ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པ། མིང་གཞན་རྟོག་གེའི་འཁྲུལ་འཇོམས་ཆེན་མོ། ཀ ༽

༼ཏ༽༄༅། །ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་པའམ། མིང་གཞན་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་བཞུགས།།

ན་མོ་མཉྫུ་ཤྲཱི་ཡེ། ཚད་མ་སྡེ་བདུན་གྱི་དགོངས་རྒྱན་ལུང་དང་རིགས་པས་གསལ་བར་བྱེད་པའི་བསྟན་བཅོས། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་མཛོད་ཅེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རིགས་བྱེད་ལ་མཁས་མཁས་པའི་གནས་ཐོབ་ཀུན་གྱི་སྤྱི་མེས་མེས་པོ་གསེར་གྱི་པད་མའི་མངལ། །མངལ་སྐྱེས་མཆོག་སྦྱིན་སྦྱིན་མའི་བུ་ཡང་འཆིང་བྱེད་ཉེ་དབང་དབང་པོས་རབ་བརྟེན་སྟོབས་ཀྱི་དགྲ། །དགྲ་སྟའི་མཚོན་ཐོགས་ཐོགས་མེད་རབ་རྒྱུ་ལྷ་མིན་རབ་འཇོམས་འཇོམས་བྱེད་བདག་པོ་མེ་ཏོག་གཞུ། །གཞུ་རྒྱལ་དཔུང་ཚོགས་ཚོགས་ཀྱི་བདག་པོས་གུས་འདུད་ཀུན་མཁྱེན་མཁྱེན་པའི་སྤྱན་མངའ་དེང་འདིར་རྒྱལ། །གང་འདིར་ཀུན་ཏུ་རྨོངས་པའི་ཆུ་སྔོན་གྱིས་བསྐྲུན་ལས་དང་ཉོན་མོངས་པའི། །རྦ་ཀློང་འཁྲུག་པ་སྲིད་པའི་རྒྱ་མཚོར་རིང་དུ་འཕྱན་པའི་འགྲོ་བ་འདི། །བགྲང་ཡས་ཐུགས་རྗེའི་སྤྱན་ཀྱིས་བཟུང་ནས་ཡང་དག་རིགས་པའི་གྲུ་ཆེན་གྱིས། །བགྲོད་མང་གིས་སྒྲོལ་ཐུབ་དབང་ཚད་མ་གསུང་མཁས་ཁྱོད་ལ་ཕྱག་འཚལ་ལོ། །མཐར་འཛིན་དྲག་ཏུ་འཁྲུགས་པའི་ལྷ་མིན་དཔའ་བོ་དེ་ནི་གཞུང་ལུགས་བརྒྱ་བྱིན་འཁོར་གྱི་ཕུན་ཚོགས་ལ་སྡང་ས་འོག་མི་ཤེས་མུན་པའི་མལ་དུ་ཡུན་རིངས་བསམས་པའི་རྟོག་གེ་ངན་པའི་དཔུང་ཚོགས་ཡན་ལག་བཞི་བཤམས་ནས། །ཚེ་དང་སྙན་དངགས་སྲིད་བསྲུངས་རིག་བྱེད་ཤེས་ཤིང་སྦྱངས་པའི་ཤིང་རྟ་ལ་ཞོན་ལྟག་ཆོད་ཚིག་དོར་གཡོ་རྒྱུའི་དགྲ་ཐབས་ཤེས་པའི་འཁྲུལ་འཁོར་གྱིས་སྦྱར་བརྡའ་སྤྲོད་ཏོག་གེའི་རྣོ་ངར་ལྡན་པའི་རལ་གྲི་དང་ནི་མདུང་ཐོགས་ནས། །ངེས་དོན་ཉིང་ཁུས་རབ་འཕོངས་པ་སངས་རྒྱས་ཀྱིས་སྦྱར་གཞུང་ལུགས་ཤེས་པའི་ང་རྒྱལ་གྱིས་བསྐྱོད་ཕྲག་དོག་རྒྱ་མཚོའི་ཁོངས་ནས་རབ་འཐོན་ཐུབ་བསྟན་བང་རིམ་ལ་འགོངས་སྟོང་ཉིད་བདུད་རྩི་འཕྲོག་པའི་གཡུལ་ངོར་ཞུགས་པའི་མི་བསྲུན་དེས། །ཁྱོད་ཞལ་མཁྱེན་བརྩེ་ཁྲོས་པའི་རྡོ་རྗེ་མཐོང་མ་ཐག་ཏུ་གོམས་སྟབས་རབ་འཁྱོར་ལག་ཆ་ཤོར་ནས་བཏབས་ཤིང་འགྱེལ་རྣམས་ཞབས་ཟུང་འགྱིང་བག་གར་གྱིས་གནོན་མཛད་རབ་དཀར་ལྷ་མཆོག་གཡོ་མེད་གང་ཁྱོད་རྟག་པར་རྒྱལ། །ཁྱོད་གཞལ་པད་མོ་རྒོད་པའི་འཛུམ་ཕྲེང་རྩེར། །ལེགས་བཤད་བུང་བའི་ཕྲེང་བ་གཡོ་ལྡན་ཞིང༌། །གང་གསུང་བདུད་རྩིའི་འབབ་སྟེགས་ངོ་མཚར་ཅན། །འཇམ་དབྱངས་དགྱེས་པའི་ཞལ་སྒོར་ད་བཟུང་ཤིག །རྗེ་བཙུན་རིགས་པའི་དཔུང་ཚོགས་ཡན་ལག་བཞིས། །མུ་སྟེགས་འཁྲུལ་པའི་ས་ཆེན་གསུམ་ཕྲོགས་ནས། །ལུང་རིགས་གཉིས་ཀྱི་པད་མཚོར་ངལ་བསོ་བ། །ཕྱོགས་ཀྱི་གླང་ཆེན་ཁྲོས་པའི་རིགས་པ་མཆོག །ཆོས་ཀྱི་རྒྱལ་པོ་གྲགས་པའི་དཔའ་མཛངས་ཅན། །ཆོས་མིན་ཕམ་མཛད་གྲགས་པའི་རྔ་ཆེན་གྱིས། །ཆོས་མང་ཤེས་པའི་གྲགས་པ་སྤེལ་མཁས་པ། །ཆོས་ལ་གྲགས་ཐོབ་སྨྲ་བའི་ཉི་མ་རྒྱལ། །གང་གི་རིགས་པའི་ལམ་བཟང་པོ། །འཛིན་མཁས་ལྷ་ཤཱཀ་ཤེས་རབ་འབྱུང༌། །ཆོས་མཆོག་ལ་སོགས་ཤིང་རྟ་ཡི། །སྲོལ་འཛིན་ཀུན་ལ་ཕྱག་འཚལ་ལོ། །གངས་ཅན་རྨོངས་པའི་མུན་ཆེན་པོ། །སེལ་མཁས་བློ་ལྡན་ཤེས་རབ་ནི། །སྲས་དང་བརྒྱུད་པར་བཅས་པ་ལ། །ཡིད་རབ་དྭངས་བས་ཕྱག་བགྱིད་དོ། །ཀུན་དགའི་དེད་དཔོན་ཀུན་གྱིས་མ་བཀུར་ན། །ངོ་མཚར་གནས་ལྔའི་རྒྱལ་མཚན་སུ་ཡིས་སྒྲེང༌། །དཔལ་ལྡན་ཁྱོད་ཀྱི་རྣམ་དཔྱོད་དེ་མེད་ན། །སྣང་སེལ་བ་དན་བཟང་པོ་སུ་ཡིས་བཟུང༌། །རིགས་པའི་གཏེར་གཞུང་གྲུ་ཆེན་མ་བཅས་ན། །སྡེ་བདུན་རིགས་པའི་མཚོ་ཆེན་ཇི་ལྟར་རྒལ། །དེ་ཕྱིར་པཎ་ཆེན་འཇིགས་མེད་དཔའ་བོ་དེ། །ཉིད་དང་བརྒྱུད་པར་བཅས་ཀུན་འདི་ན་རྒྱལ། །སངས་རྒྱས་གསུང་རབ་ལུང་དང་རིགས་པའི་ཉི་འོད་འབར་བའི་བདུད་རྩིའི་གྲུ་ཆར་ནི། །དཔལ་ལྡན་རྣམ་དཔྱོད་རྟ་མང་གིས་དྲངས་འཕྲིན་ལས་བཟང་པོའི་སྤྲིན་གྱི་ཤིང་རྟ་ལ་ཞོན་པ། །སྐལ་བཟང་བློ་མཚོའི་བཞད་འཕྲེང་དབུས་ཀྱི་ཆུ་གཏེར་གང་དུ་དུལ་པར་བབས་པ་ན། །སངས་རྒྱས་བསྟན་པའི་རྒྱ་མཚོ་དཔལ་ལྡན་འདུས་པའི་ཆུ་ཆེན་དང་བཅས་ཁྱོད་ཀྱིས་སྤེལ། །ཤཱཀྱའི་བསྟན་པ་ནོར་བུའི་གདུགས་དཀར་ནི། །ལུང་དང་རིགས་པའི་རྒྱལ་མཚན་རྩེར་བཀོད་ནས། །འཕྲིན་ལས་བཟང་པོའི་གྲིབ་བསིལ་འབེབས་བརྩོན་པས། །འཕོངས་པའི་ཚ་གདུངས་སེལ་ཁྱོད་ཀུན་གྱི་བཤེས། །དོན་ཡོད་མཁྱེན་པའི་ལེགས་བཤད་རི་མོ་ནི། །དཔལ་ལྡན་ཐུགས་མཚོའི་མེ་ལོང་ལ་བྲིས་པ། །འཕྲིན་ལས་བཟང་པོའི་མདངས་ཀྱིས་མཚོན་གང་ཁྱོད། །ཐུབ་བསྟན་གསེར་གྱི་ཁང་ཆེན་མཛེས་པའི་རྒྱན། །ལན་གཅིག་ཐོས་ན་རིགས་པའི་སྣང་བ་འཕེལ། །མང་པོར་བསམས་ན་རྨོངས་པའི་མུན་ཆེན་སེལ། །རིང་དུ་བསྒོམས་ན་སྒྲིབ་ཀུན་འཇོམས་ངེས་པའི། །རྣམ་འགྲེལ་མཛད་པའི་ལུགས་བཟང་རྟག་པར་རྒྱལ། །དེང་སང་འདི་ན་སྡེ་བདུན་མཛད་གཞུང་རིགས་པའི་འོད་དཀར་ཅན། །རང་བཟོའི་སྒྲ་གཅན་དབང་པོས་ཟོས་ནས་ནག་པོར་བྱས་གྱུར་ཅིང༌། །བློ་ངན་སྐྱེ་བོ་དུ་མའི་རྟོག་པས་ཀུན་ཏུ་རྣམ་བརྟགས་པའི། །རྟོག་གེ་ངན་པའི་འཇའ་ཚོན་རི་མོར་འགྲོ་འདི་ཆགས་མཐོང་ནས། །གྲགས་པའི་གཞུང་བཟང་རིགས་པ་ཡི། །གཏེར་གྱིས་ཇི་བཞིན་བཀྲལ་བ་གང༌། །སངས་རྒྱས་བསྟན་པའི་དཔལ་དང་ནི། །ཀུན་མཁྱེན་རོང་སྟོན་ཆོས་ཀྱི་རྗེའི། །རིགས་པའི་མན་ངག་གིས་བརྒྱན་ཏེ། །འདི་ན་ལོག་པར་འཆད་རྣམས་ཀྱི། །རྗེས་འབྲང་མིན་པར་རིགས་པ་ཡི། །གཞུང་བཞིན་འཆད་ལ་སྤྲོ་བ་སྐྱེས། །དེ་ལྟར་མཆོད་པར་བརྗོད་ཅིང་བརྩོམ་པར་དམ་བཅས་ནས་ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བའི་རབ་ཏུ་བྱེད་པ་འདི་ལ་དོན་གཉིས་ཀྱིས་བཤད་པར་བྱ་སྟེ། རབ་ཏུ་བྱེད་པ་འདི་རྩོམ་པ་དང་འབྲེལ་བའི་དགོས་པ་དང༌། རབ་བྱེད་དངོས་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་ནི། གང་ཡང་འདི་ན་ཁམས་གསུམ་པའི་རྒྱ་མཚོ་ཆེན་པོ་རིང་དུ་རྒལ་ནས་ཀུན་མཁྱེན་ཐར་པའི་ཁང་བཟང་ཉམས་དགའ་བ་དེར་བགྲོད་པར་འདོད་པའི་ངེས་པར་འབྱུང་བ་དང་དམ་པའི་ཆོས་ཀྱི་སྐལ་བ་དང་ལྡན་པ་དག་གིས་ནི་འདི་ལྟར་ཤེས་པར་བྱ་དགོས་ཏེ། ཆོས་རྣམས་ཀྱི་རང་གི་ངོ་བོ་གསལ་བར་མི་ཤེས་པའི་རྨོངས་པ་ཆེན་པོ་འདི་འཁོར་བའི་འབྲོག་དགོན་པ་འཇིགས་སུ་རུང་བ་ཉམ་ང་བའི་འཇིགས་པ་སྣ་ཚོགས་ཀྱིས་སྤུ་ཟིང་བྱེད་པ་འདི་མཐའ་དག་བསྐྲུན་ཅིང་བསྐྱེད་པའི་རྩ་བ་ཉིད་དུ་ངེས་པར་བྱས་ཤིང༌། དེ་ལ་བརྟེན་ནས་ཁམས་གསུམ་པ་ལ་སྲེད་པ་དང་ཐར་པ་ལ་ཐེ་ཚོམ་ཟ་བ་དང༌། རྒྱུ་དང་འབྲས་བུར་བཅས་པའི་སྲིད་ཞི་ལ་ལོག་པར་རྟོག་པ་དང༌། རྟག་པ་དང་ཆད་པར་སྨྲ་བ་ལ་སོགས་པའི་ལྟ་བ་དང༌། ངེས་བསྐྱེད་པའི་བརྟུལ་ཞུགས་ངན་པ་རྣམས་བྱང་གྲོལ་གྱི་རྒྱུར་བཟུང་ནས་ཀུན་ཏུ་ང་རྒྱལ་བ་དང༌། དེ་དང་མི་མཐུན་པ་ལ་ཁོང་ཁྲོ་བ་དང༌། དེའི་རྒྱུ་ལས་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་བསོག་པ་དག་ཀྱང་འབྱུང་ཞིང༌། སངས་རྒྱས་ཀྱི་ཆོས་ལས་ཕྱི་རོལ་དུ་གྱུར་པའི་གྲུབ་མཐའི་རྣམ་པ་མི་མཐུན་པ་རྣམས་དང༌། ཆོས་ལྟར་བཅོས་ཤིང་རློམ་ནས་རིགས་པ་མ་ཡིན་པར་སྨྲ་བ་བརྒྱ་ཕྲག་དུ་མ་འབྱུང་ཞིང་དུས་ཀྱི་ཤུགས་ཀྱིས་བློ་གྲོས་ངན་པའི་སྐྱེ་བོ་རབ་ཏུ་མང་པོ་དག་ཀྱང་བློ་ངན་གྱི་རྟོག་པ་ཁོ་ནས་བརྟགས་པའི་ཚིག་གི་སྦྱོར་བ་འབའ་ཞིག་ལྷུར་བླངས་པས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ་ནི་ཡང་དང་ཡང་དུ་བསམ་དགོས་ཤིང༌། དེ་ལྟར་ཤེས་ནས་དེའི་རྩ་བ་དྲུངས་འབྱིན་པར་ནུས་པ་ཡང༌། རིགས་པའི་ལམ་བཟང་པོ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་ལམ་ནས་ཚུལ་བཞིན་དུ་རྒྱུད་ལ་སྐྱེད་དགོས་ལ་དེ་ཡང་གཞལ་བྱའི་གནས་གསུམ་པོ་ཚད་མ་གསུམ་གྱི་སྒོ་ནས་སྟོན་པའི་ཚུལ་ལ། ལུགས་གཞན་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པས། རྒྱལ་བའི་གསུང་རབ་མཐའ་དག་ལ་ལྟ་བའི་མིག་གཅིག་པུར་གྱུར་པ། ཆོས་ཀྱི་སྤྱན་ལྡན་དཔལ་ལྡན་གྲགས་པའི་རིང་ལུགས་ཁོ་ན་ལ་རག་ལས་པས་དེའི་ཕྱིར་རང་ཉིད་ཀྱང་ཡང་དག་པའི་རིགས་ལམ་ལ་གོམས་པར་བྱ་བའི་ཕྱིར་དང༌། རང་བཟོས་མ་བསླད་པའི་རིགས་པའི་སྲོལ་བཟང་པོ་དེ་ཉིད་མི་ཉམས་ཤིང་འཕེལ་བའི་ཕྱིར་དང༌། བདག་དང་སྐལ་བར་མཉམ་པའི་ཕྱི་མ་ཕྱི་མའི་དུས་ཀྱི་སྐྱེ་བོ་འགའ་ལའང་ཕན་པར་གྱུར་ཅིག་སྙམ་དུ་བསམས་ནས་འདི་བརྩམ་མོ། །དེ་ལྟ་བས་ན། འཆད་པར་འགྱུར་བ་འདི་ནི། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པའི་རོ་མྱང་བ་ཚོལ་བ་དང༌། རང་གི་གྲུབ་པའི་མཐའ་ལ་ཆགས་པ་དང༌། གཞན་གྱི་འདོད་པའི་མཐའ་ལ་སྡང་བས་མ་ཡིན་ཞིང༌། གཟུ་བོར་གནས་པའི་བློ་ཡིས་དངོས་པོའི་དེ་ཁོ་ན་ཉིད་ཚོལ་བ་ལྷུར་ལེན་པའི་རྣམ་པར་དཔྱོད་པ་དང་ལྡན་པས། ཕྱོགས་གླང་གྲགས་པའི་ལུང་དང་རྗེས་སུ་མཐུན་ཅིང༌། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པས་བསྒྲུབ་པ་མཁས་པ་སྔ་མའི་མན་ངག་བཟང་པོས་བརྒྱན་ནས་འཆད་པ་ཡིན་པས་དེའི་ཕྱིར། དེང་སང་གི་སྐྱེ་བོ་བློ་གསལ་ཞིང་ཡིད་བཞུངས་པ་དག་ཀྱང་འདི་ལ་འཇུག་པར་རིགས་སོ། །གཉིས་པ་དགོས་པ་དེ་དང་ལྡན་པའི་རབ་ཏུ་བྱེད་པ་དངོས་ཇི་ལྟར་བཤད་པའི་ཚུལ་ལ་གཉིས་ཏེ། གདུལ་བྱ་གཞན་རྗེས་སུ་འཛིན་པའི་ཐབས་ཀྱི་ལེའུ་ལན་ལག་བཅུའི་སྒོ་ནས་དང་པོར་བཤད་པ་དང༌། རྗེས་སུ་བཟུང་ནས་ཡང་དག་པའི་ཤེས་པས་མི་ཤེས་པ་ཇི་ལྟར་བཟློག་པའི་ཚུལ་རྒྱུད་ལ་བསྐྱེད་པའི་ཐབས་ཀྱི་ལེའུ་ལེ་ཚན་བཅུ་གཉིས་ཀྱི་སྒོ་ནས་གཉིས་པར་བཤད་པའོ། །དང་པོ་ལ། གདུལ་བྱ་ཐེ་ཚོམ་ཅན་རྗེས་སུ་འཛིན་པའི་ཡན་ལག་གཏན་ལ་འབེབས་བྱེད་གཏན་ཚིགས་ཀྱི་རྣམ་པར་བཞག་པ་རྒྱས་པར་བཤད་པ་དང༌། ལོག་རྟོག་ཅན་ཚར་གཅོད་པའི་ཐབས་སུ་ཐལ་འགྱུར་གྱི་རྣམ་པར་བཞག་པ། དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་ཤེས་བྱ་མི་ཤེས་པ་ཤེས་པར་བྱ་བའི་ངོ་བོ་བསྒྲུབ་བྱ་ཉིད་བཤད་པ། དེ་གཉིས་ཀ་ལ་ཉེ་བར་མཁོ་བ་ཕྱོགས་ཆོས་ཅན་གྱི་རབ་དབྱེ་ལེགས་པར་བཤད་པས་མཇུག་བསྡུ་བའོ། །དང་པོ་ལ། བརྗོད་བྱ་རྟགས་གཏན་ཚིགས་ཀྱི་རྣམ་གཞག་རྒྱ་ཆེར་བཤད་པ། རྗོད་བྱེད་སྒྲུབ་ངག་གི་རྣམ་གཞག་དང༌། ཐལ་འགྱུར་གྱི་རྣམ་གཞག་དམིགས་ཕྱེད་པར་བཤད། དེ་དག་མི་འཁྲུལ་བའི་རྒྱུ་དགག་སྒྲུབ་དང༌། འགལ་འབྲེལ་གྱི་རྣམ་པར་བཞག་པ་དང་གསུམ་མཐར་ཕྱིན་པར་བཤད་པའོ། །དང་པོ་ལ་ཡང་དག་དང༌། ལྟར་སྣང༌། དེ་དག་གི་ངེས་པ་བཤད་པ་དང་གསུམ་མོ། །དང་པོ་ལ། མཚན་ཉིད། མཚན་གཞི་ལ་ལོག་རྟོག་དགག་པ། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ལ་གཞན་གྱི་འདོད་པ་དགག རང་གི་འདོད་པ་སྒྲུབ། དེ་ལ་རྩོད་པ་སྤང་བ་དང་གསུམ། དང་པོ་ལ་མཚན་ཉིད་ཀྱི་འདོད་ཚུལ་དགག དེ་ལ་འཕྲོས་ནས་ཚུལ་གསུམ་གྱི་རྣམ་གཞག་འདོད་ཚུལ་དགག ཚུལ་གསུམ་ངེས་བྱེད་ཀྱི་ཚད་མའི་འདོད་ཚུལ་དགག་པ་དང་གསུམ། དང་པོ་ནི། དེང་སང་ཕལ་ཆེ་བ་ན་རེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི། བྱས་པ་ལྟ་བུ་ཚུལ་གསུམ་ཀ་ཡིན་པའི་རྒྱུ་མཚན་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད། སྒྲུབ་ཚུལ་ཡིན་སྒྲུབ། སྒྲ་དེ་ཁྱོད་ཡིན་པར་ངེས་ནས་དེ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་སྲིད། ཁྱོད་དང་སྒྲ་དང་མི་རྟག་པ་གསུམ་ཕན་ཚུན་ཐ་དད་སྒྲ་དེ་ཁྱོད་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གི་སྟེང་དུ་དེ་སྒྲུབ་ཀྱི་སྒྲུབ་བྱའི་ཆོས་སུ་གཟུང་བྱའི་འབྲེལ་པ་རྣལ་མར་ངེས་སྟོབས་ཀྱིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་ལ་འབྲེལ། དེ་སྒྲུབ་ལ་ཁྱོད་རྟགས་སུ་བཀོད་པའི་འགོད་ཚུལ་ཡིན་འགོད། སྒྲུབ་ཚུལ་ཡིན་སྒྲུབ། ཁྱོད་ཡིན་ཡོད། ཁྱོད་ཡིན་ན་མི་རྟག་པ་ཡིན་དགོས་པའི་ཕྱིར། ལྡོག་ཁྱབ་ལ་ཡང་དེ་ལྟར་བསྒྲེ་ཞིང༌། བྱས་པ་གཅིག་པོ་བྱས་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཡིན་ཅིང་དེ་ལས་གཞན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྱི་མཚན་གཞི་མེད་དོ་ཞེས་མཐུན་པར་དབྱངས་གཅིག་དང་མགྲིན་གཅིག་ཏུ་སྨྲ་བར་བྱེད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་དེ་གཅིག་ཁོ་ནར་འགྱུར་ཏེ། དེས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་གཞིར་བཟུང་བ་དེ་ལས། ལྡོག་པ་ཐ་དད་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱི་མཚན་གཞི་གཟུང་རྒྱུ་མེད་པའི་ཕྱིར་དང༌། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ལས་གང་རུང་ཅིག་ཚད་མས་ངེས་པའི་རྒོལ་བ་ཡིན་ན། ཚུལ་གསུམ་ཀ་ཚད་མས་ངེས་དགོས་པར་འགྱུར་ཏེ། བྱས་པ་དེ། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཀའི་མཚན་གཞི་ཡིན། བྱས་པ་ལས་ལྡོག་པ་ཐ་དད་ན། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་གང་རུང་མ་ཡིན་དགོས། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ལས་གང་རུང་ཅིག་ཡིན་ན་གསུམ་ཀ་ཡིན་དགོས་པའི་ཕྱིར། རྟགས་ཐམས་ཅད་ཁས་བླངས། འདོད་ན། ལུང་དང་རིགས་པ་དང་ཁས་བླངས་པ་དང་གསུམ་ཅར་དང་འགལ་ལོ། །གཞན་ཡང་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལ་མཚན་གཞི་ལྡོག་པ་ཐ་དད་པ་གསུམ་གཟུང་རྒྱུ་མེད་པར་འདོད་པ་ནི་ལུང་དང་རིགས་པ་དང་ཁས་བླངས་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། རེ་ཤིག་དང་པོར་ལུང་དང་འགལ་ཏེ། རྣམ་ངེས་ལས། གཏན་ཚིགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་ཚུལ་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར་སྦྱོར་བ་བསྡུས་ཏེ་བརྗོད་ཀྱི་ཚུལ་བསྡུས་པས་ནི་མ་ཡིན་ནོ། །ཞེས་དང༌། གཏན་ཚིགས་ཐིགས་པའི་འགྲེལ་པར། ལྡོག་པ་ཐ་དད་པ་ཡིན་དུ་ཟིན་ཀྱང༌། རྟགས་གཅིག་ལ་ཚུལ་གསུམ་པར་བརྗོད་དོ་ཞེས་དང༌། རིགས་ཐིགས་ལས། ཚུལ་གསུམ་པ་ཉིད་ཀྱི་རྟགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་དང༌། མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ངེས་པ་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ་ཞེས་སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་གྱི་མཚན་གཞི་སོ་སོར་བཟུང་བའི་ཕྱིར་དང༌། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །ཅི་སྟེ་ལུང་གི་དགོངས་པ་ཚུལ་གསུམ་རང་ལྡོག་ཐ་དད་པ་ཙམ་ཉེ་བར་བཟུང་ནས་བཤད་པ་ཡིན་གྱི། གཞི་ལྡོག་ཐ་དད་དུ་གཟུང་དུ་མེད་པ་ལ་འདོད་ན་ནི། རང་གིས་རྗེས་འགྲོ་མེད་ན་ལྡོག་པ་མི་འགྲུབ་པར་ཁས་བླངས་པ་ལ། ཕྱོགས་སྔ་མས་རྟགས་ཀྱི་ཚུལ་གཉིས་སུ་འདུས་པར་ཐལ། ཕྱོགས་ཆོས་ཀྱི་ཚུལ་དང་རྗེས་འགྲོའི་ཚུལ་ལས་ལོགས་སུ་ལྡོག་པའི་ཚུལ་གཟུང་རྒྱུ་མེད་པའི་ཕྱིར་ཞེས་སྨྲས་པ་ལ་ལན་འདོན་པར་མི་ནུས་སོ། །དེ་ཡང་གང་གི་ཕྱིར་ན་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ཀ་ལ། མཚན་གཞིར་གཟུང་རྒྱུ་གཅིག་ལས་མེད་པའི་ཕྱིར་རོ། །འདོད་ན། །རྣམ་པར་ངེས་པ་དང་འགལ་ལོ། །གཉིས་པ་རིགས་པ་དང་འགལ་བ་ནི། སྦྱོར་བ་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་ཡིན་ན། དེ་སྐོར་གྱི་ཕྱོགས་ཆོས་དེ་མི་འཇལ་དགོས་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་ཀྱང་ཡིན། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་དེའི་གཞལ་བྱ་ཡང་ཡིན་པའི་གཞི་མཐུན་མི་སྲིད་པའི་ཕྱིར་རྟགས་ཁས་བླངས་ཤིང༌། གལ་ཏེ་སྲིད་ན་གང་ཡིན། བྱས་པ་དེའོ་ཞེ་ན། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་མི་རྟག་པ་ལ་ཚད་མར་ཁས་བླངས་ན་རིགས་པ་ཅི་ཞིག་གིས་འགོག་པ་དེ་ཉིད་མཚུངས་སོ། །སྒྲ་བྱས་པ་དེའོ་ཞེ་ན། ཁོ་བོ་ཅག་ལ་འཐད་མོད་ཀྱི་ཁྱོད་ཀྱིས་ཁས་བླངས་པ་ཉམས་སོ། །དེ་བཞིན་དུ་གཞན་གཉིས་ལའང་སྦྱར་བར་བྱ་ཞིང༌། གཞན་ཡང༌། སྦྱོར་བ་དེ་སྐོར་གྱི་ཕྱོགས་ཆོས་ཡིན་ཅིང༌། དེ་སྐོར་གྱི་རྗེས་ཁྱབ་མ་ཡིན་པའི་གཞི་མཐུན་ཡོད་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་འཇལ་པའི་ཚད་མ་དེ། ཚད་མར་སོང་བའི་གཞལ་བྱ་ཡང་ཡིན། དེ་སྐོར་གྱི་རྗེས་ཁྱབ་གཞལ་བྱའི་ཚད་མ་དེ་ཚད་མར་མ་སོང་བ་ཡང་ཡིན་པའི་གཞི་མཐུན་ཡོད་པ་གང་ཞིག དེ་སྐོར་གྱི་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་ལ་མཚན་གཞི་རེ་རེ་ལས་ལྷག་པ་གཟུང་རྒྱུ་མེད་པའི་ཕྱིར། གསུམ་པ་ཁས་བླངས་པ་དང་འགལ་པ་ནི། བྱས་པ་རང་གི་ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་མ་ཡིན་ན་སྒྲ་བྱས་པར་འཇལ་བའི་ཚད་མ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་འཇལ་བའི་ཚད་མར་འདོད་པ་འགལ་ཞིང༌། དེ་བཞིན་དུ་བྱས་པ་མི་རྟག་པ་ཁོ་ན་ལ་འགོད་ཚུལ་ལྟར་ཡོད་པ་ཉིད་དུ་ངེས་པ་དེ། དེ་སྐོར་གྱི་རྗེས་འགྲོའི་ཚུལ་མ་ཡིན་ན། དེ་ལྟར་ཡོད་པ་ཉིད་དུ་ངེས་པའི་ཚད་མ་དེ་དེ་སྐོར་གྱི་རྗེས་འགྲོའི་ཚུལ་འཇལ་བར་བྱེད་པའི་ཚད་མར་འདོད་པ་འགལ་ལོ། །དར་ཊིཀ་པ་ཁྱེད་ཉིད་ཀྱིས། རྣམ་འགྲེལ་གྱི་རྣམ་བཤད་ལས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ནི། རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པ་དེ་ཡིན་ལ། དེ་ལ་སྔར་བཤད་པའི་འབྲེལ་དོན་ལྡོག་ངེས་པ་སྔོན་དུ་འགྲོ་དགོས་པ་ཡིན་ནོ་ཞེས་བཤད་པ་དང་ཇི་ལྟར་མི་འགལ། དེ་ལྟར་ན། ཞར་ལ་འོངས་པ་བརྗོད་ན། མཚན་ཉིད་ལ་དངོས་ཀྱི་སྐྱོན་བརྗོད་པ་ནི། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་པའི་རྒོལ་བས་ཕྱིར་རྒོལ་གྱི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དུ་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང་དེར་ཐལ། ཁྱེད་ཀྱིས་སྨྲས་པའི་སྒྲུབ་བྱེད་དེ་དག་ལེགས་པར་ཞུགས་པའི་ཕྱིར་རོ། །འདོད་ན། ཚུལ་གསུམ་སྔར་རྒོལ་གྱི་ཚད་མས་མི་ཤེས་པའི་རྟགས་ཡང་དག་ཡོད་པར་ཐལ་བ་དང༌། ཚུལ་གསུམ་ཕྱིར་རྒོལ་གྱི་ཚད་མས་མི་ཤེས་པའི་གཞན་དོན་གྱི་རྟགས་ཡང་དག་ཡོད་པར་ཐལ། གང་ཡང་ཁྱེད་ཀྱིས། ཚུལ་གསུམ་གྱི་མཐར་སྨོས་པའི་ངེས་པ་དེ། སྤྱིར་ཚད་མས་ངེས་པ་ལ་ཁས་བླངས་པས། ཡི་གེའི་དོན་ལས་ཉམས་ཏེ། ཐ་མར་སྨོས་པའི་ངེས་པ་ནི། སྐབས་སུ་བབ་པའི་རྒོལ་ཕྱིར་རྒོལ་གྱི་ཚད་མས་ངེས་པ་ལ་བཤད་དགོས་པའི་ཕྱིར་ཏེ། སློབ་དཔོན་གྱིས་གཉིས་ཀ་ལ་རབ་ཏུ་སྒྲུབ་པ་ནི་སྒྲུབ་བྱེད་དོ་ཞེས་དང༌། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལ་མེད་པ་དག་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་དང༌། ཆོས་མཆོག་གིས། ངེས་པ་སྨོས་པས། ཚུལ་གསུམ་ལ་ཐེ་ཚོམ་ཟ་བ་སེལ་བར་བཤད་པ་དང་ཡང་ཇི་ལྟར་མི་འགལ། ཚུལ་གསུམ་གྱི་སྒྲུབ་ཚུལ་ནམ་མཁའ་ལྡིང་དེ་ལྟར་འདོན་པ་དེ་ནི་རྟགས་སྐོར་གྱི་རྣམ་པར་བཞག་པ་ཚིག་ཏུ་འདོན་པ་ཙམ་དུ་ཟད་ཀྱི་རྟགས་ཀྱིས་རྗེས་དཔག་བསྐྱེད་པའི་ཚུལ་གྱི་གོ་བ་ཅུང་ཟད་ཀྱང་ཁོ་བོ་ལ་མ་ཆགས་སོ་ཞེས་གསལ་བར་སྟོན་པ་ཡིན་ཏེ། འདི་ལྟར་སྒྲ་མི་རྟག་པར་ཤེས་ཟིན་མ་རྗེད་པའི་རྒོལ་བའམ། སྒྲ་བྱས་པར་མི་ཤེས་པའི་རྒོལ་བའི་ངོར། སྔར་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སུ་ཐལ། ཁྱོད་ཀྱི་སྒྲུབ་བྱེད་དེ་དག་གི་ཕྱིར་རོ། །འདོད་ན་སྒྲ་མི་རྟག་པར་ཤེས་ཟིན་མ་རྗེད་པའི་རྒོལ་བ་དེ། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་རྒོལ་བར་ཐལ་བ་དང༌། སྒྲ་བྱས་པར་མི་ཤེས་པའི་རྒོལ་བ་དེ་སྒྲ་བྱས་པར་ཚད་མས་ཤེས་པའི་རྒོལ་བར་ཐལ་བ་ཟློག་ཏུ་མེད་དོ། །བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་དོགས་པའི་ཕྱིར་རྒོལ་གྱི་ངོར། སྔར་རྒོལ་མཁས་པས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པ་ཡིན་པར་ཐལ། ཁྱེད་རང་གི་སྒྲུབ་བྱེད་དེ་དག་གི་ཕྱིར་རོ། །འདོད་ན། དེ་ལྟར་དོགས་པའི་ཕྱིར་རྒོལ་ཆོས་ཅན། ཁྱོད་ཀྱིས་བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་མ་ངེས་པར་ཐལ། བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་དོགས་པའི་ཕྱིར། དེ་འབའ་ཞིག་ཏུ་མ་ཟད་ཀྱི་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། དེ་སྒྲུབ་ལ་མཉན་བྱ་རྟགས་སུ་བཀོད་པའི་ཚེ་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པར་ཐལ། སྒྲུབ་བྱེད་སྔ་མ་དེ་དག་གི་ཕྱིར་རོ། །འདོད་ན། རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པར་ཐལ། མཉན་བྱ་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་གང་ཞིག མཉན་བྱ་དེ་སྒྲའི་མཚན་ཉིད་དུ་ངེས་ཟིན་ཡིན་པའི་ཕྱིར། སྒྲའི་ཐ་སྙད་ཚད་མས་ངེས་པ་མཉན་བྱ་སྒྲའི་མཚན་ཉིད་དུ་ངེས་པ་ལ་རག་ལས་པའི་ཕྱིར། རྟགས་དང་པོར་དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར། ད་ནི་ཞར་ལས་བྱུང་བ་བརྗོད་པར་བྱ་སྟེ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་སྒྲུབ་བྱེད་ལ་དོགས་པ་བཅད། མཉན་བྱའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་སྐྱེ་བ་འདོད་པ་དགག རང་གི་ལུགས་ལ་མཉན་བྱའི་དངོས་པོ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ་བ་སྤང་བའོ། །དང་པོ་ནི། ད་ལྟ་ཕལ་ཆེ་བ་དག མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཤེས་བྱེད་ནི་དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་མེད་པ་ཡིན་ལ། དེ་ཡང༌། སྒྲ་མ་ཡིན་པ་དང༌། མཉན་བྱའི་གཞི་མཐུན་མེད་པའི་ཕྱིར་ཞེས་སྨྲ་བར་བྱེད་དོ། །འདི་ནི་བློ་གྲོས་ངན་པའི་སྐྱེ་བོ་གཅིག་གིས་སྨྲས་པའི་རྗེས་སུ་གཞན་དག་ཀྱང་རྒྱུ་མཚན་མེད་པར་རྒྱུག་པ་ཡིན་ཏེ། འདི་ལྟར་དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་སྲིད་པར་ཐལ། དུང་བུས་པ་ལས་བྱུང་བའི་མཉན་བྱ་དེ། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་པའི་ཕྱིར་ཏེ། དུང་གི་མཉན་བྱ་དེ། མི་རྟག་པར་ངེས་ནས། སྒྲ་ཙམ་མི་རྟག་པ་ཡིན་མ་ཡིན་ཐེ་ཚོམ་ཟ་བ་ཤིན་ཏུ་སྲིད་པའི་ཕྱིར་དང༌། འདི་ལྟར་རྟགས་མེད་བྱིས་བར་གྱི། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། །ཅེས་པ་ལྟར། གློག་ལ་སོགས་པའི་བྱེ་བྲག་འགའ་ཞིག བྱས་པ་དང་མི་རྟག་པའི་གཞི་མཐུན་དུ་ངེས་ནས། བྱས་པ་ཙམ་དང་དངོས་པོ་ཙམ་མི་རྟག་པར་མ་ངེས་པར་སྲིད་པའི་ཕྱིར་དང༌། དེ་ཙམ་གྱིས་མཐུན་དཔེར་འཇོག་པའི་རྒྱུ་མཚན་རྫོགས་ཤིང་དགོས་པ་འགྲུབ་པའི་ཕྱིར། མཐུན་དཔེ་ཡང་དག་ལ། ཤེས་འདོད་ཆོས་ཅན་དེའི་བྱེ་བྲག་མ་ཡིན་པ་ཞིག་དགོས་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། དེ་ལྟར་ན་རྟག་པ་བྱས་སྟོང་དུ་སྒྲུབ་པའི་མཐུན་དཔེ་ཡང་དག་མི་སྲིད་པར་ཐལ་བ་དང༌། ཤེས་བྱ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་མི་སྲིད་པར་ཐལ་བའི་ཕྱིར་དང༌། བྱེ་བྲག་འགའ་ཞིག་གི་སྟེང་དུ་མི་རྟག་པ་དང༌། བདག་མེད་དང༌། སྟོང་པ་དང༌། སྡུག་བསྔལ་བ་སོགས་སྒྲུབ་ནས། དེའི་རིགས་ཅན་རྣམས་ཀྱང་དེར་སྒྲུབ་པ་ནི། རིགས་པ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིགས་པའི་ཚུལ་བླ་ན་མེད་པ་ཡིན་པའི་ཕྱིར་དང༌། དཔེ་བུམ་པའི་སྟེང་དུ་བྱས་མི་རྟག་གི་འབྲེལ་པ་ངེས་པར་བྱས་ནས། གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག དཔེར་ན་བུམ་པ་བཞིན་ནོ། །ཞེས་བཀོད་པའི་ཚེ་བུམ་པ་དེ། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་སྟོན་པའི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བུམ་པ་དཔེར་བཀོད་ནས་བྱས་པ་མ་ལུས་པ་མི་རྟག་པར་སྟོན་པ་ཡིན་ནོ། །དེའི་ཕྱིར་དིང་སང༌། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་པར་འདོད་པ་ལ་ནི་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཐལ་བ་ཟློག་ཏུ་མེད་དོ། །དེས་ན་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཤེས་བྱེད་ནི། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས། དེས་དེ་ལྟར་སྒྲུབ་པའི་རྗེས་འགྲོའི་ཚུལ་ངེས་པ་མི་སྲིད་ལ། དེས་དེ་ལྟར་སྒྲུབ་པའི་རྗེས་འགྲོ་ངེས་པའི་རྒོལ་བའི་ངོར་ནི། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བ་མི་སྲིད་པའི་རྒྱུ་མཚན་གྱིས་ཡིན་ནོ། །སྤྱིར་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་རྣལ་མར་ངེས་པ་མི་སྲིད་པ་མ་ཡིན་ཏེ། དཔེ་ཡང་དག་གི་སྟེང་དུ་མི་རྟག་པ་མེད་ན་མཉན་བྱ་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་པ་སྲིད་པའི་ཕྱིར་དང༌། མཉན་བྱ་དེ་མི་རྟག་པ་དང་འབྲེལ་བའི་ཕྱིར། དེ་ལྟར་ངེས་པ་དེ་ཡང་སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མི་ཤེས་པ་ཞིག་ཡིན་ན་ནི། དེས་སྒྲ་མཉན་བྱར་མི་ཤེས་པས། དེའི་ངོར་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་མི་འགྱུར་ལ། ཤེས་པ་ཞིག་ཡིན་ན་ནི། དེའི་ངོར་སྒྲ་དང་མཉན་བྱ་གཉིས་ལ་མི་རྟག་པར་ངེས་དཀའ་སླ་མེད་པས་ཕྱོགས་ཀྱི་ཆོས་སུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་མཉན་བྱ་ནི་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་རྟགས་སམ་མ་ངེས་པའི་རྟགས་ལས་མ་འདས་པ་ཡིན་ནོ། །གཉིས་པ་ནི། དར་ཊཱིཀ་མཛད་པ་ན་རེ། དང་པོར་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས། དེའི་རྗེས་སུ་སྒྲ་མཉན་བྱར་ཚད་མས་ངེས། དེའི་རྗེས་སུ་ཚད་མ་དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས། སྒྲ་མི་རྟག་པར་གསར་དུ་རྟོགས་པའི་བློ་སྐྱེད་པར་བཞེད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། འོ་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་ཚད་མས་ངེས་ཤིང༌། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ཤེས་ནས། སྒྲ་མི་རྟག་པར་མ་ངེས་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཀྱི་ངོར། དེས་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་ཕྱིར་ཏེ། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་རྗེས་ཁྱབ་རྣལ་མར་ངེས་ཤིང༌། དེས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པའི་ཕྱིར་ཏེ། རྟགས་ཕྱི་མ་ཁས་བླངས་ཤིང་དེར་ཐལ། ཁྱོད་ཀྱིས་སྒྲ་དེ་མཉན་བྱར་ཚད་མས་ངེས་ནས། དེ་རྟག་མི་རྟག་ཐེ་ཚོམ་དང་ལྡན་པའི་ཕྱིར། རྟགས་ཆོས་ཅན་དང་བཅས་པ་ཁས་བླངས་སོ། །གཞན་ཡང༌། ཚད་མ་དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་སྒྲ་མི་རྟག་པར་གསར་དུ་རྟོགས་པའི་བློ་དེ་ཚད་མར་ཐལ། དེ་འདྲ་དེ། སྒྲ་མི་རྟག་པ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་མམ། རྗེས་སུ་དཔག་པ་གང་ཡིན། དང་པོ་མི་འཐད་དེ། དུས་དེར་བློ་དེ་ངེས་ཤེས་ལས་མ་འདས་པའི་ཕྱིར། གཉིས་པ་ལྟར་ན། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་ལོ། །གཞན་ཡང༌། དེ་འདྲའི་བློ་དེ་ཆོས་ཅན། རྗེས་དཔག་ཡིན་པར་ཐལ། སྦྱོར་བ་སྐོར་གཅིག་གི་ཕྱོགས་ཆོས་དང་ཁྱབ་འབྲེལ་འཇལ་བར་བྱེད་པའི་ཚད་མ་གཉིས་ཀྱིས་བྱེད་པ་ལ་བརྟེན་ནས། སྦྱོར་བ་སྐོར་གཅིག་གི་སྒྲུབ་བྱ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། དེ་འདྲའི་བློ་དེ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་འཇལ་བའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཡིན་ནོ། །ཞེ་ན་ནི། དེ་འདྲའི་བློ་དེ་ཆོས་ཅན། རྗེས་སུ་དཔག་པའི་ཚད་མར་ཐལ། རྟོག་པ་དང་ཚད་མའི་གཞི་མཐུན་ཡིན་པའི་ཕྱིར། རྟགས་ཡང་དག་ལ་མ་བརྟེན་པའི་རྟོག་པ་ཚད་མ་ཁས་ལེན་པ་ནི། ཡོད་ཀྱང་དངོས་དང་འབྲེལ་མེད་པའི། །རྟོགས་པ་རྟོགས་པ་མེད་དང་མཚུངས། །ཞེས་བྱ་བའི་གཞུང་གི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ནོ། །འོན་ཀྱང་རྟགས་སྦྱོར་རྣམ་དག་བཀོད་པ་ལ་ལྟོས་མི་དགོས་པར་འོག་ནས་རྒྱས་པར་འབྱུང་ངོ༌། །དེ་ལྟ་བས་ན། མཉན་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཁྱབ་གཉིས་ཀ་ཚད་མས་ངེས་པའི་བྱེད་པ་ལ་བརྟེན་ནས། སྒྲ་མི་རྟག་པར་གསར་དུ་རྟོགས་པའི་བློ་སྐྱེ་བར་ཁས་བླངས་ནས། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་སྨྲ་བ་ནི་རྣམ་པ་ཀུན་ཏུ་རིགས་པའི་ལམ་ལས་འདས་སོ། །དེས་ན་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་རྟགས་སུ་བཤད་པ་འདི་ཡང༌། དེས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ངེས་པའི་རྒོལ་བའི་དབང་དུ་བྱས་ཀྱི་དེའི་རྗེས་ཁྱབ་རྣམ་པ་ཀུན་ཏུ་མི་འགྲུབ་པ་མ་ཡིན་པ་ནི། ཕྱོགས་སྔ་ཕྱི་ཐམས་ཅད་ལ་འདྲ་བས། དིང་སང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་མི་སྲིད་པའི་རྒྱུ་མཚན་གྱིས་དེའི་རྗེས་ཁྱབ་འགྲུབ་མི་སྲིད་པར་འདོད་པ་ནི། ལུང་དང་རིགས་པ་དང་འགལ་བར་མ་ཟད་རང་གང་གི་རྗེས་སུ་འཇུག་པར་རློམ་པའི་ལུགས་ཀྱང་རིང་དུ་བརྒལ་བ་ཡིན་ཞིང༌། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་སྟོན་པའི་སློབ་དཔོན་གྱི་གཞུང་གི་སྐབས་ཐམས་ཅད་དུ་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་དང༌། མི་མཐུན་པའི་ཕྱོགས་ལས་བཟློག་པ་མེད་པར་བཤད་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་འདོད་པ་ནི་ཆེས་ཤིན་ཏུ་མི་ཤེས་པའི་མྱ་ངན་གྱི་ཐང་ཆེན་པོར་རྣམ་པར་འཁྱམས་སོ། །གསུམ་པ་ནི། དར་ཊཱིཀ་མཛད་པ་ན་རེ། རྟག་པ་ལ་མ་བྱས་པས་ཁྱབ་པ་རྟགས་ཀྱི་ཚུལ་དུ་གྱུར་པའི་ལྡོག་ཁྱབ་ཏུ་འདོད་པ་དག་གིས་མཉན་བྱའི་དངོས་པོ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྱུར་བའི་སྐབས་ཡོད་པར་ཁས་ལེན་དགོས་ཏེ་མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། སྒྲ་རྟག་མི་རྟག་དྲིས་པ་ན། རྟག་ན་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པར་བྱས་ནས། ཚད་མ་དེ་ཉིད་ཀྱིས། རྟག་ན་མཉན་བྱའི་དངོས་པོ་མ་ཡིན་པས་ཁྱབ་པ་ངེས་པར་བྱས་ནས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་པར་བྱར་ཡོད་པའི་ཕྱིར་ཞེས་གསུངས་སོ། །ཉེས་པ་འདི་ནི་ཁོ་བོ་ཅག་ལ་འཇུག་པ་མ་ཡིན་ཏེ། ཁོ་བོ་ཅག་གི་འདྲེན་པ་དམ་པ་བྱོན་ཟིན་པ་དེ་དག་གིས་བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཏུ་ཁས་བླངས་ཀྱི་རྗེས་འགྲོའི་ཚུལ་དུ་ཁས་མ་བླངས་པས། དེ་སྒྲུབ་ཀྱི་ལྡོག་ཚུལ་ངེས་པ་ལ། རྟག་ན་མ་བྱས་པའི་ཁྱབ་པ་ངེས་པ་སྔོན་དུ་འགྲོ་མི་དགོས་པའི་ཕྱིར་དང༌། དེ་འདྲའི་ཁྱབ་པ་དེ་ངེས་པ་ཙམ་གྱིས་རྗེས་འགྲོའི་ཚུལ་ངེས་དགོས་པ་མ་ཡིན་པའི་ཕྱིར་དང༌། གལ་ཏེ་དགོས་ནའང༌། ཁྱེད་ཀྱི་ཁྱབ་བ་དེ་དག་འཁྲུལ་བའི་ཕྱིར། ཉེས་པ་འདི་ནི་ཁྱེད་ལ་འཇུག་སྟེ། བྱས་པ་མཚན་གཞིར་བཟུང་ནས་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པ་དེ། རྟགས་ཀྱི་ཚུལ་དུ་གྱུར་པའི་རྗེས་ཁྱབ་ཏུ་ཁྱེད་འདོད་པས། མཉན་བྱའི་བྱས་པའམ། དངོས་པོ་དེ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པ་ན། བྱས་པའི་དངོས་པོ་མི་རྟག་པ་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པར་བྱས་ནས། ཚད་མ་དེ་ཉིད་ཀྱིས་མཉན་བྱའི་བྱས་པའམ། དངོས་པོ་མི་རྟག་པ་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པར་བྱས་ནས་དེའི་རྗེས་སུ་སྒྲ་མི་རྟག་པར་ངེས་པར་བྱར་ཡོད་པའི་ཕྱིར། གསུམ་ཀར་ཁས་བླང་ངོ༌། །ཁྱབ་པ་དེ་སྦྱོར་བ་དེའི་ལྡོག་ཚུལ་ཡིན་པ་ཙམ་གྱིས་ཁྱབ་པ་དེ་ངེས་པ་ན། སྦྱོར་བ་དེའི་ལྡོག་ཚུལ་ངེས་པས་ཁྱབ་པར་འདོད་ན། ཁྱེད་རང་ལ་བྱས་པ་ངེས་པ་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ངེས་པས་ཁྱབ་པར་ཧ་ཅང་ཐལ་བར་འགྱུར་རོ། །གང་ཡང་ཁྱེད་ཀྱིས། དངོས་པོ་ལ་མི་རྟག་པས། ཁྱབ་པ་འཇལ་བའི་ཚད་མ་དེ་ཉིད་ཀྱིས་མཉན་བྱའི་དངོས་པོ་ལ་མི་རྟག་པས་ཁྱབ་པ་ངེས་པར་འདོད་ན། འོ་ན་ཚད་མ་དེ་ཉིད་ཀྱིས་སྒྲའི་དངོས་པོ་ལ་མི་རྟག་པ་ངེས་དགོས་པས། དངོས་པོ་ལ་མི་རྟག་པས་ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །འདི་ལ་ཡང་བརྗོད་པར་བྱ་བ་དུ་མ་ནི་འཆད་པར་འགྱུར་རོ། །དེ་ལྟར་ཞར་ལས་བྱུང་བ་བརྗོད་ནས། བྱས་པའི་བྱེ་བྲག་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱེད་ཀྱིས་ཚུལ་གསུམ་ཡིན་པའི་སྒྲུབ་བྱེད་བཤད་མ་ཐག་པ་དེ་དག་ཚང་བའི་ཕྱིར། འདོད་མི་ནུས་ཏེ། རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཞུགས་ན། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པར་འགལ་བའི་ཕྱིར། སྒྲ་དང་མི་རྟག་པ་གང་རུང་ཆོས་ཅན། དེར་ཐལ། སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར། འདོད་ན་སྒྲ་དང་མི་རྟག་པ་གང་རུང་ཡིན་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས། སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་མ་ངེས་པའི་གང་ཟག་སྲིད་པར་ཐལ་ལོ། །ཅི་སྟེ། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་ཏེ། མཚོན་བྱ་མ་ཡིན་པ་ལ་ཞུགས་པའི་ཕྱིར་ཏེ། དེ་ཁྱོད་ཡིན་པའི་ཕྱིར་ཞེས་དོགས་ན་ནི། སྔ་མ་ལ་ཁྱབ་པ་མ་ངེས་ཏེ། མཚོན་བྱ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་ཀྱང༌། མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། དེ་མཚོན་བྱ་མ་ཡིན་པ་ལ་ཞུགས་པ་མ་ཡིན་ཏེ། མཚོན་བྱ་ཁོ་ནའི་ཐུན་མོང་མ་ཡིན་པའི་ཆོས་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་བྱས་པ་ཡིན་པ་དེ། མདུན་གྱི་གཞི་འདིར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་འགྱུར་ཏེ། ཁྱོད་ཀྱི་སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར། འདོད་ན། ཁྱབ་པ་ངེས་པའི་ཚེ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། གཞི་འདིར་སྒྲ་མི་རྟག་པ་ཡིན་པ་དེ་ཚད་མས་གྲུབ་ན། སྤྱིར་སྒྲ་མི་རྟག་པར་ཡིན་པ་དེའང་ཚད་མས་གྲུབ་དགོས་པའི་ཕྱིར་རོ། །གང་ཡང་སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་ཡིན་པ་ཞེས་བྱ་བ་འདི་ཡང་སྲིད་པ་མ་ཡིན་ཏེ། སྦྱོར་བ་སྐོར་གཅིག་གི་ཚུལ་གསུམ་འཇལ་བའི་ཚད་མ་གསུམ་པོ་ཚད་མར་སོང་བའི་གཞལ་བྱ་གསུམ་པོ་འགལ་ཞིང༌། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་དངོས་བསྟན་གྱི་ཚུལ་དང༌། ཤུགས་བསྟན་ཀྱི་ཚུལ་གཉིས་ཀྱང་འགལ་བ་གང་ཞིག ཚུལ་གསུམ་ལ་མཚན་གཞི་རེ་རེ་ལས་གཟུང་རྒྱུ་མེད་པའི་ཕྱིར་རོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། ཁྱབ་པ་རྐྱང་པ་བརྗོད་པའི་ངག་ཀྱང་མི་སྲིད་པར་ཐལ། དེ་སྐོར་གྱི་ཕྱོགས་ཆོས་གང་ཡིན་པ་དེ་ཉིད་རྗེས་ཁྱབ་ཀྱང་ཡིན། རྗེས་ཁྱབ་གང་ཡིན་པ་དེ་ཉིད་ཕྱོགས་ཆོས་ཀྱང་ཡིན། དེ་གཉིས་ལ་མཚན་གཞི་རེ་རེ་ལས་ལྷག་པོ་མེད་པའི་ཕྱིར། དེར་མ་ཟད་བྱས་པ་ཆོས་ཅན། ཁྱོད་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་དངོས་བསྟན་དང༌། བྱས་པ་དེ་དེའི་ཤུགས་ཀྱི་བསྟན་བྱར་ཐལ། ཁྱོད་དེ་སྐོར་གྱི་རྗེས་ཁྱབ་དང་བྱས་པ་དེ། དེའི་ལྡོག་ཁྱབ་ཡིན་པའི་ཕྱིར། འདི་ལ་དར་ཊཱིཀ་པ་ལན་འདི་སྐད་འདོན་ཏེ། སྒྲུབ་ངག་གིས་བསྟན་པའི་ཁྱབ་པ་གཉིས་དངོས་ཤུགས་ཀྱི་རྟོགས་བྱ་རྟོགས་བྱེད་ཡིན་གྱི། ཚུལ་གཉིས་ཡིན་ན། དེས་ཁྱབ་པ་མ་ཡིན་ནོ་ཞེས་བཤད། འདི་ནི་རང་ལ་ཅོ་འདྲི་བར་བྱེད་པ་ཡིན་ཏེ། འདོན་བྱས་པ་ལས་ཐ་དད་པ་ཡང་ཡིན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ་ལ། དེ་ལྟར་ན་ཁས་བླངས་པ་མཐའ་དག་ཉམས་སོ། །དེ་ལྟར་བྱས་ན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་ན། ཆོས་མཐུན་སྦྱོར་གྱི་ངག་གི་དངོས་ཀྱི་བསྟན་བྱ་མ་ཡིན་དགོས་པ་དང༌། དེའི་ལྡོག་ཁྱབ་ཡིན་ན། ཆོས་མི་མཐུན་སྦྱོར་གྱི་ངག་གི་ཤུགས་ཀྱི་བསྟན་བྱ་མ་ཡིན་དགོས་པར་ཁྱོད་ཀྱིས་མི་འདོད་བཞིན་དུ་ཁས་ལེན་དགོས་སོ། །དེ་ལྟར་ན་ཁྱོད་ཀྱིས་ཚུལ་གསུམ་ཀ་ཡིན་པའི་གཞི་མཐུན་ཇི་ལྟར་སྒྲུབ། གཞན་ཡང༌། ཁྱེད་ཅག་ཚུལ་གསུམ་ཀ་མཚོན་བྱར་ཁས་ལེན་བཞིན་དུ། ཚུལ་གསུམ་ཡིན་པ་མཚན་ཉིད་དུ་འདོད་པ་ནི་རིགས་པའི་ལམ་ལས་འདས་པ་ཡིན་ནོ། །ཅི་སྟེ་ཚུལ་གསུམ་སོ་སོ་བ་མཚོན་བྱ་ཡིན་ཀྱང༌། གསུམ་ཀ་ཡིན་པ་དེ་མཚོན་བྱར་མི་འདོད་དོ་སྙམ་ན། དེ་ཡང་ཁྱོད་ཀྱིས་མི་འདོད་པ་དེ་ཉིད་ངེས་པར་ཁས་ལེན་དགོས་ཏེ། སོ་སོའི་མཚན་ཉིད་དུ་འདོད་པ་གསུམ་ཚོགས་པ་དེ་ཚུལ་གསུམ་པོ་ཡིན་པའི་མཚན་ཉིད་དུ་འདོད་དགོས་པའི་ཕྱིར། ཁོ་བོ་ཅག་ལ་ནི་ཉེས་པ་འདི་མཚུངས་པ་མ་ཡིན་ཏེ། ཚུལ་གསུམ་མཚོན་བྱར་མི་འདོད་ཅིང༌། ཅི་སྟེ་ཁས་ལེན་དགོས་ནའང༌། དེ་དག་ཚང་བ་དེ་མཚན་ཉིད་དུ་འཇོག་པའི་ཕྱིར། རྫས་ཡོད་དང་བཏགས་ཡོད་དུ་བྱེད་པའི་ཆོས་གསུམ་པོ་མཚོན་བྱ་ཡིན་ཀྱང༌། དེ་དག་ཚང་བ་མཚན་ཉིད་དུ་ཁྱེད་ཀྱིས་ཁས་ལེན་པ་བཞིན་ནོ། །གཉིས་པ་ཚུལ་གསུམ་གྱི་རྣམ་བཞག་འདོད་ཚུལ་དགག་པ་ལ། བར་སྐབས་ཀྱི་མཁས་པར་རློམ་པ་དུ་མ་དག སྒྲ་བྱས་པ་ཡིན་པ་དེ་བྱས་པས་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་དང༌། བྱས་ན་མི་རྟག་པས་ཁྱབ་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཚུལ་དང༌། རྟག་ན་མ་བྱས་པས་ཁྱབ་པ་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པའི་ཚུལ་ཡིན་ནོ་ཞེས་གསུང་ཞིང༌། དར་ཊཱིཀ་པ་སོགས་ཕྱི་རབས་པ་ཕལ་ཆེར། ཁྱབ་པ་གཉིས་པོ་དེ། རྟགས་ཀྱི་ཚུལ་མ་ཡིན་ཀྱང༌། འབྲེལ་པའི་དོན་ལྡོག་ཡིན་པས་ཁྱབ་པའི་ཚུལ་གཉིས་ངེས་པའི་སྔོན་དུ། ཁྱབ་པ་འདི་གཉིས་ངེས་པ་སྔོན་དུ་འགྲོ་དགོས་སོ་ཞེས་གསུང་ངོ༌། །འདི་ལ་བརྗོད་པར་བྱ་བ་མང་མོད་ཀྱི་རྟོག་ལྡན་ལ་དོགས་པ་སྐྱེ་བའི་གནས་སུ་གྱུར་པའི་དཔྱད་པ་ཉུང་ངུ་ཞིག་བརྗོད་པར་བྱ་སྟེ། འོ་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་འབབ་པའི་ཕྱིར་རྒོལ་དེ་ཆོས་ཅན། གང་བྱས་པར་ངེས་པ་ཐམས་ཅད་མི་རྟག་པར་ཚད་མས་ངེས་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་ཚད་མས་ངེས་པར་ཐལ། ཁྱོད་ཀྱིས་སྒྲ་བྱས་པར་ནི་ཚད་མས་ངེས། གང་བྱས་པར་ངེས་པ་ཐམས་ཅད་མི་རྟག་པར་ཚད་མས་ངེས་པའི་ཕྱིར། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་ངེས་པ་དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་ངེས་པ་ལ་ལྟོས་པ་རིགས་པ་མཁྱེན་པའི་དགོངས་པ་ཡིན་གྱི། གང་བྱས་པ་ཐམས་ཅད་མི་རྟག་པར་ངེས་པ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། སྒྲ་བྱས་པར་ངེས། གང་བྱས་པ་ཐམས་ཅད་མི་རྟག་པར་ངེས་ན་སྒྲ་མི་རྟག་པར་མ་ངེས་པ་འགལ་བའི་ཕྱིར་དང༌། རྩོལ་བྱུང་གིས་མི་རྟག་པ་ལ་ཁྱབ་པ་ངེས་པའི་ཚེ། རྩོལ་བྱུང་གི་སྒྲ་ཡང་མི་རྟག་པར་ངེས་དགོས་པས། རྩོལ་བྱུང་དེ་རྩོལ་སྒྲ་མི་རྟག་པར་སྒྲུབ་པའི་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་རོ། །དེས་ན་དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་ངེས་པ་ཙམ་གྱིས་མི་ཆོག་པར། རྟགས་དེའི་གསལ་བའི་དབྱེ་བ་མཐའ་དག་སྒྲུབ་བྱའི་ཆོས་ལྡན་དུ་ངེས་པ་ལ་འབྲེལ་པ་ངེས་པའི་དོན་དུ་འཇོག་ན། བདག་ཚད་མས་མ་དམིགས་པའི་རྟགས་ཀྱིས་བུམ་པ་བདག་མེད་དུ་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཞིང༌། སྒྲ་མི་རྟག་སྒྲུབ་ཀྱི་ཕྱིར་རྒོལ་དེས་ཀྱང༌། བྱས་པ་ཐམས་ཅད་མི་རྟག་པར་ཚད་མས་ངེས་ན། སྒྲ་མི་རྟག་པར་ཚད་མས་མ་ངེས་པར་འགལ་ལོ། །གནས་འདི་ལ་དིང་སང་གི་རིགས་པ་སྨྲ་བར་རློམ་པ་རྣམས་ཆེས་ཤིན་ཏུ་འཁྲུལ་བར་གྱུར་པས་ཡང་དང་ཡང་དུ་དཔྱད་པ་ལས་ཤེས་པར་བྱེད་དགོས་སོ། །རྟག་ན་མ་བྱས་པས་ཁྱབ་པ་དེ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ་དུ་འདོད་པའང་མི་འཐད་དེ། དེ་ཉིད་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར། དོན་འདི་ཁྱེད་ཅག་གིས་ངེས་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མི་ཕམ་གཡག་གི་ཞལ་སྔ་ནས། དེ་ལྟ་བུའི་ཁྱབ་པ་གཉིས་པོ་དེ་སྒྲུབ་ངག་གི་བསྟན་བྱར་གྱུར་པའི་རྟགས་ཀྱི་ཚུལ་ཙམ་དུ་བཞེད་ཀྱང༌། རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་དུ་མི་བཞེད་ལ། རྟགས་ཡང་དག་གི་མཚན་ཉིད་དུ་བཞག་པའི་ཚུལ་གསུམ་གྱི་ཟླས་ཕྱེ་བའི་རྗེས་སུ་འགྲོ་ལྡོག་གི་ཚུལ་ནི། རྟགས་ཀྱི་ངོ་བོ་གྱུར་པའི་ཚུལ་ཁོ་ན་ལ་བཞེད་པའི་ཕྱིར། དེ་ཡང་སྒྲུབ་ངག་གིས་བསྟན་པའི་ཚུལ་གསུམ་ནི་དོན་ལ་གནས་པའི་དབང་དུ་བྱས་པ་ཡིན་ལ། རྟགས་ཀྱི་ངོ་བོར་གྱུར་པའི་ཚུལ་གསུམ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་དེ་ཉིད་ལ་བཞག་པ་ཡིན་ནོ། །ཀུན་མཁྱེན་རོང་པོའི་བཞེད་པས་ནི། སྔར་གྱི་ཁྱབ་པ་གཉིས་པོ་དེ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པར་བཞེད་ཀྱང༌། རྟགས་ཀྱི་ཚུལ་དུ་བཞེད་པ་མ་ཡིན་ནོ། །འོ་ན་རྗེས་ཁྱབ་དང༌། རྗེས་ཁྱབ་ཀྱི་ཚུལ་ལ་ཁྱད་པར་མེད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། རྗེས་ཁྱབ་ནི་བྱས་ན་མི་རྟག་པས་ཁྱབ་པར་དོན་ལ་གནས་པ་དེ་ཉིད་ལ་བྱེད་དགོས་ལ། རྗེས་སུ་འགྲོ་བའི་ཚུལ་ནི། བུམ་པ་ལྟ་བུའི་དཔེའི་སྟེང་དུ། བྱས་པ་མི་རྟག་པ་ལ་ཡོད་པར་ངེས་པའི་ཆ་ལ་བྱེད་པ་ཡིན་ཅིང༌། ཚུལ་གསུམ་གྱི་མཐར་ངེས་པ་སྨྲོས་པའི་དགོས་པ་ཡང་དེ་ཉིད་ཡིན་ནོ། །མདོར་ན་ཁྱབ་པ་དང༌། འབྲེལ་པ་ནི་དོན་ལ་གནས་པའི་ཆ་དང་ཚུལ་ནི། དོན་ལ་གནས་པ་ལ། དེར་ངེས་པའི་ཆ་ལ་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་ཀྱི་ཆོས་ནི། སྒྲ་བྱས་པར་དོན་ལ་གནས་པའི་ཆ་ལའང་བྱེད་ལ། ཕྱོགས་ཆོས་ཀྱི་ཚུལ་དུ་འགྱུར་བ་ནི་རྒོལ་བའི་ཚད་མས་དེར་ངེས་པའི་ཆ་ལ་བཞག་དགོས་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་ཆོས་དང་དེའི་ཚུལ་དང༌། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དང༌། དེའི་ཚུལ་དོན་གཅིག་པར་འདོད་པ་ནི། བློ་ཆོས་དང་དོན་ཆོས་གཅིག་ཏུ་འདྲེ་ཤིང་རྟགས་སྐོར་གྱི་རྣམ་པར་བཞག་པ་ལ་བློ་ཁ་མ་ཕྱོགས་པའི་བབ་ཅོལ་དུ་གསལ་བས་གང་ན་སུའི་ལུགས་སུ་སྣང་ཡང་དོར་བར་བྱ་བ་ཁོ་ན་ཡིན་ནོ། །གནས་འདི་ལ་འདི་སྙམ་དུ་དོགས་པ་འབྱུང་བར་འགྱུར་ཏེ། རྗེས་འགྲོ་ངེས་པ་ལ། རྟགས་དེའི་གསལ་བའི་དབྱེ་བ་མཐའ་དག་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་མི་དགོས་པར། དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་པ་ངེས་པ་ཙམ་གྱིས་ཆོག་ན། རྟགས་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་འགྲོ་གྲུབ་པར་འགྱུར་ཞིང༌། ལྡོག་པ་ངེས་པ་ལ། དགག་བྱའི་ཆོས་ཀྱི་གསལ་བའི་དབྱེ་བ་མཐའ་དག་རྟགས་ལོག་ཏུ་ངེས་མི་དགོས་པར་མི་མཐུན་དཔེའི་སྟེང་དུ་རྟགས་ལོག་དང་ཆོས་ལོག་གི་འབྲེལ་པ་ངེས་པ་ཙམ་གྱིས་ཆོག་ན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པར་འགྱུར་རོ་སྙམ་ན། ཉེས་པ་མེད་དེ། རྟགས་མཐུན་ཕྱོགས་ལ་ཚད་མས་མཐོང་བ་ཙམ་གྱིས། རྗེས་འགྲོ་ཙམ་གྲུབ་པར་ནི་འདོད་ལ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པ་འཕེན་ནུས་ཀྱི་རྗེས་འགྲོ་ཁྱད་པར་ཅན་འགྲུབ་པ་ལ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་ངེས་མི་དགོས་ཀྱང༌། རྟགས་སུ་གཟུང་བྱ་བྱས་པ་དེ། རྒོལ་བས་གང་མི་རྟག་པར་ངེས་པའི་ཆོས་དང༌། རྒོལ་བས་རྟག་པར་ངེས་པའི་ཆོས་གཉིས་ཀྱི་ནང་ནས། སྔ་མ་ཁོ་ན་ལ་ཡོད་པར་ངེས་ཤིང༌། ཕྱི་མ་ལ་མེད་པ་ཁོ་ནར་ངེས་པ་ཅིག་དགོས་ལ། དེ་ཙམ་གྱིས་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་དོན་ཡང་ལེགས་པར་གྲུབ་པའི་ཕྱིར། འོ་ན་དེ་ཙམ་གྱིས་ཁྱབ་པའི་ཚུལ་གཉིས་གྲུབ་པར་འགྱུར་ལ། དེ་ལྟ་ན་བྱས་པའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་ཚུལ་གསུམ་ཚང་བར་ཐལ་ལོ་སྙམ་ན། རྟགས་ཡང་དག་ཏུ་འཇོག་པ་ལ་ཚུལ་གསུམ་དོན་ལ་གྲུབ་པ་དང་བློ་ཚད་མས་ངེས་པ་གཉིས་ཀ་ཚོགས་དགོས་པས། ཇི་སྐད་བཤད་པ་དེ་ནི་ཚད་མས་ངེས་པའི་དོན་ཏོ། །དེས་ན་སྒྲུབ་ཚུལ་འདི་ལྟར་བྱ་སྟེ། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཚུལ་འགྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་སྤྱིར་ཡོད་པ་ལྟར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། སྔ་མ་དེར་ཐལ། དེ་གཉིས་འབྲེལ་བའི་ཕྱིར། རྟགས་ཕྱི་མ་ནི་སྔར་ལྟར་སྒྲུབ་པ་ནི་རྩོད་པའི་ངོར་བྱའོ། །དེ་བཞིན་དུ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པ་འགྲུབ་པ་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པར་ངེས་པ་ལ་རག་ཀྱང༌། སྤྱིར་བྱས་པ་ཐམས་ཅད། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལས་ལོག་པར་ངེས་མི་དགོས་ཏེ། རྟགས་སུ་གཟུང་བྱ་བྱས་པ་དེ། རྒོལ་བས་རྟག་པར་ངེས་པའི་གཞི་མཐའ་དག་ལ་མེད་པར་ངེས་པ་ཙམ་གྱིས། རྟགས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པའི་དོན་ལེགས་པར་ཚང་བའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་སྦྱོར་བའི་ངག་རྣམ་པར་སྦྱོར་བ་ན། རྣམ་པར་ངེས་པ་ལ་སོགས་པར། གང་བྱས་པ་དེ་ཐམས་ཅད་མི་རྟག་ཅེས་དང༌། གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག་ཅེས་གསུངས་ཀྱི། བྱས་པ་དེ་ཐམས་ཅད་མི་རྟག་ཅེས་མ་གསུངས་སོ། །དེ་ལྟ་མ་ཡིན་པར། དང་པོ་ཁྱབ་འབྲེལ་ངེས་པའི་དུས་ནས། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་ངེས་དགོས་ན། ཕྱིས་དོན་གང་ཞིག་སྒྲུབ་པར་འདོད་ནས། སྒྲུབ་པའི་ངག་འགོད་པར་བྱེད་པ་ཁྱོད་ཀྱིས་སྟོན་ཅིག དེའི་ཕྱིར་མི་རིགས་པ་མཐའ་དག་དང་ངེས་པར་འབྲེལ་བའི་སྨྲ་བ་ཆེས་མང་པོ་འདི་དག་ནི། ཕྱོགས་གཉིས་པོ་རྣམ་པ་ཐམས་ཅད་དུ་དངོས་འགལ་ཁོ་ནར་འདོད་པའི་ལོག་པར་རྟོག་པ་ལས་བྱུང་བ་ཡིན་པས་དེའི་ཚུལ་ལ་གཞན་དུ་རྣམ་པར་རྟོག་པའང་འོག་ནས་འགོག་པར་འགྱུར་རོ། །དེས་ན། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་འགྲུབ་པ་འགོག་པའི་རིགས་པ་གཞུང་དུ་གསུངས་ཀྱི། མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་འགྲོ་འགྲུབ་པ་འགོག་པ་གཞུང་ལས་གསུངས་པ་མེད་པ་འདིའང་ཞར་ལ་ཤེས་པར་བྱ་དགོས་སོ། །གསུམ་པ་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མའི་འདོད་ཚུལ་དགག་པ་ལ། །དར་ཊཱིཀ་མཛད་པ་འདི་སྐད་དུ་འདོན་ཏེ། རྟགས་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པ་ལ། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་དང༌། བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་དང་གསུམ་ངེས་པར་དགོས་ལ། གསུམ་ལས་མང་མི་དགོས་པས་གསུམ་ཁོ་ནར་ངེས་སོ། །དེ་ཡང་འདི་ལྟར། ཚད་མ་སྔ་མ་གཉིས་ལས་མེད་ན། དུང་སེར་པོ་ཁོ་ན་ལ་འཇུག་པར་ཐལ། དུང་ཚད་མས་གྲུབ། སྔོན་པོ་ལ་འཇུག་པ་ཁེགས་པའི་ཕྱིར། དེ་ནི། སྔོ་སེར་དངོས་འགལ་དུ་ངེས་པའི་ཚད་མ་མེད་པའི་ཉེས་པའོ། །ཚད་མ་དང་པོ་མེད་ན་ཤེས་བྱ་མ་ཡིན་པ་མི་རྟག་པ་ཁོ་ན་ལ་འཇུག་པར་ཐལ། རྟག་མི་རྟག་དངོས་འགལ་དུ་ངེས། དེ་རྟག་པ་ལ་ཁེགས་པའི་ཕྱིར། གཞི་མ་གྲུབ་ཀྱི་རྟག་པ་ཁེགས་ན་ཉེས་པ་དེར་འགྱུར་ཡང༌། མོ་གཤམ་གྱི་བུ་ལ་སོགས་པ་རྟག་པའོ་ཞེ་ན། རི་བོང་གི་མགོ་ལ་རྭ་ཡོད་ཅེས་སྨྲས་ན་ཉེས་པ་ཅི་ཡོད། དེ་ལ་རྭ་མེད་པར་ཐལ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་ཞེ་ན། འོ་ན་རི་བོང་གི་རྭ་རྟག་པར་ཚད་མས་དམིགས་པར་ཐལ། དེ་རྟག་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དོན་མ་རྟོགས་པ་ཡིན་ཞིང༌། བུམ་པ་སྣམ་བུར་ཁས་བླངས་ཀྱང་ཉེས་པ་མེད་པར་འགྱུར་རོ། །ཚད་མ་གསུམ་པ་མེད་ན་གཞལ་བྱ་དེ་མི་རྟག་པ་ཁོ་ན་ལ་འཇུག་པར་ཐལ། མཚན་གཞི་གཞལ་བྱ་ཚད་མས་ངེས། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར། ཞེས་སོགས་སྤྲོས་པ་དང་བཅས་ཏེ་འཆད་པར་བྱེད་ཅིང༌། གཞན་ཡང་རྟག་པ་བྱས་སྟོང་དུ་ངེས་པའི་གནོད་པ་ཅན་གྱི་རྗེས་དཔག་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་ཤིང༌། དེ་ལ་བྱས་པ་འཇུག་པར་འཛིན་པའི་སྒྲོ་འདོགས་ཀྱང་ཆོད་པར་འདོད་དོ། །འདི་དག་དགག་པ་ལ་གཉིས་ཏེ། ཚད་མ་གསུམ་གྱི་གྲངས་ངེས་དགག གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་བསྒྲུབ་བྱ་ལ་སྒྲོ་འདོགས་ཆོད་པར་འདོད་པ་དགག་པའོ། དང་པོ་ནི། འོ་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མ་ཡོད་པར་ཐལ། དེ་ལ་ཚད་མ་གསུམ་པོ་ཚང་བའི་ཕྱིར། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མ་ཡོད་པར་ཐལ། དེ་ལའང་ཚད་མ་གསུམ་པོ་དེ་ཚང་བའི་ཕྱིར་དང༌། ཁྱེད་རང་ལྟར་ན། བྱས་པའི་རྟགས་ཀྱིས་དངོས་པོ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་འཇལ་བའི་ཚད་མ་ཡོད་པར་ཐལ། དེ་ལའང་གསུམ་པོ་ཚང་བའི་ཕྱིར། དེའི་ཕྱིར་ཚད་མ་དེ་གསུམ་གྱིས་ཆོག་པ་མ་ཡིན་ནོ། །གསུམ་པོ་དེ་ངེས་པར་དགོས་པའང་མ་ཡིན་ཏེ། འདི་ལྟར་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མ་རྒྱུད་ལ་ལྡན་པའི་ཕྱིར་རྒོལ་དེ་ཆོས་ཅན། ཁྱོད་ཀྱིས་རྟགས་ལ་མི་ལྟོས་པར་སྒྲ་མི་རྟག་པར་ཚད་མས་རྟོགས་ནུས་པར་ཐལ། ཁྱོད་ཀྱིས་སྒྲ་བྱས་པར་ཚད་མས་རྟོགས་བྱས་ན་རྟག་པ་མ་ཡིན་པས་ཁྱབ་པ་དེ་ཚད་མས་རྟོགས། རྟག་མི་རྟག་གི་བར་ན་ཕུང་པོ་གསུམ་པ་མེད་པར་རྟོགས་པའི་ཕྱིར། དེའི་ཕྱིར། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་ཞེས་བྱ་བ་འདི་ན་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་ངེས་བྱེད་ཀྱི་ཡན་ལག་ཏུ་ངེས་པར་དགོས་པ་ཡིན་པར་མ་ཟད་ཀྱི་རྣམ་པ་ཀུན་ཏུ་མི་དགོས་པ་ཉིད་དུ་ངེས་སོ། །དེ་ནས་ཁས་བླངས་འགལ་བའི་ཕྲེང་བ་འདི་ལྟར་བརྗོད་པར་བྱ་སྟེ། ཤེས་བྱ་མ་ཡིན་པ་ཆོས་ཅན། མི་རྟག་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཕན་ཚུན་སྤངས་པའི་དངོས་འགལ་གྱི་བར་དུ་དངོས་སྐྱོན་འགྲོ་བར་ཐལ། དེ་གཉིས་དངོས་འགལ་དུ་ནི་ཁྱེད་ཀྱིས་ཁས་བླངས། དེ་གཉིས་ཀྱི་བར་དུ་ཤེས་བྱ་མ་ཡིན་པས་མ་ངེས་པའི་ཕྱིར། རྟགས་མ་གྲུབ་ན། ཆོས་ཅན་རྟག་པར་ཚད་མས་དམིགས་པར་ཐལ། རྟག་པ་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས་སོ། །གཞན་ཡང༌། དེ་ཡིན་པ་ཙམ་གྱིས་དེར་ཚད་མས་དམིགས་དགོས་ན། རི་བོང་རྭ་དེ་མེད་པར་ཚད་མས་དམིགས་པར་ཐལ། མེད་པའི་ཕྱིར། མ་ཁྱབ་ན། ཁས་བླངས་ཤིང༌། རི་བོང་རྭ་ཆོས་ཅན། ཁྱོད་ལ་མེད་པར་ངེས་པའི་དཔྱད་ཤེས་དོན་མཐུན་མི་འཇུག་པར་ཐལ། ཁྱེད་མེད་པར་འཇལ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཁྱབ་པ་ནི། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱིས་དོན་མ་རྟོགས་པ་ཡིན་ཅིང༌། ཞེས་པར་ཞལ་གྱིས་བཞེས་སོ། །གཞན་ཡང༌། རྩོལ་བྱུང་གི་རྩོལ་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་འཇལ་བའི་ཚད་མ་ཆོས་ཅན། རྟགས་ལ་ལྟོས་མེད་དུ་རྩོལ་སྒྲ་མི་རྟག་པར་རྟོགས་ནུས་པར་ཐལ། ཁྱོད་ཀྱིས་རྩོལ་བྱུང་ཚད་མར་ངེས། རྩོལ་བྱུང་མཐའ་དག་རྟག་པ་ལ་མེད་པར་ངེས། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར་རོ། །གཉིས་པ་ནི། འོ་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་ངེས་པར་ཐལ། རྟག་པ་བྱས་སྟོང་དུ་ངེས་པའི་གནོད་པ་ཅན་གྱི་རྗེས་དཔག་གིས། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་པའི་ཕྱིར། འདོད་ན། དེས་དེ་རྟོགས་པར་ཐལ། དེས་དེ་ངེས་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། དཔྱད་ཤེས་ཡིན་པར་ཐལ། རང་གི་ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་ལ་བསྣན་ནས་འཇུག་པའི་རིག་པ་ཡིན་པའི་ཕྱིར། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མ་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་ཚད་མར་ཐལ། དེ་ལ་སྒྲོ་འདོགས་གསར་དུ་གཅོད་པར་ནུས་པའི་རིག་པ་ཡིན་པའི་ཕྱིར། རྟགས་རྣམས་ཁས་བླངས་སོ། །འདི་ལ་དར་ཊཱིཀ་པ་ལན་འདོད་པ་ན། རྗེས་ཁྱབ་འཇལ་བའི་ཚད་མས་བསྒྲུབ་བྱ་ལ་སྒྲོ་འདོགས་ཆོད་ཀྱང་སྒྲུབ་བྱ་མ་རྟོགས་སོ་ཞེས་དང༌། རྗེས་ཁྱབ་འཇལ་བའི་ཚད་མ་དེས། ཁྱད་གཞི་བྱས་པའི་སྟེང་དུ་སྒྲ་རྟག་པས་སྟོང་པར་གྲུབ་ཀྱང༌། སྒྲ་ཁྱད་གཞིར་བཟུང་ནས་མི་རྟག་པར་མ་རྟོགས་སོ་ཞེས་ཟེར་རོ། །འོ་ན་དེ་འདྲའི་ཕྱོགས་ཆོས་འཇལ་བའི་ཚད་མའི་རྗེས་སུ་རྗེས་ཁྱབ་གཞལ་བའི་ཚད་མ་དེས། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་རྟོགས་སམ་མ་རྟོགས། གཉིས་པ་ལྟར་ན། དེས་བྱས་ན་མི་རྟག་པས་ཁྱབ་པ་རྟོགས་པ་འགལ། དང་པོ་ལྟར་ན། དེས་སྒྲ་མི་རྟག་པར་རྟོགས་པར་ཐལ། དེས་སྒྲ་དང་རྟག་པའི་གཞི་མཐུན་མེད་པར་ནི་རྟོགས། རྟག་མི་རྟག་དངོས་འགལ་དུ་རྟོགས་པའི་ཕྱིར། རྟགས་ཁས་བླངས། སྒྲ་མི་རྟག་པར་མ་རྟོགས་པའི་བློ་ཡང་ཡིན། སྒྲ་མི་རྟག་པ་ལ་སྒྲོ་འདོགས་ཆོད་པའི་བློ་ཡང་ཡིན་པའི་གཞི་མཐུན་ཁས་ལེན་པ་ནི་རིགས་པ་དང་འགལ་བ་དང་ཁས་བླངས་པ་དང་འགལ་བ་ཡིན་ཏེ། ཡུལ་དེ་མ་རྟོགས་ན་དེ་ལ་སྒྲོ་འདོགས་ཆོད་ཟིན་པར་འགལ་བའི་ཕྱིར་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་མི་རྟག་པ་ལ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་མ་ཡིན་ན་དེ་དེ་ལ་ཚད་མ་མ་ཡིན་པར་འགྱུར་ཞིང༌། སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་དེ། ཁྱེད་རང་གིས་ཚད་མའི་དོན་དུ་སྐབས་དུ་མར་ཁས་བླངས་པ་དང་ཡང་འགལ་བའི་ཕྱིར་རོ། །དེ་འདྲའི་ཁྱབ་པ་འཇལ་བའི་ཚད་མ་དེས། སྒྲ་ཁྱད་གཞིར་བཟུང་ནས་མི་རྟག་པར་ངེས་པར་ཐལ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ཁྱད་གཞིར་བཟུང་ནས་མི་རྟག་པར་ངེས་པའི་ཕྱིར། མདོར་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་འཇལ་བའི་ཚད་མས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་ངེས་སོ་ཞེས་དང༌། རྟག་པ་བྱས་སྟོང་དུ་ངེས་པའི་གནོད་པ་ཅན་གྱི་ཚད་མས་རྟག་པའི་གསལ་བའི་དབྱེ་བ་མ་ལུས་པ་བྱས་སྟོང་དང༌། བྱས་པའི་གསལ་བའི་དབྱེ་བ་མ་ལུས་པ་རྟག་སྟོང་དུ་ངེས་སོ་ཞེས་རྗེས་འཇུག་དུ་མ་དང་བཅས་ཏེ། སྐད་གསང་མཐོན་པོས་རྣམ་གྲངས་དུ་མར་སྒྲོག་པ་འདི་ནི། ལྡོག་ཁྱབ་ངེས་པའི་དུས་སུ་དགག་བྱ་ཁེགས་ཟིན་པ་དང༌། རྗེས་ཁྱབ་གྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་བར་ཐལ་བའི་ཐལ་འགྱུར་གནམ་ལྕགས་ཀྱི་ཕྲེང་བས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པས། ཕྱིན་ཆད་བློ་དང་ལྡན་པ་དག་གིས་རྒྱང་རིང་དུ་དོར་བར་བྱོས་ཤིག གཉིས་པ་རང་གི་འདོད་པ་སྒྲུབ་པ་ལ་མཚན་ཉིད་དངོས་དང༌། ཚུལ་གསུམ་གྱི་རྣམ་པར་བཞག་པ་བཤད་པ། ཚུལ་གསུམ་གྱི་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ། དངོས་དང༌། རྣམ་གྲངས་གཉིས་པ་བཤད་པའོ། །དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བ་དེ། ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་མཚན་ཉིད་དོ། །ཁ་ཅིག་མཚན་ཉིད་ཀྱི་ཟུར་དུ། ཚད་མས་ངེས་པ་ཞེས་སྨོས་པ་ནི། ལྷག་པ་ཡིན་ཏེ། རྟགས་ཀྱི་ཚུལ་དུ་འགྱུར་བ་ལ་ངེས་པ་ཡན་ལག་དུ་ཚང་དགོས་པའི་ཕྱིར། ཚུལ་གསུམ་ཚང་བའི་ཚུལ་ནི། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་གྲུབ་ཅིང༌། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ཚང་བའི་ཕྱིར། ཕྱོགས་ཆོས་གྲུབ་པ་ཙམ་གྱིས་མི་ཆོག་སྟེ། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་སྒྲ་བྱས་པར་མི་ཤེས་པའི་རྒོལ་བའི་ངོར་ཡང་དེས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ནི་གྲུབ་སྟེ། དེའི་ངོར་དེ་ལྟར་བཀོད་པའི་ཚེ། སྒྲ་བྱས་པ་ཡིན་པར་སྤྱིར་ཚད་མས་གྲུབ་ཅིང༌། བྱས་པ་དེ་ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྤྱིར་གྲུབ་པ་དེ་ཙམ་གྱིས་ཕྱོགས་ཆོས་གྲུབ་པར་འཇོག་ནུས་པའི་ཕྱིར། དེའི་ཚེ། དེའི་ཚུལ་མ་ཡིན་ཏེ། རྒོལ་བས་དེ་དེར་མ་ངེས་པའི་ཕྱིར། དེ་སྐད་དུ་ཡང་འདི་རུ་ཤེས་པའང་ཐོབ་པ་ཉིད། ཅེས་དང༌། རྣམ་པར་ངེས་པ་ལས། ངེས་པ་ཞེས་གསུངས་སོ། །དེ་ཆོས་ཅན། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྒྲ་དེའི་སྟེང་དུ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། དེ་སྒྲུབ་པ་ནི་དེས་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཆོས་ཅན། དེ་དེ་ལྟར་དུ་ཁྱོད་ཀྱི་ཚད་མས་ངེས་པར་ཐལ། ཁྱོད་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་གང་ཟག་གང་ཞིག སྒྲ་བྱས་པ་ཡིན་པར་ཁྱོད་ཀྱི་ཚད་མས་ངེས་པའི་ཕྱིར་ཏེ། ཁྱོད་དེ་འདྲའི་རྒོལ་བ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་དང་ལྡོག་ཚུལ་ཚང་བའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་སྐབས་སུ་བབ་པའི་རྒོལ་བ་དེས། བྱས་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་མཐུན་དཔེ་ཡང་དག་གི་སྟེང་དུ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། དེ་ཡང་མཐུན་ཕྱོགས་ལ་ཡོད་པ་ཞེས་པས་རྗེས་འགྲོའི་དོན་དང༌། ཁོ་ན་ལ་ཞེས་པས་ལྡོག་ཚུལ་གྱི་དོན་ཚང་པ་ཡིན་པས་ལྡོག་ཚུལ་ལ་སྒྲུབ་བྱེད་ལོགས་སུ་མི་དགོས་སོ། །དེ་སྒྲུབ་པ་ནི་དེ་འདྲའི་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་དེ་ངེས་པར་ཐལ། ཁྱོད་ཀྱིས་མཐུན་དཔེ་ཡང་དག་གི་སྟེང་དུ་བྱས་མི་རྟག་གི་འབྲེལ་པ་ཚད་མས་ངེས་པའི་ཕྱིར་ཏེ། དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར། ཅེས་སམ། ཡང་ན་བྱས་པ་དེ་མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པར་ཁྱོད་ཀྱི་ཚད་མས་ངེས་པའི་ཕྱིར་ཏེ། བུམ་པ་དེ་ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་འགྲོ་གཏན་ལ་འབེབས་པའི་གཞིར་རུང༌། ནམ་མཁའ་དེ་དེ་སྒྲུབ་ཀྱི་ལྡོག་ཁྱབ་གཏན་ལ་འབེབས་པའི་གཞིར་རུང་བ་གང་ཞིག ཁྱོད་ཀྱིས་བྱས་པ་དེ་མཐུན་ཕྱོགས་བུམ་པ་དང༌། མི་མཐུན་ཕྱོགས་ནམ་མཁའ་གཉིས་ཀྱི་ནང་ནས། བུམ་པ་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའི་ཕྱིར། འོ་ན་འདི་ཙམ་ཞིག་བྱས་པའམ་དངོས་པོའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལའང་ཡོད་པ་མ་ཡིན་ནམ་ཞེ་ན། མཚུངས་པ་མ་ཡིན་ཏེ། དངོས་པོའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ཡོད་པ་མ་ཡིན་པའི་ཕྱིར། འོ་ན་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡིན་ཏེ་སྤྱིར་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མེད་པར་ཁས་མི་ལེན་པའི་ཕྱིར། འདིས་གཞན་ཡང་མཚོན་ནོ་ཞེས་པ་རྣམ་གྲངས་གཅིག་ཡིན་ནོ། །འོ་ན་བྱས་པ་དེ་སྒྲ་དང་ཀ་བ་སོགས་ལ་མེད་པར་ངེས་པར་ཐལ། བུམ་པ་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར་ཞེ་ན། འདིའང་རྣམ་འགྲེལ་མཛད་པས་བཀག་ཟིན་པའི་དོགས་པ་ཉིད་སླར་ཡང་འོངས་པ་ཡིན་ཏེ། རྣམ་ངེས་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་སྤྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡོད་པར་གྲུབ་པ་བསྡུས་པའི་ངེས་པར་བཟུང་བ་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན། དང་པོ་རང་ལ་བུ་གཉིས་སྐྱེས་གྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བྱ་བ་བཞིན་ནོ་ཞེས། སྲེད་མེད་ཀྱི་བུ་ཁོ་ན་ཞེས་བྱ་བའི་ངེས་བཟུང་གི་ཚིག་གིས། ན་ར་དྲང་སྲོང་ནོར་ལྷ་ཞེས་བྱ་བའི་བུ་ཡིན་པ་མི་སེལ་གྱི། གཉིས་པོ་དེ་ལས་གཞན་སེལ་བ་བཞིན་དུ། རྗེས་འགྲོའི་ངེས་བཟུང་གིས་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་སེལ་གྱི། ཤེས་འདོད་ཆོས་ཅན་དང༌། ཕྱོགས་གཉིས་པོ་གང་ཡང་མ་ཡིན་པའི་བཏང་སྙོམས་པ་རྣམས་ལ་མི་སེལ་བར་གསུངས་པའི་ཕྱིར་རོ། །དེ་ཡང་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ལ་བྱས་མི་རྟག་གི་ཁྱབ་འབྲེལ་ཚད་མས་ཤེས་པ་དགོས་ལ། སྤྱིར་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པ་ལ་ནི། རྗེས་འགྲོའི་ཁྱབ་པ་ཤེས་པའི་རྒོལ་བ་མི་དགོས་ཏེ། ཁྱབ་པ་མི་ཤེས་ཀྱང༌། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པ་ཙམ་གྱིས་དེར་འགྱུར་བའི་ཕྱིར། འོ་ན་བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ཤེས་པའི་རྒོལ་བ་དེས། བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་དོགས་སམ། མི་དོགས། དོགས་ན་དེས་ཁྱབ་པ་ཇི་ལྟར་ངེས། མི་དོགས་ན། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པ་དང༌། དགག་བྱ་ཁེགས་ཟིན་པར་ཐལ་བའི་ཉེས་པ་གཞན་ལ་ཇི་སྐད་སྨྲས་པ་དེ་དག་ཁྱེད་རང་ཉིད་ལ་ངེས་པ་ཁོ་ནར་མཚུངས་པ་ཉིད་དུ་འཇུག་པ་མ་ཡིན་ནམ་ཞེ་ན། བཤད་པར་བྱ་སྟེ། རྒོལ་བ་དེ་བྱས་པ་དང་རྟག་པའི་གཞི་མཐུན་ཡོད་པར་དོགས་ཏེ། དེས་སྒྲ་དེ་དེ་ལྟ་བུའི་གཞི་མཐུན་དུ་དོགས་པའི་ཕྱིར། དེ་ལྟར་ཡང་དེས་རྗེས་ཁྱབ་མ་ངེས་པར་མི་འགྱུར་ཏེ། རྟགས་སུ་གཟུང་བྱ་བྱས་པ་དེ་མི་རྟག་པ་ལ་ཡོད་པ་དང༌། རྟག་པ་ལས་ལོག་པར་ངེས་པའི་ཕྱིར། དེ་ལྟར་ངེས་པ་ལ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ཁྱད་གཞིར་བཟུང་ནས་དེ་མི་རྟག་པར་ཚད་མས་ངེས་དགོས་ན་ཧ་ཅང་ཐལ་ཞིང༌། བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཉེས་པ་བཟློག་མི་ནུས་སོ། །རྟག་པ་བྱས་སྟོང་དུ་ངེས་པའི་བློས། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་དེར་ངེས་དགོས་ན། རིམ་དང་ཅིག་ཅར་དོན་བྱེད་པས་སྟོང་པའི་རྟགས་ཀྱིས་ཤེས་བྱ་བྱས་སྟོང་དུ་ངེས་པའི་བློས་ཀྱང༌། ཤེས་བྱའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་དགོས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྒྲུབ་པའི་རིགས་པ་སྟོན་པ་ན། བྱས་པའི་མཚན་གཞི་བུམ་པ་ལྟ་བུ་གཅིག་བཟུང་ནས་མི་རྟག་པར་སྟོན་གྱི། བྱས་པ་ཇི་སྙེད་པ་མི་རྟག་པར་སྒྲུབ་པའི་རིགས་པ་མ་གསུངས་ཤིང༌། རྟག་པའི་ལྡོག་པ་ནས་བྱས་སྟོང་དང༌། དངོས་པོ་མ་ཡིན་པར་སྒྲུབ་པར་གསུངས་ཀྱི། རྟག་པ་མ་ལུས་པ་བྱས་སྟོང་དང་དངོས་མེད་དུ་སྒྲུབ་པར་མ་གསུངས་པ་ཡིན་ནོ། །འོ་ན་ཚུལ་གསུམ་རྒོལ་བའི་ཚད་མས་ངེས་པ་ཙམ་གྱིས་ཚུལ་གསུམ་ཚང་བར་འགྱུར་ནུས་སམ་ཞེ་ན། མ་ཡིན་ཏེ་ཚུལ་གསུམ་དོན་ལ་གྲུབ་པ་ཅིག་ཀྱང་ངེས་པར་འདོད་དགོས་པའི་ཕྱིར། དེ་ལ་དགོངས་ནས་ཚད་མའི་མདོར། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་དང༌། དོན་ལས་དོན་ནི་གྲུབ་ཕྱིར་རོ། །ཞེས་གསུངས་སོ། །གཞན་དུ་ན་བདེ་སོགས་ཤེས་པར་སྒྲུབ་པ་ལ། དངོས་པོ་བཀོད་པའང་ཁྱབ་པ་གྲུབ་པར་འགྱུར་ཏེ། དངོས་པོ་དེ་ཤེས་པ་ཙམ་ལ་རྗེས་སུ་འགྲོ་བ་དང་ཤེས་པ་མ་ཡིན་པའི་རང་ལྡོག་ལས་བཟློག་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་བྱས་ན་སྔར་གྱི་ཚུལ་གསུམ་གྱི་སྒྲུབ་བྱེད་དུ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྤྱིར་ཚད་མས་གྲུབ་པ་ལྟར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར་ཞེས་དང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་སྤྱིར་ཚད་མས་གྲུབ། གྲུབ་པ་ལྟར། སྐབས་ཀྱི་རྒོལ་བའི་ཚད་མས་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་གི་སྟེང་དུ་དེ་ལྟར་ངེས་པའི་ཕྱིར་ཞེས་དགོད་པར་བྱ་སྟེ། རྣམ་པར་ངེས་པ་ལས། བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ལ་ཡོད་པའི་གཏན་ཚིགས་དེའི་མེད་པ་ལ་མེད་པ་ཉིད་ནི་ཚུལ་གསུམ་པ་སྟེ། དེ་ཡང་ངེས་པ་ཡིན་ནོ། །ཞེས་པ་དང༌། དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །ཞེས་དང༌། རིགས་གཏེར་ལས། སེལ་བའི་ངོ་བོར་ཚུལ་གསུམ་ཙམ་གྲུབ་པ་ལྷག་ལྡན་ལའང་ཡོད་ཅིང༌། གོ་བྱེད་དུ་འགྲོ་བ་ལ་མ་ངེས་པ་མི་སྲིད་དེ། ངེས་པ་མེད་ན་འབྲེལ་པ་མི་འབྱུང་བའི་ཕྱིར། དེས་ན་ཕྱོགས་ཀྱི་གླང་པོས་འབྲེལ་པ་ལ་དགོངས་ནས་ངེས་པ་གསུངས་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། སྔར་བཤད་པའི་མཚན་ཉིད་དེ་ལས་ཡང་ན། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེ་སྐད་དུ། རིགས་གཏེར་ལས། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་གསུངས་པ་ཡིན་ནོ། །དོན་འདི་ལ་དར་ཊཱིཀ་པ་འདི་ལྟར་རྒོལ་བར་བྱེད་དེ། འབྲེལ་པ་དང་རྟགས་ཀྱི་ཚུལ་དུ་གྱུར་པའི་ཁྱབ་པ་དེས་དཀའ་སླ་མེད་པར་དོན་གཅིག་ཏུ་འདོད་པ་ལ་འདི་དྲི་བར་བྱ་སྟེ། འབྲེལ་པ་ཤེས་ཟིན་མ་བརྗེད་པ་ལ་དེ་ཤེས་པའི་ཡན་ལག་ཏུ་ཁྱབ་པ་བརྗོད་དགོས་སམ་མི་དགོས། དགོས་ན་ཁྱབ་པ་ཤེས་ཟིན་མ་བརྗེད་པ་ལ་ཁྱབ་པའང་དགོས་པ་ཐལ་ལོ། །འདོད་ན། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པ་དང་འགལ་ལ། མི་དགོས་ན་དེ་ལ་ཁྱབ་པ་གཉིས་ཀ་བརྗོད་མི་དགོས་ཀྱི་གང་རུང་གཅིག་གིས་བརྗོད་པས་ཆོག་པར་སྟོན་པའི་གཞུང༌། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན། །གཉིས་ལས་གང་ཡང་རུང་སྨྲས་པས། །ཞེས་སོགས་ཀྱི་དོན་དང་འགལ་ལོ། །གཞུང་དེ་ནི་འབྲེལ་པ་ཤེས་ནས་བརྗེད་པའི་དབང་དུ་བྱས་སོ་ཞེ་ན། བརྗེད་ན་ཤེས་པར་འགལ་ལོ་ཞེས་གསུང་ངོ༌། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འབྲེལ་པ་དང་རྟགས་ཀྱི་ཚུལ་དོན་གཅིག་པར་ནི་ཁོ་བོ་ཅག་གིས་ཁས་བླངས་པ་མ་ཡིན་པས་དེ་ལ་ཀླན་ཀ་སྤོང་བའི་རྩོམ་པ་དོན་ཡོད་པ་མ་ཡིན་གྱི། རྟགས་ཆོས་ཀྱི་འབྲེལ་པ་དང་ཁྱབ་པ་ལ་ངེས་དཀའ་སླ་ཡོད་དོ་ཞེས་འདོན་པ་ནི་རིགས་པ་མ་ཡིན་ཏེ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། འབྲེལ་པ་ཤེས་ཟིན་མ་བརྗེད་པ་ལ་ཁྱབ་པ་ཤེས་པའི་ཡན་ལག་ཏུ་ཁྱབ་པ་བརྗོད་དགོས་ན། མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད་ཅེས་གཞན་ལྡན་རྣམ་གཅོད་ཀྱི་ཚིག་གསུངས་པ་དང་འགལ་ཞིང་དེར་མ་ཟད། རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ཤེས་ན་ཚད་མ་གཞན་ལ་མ་ལྟོས་པར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བདེ་བླག་ཏུ་འགྲུབ་པ་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །ཞེས་དང༌། རྒྱུ་དང་འབྲས་བུའི་དངོས་པོ་འམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །ཞེས་སོགས་མདོར་བསྟན་རྒྱས་བཤད་ཀྱི་སྐབས་སུ། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པའི་ཚུལ་རྒྱས་པར་གསུངས་པ་དང་འགལ་ལོ། །གང་ཡང་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཙམ་ལ་བརྟེན་ནས་ཁྱབ་པའི་ཚུལ་མི་ཤེས་པ་ཤེས་པར་བྱེད་ནུས་སོ་ཞེས་འདོད་པ་ནི། མེད་ཅེས་བྱ་བའི་ཚིག་གིས་ཀྱང༌། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་དང༌། རྣམ་པར་ངེས་པ་ལས་ཀྱང་གསུངས་ཏེ། དེ་མེད་དོ་ཞེས་བརྗོད་པས་ཀྱང་དེ་ལྟར་འགྱུར་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ལྡོག་པར་འདོད་པས། དེ་ལ་གང་གིས་ན་འདི་ལྡོག་པ་ཞེས་བྱ་བར་འགྱུར་བའི་རིགས་པ་བརྗོད་དགོས་སོ། །ཞེས་གསུངས་སོ། །གཉིས་པ་རིགས་པ་དང་འགལ་བ་ནི། ཁྱབ་པ་མི་ཤེས་པ་ཤེས་པའི་ཡན་ལག་ཏུ་སྒྲུབ་པའི་ངག་འགོད་པ་ཡིན་ན། འོ་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཉིད་དུ་ཇི་ལྟར་རུང་སྟེ། དེས་དེའི་ཚུལ་གསུམ་མི་ཤེས་པའི་ཕྱིར་རོ། །རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པར་ཚད་མས་ཤེས་པའི་གང་ཟག་གི་ངོར་ཕྱོགས་ཆོས་བརྗོད་དགོས་པར་འགྱུར་ཏེ། རྟགས་ཆོས་ཀྱི་འབྲེལ་པ་ཤེས་པའི་ངོར་ཁྱབ་པ་བརྗོད་པའི་སྒྲུབ་ངག་འགོད་དགོས་པའི་ཕྱིར། འདོད་ན་ནི། ཕྱོགས་ཆོས་ཤེས་ལ་བརྗེད་པའི་གང་ཟག་སྲིད་པ་ཉིད་དུ་འགྱུར་རོ། །འདོད་ན། དངོས་སུ་འགལ། ཕྱོགས་ཆོས་དང་འབྲེལ་པ་ཤེས་ན། དེ་ཉིད་དྲན་ལམ་དུ་འཕངས་ཟིན་པས་ཁྱབ་པར་འགྱུར་ཏེ། འབྲེལ་པ་ཤེས་ལ་བརྗེད་པ་མི་སྲིད་པའི་ཕྱིར། འདོད་ན། ཇི་སྐད་དུ། རྟགས་ཤེས་པ་ནི་རྗེས་དཔག་གི་དངོས་ཀྱི་རྒྱུ་མ་ཡིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར་ཞེས་གསུངས་པ་དང་ཇི་ལྟར་མི་འགལ། གསུམ་པ་ཁས་བླངས་པ་དང་འགལ་བ་ནི། བྱས་མི་རྟག་གི་འབྲེལ་པ་ཤེས་པའི་གང་ཟག་གིས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པ་ལ་ཡོད་པ་དང༌། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་བྱས་སྟོང་དུ་ངེས་པར་ཐལ། དེས་བྱས་ན་མི་རྟག་པས་ཁྱབ་པ་དང་རྟག་ན་མ་བྱས་པས་ཁྱབ་པ་ངེས་པའི་ཕྱིར། རྟགས་ཁས་བླངས་ཏེ། དེས་བྱས་མི་རྟག་གི་འབྲེལ་པ་ངེས། དེ་འདྲའི་ཁྱབ་པ་གཉིས་པོ་དེ་འབྲེལ་པའི་དོན་ལྡོག་ཏུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། འདོད་ན། ཁྱབ་པ་མི་ཤེས་པ་འགལ་ཏེ། ཁྱབ་པ་ཤེས་པའི་བློས་དེ་ལས་གཞན་ཁྱད་པར་གྱི་ཆོས་ཅི་ཞིག་ཤེས་བརྗོད་དགོས་སོ། །འབྲེལ་པ་ཤེས་ལ་ཁྱབ་པ་མི་ཤེས་པ་ཡོད་ན། གང་ཡང་ཁྱེད་ཀྱིས་འདི་སྐད་དུ། དེ་ལ་སྤྱིར་འབྲེལ་པ་གཏན་ལ་ཕབ་པ་ལས། རྟགས་གསུམ་གྱི་རྣམ་དབྱེ་མི་འདོད་བཞིན་དུ་ཁས་བླངས་དགོས་ཏེ། མེ་དུའི་འབྲེལ་པ་སྒྲུབས་པ་ལས། འབྲས་བུའི་གཏན་ཚིགས་དང༌། རྒྱུ་མ་དམིགས་པའི་གཏན་ཚིགས་མི་འདོད་བཞིན་དུ་གྲུབ། ཤ་པ་ཤིང་གི་འབྲེལ་པ་སྒྲུབས་པ་ལས། ཁྱབ་བྱེད་མ་དམིགས་པ་དང་རང་བཞིན་གྱི་གཏན་ཚིགས་གྲུབ་བོ། །ཞེས་བཤད་པ་དང་འགལ་ཞིང༌། བྱས་པ་མི་རྟག་པ་ལ་འབྲེལ་པའི་དོན་ལྡོག་གི་ཕྱོགས་ཅིག་ཐ་དད་པ་ནི་མངོན་སུམ་གྱིས་གྲུབ་ཅིང༌། མི་རྟག་པ་ལྡོག་པའི་སྟོབས་ཀྱི་བྱས་པ་ལྡོག་པའི་ཚུལ་ནི་མི་རྟག་པ་ལོག་པའི་གཞི་ལ་བྱས་པ་འགོག་པའི་གནོད་པ་ཅན་གྱི་རྟགས་ལ་བརྟེན་ནས་སྒྲུབ་པ་ཡིན། ཞེས་སྨྲས་པ་དང་ཇི་ལྟར་མི་འགལ། ཅི་སྟེ་རྗེས་ཁྱབ་ངེས་པ་ལ་ནི། རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཅིག་གཞིར་བཟུང་ནས་དེ་ཉིད་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་དགོས་ལ། འབྲེལ་པ་ངེས་པ་ལ་ནི། མི་རྟག་པ་ལོག་སྟོབས་ཀྱིས་བྱས་པ་ལོག་པར་ངེས་པ་ཙམ་གྱིས་ཆོག་པའི་ཕྱིར། ཞེས་བརྗོད་མོད། དེ་ཡང་འཐད་པ་དང་ལྡན་པ་མ་ཡིན་ཏེ། བྱས་པ་མཚན་གཞིར་བཟུང་ཞིང་མ་ངེས་པར། དེ་རྟག་པ་ལས་ལོག་པར་ངེས་མི་ནུས་པའི་ཕྱིར་དང༌། གང་བྱས་པ་ཐམས་ཅད་མི་རྟག་པར་ངེས་མི་ནུས་པའི་ཕྱིར་རོ། །ལུང་གི་དོན་ནི་ཁྱེད་ལ་སྒྲུབ་བྱེད་མ་ཡིན་པར་མ་ཟད་གནོད་བྱེད་ཁོ་ནར་ངེས་ཏེ་འདི་ལྟར། འབྲེལ་པ་ཚད་མས་ཤེས་པ་ལ། རྗེས་འགྲོའི་ཁྱབ་པ་དཔེའི་སྟེང་དུ་བསྟན་མི་དགོས་ཏེ། དེ་ལ་སྒྲུབ་ངག་བཀོད་པ་ཙམ་གྱིས་ཚུལ་གསུམ་དྲན་ནས་སྒྲུབ་བྱ་རྟོགས་ནུས་པའི་ཕྱིར་ཞེས་པ་ནི། དེ་ཕྱིར་ཆོས་མི་མཐུན་དཔེ་ལ་ནས། དེ་རྟོགས་ཕྱིར་གྱི་བར་རོ། །འོ་ན་འབྲེལ་པ་མི་ཤེས་པ་ལའང༌། དེ་སྒྲུབ་ངག་ཙམ་གྱིས་ཁྱབ་པ་ཤེས་ནུས་སམ། ཞེ་ན། དེ་ལ་ནི་དཔེའི་སྟེང་དུ་སྟོན་དགོས་སོ། །ཞེས་སྟོན་པ་ནི། དཔེ་ལ་དེའི་ངོ་བོ་དང༌། ནས་སྟོན་ཏེའི་བར་རོ། །འོ་ན་རྟགས་ཆོས་ཀྱི་འབྲེལ་པ་ཤེས་པ་ལ་ཁྱབ་པ་བསྟན་མི་དགོས་པ་ལྟར། ཕྱོགས་ཆོས་ཀྱང་བསྟན་མི་དགོས་སམ་ཞེ་ན། ཁྱབ་པ་ཤེས་པ་ཙམ་གྱིས་ཕྱོགས་ཆོས་མི་འགྲུབ་པར་སྟོན་པ་ནི། མཁས་པ་རྣམས་ལ་ནི། གཏན་ཚིགས་འབའ་ཞིག་བརྗོད་པར་ཟད་ཅེས་པའོ། །འོ་ན། དེ་ལྟོས་གཞི་སོ་སོའི་སྟེང་དུ་ཚུལ་གསུམ་ཤེས་པ་ཙམ་གྱིས་བསྒྲུབ་བྱ་ལ་རྟོགས་པ་བསྐྱེད་ནུས་སམ་ཞེ་ན། དེ་ལྟ་མ་ཡིན་གྱི་ཚུལ་གསུམ་དྲན་པ་ལ་སྒྲུབ་པའི་ངག་འགོད་དགོས་སོ་ཞེས་སྟོན་པ་ནི། འབྲེལ་ཤེས་ན། དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས། ཅི་སྟེ་དེ་ལ་སྒྲུབ་པའི་ངག་གཉིས་ཀ་དགོས་སམ། ཞེ་ན། མི་དགོས་པར་སྟོན་པ་ནི། དེ་ཉིད་ཀྱི་ཕྱིར་གང་ཡང་རུང་སྨྲས་པས་དོན་གྱིས་གོ ཞེས་གསུངས་སོ། །གཉིས་པ་ཚུལ་གསུམ་གྱི་རྣམ་པར་བཞག་པ་ལ། ཚུལ་གསུམ་གྱི་ལྟོས་གཞི་བཤད་པ། དེ་ལ་ལྟོས་པའི་ཚུལ་གསུམ་བཤད་པའོ། །དང་པོ་ལ། ཚུལ་དང་པོའི་ལྟོས་གཞི་ཕྱོགས། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས། དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་དང་གསུམ། དང་པོ་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། སྤྱིར་ཆོས་ཅན་གྱི་དབྱེ་བ་བཤད་པའོ། །དང་པོ་ལ། བདག་ཉིད་ཆེན་པོ་ལོ་ཙྪ་བ་ནི། བསྒྲུབ་བྱའི་ཆོས་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་གསུང༌། རིགས་པའི་དབང་ཕྱུག་ཕྱ་པ་ནི། གཞི་གང་ལ་བསྒྲུབ་བྱའི་ཆོས་གྲུབ་བསལ་མེད་པས་ཤེས་འདོད་འཇུག་རུང༌། ཞེས་གསུང༌། འབགས་པ་ནི། གཞི་གང་ཞིག་གོ་བྱེད་རྟགས་ཀྱི་གཞིར་བཟུང་བ་ཞེས་གསུང༌། རིགས་གཏེར་ལས། ཚད་མས་གྲུབ་བསལ་མེད་ཅིང་དཔག་གཞིར་བཟུང་བ། ཞེས་གསུངས་སོ། །དང་པོ་མི་འཐད་དེ། སྒྲ་མི་རྟག་པར་མ་རྟོགས་པ་དང༌། སྒྲ་རྟག་པར་ལོག་པར་རྟོག་པ་དང༌། སྒྲ་མི་རྟག་པར་ཡིད་དཔྱོད་ཀྱིས་ངེས་པའི་ཚེའང༌། སྒྲ་དེ་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པའང་མི་འཐད་དེ། སྔར་རྒོལ་དཔག་འདོད་མེད་པའི་ཚེའང༌། ཤེས་འདོད་ཆོས་ཅན་དུ་ཐལ་བའི་ཕྱིར་རོ། །གསུམ་པའང་མི་འཐད་དེ། སྒྲ་མི་རྟག་སྒྲུབ་ལ་མིག་ཤེས་ཀྱི་བཟུང་བྱ་བཀོད་པའི་ཚེ། རྟགས་ཆོས་ཅན་གྱི་སྟེང་དུ་མེད་པར་མ་ཟད། ཆོས་ཅན་ཙམ་ཡང་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་བཞི་པ་ལྟར་རིགས་སོ། །དེ་ཡང༌། རྒོལ་བས་གཞི་གང་གི་སྟེང་དུ་མི་རྟག་པ་ལ་དཔག་འདོད་ཞུགས་ཤིང༌། རྒོལ་བ་གཞན་གྱིས་གཞི་གང་གི་སྟེང་དུ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་ཆོས་ཅན་དེ། སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་སྐབས་ཀྱི་ཚུལ་དང་པོའི་ལྟོས་གཞིར་གྱུར་པའི་ཕྱོགས་ཀྱི་མཚན་ཉིད་དོ། །རྒྱན་མཛད་པས། ཤེས་པར་འདོད་པའི་བྱེ་བྲག་ཅན། །ཆོས་ཅན་ཕྱོགས་ཀྱི་མཚན་ཉིད་ཡིན། །ཞེས་གསུངས་སོ། །འདིར་ཁོ་བོ་ནི་འདི་སྙམ་དུ་སེམས་ཏེ། ཤེས་འདོད་ཆོས་ཅན་ཡིན་ན། ཚུལ་དང་པོའི་ལྟོས་གཞིར་གྱུར་པའི་ཕྱོགས་བཏགས་པ་བ་དེ་ཡིན་མི་དགོས་ཏེ། དེ་ཡིན་ན་དེར་གྱུར་པའི་རྗེས་སུ་དཔག་བྱ་དེ་ཡིན་མི་དགོས་པའི་ཕྱིར་དང༌། ཕྱིར་རྒོལ་བ་འགའ་ཞིག་སྒྲའི་སྟེང་དུ་མི་རྟག་པ་ལ་ཤེས་འདོད་ཞུགས་པ་ཙམ་གྱིས་དེ་ཤེས་འདོད་ཆོས་ཅན་དུ་འགྱུར་བའི་ཕྱིར་དང༌། དེ་ལྟ་ན་ཡང༌། དེའི་ཚེ་སྔར་རྒོལ་དེ་ལ་དཔག་འདོད་མེད་པ་སྲིད་པའི་ཕྱིར། ཁྱབ་སྟེ། ཕྱོགས་སུ་འགྱུར་བ་ནི་སྒྲུབ་བྱེད་བཀོད་པ་ལ་ལྟོས་པའི་ཕྱིར་རོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། ཚུལ་དང་པོའི་ལྟོས་གཞི་ལ་ཕྱོགས་སུ་འཇོག་པ་དེ་ལྟ་ན་ཕྱོགས་ཆོས་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་སྙམ་ན། ཉེས་པ་མེད་དེ། འདིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་བཏགས་ནས་བསྟན་པའི་ཕྱིར། འདོགས་པའི་རྒྱུ་མཚན་ནི། ཕྱོགས་མཚན་ཉིད་པ་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྟགས་ཀྱི་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་ཤེས་འདོད་ཆོས་ཅན་ནི། གང་ལ་བསྒྲུབ་པར་བྱ་བ་འམ། རྗེས་སུ་དཔག་པར་བྱ་བའི་གཞི་ཡིན་པས་དེ་སྐད་དུ་བསྟན་པ་ཡིན་ལ། བསྒྲུབ་བྱའི་ཆོས་ནི། གང་བསྒྲུབ་པར་བྱ་བའམ་རྗེས་སུ་དཔག་པར་བྱ་བ་ཡིན་པས། དེ་སྐད་བསྟན་པ་ཡིན་ནོ། །བཏགས་པའི་དགོས་པ་ལ་དངོས་དང༌། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཚུལ་དང་པོ་གཏན་ལ་འབེབས་པ་ན། ཤེས་འདོད་ཆོས་ཅན་ལ་ཕྱོགས་སྒྲས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་བཅས་ཀྱི་དགོས་པ་དང༌། ཡོངས་གཅོད་ཀྱི་དགོས་པ་དང་གཉིས་དང་ལྡན་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། དང་པོ་ནི། ཕྱོགས་ཆོས་ཞེས་མ་བསྟན་པར། ཆོས་ཅན་གྱི་ཆོས་ཞེས་བསྟན་ན། མཐུན་དཔེ་ཆོས་ཅན་ནམ། མི་མཐུན་དཔེ་ཆོས་ཅན་ལ་ཡོད་པ་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པར་འགྱུར་སྲིད་ལ། ཤེས་འདོད་ཆོས་ཅན་གྱི་ཆོས་ཤེས་དངོས་མིང་ནས་བརྗོད་ན་ཚུལ་གསུམ་བརྗོད་པ་ཡི་གེ་མི་མཉམ་པས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །ཞེས་དང༌། རྗེས་དཔག་བྱ་དང༌། ཞེས་སོགས་ཀྱི་སྡེབ་སྦྱོར་ཉམས་པར་འགྱུར་བས་དེ་དག་གཅད་པར་བྱ་བའི་ཆེད་ཡིན་ནོ། །དགོས་པ་གཉིས་པ་ནི། དེ་ལྟར་བཏགས་པ་ཆོས་ཅན། ཡོངས་གཅོད་ཀྱི་དགོས་པ་ཡོད་དེ། ཚུལ་དང་པོ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལ་བརྟེན་ནས་དེ་རྟོགས་ནུས་པའང་ཡིན་ཏེ། དེ་ལ་བརྟེན་ནས་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་གདགས་རུང་དུ་རྟོགས་པའི་ཕྱིར། དེ་སྐད་དུ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། ཕྱོགས་ནི་ཆོས་ཅན་ནོ། །དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ། །ཞེ་ན། མ་ཡིན་ཏེ། ཞེས་སོགས་ཀྱི་དོན། རིགས་གཏེར་ལས། ཆོས་ཅན་བརྗོད་ན་འཁྲུལ་གཞི་ཡོད། །མཐའ་རྣམས་བཀག་ན་ཡུན་རིང་འགོར། །དངོས་མིང་བརྗོད་ན་སྡེབ་སྦྱོར་ཉམས། །བདེ་བླག་རྟོགས་ཕྱིར་ཕྱོགས་ཞེས་གསུངས། །ཞེས་བཤད་དེ། གཉིས་པ་རང་ལ་མཚུངས་པ་སྤང་བ་ལ་གཉིས་ཏེ། དོགས་པ་དགོད་པ་དང༌། ལན་ནོ། །དང་པོ་ནི། འདི་སྙམ་དུ། ཕྱོགས་ཀྱི་ཆོས་ཞེས་བརྗོད་པས་ཀྱང༌། ཚོགས་དོན་ནམ། ཆོས་ལ་ཡོད་པ་ཚུལ་དང་པོར་དོགས་པར་འགྱུར་རོ་སྙམ་ན། ལན་ལ། རིགས་པའི་དབང་ཕྱུག་ཕྱཱ་པ་ནི། དེ་ལྟར་བརྗོད་པས་ཚོགས་དོན་ལ་ཡོད་པ་ཚུལ་དང་པོར་མི་གོ་སྟེ། སྒྲ་འགལ་བའི་ཕྱིར་ཏེ། ཚོགས་དོན་ནི་མ་གྲུབ་པ་ཡིན་ལ། དེ་ལ་ཡོད་པ་ཕྱོགས་ཆོས་ཡིན་ན། གྲུབ་ཟིན་པར་ཐལ་བའི་ཕྱིར་རོ། །ཆོས་ལ་ཡོད་པའང་ཚུལ་དང་པོར་མི་གོ་སྟེ། རྗེས་འགྲོ་སྟོན་པ་དང་སྒྲ་ཟློས་པའི་ཕྱིར་ཏེ། མཐུན་ཕྱོགས་ནི། ཆོས་དང་དཔེའི་ཚོགས་པ་ཡིན་ལ། ཚོགས་སྤྱི་ལ་ཡོད་ན་ཡ་གྱལ་ལ་མེད་པར་འགལ་བའི་ཕྱིར། འོ་ན་ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་ཀྱང༌། མཐུན་དཔེ་ལ་ཡོད་པ་ཚུལ་དང་པོར་དོགས་པར་མི་འགྱུར་ཏེ། རྗེས་འགྲོ་སྟོན་པའི་སྒྲ་དང་ཟློས་པའི་ཕྱིར་ཏེ། མཐུན་ཕྱོགས་ལ་ཡོད་པར་གྲུབ་པས་མཐུན་དཔེ་ལ་ཡོད་པར་ཡང་གྲུབ་པའི་ཕྱིར། མི་མཐུན་དཔེ་ལ་ཡོད་པ་ཚུལ་དང་པོར་ཡང་གོ་བར་མི་འགྱུར་ཏེ། ལྡོག་པ་སྟོན་པའི་སྒྲ་དང་ཟློས་པའི་ཕྱིར་ཏེ། མི་མཐུན་ཕྱོགས་ལ་མེད་ན་མི་མཐུན་དཔེ་ལ་ཡོད་པར་འགལ་བའི་ཕྱིར། དེས་ན་ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་རྩོད་གཞི་ཉིད་ལ་གོ་བར་འགྱུར་རོ་ཞེ་ན། ཕྱི་མ་ལ་སྒྲ་འགལ་བ་བདེན་མོད་ཀྱི་སྔ་མ་ལ་སྒྲ་ཟློས་པ་མི་བདེན་ཏེ། མཐུན་པའི་ཕྱོགས་ནི་རིགས་སྤྱི་ཡིན་ལ། མཐུན་དཔེ་རིགས་ཀྱི་བྱེ་བྲག་ཡིན་པས། སྤྱི་ལ་ཡོད་པར་གྲུབ་པས། བྱེ་བྲག་ལ་ཡོད་པར་མི་འགྲུབ་པའི་ཕྱིར་ཏེ། སྤྱིར་མི་རྟག་པ་ཙམ་ལ་རྩོལ་བྱུང་ཡོད་པ་གྲུབ་པས། བྱེ་བྲག་ནགས་ཀྱི་མེ་ཏོག་ལ་རྩོལ་བྱུང་ཡོད་པར་མི་འགྲུབ་པའི་ཕྱིར་དང༌། སྤྱི་མི་རྟག་པ་ཙམ་ལ་ལུས་ཅན་མ་ཡིན་པ་ཡོད་པས། བྱེ་བྲག་དཔེ་བུམ་པ་ལའང་ལུས་ཅན་མ་ཡིན་པ་ཡོད་པར་ཐལ་བའི་ཕྱིར་རོ། །ཚོགས་པའི་སྤྱི་ལ་ཡོད་པར་གྲུབ་པ་ན་བྱེ་བྲག་ལ་ཡོད་པར་འགྲུབ་པས། མཐུན་ཕྱོགས་ལ་ཡོད་པའི་ངག་གི་ཆོས་ལ་ཡོད་པར་གྲུབ་པ་ཡིན་ནོ། །ཞེས་བཤད་དོ། །ཡང་གྲགས་པའི་དབང་ཕྱུག་གཙང་ནག་པ་ནི། སྦྱོར་བ་སྐོར་ཅིག་གི་སྒྲུབ་བྱ་དང་ཆོས་ནི། རྟགས་ཀྱི་ཡོད་པའི་ཆོས་ཅན་མ་ཡིན་པས། རྟགས་རྗེས་སུ་དཔག་བྱ་ལ་ཡོད་པ་ཚུལ་དང་པོར་བརྗོད་པས་ཚོགས་དོན་དང༌། བསྒྲུབ་བྱའི་ཆོས་ལ་ཡོད་པ་ཚུལ་དང་པོར་མི་གོ་བ་ཡིན་ནོ་ཞེས་གསུང༌། སྨྲ་བའི་སེང་གེ་དར་འབག་པ་ནི། མཐུན་དཔེ་ཆོས་ཅན་ལ་ཡོད་པ་ཚུལ་དང་པོར་དོགས་པ་དང༌། མི་མཐུན་དཔེ་ཆོས་ཅན་ལ་ཡོད་པ་ཚུལ་དང་པོར་དོགས་པ་ནི། རྗེས་འགྲོ་སྟོན་པ་དང་སྒྲ་ཟློས་པ་དང༌། ལྡོག་པ་སྟོན་པ་དང༌། སྒྲ་འགལ་བས་སེལ་བར་ནུས་ཀྱང༌། སྐབས་སུ་མ་བབ་པའི་ཆོས་ཅན་ལ་ཡོད་པ་ཚུལ་དང་པོ་ཡིན་ནམ་སྙམ་པའི་དོགས་པ་སེལ་བར་མི་ནུས་པས། ཕྱོགས་ཆོས་ཞེས་སྨོས་དགོས་པ་ཡིན་ནོ། །སྐབས་སུ་མ་བབ་པའི་རྗེས་སུ་དཔག་བྱ་ནི་མེད་པས་མི་མཚུངས་སོ་ཞེས་གསུངས། རིགས་པའི་གཏེར་ལས་ནི། ཐོག་མར་ཆོས་ཅན་གྱི་ཆོས་ལ་ཡོད་པ་ཚུལ་དང་པོ་ཞེས་བརྗོད་ནས། དེའི་རྗེས་སུ་ཆོས་ཅན་དེ་ཡང་ཤེས་འདོད་ཆོས་ཅན་ལ་བྱ་དགོས་པར་མཐའ་གཞན་འགོག་པའི་རིགས་པས་འགོག་པར་བྱེད་ན་ནི་རྩོད་པ་བརྒྱུད་པས་ཡུན་རིང་པོ་འགོར་བའི་ཕྱིར་ཚུལ་དང་པོ་བདེ་བླག་ཏུ་མི་རྟོགས་པའི་ཉེས་པ་ཡོད་པར་བཞེད་དེ། མཐའ་རྣམས་བཀག་ན་ཡུན་རིང་འགོར། །ཞེས་གསུངས་སོ། །དོན་འདི་ལ་ཁོ་བོ་ནི་འདི་སྙམ་དུ་སེམས་ཏེ། ཕྱོགས་ཀྱི་ཆོས་ཞེས་དང༌། ཆོས་ཅན་གྱི་ཆོས་ཞེས་བརྗོད་པ་གཉིས་ལ། འཁྲུལ་གཞི་ཡོད་མེད་མཚུངས་པར་རྩོད་པ་ལ། མི་མཚུངས་པའི་ལན་ཇི་ལྟ་བ་བཞིན་འདོན་པར་དཀའ་བས། དེའི་ཕྱིར་རྩོད་པ་འདི་དང་པོ་བརྡའ་འདོགས་པའི་སྐབས་ལ་རྩོད་པ་མ་ཡིན་ཏེ། བརྡའ་འདོགས་པའི་དུས་སུ་ནི། ཚུལ་དང་པོ་ལ་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཡང༌། མིང་དེ་ཉིད་དོན་དེ་ལ་འཁྲུལ་གཞི་ཡོད་ཀྱང༌། འཁྲུལ་མེད་དུ་འཇུག་དགོས་ཏེ། སྒྲ་རྣམས་ནི་བརྗོད་པར་འདོད་པའི་གཞན་དབང་ཅན་ཡིན་པའི་ཕྱིར། པད་མོ་ལ་མཚོ་སྐྱེས་སུ་བརྡའ་སྦྱར་བ་བཞིན་ནོ། །ཐ་སྙད་འདོགས་པའི་དུས་སུ་ནི། ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་ཚུལ་དང་པོ་རེས་འགའ་མཐའ་གཞན་བཀག་ན་གོ་ནུས་མོད་ཀྱང༌། འཁྲུལ་མེད་དུ་གོ་བར་མི་ནུས་ཏེ། མིང་དེ་ཚུལ་དང་པོའི་དངོས་མིང་མ་ཡིན་ཞིང༌། སྔར་བཤད་པའི་འཁྲུལ་གཞི་དེ་དག་དང་ཡང་ལྡན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཕྱོགས་དང་འབྲེལ་བའི་ཆོས་ཀྱི་སྒྲ། །རྩོད་གཞི་ཉིད་ཡིན་ལག་ལྡན་བཞིན། །ཆོས་དང་འབྲེལ་ཡང་ཆོས་ཅན་སྒྲས། །གོ་བར་མི་ནུས་མགོ་ལྡན་བཞིན། །ཞེས་བཤད་དོ། །དེ་བཞིན་དུ་བརྡའ་འདོགས་པའི་ཚེ་ཚུལ་དང་པོ་ལ་ཆོས་ཅན་གྱི་ཆོས་ཞེས་སྦྱར་ན། ཕྱིས་ཐ་སྙད་ཀྱི་དུས་སུ་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བརྗོད་ནའང༌། འཁྲུལ་གཞི་ཡོད་པར་འགྱུར་རོ། །འོ་ན་དང་པོ་བརྡའི་དུས་སུ་ཆོས་ཅན་གྱི་ཆོས་ཞེས་མི་བརྗོད་པའི་རྒྱུ་མཚན་ཅི་ཡིན། འཁྲུལ་མེད་དུ་གོ་མི་ནུས་པ་ཁོ་ནས་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་གྱི་འོན་ཀྱང༌། དེ་ལྟར་མིང་བཏགས་ན། ཚུལ་གསུམ་བརྗོད་པ་ཡི་གེ་མ་མཉམ་པས་ཚུལ་གསུམ་བརྗོད་པ་མི་བདེ་བའི་རྒྱུ་མཚན་གྱིས་མ་བཏགས་པ་ཡིན་གྱི་གོ་མི་ནུས་པ་མ་ཡིན་ནོ། །དེ་སྐད་དུ། ཤུགས་ཀྱི་དོན་གོ་ན་ཡང་ཉེ་བར་བཏགས་པ་ཙམ་ཡི་གེ་མཉམ་པས། སྒྲུབ་པར་དཀའ་བ་ཡོངས་སུ་སྤངས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བྱས་ན་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་སྒྲ་བཏགས་པས་ཚུལ་དང་པོའི་དངོས་མིང་ཁྱད་པར་ཅན་བདེ་བླག་ཏུ་འགྲུབ་ལ། དེ་ལྟར་མ་བཏགས་ན། དེའི་དངོས་མིང་སྒྲ་བཤད་དུ་ཡོད་པ་དང༌། བརྗོད་བདེ་བ་དང༌། གཟུང་སླ་བ་དང༌། དོན་དེ་ལ་འཁྲུལ་མེད་ཀྱིས་ཁྱད་པར་དུ་བྱས་པ་གཅིག་མི་རྙེད་པའི་ཉེས་པ་འབྱུང་སྟེ། ཆོས་ཅན་གྱི་ཆོས་ཞེས་སམ། ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་འདོགས་དགོས་པའི་ཕྱིར་རོ། །ཆོས་ཀྱི་སྤྱན་ལྡན་ལོ་ཙྪ་བ་ཆེན་པོའི་ཞལ་སྔ་ནས། རྣམ་པར་ངེས་པའི་ཊཱིཀྐར་འདི་ལྟར་མཛད་དེ། སྔར་གྱི་རྩོད་པ་དེ་མི་མཚུངས་པའི་ཚུལ་ནི། རང་གི་ཕྱོགས་ལ་ནི། ཕྱོགས་ཆོས་ཞེས་བརྗོད་པ་ན། ཆོས་ལ་ཡོད་པར་མི་དོགས་ཏེ། མཐུན་ཕྱོགས་ལ་ཡོད་པར་བརྗོད་པ་ཉིད་ལས་གྲུབ་པའི་ཕྱིར། འོ་ན་ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་ཀྱང་དཔེའི་ཆོས་ཅན་ལ་དོགས་པར་མི་འགྱུར་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་བྱ་བས་གྲུབ་ཟིན་པའི་ཕྱིར། ཞེ་ན། མ་ཡིན་ཏེ། གྲུབ་ཟིན་ཀྱང་བརྣན་པའི་ཕྱིར་དུ་དཔེའི་ཆོས་ལ་ཡོད་པ་ཕྱོགས་ཆོས་ཞེས་བརྗོད་པར་དོགས་པ་སྐྱེ་བའི་ཕྱིར་ཏེ། དཔེར་ན། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་བྱ་བས། དེ་མི་མཐུན་པའི་ཕྱོགས་ལ་མེད་པར་གྲུབ་ཀྱང༌། བརྣན་པའི་དོན་དུ་མི་མཐུན་པའི་ཕྱོགས་ལ་མེད་པ་ཚུལ་གསུམ་པར་བརྗོད་པ་བཞིན་ནོ། །འོ་ན་སྔ་མ་ལ་ཡང༌། མཐུན་པའི་ཕྱོགས་ལ་ཡོད་པར་གྲུབ་ཏུ་ཟིན་ཀྱང༌། བརྣན་པའི་དོན་དུ་བསྒྲུབ་བྱའི་ཆོས་ལ་ཡོད་པ་ཕྱོགས་ཆོས་སུ་བརྗོད་པར་དོགས་ཏེ། དཔེ་སྔ་མ་ཉིད་བཞིན་ནོ་ཞེ་ན། མ་ཡིན་ཏེ། བརྣན་པས་ངེས་པར་བྱེད་པ་ཡིན་ན་བརྗོད་པར་འགལ་བའི་ཕྱིར་རོ། །བསྒྲུབ་བྱའི་ཆོས་ཁོ་ན་ལ་ངེས་པར་བྱ་བའི་དོན་དུ་བརྣན་པ་ཡིན་ན། མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པའི་དོན་ལ་གནོད་པའི་ཕྱིར་ཏེ། ཆོས་ཁོ་ན་ལ་ཡོད་པ་དང་ཆོས་ཅན་ལ་ཡང་ཡོད་པ་ནི་འགལ་བའི་ཕྱིར། འོན་ཏེ་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གང་རུང་ཞིག་གཉིས་ལས། གཞན་ལ་མེད་པ་བརྣན་པས་ངེས་པར་བྱེད་དོ་ཞེ་ན། འོ་ན་བརྣན་པ་དོན་མེད་དེ། དངོས་སུ་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་བྱ་བས་བརྣན་པའི་དོན་གྲུབ་པའི་ཕྱིར། མེད་པ་ལ་མེད་པར་བརྗོད་པ་ནི་དེ་ལྟ་མ་ཡིན་ཏེ། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་བྱ་བས་གཞན་ལ་འཇུག་པ་བཀག་ཀྱང༌། མེད་པ་ཁོ་ན་ལྡོག་པའི་ཡུལ་དུ་མ་བསྟན་ཏེ། གཞན་པ་དང་འགལ་བ་དག་ཀྱང་དེས་འཕངས་པའི་ཕྱིར། དེས་ན་སྤྱིར་འཕངས་པ། ཁྱད་པར་ལ་ངེས་པར་བྱ་བའི་དོན་དུ་བརྣན་པ་དོན་ཡོད་དོ། །ཞེས་གསུངས་སོ། །འདི་སྐད་དུ་གསུང་པ་འདི་ཡང༌། སློབ་དཔོན་ཉིད་ཀྱི་རང་གི་འགྲེལ་པ་ལས། དེ་ཆེས་ཁྱབ་པ་ཞེས་བྱ་བས་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པས། ཆོས་ཅན་གྱི་ཆོས་ཞེས་སྨོས་པ་ན་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་པར་ཡོངས་སུ་བཟུང་ངོ་ཞེ་ན། གྲུབ་བཞིན་དུ་བརྣན་པ་ཡིན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དོགས་པར་འགྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་མི་མཐུན་པ་ལས་ལྡོག་པར་གྲུབ་མོད་ཀྱི། བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་བཞིན་ནོ། །ཤུགས་ཀྱིས་དོན་གོ་ན་ནི་རྟོགས་པར་དཀའ་བ་ཡོངས་སུ་སྤང་བའི་ཕྱིར་ཡང་ཕྱོགས་ཞེས་སྨོས་པ་ཡིན་ནོ། །ཞེས་གསུངས་པའི་དོན་ལ་དགོངས་པར་སྣང་མོད། ད་དུང་མཚུངས་པའི་སྐད་ཇི་ལྟ་བ་མཆོག་པར་སྣང་ལ། ཕྱཱ་པ་སོགས་ཀྱིས་ནི། འགྲེལ་པར་འདི་ལས་ཕྱིན་ཅི་ལོག་ཏུ་བཤད་པར་སྣང་ངོ༌། །འོན་ཀྱང་ལོ་ཆེན་གྱིས། མཐུན་ཕྱོགས་དང་མཐུན་དཔེ་ཆོས་ཅན་ལ། ཁྱབ་ཆེ་ཆུང་མི་བཞེད་དོ། །ཆོས་ཀྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་ཉིད་མཐུན་ཕྱོགས་ཀྱི་དོན་དུ་བཞེད་ཅིང༌། དེ་ཡང་མེ་ལྡན་གྱིས་ཁྱད་པར་དུ་བྱས་པའི་ཚང་མང་ལྟ་བུ་ཡིན་པར་བཞེད་ལ། མཐུན་ཕྱོགས་དང་སྒྲུབ་བྱའི་ཆོས་ནི་ཁྱད་པར་ཆེ་བས། དེ་གཉིས་ཀྱི་སྒོ་ནས་མི་མཚུངས་པའི་ཚུལ་སྟོན་པ་ནི། བདག་ཉིད་ཆེན་པོ་དེའི་དགོངས་པར་སྣང་ངོ༌། །འདིར་བརྣན་པ་ཞེས་བྱ་བ་ངེས་བཟུང་གི་དོན་ཡིན་གྱི་འཕྲི་བརྣན་གྱི་དོན་མ་ཡིན་པར་བརྡའ་སྤྲོད་པའི་གཞུང་ལས་འབྱུང་བ་ལྟར་ཤེས་དགོས་སོ། །གནས་འདི་ལ་ཁོ་བོ་འདི་སྐད་དུ་འདོན་ཏེ། ཕྱིས་ཐ་སྙད་ལ་འཇུག་པའི་སྐབས་སུ། ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བརྗོད་པ་ན། རྗེས་འགྲོ་སྟོན་པའི་སྒྲས་བསྟན་པ་དེ་ཉིད། ཚུལ་དང་པོ་སྟོན་པའི་སྒྲས་བསྟན་ནས། བསྒྲུབ་བྱའི་ཆོས་ལ་ཡོད་པ་ཉིད་ཚུལ་དང་པོར་བསྟན་སྙམ་དུ་དོགས་པར་མི་འགྱུར་ཏེ། ཕྱོགས་ཆོས་ཉིད་ཚུལ་དང་པོའི་འདོད་རྒྱལ་ཐོག་མའི་མིང་ཡིན་ལ། དེ་ཡང་ཐ་སྙད་ཀྱི་དུས་སུ་མི་འཁྲུལ་བའི་ཕྱིར་ཇི་སྐད་དུ། སྒྲ་རྣམས་ཀྱིས་ནི་བརྡའ་བརྟགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་གསུངས་པ་ཡིན་ནོ། །ཡང་ཐ་སྙད་ཀྱི་ཚེ་ཚུལ་དང་པོ་ལ། ཆོས་ཅན་གྱི་ཆོས་ཞེས་བསྟན་ན། རྗེས་འགྲོ་སྟོན་པའི་སྒྲས་བསྟན་པའི་དོན་ཉིད། ཚུལ་དང་པོ་སྟོན་པའི་སྒྲས་བརྣན་ནས། མཐུན་པའི་ཆོས་ཅན་ལ་ཡོད་པ་ཁོ་ན་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པར་འགྱུར་ཏེ། ཆོས་ཅན་གྱི་སྒྲ་ནི། མཐུན་དཔེ་ཆོས་ཅན་ལའང་གྲགས་ལ། ཚུལ་དང་པོ་ལ་ནི་ཆོས་ཅན་གྱི་ཆོས་ཞེས་མ་གྲགས་པའི་ཕྱིར། དཔེར་ན། གླང་ཆེན་ལ་བསམས་ནས། ལག་ལྡན་སྐྱེད་མོས་ཚལ་དུ་འོངས་སོ་ཞེས་བརྗོད་ན། གླང་ཆེན་ལ་མི་འཁྲུལ་ལ། མགོ་ལྡན་སྐྱེད་ཚལ་དུ་འོངས་སོ་ཞེས་བརྗོད་ན་འཁྲུལ་པ་བཞིན། དོན་འདི་ལ་དགོངས་ནས་རིགས་གཏེར་ལས། གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཅེས་གསུངས་སོ། །དེའི་ཕྱིར་ཕྱོགས་ཀྱི་སྒྲ་ཤེས་འདོད་ཆོས་ཅན་གྱི་བཏགས་མིང་ཡིན་ཀྱང༌། ཕྱོགས་ཆོས་ཀྱི་སྒྲ་ཚུལ་དང་པོའི་དངོས་མིང་ཡིན་པའི་ཁྱད་པར་མ་ཕྱེད་པ་ལ་བརྟེན་ནས། གངས་ཅན་གྱི་ལྗོངས་འདིར་འཁྲུལ་པ་དུ་མ་ཞིག་བྱུང་བར་སྣང་ངོ༌། །གསུམ་པ་དངོས་ལ་གནོད་བྱེད་ནི། ཚུལ་དང་པོའི་ལྟོས་གཞི་འདི་ཆོས་ཅན། ཕྱོགས་དངོས་མ་ཡིན་ཏེ། ཆོས་དང་ཆོས་ཅན་གྱི་ཚོགས་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་དབྱེ་བ་བཤད་པ་ལ། སྤྱིར་ཆོས་ཅན་གྱི་དབྱེ་བ་དང༌། ཕྱོགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། རྣམ་འགྲེལ་མཛད་པས་ཆོས་ཅན་གྱི་དབྱེ་བ་དུ་མ་གསུངས་ཏེ། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པ་དང༌། མཐུན་པའི་ཆོས་ཅན། མི་མཐུན་པའི་ཆོས་ཅན། ཁྱད་པར་གྱི་ཆོས་ཅན་དང༌། ཆོས་ཉིད་ཀྱི་ཆོས་ཅན་དང༌། རྩོད་གཞིའི་ཆོས་ཅན་དང༌། ཤེས་འདོད་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་ཅན་ནོ། །དང་པོ་ནི། བྱེ་བྲག་པའི་ངོར་ནམ་མཁའ་རྟག་རྫས་མ་ཡིན་པར་བསྒྲུབ་པ་ལ་དོན་བྱེད་མི་ནུས་པ་བཀོད་པའི་ཚེ་དངོས་གྱུར་གྱི་ནམ་མཁའ་ལྟ་བུའོ། །འདི་ལ་ཆོས་ཅན་འབའ་ཞིག་པ་ཞེས་བྱ་སྟེ། འདིའི་སྐབས་ཀྱི་ཆོས་ཅན་དེ་ལ་གནོད་ཀྱང༌། སྐབས་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་མི་གནོད་པའི་སྟེང་དུ་ཕན་པར་འགྱུར་བའི་ཕྱིར། གཉིས་པ་དང་གསུམ་པ་ནི། སྒྲ་མི་རྟག་པར་སྒྲུབ་པའི་ཚེ། རྒོལ་བས་མི་རྟག་པར་ངེས་ནས་ཕྱིར་རྒོལ་བ་ལ་ཁྱབ་འབྲེལ་སྟོན་པའི་གཞི་བུམ་པ་ལྟ་བུ་དང༌། རྒོལ་བས་རྟག་པར་ངེས་ནས་ཕྱིར་རྒོལ་བ་ལ་ལྡོག་འབྲེལ་སྟོན་པའི་ཆོས་ཅན་ནམ་མཁའ་ལྟ་བུའོ། །བཞི་པ་ནི། སྒྲའི་མི་རྟག་པ་ཞེས་བརྗོད་པའི་ཚེ་སྒྲ་ལྟ་བུའོ། །ལྔ་པ་ནི། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ནང་སྟོང་པ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ཡིན་པ་ལྟ་བུ། དྲུག་པ་ནི། སྒྲ་མི་རྟག་པར་འདོད་པའི་སངས་རྒྱས་པ་དང༌། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་གྲངས་ཅན་པ་གཉིས་སྒྲ་རྟག་མི་རྟག རྩོད་པའི་ཚེ་སྒྲ་ལྟ་བུ་ཡིན་ལ། བདུན་པ་ནི། གྲངས་ཅན་སྒྲ་རྟག་མི་རྟག་ཐེ་ཚོམ་དུ་གྱུར་ནས་སྒྲ་མི་རྟག་པའི་སྒྲུབ་བྱེད་ལ་ཤེས་འདོད་ཞུགས་པའི་ཚེ་སྒྲ་ལྟ་བུའོ། །བརྒྱད་པ་ཡང་དེ་ཉིད་ཡིན་ལ། འདི་གཉིས་ལ་མུ་བཞི་སྟེ། ཤེས་འདོད་ཆོས་ཅན་ཡིན་ལ་བསྒྲུབ་བྱའི་ཆོས་ཅན་ཡིན་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་བཀོད་པའི་ཚེ་སྒྲ་ལྟ་བུའམ། ཡང་ན་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། ཕྱིར་རྒོལ་ལ་ཤེས་འདོད་ཀྱང༌། སྔར་རྒོལ་ལ་དཔག་འདོད་མེད་པ་ན་སྒྲ་ལྟ་བུའོ། །གཉིས་པ་ནི། མོ་གཤམ་གྱི་བུ་ཤེས་བྱ་མ་ཡིན་པར་སྒྲུབ་པའི་ཚེ་དེ་ལྟ་བུའོ། །གཉིས་ཀ་ཡིན་པ་དང་མ་ཡིན་པ་ནི་རྟོགས་པར་སླའོ། །སྦྱོར་བ་སྐོར་ཅིག་གི་ཤེས་འདོད་ཆོས་ཅན་ཡིན་པ་ལ་དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ལྟོས་གཞི་མ་ཡིན་པའང་ཡོད་དེ། སྒྲ་རྟག་མི་རྟག་ཐེ་ཚོམ་དང་ལྡན་པའི་རྒོལ་བའི་ངོར། སྒྲ་མི་རྟག་པར་སྒྲུབ་པ་ལ་མ་བྱས་པ་རྟགས་སུ་བཀོད་པའོ། །དིང་སང་འདི་ན། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་དུ་འཇོག་པ་ལ། ཆོས་ཅན་དུ་གཟུང་བྱ་དེ་རྟགས་དེར་ཚད་མས་ངེས་པ་ཅིག་དགོས་པར་འདོད་པ་ནི། གཞུང་འགྲེལ་ཚད་ལྡན་གང་ནས་ཀྱང་མ་བཤད་ཅིང༌། ཤེས་འདོད་ཆོས་ཅན་གྱི་དོན་ལྡོག་དང༌། དེའི་སྟེང་དུ་རྟགས་ཡོད་པའི་ཁྱད་པར་མ་ཕྱེད་པའི་བབ་ཅོལ་ཡིན་ནོ། །གཉིས་པ་ཕྱོགས་ཀྱི་དབྱེ་བ་ནི། ཕྱོགས་དང་བསྒྲུབ་བྱ་རྣམས་གྲངས་སུ་བྱས་པའི་ཚེ་ནི། བསྒྲུབ་བྱའི་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་དང༌། དེ་གཉིས་ཀའི་ཚོགས་དོན་དང་གསུམ་ལ་ཕྱོགས་ཀྱི་སྒྲ་འཇུག་གོ །ལྟོས་གཞི་ལ་ཕྱོགས་སུ་བྱས་པའི་ཚེ་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དང་ཕྱོགས་ཙམ་པོ་དང་གསུམ་ལ་འཇུག་གོ །ཡང་བསྒྲུབ་བྱའི་ཆོས་ལ་བསྒྲུབ་བྱར་འདོགས་པའི་རྒྱུ་མཚན་ནི། དེའི་ཕྱོགས་ཅིག་ཡིན་པས་ཡིན་ནོ། །དགོས་པ་ནི། གཏན་ཚིགས་ཆོས་ཀྱི་རྗེས་འགྲོ་བ། །ཞེས་བཤད་ན། འགལ་བའི་གཏན་ཚིགས་ཡང་དག་ཏུ་ལོག་པར་རྟོག་པ་བསལ་པའི་ཆེད་ཡིན་ནོ། །བུམ་པ་ལ་སོགས་པ་མཐུན་པའི་ཕྱོགས་ལ་འདོགས་པའི་རྒྱུ་མཚན་ནི། ཕྱོགས་དང་མཐུན་པའི་རྒྱུ་མཚན་གྱིས་ཡིན་ལ། དགོས་པ་ནི་ཕྱོགས་དང་རྗེས་སུ་མཐུན་པར་རྟོགས་པའི་ཆེད་ཡིན་ནོ། །ནམ་མཁའ་ལ་སོགས་པ་ལ་མི་མཐུན་པའི་ཕྱོགས་ཞེས་འདོགས་པའི་རྒྱུ་མཚན་ནི། ཕྱོགས་དང་མཐུན་པ་མ་ཡིན་པའི་ཆོས་ཅན་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དགོས་པ་ནི། ཕྱོགས་དང་མི་མཐུན་པར་རྗེས་སུ་རྟོགས་པའི་དོན་ཡིན་ནོ། །དེ་ལྟར་རྟོགས་པ་ཡང༌། མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཚུལ་གཉིས་པའི་དངོས་མིང་དང༌། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཚུལ་གསུམ་པའི་དངོས་མིང་དུ་རྟོགས་པའི་ཆེད་ཡིན་ནོ། །ཞེས་བརྗོད་ནའང་འབྲེལ་བར་འགྱུར་རོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞི་དངོས་འགལ་ཡིན་མ་ཡིན་དཔྱད་པ་དང་གསུམ། དང་པོ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པར་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པ་དང༌། མ་ངེས་པའོ། །ཡང་ན་དེ་སྒྲུབ་ཀྱིའམ་སྦྱོར་བ་དེ་སྐོར་གྱི་རྗེས་འགྲོ་གཏན་ལ་འབེབས་པའི་གཞི་རུང་བ་ཞེས་དང༌། ལྡོག་པ་གཏན་ལ་འབེབས་པའི་གཞིར་རུང་བ་ཞེས་བྱའོ། །དེ་སྐད་དུ། རྣམ་པར་ངེས་པ་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ། །ཞེས་དང༌། རིགས་ཐིགས་ལས་ཀྱང༌། མཐུན་པར་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ། ཞེས་གསུངས་པའི་དོན་ལ། རིགས་པའི་དབང་ཕྱུག་ཕྱ་པ་ནི། བསྒྲུབ་བྱའི་ཆོས་དང་ལྡན་པ་དང༌། མི་ལྡན་པ་ཞེས་གསུང་ལ། ཆོས་ཀྱི་སྤྱན་ལྡན་ལོ་ཆེན་ནི། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་དང་མི་མཐུན་པ་ཞེས་གསུང་ལ། རིགས་གཏེར་ལས། ཕྱོགས་དང་སྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །ཞེས་གསུངས་སོ། །དེ་ཡང་རྗེས་འགྲོའི་ལྟོས་གཞིར་རུང་བ་ལ། རྟགས་ཆོས་དོན་གསུམ་གང་རུང་མ་ཡིན་པ་དང༌། རྟགས་ཆོས་གཉིས་ཚོགས་ཀྱི་གཞི་ཡིན་པ་གཅིག་དགོས་ཤིང་དེ་ཙམ་གྱིས་ཆོག་ལ། གཉིས་པར་རུང་བའང༌། དེ་གསུམ་གང་རུང་མ་ཡིན་པ་དང་རྟགས་ལོག་དང་ཆོས་ལོག་གཉིས་ཚོགས་ཞིག་དགོས་པ་ཡིན་ནོ། །དེར་ངེས་པ་ཞེས་པ་ལོ་ཆེན་གྱི་དགོངས་པ་ལ་ཅུང་མི་འགྲིག་ཀྱང༌། རིགས་གཏེར་ལས། ཡོད་མེད་མ་ངེས་གསུམ་དུ་འགྱུར། །ཞེས་སོགས་ཀྱི། དགོངས་པ་ལ་ཡོད་པས་འདིར་བརྣན་པ་ཡིན་ནོ། །ངེས་པའི་ཁྱད་པར་ཡང༌། རྒོལ་བས་གང་མི་རྟག་པར་ངེས་པའི་བུམ་པ་དང༌། རྟག་པར་ངེས་པའི་ནམ་མཁའ་ལྟ་བུ་ལ་བྱ་བ་ཡིན་གྱི། མཐུན་ཡུལ་དེ་དང་མཐུན་པས་སྐབས་ཀྱི་རྒོལ་བས་ངེས་དགོས་པ་མ་ཡིན་ཏེ། གལ་ཏེ་ན་ཧ་ཅང་ཐལ་བར་འགྱུར་རོ། །སྤྱིས་དོན་མཐུན་པ་ཞེས་པ་བསྒྲུབ་བྱའི་ཆོས་མི་རྟག་པ་ལྟ་བུ་ཡིན་ལ། དེའི་ཁྱད་པར་ནི་ཀ་བ་ལ་སོགས་པ་ཡིན་པ་དེ་རྣམས་དོར་ནས། མི་རྟག་པའི་སྤྱི་ལྡོག་ཙམ་དུ་དོན་མཐུན་པའོ། །རིགས་གཏེར་དུ། ཕྱོགས་དང་ཞེས་གསུངས་པ་ནི་མཐུན་ཡུལ་བསྟན་པའི་སྒོ་ནས་སྒྲ་བཤད་པ་ཡིན་གྱི། མཚན་ཉིད་ཀྱི་ཟུར་སྟོན་པ་མ་ཡིན་ཏེ། རང་གི་འགྲེལ་པར་སྒྲ་བཤད་པ་ཉིད་ཀྱི་དོན་དུ་བཤད་པས་སོ། །མི་ཕམ་གཡག་གིས། མཚན་ཉིད་དུ་བཤད་པ་ལྟར་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལྡན་དུ་སྔར་རྒོལ་གྱི་ཚད་མས་ངེས་ཤིང༌། ཕྱིར་རྒོལ་གྱི་ཚད་མས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པ་དེ་དེ་སྒྲུབ་ཀྱི་གཞན་དོན་སྐབས་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད་ཅེས་བཤད་ན་ལེགས་ཏེ། དེ་སྐད་དུ་རང་གི་འགྲེལ་པ་ལས། ཚང་མང་དུ་དུ་བ་དང་མེའི་འབྲེལ་པ་ངེས་ནས། ཕྱིས་ལ་མེ་ལྡན་སྒྲུབ་པ་ན། ཚང་མང་འདི་ཡང༌། ལ་དང་མེ་ལྡན་དུ་མཐུན་ནོ་ཞེས། མཐུན་ཕྱོགས་ཀྱི་ཐ་སྙད་འདོགས་སོ་ཞེས་གསུངས་པས། བསྒྲུབ་བྱ་མ་གྲུབ་ཀྱི་བར་དུ་ཤེས་འདོད་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པ་མི་འབྱུང་བར་བཤད་དོ། །འདི་ལ་ཡང་དོགས་པ་འདི་བྱུང་བར་འགྱུར་ཏེ། རྗེས་འགྲོ་ངེས་པ་མཐུན་ཕྱོགས་ཀྱི་ཐ་སྙད་ངེས་པ་ལ་མི་ལྟོས་པར་འགྱུར་ཏེ། ཇི་སྲིད་བསྒྲུབ་བྱ་མ་གྲུབ་པ་དེ་སྲིད་དུ་མཐུན་ཕྱོགས་ཀྱི་ཐ་སྙད་ངེས་པར་མི་ནུས་པའི་ཕྱིར་རོ་སྙམ་ན། རྗེས་འགྲོ་ངེས་པ་མཐུན་ཕྱོགས་ཀྱི་ཐ་སྙད་ངེས་པ་ལ་ལྟོས་དགོས་པ་ཡིན་ཏེ། རྟགས་མཐུན་ཕྱོགས་ཀྱི་དོན་ལྡོག་དེ་ཁོ་ན་ལ་གྲུབ་པ་ཙམ་གྱིས་རྗེས་འགྲོ་འགྲུབ་པའི་ཕྱིར་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ངེས་ཤིང༌། བྱས་པ་མི་རྟག་པའི་ཁྱད་པར་ལ་ཡོད་པ་དང༌། རྟག་པའི་ཁྱད་པར་ལ་མེད་པར་ངེས་ན། ཁྱད་པར་དེ་དང་དེ་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་ཐ་སྙད་མ་ཤེས་ཀྱང༌། སྒྲུབ་པའི་ངག་ཙམ་ལས་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། མཐུན་པའི་ཕྱོགས་སམ། ཕྱོགས་དང་མཐུན་པའི་ཆོས་ཅན་ཞེས་བྱ་ལ། འདི་ལ་གཞན་གྱི་ལུགས་དགོད་པ་དང་རང་གི་ལུགས་སོ། །ཆོས་ཀྱི་སྤྱན་ལྡན་ལོ་ཙྪ་བ་ནི། ཕྱོགས་མཚན་ཉིད་པ་སྒྲ་མི་རྟག་པ་ལྟ་བུ་དང་མཐུན། གང་མཐུན་ན། མི་རྟག་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་བུམ་པ་ལྟ་བུ་དེ་མཐུན། གང་དུ་མཐུན་ན་སྣང་བཏགས་སོ་སོར་མ་ཕྱེ་བའི་མི་རྟག་པའི་སྤྱི་ལྡོག་ཙམ་དུ་མཐུན། ཇི་ལྟར་མཐུན་ན། སྒྲ་མི་རྟག་པས་ཁྱད་པར་དུ་བྱས་པ་ལྟར་བུམ་པ་ལྟ་བུ་མི་རྟག་པས་ཁྱད་པར་དུ་བྱས་པར་མཐུན། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་མཐུན་པས་མཐུན་ཕྱོགས་སུ་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་འཇོག་ན། མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་ན་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ་དང༌། མ་ངེས་པ་དང་པོ་འགལ་བར་ཐལ་བ་དང༌། ལྷག་ལྡན་གྱི་གཏན་ཚིགས་ཡང་དག་ཏུ་ཐལ་བ་དང་ཉེས་པ་གསུམ་བརྗོད་པར་མཛད་དོ། །ཡང་དེ་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བ་འཕེན་པ་ནི་ལོ་ཆེན་གྱི་དགོངས་པ་མ་ཡིན་ཏེ། ལོ་ཆེན་གྱིས། སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་སྒྲ་མི་མཐུན་ཕྱོགས་དང༌། དུ་ལྡན་ལ་མེ་ཡོད་དུ་བསྒྲུབ་པའི་ཚེ་དུ་བ་དང་ལ་གཉིས་ཀ་མི་མཐུན་ཕྱོགས་ཡིན་པར་བཞེད་དེ། མཐུན་ཕྱོགས་ནི་ཆོས་དང་དཔེའི་ཆོས་ཅན་གྱི་ཚོགས་སྤྱི་ཡིན་ལ། རྩོད་གཞི་མཐུན་ཕྱོགས་ཡིན་ན། སྐབས་ཀྱི་བསྒྲུབ་བྱ་དེ་ཉིད་མཐུན་ཕྱོགས་སུ་འགྱུར་དགོས་ན། རྟགས་མཐུན་ཕྱོགས་ལ་ཡོད་པར་གྲུབ་པ་ན་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཉེས་པ་འབྱུང་བར་བཞེད་པའི་ཕྱིར་དང༌། རྟགས་དུ་བ་ཡང་མེ་སྒྲུབ་པའི་མཐུན་ཕྱོགས་ཡིན་ན་དུ་བའི་སྟེང་དུ་མེ་ཡོད་པར་ཐལ་བའི་ཉེས་པ་བརྗོད་ནས། དུ་བ་མི་མཐུན་ཕྱོགས་ཡིན་ན། མེ་ཡང་མི་མཐུན་ཕྱོགས་སུ་ཐལ་བའི་མཚུངས་པ་སྤང་བ་ན། ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། །དེ་ཡི་ཡན་ལག་དེ་ལྡན་ཉིད། །ཚོགས་པའི་ཡན་ལག་མ་ཡིན་པས། །དུ་བ་མཐུན་ཕྱོགས་ལས་གཞན་ཉིད། །ཅེས་རྣམ་པར་ངེས་པའི་ཊཱིཀྐར་གསུངས་པ་ཡིན་ནོ། །རིགས་པའི་དབང་ཕྱུག་ཕྱ་པ་ནི་འདི་ལྟར་བཞེད་དེ། རྩོད་གཞི་ལས་གཞན་དུ་གྱུར་པའི་བུམ་པ་ལ་སོགས་པ་བསྒྲུབ་བྱའི་ཆོས་དང་ལྡན་པ་ནི་འདྲ་བའི་དངོས་པོའོ། །རྩོད་གཞི་ནི་འདྲ་བའི་ཡུལ་ལོ། །བསྒྲུབ་བྱའི་ཆོས་ཀྱི་སྤྱི་ལྡོག་ནི་འདྲ་བར་བྱེད་པའི་སྤྱི་སྟེ། མཐུན་ཕྱོགས་ཀྱི་མཚན་ཉིད་ཀྱང་ཡོད་ལ་སྒྲ་བཤད་པའང་ཡོད་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ན་བུམ་པ་ལྟ་བུའོ། །མཚན་ཉིད་ཡོད་ཀྱང་སྒྲ་བཤད་པ་མེད་པ་སྒྲ་རྟག་པར་སྒྲུབ་པ་ན་ནམ་མཁའ་ལ་སོགས་པ་ལྟ་བུའོ། །གཉིས་ཀ་མེད་པ་སྒྲ་མི་རྟག་པར་སྒྲུབ་པ་ན་ནམ་མཁའ་ལྟ་བུའོ། །སྒྲ་བཤད་ཡོད་ལ་མཚན་ཉིད་མེད་པ་ནི་མི་སྲིད་པ་ཉིད་དོ། །མི་མཐུན་པའི་ཕྱོགས་ལའང་དེ་ལྟར་བཞེད་དོ། །རིགས་པའི་གཏེར་ལས། ཕྱོགས་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས། །མཚུངས་དང་མི་མཚུངས་ཕྱོགས་གཉིས་ཡིན། །མཐུན་ཡུལ་ཕྱོགས་ཀྱང་བཏགས་པ་བའི། །གཞན་སེལ་ཉིད་ཡིན་གཉིས་པོ་ཡིན། །འདི་ལ་གཞན་གྱི་ཀླན་ཀ་མེད། །གཞུང་གི་དགོངས་པའང་འདི་ཉིད་ཡིན། །ཞེས་གསུངས་ལ། དགོངས་པ་ནི་མཐུན་ཕྱོགས་ཀྱི་མཚན་ཉིད་ནི་སྔར་བཤད་པ་དེ་ཉིད་ཡིན་ལ། ཡང་ན། སྒྲ་བཤད་པའི་མིང་དང་སྒོ་བསྟུན་ན། ཕྱོགས་དང་མཐུན་པའི་ཆོས་ཅན་ཞེས་བྱ་བར་འགྱུར་ལ། དེའི་མཚན་ཉིད་ནི། ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་པ་ཞེས་བཤད་དགོས་སོ། །འདི་ཉིད་སྒྲ་བཤད་དང་བསྟུན་པའི་མཚན་ཉིད་ཡིན་པར་ཡང༌། རང་གི་འགྲེལ་པ་ལས། དེ་ཉིད་ས་པཀྵ་དང༌། ཨ་ས་པཀྵ་ཞེ་བྱ་བའི་སྒྲའི་དོན་ཡང་ཡིན་ནོ་ཞེས་གསུངས། དེ་ལྟར་བྱས་ན་མཐུན་ནོ། །གང་དང་མཐུན་ན། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཚེ་ནི། སྒྲའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་དང་མཐུན། གང་མཐུན་ན། བུམ་པའི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་ནས་མི་རྟག་པར་ངེས་པའི་ཆོས་ཅན་དེ་མཐུན། གང་དུ་མཐུན་ན། མི་རྟག་པའི་སྤྱི་ལྡོག་ལ་རང་མཚན་དུ་འཁྲུལ་ནས་མི་རྟག་པ་ཙམ་དུ་མཐུན། ཚུལ་ནི། རྒོལ་བའི་བློས་དེར་ངེས་པའི་སྒོ་ནས་སོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཞེས་གསུངས་པའི་དགོངས་པ་ལ། ཁོ་བོ་ནི་འདི་སྙམ་དུ་སེམས་པ་དག་ཀྱང་འབྱུང་སྟེ། བསྒྲུབ་བྱའི་ཆོས་སུ་འཇོག་པ་ནི། གཞི་གང་གི་སྟེང་དུ་ཤེས་འདོད་ཞུགས་པའི་དོན་ཅིག་ཁོ་ན་ལ་བཞག་དགོས་པས། དེ་དང་མཐུན་པ་ཞེས་བརྗོད་ན། སྒྲ་བུམ་གཉིས་ཀ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡོད་དུ་མཐུན་པར་འགྱུར་ལ། དེ་ལྟར་ན་བུམ་པའི་སྟེང་དུའང་མི་རྟག་པ་ལ་ཤེས་འདོད་ཞུགས་པར་འགྱུར་བས། དེ་རྣམ་པར་དཔྱད་པའི་ཕྱིར་དུ་སྤྱི་ཞེས་སྨོས་པར་མངོན་ཏེ། བསྒྲུབ་བྱའི་ཆོས་ནི་རྒོལ་བས་ཤེས་འདོད་ཞུགས་པའི་མི་རྟག་པ་དེ་ཉིད་ཀྱི་ཆ་ཡིན་ལ། དེའི་སྤྱི་ནི་མི་རྟག་པ་ཙམ་ལ་བྱ་བའི་དོན་ཡིན་པར་སེམས་སོ། །དེ་ལྟར་བྱས་ན། སྒྲུབ་བྱའི་ཆོས་ལྡན་མཐུན་ཕྱོགས་ཀྱི་མཚན་ཉིད་དུ་འདོད་པའང་མི་འཐད་པ་ཁོ་ནར་འགྱུར་ཏེ། དཔེའི་སྟེང་དུ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཞེས་བྱ་བའི་ཐ་སྙད་འདི་ཡང་མི་རིགས་པའི་ཕྱིར་ཏེ། གྲུབ་ཟིན་པ་ལ་བསྒྲུབ་པར་བྱ་བའི་ཐ་སྙད་འདོར་བའི་ཕྱིར་རོ། །དེ་ལྟར་རྣམ་པར་བཤད་པ་ན། ཤེས་འདོད་མེད་པའི་མ་གྲུབ་པའི་གཏན་ཚིགས་རྣམས་ལ་བསྒྲུབ་བྱའི་ཆོས་ཀྱི་རྣམ་བཞག་མེད་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་ཤེས་འདོད་མེད་པའི་མ་གྲུབ་པའི་གཏན་ཚིགས་རྣམས་ལ་མཐུན་པའི་ཕྱོགས་མེད་པར་ཐལ། དེ་རྣམས་ལ་སྒྲུབ་བྱའི་ཆོས་ལྡན་མེད་པའི་ཕྱིར། ཞེས་པའི་ཀླན་ཀས་ཀྱང་དིང་སང་ཕྱཱ་བའི་རྗེས་སུ་འཇུག་པར་རློམ་པ་རྣམས་ལ་གླགས་རྙེད་པར་འགྱུར་ལ། རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེས། རྣམ་ངེས་ཀྱི་རྣམ་བཤད་དུ་ནི། སྒྲ་མཉན་བྱ་དང་མཉན་བྱ་མ་ཡིན་པར་སྒྲུབ་པ་ལྟ་བུ་ཤེས་འདོད་མེད་པ་རྣམས་ལ་བསྒྲུབ་བྱའི་ཆོས་མེད་པས། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་མཐུན་ཕྱོགས་ལས་ལྡོག་པའི་རྣམ་གཞག་མེད་དོ་ཞེས་གསལ་བར་གསུངས་པས། དེའི་བཞེད་པ་ནི་དིང་སང་འདི་ན་འདོད་པ་འགའ་ཡང་མེད་མོད་ཀྱང་དེའི་རྗེས་སུ་འབྲང་ངོ་ཞེས། སྐད་གཟེངས་མཐོན་པོས་སྒྲོག་པར་བྱེད་པ་དག་ནི་བཞད་གད་ཀྱི་གནས་སོ། །ཞར་ལ་འོངས་པ་བརྗོད་ནས། ད་ནི་སྐབས་སུ་བབ་པ་སྒྲ་དོན་ལ་རྩོད་པ་སྤང་བར་བྱ་སྟེ། སློབ་དཔོན་ཆོས་མཆོག་གིས། མཐུན་ཡུལ་ཤེས་འདོད་ཆོས་ཅན་ལ་བཤད་པ་ལ། ལོ་ཆེན་གྱིས། རྣམ་པར་ངེས་པའི་རྣམ་བཤད་དུ། ཉེས་པ་གསུམ་བརྗོད་པར་མཛད་པའི་དང་པོ། ཁྱབ་པ་གྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་ཏེ། རྗེས་འགྲོའི་ཁྱབ་པ་ངེས་པ་མཐུན་ཕྱོགས་ངེས་པ་ལ་ལྟོས། དེ་ངེས་པ་ཕྱོགས་བཏགས་པ་བ་དང་བསྒྲུབ་བྱའི་ཆོས་ལྡན་དུ་མཐུན་པ་ངེས་པ་ལ་ལྟོས་པའི་ཕྱིར། ཞེས་པས་མི་གནོད་དེ། འདི་ལྟར་རྗེས་འགྲོ་ངེས་པ་མཐུན་ཕྱོགས་ཀྱི་དོན་ལྡོག་ངེས་པ་ལ་ལྟོས་ཀྱང༌། དེའི་སྒྲ་དོན་ངེས་པ་ལ་མི་ལྟོས་པའི་ཕྱིར། འོ་ན་ཕྱིར་རྒོལ་བས་མཐུན་ཕྱོགས་ཀྱི་སྒྲ་དོན་དུས་ནམ་གྱི་ཚེ་ངེས་ཤེ་ན། བསྒྲུབ་བྱ་གྲུབ་ཟིན་པའི་འོག་ཏུ་ངེས་ཏེ། དུ་ལྡན་ལ་མེ་ཡོད་དུ་ངེས་པ་ན། ཚང་མང་འདི་ཡང་ལ་དང་མེ་ཡོད་དུ་མཐུན་པའི་ཕྱིར། དེ་སྒྲུབ་ཀྱི་མཐུན་ཕྱོགས་སོ་ཞེས་ཐ་སྙད་འདོགས་དགོས་པའི་ཕྱིར་རོ། །སྔར་རྒོལ་གྱིས་ནི། དང་པོ་ཕྱིར་རྒོལ་ལ་ཁྱབ་པ་སྟོན་པའི་དུས་ནས་ངེས་ཟིན་པ་ཡིན་ནོ། །ཡང་ཉེས་པ་གཉིས་པ་གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་ཐལ། ཕྱོགས་ཆོས་ནི་གྲུབ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མེད་པའི་ཕྱིར་ཏེ། སྒྲ་དང་རྟག་པར་མཐུན་པ་མེད་པའི་ཕྱིར་ཞེས། མ་ངེས་པ་དང་པོ་འགལ་བར་ཐལ་བའི་ཉེས་པས་ཀྱང་མི་གནོད་དེ། མཐུན་ཕྱོགས་ཡིན་པ་ལ། མཐུན་ཕྱོགས་ཀྱི་དོན་གྱི་སྒྲ་བཤད་ཚང་བས་མ་ཁྱབ་པའི་ཕྱིར། རྒོལ་བས་རྟག་པར་ངེས་པའི་ནམ་མཁའ་ལའང༌། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱི་སྒྲ་བཤད་བློ་ངོ་ལ་ལྟོས་པ་ཙམ་ཞིག་ནི་ཚང་སྟེ། བློ་ངོར་སྒྲ་རྟག་པ་མ་ཡིན་པ་རྣམ་པར་བཅད་ཙམ་གྱིས་གཞན་སེལ་སྲིད་པའི་ཕྱིར། ཉེས་པ་གསུམ་པ་ལྷག་མ་དང་ལྡན་པ་ལ་ལྡོག་པ་གྲུབ་པར་ཐལ་བ་ནི། ཤིང་ཏོག་འདི་དག་ཆོས་ཅན། རོ་བྲོ་བ་ཡིན་ཏེ། ཤིང་ཕུང་ཅིག་ལ་སྐྱེས་པའི་ཕྱིར། ཟོས་པ་དང་འདྲའོ། །ཞེས་བྱ་བ་འདི་ལ་ཡང༌། བསྒྲུབ་བྱ་མེད་པ་ལས་ལྡོག་པ་གྲུབ་པར་ཐལ། ཆོས་ཅན་དང་དཔེ་ལས་གཞན་ལ་མེད་པར་མཐོང་བའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་ཆོས་ཅན་དང་དོན་དམ་པར་འདྲ་བ་མཐུན་ཕྱོགས་མ་ཡིན་ནོ་ཞེས་གསུང༌། ཉེས་པ་འདིས་ཀྱང་གནོད་པ་མ་ཡིན་ཏེ། སྤྱིར་ཤེས་འདོད་ཆོས་ཅན་གྱི་རང་ལྡོག་ནས། ཕྱོགས་གཉིས་གང་རུང་མ་ཡིན་ཀྱང༌། དེའི་ཁྱད་པར་ལ། ཕྱོགས་གཉིས་གང་རུང་མ་ཡིན་པས་ཁྱབ་པ་ཁས་མ་བླངས་པས། ཤིང་ཕུང་གཅིག་ལ་སྐྱེས་པ་དེ། ཤིང་ཏོག་ལྷག་མ་དང༌། རོ་མི་བྲོ་བའི་གཞི་མཐུན་པ་ཅིག་ལ་ཡོད་པར་དོགས་པའི་ཕྱིར། ཉེས་པ་གསུམ་པོའི་སྟེང་དུ་ཁ་ཅིག་གིས། ཡང་དག་གི་རྩོད་གཞི་མི་མཐུན་ཕྱོགས་སུ་ཐལ་བས་ཀྱང་མི་གནོད་དོ། །ཡང་དག་གི་རྩོད་གཞི་ཕྱོགས་གཉིས་གང་ཡང་མ་ཡིན་པའི་ཕུང་པོ་གསུམ་པར་འདོད་པའི་ཕྱིར། དེས་ན་ལོ་ཆེན་གྱིས་ཉེས་པ་བརྗོད་པ་དེ་དག་ནི། སློབ་དཔོན་ཆོས་མཆོག་ཕྱོགས་གསུམ་ཀ་དོན་གྱི་ཆོས་སུ་འདོད་པ་ལ་འཇུག་པ་ཡིན་ལ། རིགས་གཏེར་མཛད་པ་ནི་གསུམ་ཀ་བློའི་ཆོས་སུ་བཞེད་པས་ཀླན་ཀ་དེ་དག་མི་འཇུག་གོ །ཞེས་ཤེས་པའི་ཕྱིར་དུ། གཞན་སེལ་ཉིད་ཡིན་གཉིས་པོ་མིན། །འདི་ལ་གཞན་གྱི་ཀླན་ཀ་མེད། །ཅེས་གསུངས་སོ། །མཐུན་ཡུལ་ཕྱོགས་བཏགས་པ་བ་ལ་བྱེད་དགོས་པ་འདི་ཡང་ཕྱོགས་ཀྱི་གླང་པོའི་དགོངས་པ་ཉིད་དུ་ངེས་ཏེ། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཞེས་གསུངས་པའི་རྗེས་སུ་དཔག་བྱ་དེ། ཕྱོགས་བཏགས་པ་བ་ཉིད་ལ་མཛད་པའི་ཕྱིར་དང༌། རྣམ་ངེས་མཛད་པས་ཀྱང༌། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། ཞེས། ཆོས་ཅན་དང་མཚུངས་པ་ཁོ་ན་ལ་ཡོད་ན། ཆོས་ཅན་ལ་མེད་དམ་སྙམ་པའི་དོགས་པ་འབྱུང་བར་གསུངས་སོ་ཞེས་སྟོན་པའི་ཕྱིར་དུ། གཞུང་གི་དགོངས་པའང་འདི་ཉིད་ཡིན། །ཞེས་གསུངས་སོ། །གསུམ་པ་མཚན་གཞི་དབྱེ་བ་ནི། སྤྱིར་མཐུན་པའི་ཕྱོགས་ལ་གཉིས་ཏེ། རྗེས་འགྲོའི་ལྟོས་གཞིར་གྱུར་པའི་མཐུན་ཕྱོགས་དང༌། དོན་ལ་གནས་པའི་མཐུན་ཕྱོགས་གཉིས། དང་པོ་ནི། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་མཐུན་ཕྱོགས་རྣམས་ཏེ། དེ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་རྒོལ་བས་མི་རྟག་པར་ངེས་པའི་བུམ་པ་ལྟ་བུ་ཡིན་ནོ། །རྒོལ་བས་མི་རྟག་པར་ཞེན་པའི་དངོས་པོ་འགའ་ཞིག་ནི། དོན་ལ་མཐུན་པའི་ཕྱོགས་སུ་གནས་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཁྱབ་པ་གཏན་ལ་འབེབས་པའི་གཞིར་མི་རུང་བའི་ཕྱིར། དེ་སྒྲུབ་ཀྱི་རྗེས་འགྲོའི་ལྟོས་གཞི་མ་ཡིན་ནོ། །དེ་ནི་བློ་ངོ་ལ་ལྟོས་པའི་མི་མཐུན་ཕྱོགས་སུ་བཞག་པ་ཡིན་ནོ། །བློ་ངོ་ལ་ལྟོས་པའི་མཐུན་ཕྱོགས་ཡིན་ཀྱང༌། ཁྱབ་པའི་ལྟོས་གཞིར་མི་རུང་བ་ཡོད་དེ། རྒོལ་བས་མེ་ཡོད་དུ་ངེས་པའི་ཀེ་ཤུ་ཀའི་ཕུང་པོ་དང་ལྡན་པའི་ནགས་ཚལ་དེ་ལ་མེ་ལྡན་དུ་སྒྲུབ་པའི་བློ་ངོ་ལ་ལྟོས་པའི་མཐུན་ཕྱོགས་ཡིན་ཀྱང༌། དེ་དེ་སྒྲུབ་ཀྱི་ཁྱབ་པའི་གཞིར་མི་རུང་བའི་ཕྱིར། དེས་ན་རྗེས་འགྲོའི་ལྟོས་གཞིར་གྱུར་པའི་མཐུན་ཕྱོགས་སུ་འཇོག་པ་ལ་ནི། དོན་ལ་མཐུན་ཕྱོགས་སུ་གནས་པ་དང༌། བློས་ངེས་པའི་གཞི་མཐུན་ཅིག་དགོས་པ་ཡིན་ནོ། །གཉིས་པ་དོན་ལ་གནས་པའི་མཐུན་ཕྱོགས་ནི། གང་མི་རྟག་པ་ཡིན་པ་ཐམས་ཅད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་སུ་བཞག་པ་ལྟ་བུ་སྟེ། འདི་ལའང་དངོས་དང༌། བཏགས་པ་གཉིས། དང་པོ་ནི། དེ་སྒྲུབ་ཀྱི་རྒོལ་བའི་ཚད་མས་མི་རྟག་པ་ཉིད་དུ་མ་ངེས་ཀྱང༌། སྤྱིར་མི་རྟག་པ་ཉིད་དུ་ཚད་མས་ངེས་པ་ཕལ་ཆེ་བ་རྣམས་ཡིན་ཏེ། དོན་ལ་མི་རྟག་པར་གནས་ཤིང༌། སྐབས་གཞན་དུ་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་གཏན་ལ་འབེབས་པའི་གཞིར་ཡང་རུང་བ་སྲིད་པའི་ཕྱིར། གཉིས་པ་ནི། རྩོད་གཞི་སྒྲ་དང་རྟགས་བྱས་པ་ལྟ་བུ་སྟེ། དོན་ལ་མི་རྟག་པར་གནས་ཀྱང༌། སྐབས་གང་དུ་ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་གཏན་ལ་འབེབས་པའི་གཞིར་རུང་བ་མི་སྲིད་པའི་ཕྱིར། མི་མཐུན་པའི་ཕྱོགས་ལའང་དབྱེ་བ་དེ་བཞིན་དུ་སྦྱར་ཞིང༌། བྱེ་བྲག་ཏུ་མི་མཐུན་ཕྱོགས་ལ། རྣམ་ངེས་དང་རིགས་ཐིགས་ལས། མཐུན་པའི་ཕྱོགས་ལས་གཞན་པ་དང༌། དེ་དང་འགལ་བ་དང༌། དེ་མེད་པ་གསུམ་དུ་གསུངས་སོ། །དེ་ཡང༌། མི་ཕམ་གཡག་གིས་ནི། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ན། མི་རྟག་པ་མ་ཡིན་པར་རྒོལ་བས་ངེས་པའི་ཤེས་བྱ་ལྟ་བུ་ནི་གཞན་པ་མི་མཐུན་ཕྱོགས་དང༌། དེར་ངེས་པའི་རྟག་པའི་རང་ལྡོག་ནི། འགལ་བ་མི་མཐུན་ཕྱོགས་དང༌། དེར་ངེས་པའི་ནམ་མཁའ་ལྟ་བུ་ནི། མེད་པ་མི་མཐུན་ཕྱོགས་སུ་བཞེད། རིགས་པའི་དབང་ཕྱུག་ཕྱཱ་པ་ནི། དུ་བས་ལ་མེ་ལྡན་དུ་སྒྲུབ་པ་ལ་མཚོན་ན། རི་བོང་རྭའི་དོན་སྤྱི་ལྟ་བུ་མེད་པ་མི་མཐུན་ཕྱོགས། ཆུ་ཀླུང་དང་གངས་རི་ལྟ་བུ་འགལ་བའི་མི་མཐུན་ཕྱོགས། རེག་བྱ་བཏང་སྙོམས་པ་ལྟ་བུ་གཞན་པ་མི་མཐུན་ཕྱོགས་སུ་བཞེད། དེའི་ཤུགས་ལ་མཐུན་ཕྱོགས་ལ། མི་མཐུན་ཕྱོགས་ལས་གཞན་པའི་མཐུན་ཕྱོགས་དང༌། དེ་དང་འགལ་བ་དང༌། དེ་མེད་པའི་མཐུན་ཕྱོགས་གསུམ་དུ་སྦྱར་ནའང་མི་རིགས་པ་མེད་དོ། །འདིར་ཡང་མི་མཐུན་ཕྱོགས་དངོས་ནི། མེད་པ་མི་མཐུན་ཕྱོགས་ཉིད་ཡིན་ལ། གཞན་གཉིས་ནི་དེའི་ཤུགས་ཀྱིས་མི་མཐུན་ཕྱོགས་སུ་བཞག་པ་ཡིན་ཏེ། ཆོས་མཆོག་གིས་དེ་བས་ན། མེད་པ་ནི་དངོས་སུ་མཐུན་པའི་ཕྱོགས་མེད་པའི་ངོ་བོར་རྟོགས་པ་ཡིན་ལ། གཞན་པ་དང་འགལ་བ་གཉིས་ནི། ཤུགས་ཀྱིས་མེད་པའི་ངོ་བོར་རྟོགས་པ་ཡིན་ནོ་ཞེས་དང༌། རྣམ་པར་ངེས་པ་ལས་ཀྱང༌། དངོས་སམ་ཤུགས་ཀྱིས་ལྡོག་པ་རྟོགས་པ་ཐམས་ཅད་ལ་མཚུངས་པའི་ཕྱིར་ཞེས་གསུངས་པ་དང༌། ཆོས་མཆོག་ཆུང་བ་ལས། མཐུན་པའི་ཕྱོགས་མིན་པ་གང་ཡིན་པ་དེ། མི་མཐུན་པའི་ཕྱོགས་སོ། །མཐུན་པའི་ཕྱོགས་མ་ཡིན་པ་གང་ཞེ་ན། དེ་ལས་གཞན་པ་དང༌། དེ་དང་འགལ་བ་དང༌། མཐུན་པའི་ཕྱོགས་དེ་མེད་པའོ། །མཐུན་པའི་ཕྱོགས་ལས་གཞན་པ་དང་དེ་དང་འགལ་བ་ནི། ཇི་སྲིད་དུ་ཕྱོགས་ཀྱི་རང་གི་ངོ་བོ་ཉིད་མེད་པར་མི་ཤེས་པས་དེ་སྲིད་དུ། ཁོང་དུ་ཆུད་པར་མི་ནུས་སོ། །དེ་བས་ན་གཞན་པ་ཉིད་དང༌། འགལ་བ་ཉིད་དུ་རྟོགས་པའི་ཤུགས་ཀྱིས་གཞན་པ་དང་འགལ་བ་གཉིས་ནི་མཐུན་པའི་ཕྱོགས་ལ་མེད་པའི་རང་བཞིན་དུ་ཤེས་སོ་ཞེས་གསུངས་སོ། །གཞུང་འགྲེལ་དེ་དག་གི་དོན་ལ་རྣམ་པར་བརྟགས་ན། མེད་པ་མི་མཐུན་ཕྱོགས་ནི་བློ་ངོ་ལ་ལྟོས་པའི་མི་མཐུན་ཕྱོགས་དང༌། འགལ་བ་མི་མཐུན་ཕྱོགས་ནི་སྒྲས་མི་མཐུན་ཕྱོགས་སུ་བརྗོད་པ་དང༌། གཞན་པ་མི་མཐུན་ཕྱོགས་ནི་དོན་ལ་མི་མཐུན་ཕྱོགས་ཉིད་དུ་གནས་པ་རྣམས་སོ། །གཉིས་པ་ཡང༌། མི་མཐུན་ཕྱོགས་སུ་ངེས་པའི་ཚེ་ན་ནི་མེད་པ་མི་མཐུན་ཕྱོགས་ཉིད་དུ་འགྱུར་ཞིང༌། ལྡོག་པའི་ཚུལ་གྱི་ལྟོས་གཞིར་ཡང་དེ་ཁོ་ན་འགྱུར་བ་ཡིན་ཏེ། ཀུན་ལས་བཏུས་ཀྱི་རང་འགྲེལ་ལས། མེད་པ་ཉིད་ལ་མེད་པ་ཞེས་པ་ནི། སླར་ཡང་དེ་ཉིད་ངེས་པར་བྱ་བའི་དོན་དུ་སྟེ། མེད་པ་ཉིད་ལ་མེད་པ་ཉིད་ཡིན་གྱི། དོན་ལ་ཡང་མ་ཡིན་ལ་འགལ་བ་ཡང་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །ཞེས་དང༌། རྣམ་པར་ངེས་པ་ལས་ཀྱང༌། དེ་ལ་མི་སྲིད་པ་ཉིད་ཀྱི་ཆོས་གཞན་ལ་ཡོད་པ་འགོག་པར་དོགས་པ་ནི་མེད་དོ། །འགལ་བ་འགོག་པ་ཡང༌། དེ་ཁོ་ན་ལ་འགོག་ན་ནི་སྐྱོན་དུ་འགྱུར་ན། གང་གིས་དེ་ཁོ་ན་ལྡོག་པའི་ཕྱིར་མེས་དྲོ་བ་རྟོགས་པར་མི་འགྱུར་བ་ཞིག་ན་དེ་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས། འགལ་བ་ཁོ་ན་དེ་དང་མཐུན་པ་མ་ཡིན་པར་ནི་མི་འགྱུར་ཏེ། འོན་ཀྱང་དེ་དང་མཐུན་པ་ལས་ཀྱང་ལྡོག་པ་ཡིན་ནོ། །དེས་ན་འདི་ལ་སྐྱོན་མེད་དོ་ཞེས་གསུངས་པས་ཀྱང༌། གཞན་པ་མི་མཐུན་ཕྱོགས་ལས་ལོག་པ་ཙམ་གྱིས་མི་མཐུན་ཕྱོགས་ལས་ལོག་པའི་གོ་ཆོད་པའི་དོགས་པ་མེད་ཅིང༌། སྤྱིར་ལྡོག་པ་གྲུབ་པ་ལ། འགལ་བ་མི་མཐུན་ཕྱོགས་ལས་ལྡོག་དགོས་ཀྱང༌། དེ་ཁོ་ན་ལས་ལྡོག་དགོས་པ་མ་ཡིན་ཏེ། ཡིན་ན། འགལ་བ་ཁོ་ན་ལྡོག་པའི་ཡུལ་དུ་སོང་བས། དུ་བ་དེ་རེག་བྱ་བཏང་སྙོམས་པ་ལ་ཞུགས་པར་འགྱུར་ལ། དེ་ལྟ་ན། བཏང་སྙོམས་པ་དེ། ཁྱབ་བྱེད་མེ་མེད་ལའང་ཞུགས་དགོས་པས། མེས་དྲོ་བའི་རེག་པ་མི་རྟོགས་པའི་སྐྱོན་ཡོད་པར་བསྟན་ནས། དེ་ཕྱིར་མེད་པ་ལ་མེད་ཅེས་སྨོས་དགོས་ལ། དེ་སྐད་དུ་སྨོས་ན། མི་མཐུན་ཕྱོགས་ལས་ལྡོག་པའི་ཁྱབ་པ་བདེ་བླག་ཏུ་ངེས་ནུས་པས། དེ་ཉིད་ཀྱི་རྗེས་འགྲོ་ཡང་འཕེན་པ་ཡིན་ནོ་ཞེས་པའི་དོན་དུ་གསུངས་སོ། །དོན་འདི་ལ། ཁོ་བོའི་རྣམ་པར་རྟོག་པས་བརྟགས་པའི་དོན་གཉིས་པ་ཞིག་ཀྱང་སྣང་སྟེ། གཞན་པ་ཞེས་པ་བསྒྲུབ་བྱའི་ཆོས་ལས་ལྡོག་པ་གཞན་ཐམས་ཅད་ལ་བྱ་ལ། འགལ་བ་ཞེས་པ་དེ་དང༌། གནོད་བྱ་གནོད་བྱེད་དུ་གནས་པ་རྣམས་ཡིན་ལ། མེད་པ་ཞེས་པ། མཐུན་པའི་ཕྱོགས་གཏན་མ་ཞུགས་པའི་གཞི་སྟེ། འདི་ལ་ཡང༌། དོན་ལ་མེད་པ་དང༌། བློས་མེད་པར་ངེས་པ་གཉིས་ཡོད་མོད་ཀྱང༌། ཇི་སྲིད་བློས་མེད་པར་མ་ངེས་པ་དེ་སྲིད་དུ་མེད་པ་ཞེས་རྣམ་པར་བཞག་མི་ནུས་ཏེ། དཔེར་ན། ཇི་སྲིད་ཚད་མས་མེད་པར་མི་ཤེས་པ་དེ་སྲིད་དུ་མེད་པ་བཞག་མི་ནུས་པ་བཞིན་ནོ། །སྙམ་དུ་རྟོགས་སོ། །དེ་ལྟར་བྱས་ན་མེད་པའི་མི་མཐུན་ཕྱོགས་སམ། བློ་ངོ་ལ་ལྟོས་པའི་མི་མཐུན་ཕྱོགས་མཚན་ཉིད་པ་ནི། ཐོག་མར་ལྡོག་ཁྱབ་ངེས་པའི་གཞི་ཡིན་ལ། དེ་ལ་བརྟེན་ནས། རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པར་ངེས་དགོས་ཤིང༌། དེ་ལྟར་ངེས་པའི་ཚེ་ནི་ཁྱབ་པའི་ཚུལ་གཉིས་དྲན་ལམ་དུ་འཕངས་ཟིན་པ་ཡིན་ནོ། །གསུམ་པ་ཕྱོགས་གཉིས་དངོས་འགལ་ཡིན་མ་ཡིན་དཔྱད་པ་ལ། སྤྱིར་གཞུང་འགྲེལ་རྣམས་སུ་བཤད་པའི་ཚུལ་མང་མོད་ཀྱང༌། མཐའ་གཅིག་ཏུ་བཞག་དཀའ་བས་དེ་དག་རེ་ཤིག་མ་སྤྲོས་པར། ཆེན་པོ་དག་གི་བཞེད་པའི་ཚུལ་མཐའ་གཅིག་ཏུ་བཞག་པར་ནུས་པ་དག་བརྗོད་པར་བྱ་སྟེ། དེ་ཡང་ཆོས་ཀྱི་སྤྱན་ལྡན་ལོ་ཙྪ་བ་ནི། ཕྱོགས་གཉིས་པོ་ཕན་ཚུན་སྤངས་པའི་དངོས་འགལ་དུ་བཞེད་པར་སྣང་ཞིང༌། དེ་ཡང་དུ་བ་དེ་ལ་མེ་ལྡན་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་ན། མེ་ཡོད་ཡིན་པར་ཐལ་བས་མི་མཐུན་ཕྱོགས་ཡིན་ཞིང༌། དེའི་རིགས་པས། དུ་ལྡན་གྱི་ལ་ཉིད་ཀྱང་མི་མཐུན་ཕྱོགས་སུ་བཞེད་ལ། བསྒྲུབ་བྱའི་ཆོས་མེ་ཡོད་ནི། ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། དེའི་ཡན་ལག་དེ་ལྡན་ཉིད་ཅེས་མཐུན་ཕྱོགས་སུ་བཞེད་དོ། །རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གི་ནི། བྱས་པའི་རྫས་ཡིན་པས། མི་རྟག་པའི་རྫས་ཡིན་པར་སྒྲུབ་པ་སོགས་རྫས་སྒྲུབ་པ་ན། རྫས་ལ་ཁ་ཚོན་ཆོད་དེ། ཕུང་པོར་གཏོགས་པ་མི་རྟག་པའི་རྫས་ཡིན་པས་མཐུན་ཕྱོགས། ཕུང་པོར་མ་འདུས་པ་མི་རྟག་པའི་རྫས་མ་ཡིན་པས་མི་མཐུན་ཕྱོགས་ཡིན་ལ། གཉིས་ཀའི་རྫས་ཡིན་པ་དང༌། གཉིས་ཀའི་རྫས་མ་ཡིན་པ་ནི་མི་སྲིད་དོ། །ལྡོག་པ་ལ་ནི་ཁ་ཚོན་ཆོད་པར་མི་ནུས་ཏེ། གཞལ་བྱ་ལ་སོགས་པ་གཉིས་ཀར་ཡང་འགྱུར་བའི་ཕྱིར། རྫས་ཡོད་ཆོས་གསུམ་ཚང་བས་ནོག་ལྐོག་ཤལ། མཚན་ཉིད་ཀྱི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ན། དོན་རྐྱང་ཐམས་ཅད་མཐུན་ཕྱོགས་དང༌། ཐ་སྙད་རྐྱང་པ་དང༌། དོན་དང་ཐ་སྙད་ཀྱི་ཚོགས་དོན་ཐམས་ཅད་མི་མཐུན་ཕྱོགས་ཡིན་པས་ལྡོག་པ་ཐམས་ཅད་གཉིས་སུ་ཁ་ཚོན་ཆོད་ལ། རྫས་ཐམས་ཅད་དོན་དང་ཐ་སྙད་ཀྱི་རྫས་ཡིན་པས། ཕྱོགས་གཉིས་ཀར་འགྱུར་ཏེ། རྫས་ལ་ཁ་ཚོན་མ་ཆོད་པ་ཡིན་པར་བཞེད་དོ། །སྨྲ་བའི་སེང་གི་དར་འབག་པ་ནི། མཐུན་ཕྱོགས་ཡོངས་གཅོད་ལ་གྲུབ་པ་ན་མི་མཐུན་ཕྱོགས་རྣམ་བཅད་ལ་ཁེགས་པའི་ཕྱིར། སྒྲུབ་ཕྱོགས་ཀྱི་ཕུང་གསུམ་ཁེགས། ཡང་མི་མཐུན་ཕྱོགས་རྣམ་བཅད་ལ་ཁེགས་པ་ན་མཐུན་ཕྱོགས་ཡོངས་གཅོད་ལ་གྲུབ་པའི་ཕྱིར། དགག་ཕྱོགས་ཀྱི་ཕུང་གསུམ་ཁེགས་པ་ཡིན་ནོ་ཞེས་གསུང་ཞིང༌། རྫས་ལ་བརྟེན་པའི་ཆོས་སྒྲུབ་པ་ན་ལྡོག་པ་ལ་ཁ་ཚོན་མ་ཆོད་པ་དང༌། ལྡོག་པ་ལ་བརྟེན་པའི་ཆོས་སྒྲུབ་པ་ན། རྫས་ལ་ཁ་ཚོན་མ་ཆོད་པར་ཡང་བཞེད་པས་འགལ་བ་ཅན་ཁོ་ནར་ངེས་སོ། །དར་ཊཱིཀ་པ་སོགས་དིང་སང་གི་རིགས་པ་སྨྲ་བར་ཁས་འཆེ་བ་དག་གིས་ནི། མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཕུན་ཚུན་སྤངས་པའི་དངོས་འགལ་ཡིན་ཏེ། མ་ཡིན་ན་དངོས་སུ་རྟགས་ཀྱི་བྱེད་པ་ཉམས་ཤིང༌། བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཉམས་པར་འགྱུར་བའི་ཕྱིར་ཏེ། རྟགས་མི་མཐུན་ཕྱོགས་ལས་ལྡོག་པ་གྲུབ་ཀྱང༌། མཐུན་ཕྱོགས་ལ་རྗེས་འགྲོ་མི་གྲུབ་པར་འགྱུར་ཏེ། གཉིས་མིན་གྱི་ཕུང་གསུམ་ཡོད་པར་དོགས་པའི་ཕྱིར། ཡང༌། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བ་ཡོངས་གཅོད་ལ་གྲུབ་པ་ན། སྟོང་པ་རྣམ་བཅད་ལ་ཁེགས། སྟོང་པ་རྣམ་བཅད་ལ་ཁེགས་པ་ན་མི་སྟོང་པ་ཡོངས་གཅོད་ལ་གྲུབ་པའི་ཕྱིར་ཡང་ཕུང་གསུམ་ཁེགས་སོ་ཞེས་གསུངས་སོ། །དེ་ལ་ལུགས་སྔ་མ་རྣམས་ནི། ཆེས་ཤིན་ཏུ་ཆེན་པོ་དག་གི་ལུགས་ཡིན་པའི་ཕྱིར། ཁོ་བོ་ཅག་གིས་རང་དབང་དུ་བྱས་ཏེ་སྨད་པར་མི་ནུས་པ་དེའི་ཕྱིར། ལུགས་སྔ་མ་ལ་རིགས་པའི་གཏེར་ལས། དགག་པ་ཇི་ལྟར་མཛོད་པའི་ཚུལ་ལ། ཚིག་གི་ཟུར་ཕྱིན་པར་བརྗོད་པ་དང༌། ལུགས་ཕྱི་མ་རང་གི་རིགས་པས་ཇི་ལྟར་འགོག་པའི་ཚུལ་ལོ། །དང་པོ་ལ། ལུང་གིས་དགག རིགས་པས་དགག་པའོ། །དང་པོ་ནི། མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ། །ངེས་པ་སློབ་དཔོན་མི་བཞེད་དོ། །ཞེས་གསུངས། དེ་ཡང་འདི་ལྟར། དང་པོ་རྗེས་འགྲོའི་ངེས་བཟུང་ལ་རྩོད་པ་མི་འབྱུང་བར་ཐལ་བ་ནི། རྗེས་འགྲོ་སྟོན་པའི་ངེས་བཟུང་གིས་ཤེས་འདོད་ཆོས་ཅན་ལ་ཡོད་པ་འགོག་པ་ཡིན་ནམ་སྙམ་པའི་རྟོགས་ལྡན་གྱི་དོགས་པ་འགོག་པའི་ཡན་ལག་ཏུ། ངེས་བཟུང་གི་སྒྲས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀྱི་ནང་ནས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་པ་ཡིན་གྱི་ཆོས་ཅན་ལ་ཡོད་པ་འགོག་མི་ནུས་ཏེ། ཆོས་ཅན་དེ་ལ་ཡོད་པར་བསྒྲུབ་པ་བསྡུས་པའི་ངེས་བཟུང་ཅན་ཡིན་པའི་ཕྱིར། དཔེར་ན་སྲེད་མེད་ཀྱི་བུ་ཉིད་ཅེས་པའི་ངེས་བཟུང་གི་སྒྲས་ན་ར་དགག་མི་ནུས་པ་བཞིན་ནོ་ཞེས་བཤད་པ་དེ་མི་འཐད་པར་ཐལ། ཤེས་འདོད་ཆོས་ཅན་ཉིད་ཕྱོགས་གཉིས་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་དུ། ཡང་དག་གི་ཤེས་འདོད་ཆོས་ཅན་དེ་ཉིད་མཐུན་ཕྱོགས་ཡིན་པའི་ཕྱིར། ཞེས་པའི་ལན་ཚིག་ཉུང་ལ་གོ་བདེ་བ་འབྱུང་རིགས་པའི་ཕྱིར། འདོད་ན། རྣམ་ངེས་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་ཞེ་ན། མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་བསྡུས་པའི་ངེས་པར་བཟུང་བ་ནི་གཞན་རྣམ་པར་གཅོད་པ་ཡིན་ཏེ། དཔེར་ན། དང་པོར་རང་ལ་བུ་གཉིས་སྐྱེས་འགྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པ་དང་འགལ་ལོ། །འདིར་དོགས་པ་འབྱུང་བའི་རྒྱུ་མཚན་ནི། རྗེས་དཔག་བྱ་དང་དེ་མཚུངས་ལ། ཡོད་ཅེས་གསུངས་པས། ཆོས་ཅན་ལ་མེད་དམ་སྙམ་པའི་དོགས་པ་མི་འབྱུང་བ་ལྟ་བུར་སྣང་མོད་ཀྱང༌། དེ་དང་མཚུངས་པ་ཞེས་པས་ཆོས་ཅན་མཐུན་ཕྱོགས་ལས་གཞན་ཉིད་དུ་དོན་གྱིས་འཕངས་ཤིང་ཉིད་ལ་ཞེས་པའི་ངེས་བཟུང་གིས་རྗེས་སུ་དཔག་བྱ་ལ་ཡོད་པར་སྟོན་པའི་ཚིག་གི་ནུས་པ་བཅོམ་པས་སྙམ་དུ་བསམས་པ་ཡིན་ནོ། །སྐབས་འདིར་ཕྱ་པའི་ཞལ་སྔ་ནས། རྣམ་ངེས་མཛད་པས། དངོས་པོའི་ལན་མ་མཛད་པར་མུ་སྟེགས་ལ་གྲགས་པའི་ལན་མཛད་པར་གསུངས་སོ། །གཉིས་པ་མ་གྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ་བ་ནི། ཡང་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དང་མཐུན་ཕྱོགས་གང་རུང་དེ་སྒྲའི་སྟེང་དུ་གྲུབ་པར་ཐལ། སྒྲ་དེ་སྒྲ་མི་རྟག་པའི་ཕྱོགས་དང་མཐུན་ཕྱོགས་གཉིས་ཀ་ཡིན་པའི་ཕྱིར། འདོད་ན། རྣམ་པར་ངེས་པ་ལས། གཉིས་ཀར་ཡང་སྲིད་པ་མི་འགལ་ན། དེ་དེ་ལྟར་འགྱུར་གྱི་དེ་ལྟར་མིན་ན་དེ་སྒྲ་ལ་གྲུབ་པ་ཉིད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ནི་མ་ཡིན་ཏེ། རྣམ་པར་བརྟགས་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར་རོ། །ཞེས་གསུང༌། གཞུང་འདིའི་དགོངས་པ་ནི། དེ་ལྟར་སྒྲུབ་པ་ལ། སྨྲས་ཙམ་ལ་གང་རུང་རྟགས་སུ་བཀོད་ཀྱང༌། ཞེ་འདོད་ལ་ཕྱོགས་ཉིད་རྟགས་སུ་བཀོད་པར་སོང་སྟེ། སྒྲ་དེ་ཕྱོགས་ཉིད་ཡིན་གྱི། མཐུན་ཕྱོགས་ནི་མ་ཡིན་པའི་ཕྱིར། དེ་ལྟར་ན་སྒྲ་ཉིད་རྟགས་སུ་བཀོད་པར་སོང་བས་ཕྱོགས་ཆོས་མ་གྲུབ་ཅེས་པའི་དོན་ནོ། །དེ་སྐད་དུ་ཡང༌། དྲངས་མ་ཐག་པའི་མཇུག་ཏུ། དོན་རྣམས་ལ་སྤྱིར་བརྗོད་ཀྱང་ཤུགས་ཀྱིས་ཁྱད་པར་ལ་གནས་པའི་ཕྱིར། ཞེས་གསུངས་སོ། །དེ་ཡང་སྒྲ་དེ་ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་རྒྱུ་མཚན་ཡང་ཕྱོགས་ཡིན་པ་ལ་ཐུག་ལ། དེའི་རྒྱུ་མཚན་ཤེས་འདོད་ཆོས་ཅན་ཡིན་པ་ལ་ཐུག་ལ། དེ་ལ་ནི་རྣམ་འགྲེལ་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་པ་ལྟར་མ་གྲུབ་པའི་གཏན་ཚིགས་ལས་མ་འདས་པ་ཡིན་ཏེ། དཔེར་ན། བུམ་པ་མི་རྟག་པར་སྒྲུབ་པ་ལ་བུམ་པ་དང་ཀ་བ་གང་རུང་ཡིན་པ་རྟགས་སུ་བཀོད་པའི་ཚེ། སྨྲས་པ་ཙམ་ལ་གང་རུང་བཀོད་ཀྱང༌། ཞེ་འདོད་ལ་བུམ་པ་ཉིད་ཡིན་པ་རྒྱུ་མཚན་དུ་བྱས་པས། གཞི་རྟགས་ཐ་དད་མེད་པའི་མ་གྲུབ་པ་ཉིད་དུ་སོང་བ་བཞིན་ནོ། །དེ་ཡང་བུམ་པ་དེ་ཀ་བུམ་གཉིས་ཀ་ལ་སྲིད་པ་མི་འགལ་ན། བུམ་པའི་སྟེང་དུ་ཀ་བུམ་གང་རུང་ཡིན་པ་ཕྱོགས་ཆོས་སུ་གྲུབ་ཀྱང༌། དེ་འགལ་བའི་ཕྱིར་ན་དེའི་ཕྱོགས་ཆོས་མི་འགྲུབ་པ་ཡིན་ཏེ། ཀ་བུམ་གང་རུང་ཞེས་གདམ་པ་ཅན་དུ་རྣམ་པར་བརྟག་པ་དང༌། མཐའ་ཅིག་ཏུ་བུམ་པར་ངེས་པ་འགལ་བའི་ཕྱིར་ཞེས་དགོངས་པ་ཡིན་ནོ། །དེ་ལྟར་བྱས་ན་བུམ་པའི་སྟེང་དུ་ཀ་བུམ་གང་རུང་དེ་ཕྱོགས་ཆོས་སུ་མི་འགྲུབ་པ་ཡིན་གྱི། སྤྱིར་བུམ་པ་ཀ་བུམ་གང་རུང་མ་ཡིན་པའི་ཤེས་བྱེད་དུ་འགྱུར་བ་མ་ཡིན་ནོ། །སྐབས་འདིར་རྣམ་པ་དེ་ལྟ་བུའི་སྒྲ་ཞེས་གསུངས་པ་ནི། རྟག་མི་རྟག་ཐེ་ཚོམ་ཟ་བཞིན་པ་དེ་ལ་བྱེད་པ་ཡིན་ལ། དེ་ནི་དེ་སྒྲུབ་ཀྱི་མཐུན་པའི་ཕྱོགས་མ་ཡིན་ཏེ། མི་རྟག་པར་རྒོལ་བས་མ་ངེས་པའི་ཕྱིར་ཞེས་པའི་དོན་ནོ། །དེའི་ཕྱིར་དེ་སྐད་དུ་སྨྲས་པ་འདི་ནི་རེ་ཤིག་རྩོད་པ་བདེ་བའི་ཕྱིར་ཁོ་བོའི་རྣམ་པར་རྟོག་པས་བརྟགས་པ་ཡིན་ནོ། །མི་ཕམ་གཡག་གི་ཞལ་སྔ་ནས་གཞུང་འདི་ལྟར་ན་གང་རུང་ཡིན་པར་ཐལ། གཅིག་ཡིན་པའི་ཕྱིར་ལ་ཁྱབ་པ་མེད་པ་ཡིན་ནོ་ཞེས་གསུང་ལ། དོན་འདི་ལ་ཕྱི་མ་དག་གིས་འགལ་ཁྱབ་བླ་ན་མེད་པ་ཡིན་ནོ་ཞེས་འདོད་དོ། །དེ་སྐད་འདོན་པ་འདི་ནི་གཞུང་ལུགས་ཀྱི་དགོངས་པ་དང་འགལ་བར་ངེས་ཏེ། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་གཉིས་པ་དང་བཅས་པ་ཡིན་པར་ཐལ། དེ་ལ་འབྲེལ་བའི་ཕྱིར། ཁྱབ་སྟེ། གཉིས་པ་དང་བཅས་པའི་དོན་ནི། ཟླ་བོ་དང་བཅས་པའི་དོན་ལ་མཛད་པའི་ཕྱིར། རྟགས་ཁས་བླངས་ཤིང༌། དེར་ཐལ། ཁྱེད་རང་གིས་འདོད་པའི་འབྲེལ་བའི་མཚན་ཉིད་ཚང་བའི་ཕྱིར། དེར་ཐལ། དེ་ལས་ཐ་དད། ཁྱོད་ཡོད་ན་གང་རུང་དེ་ཡོད་དགོས་པའི་ཕྱིར། རྩ་བར་འདོད་ན། དེ་དཔེ་བུམ་པ་ལ་རྗེས་འགྲོ་མེད་པར་བཤད་པ་དང་འགལ་ལོ། །བུམ་པ་ཆོས་ཅན། བུམ་པ་དང་ཀ་བ་གཉིས་ཀ་ལ་སྲིད་པར་ཐལ། བུམ་པ་དང་ཀ་བ་གང་ཡང་རུང་བ་ཡིན་པའི་ཕྱིར། ཁྱབ་སྟེ་དཔེར་ན། ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ལས། གཅིག་ཤོས་ལ་ཟན་སྟེར་འདོད་མེད་ན། གང་རུང་ཟན་ཟ་བ་ལ་ཤོག་ཅེས་བརྗོད་པ་འགལ་བ་བཞིན་ནོ། །དེ་སྐད་དུ་ཡང་རྣམ་པར་ངེས་པ་ལས། གཉིས་ཀ་དེ་ལྟ་བུའི་དངོས་པོར་སྲིད་ན་གང་ཡང་རུང་བ་བརྗོད་པར་ནུས་པ་ཡིན་ཏེ། དཔེར་ན། ལྷ་སྦྱིན་དང་མཆོད་སྦྱིན་གང་ཡང་རུང་བ་ཞིག་ཟའོ་ཞེས་བྱ་བ་ལྟ་བུ་ཡིན་གྱི། གང་ཡང་རུང་བ་གཅིག་ཟ་བ་མི་སྲིད་པའམ། འདོད་པ་མེད་ན་ནི་མ་ཡིན་ནོ་ཞེས་གསུངས་པ་དང༌། ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་གཅིག་ལ་ཟན་སྦྱིན་པར་བྱ་བ་ཡིན་གྱི། ལྷ་སྦྱིན་ལ་ཡང་མ་ཡིན། མཆོད་སྦྱིན་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ལྟ་བུ་སྲིད་པ་ཡོད་དམ། ལྷ་སྦྱིན་འབའ་ཞིག་ལ་མ་ཡིན་ནོ་སྙམ་དུ་བསམས་པའི་ཕྱིར་སྐྱོན་མེད་ཅེ་ན། མ་ཡིན་ཏེ། གང་ཡང་རུང་བ་སྨོས་པ་ཉིད་ཀྱིས་ཐལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཅིག་ཡོངས་སུ་བཟུང་ཡང་མི་འགལ་བ་ཡིན་ན། གང་ཡང་རུང་བ་སྨོས་པ་འདི་ནུས་པ་མེད་པར་འགྱུར་ཏེ། དཔེར་ན་གཅིག་ཟ་ཡང་གང་ཡང་རུང་བ་ཟའོ་ཞེས་བརྗོད་པ་བཞིན་ནོ། །འདིའི་ཡུལ་ནི་རྣམ་པར་བརྟག་པ་ཡིན་པའི་ཕྱིར་རོ། །དེ་ལ་བུམ་པ་ཁོ་ནའམ་ལུས་ཁོ་ན་གཉིས་པ་དང་བཅས་པར་ནི་མི་འདོད་དོ། །སྒྲུབ་པ་མི་འཐད་པའི་ཡང་ཕྱིར་ཏེ། གཉིས་གཅིག་ལ་སྒྲུབ་པ་ལ་རྣམ་པར་བརྟག་པ་དང་བསྡུ་བ་མི་འཐད་པ་ཡིན་ན། ད་ཅི་ཞིག་སྒྲུབ་པར་ནུས་ཏེ། དེའི་ཕྱིར་ཚིག་གི་ཚུལ་ནི་བསོག་ཡིན་ནོ། །འདིས་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ཀྱང་བསལ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་གང་རུང་ཡིན་པར་ཐལ། གཅིག་ཡིན་པའི་ཕྱིར་ཞེས་པ་འདི་ལ་ཁྱབ་པ་ཡོད་མེད་ཀྱི་སྐབས་གཉིས་སོ་སོར་ཤེས་དགོས་ཏེ། དེ་ཡང་ཁྱབ་པ་མ་ངེས་པ་ནི། སྒྲ་ཆོས་ཅན། རྟག་པ་དང་མི་རྟག་པ་གཉིས་ལས་གང་ཡང་རུང་བ་ཅིག་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ཏེ། གཞན་དུ་ན་སྒྲ་དེ་ལ། རྟག་མི་རྟག་གང་ཡང་རུང་བར་ཐལ། དེ་རྟག་མི་རྟག་གང་ཡང་རུང་བ་ཡིན་པའི་ཕྱིར། གཉིས་པ་ཁྱབ་པ་ཡོད་པ་ནི། སྒྲ་དེ་བྱས་པ་དང་དངོས་པོ་གང་རུང་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞར་ལ་དིང་སང་གྲགས་པའི་གང་རུང་གང་ཞིག ཅིག་ཤོས་དེ་མ་ཡིན་ན། གཞན་དེ་ཡིན་དགོས་ཞེས་པ་འདི་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། འདི་ལྟར་ནག་པ་ལྷ་སྦྱིན་གྱིས་བསད་པ་དང༌། མཆོད་སྦྱིན་གྱིས་བསད་པ་གང་རུང་དུ་ངེས་ནས་དེ་གཉིས་གང་གིས་བསད་མ་ངེས་པའི་རྒོལ་བ་དེའི་ངོར། ནག་པ་ཆོས་ཅན། ལྷ་སྦྱིན་གྱིས་བསད་པར་ཐལ། ལྷ་སྦྱིན་གྱིས་བསད་པ་དེ་མཆོད་སྦྱིན་གྱིས་བསད་པ་གང་རུང་གང་ཞིག མཆོད་སྦྱིན་གྱིས་མ་བསད་པའི་ཕྱིར་ལ། ཁྱབ་པ་མ་ངེས་པའི་ལན་དོན་མཐུན་ཐེབས་པ་ཡིན་ནོ། །དེའི་ཕྱིར་དགག་སྒྲུབ་ཀྱི་རྣམ་གཞག་འདི་དག་བློ་ངོ་ལ་ལྟོས་ནས་བཞག་དགོས་སོ། །གསུམ་པ་ཕྱོགས་ཆོས་ཅན་གྱི་དབྱེ་བ་མི་རུང་བར་ཐལ་བ་ལ། དངོས་དང༌། ལྷག་ལྡན་མི་རུང་བར་ཐལ་བའོ། །དང་པོ་ལ་གསུམ་ལས་ཐུན་མོང་མ་ཡིན་པའི་མ་ངེས་པ་མི་སྲིད་པར་ཐལ་བ་ནི། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གཉིས་པོ་གང་རུང་ཡིན་པར་ཐལ། གཉིས་པོ་དངོས་འགལ་ཡིན་པའི་ཕྱིར། འདོད་ན། དེ་དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་རུང་ལ་མཐོང་བར་ཐལ། འདོད་ན། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཞེས་པ་དང༌། རྣམ་པར་ངེས་པ་ལས། མཉན་པར་བྱ་བ་ཉིད་ནི་འགའ་ལས་ཀྱང་ལྡོག་པ་མ་ཡིན་ཏེ། ཐེ་ཚོམ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་པ་དང་འགལ་ལོ། །དེ་ཡང་འདི་ལྟར་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱིས་མི་རྟག་པ་ལ་མཐོང་བར་ཐལ། དེ་འདྲའི་ཕྱིར་རྒོལ་གྱི་ངོར་དེ་ལྟར་སྒྲུབ་པའི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། འདོད་ན་ཕྱོགས་གཉིས་ཀ་ལ་མ་མཐོང་བའི་མ་ངེས་པའི་གཏན་ཚིགས་སུ་བཤད་པ་དང་འགལ། གཞན་ཡང༌། མཉན་བྱ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར་དང༌། འདི་ཙམ་ལ་རྗེས་འགྲོའི་དོན་དུ་གཞུང་འགྲེལ་མཐའ་དག་ལས་བཤད་པའི་ཕྱིར། གཉིས་པ་ཕྱོགས་གཉིས་ཀ་ལ་འཇུག་པའི་མ་ངེས་པ་མི་སྲིད་པར་ཐལ་བ་ནི། འདི་ལྟར་གང་ཟག་གི་བདག་ཆོས་ཅན། གཞལ་བྱ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ནི། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་བཤད་པས་གྲུབ་པར་ཁྱེད་ཉིད་ཀྱིས་ཁས་བླངས་ལ། མ་གྲུབ་ན། དེ་ཆོས་ཅན། གཞལ་བྱར་ཐལ། དེ་ལྟར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །གསུམ་པ་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པ་མི་འཐད་པར་ཐལ་བ་ནི། རྟག་པ་ཡིན་ན། རེག་བྱ་ཅན་མ་ཡིན་པས་མ་ཁྱབ་པར་ཐལ། རེག་བྱ་ཅན་མ་ཡིན་པ་དེ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཕྱིར། ཁྱབ་པ་ཁས་བླངས། རྣམ་གཉིས་སུ་འཇུག་པར་གསུངས་པའི་དགོངས་པ་ནི། བྱེ་བྲག་པས་རྟག་པར་ངེས་པའི་རྡུལ་ཕྲ་རབ་ལྟ་བུ་ལ་སྐབས་དེར་མཐུན་ཕྱོགས་ཀྱི་ཐ་སྙད་གསུངས་པ་ཡིན་ནོ། །གཉིས་པ་ལྷག་ལྡན་མི་རུང་བར་ཐལ་བ་ནི། ངག་སྨྲ་བ་དེ་ཆོས་ཅན། ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མཐོང་བར་ཐལ། ཀུན་མཁྱེན་ལ་ཚད་མས་མཐོང་བའི་ཕྱིར། འདོད་ན། གང་ཞིག་མ་མཐོང་བ་ཙམ་གྱིས། །ལྡོག་པ་རབ་ཏུ་སྟོན་བྱེད་པ། །དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་དང༌། གལ་ཏེ་མ་མཐོང་པས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་པ་དང་འགལ། གཉིས་པ་རིགས་པས་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ་མི་འཐད། རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད། བྱེ་བྲག་ཏུ་རང་ལྡོག་ལ་བརྟེན་ཏེ་སྒྲུབ་པ་མི་འཐད་པའོ། །དང་པོ་ལ་ཁ་ཚོན་ཆོད་པ་མི་འཐད་པའི་ཚུལ་དངོས་དང༌། དཔྱད་ན་འཇིག་པར་བསྟན་པའོ། །དང་པོ་ནི། རྫས་ལྡོག་ཇི་ལྟར་ཕྱེ་ན་ཡང༌། །ཕྱོགས་གཉིས་ཉིད་དུ་ངེས་མི་ནུས། །གཉིས་ལས་འཇུག་པའི་རྫས་ལྡོག་ཀྱང༌། །མཁས་པ་རྣམས་ལ་གྲུབ་པར་མཐོང༌། །ཞེས་གསུང༌། འདིའི་རང་འགྲེལ་ལས། རྫས་ལ་བརྟེན་པའི་ཆོས་སྒྲུབ་པ་ན་རྫས་ལ་ཁ་ཚོན་ཆོད་ན། ལ་མེ་ལྡན་དུ་སྒྲུབ་པ་ལ་སྐྱ་རྫས་བཀོད་པའི་ཚེ། སྐྱ་རྫས་མཐུན་ཕྱོགས་ཡིན་ན་རླངས་པའང་མེ་ལྡན་དུ་འགྱུར་ལ། མི་མཐུན་ཕྱོགས་ཡིན་ན་དུ་བའང་མེ་མེད་དུ་འགྱུར་རོ། །སྐྱ་རྫས་ལ་གཉིས་ཀ་སྲིད་ན་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ་ཞེས་དང༌། གཞན་ཡང་ལྡོག་པ་ལ་ཁ་ཚོན་ཆོད་ན་བྱས་ལྡོག་གཏན་ཚིགས་ཀྱི་ཐ་སྙད་བྱ་རུང་སྒྲུབ་པའི་ཚེ། ཤེས་བྱ་ཙམ་ལྡོག་མཐུན་ཕྱོགས་ཡིན་ན། ཤེས་བྱ་ཙམ་གྱི་རང་ལྡོག་ལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་བརྟེན་པར་ཐལ་ལ། མི་མཐུན་ཕྱོགས་ཡིན་ན། མི་མཐུན་ཕྱོགས་ཤེས་བྱ་ཚུལ་གསུམ་ལ་ཁྱབ་ན་འགལ་བར་འགྱུར་ཞིང༌། མ་ཁྱབ་ན་ཚུལ་གསུམ་ཤེས་བྱ་མ་ཡིན་པར་འགྱུར་རོ་ཞེས་གསུངས། འདི་དག་ནི་དིང་སང་གི་རིགས་པ་རྣམས་དང་ཅུང་ཟད་མི་མཐུན་ཀྱང༌། རིགས་པ་འདི་ནི་རིགས་པའི་དབང་ཕྱུག་ཕྱཱ་པའི་རྗེས་འབྲང་དང་བཅས་པ་རྣམས་ཉིད་ཀྱིས་བཞེད་པའི་རིགས་པ་ཡིན་པར་སྔར་ཕྱོགས་སྔ་མ་བརྗོད་པ་ཉིད་ལས་ཤེས་སོ། །དེའི་ཕྱིར་རིགས་གཏེར་རང་འགྲེལ་ལས་གསུངས་པའི་རིགས་པ་འདི་ལ་ཉེས་པ་བརྗོད་པར་རློམ་ཞིང༌། ཕྱཱ་པའི་རིགས་པ་རྣམས་སྐྱོན་མེད་ཁོ་ནར་འདོད་པ་དག་སྣང་མོད་ཀྱང༌། རིགས་གཏེར་རང་འགྲེལ་ལ། བརྗོད་པའི་ཉེས་པ་ཇི་སྙེད་པ་དེ་དག་རིགས་ན་ཕྱཱ་པས་གཞལ་བྱ་དང་ཤེས་བྱ་སོགས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གཉིས་གང་རུང་མ་ཡིན་པར་ཞལ་གྱིས་བཞེས་པ་ལའང༌། ཇི་ལྟ་བ་བཞིན་འཇུག་པ་ཡིན་ནོ། །དེས་ན་ཕྱོགས་སྔ་ཕྱི་གཉིས་ཀའི་ལུགས་ཀྱི་རིགས་པ་འདི་དག་ཇི་ལྟར་འཐད་པའི་ཚུལ་ཡང་བརྗོད་པར་བྱ་སྟེ། དེ་ཡང༌། ལུགས་དང་པོས་གཞལ་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གཉིས་པོ་གང་རུང་མ་ཡིན་པར་བཞེད་པ་འཐད་པའི་ཚུལ་ནི་འདི་ལྟར། སྒྲ་མི་རྟག་པར་སྒྲུབ་པའི་སྐབས་ཀྱི་རྒོལ་ཕྱིར་རྒོལ་གཉིས་ཀྱིས་རྟག་མི་རྟག་གང་དུའང་ཁ་ཚོན་ཆོད་པར་མི་ནུས་པའི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཞིག་ཡོད་པ་གདོན་མི་ཟ་བར་ཁས་ལེན་དགོས་ལ། དེ་འདྲ་དེ། དེ་སྒྲུབ་ཀྱི་རྒོལ་བ་གཉིས་ཀྱིས་ཕྱོགས་གཉིས་པོ་གང་དུ་ཡང་ཁ་ཚོན་བཅད་པར་མི་ནུས་ཏེ། དེས་དེ་རྟག་མི་རྟག་གང་དུའང་ཁ་ཚོན་བཅད་མི་ནུས་པའི་ཕྱིར་ཏེ། དེ་རྟག་པ་ཡིན་པའང་སྲིད། མི་རྟག་པ་ཡིན་པའང་སྲིད་ཅེས། རྟག་མི་རྟག་གཉིས་ཀ་རུ་དོགས་པ་དང་བཅས་པའི་ཕྱིར་རོ། །ཞེས་དགོངས་པ་ཡིན་གྱི་གཞལ་བྱ་དེ་རྟག་མི་རྟག་གཉིས་ཀ་ཡིན་པ་སྲིད་པར་ཞལ་གྱིས་བཞེས་པ་ག་ལ་སྲིད། དེས་དེ་རྟག་མི་རྟག་གཉིས་ཀ་མ་ཡིན་པར་དོགས་པ་ནི་མི་སྲིད་དེ། དེས་རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར་རོ། །ཕྱོགས་ཕྱི་མ་རིགས་གཏེར་མཛད་པའི་དགོངས་པའང་ལྡོག་པ་ལ་ཁ་ཚོན་མ་ཆོད་པའི་ཚུལ་ནི་སྔ་མ་དང་འདྲ་ལ་རྫས་ལའང་འདི་ལྟར། ལ་མེ་ལྡན་དུ་སྒྲུབ་པའི་སྐབས་ཀྱི་རྒོལ་བས། མེ་ཡོད་མེད་གང་དུ་ཡང་མ་ངེས་ཤིང༌། དུ་བའམ་རླངས་པར་ཐེ་ཚོམ་ཟ་བཞིན་པའི་སྐྱ་རྫས་དེ་ལ་མེ་ལྡན་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་ན། རླངས་པའང་མེ་ལྡན་དུ་རྒོལ་བ་དེས་ངེས་པར་འགྱུར་ཏེ། རླངས་པར་ཐེ་ཚོམ་ཟ་བཞིན་པའི་སྐྱ་རྫས་མེར་ངེས་པའི་ཕྱིར། མི་མཐུན་ཕྱོགས་ཡིན་ན། དུ་བའང་མེ་མེད་དུ་ངེས་པར་འགྱུར་ཏེ། དུ་བར་ཐེ་ཚོམ་ཟ་བཞིན་པའི་སྐྱ་རྫས་དེ་མེ་མེད་དུ་ངེས་པའི་ཕྱིར། ཡང་ལྡོག་པ་ལ་བརྟེན་པའི་ཆོས་སྒྲུབ་པའི་ཚེ་ལྡོག་པ་ལ་ཁ་ཚོན་མ་ཆོད་པའི་ཚུལ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སྒྲུབ་པ་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་རྟགས་སུ་བཀོད་པའི་ཚེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མ་ཡིན་གང་དུའང་མ་ངེས་པའི་ཤེས་བྱ་དེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཤེས་བྱ་ལ་ཞུགས་པའི་ཕྱིར། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་རྗེས་སུ་འགྲོ་བ་མ་ཡིན་པར་ཐལ། མི་མཐུན་ཕྱོགས་ལའང་རྗེས་སུ་འགྲོ་བའི་ཕྱིར། ཞེས་དགོངས་པ་ཡིན་ནོ། །དོན་འདི་ལ་དཔྱད་དགོས་པའི་དོགས་པ་འདི་སྣང་སྟེ། འོ་ན་ཁྱེད་ཀྱི་ཕྱོགས་ལའང༌། ཤེས་བྱ་དེ། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་དེ་སྐོར་གྱི་རྒོལ་བས་ངེས་པའི་ཚེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་སུ་ཁས་ལེན་དགོས་པ་མ་ཡིན་ནམ། དེ་ལྟར་ན་ནི། གཞན་ལ་བརྗོད་པའི་ཉེས་པ་མ་ལུས་པ་རང་ལ་མཚུངས་པ་མ་ཡིན་ནམ་ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་ཁྱོད་བདེན་མོད་ཀྱི། དེའི་ཚེ་ནི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དེ། ཤེས་བྱ་ལ་རྗེས་སུ་འགྲོ་བ་མ་ཡིན་ཏེ། ཤེས་བྱ་དེ་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པར་ཚད་མས་ངེས་པའི་ཕྱིར། གཉིས་པ་དཔྱད་ན་འཇིག་པར་བསྟན་པ་ལ་གསུམ་ལས། བརྟགས་ན་མི་འཐད་པ་ནི། དོན་ལ་དགག་སྒྲུབ་བྱེད་ན་ནི། །ཚད་མའི་ཡུལ་མི་ཤེས་པར་འགྱུར། །བློ་ངོར་དགག་སྒྲུབ་བྱེད་ན་ནི། །ཡོད་མེད་མ་ངེས་གསུམ་དུ་འགྱུར། །ཞེས་གསུང་ལ། དོན་འདི་ནི་རྣམ་འགྲེལ་ལས། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་དང༌། སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གི་དབང་བྱས་ཏེ། །གཅིག་སྒྲུབ་པ་ན་དེ་བརྟེན་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །འགོག་ན་དེ་ཡིས་དབེན་པ་དང༌། །ཞེས་འབྱུང་བ་དེ་ཉིད་ཡིན་ནོ། །གཉིས་པ་ཧ་ཅང་ཐལ་བ་ནི། །ཤེས་འདོད་ཕྱོགས་སུ་མི་འདོད་ཕྱིར། །ལྟོས་གཞི་དང་པོ་མེད་པར་འགྱུར། །ལྟོས་གཞི་དང་པོ་མི་འདོད་པ། །འདི་ལ་ཕྱོགས་ཆོས་མཚན་ཉིད་དཀའ། །ཞེས་དང༌། རྟགས་ཀུན་ཕྱོགས་སུ་ལྷུང་གྱུར་པས། །གཏན་ཚིགས་མ་ངེས་ག་ལ་སྲིད། །ཅེས་གསུངས། གསུམ་པ་རྣམ་བཞག་འགལ་བ་ནི། ཤེས་བྱ་ཕྱོགས་གཉིས་ངེས་པ་དང༌། །ལྟོས་གཞི་གསུམ་དུ་འདོད་པ་འགལ། །ལྟོས་གཞི་གཉིས་སུ་ངེས་ན་ནི། །དེ་ལྟོས་རྟགས་ཀྱང་ཚུལ་གཉིས་འགྱུར། །ཞེས་གསུངས་སོ། །དེ་ཡང་ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ངེས་ན། མ་ངེས་པའི་གཏན་ཚིགས་མི་སྲིད་པའི་ཉེས་པ་འབྱུང་ཚུལ་ནི། ཐོག་མར་ཐུན་མོང་མ་ཡིན་པའི་མ་ངེས་པ་མི་སྲིད་པའི་ཉེས་པ་ནི་འདི་ལྟར། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། དེ་བཞིན་དུ་སྒྲ་རྟག་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་སུ་ཡང་ཐལ་བར་འགྱུར་རོ། །དེའི་ཕྱིར། དིང་སང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང༌། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་མ་ཡིན་པའི་ཤེས་བྱེད་མཐུན་དཔེ་ཡོད་མེད་ལ་ཐུག་པར་འདོད་མོད། གཞུང་འགྲེལ་པ་དང་བཅས་པ་ལས། ཕྱོགས་གཉིས་ལ་ཡོད་མེད་ཁོ་ན་ལ་ཐུག་པར་གསུངས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་མ་ངེས་པ་མི་སྲིད་པར་ཐལ་བ་ནི། རིགས་གཏེར་གྱི་འགྲེལ་པའི་དགོངས་པ་འདི་ལྟར་བཤད་པར་བྱ་སྟེ། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར། ཕྱི་མ་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀྱི་ནང་ནས། མཐུན་པའི་ཕྱོགས་ཁོ་ན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་པའི་ཚིག་གི་ངེས་བཟུང་གིས་མི་མཐུན་ཕྱོགས་ལ་ཡོད་པ་སེལ་ལ། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་འགོད་ཚུལ་ལྟར་ཡོད་པ་ཉིད་དུ་ངེས་པའི་ཚད་མ་མི་སྲིད་པའི་ཕྱིར་ཏེ། གཞལ་བྱ་མི་རྟག་པ་ཉིད་དུ་ངེས་པའི་ཚད་མ་མེད་པའི་ཕྱིར། དེ་བཞིན་དུ་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ་བའང་སྦྱོར། གཞལ་བྱ་རང་ལྡོག་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ཡང་མ་ཡིན་ལ། དེའི་ཁྱབ་བྱར་གྱུར་པའི་ཕྱོགས་གཉིས་ཀ་ཡོད་པས། དེ་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང༌། ཕྱོགས་གཉིས་ཀ་ལ་མཐོང་བ་ཞེས་བྱ་བ་ཡིན་གྱི། གཉིས་ཀ་ཡིན་པའི་གཞི་མཐུན་དུ་བཞེད་པ་མ་ཡིན་ལ། དེའི་ཁྱབ་བྱ་ལ་གཉིས་ཀ་ཡོད་པའི་རྒྱུ་མཚན་གྱིས། དེའི་རང་ལྡོག་ནས་གཉིས་ཀ་མ་ཡིན་པར་ཁས་ལེན་དགོས་པར་ངེས་སོ། །རྒྱུ་མཚན་དེ་ཉིད་ཀྱིས་གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་ཐལ་བ་མེད་དོ། །དེ་ཡང་ཇི་སྲིད་གཞལ་བྱ་རྟག་མི་རྟག་གང་དུ་ཡང་མ་ངེས་པ་དེ་སྲིད་དུ། རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་མ་ངེས་པར་འཇོག་པ་ཡིན་གྱི། རྟག་མི་རྟག་གང་རུང་དུ་ངེས་པའི་ཚེ་ནི། ལྷག་ལྡན་གྱི་གཏན་ཚིགས་སུ་འཇོག་པར་ངེས་སོ། །གཉིས་པ་རྫས་ལྡོག་ཕྱེ་སྟེ་སྒྲུབ་པ་མི་འཐད་པ་ནི། རྫས་ལྡོག་སོ་སོར་ཕྱེ་བ་ཡིས། །རྗེས་སུ་འཇུག་ན་ཐ་སྙད་འཇིག །ཅེས་གསུངས་པའི་དོན་ནི། རྫས་ལྡོག་གཅིག་ཏུ་འཁྲུལ་བའི་གཞན་སེལ་ལ་དགག་སྒྲུབ་བྱེད་དགོས་ཏེ། མ་བྱས་ན་དོན་རང་མཚན་མི་ཐོབ་པས་སོ་སྙམ་དུ་དགོངས་པ་ཡིན་ནོ། །གསུམ་པ་རང་ལྡོག་ལ་བརྟེན་ནས་བསྒྲུབ་པ་མི་འཐད་པ་ནི། རང་ལྡོག་བརྟེན་ནས་སྒྲུབ་པ་ཡི། །ཚུལ་འདི་བརྟགས་ན་སྙིང་པོ་མེད། །ཅེས་གསུངས་ལ། དོན་ནི། ངོ་བོ་གཅིག་ཏུ་སྒྲུབ་པ་དང༌། ཐ་དད་ལྡན་པར་སྒྲུབ་པ་ལས་མ་གཏོགས་པའི་སྒྲུབ་ཚུལ་གསུམ་པ་མེད་པའི་ཕྱིར་རོ། །གཉིས་པ་ལུགས་ཕྱི་མ་རང་གི་རིགས་པས་དགག་པ་ནི་གསུམ་སྟེ། ཁྱབ་པ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་པ་དང༌། ཡང་དག་གི་གཏན་ཚིགས་མི་མཐུན་ཕྱོགས་ལ་ཞུགས་པར་ཐལ་བ་དང༌། དངོས་འགལ་ལ་ཕུང་གསུམ་སྲིད་པར་ཐལ་བའོ། །དང་པོ་ནི། འདི་ལྟར་རྟག་པ་ཡིན་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་དགོས་ན། དེ་སྒྲུབ་ཀྱི་ལྡོག་ཚུལ་ངེས་པའི་ཚད་མ་དེས། བྱས་པ་རྟག་པ་མཐའ་དག་ལས་ལོག་པར་ངེས་དགོས་ལ། དེ་ངེས་ན། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་དགོས་ཤིང༌། དེ་ལྟ་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེ་ཆོས་ཅན། སྒྲ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པར་ཐལ། སྒྲ་བྱས་པར་ངེས། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་ངེས་པར་ཐལ། སྒྲ་རྟག་པ་མ་ཡིན་པར་ངེས་པའི་ཕྱིར། ཁྱབ་པ་འདིའང་ཁྱེད་ཅག་གིས་ཁས་བླངས་སོ། །ཡང་བྱས་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་ཕྱིར་རྒོལ་བ་དེ་ཆོས་ཅན། བྱས་པ་ཐམས་ཅད་མི་རྟག་པ་ཉིད་དུ་ངེས་པར་ཐལ། བྱས་པ་ཐམས་ཅད་རྟག་པ་མ་ཡིན་པར་ངེས། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཕྱིར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་དེ་ཆོས་ཅན། སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཚད་མས་ངེས་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པར་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས་བླངས་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་གཉིས་དངོས་འགལ་དུ་ངེས་པའི་ཕྱིར། རྟགས་ཁས་བླངས་པར་ཐལ། ཁྱོད་ཀྱིས་སྒྲ་བྱས་པར་ངེས། བྱས་ན་རྟག་པ་ཡིན་པ་འགལ་བར་ཚད་མས་ངེས་པའི་ཕྱིར་ཏེ། བྱས་པ་རྟག་པ་མ་ལུས་པ་ལས་ལྡོག་པར་ངེས་པའི་ཕྱིར། རྩ་བར་འདོད་ན། ཆོས་ཅན། ཁྱོད་ཀྱིས་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱའི་ཆོས་ལྡན་དུ་ངེས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པར་ངེས་པར་ཐལ་ལོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། ལ་མེ་ཡོད་དུ་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། མེ་ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཤེས་བྱ་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པས་ཁྱབ་པར་གནོན་པའི་གཞིར། མེ་མེད་པར་སྒྲུབ་པའི་མི་མཐུན་ཕྱོགས་སུ་ཐལ། འདོད་པའི་ཕྱིར། འདོད་ན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་པས་ཁྱབ་པར་གནོན་པ་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་གཞི་ལྡོག་ལ་རྗེས་སུ་ཞུགས་པའི་ཕྱིར། དེ་བཞིན་དུ་ཤེས་བྱ་ཆོས་ཅན། མདུན་གྱི་གཞི་འདིར་བུམ་པ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། བུམ་པ་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། བུམ་པ་མ་བྱས་པ་ཡིན་པ་དེ་ཆོས་ཅན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མི་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་གཞི་ལྡོག་ལ་ཞུགས་པའི་ཕྱིར། ཡང་མེད་པ་ཆོས་ཅན། ལ་མེ་ལྡན་དུ་བསྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། མེ་ཡོད་པ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ཚད་མས་ངེས་པར་ཐལ། འདོད་ན། ཚད་མས་དམིགས་པར་ཐལ་ལོ། །ཡང༌། བུམ་པ་བདག་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ན། བུམ་པ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་དགོས་པར་ཐལ། དེ་ཡིན་ན་བདག་མེད་ཡིན་དགོས། བདག་མེད་ཡིན་ན། བུམ་པ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་དགོས་པའི་ཕྱིར། རྟགས་བསལ་ཁས་བླངས། དེ་བཞིན་དུ་བུམ་པ་རྟག་དངོས་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ན་ཡང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན། རྟག་དངོས་མ་ཡིན་དགོས། རྟགས་དངོས་མ་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་དགོས་པའི་ཕྱིར་རོ། །ཅི་སྟེ། རྟགས་དང་པོ་མ་གྲུབ་སྟེ། དེའི་མི་མཐུན་ཕྱོགས་ཡིན་ན། རྟག་དངོས་ཡིན་དགོས་སོ་སྙམ་ན། དེ་ལྟ་ན། རྟག་དངོས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པར་འགྱུར་ལ། འོ་ན་རྟག་དངོས་ཆོས་ཅན། རྟག་དངོས་སུ་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། གསུམ་ཆར་རོ། །གཞན་ཡང༌། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། མདུན་གྱི་གཞི་འདིར། མངོན་སུམ་ཚད་མར་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དངོས་སུམ་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། དེ་ཆོས་ཅན། ཁྱོད་གཞི་འདིར་མངོན་སུམ་ཚད་མར་སྒྲུབ་པའི་སྒྲུབ་ཚུལ་ལྟར་སྒྲུབ་བྱའི་ཆོས་ལྡན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཁྱོད་མངོན་སུམ་ཚད་མར་ཐལ་ལོ། །གསུམ་པ་དངོས་འགལ་ལ་ཕུང་གསུམ་སྲིད་པར་ཐལ་བ་ནི། མོ་གཤམ་གྱི་བུ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་སུ་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་པ་དང་རྟགས་མ་གྲུབ་པ་གང་ལྟར་ནའང༌། གཞལ་བྱར་ཐལ་ལོ། །ཁྱབ་སྟེ་གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པར་བཤད་པའི་སྐབས་སུ་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར་རོ། །ཡང་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བྱས་རྟགས་ཀྱིས་བུམ་པ་མི་རྟག་པར་སྒྲུབ་པའི་རྟག་ཡང་དག་གི་མཐུན་ཕྱོགས་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འདོད་ན། བུམ་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ་བ་ཟློག་མི་ནུས་སོ། །ཡང་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གཉིས་པོ་དངོས་འགལ་མ་ཡིན་པར་ཐལ། དེའི་ངོར་སྒྲ་དེ། དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་ཡང་མ་ཡིན་པའི་ཕུང་པོ་གསུམ་པ་ཡིན་པའི་ཕྱིར། དེར་ཐལ། དེའི་ངོར་སྒྲ་དེ་རྟག་མི་རྟག་གང་ཡང་མ་ཡིན་པའི་ཕྱིར་ཏེ། དེ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་ཕྱིར། རྩ་བར་འདོད་ན། དེའི་ངོར་དངོས་སུ་རྟགས་ཀྱི་བྱེད་པ་ཉམས་ཤིང༌། རྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཉམས་པར་འགྱུར་རོ་ཞེས་བརྗོད་ན་གསུམ་ཀ་ཁས་བླངས་སོ། །ཡང་རྟགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། མཚོན་བྱ་མ་ཡིན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཡང་བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ་ལོ། །རྟགས་བསལ་ཁས་བླངས། གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། རིགས་གཏེར་ལས། ཇི་སྙེད་རྟགས་སུ་བཀོད་གྱུར་པ། །དེ་སྙེད་ཕྱོགས་གསུམ་ལ་ལྟོས་པས། །དངོས་སུ་གང་རུང་མ་ཚང་ཡང༌། །ལྟོས་གཞི་ཉིད་དུ་འཐད་པ་ཡིན། །ཞེས་གསུངས་སོ། །དགོངས་པ་ནི། ཤེས་འདོད་ཆོས་ཅན་ནི་ཚུལ་དང་པོའི་ལྟོས་གཞི་ཡིན་ཏེ། རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་མེད་ལས། ཕྱོགས་ཆོས་གྲུབ་མ་གྲུབ་ཏུ་འཇོག་པའི་ཕྱིར། མཐུན་པའི་ཕྱོགས་ནི་རྗེས་འགྲོའི་ལྟོས་གཞི་ཡིན་ཏེ། རྟགས་མཐུན་ཕྱོགས་ལ་ཡོད་མེད་ལས། རྗེས་འགྲོ་གྲུབ་མ་གྲུབ་ཏུ་འཇོག་པའི་ཕྱིར། མི་མཐུན་ཕྱོགས་ནི། ལྡོག་ཚུལ་གྱི་ལྟོས་གཞི་ཡིན་ཏེ། རྟགས་མི་མཐུན་ཕྱོགས་ལས་ལྡོག་མི་ལྡོག་ལས་ལྡོག་པ་གྲུབ་མ་གྲུབ་ཏུ་འཇོག་པའི་ཕྱིར་རོ། །ཡང་བྱས་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྒོལ་བས་མི་རྟག་པར་ངེས་པའི་ཚེ། དེ་སྒྲུབ་ཀྱི་རྗེས་འགྲོ་གཏན་ལ་འབེབས་པའི་གཞིར་མི་རུང་སྟེ། དེའི་ཚེ་བྱས་པ་དེ། གང་རྗེས་སུ་འགྲོ་བ་པོ་ཡིན་གྱི། གང་ལ་རྗེས་སུ་འགྲོ་བའི་ཡུལ་མ་ཡིན་པའི་ཕྱིར། བུམ་པ་མཚོན་བྱར་བསྒྲུབ་པ་ལ་བརྟགས་ཡོད་ཆོས་གསུམ་ཚང་བ་བཀོད་པའི་ཚེ། བརྟགས་ཡོད་ཆོས་གསུམ་ཚང་བ་དེ། སྐབས་ཀྱི་རྒོལ་བས་མཚོན་བྱ་མ་ཡིན་པར་ངེས་པ་གཅིག་སྲིད་ཀྱང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་སུ་བཞག་པར་མི་ནུས་ཏེ། དེའི་ཚེ་བརྟགས་ཡོད་ཆོས་གསུམ་ཚང་བ་དེ་མི་མཐུན་ཕྱོགས་ལས་ལོག་པ་པོ་ཡིན་གྱི། ལོག་ཡུལ་མ་ཡིན་པའི་ཕྱིར། དེ་ལྟར་ན། སྔར་ཕྱོགས་གཉིས་ཀྱི་མཚན་ཉིད་འཇོག་པའི་ཚེ། དེ་སྒྲུབ་ཀྱི་རྗེས་འགྲོ་གཏན་ལ་འབེབས་པའི་གཞིར་རུང་བ་དང༌། ལྡོག་པ་གཏན་ལ་འབེབས་པའི་གཞིར་རུང་བ་ཞེས་སྦྱར་ན་ལེགས་སོ། །གལ་ཏེ་སྦྱོར་བ་གཅིག་ལ་དེ་ལྟ་བུའི་ངེས་པ་མེད་དེ། དེའི་རྒྱུ་མཚན་ཡང༌། རྩོལ་མ་བྱུང་གི་བྲག་རེ་དེ་རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་སུ་རུང་ཡང་རྗེས་འགྲོ་གཏན་ལ་འབེབས་གཞིར་མི་རུང་བས་སོ་སྙམ་ན། དེའི་ཉེས་པ་མེད་དེ། དེ་འདྲ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་མོད། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་ཏེ། རྟགས་ཆོས་གཉིས་ཀ་དང་ལྡན་པ་མ་ཡིན་པའི་ཕྱིར། ཡང་སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ། གཞལ་བྱ་རྟག་པར་ངེས་པའི་རྒོལ་བའི་ངོར་ཡང༌། གཞལ་བྱ་དེ། གང་རྗེས་སུ་འགྲོ་བར་བྱེད་པ་པོ་དང༌། ལྡོག་པ་པོ་ཡིན་གྱི། གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་ཡུལ་དུ་མི་རུང་བའི་ཕྱིར། ཕྱོགས་གཉིས་སུ་བཞག་པར་མི་ནུས་སོ། །དེར་མ་ཟད་ཀྱི། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་ན། བྱས་པ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཚད་མས་མཐོང་བར་ཐལ་ལོ། །དེས་ན། སྤྱི་ལྡོག་ཕུང་གསུམ་ཡིན་ཕྱིར་འཐད། །ཅེས་པ་ལྟར་བཟུང་ངོ༌། །གཉིས་པ་དེ་ལ་ལྟོས་པའི་ཚུལ་གསུམ་གྱི་རྣམ་པར་བཞག་པ་ལ། ངོ་བོ་ངོས་བཟུང་བ་དང༌། འགལ་མི་འགལ་དཔྱད་པ་དང༌། ངོ་བོ་གཅིག་དང་ཐ་དད་བསམ་པའོ། །དང་པོ་ལ། དངོས་དང༌། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་ལ། སྦྱོར་བ་སྐོར་གཅིག་གི་རྟགས་སུ་བཟུང་བྱ་དེ་སྦྱོར་བ་སྐོར་གཅིག་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཆ་གང་ཞིག སྦྱོར་བ་དེ་སྐོར་གྱི་ཚུལ་དང་པོར་ཚད་མས་དམིགས་པ་དེ། སྦྱོར་བ་དེ་སྐོར་གྱི་ཕྱོགས་ཆོས་ཀྱི་ཚུལ་གྱི་མཚན་ཉིད། དཔེར་ན། ཤེས་འདོད་ཆོས་ཅན་དུ་གྱུར་པའི་སྒྲའི་སྟེང་དུ་ཡོད་པ་ཁོ་ནར་སྐབས་སུ་བབ་པའི་རྒོལ་བའི་ཚད་མས་ངེས་པའི་རྟགས་བྱས་པ་དང་ཆོས་ཅན་སྒྲའི་ཚོགས་དོན་ལྟ་བུ་ལ་བྱའོ། །དེ་ཡང་གཞན་དོན་སྐབས་ཀྱི་གཏན་ཚིགས་ལ་ནི་རྒོལ་ཕྱིར་རྒོལ་གཉིས་ཀའི་ཚད་མས་ངེས་དགོས་ལ། རང་དོན་སྐབས་ཀྱི་གཏན་ཚིགས་ལ་ནི་རྒོལ་བ་རང་ཉིད་ཀྱི་ཚད་མས་ངེས་པ་གཅིག་དགོས་སོ། །བྱས་པ་སྒྲའི་སྟེང་དུ་ཡོད་པར་ངེས་པ་ཙམ་གྱིས་མི་ཆོག་སྟེ། སྒྲའི་སྟེང་དུ་མི་རྟག་པ་ལ་ཤེས་འདོད་མེད་པའི་རྒོལ་བ་འགའ་ཞིག་གིས། བྱས་པ་སྒྲའི་སྟེང་དུ་ཡོད་པར་ངེས་ཀྱང༌། ཕྱོགས་ཆོས་སུ་མི་འགྱུར་བའི་ཕྱིར། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་ཚུལ་ནི་མ་ཡིན་ཏེ། ཆོས་ཅན་ཡན་གར་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་ཕྱོགས་ཆོས་ཀྱི་ཚུལ་ཡིན་ན། སྒྲ་བྱས་པར་རྟོགས་པའི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་དགོས་པའི་ཕྱིར། བྱས་པ་དེ། སྒྲ་མི་རྟག་པ་སྒྲུབ་པའི་ཕྱོགས་ཆོས་ནི་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བ་ཤེས་འདོད་ཆོ་ཅན་གྱི་ཆོས་ཡིན་པའི་ཕྱིར། ཡང་སྦྱོར་བ་དེ་སྐོར་གྱི་རྟགས་སུ་གཟུང་བྱ་དེ་དེ་སྐོར་གྱི་མཐུན་ཕྱོགས་ཁོ་ན་ལ་སྒྲུབ་འགོད་དང་མཐུན་པར་ཡོད་པ་ཉིད་དུ་སྐབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཆ་གང་ཞིག སྦྱོར་བ་དེ་སྐོར་གྱི་རྟགས་ཚུལ་གཉིས་པར་ཚད་མས་དམིགས་པ་དེ། དེ་སྐོར་གྱི་རྗེས་འགྲོའི་ཚུལ་གྱི་མཚན་ཉིད། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པའི་རྟགས་བྱས་པ་དང་མཐུན་ཕྱོགས་ཀྱི་ཚོགས་དོན་ལྟ་བུ་ལ་བྱའོ། །བྱས་པ་དེ་དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་ནི་མ་ཡིན་ཏེ། དེ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཚུལ་འཇལ་བར་བྱེད་པའི་རྗེས་དཔག་གི་གཞལ་བྱར་འགྱུར་བ་མི་སྲིད་པའི་ཕྱིར། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཙམ་ནི་ཡིན་ཏེ། མི་རྟག་པར་རྗེས་སུ་འགྲོ་བའི་ཕྱིར། དེ་བཞིན་དུ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པ་ཙམ་ནི་ཡིན་ལ། ལྡོག་པའི་ཚུལ་ནི་མ་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཚུལ་འཇལ་བའི་རྗེས་དཔག་གི་གཞལ་བྱར་འགྱུར་བ་མི་སྲིད་པའི་ཕྱིར། ཡང༌། སྦྱོར་བ་དེ་སྐོར་གྱི་རྟགས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་ཆ་གང་ཞིག སྦྱོར་བ་དེ་སྐོར་གྱི་རྟགས་ཀྱི་ཚུལ་གསུམ་པར་ཚད་མས་དམིགས་པ་དེ་སྦྱོར་བ་དེ་སྐོར་གྱི་ལྡོག་པའི་ཚུལ་གྱི་མཚན་ཉིད། དེ་ནི། དཔེར་ན། སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་པའི་རྟགས་བྱས་པ་དང་མི་མཐུན་ཕྱོགས་ཀྱིས་སྟོང་པའི་ཚོགས་དོན་ལྟ་བུའོ། །ཡང་ན། རྩོད་པ་བདེ་བའི་ངོར་ནི། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་གཙོ་བོར་ལྟོས་པའི་རྟགས་ཀྱི་ཚུལ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་ཚུལ་གྱི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་གཙོ་བོར་ལྟོས་པའི་རྟགས་ཀྱི་ཚུལ་དེ། དེ་སྒྲུབ་ཀྱི་རྗེས་འགྲོའི་ཚུལ་གྱི་མཚན་ཉིད།  དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་གཙོ་བོར་ལྟོས་པའི་རྟགས་ཞེས་སམ། དེ་མེད་པ་འགའ་ཞིག་གི་སྐབས་སུ། དེ་སྒྲུབ་ཀྱི་རྟགས་ཀྱི་ཚུལ་གསུམ་པ་དེ། དེ་སྒྲུབ་ཀྱི་ལྡོག་པའི་ཚུལ་གྱི་མཚན་ཉིད། ཅེས་བྱའོ། །མཚན་གཞི་ནི་སྔར་ལྟར་ལོ། །སྐབས་བབ་ཀྱི་རྒོལ་བས་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་ཟིན་པའི་དུས་ཀྱི། བྱས་ན་མི་རྟག་པས་ཁྱབ་པ་དང༌། རྟག་ན་མ་བྱས་པས་ཁྱབ་པ་ནི། རང་ལྡོག་ནས་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཚུལ་དང་ཁྱབ་པ་ཡིན་ཀྱང་འདི་འདྲའི་རིགས་ཅན་གཞན་ནི་རྗེས་སུ་འགྲོ་ལྡོག་གི་ཚུལ་ནི་མ་ཡིན་ཏེ། དེ་ལྟར་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བར་ཐལ་བ་དང༌། མི་རྟག་པའི་རྟགས་ཀྱིས་མདུན་གྱི་གཞི་འདིར་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་ཚང་བར་ཐལ་བའི་ཕྱིར་རོ། །ཡང་དིང་སང༌། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་པའི་ངག་གིས་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚིག་ཟིན་ལ་བརྗོད་པར་འདོད་བཞིན་དུ། བྱས་ན་མི་རྟག་པས་ཁྱབ་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོའི་ཁྱབ་པ་མ་ཡིན་པར་འདོད་པ་དག་ནི། ཤེས་པ་རང་བཞིན་དུ་མི་གནས་སོ་ཤེས་གསལ་བར་སྟོན་པ་ཡིན་ནོ། །འོན་ཀྱང༌།                       རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*