ་མུ་ཁྱུད་དང་བཅས་པ། ལྟེ་བ་ལ་ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཧཱུྃ་ཡིག་རིང་པོ་འབུར་དུ་དོད་པ་གྱེན་དུ་བཞེངས་པ། རྩིབས་བཅུ་ལ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པའི་ཡི་གེ་བཅུ་པ་ས་བོན་དང་བཅས་པ། རང་སྒྲ་དྲག་ཏུ་སྒྲོག་པ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ། འབུམ་ཕྲག་དྲུག་ལ་སོགས་པ་བཟླས་པར་བྱའོ། །དེ་ལྟར་བཟླས་པས་སངས་རྒྱས་ཀྱི་ཞལ་མཐོང་བ་དང༌། མི་བརྗེད་པའི་གཟུངས་དང༌། མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །ཕྱི་རྒོལ་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་རོ། །འཆད་རྩོད་རྩོམ་གསུམ་ལ་བློ་གྲོས་ཐོགས་པ་མེད་པར་འགྱུར་རོ། །ཞེས་གཏུམ་པོ་དཀར་པོའི་བསྙེན་སྒྲུབ་ཀྱི་རིམ་པ་ཉམས་ཀྱི་སྒྲ་དབྱངས་ཞེས་བྱ་བ་འདི། རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས་མངའ་རིས་སྨད་ཀྱི་སའི་ཐིག་ལེར་སྦྱར་བའོ།།  །།མངྒ་ལཾ།།  །། ༄༅། །སྒྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་སྡེ་པ་སྒར་པ་དོན་ཡོད་རྡོ་རྗེ་ལ་གནང་བ།།  ༄༅། །ན་མོ་གུ་ར་ཝེ། ཞབས་ཟུང་མཉམ་པར་བཤིབས་པའི་ཡེ་ཤེས་སྐུ། །འཛུམ་ཞལ་མདངས་ཀྱིས་མ་ལུས་བཅུད་ཀུན་བསྡུད། །ཐུགས་ལས་འཕོས་པའི་འཆི་མེད་རྒྱུན་གང་གིས། །འགྲོ་འདིའི་ཕོངས་པ་སེལ་ལ་ཕྱག་འཚལ་ལོ། །མགོན་པོ་དེའི་སྒོམ་བཟླས་ནི། ཐོ་རངས་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ། སྒྲུབ་པ་པོ་ཞལ་ནུབ་ཏུ་གཟིགས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་སྔོན་དུ་བཏང་ནས། རང་གི་སྨིན་མཚམས་ཀྱི་ཐད་ཀའི་བར་སྣང་དུ། པདྨ་དང་ཉི་མའི་གདན་ལ། ཧྲཱིཿདམར་པོ། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུལ་འདུས་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཤིན་ཏུ་དམར་བའི་མདངས་ཅན། ཞབས་གཉིས་མཉམ་པར་བཤིབས་ཏེ་བཞེངས་པ། ཞི་ཞིང་འཛུམ་པ། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། ཟུར་ཕུད་ལྔ་དང་ལྡན་ཞིང༌། ཚེའི་རལ་པ་རྟིང་པར་སླེབ་པ། ཐུགས་ཀར་ཕྱག་གཉིས་ཀྱི་དབུས་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པའོ། །དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ཚེ་དཔག་ཏུ་མེད་པའི་རྣམ་པས། ཛ་ཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པས་གདན་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཉེར་གཅིག་གིས་གསོལ་བ་བཏབ། རླུང་རོ་དལ་བུས་བསལ། མདུན་བསྐྱེད་ཀྱི་ཕྱག་གི་ལྷུང་བཟེད་ལ་འཕོག དེའི་རྐྱེན་གྱིས་བདུད་རྩིའི་རྒྱུན་ཁོལ་ནས་ནར་གྱི་བྱུང་བ། རང་གི་ཞལ་དུ་སོང་བར་བསམ་ཞིང༌། རླུང་རྔུབས་ཐུབ་ཚད་གཅིག་རྔུབ་པ་དང་མཉམ་དུ་མཆིལ་མ་གཅིག་མིད། སྟེང་རླུང་མནན། འོག་རླུང་འཐེན་ནས་བུམ་པ་ཅན་ཐུབ་ཚད་དུ་བསྒོམ། དེ་ལྟ་བུ་ལན་གསུམ་གྱི་མཐར། ཨོཾ་ཨ་མ་ར་ཎི་ཛི་ཝནྟི་སྭཱ་ཧཱ། ཞེས་པས་གསུམ་བརྒྱ་བཟླས་འཆག་མེད་ཀྱི་ཚེ་དེ་ཙམ་གྱིས་ཆོག་ལ། སྐུ་མཚམས་ཞག་བདུན་མ་ལྟ་བུའི་ཚེ། བསྙེན་གནས་དང་དཀར་གསུམ་ལ་བརྟེན། སྔ་དྲོ་དེ་ལྟ་བུ་ཁོ་ན་དང་ཕྱི་དྲོ་ཤེར་སྙིང་འདོན་པ་འབའ་ཞིག་གི་བདུད་བཟློག་དང༌། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་སོགས་ཀྱི་བསྔོ་བ་དང་སྨོན་ལམ་བྱའོ།།  །།མངྒ་ལཾ།།  ༈  །།རྗེ་བཙུན་རྡོ་རྗེ་རྣོན་པོའི་སྒྲུབ་ཐབས།། ༄༅། །ཡིད་འོང་ཚོན་བརྒྱ་བཀྲ་བའི་གུར་ཁང་ན། །ཐུགས་རྗེའི་འཛུམ་ཕྲེང་བཞད་པའི་ལང་ཚོ་ཅན། །གསུང་དབྱངས་འཇམ་པོས་མང་པོའི་སྙིང་གི་ནི། །རྨོངས་པ་སེལ་མཁས་ཁྱོད་ལ་ཕྱག་བགྱིའོ། །ཞེས་མཆོད་པར་བརྗོད་ནས། རྗེ་བཙུན་རྡོ་རྗེ་རྣོན་པོ་སྒྲུབ་པའི་ཐབས་ནི་འདི་ལྟར། ཉམས་དགའ་བའི་གནས་སུ་འཇམ་པའི་སྟན་ལ་འདུག་ནས། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བར་བྱས་ནས། རང་གི་སྙིང་སྒོ་ང་ལྟ་བུའི་ནང་དུ་པདྨ་དང་ཟླ་བའི་གདན་ལ། རང་གི་རིག་པའི་ངོ་བོ་དྷཱིཿཡིག་དམར་སེར་བསམ། དེ་ལས་འོད་ཟེར་འཕྲོས། རང་གི་ལུས་ཤེལ་སྒོང་གཡའ་ཡོངས་སུ་དག་པ་ལྟ་བུར་གྱུར། ཡང་དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཚུར་འདུས་པ་ལས་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེའི་སྐྱིལ་མོ་ཀྲུངས་ཀྱིས་བཞུགས། ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་བཅིངས་པ། གཡས་པའི་མཐེབ་འཛུབ་ཀྱིས་པདྨ་དཀར་པོའི་ཡུ་བ་ནས་བཟུང་བ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་ལྟེ་བ་ལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་རལ་གྲི་གྱེན་དུ་ལངས་པ། གཡོན་པའི་མཐེབ་འཛུབ་ཀྱིས་ཨུཏྤ་ལ་སྔོན་པོའི་ཡུ་བ་ནས་བཟུང་བ། ཕྱག་ལ་འཁྲིལ་ནས་སྙན་གྱི་ཐད་ཀར་ཁ་བྱེ་བའི་ལྟེ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་ན་བཟའ་ཅན། དབུ་སྐྲ་ཟུར་ཕུད་ལྔ་དང་ལྡན་ཞིང༌། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་མི་བསྐྱོད་པའི་ཅོད་པཎ་ཅན། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་དང་ལྡན་པ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུའི་སྐུ་གསལ་བར་དམིགས་ནས། ཡུན་རིང་དུ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན། རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་དམར་སེར་གྱི་མཐའ་སྐོར་དུ། ཡི་གེ་དྲུག་དང༌། ལྕེའི་རྩ་བར་དྷཱིཿཡིག་གི་མགོ་ནང་དུ་བསྟན་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། ཨ་ར་པ་ཙ་ན་དྷཱིཿཞེས་ཡི་གེ་དྲུག་པ་ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱ་ཞིང༌། ཐུན་འཇོག་ཁར་དབུགས་ཐེབས་ཅིག་ལ། དྷཱིཿཞེས་པ་བརྒྱ་རྩ་བརྒྱད་བགྲངས་ནས། མཆིལ་མ་རྡོག་གཅིག་དང་བཅས་ཏེ་མིད་པས་ལུས་ཐམས་ཅད་དྷཱིཿཡིག་གི་བྱུར་བུར་བལྟམས་པར་བསམ་མོ། །དེ་ནས་ཐུན་འཇོག་ཁར། གང་ཚེ་ལྟ་བར་འདོད་པའམ། །ཞེས་སོགས་སྨོན་ལམ་གདབ་བོ། །དེ་ལྟར་འབུམ་ཕྲག་དྲུག་ལ་སོགས་པར་བཟླས་པས། ཐོག་མར་འཛིན་བློ་སྐྱེ་བ་དང༌། དེ་ནས་སྙན་དངགས་ལ་སོགས་པ་སྦྱོར་ཤེས་པ་དང༌། དེ་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་གོ་བ་དང༌། དེའི་འོག་ཏུ་ཡང་དག་པའི་ལྟ་བ་སྐྱེ་བ་འགྱུར་རོ། །དཔའ་བོ་གཅིག་པའི་རྒྱུད་ལས་ནི། །རབ་བྱུང་རྡོ་རྗེ་རྣོན་པོ་ཡི། །སྒྲུབ་ཐབས་རྗེ་བཙུན་ས་སྐྱ་པའི། །གསུང་བཞིན་ལེགས་པའི་བློ་ཡིས་སྦྱར། །དགེ་དེས་བདག་དང་སློབ་མར་བཅས། །རྗེ་བཙུན་འགྲོ་རྣམས་སྨིན་བྱེད་བློས། །རྗེས་བཟུང་རྡོ་རྗེ་རྣོན་པོ་ཡི། །གོ་འཕང་མཐོན་པོ་དེ་ཐོབ་ཤོག།  །མངྒ་ལཾ།།  །། ༈ །སེང་ལྡེང་ནགས་སྒྲོལ་གྱི་བསྒྲུབ་ཐབས།།  ༄༅། །ན་མ་ཨ་ཏྱ་ཏཱ་རཱ་ཡཻ། རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་སྐྱེད། སྭ་བྷ་ཝས་སྟོང་པར་སྦྱངས་པ་སྔོན་དུ་བཏང་ནས། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་ལ། རང་གི་རིག་པའི་ངོ་བོ་ཏཱཾ་ཡིག་ལྗང་ཁུ། དེ་ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ཚུར་འདུས། རང་ཉིད་རྗེ་བཙུན་མ་སྐུ་མདོག་སྔོ་ལྗང༌། ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན། གཡོན་ཨུཏྤལ་ལའི་ཡུ་བ་ནས་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་ཚུལ་དུ་བཞུགས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་ཅན། ཞི་ཞིང་འཛུམ་ལ་སྒེག་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་རྗེ་བཙུན་མའི་རྣམ་པར་བྱོན་པ་ལ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་བཛྲ་ས་མ་ཛཿཞེས་པས་དབང་གི་ལྷ་སྤྱན་དྲངས། ཨ་བྷི་ཥིཉྩནྟུ་མཾ་གིས་གསོལ་བ་བཏབ། བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད། དོན་ཡོད་གྲུབ་པས་དབུ་བརྒྱན། དེ་ལྟར་ཡུན་རིང་དུ་སྒོམ། ཐུན་མཚམས་སུ་བཟླས་པ་ལ་འཇུག་པ་ནི། སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཏཱཾ་ཡིག་གི་མཐའ་སྐོར་ལ་རྩ་བའི་སྔགས་ཡི་གེ་བཅུ་པ། ཞལ་ནང་དུ་བསྟན་པའི་ཚུལ་གྱིས་བྲིས་པ་ལྟ་བུར་ཡོད་པ་ལ་དམིགས་པ་གཏད་ནས་མང་དུ་བཟླའོ། །དེ་ལ་བརྟེན་ནས་གནས་སྐབས་སུ་འཇིགས་པ་བརྒྱད་ལས་སྐྱོབ་ཅིང༌། མཐར་ཐུག་རྗེ་བཙུན་མའི་གོ་འཕང་ཐོབ་པར་འགྱུར་རོ།།  །།ཡང་མདུན་སྐྱེད་ཀྱི་ཚུལ་གྱིས་དངོས་གྲུབ་ལེན་པར་འདོད་ནའང༌། མདུན་གྱི་ནམ་མཁར་སྔ་མ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཞེས་སོགས་ཡན་ལག་བདུན་པ་སྔོན་དུ་བཏང་ནས། ཕྱག་འཚལ་ཉེར་གཅིག་པས་ལེགས་པར་བསྟོད་དོ། །མདུན་སྐྱེད་ཐུགས་ཀར་སྔགས་ཕྲེང་བཀོད་པ་ལ་དམིགས་པ་གཏད་ནས། ཡི་གེ་བཅུ་པ་མང་དུ་བཟླས་པས་ཐུགས་རྒྱུད་བསྐུལ་ཞིང༌། མཎྜལ་ཕུལ་ནས། རྗེ་བཙུན་བཅོམ་ལྡན་འདས་མ། །ཞེས་སོགས་ཀྱིས་སྨོན་ལམ་གདབ་བོ། །འདི་ནི་གཙོ་བོར་གཞན་གྱི་དོན་དུ་བྱ་བ་སྟེ། ཇི་སྐད་དུ། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ནས། །ཞེས་སོགས་ཀྱི་ཕན་ཡོན་རྣམས་འབྱུང་བས་སོ། །དེ་སྐད་འདི་ཡང་སྣར་ཐང་ནས། །སྟོང་དཔོན་ཤེས་རབ་བཟང་པོ་ཡི། །གསུང་གིས་བསྐུལ་བའི་ངོར་བྱས་ན། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར།།  །།མངྒ་ལཾ།།  ༈ །སྒྲོལ་མའི་སྒྲུབ་ཐབས་བསྡུས་པ། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ། རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་སྔོ་ལྗང་འོད་དཔག་མེད་ཀྱི་ཅོད་པཎ་གསལ་བར་དམིགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་ལྟེ་བར། ཡི་གེ་ཏཱཾ་དང༌། མཐའ་སྐོར་དུ་ཡི་གེ་བཅུ་པ་གསལ་བར་བཞུགས་པ། ཟླ་བའི་དཀྱིལ་འཁོར་སྔགས་དང་བཅས་པ། སྒྲུབ་པ་པོ་རང་ལ་ཞལ་བསྟན་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། ཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཁྲི་ལ་སོགས་པ་ཅི་ནུས་སུ་བཟླས་པས་ཚེ་དང་བསོད་ནམས་དང་ཤེས་རབ་འཕེལ་བར་འགྱུར་རོ།།  །།ཤུ་བྷཾ།།  ༈  །།གཟུངས་གྲྭ་ལྔ་ནས་གསུངས་པའི་ལྷ་མོ་ལྔའི་སྒྲུབ་ཐབས།། ༄༅། །ཕྱག་བྱར་འོས་ལ་ཕྱག་བྱས་ནས། །གྲུབ་པ་མཆོག་ཀྱང་ཚེ་འདི་ལ། །རྒྱང་མི་རིང་ན་དངོས་གྲུབ་གཞན། །སོམ་ཉི་སྤངས་པའི་སྒྲུབ་ཐབས་སོ། །འདིར་གཟུངས་ཆེན་གྲྭ་ལྔ་ནས་གསུངས་པའི་ལྷ་མོ་རྣམ་པ་ལྔ་སྒྲུབ་པའི་ཚུལ་ལ་གཉིས་ཏེ། སོ་སོའི་རྗེས་གནང་སོ་སོར་ཐོབ་ནས་ཐ་དད་དུ་སྒྲུབ་པ་དང༌། ལྔ་ཆར་ཚང་བའི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ཞུས་ནས་ཚོགས་པ་གཅིག་ཏུ་སྒྲུབ་པའོ། །འདིར་དང་པོའི་དབང་དུ་བྱས་ནས་སྒྲུབ་པ་ལ་ལྔ་ལས། ཐོག་མར་སོར་འབྲང་གི་དབང་དུ་བྱས་ཏེ་མཚོན་ན། སྔོན་འགྲོ་ཚོགས་གཉིས་ལ་བསླབ་པ་དང༌། དངོས་གཞི་སྒོམ་བཟླས་ལ་རྩེ་གཅིག་པ་དང༌། མཇུག་སྦྱིན་པ་དང་ཚུལ་ཁྲིམས་ལ་འབད་རྩོལ་གྱིས་སློབ་པའོ། །དང་པོ་ནི། སྔོན་འགྲོ་གསུམ་དང༌། སྭ་བྷཱ་ཝའི་སྔགས་དོན་བསམས་ནས་མཉམ་པར་འཇོག་པའོ། །གཉིས་པ་ནི། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ། རང་གི་རིག་པའི་ངོ་བོ་པཾ་དཀར་སེར་གྱི་འོད་ཟེར་སྤྲོ་འདུ་ལས། སོ་སོར་འབྲང་མ་སྐུ་མདོག་དཀར་ལ་སེར་བའི་མདངས་ཆགས་པ་ལྟ་བུ། དཀར་ནག་སེར་དམར་བའི་ཞལ་བཞི་པོ་རེ་རེ་ལ་སྤྱན་གསུམ་གསུམ་དང༌། གཡས་ཀྱི་ཕྱག་བཞི་ན། འཁོར་ལོ། རྡོ་རྗེ། མདའ། རལ་གྲི། གཡོན་གྱི་བཞི་ན། རྡོ་རྗེའི་ཞགས་པ། རྩེ་གསུམ། གཞུ། དགྲ་སྟ། ཞབས་གཉིས་རོལ་པའི་སྟབས་ཅན། སྣ་ཚོགས་པའི་ན་བཟའ། རིན་པོ་ཆེའི་རྒྱན་བརྒྱད་དང༌། མུ་ཏིག་གི་དོ་ཤལ། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བཞིན་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། འབྲས་བུ་དུ་མས་སྤྲས་པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ། དེའི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རིགས་ལྔས་དབུ་བརྒྱན་ནོ། །བཟླས་པ་ནི། ཨོཾ་མ་ཎི་དྷ་རི་བཛྲི་ནི་མཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ། རྗེས་ནི། མ་འོངས་པའི་རིགས་ཀྱི་བུ་དག་གི་དོན་དུ། སྦྱིན་པ་ཅི་ནུས་སུ་གཏོང་ཞིང༌། ཚུལ་ཁྲིམས་ཡང་དག་པར་བསྲུང་ངོ༌། །གཉིས་པ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ། སྔོན་འགྲོ་དང༌། རྗེས་ནི་ཀུན་ལ་སྔ་མ་དང་འདྲ་ཞིང༌། དངོས་གཞི་ནི། སྟོང་པའི་ངང་ལས་པད་ཉིའི་གདན་ལ་རང་གི་རིག་པའི་ངོ་བོ། ཧཱུྃ་གི་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་མ་སྐུ་མདོག་སྔོན་མོ། སྔོ། དཀར། སེར། དམར་བའི་ཞལ་བཞི་པོ། རེ་རེ་ལ་སྤྱན་གསུམ་གསུམ། དམར་ལ་ཟླུམ་པ། རྩ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མའི་མཚམས་སུ་ཁྲོ་གཉེར་བསྡུས་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན། རྡོ་རྗེ་དང་བཅས་པའི་མཆོག་སྦྱིན་དང༌། ལྕགས་ཀྱུ་དང༌། མདའ་དང༌། རལ་གྲི་འཛིན་པ། གཡོན་གྱི་བཞི་ན། ཞགས་པ་དང་བཅས་པའི་སྡིགས་འཛུབ་དང༌། དགྲ་སྟྭ་དང༌། གཞུ་དང༌། པདྨའི་སྟེང་ན་རིན་པོ་ཆེ་ཟུར་དྲུག་པ་འཛིན་པ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ། སྟག་གི་པགས་པའི་ཤམ་ཐབས། ཁྲོ་མོའི་ཆ་ལུགས་ཅན། ཏཱ་ལའི་ཤིང་སྡོང་རྒྱས་པའི་དྲུང་ན་ཉི་མའི་གདན་ལ། ཞབས་གཡས་ཅུང་ཟད་བརྐྱང་པའི་རོལ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རིགས་ལྔས་དབུ་བརྒྱན་ནོ། །བསྒོམ་པས་སྐྱོ་ན། སྙིང་ཁའི་ཧཱུྃ་གི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏ་ཝ་རེ་ཝ་ར་ཝ་ར་ས་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ།།  །།གསུམ་པ་རྨ་བྱ་ཆེན་པོ་ལ། དངོས་གཞི་ནི། པད་ཉིའི་གདན་ལ། ས་བོན་མཾ་ཡིག་གི་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་མ་གསེར་གྱི་མདོག་ཅན་སེར་ནག དམར་བའི་ཞལ་གསུམ་པོ་སྤྱན་གསུམ་གསུམ་དང༌། གཡས་ཀྱི་ཕྱག་བཞི་ན། མཆོག་སྦྱིན། རིན་པོ་ཆེའི་རྒྱུན་འབབ་པའི་བུམ་པ། འཁོར་ལོ། རལ་གྲི། གཡོན་གྱི་བཞི་ན། དགེ་སློང་དང་བཅས་པའི་ལྷུང་བཟེད། རྨ་བྱའི་མཇུག་སྒྲོ་དང༌། སྣ་ཚོགས་རྡོ་རྗེས་ཁ་བརྒྱན་པའི་བུམ་པ་དང༌། རིན་པོ་ཆེའི་རྒྱལ་མཚན་རྣམས་སོ། །དར་སྣ་ཚོགས་ཀྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་ཅན། ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། མྱ་ངན་མེད་པའི་ཤིང་དྲུང་ན་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གནས་གསུམ་བྱིན་རླབས་དང༌། ཡེ་ཤེས་པ་སྤྱན་འདྲེན་དང༌། དབང་བསྐུར་ནས་རིགས་ལྔས་དབུ་བརྒྱན་ནོ། །བཟླས་པ་ནི་སྙིང་ཁའི་མཾ་ཡིག་གི་མཐའ་སྐོར་དུ། སྔགས་ཕྲེང་བཀོད་པ་ལ་དམིགས་ཏེ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷེ་སཾ་རཀྵ་ཎི་ཨ་ཀརྵ་ཎི་ཨཱ་ཀརྵ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཇི་ལྟར་དམ་བཅས་པ་བཞིན་དུ་བགྲང་ངོ༌།།  །།བཞི་པ་གསང་སྔགས་རྗེས་སུ་འཛིན་ལ། དངོས་གཞི་ནི་སྟོང་པའི་ངང་ལས་པད་ཟླའི་གདན་ལ་ས་བོན་ཤཾ་དམར་པོའི་འོད་ཟེར་འཕྲོ་འདུ་ལས། རང་ཉིད་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་གཞོན་ནུ་དར་ལ་བབ་པ། དམར་ནག་དཀར་བའི་ཞལ་གསུམ་པོ་སྤྱན་གསུམ་གསུམ་དང༌། གཡས་དང་གཡོན་གྱི་དང་པོ་གཉིས་ཆོས་འཆད། འོག་མ་གཉིས་མཉམ་གཞག གཡས་ཀྱི་ལྷག་མ་བཞི་ན། མཆོག་སྦྱིན། མི་འཇིགས་པ། རྡོ་རྗེ་དང༌། མདའ། གཡོན་གྱི་བཞི་ན། སྡིགས་འཛུབ་ཞགས་པས་བརྒྱན་པ། པདྨས་མཚན་པའི་བུམ་པ། རིན་པོ་ཆེའི་སྙེ་མ། གཞུ་རྣམས་སོ། །དར་སྣ་ཚོགས་དང༌། རིན་པོ་ཆེའི་རྒྱན་ཅན། ཉི་མའི་རྒྱབ་ཡོལ་མངའ་བ། ཤི་རི་ཤིའི་དྲུང་ན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྔ་མ་ལྟར་ཡན་ལག་བཞི་རྫོགས་སུ་གྱུར་པའི་སྙིང་ཁར་བཀོད་པའི་སྔགས་ཕྲེང་ལ་དམིགས་ནས། ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་བ་རེ་ཨ་མྲྀ་ཏ་བི་ར་ཛེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ། ཞེས་པ་འདི་ནི་ལྷག་པར་ཅི་མང་དུ་བཟླའོ།།  །།ལྔ་པ་སིལ་བའི་ཚལ་ཆེན་མོ་ལ། དངོས་གཞི་ནི། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་གི་སེམས་ཉིད་གཾ་ལྗང་ཁུའི་འཕྲོ་འདུ་ལས། རྗེ་བཙུན་མ་སྐུ་མདོག་མརྒད་ལྟ་བུ་དང༌། ལྗང༌། དཀར། དམར་བའི་ཞལ་གསུམ་པོ་སྤྱན་གསུམ་གསུམ་དང༌། ཕྱག་གཡས་གསུམ་ན་མི་འཇིགས་པ་སྦྱིན་པ། རྡོ་རྗེ། མདའ་གཡོན་གསུམ་ན། སྡིགས་འཛུབ་དང་བཅས་པའི་ཞགས་པ། རིན་པོ་ཆེའི་རྒྱལ་མཚན། གཞུ་འཛིན་པའོ། །སྐུ་ལ་དར་སྣ་ཚོགས་ཀྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཙམ་ཀའི་ཤིང་དྲུང་ན་བཞུགས་པའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས། དེ་ལ་གནས་གསུམ་བྱིན་གྱིས་བརླབ་པ། དབང་བསྐུར་ནས། རིགས་ལྔས་དབུ་བརྒྱན་པ་སྟེ། ཡན་ལག་བཞི་རྫོགས་ལ་མཉམ་པར་བཞག་གོ །དེ་ནས་སྙིང་ཁའི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལ་རྩེ་གཅིག་ཏུ་དམིགས་ནས། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཨཱིནྡྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་རུ་རུ་ཙ་ལེ་སྭཱ་ཧཱ། ཞེས་མང་དུ་བཟླའོ། །སྔོན་འགྲོ་དང་རྗེས་ནི་སྔ་མ་བཞིན་ལ། བསྔོ་བ་ནི། དེ་ལྟར་ལྷ་མོ་རྣམ་ལྔ་ཡི། །བསྙེན་སྒྲུབ་ཚུལ་བཞིན་བགྱིས་པ་ལས། །འབྱུང་བའི་དགེ་བས་མཆོག་དང་ནི། །ཐུན་མོང་བ་ཀུན་རྗེས་འབྲང་ཤོག །ཅེས་སོ། །ནོར་བུས་གང་བའི་ཆུ་གཏེར་གྱི། །ནོར་བུ་འཛིན་པའི་ལྷ་མོ་ལྔས། །ནོར་བུ་དབང་གི་རྒྱལ་སྟེར་བྱེད། །ནོར་བུ་གླིང་ནས་ས་སྐྱོང་གི །གསུང་བཞིན་ཚིག་དོན་མ་ནོར་བ། །གསེར་མདོག་འཛིན་པའི་ཆོས་ཀྱི་གྲྭར། །བྲིས་པའི་དགེ་ཚོགས་བདུད་རྩིའི་ཆར། །བཞེས་དགུའི་རྒྱ་མཚོར་རོ་གཅིག་ཤོག།  །།ཤུ་བྷཾ།།  ༈ །ལག་ན་རྡོ་རྗེ་གོས་སྔོན་ཅན་དང༌། རྣམ་སྲས་དཀར་པོའི་ཚེ་སྒྲུབ་རྗེས་གནང་བྱེད་ཚུལ་དང་བཅས་པ།།  ༄༅། །ཨོཾ་སྭསྟི་སིདྡྷཾ། སངས་རྒྱས་སྟོང་གི་གསང་བའི་མཛོད། །འཛིན་མཛད་ཕྱག་ན་རྡོ་རྗེ་དཔལ། །ལྕང་ལོ་ཅན་དུ་གནོད་སྦྱིན་གྱི། །དབང་པོར་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྒྲུབ་པའི་ཐབས་གསང་བའི་བདག་པོ་ཉིད་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་རྗེས་གནང་ལེགས་པར་ཐོབ་པའི་སྒྲུབ་པ་པོས་བཤད་ཚོད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། ཞལ་བྱང་དུ་ཕྱོགས་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་སྔོན་ཏུ་བཏང་ནས། རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོར་གསལ་བཏབ་པའི་སྙིང་ཁ་ནས་འོད་ཟེར་འཕྲོས། བླ་མ་དང་གསང་བའི་བདག་པོ་དབྱེར་མི་བྱེད་པ་ལ་མི་བསྐྱོད་པས་དབུ་བརྒྱན་པ་བཛྲ་ས་མཱ་ཛཿ ཞེས་པས་མདུན་གྱི་ནམ་མཁར་སྤྱན་དྲངས། གང་གི་དྲིན་གྱི་སོགས་དང༌། ལྕང་ལོ་ཅན་གྱི་གནས་མཆོག་ཅེས་སོགས་ཀྱིས་ཕྱག་བྱས། ཨརྒྷཾ་སོགས་ཀྱིས་མཆོད། མཐར་ཚོགས་ཞིང་རང་ལ་བསྟིམ། སྭ་བྷཱ་ཝ་སོགས་ཀྱིས་བདག་དང་མ་དག་པའི་སྣང་བ་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བའི་སྟོང་པ་ཉིད་གསལ་བཏབ་སྟེ་བསྒོམ། སྟོང་པ་དེའི་ངང་ལས་པཾ་ལས་པདྨ་དང༌། ཟླ་བ་ཉི་མའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུྃ་དུ་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཕྱག་ན་རྡོ་རྗེའི་གོ་འཕང་ལ་བཀོད། སླར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་ཅུང་ཟད་འཕྱར་བ། གཡོན་པས་སྡིགས་འཛུབ་ཐུགས་ཀར་མཛད་པ། སྐུ་སྨད་ལ་དར་སྔོན་པོའི་ཤམ་ཐབས་གསོལ་བ་ལ་སྦྲུལ་ཆེན་པོའི་སྐ་རགས་བཅིངས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་པ་ལ་གཡོན་བརྐྱང་པའི་སྟབས་ཅན། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ལ་རང་ལ་བསྟིམ། སླར་ཡང་དབང་གི་ལྷ་སྤྱན་དྲངས་ལ་གསོལ་བ་གདབ། དབང་བསྐུར་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་ཅུང་ཟད་མཉམ་པར་བཞག་གོ །དེ་ནས་བཟླས་པ་ལ་འཇུག་པ་ནི། རང་གི་སྙིང་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཡིག་ཡེ་ཤེས་སེམས་དཔའ་དང༌། ཏིང་ངེ་འཛིན་སེམས་དཔའ་དབྱེར་མེད་ཀྱི་ངོ་བོར་གསལ་བཏབ། དེའི་མཐའ་སྐོར་དུ། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ། ཅེས་ཡི་གེ་བཅུ་གསུམ་གཡོན་དུ་བསྐོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་འབུམ་ཕྲག་སོགས་སུ་བཟླ་བར་བྱའོ། །ཐུན་མཚམས་དག་ཏུ་མཆོད་པ། གཏོར་མ། བསྟོད་པ། བསྔོ་བ་རྣམས་བྱ་བ་ནི་བདག་བསྐྱེད་ཀྱི་སྒྲུབ་པའོ། །སྤྱིར་བདུན་སྐྱེད་མཆོད་པ་དང༌། བྱེ་བྲག་ཏུ་སློབ་མ་ལ་རྗེས་གནང་གི་ཚེ། རྟེན་དགྲམ་པ། བསྒྲུབ་པའི་མཎྜལ་བཤམས་པ་སོགས་སྤྱི་དང་མཐུན་པར་བྱ་ཞིང༌། རྗེས་གནང་གི་ཚེ་པདྨ་འདབ་མ་བརྒྱད་བྲིས་པའི་ལྟེ་བར་ཧཱུྃ་མཐིང་ནག་ལས། གསང་བའི་བདག་པོ་ཆོ་ག་བཞིན་རྫོགས་པར་བསྐྱེད། དེའི་སྟེང་གི་ཐད་ཀར་མཉྫིའི་སྟེང་དུ་དཀར་གསུམ་གྱི་གཏོར་མ་ཡི་དམ་དང་དབྱེར་མེད་ཅུང་ཆེ་བ་གཅིག་བཤམ། དེ་ཐམས་ཅད་བསང་སྦྱངས་བྱིན་གྱིས་བརླབ་པ་རྣམས་སྤྱི་དང་མཐུན་པར་བྱས་ནས། མཆོད་གཏོར་བསྟོད་པ་བསྔོ་བ། ལྷག་ཆད་ཁ་བསྐང་བ་རྣམས་གྲུབ་པར་བྱས་ཏེ། སློབ་མ་རྣམས་ལ་ཁྲུས་དང་གཙང་སྦྲ་སྔོན་དུ་སོང་ནས། གྲལ་ལ་འཁོད་མཎྜལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ལ་གསང་བའི་བདག་པོ་ཡི། །རྗེས་གནང་མ་ལུས་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། སློབ་མ་རྣམས་སྭ་བྷཱ་ཝས་སྟོང་པ་ཉིད་དང༌། སྟོང་པའི་ངང་ལས་གསང་བའི་བདག་པོར་ཆོ་ག་བཞིན་བསྐྱེད་ནས་བསྒོམ་དུ་བཅུག སློབ་མ་དང༌། སློབ་དཔོན་དང༌། མདུན་བསྐྱེད་གསུམ་ཀའི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས། གསང་བདག་འཁོར་བཅས་སྤྱན་དྲངས། སློབ་མ་ལ་བསྟིམ། རོལ་མོ་བྱ་བ་ནི་སྐུའི་རྗེས་གནང་ངོ༌། །གསུང་གི་རྗེས་གནང་ནི། སློབ་མས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སུ་གཞུག དཔོན་སློབ་གཉིས་ཀས་སློབ་དཔོན་གྱིས་བགྲང་ཕྲེང་བཟུང༌། ཡི་གེ་བཅུ་གསུམ་པ་མང་དུ་བཟླས། བགྲང་ཕྲེང་སློབ་མའི་མགོ་བོར་བཞག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཐུགས་ཀྱི་རྗེས་གནང་ནི། མཉྫིའི་སྟེང་གི་གཏོར་མ་བྱིན་གྱིས་བརླབས་པ་དེ་སློབ་མའི་མགོ་བོར་བཞག་ལ། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད། དེ་དག་གིས་ཁོ་བོ་ལ་ཇི་ལྟར་གཏད་པ་བཞིན། བདག་གིས་ཀྱང་རྡོ་རྗེ་སློབ་མ་ལ་འདི་ལ་གཏད་དོ། །སློབ་མས་ཀྱང་ཡི་དམ་འཁོར་བཅས་རེས་འགའ་རྗེ་བོ་ལྟར་འདུད་པ་དང༌། རེས་འགའ་གྲོགས་པོ་ལྟར་བསྟན་པ་དང༌། རེས་འགའ་བྲན་ལྟར་བསྐུལ་བའི་ཚེ། དབང་ཆེན་བར་མ་མཛད། ཞུ་ངན་པར་མ་མཛད། འགབ་ལྕི་བར་མ་མཛད་པར་ལུས་དང་གྲིབ་མ་བཞིན་དུ་འབྲེངས་ལ། གསོལ་བ་བཏབ་པ་དེ་རྣམས་ཀྱི་དོན་གྲུབ་པར་མཛོད་ཅིག ཅེས་བརྗོད། གཏོར་མ་ལས་ཡི་དམ་འཁོར་བཅས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མའི་སྤྱི་བོ་ནས་ཞུགས། སེམས་དང་དབྱེར་མེད་དུ་འདྲེས། བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་བསྒོམ་དུ་གཞུག་གོ །དེ་ནི་ཐུགས་ཀྱི་རྗེས་གནང་དང་ཕྲིན་ལས་ཀྱི་བཀའ་བསྒོ་ཐུན་མོང་དུ་མཛད་པའོ། །དེ་ནས། གཙོ་བོས་ཇི་ལྟར་བཀལ་སྩལ་པ། །ཞེས་པ་ལན་གསུམ་གྱིས་སྡོམ་པ་བསྡུས་ཏེ་བཟུང༌། གཏང་རག་གི་མཎྜལ་ཕུལ། དེང་ནས་བརྩམས་ཏེ། ཞེས་སོགས་ཀྱིས་གང་ཕུལ་བ་དེའི་དྲུག་ཆ་ལ་ལོངས་སྤྱོད་དུ་གཞུག་གོ།  །།མངྒལཾ།།  ༄། །སྭསྟི། ས་བརྒྱད་ལ་གནས་རིན་ཆེན་མང༌། །ཞི་བ་དཀར་པོའི་སྐུ་བསྟན་ནས། །ཚེ་དང་ཡེ་ཤེས་བགྲང་ཡས་ཀྱི། །མི་ཟད་འབྱུང་གནས་ལ་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཀར་པོའི་ཚེའི་དངོས་གྲུབ་བསྒྲུབ་པ་ལ་དོན་གཉིས་ཏེ། རྣལ་འབྱོར་པ་རང་གི་བསྒྲུབ་པ་དང༌། སློབ་མ་གཞན་རྗེས་སུ་འཛིན་པའོ། །དང་པོ་ལ་གཉིས་ཏེ། རྟེན་ཡོ་བྱད་བཤམ་པ་དང༌། སྒྲུབ་པ་དངོས་ལ་འཇུག་པའོ། །དང་པོ་ནི། བཤད་ཚོད་ཀྱི་གནས་ཁང་དུ། དཀོན་མཆོག་སྤྱི་དང་བྱེ་བྲག་གི་རྟེན་དགྲམ། མཆོད་རྫས་རྣམས་བྱ་སྤྱོད་སྤྱི་དང་མཐུན་པར་བཤམ། བྱེ་བྲག་ཏུ་མར་དང༌། དཀར་གསུམ་ཤས་ཆེ་བ་ལས་གྲུབ་པའི་གཏོར་མ་ཁང་བརྩེགས་གསུམ་རིམ་པ་གཅིག་བཤམ། བླ་མ་ཡི་དམ་ཆོས་སྐྱོང་གསུམ་གྱི་བཞུགས་གནས་དང༌། རྟེན་གཏོར་དབྱེར་མེད་པ་ཉིད་དུ་བསྒྲུབ་པར་བྱའོ། །དེའི་མདུན་དུ་མཎྜལ་གྲུ་བཞི་པའི་དབུས་སུ་པདྨ་འདབ་བརྒྱད་དཀར་པོ་མུ་ཁྱུད་དང་བཅས་པའི་ལྟེ་བར་བཻ་དང༌། འདབ་མ་བརྒྱད་ཀ་ལ་ཀྵ་རེ་རེ་བྲིས། དེའི་དབུས་སུ་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་བཅུད་སྣ་ཚོགས་ཀྱིས་གང་ཞིང་རས་གསར་པའི་མགུལ་བཅིང་ཅན། གསེར་གྱི་རྡོ་རྗེས་ཁ་བརྒྱན་པ་གཅིག་ཀྱང་བཤམ་མོ། །གཉིས་པ་སྔོན་འགྲོ་ནི། གནས་ཁང་དང་མཆོད་པའི་ཡོ་བྱད་བསང་སྦྱངས་བྱིན་གྱིས་བརླབ་པ་རྣམས་སྤྱི་དང་མཐུན་པར་བྱ་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་དང༌། སྭ་བྷཱ་ཝའི་སྔགས་ཡིད་ལ་དྲན་པས་སྟོང་པ་ཉིད་ལ་མཉམ་པར་འཇོག་པ་སྔོན་དུ་བཏང་ནས། མ་དག་པའི་སྣང་བ་ཅི་ཡང་མི་དམིགས་པའི་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ། ཡི་གེ་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་སྒོ་བཞི་གྲུ་བཞི་རྟ་བབས་བང་རིམ་བཞི་དང་བཅས་པ། དེའི་ནང་ན། འཁོར་ས་རིམ་པ་གསུམ་ལ། ཕྱི་མ་ལ་གནོད་སྦྱིན་བྱེ་བའི་ཚོགས། བར་མ་སྟོབས་ཆེན་སུམ་ཅུ་རྩ་གཉིས། འཁོར་ཁྱམས་དང་པོའི་དབུས་ན། ཕྱོགས་བཞི་དང་མཚམས་བཞིར་གྱེས་པའི་པདྨ་འདབ་བརྒྱད། དེའི་ལྟེ་བའི་ཡི་གེ་བཻ་དང༌། འདབ་མ་བརྒྱད་ལ་ཀྵ་ཡིག་རེ་རེ་བསམ། དེ་དག་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་ཐུང་བའི་ལས་སྒྲིབ་བསགས་པ་རྣམས་སྦྱངས། འོད་ཟེར་ཚུལ་འདུས་ཡིག་འབྲུ་སོ་སོ་ལ་ཐིམ། ཡོངས་སུ་གྱུར་པ་ལས། པདྨ་དང་ཟླ་བའི་སྟེང་དུ་སེཾ་ལས་སེང་གེ་དཀར་པོ་རྒྱན་གྱིས་བརྒྱན་པ་ཞལ་གྱེན་དུ་ཕྱོགས་པ་དེའི་སྟེང་དུ། པདྨ་དང་ཟླ་བའི་གདན་གྱི་བཻ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་པ་ལས་སྒྲུབ་པ་པོ་རང་ཉིད་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་ལ་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ན་འཆི་མེད་ཚེའི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་ཤིང༌། ཞལ་འཛུམ་ལ་ཆགས་པའི་རྣམ་པ་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབུ་ལ་རིན་པོ་ཆེའི་པྲོག་ཞུ་རིགས་བདག་གི་ཚུལ་དུ་བསམ་པ། པདྨ་འདབ་བརྒྱད་ཀྱི་ཀྵ་ཡིག་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ཛམྦྷ་ལ། ལྷོར་གང་བ་བཟང་པོ། ནུབ་ཏུ་ནོར་བུ་བཟང་པོ། བྱང་དུ་ཀུ་བཻ་ར། ཤར་ལྷོར་ཡང་དག་ཤེས། ལྷོ་ནུབ་ཏུ་འབྲོག་གནས། ནུབ་བྱང་དུ་ལྔ་རྩེན། བྱང་ཤར་དུ་པི་ཙི་ཀུཎྜ་ལི། ཐམས་ཅད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ཚེ་འགུགས་པའི་ལྕགས་ཀྱུ་དང༌། གཡོན་ན་འཆི་མེད་ཀྱི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཐམས་ཅད་ཀྱང་རྟ་དཀར་པོ་ལ་ཆིབས་པ། གཙོ་འཁོར་ཀུན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གཙོ་བོའི་ཐུགས་ཀར་ཧཱུྃ་ཡིག་གི་མཐའ་སྐོར་དུ་པདྨ་འདབ་བརྒྱད། འདབ་མ་རེ་རེ་ལ་བཻ་ཡིག་རེ་རེས་མཚན་པ། འཁོར་རྣམས་ཀྱི་ཧཱུྃ་ཡིག་གི་མཐའ་སྐོར་དུ་པདྨ་འདབ་བཞི་རེ་རེ་ལ་བཻ་ཡིག་རེ་རེས་མཚན་པ། དེ་ཐམས་ཅད་ལས་འོད་ཟེར་འཕྲོས་པས། དཀར་པོ་ཚེ་སྒྲུབ་རྟ་བདག་བརྒྱད་དང་བཅས་པའི་ལྷ་སོགས་ཛཱཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། དེ་ནས་བླ་མ་དང་ཡི་དམ་དབྱེར་མེད་ཀྱི་གཙོ་བོ་དང༌། རྟ་བདག་བརྒྱད་པོ་སོ་སོའི་སྤྱི་བོར་རིན་པོ་ཆེའི་ཅོད་པཎ་བཞག་ནས། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཞེས་གསུངས་པར་བསམ་པ་ནི་བསྐྱེད་པའི་རིམ་པའོ། །དེ་ནས་བཟླས་པ་ལ་འཇུག་པ་ནི་རང་གི་སྙིང་ཁའི་མཐའ་སྐོར་དུ། ཨོཾ་བྷྲཱུྃ་ཎི་ཨཱ་ཡུ་ཥེ་ཞེས་འབུམ་ཕྲག་གི་བར་དུ་ཅི་རིགས་པར་བཟླས་པ་ལས་བདུད་རྩིའི་རྒྱུན་བྱུང༌། ལུས་ཀྱི་ནང་ཁེངས་སྡིག་སྒྲིབ་ཐམས་ཅད་ཕྱིར་འཐོན་པར་བསམ་མོ། །དེ་དག་ནི་རྒྱུན་གྱི་རྣལ་འབྱོར་ཏེ། རྟགས་ཐོན་ཐོན་གྱི་བར་དུ་བསྒྲུབ་པར་བྱའོ། །ཡང་གནས་སྐབས་སུ་རང་ཉིད་ཚེའི་དབང་ལེན་པ་དང༌། སློབ་མ་རྗེས་སུ་འཛིན་པའི་ཚེ། པདྨ་འདབ་བརྒྱད་ལ་གནས་པའི་མཉྫིའི་སྟེང་དུ་བུམ་པ་ཚུལ་བཞིན་དུ་བཤམ་པ་བསང་སྦྱངས། བྷྲཱུྃ་ལས་བྱུང་བའི་བུམ་པ་གསེར་གྱི་རྡོ་རྗེས་ཁ་བརྒྱན་ཅན། མཆོད་ཡོན་སྣོད་བཅས་སུ་བསྐྱེད་ལ། དེའི་ནང་དུ་གཞལ་ཡས་ཁང་དང༌། ལྷ་གཙོ་འཁོར་ཡོངས་སུ་རྫོགས་པ་མངོན་རྟོགས་བཞིན་བསྐྱེད་ནས། ལྷ་སོ་སོའི་ཐུགས་ཀའི་ཡིག་འབྲུ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། ཨོཾ་བྷྲཱུྃ་ཎི་ཨཱ་ཡུ་ཥེ་ཧཱུྃ་ཨཱ་ཡུ་ཛྙཱ་ན་སིདྡྷི་ཨ་པ་ར་མི་ཏ་ཚེ་བྷྲཱུྃ། ཞེས་ཁྲི་ནས་འབུམ་གྱི་བར་བཟླ་ཞིང༌། ཨོཾ་ཨ་ཀ་རོ་སོགས་ལ་མཚན་སྔགས་བཏགས་ཏེ་གཏོར་མ་འབུལ། གདོང་ལྔ་ཉི་ཟླའི་གདན་སྟེངས་སུ། །བཻ་ལས་བྱུང་བའི་མགོན་པོ་ནི། །སྐུ་མདོག་དཀར་པོ་ཕྱག་གཉིས་པ། །ཚེ་འགུགས་ལྕགས་ཀྱུ་བུམ་པ་བསྣམས། །འཆི་མེད་སྩོལ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དུང་ཆོས་ཀྱི་མཆོད་ཡོན་བླུགས་པའི་རྐྱེན་གྱིས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིར་གྱུར། བུམ་པ་དེ་བླ་མ་དང་ཡི་དམ་ཐ་མི་དད་པས་རང་གི་སྤྱི་བོར་བཞག་ནས་དབང་བསྐུར། རང་གིས་ཀྱང་འདོད་པའི་དོན་ལ་གསོལ་བ་གདབ། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་མོ། །གཉིས་པ་སློབ་མ་ལ་རྗེས་གནང་བྱེད་པའི་ཚུལ་ནི། སྔར་ལྟར་མཎྜལ་ཕུལ། གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ། །ཆེ་མཆོག་བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །སྒྲུབ་མཆོག་བདག་ལ་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་མ་ལུས་དུས་འདིར་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སྐུའི་རྗེས་གནང་ནི། སློབ་མ་རྣམས་མངོན་རྟོགས་བཞིན་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྒོམ་དུ་གཞུག སློབ་དཔོན་དང་མདུན་བསྐྱེད་སློབ་མ་གསུམ་ཀའི་སྙིང་ཁ་ནས་འོད་ཟེར་འཕྲོས། དཀར་པོ་ཚེ་སྒྲུབ་འཁོར་བཅས་སྤྱན་དྲངས། སློབ་མ་ལ་བསྟིམ། བརྟན་པར་བཞུགས་སུ་གསོལ་བའོ། །གསུང་གི་རྗེས་གནང་ནི། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །ཞེས་ལན་གསུམ་བརྗོད་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་བཻའི་ཚོགས་རྣམས་ལས་སྔགས་ཀྱི་ཕྲེང་བ་མཆེད། སློབ་དཔོན་གྱི་ཞལ་ནས་སློབ་མའི་ཞལ་དུ་ཞུགས། སེམས་རྒྱུད་དང་དབྱེར་མེད་དུ་འདྲེས་པར་བསམས་ལ། ཡི་གེ་བདུན་པ་ལན་གསུམ་བཟླས་སུ་བཅུག་སྟེ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །དམ་བཅའ་བའི་ལུང་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་སངས་རྒྱས་མ་ཐོབ་བར་དུ་རྒྱལ་ཆེན་དཀར་པོ་ཚེ་སྒྲུབ་ཏུ་བཟུང་སྟེ་དངོས་གྲུབ་བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དུ་གཞུག ཐུགས་ཀྱི་རྗེས་གནང་ལ་གཉིས་ལས། དང་པོ་བུམ་པས་དབང་བསྐུར་བ་ནི། སློབ་དཔོན་གྱིས་ལེགས་པར་བསྒྲུབས་པའི་བུམ་པ་བཅུད་ཀྱིས་གང་བ་དེ་སློབ་མའི་མགོ་བོར་བཞག ཨོཾ་བཻ་ཤྲ་མ་ཎ་ཡ་བྷྲཱུྃ་ཎི་ཨཱ་ཡུ་ཥེ་ཧཱུྃ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨ་པ་ར་མི་ཏ་ཚེ་བྷྲཱུྃ་ཞེས་ལན་བདུན་བཟླས་ལ་བདེན་པའི་སྟོབས་བརྗོད། སྤྱི་བོ་ནས་བླུགས་པར་བསམ་ཞིང་འཐུང་དུ་གཞུག གཉིས་པ་ནི་ཆུ་རྒྱུན་དེ་སྙིང་ཁའི་ཎི་དང་ཧཱུྃ་ལ་ཐིམ་པའི་རྐྱེན་གྱིས། བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངང་ལ་མཉམ་པར་བཞག་གོ །ཚེ་སྒྲུབ་ཆོས་སྐྱོང་དཀར་པོ་ལ་དབུལ་བའི་གཏོར་མས་ཕྲིན་ལས་ཀྱི་བཀའ་བསྒོ་བ་ཡང་གོང་བཞིན་ཕྱག་རྡོར་གྱི་སྐབས་བཞིན་བྱའོ། །དེ་ནས་སྡོམ་བཟུང་བསྡུས་པ་དང༌། མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་བརྗོད་དུ་གཞུག་གོ །དེ་ལྟར་དཀར་པོ་ཚེ་སྒྲུབ་ཀྱི། །སྒྲུབ་ཐབས་རྗེས་གནང་ངག་འདོན་ལ། །བསྒོམ་པ་མཆོག་གིས་རྒྱས་བཏབ་པ། །གཟིམ་ཁང་དཀར་པོའི་ནང་ནས་ཕུལ། །ཚེ་དང་ཡེ་ཤེས་ཤར་ནུབ་ཀྱི། །བགྲང་ཡས་ཆུ་བོ་གཉིས་འདུས་པར། །ཚེ་དང་བསོད་ནམས་བསམ་གྲུབ་རྩེ། །བདག་པོར་བཅས་འདི་བརྟན་གྱུར་ཅིག །ཅེས་ཚེ་དང་ཡེ་ཤེས་གྲུབ་པ་མཆོག་ཅེས་བྱ་བ་འདི་ནི། ས་སྐྱོང་དོན་ཡོད་རྡོ་རྗེ་རྒྱལ་པོ་དཔལ་བཟང་པོའི་བཀའ་ལུང་གིས་ཉེ་བར་བསྐུལ་བའི་ཞལ་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་སྦྱར་བ་འདི་གྲུབ་པའོ།།  །།མངྒལཾ།།  ༈ །རྣམ་སྲས་དཀར་པོའི་བསྐང་གསོ།།  ༄༅། །ན་མོ་བཛྲ་པཱ་ཎི་ཡེ་བཱཻ། རྣམ་དཀར་རྒྱལ་པའི་ཉ་གང་ཟླ་བའི་དཔལ། །དཔལ་ལྡན་ངལ་གསོ་དབང་པོའི་སྐུ་མཆོག་ལ། །ལ་ལའི་འདོད་དགུའི་ཚེ་འཕེལ་རྒྱས་མཛད་པ། །སྤ་བཟངས་རྒྱུ་སྐར་ཡོངས་བསྐོར་ཁྱོད་ལ་བསྟོད། །མགོན་པོ་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཁྱོད། །ནོར་ལྷ་འབུམ་སྡེའི་གཙུག་ཏུ་ཞབས་བཀོད་ནས། །དྲེགས་ལྡན་སྟོང་གིས་བཀའ་ཉན་གསུང་ནོད་པའི། །ངོ་མཚར་བརྒྱ་ཕྲག་ལྡན་ཁྱོད་བསྔགས་པར་གྱི། །ཁྱོད་ཀྱི་ཕོ་བྲང་ཆུ་ཤེལ་དྭངས་པའི་རི། །འོད་དཀར་ཟླ་བའི་ཟེར་མས་བརྒྱན་པ་བཞིན། །ཀུན་སྣང་སྒྲིབ་བྲལ་གསལ་བའི་མེ་ལོང་ལྟར། །ཡིད་ལ་ས་ལེ་སྣང་བའི་ཏིང་འཛིན་སྤྱོད། །འཁོར་ས་གསུམ་གྱི་ནོར་བུའི་ཁྱམས་ཆེན་ནི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཤིང༌། །འཇིག་རྟེན་འདི་ན་དཀོན་པའི་རིན་ཆེན་གྱི། །ཕ་གུས་ཕྱུར་བུར་བལྟམས་པ་ཉིད་ལགས་སོ། །མཐའ་གྲུ་ཡངས་པའི་བཱཻ་ཌཱུར་ནེའུ་སིང་ལ། །འདོད་དགུའི་དཔག་བསམ་གྲིབ་བསིལ་ལྗོན་པའི་དྲུང༌། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུའི་འགྲམ། །གཉིས་སྐྱེས་མགྲིན་པའི་རྫ་རྔ་བརྡུང་ཤིང་འཁོད། །དེ་ལས་གཞན་དུ་མ་སྨོས་སྐྱེད་ཚལ་ལ། །དགའ་དགུར་སྤྱོད་པའི་འདོད་འཇོའི་བ་ཕྲན་དང༌། །རིན་ཆེན་རི་བོའི་ངོས་ན་གནས་བཅས་པའི། །གཏེར་བདག་ནོར་བུའི་བང་མཛོད་བརྒྱ་ཕྲག་འཛིན། །ཨནྡྲ་རྙིལ་གྱི་ཁུ་བཅུད་ལས་སྔོ་བའི། །རྫིང་བུ་དལ་གྱིས་འབབ་པའི་མཚོ་འགྲམ་ན། །གདེང་ཀ་ནོར་བུའི་འོད་ཟེར་སྟོང་ལྡན་པའི། །ཀླུ་རྒྱལ་འཁོར་བཅས་རྩེ་དགའ་སྤྱོད་པར་གྱུར། །བཀོད་ལེགས་ལྷའི་གྲོང་ཁྱེར་ལྟ་ན་སྡུག །ཚེ་འཛིན་དཀར་པོའི་ཕོ་བྲང་མཆོག་གྱུར་ཏེ། །ཡེ་ཤེས་རང་སྣང་གསལ་བའི་དཀྱིལ་འཁོར་ན། །མ་འདྲེས་ཐིག་ལེ་ཉག་ཅིག་འདི་ན་སྤྱོད། །སྐུ་མཁར་དབུས་སུ་གདོང་ལྔའི་ཁྲི་སྟེང་ན། །དཔལ་ལྡན་རྣམ་མང་ཐོས་སྲས་ཁྱོད་བཞུགས་ཤིང༌། །འཁོར་ས་དང་པོའི་ཕྱོགས་བཞི་མཚམས་བརྒྱད་ན། །ཁྱོད་ཀྱི་བཀའ་ཉན་རྟ་བདག་བརྒྱད་པོ་ནི། །ཤར་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །ལྷོ་ཕྱོགས་སྐྱོང་བའི་མགོན་པོ་གང་བ་བཟང༌། །ནུབ་ཕྱོགས་སྐྱོང་བའི་མགོན་པོ་ནོར་བུ་བཟང༌། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཀུ་བཻ་ར། །ཤར་ལྷོའི་སྡེ་ལ་དབང་སྒྱུར་ཡང་དག་ཤེས། །ལྷོ་ནུབ་སྡེ་ལ་དབང་སྒྱུར་འབྲོག་གནས་རྗེ། །ནུབ་བྱང་སྡེ་ལ་དབང་སྒྱུར་ལྔ་རྩེན་དང༌། །བྱང་ཤར་སྡེ་ལ་དབང་སྒྱུར་འཇམ་པོ་འཁྱིལ། །དེ་ལྟར་ངལ་བསོ་དབང་པོ་འཁོར་བཅས་རྣམས། །ཡི་གེ་ཀྵ་ལས་འཁྲུངས་པའི་དཔལ་ཡོན་ཏན། །སྐུ་མདོག་ཆས་གོས་ན་བཟའ་རྒྱན་ཕྲེང་རྣམས། །དཀར་འཇམ་ཆུ་འཛིན་ཕུང་པོ་འཁྲིགས་པ་བཞིན། །ཕྱག་གཡས་རྣམས་ཀྱིས་ཚེ་འགུགས་ལྕགས་ཀྱུ་དང༌། །གཡོན་པ་ཚེ་འཛིན་བུམ་པ་ནེའུ་ལེ། །གླིང་བཞི་ཡུད་ལ་བསྐོར་བའི་ཅང་ཤེས་ཀྱི། །རྫུ་འཕྲུལ་བཞོན་པ་བརྒྱད་ཀྱི་སྟེངས་ན་བཞུགས། །འཁོར་ས་བར་བར་བཙུན་མོ་སྲས་ཀྱི་ཚོགས། །ལྗོང་ཆེན་གནས་དྲུང་སྟོབས་ཆེན་ཕོ་ཉར་བཅས། །ཁྱད་པར་ནོར་གཏེར་བའི་ལྟོས་འགྲོའི་དབང༌། །བྱེ་བ་ས་ཡས་ཀུན་ནས་ཡོངས་སུ་བསྐོར། །འཁོར་ས་ཐ་མར་ཁྱེད་ཀྱི་བཀའ་ཉན་པ། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང༌། །ལྷ་དམག་དཀར་པོ་འབུམ་གྱི་ལུགས་ཀྱིས། །ཆོས་ཀྱི་རྒྱལ་པོའི་མངའ་ཐང་སྲུང་ལ་བརྩོན། །དེ་ལྟར་མཆོད་ཡུལ་རྒྱ་མཚོའི་ཚོགས་རྣམས་ལ། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་མཉམ་པ་ཡིས། །ཀུན་བཟང་མཆོད་པའི་སྤྲིན་སྤུང་མཐའ་ཡས་པ། །དྭང་བའི་ཡིད་ཀྱིས་ཁྱེད་ལ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་ཆབ་ཀྱི་ཨརྒཾ་དང༌། །པུན་ཏ་རི་ཀའི་མེ་ཏོག་བརྩེགས་པའི་ཁར། །ཨ་དཀར་དུད་སྤྲིན་འཁྲིགས་པའི་ལྡིང་ཁང་ན། །ཀུན་སྣང་ནོར་བུའི་འོད་ཀྱི་སྒྲོན་མེ་ཚོགས། །ག་བུར་ཐིགས་ཕྲན་བསིལ་བའི་དྲི་མཆོག་དང༌། །བཤོས་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་བཅས། །རྣར་སྙན་སིལ་སྙན་རྔ་སྒྲའི་རོལ་མོ་སོགས། །ཉེར་མཆོད་ནམ་མཁའ་གང་བ་འདི་དག་གིས། །ཚེ་འཛིན་གནོད་སྦྱིན་དབང་པོའི་ཐུགས་དམ་བསྐངས། །འཁོར་གྱི་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐངས། །བཙུན་མོ་སྲས་བཅས་རྣམས་ཀྱི་ཐུགས་དམ་བསྐངས། །ལྗོངས་ཆེན་གནས་པ་བཅུ་དྲུག་ཐུགས་དམ་བསྐངས། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐངས། །ཡུལ་འཁོར་སྐྱོང་བའི་གནོད་སྦྱིན་ཐུགས་དམ་བསྐངས། །ལྷ་དམག་དཀར་པོ་འབུམ་སྡེའི་ཐུགས་དམ་བསྐངས། །རྩིབས་སྟོང་ལྡན་པའི་འཁོར་ལོ་རིན་ཆེན་དང༌། །འདོད་དགུའི་དཔལ་གཏེར་ནོར་བུ་དབང་གི་རྒྱལ། །ཡིད་འཕྲོག་རྒྱལ་བའི་གདུང་སྤེལ་བཙུན་མོའི་མཆོག །མངའ་འབངས་ཡིད་ལ་བདེ་གཏེར་བློན་པོའི་གཙོ། །གངས་རི་ལྟར་དཀར་གཉིས་འཐུང་རིན་ཆེན་དང༌། །རྫུ་འཕྲུལ་ཤུགས་འཆང་ཅང་ཤེས་བཞོན་པའི་མཆོག །བདུད་དཔུང་ལས་རྒྱལ་དམག་དཔོན་རིན་ཆེན་འདིས། །ཚེ་འཛིན་གནོད་འཛིན་དབང་པོའི་ཐུགས་དམ་བསྐངས། །འཁོར་གྱི་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐངས། །བཙུན་མོ་སྲས་བཅས་རྣམས་ཀྱི་ཐུགས་དམ་བསྐངས། །ལྗོངས་ཆེན་གནས་པ་བཅུ་དྲུག་ཐུགས་དམ་བསྐངས། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐངས། །ཡུལ་འཁོར་སྐྱོང་བའི་གནོད་སྦྱིན་ཐུགས་དམ་བསྐངས། །ལྷ་དམག་དཀར་པོ་འབུམ་སྡེའི་ཐུགས་དམ་བསྐངས། །ཉེ་བའི་རིན་ཆེན་བདུན་དང་འདོད་ཡོན་ལྔ། །ལྷ་མིའི་ཡོ་བྱད་ཕུན་ཚོགས་ཅི་མཆིས་དང༌། །རིན་ཆེན་སྣ་ཚོགས་འབྲུ་སྣ་སྨན་གྱི་སྡེ། །དཀོན་ནོར་ཡིད་འཕྲོག་བང་མཛོད་རབ་བསྐངས་བས། །ཚེ་འཛིན་གནོད་སྦྱིན་དབང་པོའི་ཐུགས་དམ་བསྐངས། །འཁོར་གྱི་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐངས། །བཙུན་མོ་སྲས་བཅས་རྣམས་ཀྱི་ཐུགས་དམ་བསྐངས། །ལྗོངས་ཆེན་གནས་པ་བཅུ་དྲུག་ཐུགས་དམ་བསྐངས། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐངས། །ཡུལ་འཁོར་སྐྱོང་བའི་གནོད་སྦྱིན་ཐུགས་དམ་བསྐངས། །ལྷ་དམག་དཀར་པོ་འབུམ་སྡེའི་ཐུགས་དམ་བསྐངས། །ཤེལ་དཀར་བཞུ་བའི་བྱང་མིག་རྒྱ་ལོང་ལ། །རིན་ཆེན་པདྨ་རཱ་གའི་སྲད་བུས་སྤྲེལ། །བཟབ་ཆེན་གསེར་གྱི་སྤྲས་པའི་ཤམ་བུ་ཅན། །གངས་རི་ལྟར་དཀར་དབུ་རྨོག་ཁྲབ་བཅས་དང༌། །དབང་སྔོན་མདངས་འཕྲོག་རབ་འབར་རལ་གྲི་དང༌། །ལྷ་མིན་གཡུལ་ངོ་ཟློག་བྱེད་རྣམ་རྒྱལ་གཞུ། །ཡིད་སྲུབས་སྙིང་ལ་བསྣུན་བྱེད་མདའ་ལྔའི་མཚོན། །གཞན་ཡང་ཕྱག་མཚན་ནམ་མཁའ་རབ་ཁྱབ་པ། །དུས་གསུམ་རྒྱལ་བའི་སྟོབས་བཅུས་བསྐྲུན་པ་འདི། །ཚེ་འཛིན་གནོད་སྦྱིན་དབང་པོའི་ཐུགས་དམ་བསྐངས། །འཁོར་གྱི་རྟ་བདག་བརྒྱད་ཀྱི་ཐུགས་དམ་བསྐངས། །བཙུན་མོ་སྲས་བཅས་རྣམས་ཀྱི་ཐུགས་དམ་བསྐངས། །ལྗོངས་ཆེན་གནས་པ་བཅུ་དྲུག་ཐུགས་དམ་བསྐངས། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཐུགས་དམ་བསྐངས། །ཡུལ་འཁོར་སྐྱོང་བའི་གནོད་སྦྱིན་ཐུགས་དམ་བསྐངས། །ལྷ་དམག་དཀར་པོ་འབུམ་སྡེའི་ཐུགས་དམ་བསྐངས། །དེ་ལྟར་གནོད་སྦྱིན་རྒྱལ་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐངས་ཤིང་གསོལ་བཏབ་པས། །ཡུལ་ཕྱོགས་བདེ་ཤིང་འབྲུ་བཅུད་རྒྱས་པ་དང༌། །མངའ་ཐང་འཕེལ་ཤིང་སྐུ་ཚེ་ཡར་ངོ་ལྟར། །ཉིན་རེ་བཞིན་ཡང་རྣམ་པར་རྒྱས་པར་མཛོད། །སྲིད་དང་ཞི་བའི་བདེ་འབྲས་ཀུན་སྩོལ་ཞིང༌། །ཇི་ལྟར་བརྩམས་པའི་དོན་ཀུན་འགྲུབ་པ་དང༌། །ཕུན་ཚོགས་ཐམས་ཅད་ཡིད་བཞིན་འབྱོར་བ་ཡི། །ཅི་བསམ་ལྷུན་འགྲུབ་དངོས་གྲུབ་སྩལ་དུ་གསོལ།།  །།མངྒལཾ།།  །།བྷ་ཝནྟུ།།  །།སྭསྟི། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒྲུབ་པ་ལ་བརྟེན་ནས་མཆོག་གི་ཆེད་དུ་ཐུན་མོང་གི་གྲུབ་པ་མྱུར་བ་ཉིད་དུ་བྱ་བ་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །དང་པོ་ནི་སྐྱབས་འགྲོ་སེམས་སྐྱེད། །ཚད་མེད་བཞི་བསྒོམས་པའོ། །གཉིས་པ་ལ། ཡི་དམ་གྱི་ལྷའི་རྣལ་འབྱོར་ལ་བརྟེན་པ་དང༌། རླུང་གི་རྣལ་འབྱོར་ལ་བརྟེན་ནས་ཚེའི་འགྲུབ་པ་མྱུར་དུ་བྱ་བའོ། །དང་པོ་ནི། སྭ་བྷ་ཝའི་སྔགས་ཀྱིས་རྣམ་ཤེས་ཡུལ་དུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བའི་སྟོང་པ་ཉིད་དུ་གསལ་བཏབ། དེའི་ངང་ལས་མཉམ་པར་བཞག མཉམ་བཞག་དེའི་ངང་ཉིད་ནས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་འོད་གསལ་བ་དེ། ཏཱཾ་ཡིག་དཀར་པོར་གསལ་བཏབ། དེ་ལས་འོད་ཟེར་འཕྲོས་མཐའ་ཡས་པའི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། རྗེ་བཙུན་མའི་གོ་འཕང་ལ་བཀོད། ཏཱཾ་ཡིག་ལ་ཚུལ་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྐུ་མདོག་ཤིན་ཏུ་དཀར་བ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང༌། ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤལའི་ཡུ་བ་ནས་སྲིན་ལག་གིས་ཐུགས་ཀར་འཛིན་པ། ཞལ་གཅིག་པུ་ཞི་ཞིང་འཛུམ་པ། སྤྱན་གསུམ་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་རྗེ་བཙུན་མའི་རྣམ་པར་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། ཡང་དབང་ལྷ་སྤྱན་དྲངས། རང་ཉིད་ལ་བུམ་པའི་ཆུའི་དབང་བསྐུར། སྐུ་གང་ཆུ་ལྷག་མ་ཡར་ལུད་པས་འོད་དཔག་ཏུ་མེད་པས་དབུ་བརྒྱན། ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་ཡུན་རིང་དུ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་བར་གྱུར་ན་སྙིང་ཁར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐའ་སྐོར་ལ་ཡི་གེ་བཅུ་པ་འདོད་དོན་གསལ་བཏབ་ཀྱི་འདོགས་དང་བཅས་ནས་བཟླ་བར་བྱ་སྟེ། ཨོཾ་ཏ་རེ་ཏུ་ཏཱ་རེ་ཏུ་རེ་མཱ་མ་ཨཱ་ཡུར་པུཎྜྻ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱཧཱ། འབུམ་ཕྲག་གཅིག་གིས་དུས་མ་ཡིན་པའི་འཆི་བ་བཟློག་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་བསྒོམ་བཟླས་སྔོན་དུ་སོང་བའི་ཐུན་རྗེས་དེ་མ་ཐག་ཏུ་རྗེ་བཙུན་མའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་ནམ་མཁའ་གང་བར་སྤྲོས། སངས་རྒྱས་བྱང་སེམས་ཕྱི་ནང་གི་འཇིག་རྟེན་ཚོགས་གཉིས་དང་ཚེའི་དངོས་གྲུབ་བརྙེས་པ་རྣམས་ཀྱི་ཐུགས་ཀ་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བཀུག བདུད་རྩིའི་རྣམ་པ་ཅན་དུ་རང་གི་རླུང་སེམས་ནང་དུ་འཇུག་པ་དང་མཉམ་དུ་རོ་གཅིག་པར་འདུས། ཨོཾ་གྱི་རྣམ་པར་རྔུབས། ཨཱཿཡི་རྣམ་པས་སྙིང་ཁ་དང་ལྟེ་བར་ཅུང་ཟད་རིང་བར་གནས། ཧཱུྃ་གི་རྣམ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་དྲག་ཏུ་འཕངས་པར་བསམ་མོ། །ཐོ་རངས་ཀྱི་དུས་སུ་དེ་ལྟ་བུའི་འབྱུང་འཇུག་གནས་གསུམ་ཚང་བའི་བཟླས་པ་ཟླ་བ་གཅིག་ཏུ་ལོངས་པར་བགྲངས་པས་ནི། ཚེ་ཇི་ཙམ་དུ་ཟད་པ་ཡང་ལོ་ལྔ་ཉིད་དུ་འཚོ་བར་འགྱུར་རོ། །ཞེས་པ་ནི། བདེ་མཆོག་སྡོམ་འབྱུང་ལས་ཏེ། ངག་གི་དབང་ཕྱུག་གྲགས་པས་རྗེ་བཙུན་མའི་ཚེ་སྒྲུབ་མན་ངག་གི་གཞུང་ཉིད་དུ་བཀོད་དོ། །དེ་སྐད་འདི་ནི་ས་སྐྱོང་གི །བཀའ་ལུང་ཁོ་ནས་བདེ་བླག་ཏུ། །བརྩམས་པའི་ཚེ་སྒྲུབ་ནོར་བུ་ནི། །གསེར་མདོག་ཡིད་བཞིན་མཚོ་ནས་ཕུལ།།  །།མངྒལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*