པའི་ཚད་མ་སྔ་མ་སྔོན་སོང་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པས། སྒྲ་མི་རྟག་པར་སྟོན་པའི་ལུང་དེ་སྒྲ་རྟག་པ་ལ་གནོད་བྱེད་དང༌། སྒྲ་མི་རྟག་པ་ལ་སྒྲུབ་བྱེད་དུ་ཇི་ལྟར་མི་འགྱུར་བར་སྟོན་ཅིག ཁས་བླངས་ནང་འགལ་བ་མི་ཟད་པའང་ཁྱེད་ཀྱིས་ཁས་བླངས་ཏེ། དཔྱད་གསུམ་གྱིས་དག་པའི་ལུང་དེ་རང་གི་བསྟན་བྱའི་དོན་མེད་པ་ལ་གནོད་བྱེད་དུ་ཐལ། དེ་རང་གི་བསྟན་བྱའི་དོན་ལ་བསླུ་བ་ལ་གནོད་བྱེད་དང་མི་བསླུ་བ་ལ་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། རང་ཕྱོགས་ཆོས་སུ་སྒྲུབ་པའི་གཞིར་ཞེས་བྱའོ། །དེས་ན་ཡིད་ཆེས་གཏན་ཚིགས་ཡང་དག་ཁས་ལེན་བཞིན་དུ། ལུང་གེགས་བྱེད་ཁོ་ནར་བཞེད་པ་ནི། རང་གི་གྲུབ་མཐའ་ལ་ཅོ་འདྲི་བ་ཁོ་ནར་ཟད་དེ། དེས་ན་རིགས་པ་མཁྱེན་པས། ལུང་གེགས་བྱེད་ཡིན་པའི་ཚུལ་གསུངས་པ་ནི་ལུང་དོན་ལ་དཔྱད་པས་རྣམ་པར་མ་དག་པའི་སྔ་རོལ་དུ་དངོས་སྟོབས་ཡུལ་ལ་དཔྱོད་པའི་དབང་དུ་བྱས་པ་ཡིན་ལ། དཔྱད་པ་གསུམ་གྱིས་རྣམ་པར་དག་ནས་ཤིན་ལྐོག་ལ་དཔྱོད་པའི་ཚེ་ནི། ལུང་དང་འགལ་བ་དམ་བཅའི་དོན་ལ་གནོད་བྱེད་ཁོ་ནར་གསུངས་སོ། །དོན་དེ་ཐུགས་ལ་བཞག་ནས། འཇམ་དབྱངས་ཆོས་ཀྱི་རྗེས། དེས་ན་རིགས་པས་གྲུབ་པའི་ལུང༌། །ཚད་མ་ཉིད་ཡིན་མ་གྲུབ་ན། །རང་གི་ཚིག་དང་མཚུངས་པའི་ཕྱིར། །གེགས་བྱེད་ཉིད་དུ་བཤད་པ་ཡིན། །ཞེས་གསུངས་སོ། །སྤྲོས་པ་ལྷག་མ་ནི། ཡིད་ཆེས་ཀྱི་བསལ་བ་འཆད་པའི་སྐབས་སུ་སྟན་པར་འགྱུར་རོ། །ཡིད་ཆེས་ཀྱི་རྟགས་ཡང་དག་འགོད་ཚུལ་གཉིས་པ་འདི་ལྟར་ཡང་བྱ་སྟེ། སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་སྟེ། ཁྱོད་དཔྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པའི་ཕྱིར། ཞེས་ཀྱང་འགོད་པར་བྱའོ། །དེ་ལྟར་གོང་དུ་བཤད་པའི་རྟགས་ཀྱི་སྦྱོར་བ་དེ་ཐམས་ཅད་རེ་ཤིག་འཇུག་པ་བདེ་བའི་དབང་དུ་བྱས་ནས་བརྗོད་པར་ཟད་ཀྱི་དོན་གྱི་དབང་དུ་བྱས་ན། གཞན་དོན་གྱི་སྐབས་སུ་སྒྲུབ་པའི་ངག་འགོད་པའམ། དབང་རྣོན་ལ་རང་དོན་གྱི་གཏན་ཚིགས་སུ་འགྱུར་བ་ནའང༌། སྒྲ་ནི་བྱས་པའི་ཕྱིར་མི་རྟག་གོ་སྙམ་པའི་ངེས་པ་སྐྱེད་པ་ཡིན་གྱི་ཐོག་མར་སྒྲུབ་བྱ་བློ་ཡུལ་དུ་ངེས་པར་བྱས་ནས། དེའི་རྗེས་སུ་རྟགས་འགོད་པ་ག་ལ་སྲིད། གཏན་ཚིགས་ཡང་དག་གི་མཚན་ཉིད་དང་རྣམ་པར་དབྱེ་བ་རྣམས་ནི་གངས་ཅན་གྱི་ཕྱི་རབས་པ་ཆོས་ཀྱིས་ཕོངས་པའི་ལས་བསགས་པའི་སློབ་མ་ལ་འཆད་པ་པོར་རློམ་པ་རྣམས་ཀྱིས་ཆེས་ཆེར་བསླད་པར་མཐོང་ནས། ལུང་དང་རིགས་པའི་ལམ་ནས་དྲངས་ཏེ། གཞུང་ལུགས་ཀྱི་གནད་ལ་འཇུག་པའི་རྣམ་དཔྱོད་ཀྱིས་གོ་བདེ་བར་བཤད་པ་ཡིན་ནོ། །གང་གི་རྣམ་དཔྱོད་མུན་པ་ཟ་བྱེད་པ། །ལུང་རིགས་གཟི་བརྗིད་འབར་བའི་དཔལ་འཛིན་པས། །ཤེས་བྱའི་དེ་ཉིད་ལྟ་ལ་ཞུགས་པའི་ཚེ། །རང་གི་རང་བཞིན་གསལ་བར་མི་སྟོན་གང༌། །གཉིས་པ་གཏན་ཚིགས་ལྟར་སྣང་ལ་མཚན་ཉིད། དབྱེ་བའོ། །དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་སྐབས་ཀྱི་རྒོལ་བའི་རྒྱུད་ཀྱི་ཚད་མས་མ་གྲུབ་པ་དེ་རྒོལ་བ་དེའི་ངོར་གཏན་ཚིགས་ལྟར་སྣང་ཡིན་པའི་མཚན་ཉིད་དོ། །དབྱེ་བ་ལ། འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་སོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ཚད་མས། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའོ། །དབྱེ་ན། སྦྱོར་བའི་སྒོ་ནས་འབྲས་རང་མི་དམིགས་པའི་འགལ་བ་གསུམ་མམ། ཡང་ན་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ། མ་དམིགས་པའི་འགལ་རྟགས། རང་བཞིན་གྱི་འགལ་རྟགས་སུ་བསྡུས་ནས། གཉིས་སུ་གསུངས་སོ། །བརྗོད་འདོད་ཀྱི་སྒོ་ནས། ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས། ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས། ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས། ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་བཞིའོ། །མཚན་ཉིད་ནི་ཞེ་འདོད་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་ཅིང༌། སྨྲས་ཙམ་གྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དང༌། དེ་སྒྲུབ་ཀྱི་སྨྲས་ཙམ་གྱི་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་ཅིང༌། དེའི་སྟེང་དུ་སྨྲས་ཙམ་གྱི་ཆོས་ཀྱི་ངོ་བོ་སྒྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དང༌། ཞེ་འདོད་ཀྱི་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་ཅིང༌། དེའི་སྟེང་དུ་ཞེ་འདོད་ཀྱི་ཆོས་ཅན་གྱི་ཁྱད་པར་གྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དང༌། སྨྲས་ཙམ་གྱི་ཆོས་ཅན་གྱི་སྟེང་དུ་ཕྱོགས་ཆོས་གྲུབ་ཅིང་སྨྲས་ཙམ་གྱི་ཆོས་ཅན་དེའི་སྟེང་དུ་ཞེ་འདོད་ཀྱི་ཆོས་ཀྱི་ཁྱད་པར་སྒྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའོ། །དཔེར་བརྗོད་པ་ནི། རིམ་པ་བཞིན། དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་ཏེ། མ་བྱས་པའི་ཕྱིར་ཞེས་པ་དང་པོའི་དཔེ་ཡིན་ལ། དེའི་ཞེ་འདོད་ནི། ནམ་མཁའ་ཆོས་ཅན། དངོས་པོ་ཡིན་ཏེ། མ་བྱས་པའི་ཕྱིར་ཞེས་པར་སོང་བ་ཡིན་ནོ། །གཉིས་པའི་དཔེ་ནི། སྒྲ་ཆོས་ཅན་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ཡིན་ནོ། །གསུམ་པའི་དཔེ་ནི། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་ལ། བཞི་པ་ནི་མིག་སོགས་ཆོས་ཅན། འདུས་པ་མིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར། ཞེས་པ་ཡིན་ལ། ཕྱི་མ་གཉིས་ཀའི་ཞེ་འདོད་ནི། མིག་སོགས་ཆོས་ཅན། བདག་རྟག་པའི་དོན་བྱེད་དེ། རྡུལ་ཕྲན་པ་བསགས་པ་ཡིན་པའི་ཕྱིར། ཞེས་པར་སོང་ངོ༌། །དེ་ལྟར་བྱས་ན། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་སྒྲུབ་པ་དང༌། དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཡིན་ན། དེ་སྒྲུབ་ཀྱི་འགལ་རྟགས་མིན་དགོས་པ་ཡིན་ནོ། །དེ་ལྟར་བཞི་པོ་དེ་རང་བཞིན་གྱི་འགལ་རྟགས་ལས་ཕྱེ་བ་ཡིན་ཞིང༌། མདོར་བསྡུ་ན། དངོས་སུ་འགལ་བ་བརྗོད་པ་དང༌། ཤུགས་ལ་འགལ་བ་བརྗོད་པ་གཉིས་སུ་འདུས་ལ། དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུ། གཉིས་པ་ལ་ཆོས་ཅན་ལ་འགལ་བ་བརྗོད་པ་དང༌། ཆོས་ལ་འགལ་བ་བརྗོད་པ་གཉིས། དང་པོ་ལ། ཆོས་ཅན་གྱི་ངོ་བོ་ལ་བརྗོད་པ་དང༌། ཁྱད་པར་ལ་བརྗོད་པ་གཉིས་ཏེ། དེ་དག་ནི་བཤད་མ་ཐག་པ་དེ་དག་དང་སྦྱོར་བ་ཡིན་ནོ། །དེ་སྐད་དུ་ཡང༌། ཞེ་འདོད་དང་ནི་སྨྲས་པ་གཉིས། །སྒྲུབ་བྱ་ཉིད་དུ་མཚུངས་པའི་ཕྱིར། །གཞན་དོན་སྒྲུབ་པའི་འགལ་བ་སོགས། །འགལ་བ་གསུམ་པར་འདིར་མི་བཞེད། །དངོས་ཤུགས་ཆོས་དང་ཆོས་ཅན་གྱི། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཞེས་གསུངས་སོ། །མིག་སོགས་ཀྱི་སོགས་ཁོངས་ནས། མིག་སོགས་རྐྱེན་གསུམ་འཛིན་པའི་ལུགས་དང༌། མིག་སོགས་དབང་པོ་ལྔ་ཆོས་ཅན་དུ་འཛིན་པའི་ལུགས་དང༌། མིག་སོགས་ཤེས་བྱ་ཉེར་བཞི་པོ་ཆོས་ཅན་དུ་འཛིན་པའི་ལུགས་དང་གསུམ་སྣང་ཡང༌། ཕྱི་མ་ཉིད་གྲངས་ཅན་གྱི་ཞེ་འདོད་ལ་འགྲིག་པར་སྣང་ལ། གྲངས་ཅན་འདོད་པའི་གཙོ་བོ་དང༌། ཆེན་པོ་མེད་ཀྱང༌། ཕལ་ཆེ་བའི་དབང་དུ་བྱས་ནས་འགལ་རྟགས་སུ་བཞག་པས་ཕྱོགས་ཆོས་མ་གྲུབ་པའི་ཉེས་པ་ལ་རྩོད་པར་མི་མཛད་དོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་རྣལ་ལོག་གང་དུ་ཡང་མ་ངེས་པའོ། །དབྱེ་ན་ཐུན་མོང་མིན་པའི་མ་ངེས་པ་དང༌། ཐུན་མོང་གི་མ་ངེས་པ་གཉིས་སོ། །དང་པོ་ལ་མཚན་ཉིད་དང༌། དབྱེ་བ་གཉིས། དང་པོ་ནི། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་དེས། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་ལ་ཡང་ཡོད་པར་ཚད་མས་མ་ངེས་པའོ། །དེ་ལ་དབྱེ་ན་ཕྱོགས་གཉིས་ཀ་ལ། མེད་ནས་མ་མཐོང་བ་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་ལ་ལྟ་བུའོ། །འདི་ཡང་སྒྲ་བྱས་པར་ནི་ཤེས། བྱས་མི་རྟག་གི་འབྲེལ་པ་མི་ཤེས་པའི་ངོར། བཀོད་པའི་དབང་དུ་བྱས་སོ། །མཐུན་ཕྱོགས་ལ་མེད། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ་མ་བྱས་པས་ནམ་མཁའ་མི་རྟག་པར་སྒྲུབ་པ་ལྟ་བུ། འདི་ཡང་འབྲེལ་པ་མི་ཤེས་པའི་རྒོལ་བའི་ངོར་བཀོད་པའི་དབང་དུ་བྱས་སོ། །དེ་སྐད་དུ། ཕྱོགས་མིན་གཞན་ལ་མ་གྲུབ་པ། །ཐུན་མོང་མ་ཡིན་དབྱེ་ན་བཞི། །ཞེས་གསུངས་སོ། །གཉིས་པ་ཐུན་མོང་གི་མ་ངེས་པ་ལ་མཚན་ཉིད་ནི། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀའམ་གང་རུང་ལ་ཚད་མས་མཐོང་བའོ། །དབྱེ་ན་དངོས་ཀྱི་དང༌། ལྷག་ལྡན་གྱི་མ་ངེས་པའོ། །དང་པོ་ལ་མཚན་ཉིད་ནི། གང་ཞིག་དེས་ཁྱོད་གཉིས་ཀ་ལ་ཚད་མས་མཐོང་བའོ། །དབྱེ་ན། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ། སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པ་ལྟ་བུ། འདི་ལ་མི་ཤེས་པ་དག རི་བོང་གི་རྭ་ཆོས་ཅན། གཞལ་བྱར་ཐལ། རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་དངོས་འགལ་དུ་སོང་ཟེར་བ་ནི་ལྷག་ཆོད་འབའ་ཞིག་སྟེ། འདི་ལྟར་རྟག་པ་མ་ཡིན་པ་ཆོས་ཅན། གཞལ་བྱའི་ཁྱབ་བྱེད་ཡིན་པར་ཐལ། དེ་ལས་ཐ་དད་དེ་ལོག་སྟོབས་ཀྱིས་ཁྱོད་ལྡོག་པའི་ཕྱིར། འདོད་ན། རི་བོང་གི་རྭ་ཆོས་ཅན། དེར་ཐལ། རྟག་པ་མ་ཡིན་པའི་ཕྱིར། གསུམ་ཀར་དངོས་འགལ་དུ་ཅིའི་ཕྱིར་ཁས་མ་བླངས། ཡང་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ་ལུས་ཅན་མིན་པ་རྟགས་སུ་བཀོད་པ་ལྟ་བུ། འདི་ཡང་བྱེ་བྲག་པས། འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་ཅན་གྱི་གཞི་མཐུན་དུ་འདོད་པའི་བསམ་པ་ལ་ལྟོས་ནས་དེ་ལྟར་བཞག་པ་ཡིན་ལ། རང་གི་ལུགས་ཁས་ལེན་པའི་ངོར་ནི། དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མཉན་བྱ་བཀོད་པ་ལྟ་བུའོ། །གསུམ་པ་མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ནི། སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུའོ། །བཞི་པ་མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ནི། སྒྲ་རྩོལ་མ་བྱུང་དུ་སྒྲུབ་པ་ལ། མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཇི་སྐད་བཤད་པ་འདི་དག་ལ་དངོས་ཀྱི་མ་ངེས་པ་ཞེས་བྱ་སྟེ། སྐབས་བབ་ཀྱི་རྒོལ་བས་ཕྱོགས་གཉིས་ཀ་ཚད་མས་ངེས་པའི་སྒོ་ནས་ཁྱབ་པ་ལ་དངོས་སྐྱོན་མཐོང་པའི་ཕྱིར་རོ། །གཉིས་པ་ལྷག་ལྡན་གྱི་མ་ངེས་པའི་རྟགས་ལ། མཚན་ཉིད་ནི། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་པོ་གང་རུང་ལ་ཡོད་པར་མཐོང་ཞིང༌། གཅིག་ཤོས་ལ་མེད་པར་མ་མཐོང་བའོ། །དབྱེ་ན། ཡང་དག་ལྷག་ལྡན་དང༌། འགལ་བ་ལྷག་ལྡན་གཉིས་སོ། །དང་པོ་ལ་མཚན་ཉིད་ནི་གང་ཞིག ཁྱོད་དེ་སྒྲུབ་ཀྱི་དེར་སོང་བའི་རྒོལ་བས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མཐོང་ཞིང༌། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་མ་མཐོང་བའོ། །དབྱེ་ན། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། ལམ་པོ་ཆེའི་སྐྱེས་བུ་ཆོས་ཅན། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུ། མེད་ཀྱང་མི་འགལ་བ་ལ་ཕར་བལྟས་ཀྱི་སྐྱེས་བུ་ཆོས་ཅན། སྔོ་སངས་ཡིན་ཏེ། ལྷ་བྱིན་གྱི་བུ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། འགལ་ཡང་མ་ངེས་པ་ནི་བྱས་པ་དང་རྟག་པ་འགལ་བར་མི་ཤེས་པ་ལ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ། གཉིས་པ་ལ་མཚན་ཉིད་ནི། གང་ཞིག དེས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ཚད་མས་མཐོང་ལ། མཐུན་ཕྱོགས་ལ་མེད་པར་མ་མཐོང་བའོ། །དབྱེ་ན། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། ཐམས་ཅད་མཁྱེན་པ་ཡིན་ཏེ་ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུ། མེད་ཀྱང་མི་འགལ་བ། ཁ་ཕར་ལྟའི་སྐྱེས་བུ་དཀར་ཤམ་ཆོས་ཅན། སྔོ་སངས་མིན་ཏེ། ལྷ་བྱིན་གྱི་བུ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། འགལ་ཡང་མ་ངེས་པ། བྱས་པ་དང་རྟག་པ་འགལ་བར་མི་ཤེས་པ་ལ། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདི་དག་ལ་ལྷག་ལྡན་གྱི་གཏན་ཚིགས་ཞེས་གསུངས་ཏེ། རྟགས་ཡང་དག་གམ་འགལ་བའི་རྟགས་སུ་འཇོག་པའི་བྱེད་ཆོས་ཕལ་ཆེར་ཚང་ཡང་ལྷག་མ་ཅུང་ཟད་ལུས་པའི་སྒོ་ནས་མ་ངེས་པའི་རྟགས་སུ་བཞག་པའི་ཕྱིར། དེ་དག་ནི་རིགས་པའི་གཏེར་ལས་གསུངས་པ་བཞིན་ཡིན་ལ། དོན་འདིར་རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེ་ཡང་བཞེད་པར་སྣང་སྟེ། རྣམ་ངེས་ཀྱི་རྣམ་བཤད་དེས་མཛད་པ་ལས། བྱས་པས་སྒྲ་རྟག་པར་སྒྲུབ་པ་ཡང༌། ངེས་པ་མཚན་ཉིད་དུ་མི་འདོད་པ་ནི་འགལ་བ་ཁོ་ནར་འདོད་ལ། ངེས་པ་མཚན་ཉིད་དུ་འདོད་པས་ནི། མ་ངེས་ན་གཞི་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་དང༌། ངེས་ཀྱང་རྟག་པ་ལ་གསལ་ན་ཤེས་འདོད་མེད་པའི་མ་གྲུབ་པ་དང༌། མ་གསལ་ཡང་བྱས་པར་མ་ངེས་ན། ཐེ་ཚོམ་ཟ་བའི་མ་གྲུབ་པ་དང༌། བྱས་པར་ངེས་ཀྱང་མི་རྟག་པ་ལ་བྱས་པ་མ་མཐོང་ན། གཉིས་ཀ་ལ་ཐེ་ཚོམ་ཟ་བ་དང༌། མཐོང་ཡང་དེ་དང་རང་བཞིན་འབྲེལ་པ་མ་གྲུབ་ན། ལྡོག་པ་མ་གྲུབ། རྗེས་འགྲོ་ལ་ཐེ་ཚོམ་ཟ་བ་དང༌། རང་བཞིན་འབྲེལ་པ་གྲུབ་ན་འགལ་བར་འདོད་པ་ཡིན་ནོ། །བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ཡང་ངེས་པ་མཚན་ཉིད་དུ་མི་འདོད་པས། ཡང་དག་ཁོ་ནར་སྨྲ་ལ་ངེས་པ་མཚན་ཉིད་དུ་འདོད་པས་ནི། སྒྲ་མ་ངེས་ན། གཞི་ལ་ཐེ་ཚོམ་ཟ་བའི་མ་གྲུབ་པ་དང༌། ཐ་སྙད་ངེས་ཀྱང་མི་རྟག་པར་ངེས་ཟིན་ན་ཤེས་འདོད་མེད་པའི་མ་གྲུབ་པ་དང༌། ངེས་མ་ཟིན་ཀྱང་བྱས་པར་མ་ངེས་ན་ཐེ་ཚོམ་ཟ་བའི་མ་གྲུབ་པ་དང༌། བྱས་པར་ངེས་ཀྱང་མི་རྟག་པ་ལ་མ་མཐོང་ན་གཉིས་ཀ་ལ་ཐེ་ཚོམ་ཟ་བ་དང༌། མཐོང་ཡང་རང་བཞིན་འབྲེལ་པ་མ་གྲུབ་ན། ལྡོག་པ་ལ་ཐེ་ཚོམ་ཟ་བ་དང༌། རང་བཞིན་འབྲེལ་པ་གྲུབ་ན་ཡང་དག་གོ་ཞེས་སོགས་རྒྱ་ཆེར་སྦྱར་ནས་གསུངས་སོ། །དིང་སང་འདི་ན་ཕྱྭ་པའི་རྗེས་སུ་འཇུག་གོ་ཞེས་སྐད་ཀྱི་གཟེངས་བསྟོད་ནས་སྨྲ་ཞིང༌། དེའི་ལེགས་བཤད་ལས་ཕྱི་རོལ་དུ་གྱུར་པ་ཁོ་ནར་སྣང་ངོ༌། །གསུམ་པ་མ་གྲུབ་པའི་གཏན་ཚིགས་ལ། མཚན་ཉིད། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་མ་གྲུབ་པའོ། །དབྱེ་བ་ལ། རིགས་པའི་དབང་ཕྱུག་ཕྱྭ་པ་ནི་བདུན་དུ་གྲངས་ངེས་པར་མཛད་དེ། ཆོས་ཅན་གཏན་མེད་པ། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་བ། སྒྲ་མཉན་བྱར་སྒྲུབ་པ་ལྟ་བུ་ཤེས་འདོད་མེད་པ། རྟགས་ཀྱི་ངོ་བོ་མེད་པ། ཡོད་ཀྱང་རྩོད་གཞིའི་སྟེང་དུ་མེད་པ། རྩོད་གཞི་དང་རྟགས་ཐ་དད་མེད་པ། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང་བདུན་དུ་ངེས་ལ། ཆོས་རྟགས་ཐ་དད་མེད་པ། གཞི་རྟགས་ཐ་དད་མེད་པ། གཞི་ཆོས་ཐ་དད་མེད་པ། གཏན་ཚིགས་ཀྱི་ཕྱོགས་གཅིག་མེད་པ་སོགས་ཀྱང་དེར་མ་འདུས་པ་མེད་ཅེས་བཞེད། རིགས་གཏེར་ལས་ནི། ཕྱོགས་ཆོས་དོན་ལ་མ་གྲུབ་པ། བློ་ངོ་ལ་མ་གྲུབ་པ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་དང་གསུམ། དང་པོ་ལ་ཆོས་ཅན་གྱི་ངོ་བོ་མ་གྲུབ་པ། རྟགས་ཀྱི་ངོ་བོ་མ་གྲུབ་པ། དེའི་ཕྱོགས་རེ་ལ་མ་གྲུབ་པའོ། །དང་པོ་ལ། ཆོས་ཅན་གྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་དང༌། སྲིད་ཀྱང་རྩོད་གཞིར་མ་གྲུབ་པ་གཉིས། རྟགས་ཀྱི་ངོ་བོ་མ་གྲུབ་པ་ལ། རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་དང༌། སྲིད་ཀྱང་ཤེས་འདོད་དང་མ་འབྲེལ་བ་གཉིས། གཉིས་པ་ལ། ངོ་བོ་མིན་ནས་མ་གྲུབ་པ་དང༌། ལྡོག་པ་ཐ་དད་མེད་ནས་མ་གྲུབ་པ་གཉིས། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང༌། ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པ་གཉིས་སོ། །ཕྱོགས་རེ་ལ་མ་གྲུབ་པ་ལ། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མེད་པ་དང༌། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མེད་པའོ། །ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། དེ་གཉིས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བ་དང་གསུམ། རྒོལ་བ་ལ་ལྟོས་ཏེ་མ་གྲུབ་ལ། སྔར་རྒོལ་ལ་མ་གྲུབ་པ་དང༌། ཕྱིར་རྒོལ་ལ་མ་གྲུབ་པ་གཉིས་ཏེ་བཅུ་གཉིས་མཛད་དོ། །དཔེར་བརྗོད་ནི་རྟོགས་སླ་བའི་ཕྱིར་མ་བྲིས་སོ། །འགའ་ཞིག་གཞི་ཆོས་ཐ་དད་མེད་པའི་མ་གྲུབ་པ་ཞེས་ཀྱང་མཛད་མོད། ཁོ་བོ་ནི། མི་རྟག་པ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལ་ཕྱོགས་ཆོས་ཤིན་ཏུ་ཡང་གྲུབ་པར་སེམས་ཏེ། གཞུང་དུ་ཤེས་བྱ་དང༌། ཤེས་བྱེད་ཐ་དད་མེད་པ་ལ་ཕྱོགས་ཆོས་བཀག་ཀྱང༌། འདི་ལ་ཕྱོགས་ཆོས་བཀག་པ་མེད་པའི་ཕྱིར་དང༌། མཚོན་བྱ་མཚོན་བྱར་མཚོན་པའི་མཚོན་སྦྱོར་ཡང་དག་སྲིད་པ་བཞིན་ནོ་སྙམ་མོ། །གསུམ་པ་དེ་དག་གི་ངེས་པ་བཤད་པ་ལ་གསུམ་སྟེ། མཚན་ཉིད་ཀྱི་གྲངས་ངེས་བསམ་པ། མཚན་གཞིའི་ནུས་པ་ངེས་པ་བསམ་པ། མཚོན་བྱའི་རྟེན་ངེས་པ་བསམ་པའོ། །དང་པོ་ནི། སྤྱིར་རྟགས་སུ་བཀོད་པ་ལ། རྟགས་རྩོད་གཞིའི་སྟེང་དུ་གྲུབ་པ་དང༌། མ་གྲུབ་པ་གཉིས་སུ་ངེས། ཕྱི་མ་ནི་མ་གྲུབ་པའི་གཏན་ཚིགས་སུ་ངེས། དང་པོ་ལ། ཕྱོགས་གཉིས་ཀ་རྒོལ་བའི་ཚད་མས་མ་མཐོང་བ་དང༌། མི་མཐུན་ཕྱོགས་ལ་མཐོང༌། མཐུན་ཕྱོགས་ལ་མ་མཐོང་བ་གཉིས་སོ། །དང་པོ་ལ་མི་མཐུན་ཕྱོགས་ལ་མེད་པར་ཚད་མས་མཐོང་བ་དང༌། མེད་པར་ཡང་མ་མཐོང་ཡོད་པར་ཡང་མ་མཐོང་བ་གཉིས། དང་པོ་ནི། རྟགས་ཡང་དག་ཏུ་ངེས། གཉིས་པ་ཡང་དག་ལྷག་ལྡན་དུ་ངེས། གཉིས་པ་ལའང༌། མཐུན་ཕྱོགས་ལ་མེད་པར་མཐོང་བ་དང༌། དེར་མ་མཐོང་ཞིང་ཡོད་པར་ཡང་མ་མཐོང་བ་གཉིས། དང་པོ་ནི། འགལ་བའི་གཏན་ཚིགས། གཉིས་པ་ནི་འགལ་བ་ལྷག་ལྡན་དུ་ངེས་སོ། །དེ་ནི་རགས་པ་ཡིན་ལ། གསལ་པའི་དབྱེ་བ་སོ་སོ་ལ་ཡང་ཞིབ་མོར་རིགས་པས་དཔགས་ཏེ་མཚན་ཉིད་ཀྱི་ངེས་པ་ཁོང་དུ་ཆུད་པར་བྱའོ། །དེ་སྐད་དུ། མཐའ་གཞན་འགོག་པའི་རིགས་པ་ཡིས། །རྟགས་སུ་བཀོད་པ་བཞི་རུ་ངེས། །ཞེས་སོགས་སོ། །གཉིས་པ་མཚན་གཞིའི་ནུས་པ་ངེས་པ་ནི། མ་གྲུབ་པའི་རྟགས་ཀྱིས་ནི། རྩོད་གཞིའི་སྟེང་དུ་སྒྲུབ་བྱ་ལ་ངེས་པ་དང༌། ཐེ་ཚོམ་གང་ཡང་མི་བསྐྱེད་དོ། །མ་ངེས་པའི་རྟགས་ཀྱིས་སྒྲུབ་བྱ་ལ་ཐེ་ཚོམ་བསྐྱེད་པ་ཡིན་ནོ། །འགལ་བའི་རྟགས་ཀྱི་བསྒྲུབ་བྱ་ལས་བཟློག་པ་ལ་ངེས་པ་བསྐྱེད་པར་བྱེད་དོ། །རྟགས་ཡང་དག་གིས་ནི་བསྒྲུབ་བྱ་ལ་ངེས་པ་བསྐྱེད་པར་བྱེད་དོ། །དེ་སྐད་དུ་ཡང༌། ཕྱོགས་ལ་མཐུ་མེད་སོམ་ཉིད་དང༌། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་སོ། །དེ་ཉིད་ལ་དགོངས་ནས། རྟགས་སུ་བཀོད་པ་བཞི་པོ་ལ། །ནུས་པ་དེ་ཡང་རྣམ་བཞི་ཡོད། །ཅེས་གསུངས་སོ། །ཅི་སྟེ་འགལ་བའི་རྟགས་ལ་བརྟེན་ནས་ལོག་རྟོག་སྐྱེ་བར་རིགས་ཀྱི། ཡང་དག་གི་བསྒྲུབ་བྱ་ལ་ངེས་པ་ཇི་ལྟར་སྐྱེད་སྙམ་ན། ཕྱིར་རྒོལ་བས་བབ་ཅོལ་དུ་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ན། སྔར་རྒོལ་གྱིས་དེ་ལ་འགལ་བར་བརྗོད་པས་རྟོགས་པ་སྐྱེ་བ་ཡིན་ནོ། །ཞེས་སྨྲ་བའི་སེང་གེ་དར་འབག་པ་གསུང་ངོ༌། །འོན་ཀྱང་འགལ་རྟགས་བརྗོད་པའི་བྱེད་པས་ཡང་དག་གི་བསྒྲུབ་བྱ་ལ་རྟོགས་པ་བསྐྱེད་པ་མིན་ཀྱང་སྤྱིར་རིགས་ནས་གསུངས་པ་དེས། སྒྲ་མི་རྟག་པ་ལ་རྟོགས་པ་སྐྱེད་བྱེད་དུ་འཇུག་པས་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་བཞག་པ་ཡིན་ནོ། །གསུམ་པ་མཚོན་བྱའི་རྟེན་ངེས་པ་ལ། ལོ་ཙྭ་བ་ཆེན་པོ་དང་ཇོ་བཙུན་ལ་སོགས་པ་ནི། རྟགས་ཡང་དག་ཡིན་པ་ལ་ཚུལ་གསུམ་ངེས་རུང་ཙམ་གྱིས་ཆོག་པ་ཡིན་ནོ་ཞེས་གསུང་ཞིང༌། ཆོས་ཀྱི་སེང་གེ་དང༌། རིགས་གཏེར་མཛད་པ་ནི། ངེས་པ་མཚན་ཉིད་དུ་དགོས་པར་བཞེད་དོ། །སྨྲ་བའི་སེང་གེ་དར་འབག་པ་ནི། བསྒྲུབ་བྱ་དངོས་སུ་སྒྲུབ་པ་ལ་ཚུལ་གསུམ་ངེས་དགོས་ལ། བསྒྲུབ་བྱ་སྒྲུབ་ནུས་པ་ཙམ་ལ་ནི་ཚུལ་གསུམ་ངེས་རུང་གིས་ཆོག་པ་ཡིན་ནོ་ཞེས་གསུང་ངོ༌། །ཡིད་འོང་རྟགས་ཀྱི་རི་མོ་ཡ་མཚན་ཅན། །གསལ་བར་འཆར་བའི་བློ་མཚོའི་མེ་ལོང་ནི། །ལ་ལའི་མགྲིན་པར་ཐོགས་པ་འགའ་ཡོད་ན། །ངོ་མཚར་ལེགས་བཤད་ལྟད་མོ་འདི་ལོངས་ཤིག །ཅེས་ཉེ་བར་སྦྱར་བ་ཡིན་ནོ།། ༈ །།ཆོས་ཀྱི་དེ་ཉིད་ལེགས་གཟིགས་ཤིང༌། །རྟག་པར་གཞན་ལ་ཕན་དགོངས་པས། རིགས་ཤིང་གྲོལ་བར་སྟོན་མཛད་པ། །དཔལ་ལྡན་གྲགས་པའི་ཞབས་དེར་དད། །འདི་ན་ཁྱོད་གཞུང་འཛིན་རློམ་འགའ། ཁྱོད་ཀྱི་གཞུང་ལས་ཕྱིར་ཕྱོགས་པའི། །ལོག་པའི་རྟོག་གེས་རབ་བསླུས་ནས། །ཁྱོད་ཀྱི་རིང་ལུགས་མཐོང་མ་ནུས། །དེ་ཕྱིར་འདི་ན་འཆད་རྣམས་ཀྱི། །རྗེས་འབྲང་མིན་པར་རང་བློ་ཡིས། །རྣམ་པར་དཔྱད་གང་ཁྱོད་གཞུང་གིས། །དགོངས་པར་འཆད་ལ་སྤྲོ་བ་སྐྱེས། །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པའི་རྒྱུ་བསྟན་ནས། ད་ནི་གོང་དུ་བཤད་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བསྟན་བྱའི་གཙོ་བོར་བྱས་ནས་གཞན་རྗེས་སུ་འཛིན་པའི་ངག་ལ་གཉིས་ཏེ། རྒོལ་བ་ཐེ་ཚོམ་ཅན་རྗེས་སུ་འཛིན་པའི་ཡན་ལག་སྒྲུབ་པའི་ངག་དང༌། ལོག་རྟོག་ཅན་ཚར་གཅོད་པའི་ཡན་ལག་ཐལ་འགྱུར་གྱི་ངག་གོ །ལོག་རྟོག་དང་ཐེ་ཚོམ་འགལ་བ་ནི་མིན་ཏེ། ལྐོག་གྱུར་གྱི་དོན་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་ན་ཐེ་ཚོམ་ཡིན་དགོས་པའི་ཕྱིར། དེ་ལྟར་གཉིས་ལས་དང་པོ་འཆད་པ་ལ། སྒྲུབ་པ་ཡང་དག་དང༌། ལྟར་སྣང་ངོ༌། །དང་པོ་ལ་མཚན་ཉིད་མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ། རྣམ་བཞག་གཏན་ལ་བབ་པ་དང་བཞིས་བཤད་པར་བྱའོ། །དང་པོ་ནི། ཚད་མའི་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་གསུངས། འདི་ལ། ཆོས་ཀྱི་སྤྱན་ལྡན་ལོ་ཙྭ་བ་ནི། གསལ་བྱེད་ཅེས་པས་ངོ་བོའི་ཁྱད་པར་བསྟན། རབ་ཅེས་པས་བྱེད་པའི་ཁྱད་པར་བསྟན། དེའི་རྒྱུ་མཚན་ཡང༌། བསྒྲུབ་བྱ་ལ་དམིགས་པའི་རྗེས་དཔག་སྐྱེད་བྱེད་དུ་བསྟན་པའི་ཕྱིར། དོན་ཞེས་པས་བརྗོད་བྱའི་ཁྱད་པར་བསྟན། རང་གི་མཐོང་བ་ཞེས་པས་ཀུན་སློང་གི་ཁྱད་པར་བསྟན། ཞེས་གསུང༌། རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེ་ན་རེ། རབ་ཅེས་པ་གསལ་བྱེད་ཀྱི་ཁྱད་པར་མིན་པར་ཐལ། གསལ་བྱེད་ཅེས་པ་རྟགས་གསལ་བར་བྱེད་པ་ཡིན་ལ། རབ་ཅེས་པ་བསྒྲུབ་བྱ་ལ་རྨོངས་པ་གཅོད་བྱེད་ཡིན་པས་བརྗོད་བྱ་འགལ་བ་ལ་འཇུག་པའི་ཕྱིར་ཞེས་སྐྱོན་བརྗོད་ནས། དོན་ཞེས་པ་ཚུལ་གསུམ་ལ་ཟེར་ལ། མཐོང་བ་ཞེས་པ་ནི། ཚུལ་གསུམ་པོ་དེ་ཡང་རྒོལ་བའི་ཚད་མས་ངེས་པ་ལ་བྱ་ལ། རབ་གསལ་ཞེས་པ་དོན་དེ་ཉིད་རྒོལ་བ་གཞན་ལ་མི་བསླུ་བའི་ཡུལ་དུ་གྲུབ་པར་སྟོན་པའོ་ཞེས་གསུང་ངོ༌། །རིགས་གཏེར་མཛད་པའི་ལུགས་འཆད་པ་ལ་གཞན་གྱི་འཆད་ཚུལ་མི་འཐད་པ་དང༌། རང་གི་ལུགས་སོ། །དང་པོ་ནི། ཁ་ཅིག་ན་རེ། ཚད་མ་རིགས་པའི་གཏེར་ལས། བློ་དོན་སྒྲའི་སྐྱོན་གསུམ་སེལ་བའི་དབང་དུ་བྱས་ནས་མཐོང་དོན་རབ་གསལ་ཞེས་བྱ་བའི་ཚིག་གསུམ་པོ་གསུངས་པར་བཞེད་པས། དེ་ལྟར་རིགས་སོ་ཞེས་ཟེར་བ་དག་སྣང་མོད། ཚད་མ་རིགས་པའི་གཏེར་དུ་དེ་ལྟར་གསུངས་པ་མེད་ཅིང༌། མཚན་ཉིད་ཀྱི་ཟུར་གསུམ་པོ་དེས་སྐྱོན་གསུམ་སེལ་ཚུལ། སོ་སོ་བ་དེ་ལྟར་ངེས་པ་མིན་ཏེ། རང་གི་མཐོང་བ་ཞེས་པས་སྒྲུབ་ངག་ཏུ་འཇོག་པ་ལ་གེགས་སུ་གྱུར་པའི་བློ་སྐྱོན་མ་ལུས་པ་སེལ་བར་མ་ནུས་པའི་ཕྱིར་དང༌། དོན་ཞེས་པས་དེའི་དོན་སྐྱོན་མཐའ་དག་སེལ་བར་མི་ནུས་པའི་ཕྱིར་དང༌། རབ་གསལ་བྱེད་ཅེས་པའང་སྒྲ་སྐྱོན་ཁོ་ན་སེལ་བྱེད་དུ་མ་ངེས་ཤིང༌། དེས་སེལ་བར་མི་ནུས་པའི་སྒྲ་སྐྱོན་འགའ་ཞིག་དམིགས་པའི་ཕྱིར། དེ་ཡང་འདི་ལྟར། རང་གི་མཐོང་བ་ཞེས་པས་ཚུལ་གསུམ་སྒྲུབ་ངག་འགོད་མཁན་གྱི་རྒོལ་བ་རང་གི་ཚད་མས་མི་ཤེས་པའི་དུས་ཀྱི་ངག་ཐམས་ཅད་གཞན་དོན་རྗེས་དཔག་ཡིན་པ་སེལ་ནུས་ཀྱང༌། ཚུལ་གསུམ་རྒོལ་བ་གཞན་གྱིས་མི་ཤེས་པའི་དུས་དེར་བཀོད་པའི་ངག་གཞན་དོན་རྗེས་དཔག་ཡིན་པ་སེལ་མི་ནུས་པའི་ཕྱིར་ཏེ། དེ་འདྲ་དེ་ནི་རབ་གསལ་བྱེད་ཅེས་པའི་ཚིག་ལ་བརྟེན་ནས་སེལ་དགོས་པའི་ཕྱིར། དེ་དགོས་པ་ཡིན་ཏེ། འདིར་རབ་གསལ་ཞེས་པའི་དོན་ནི། རྒོལ་བས་ཚུལ་གསུམ་པ་ཅན་གྱི་ངག་བརྗོད་པ་ལས་ཚུལ་གསུམ་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་འཕངས་པ་ལ་བྱ་དགོས་ལ། དེ་ཡང་ཚུལ་གསུམ་རྒོལ་བ་གཞན་གྱི་ཚད་མས་ཤེས་པ་སྔོན་དུ་སོང་བ་ལ་རག་ལས་པའི་ཕྱིར། རྩ་བའི་རྟགས་གཉིས་པའང་གྲུབ་ཏེ། དོན་ཞེས་པས་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་སེལ་མི་ནུས་པའི་ཕྱིར་དང༌། ཉེར་སྦྱོར་དང༌། མཇུག་བསྡུད་རྣམས་ཀྱང༌། སྒྲུབ་ངག་གི་བརྗོད་བྱར་འཇོག་པ་སེལ་མི་ནུས་པའི་ཕྱིར་དང༌། རྩ་བའི་རྟགས་གསུམ་པའང་གྲུབ་སྟེ། ལུས་ཀྱིས་བརྡ་བྱས་པ་ཙམ་ལས་ཕྱིར་རྒོལ་གྱི་རྒྱུད་ལ་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པ་ཞིག་ཡོད་ལ། དེ་ལ་ཡང་རབ་ཏུ་གསལ་བ་ཞེས་བྱ་བའི་ཁྱད་པར་འདི་དང་ལྡན་པའི་ཕྱིར་ཏེ། མེ་དུའི་འབྲེལ་པ་ཤེས་པའི་རྒོལ་བའི་ངོར། ལག་པའི་བརྡས་དུ་བ་བསྟེན་པ་ཙམ་གྱིས་རྒོལ་བས་དུ་བའི་རྟགས་ཀྱིས་ལ་མེ་ལྡན་དུ་སྒྲུབ་པའི་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པ་མཐོང་བའི་ཕྱིར། དེ་ནི་དེས་སེལ་བར་མ་ནུས་པའི་སྒྲ་སྐྱོན་ནོ། དེ་ལྟར་གཞན་གྱི་འདོད་པ་སུན་ཕྱུང་ནས། གཉིས་པ་རང་གི་འདོད་པ་ནི། རང་གི་མཐོང་བ་ཞེས་པ་དང༌། དོན་ཞེས་པ་གཉིས་ནི་སྒྲུབ་ངག་ཡང་དག་གི་དངོས་ཀྱི་རིགས་མི་མཐུན་སེལ་བྱེད་མ་ཡིན་གྱི། སྒྲུབ་ངག་ཡང་དག་གི་དངོས་ཤུགས་ཅི་རིགས་ལ་འཕངས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་ཡིན་པ་གཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་ཏེ། དེ་སྐད་དུ། དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཅེས་དང༌། དོན་སྨོས་དེ་ནི་སྒྲ་དང༌། ཞེས་དང༌། དོན་ལས་དོན་ནི་སྒྲུབ་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་འདི་གཉིས་ཀྱི་དོན་ནི། གཞན་དོན་རྗེས་དཔག་ཡིན་ན། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱར་བྱ་དགོས་སོ་ཞེས་དང༌། དེ་ཡིན་ན། དེའི་དེར་གྱུར་པའི་ཚུལ་གསུམ་པོ་དེ་རྒོལ་བ་རང་གི་ཚད་མས་ཤེས་པ་གཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །ཕྱི་རབས་པ་གང་དག མཐོང་བ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཆོས་སྔ་རྒོལ་གྱིས་ཚད་མས་མ་གྲུབ་པའི་རྟགས་ཡང་དག་ཡོད་པ་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་དང༌། ཡང་དེའི་མཚན་ཉིད་འཆད་པའི་ཟུར་དུ་དོན་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྟག་པར་ལུང་ལས་བཤད་པ་སོགས་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་སྤང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ཟེར་བ་དེ་དག་གིས་ནི། ལེགས་པར་མ་ཤེས་པ་ཡིན་ཏེ། དེ་ལྟ་ན། གཞན་དོན་རྗེས་དཔག་གི་མཚན་ཉིད་ཀྱི་ཟུར་སོ་སོ་པ་འཆད་པའི་ཚིག་གཉིས་པོ་དེ་གཏན་ཚིགས་ཡང་དག་གི་རིགས་མི་མཐུན་སེལ་བྱེད་དུ་ཧ་ཅང་ཐལ་བའི་ཕྱིར་དང༌། གཏན་ཚིགས་ཡང་དག་གི་རིགས་མི་མཐུན་མཐའ་དག་ནི། དེའི་མཚན་ཉིད་དུ་བཤད་པའི་ཚུལ་གསུམ་པོ་ཉིད་ཀྱིས་བསལ་ཟིན་པའི་ཕྱིར་ཏེ། སྔ་མ་ནི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་ངེས་པ་ཞེས་པའི་ཚིག་གིས་བསལ་ཟིན་ལ། གཉིས་པ་ནི། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་པས་བསལ་ཟིན་པའི་ཕྱིར་རོ། །དེ་ལྟར་བྱས་པ་ན། རྗོད་བྱེད་སྒྲུབ་ངག་ཉིད་ཀྱི་རིགས་མི་མཐུན་མཐའ་དག་ནི། རབ་གསལ་བྱེད་ཅེས་པའི་ཚིག་གིས་སེལ་པར་བྱེད་པ་ཡིན་ཏེ། རྣམ་པར་ངེས་པ་ལས། ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ། ཞེས་གསུངས་པས་སོ། །འདིར་འགྲེལ་པ་བྱེད་པ་དག་གིས་ནི། རབ་ཅེས་པ་ལ་འབྲུ་མ་གཉེར་ལ། བོད་ཕྱི་རབས་པ་ཕལ་ཆེར་ནི། རབ་ཏུ་གསལ་བྱེད་ཅེས་པར་འཆད་ལ། ཕྱཱ་རྔོག་གཉིས་ཀྱིས་རབ་ཅེས་པ་བསྒྲུབ་བྱ་ལ་འཆད་དོ། །གཞན་དོན་རྗེས་སུ་དཔག་པའི་རིགས་མི་མཐུན་ནི་གསུམ་སྟེ། དོན་སྐྱོན་དང༌། བློ་སྐྱོན་དང༌། སྒྲ་སྐྱོན་ནོ། །དེ་སྐད་དུ་ཡང༌། དོན་བློ་སྒྲ་ཡི་དབྱེ་བ་ཡིས། །ལྟར་སྣང་དེ་ཡང་རྣམ་པ་གསུམ། །ཞེས་གསུངས་སོ། །དེ་ལས་དོན་གྱི་སྐྱོན་ནི། རྒོལ་བས་ཚུལ་གསུམ་མི་ཤེས་བཞིན་དུ་བརྗོད་པའམ། ཤེས་བཞིན་དུ་མ་ཚང་བར་བརྗོད་པའམ། ལྷག་པོར་བརྗོད་པའམ། དམ་བཅའ་དང་མཇུག་བསྡུད་བརྗོད་པ་ལྟ་བུའོ། །འདིར་ཚུལ་གསུམ་མ་ཚང་བ་ནི་སྒྲུབ་ངག་གི་སྐྱོན་མིན་ཏེ། དེའི་བརྗོད་བྱར་གྱུར་པའི་རྟགས་ཀྱི་སྐྱོན་ཡིན་པའི་ཕྱིར། བློའི་སྐྱོན་ནི། སྒྲུབ་ངག་ཡང་དག་དང༌། ལྟར་སྣང་གི་མཚན་ཉིད་དང༌། རྣམ་པར་དབྱེ་བ་མི་ཤེས་ཤིང༌། དེའི་བརྗོད་བྱ་གཏན་ཚིགས་ཀྱི་མཚན་ཉིད་དང༌། རྣམ་པར་དབྱེ་བ་ཤེས་ནས་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་བཀོད་པ་ལྟ་བུའོ། །དེ་དེར་སྒྲུབ་པ་ནི། གང་རང་གི་མཚན་ཉིད་མི་ཤེས་བཞིན་དུ་བཀོད་པའི་སྒྲུབ་ངག་ཡིན་ན། སྒྲུབ་ངག་ལྟར་སྣང་བ་ཡིན་པས་ཁྱབ་སྟེ། དཔེར་ན་གང་རང་གི་མཚན་ཉིད་མི་ཤེས་བཞིན་དུ་བཀོད་པའི་གཏན་ཚིགས་ཡིན་ན། བློ་སྐྱོན་ཅན་གྱི་གཏན་ཚིགས་ལྟར་སྣང་ཡིན་དགོས་པ་བཞིན་ནོ། །གསུམ་པ་སྒྲ་སྐྱོན་ནི། ངག་མི་གསལ་བར་བརྗོད་པ་དང༌། ངག་འཕྲོ་ཅན་དུ་བརྗོད་པ་དང༌། རྣམ་དབྱེ་གསུམ་པ་དང་ལྔ་པ་སྦྱར་ནས་བརྗོད་པ་ལྟ་བུ་ཡིན་ལ། དེ་ལྟ་ན་ཡང་རྣམ་དབྱེ་གསུམ་པ་སྦྱར་བ་ནི། གཏན་ཚིགས་ཐིགས་པ་ན་ཡང་སྣང་བས། ཅུང་ཟད་རྣམ་པར་དཔྱད་དགོས་སོ། །དེ་ལྟར་སྐྱོན་གསུམ་པོ་དེ་དག་ཐམས་ཅད་རབ་གསལ་བྱེད་ཅེས་པའི་ཚིག་གིས་སེལ་ནུས་པ་ཡིན་ཏེ། སྐྱོན་དེ་གསུམ་གང་རུང་དང་ལྡན་ན། ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་གསལ་བར་འཕེན་མི་ནུས་པའི་ཕྱིར་རོ། །འདིར་ཚུལ་གསུམ་རྒོལ་བའི་ཚད་མས་མི་ཤེས་པ་རྗོད་བྱེད་སྒྲུབ་ངག་གི་བློ་སྐྱོན་དུ་འཆད་པ་རིགས་པའི་གཏེར་གྱི་དགོངས་པ་མིན་ཏེ། དེ་ནི་བརྗོད་བྱ་གཏན་ཚིགས་ཀྱི་བློ་སྐྱོན་ཡིན་པའི་ཕྱིར། དེ་ལྟར་ན། དོན་ཞེས་པས་ངག་དེའི་བསྟན་བྱའི་གཙོ་བོར་གྱུར་པའི་རྟགས་དེ་ལ་ཚུལ་གསུམ་ཚང་དགོས་པར་བསྟན། རང་གིས་མཐོང་བ་ཞེས་པས་དོན་དེ་ཉིད་རྒོལ་བ་རང་གི་ཚད་མས་མཐོང་དགོས་པར་བསྟན། རབ་གསལ་བྱེད་ཅེས་པས་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱར་བྱས་པའི་ངག་དེས་གསུམ་པོ་དེ་ཉིད་རྒོལ་བ་གཞན་གྱི་དྲན་ལམ་དུ་འཕངས་པར་བསྟན་པ་ཡིན་ནོ། །དེ་ཡང་རབ་གསལ། ཅེས་པ་ནི་རྒོལ་བ་གཞན་གྱི་བློ་ལ་བལྟོས་པའི་ཁྱད་པར་ཡིན་ལ། བྱེད་ཅེས་པས་རྗོད་བྱེད་ངག་གི་རང་བཞིན་དེ་བསྟན་པ་ཡིན་ནོ། །དེ་ལྟར་མཚན་ཉིད་ཀྱི་དགོས་པའི་ཁྱད་པར་སོ་སོ་བསྟན་ཟིན་ནས། དགོས་པ་དེ་དང་ལྡན་པའི་མཚན་ཉིད་འཆད་པ་ལ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། སྔ་རྒོལ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ། ཞེས་ཟེར་བ་ནི་མི་འཐད་དེ། ལུང་མེད་པ་དང༌། རིགས་པ་དང་འགལ་བའི་ཕྱིར། དང་པོ་ནི། རང་གི་མཐོང་དོན་ཞེས་པའི་སྐབས་ནས་བསྟན་པའི་རང་དེ། སྔ་རྒོལ་ལ་བྱེད་པ་ལ་ནི་ཚད་ལྡན་གྱི་གཞུང་འགྲེལ་གང་གི་ཡང་ཁུངས་མེད་པའི་ཕྱིར། གཉིས་པ་ནི། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ཚང་བ་འགོད་མཁན་གྱི་རྒོལ་བ་དེ་སྔ་རྒོལ་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་ཁ་ཅིག ཡན་ལག་གཉིས་ལྡན་གྱི་ངག་ཅེས་སྦྱོར་བ་མི་འཐད་དེ། ཚུལ་གསུམ་རྒོལ་བ་གཞན་ལ་སྟོན་ཞེས་པ་དང་སྒྲ་བཟློས་པའི་ཕྱིར་རོ། །ཡང་ཁ་ཅིག་རྟགས་ཚིགས་རྣམ་དག་ཅེས་སྦྱོར་བ་ཡང་མི་འཐད་དེ། དེ་དང༌། སྒྲུབ་ངག་ཡང་དག་གཉིས་ལ་ངེས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་དུ་ཆུག་ན་ཡང༌། དེ་རྐྱང་པས་ཆོག་པས་རང་གི་མཐོང་དོན་ལ་སོགས་པ་གཞུང་ལས་གསུངས་པའི་མཚན་ཉིད་ཀྱི་ཟུར་ཡིན་ངོ་ཤེས་པ་རྣམས་འདོར་དགོས་པར་འགྱུར་བས་སོ། །ཡང་སྒྲུབ་ངག་གཅིག་རྐྱང་འདོད་པར་རློམ་པ་ལ་ལ་དག ཚུལ་གསུམ་གང་རུང་སྟོན་པ་ཞེས་ཟེར་བ་ནི། རང་གང་གི་རྗེས་སུ་འབྲང་བ་དེའི་ལུགས་གསལ་བར་མ་ངེས་པ་ཡིན་ཏེ། རྒྱན་མཛད་པ་དང༌། སློབ་དཔོན་ཕྱཱ་པ་ལ་སོགས་པ་ཕྱོགས་ཆོས་རྐྱང་པ་དང༌། ཁྱབ་པ་རྐྱང་པ་ཅན་གྱི་གཞན་དོན་རྗེས་དཔག་བཞེད་པར་ཁྱོད་རང་གི་རློམ་པ་དེ་དག་གི་ལུགས་ལ་ཡང་སྒྲ་བྱས་ཞེས་བརྗོད་པའི་ངག་དང༌། ཁྱབ་པ་རྐྱང་པ་བརྗོད་པའི་ངག་དེ་ཡང་རྒོལ་བ་རང་གིས་མཐོང་བའི་ཚུལ་གསུམ་ཀ་རྒོལ་བ་གཞན་ལ་སྟོན་བྱེད་དུ་བཞེད་པའི་ཕྱིར་ཏེ། ཕྱཱ་པས་མཛད་པའི་རྣམ་པར་ངེས་པའི་ཊཱིཀ་ལས། གཞན་དོན་རྗེས་དཔག་གི་མཚན་ཉིད། ཕྱོགས་ཆོས་དང་ཁྱབ་པའི་ཚོགས་དོན་ཕྱིར་རྒོལ་ལ་མི་བསླུ་བའི་ཡུལ་དུ་གྲུབ་པའོ། །དེ་ཡང་ཁ་ཅིག་ཏུ། ཁ་ཡར་བརྗོད་པས་ཚོགས་པ་ལ་གོ་བ་སྐྱེ། ཁ་ཅིག་ཏུ་ཚོགས་པ་བརྗོད་པས་གཉིས་ཀ་ལ་གོ་བ་སྐྱེ་བར་བྱེད་དོ་ཞེས་བཤད་པས་སོ། །ཡང་གཅིག་རྐྱང་གི་རྗེས་འབྲང་དུ་རློམ་པ་དག མཚན་ཉིད་ཀྱི་ཟུར་དུ་རང་འབྲས་དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དྲན་ཤེས་དངོས་སུ་བསྐྱེད་བྱེད་དོ་ཞེས་ཟེར་བ་ནི། ཞིབ་ཏུ་རེ་བ་ཡིན་མོད་མ་ཤེས་པ་ཡིན་ཏེ། གཞན་དོན་རྗེས་དཔག་ཡིན་ན། དྲན་ཤེས་དེའི་དངོས་ཀྱི་རྒྱུ་མིན་དགོས་པའི་ཕྱིར་ཏེ། དེ་གཉིས་ཀྱི་བར་དུ་རྣ་བའི་རྣམ་པར་ཤེས་པས་ཆོད་དགོས་པའི་ཕྱིར། གཞན་དོན་རྗེས་སུ་དཔག་པའི་ཚིག་ཉན་ཤེས་ཀྱིས་མ་ཐོས་པར་དེའི་སྐབས་ཀྱི་དྲན་ཤེས་དེ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར། ཡང་མཚན་ཉིད་ཀྱི་ཟུར་དུ་ཚུལ་གསུམ་ལྷག་ཆད་མེད་པར་སྟོན་པ་ཞེས་ཟེར་བ་ཡང༌། ཞིབ་ཆར་རློམ་མོད། དོན་མ་གོ་བ་ཡིན་ཏེ། མཐོང་དོན་རབ་གསལ་བྱེད་ཀྱིས་བསལ་མ་ཟིན་པའི་ལྷག་ཆད་ནོར་བའི་སྐྱོན་གསུམ་མེད་པའི་ཕྱིར། དེ་ཡང་ཆད་པའི་སྐྱོན་ནི་ཚུལ་གསུམ་པ་གང་རུང་གཅིག་མ་བསྟན་པ་ལ་ཟེར་བ་ཡིན་ལ། དེ་ཡང་རང་གི་མཐོང་དོན་གཉིས་ཀྱིས་བསལ་ཟིན་པའི་ཕྱིར་དང༌། ལྷག་པའི་སྐྱོན་ནི་གཙོ་བོར་བསྒྲུབ་བྱ་བརྗོད་པ་དང༌། ཚུལ་གསུམ་ལན་གཉིས་བརྗོད་པ་ལྟ་བུ་ལ་ཟེར་བ་ཡིན་ལ། དེ་ཡང་རབ་གསལ་བྱེད་ཀྱིས་སེལ་བར་ཁྱེད་རང་གིས་ཀྱང་འདོད་ཅིང༌། དོན་ལའང་དེ་ལྟར་གནས་པའི་ཕྱིར། འདོད་པ་ཡིན་ཏེ། དོན་གྱིས་དོན་རྟོགས་ཕྱིར་དོན་ལ། །ཞེས་སོགས་རབ་གསལ་བྱེད་ཀྱི་དགོངས་པ་འཆད་བྱེད་དུ་ཁྱེད་ཀྱིས་བཤད་པའི་ཕྱིར། དོན་ལའང་གནས་པ་ཡིན་ཏེ། ཚུལ་གསུམ་དྲན་ལམ་དུ་གསལ་བ་ནི། སྒྲུབ་བྱེད་བརྗོད་པའི་ངག་གིས་བྱས་པ་ཡིན་གྱི། བསྒྲུབ་བྱ་བརྗོད་པའི་ངག་གི་ལག་རྗེས་མ་ཡིན་པའི་ཕྱིར་དང༌། ཚུལ་གསུམ་ལན་གཉིས་བརྗོད་པ་དེའི་ཚེ། གང་རུང་གཅིག་ལ་ཚུལ་གསུམ་དྲན་ལམ་དུ་གསལ་བར་སྟོན་པའི་ནུས་པ་མེད་པའི་ཕྱིར། དཔེར་ན། རྒོལ་བ་གཅིག་ལ་ཆོས་མཐུན་པ་དང་མི་མཐུན་པའི་ངག་རྒྱས་པ་གཉིས་ཀ་མ་བཀོད་པ་དེ་སྲིད་དུ་ཚུལ་གསུམ་མ་དྲན་པ་དེའི་ཚེ། སྔ་མ་གཞན་དོན་རྗེས་དཔག་ཏུ་མི་འཇོག་པ་བཞིན་ནོ། །དེ་ལྟ་མོད་ཀྱི་ཕྱིར་རྒོལ་ཁྱབ་པ་དྲན་ལམ་ན་ཡོད་ཅིང༌། ངག་ཏུ་མི་འབྱིན་ལ། ཕྱོགས་ཆོས་དྲན་རུང་དུ་ཡོད་པ་དེའི་ངོར། ཕྱོགས་ཁྱབ་གཉིས་ཀ་བརྗོད་པ་དེའི་ཚེ། ཁྱབ་པ་བརྗོད་པའི་ངག་ལྷག་པ་ནི་མིན་ཏེ། དེའི་ཚེ་ཁྱབ་པ་ཕྱིར་རྒོལ་གྱི་དྲན་ལམ་ན་ཡོད་པ་རྒོལ་བས་མི་ཤེས་པའི་ཕྱིར། གཞན་དུ་ན། ངག་སྐྱོན་མེད་འགོད་པ་ལ་རྒོལ་བ་མངོན་ཤེས་དང་ལྡན་པ་ཁོ་ན་དགོས་པར་འགྱུར་རོ། །དེའི་ཕྱིར། ཁྱབ་པ་ཕྱིར་རྒོལ་གྱི་དྲན་ལམ་ན་ཡོད་ཀྱང༌། ཡོད་པར་མི་ཤེས་བཞིན་དུ་ཕྱོགས་ཆོས་རྐྱང་པ་བརྗོད་ན། སྒྲུབ་ངག་མ་ཚང་བའི་སྐྱོན་དང་བཅས་པ་ཡིན་ནོ། །དེ་ལྟར་གཞན་གྱིས་བརྟགས་པའི་མཚན་ཉིད་བཀག་ནས། རང་གི་ལུགས་བཞག་པ་ནི། རྒོལ་བ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་སྒྲུབ་ངག་འགོད་པ། སྐབས་བབ་ཀྱི་རྒོལ་བ་གཞན་གྱི་བློ་ཡུལ་དུ་གསལ་བར་འཕེན་བྱེད་ཀྱི་ངག་རྣམ་དག་དེ། དེ་སྐབས་ཀྱི་གཞན་དོན་རྗེས་དཔག་གི་མཚན་ཉིད་དོ། །འདིར། སྐབས་ཀྱི་རྒོལ་བ་རང་ཞེས་པ་ལ་གཉིས་ཏེ། སྒྲ་མི་རྟག་པ་སྒྲུབ་པའི་སྔར་རྒོལ་དང༌། སྒྲ་རྟག་པ་འགོག་པའི་ཕྱིར་རྒོལ་ལོ། །རྒོལ་བ་གཞན་ཞེས་པ་དེ་ལའང་གཉིས་ཏེ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་དང༌། སྒྲ་རྟག་པ་འགོག་པ་སྐབས་སུ་བབ་པའི་སྔར་རྒོལ་ལོ། །ཚུལ་གསུམ་ལའང་གཉིས་ཏེ། རང་རྒྱུད་ཀྱི་སྒྲུབ་ངག་གིས་བརྗོད་པ་དང༌། ཐལ་བའི་ངག་གིས་འཕངས་པའོ། །དྲན་ལམ་དུ་གསལ་བ་ལའང་གཉིས་ཏེ། ཕྱོགས་ཁྱབ་གཉིས་ཀ་བརྗོད་པས་གཉིས་ཀ་དྲན་ལམ་དུ་གསལ་བ་དང༌། གང་རུང་ཅིག་བརྗོད་པས་གཉིས་ཀ་གསལ་བའོ། །བྱེད་པ་ལའང་གཉིས་ཏེ། ཕྱོགས་ཁྱབ་གཉིས་ཀ་བརྗོད་པ་དང༌། གང་རུང་རེ་རེ་བརྗོད་པའོ། །དེའི་ཕྱིར་མཚན་ཉིད་འཇོག་པ་ན། དེ་སྒྲུབ་ཀྱི་རྒོལ་བ་རང་གཞན་དང༌། དེ་སྒྲུབ་ཀྱི་ཚུལ་གསུམ་ཞེས་སྦྱར་ན་ལེགས་པ་མིན་ཏེ། སྒྲུབ་པའི་ཐལ་འགྱུར་ལ་མ་ཁྱབ་པའི་ཕྱིར། འོ་ན། སོ་སོའི་མཚན་ཉིད་ཇི་ལྟར་བྱ་ཞེ་ན། འདི་ལྟར་སྒྲ་མི་རྟག་པར་སྒྲུབ་པའི་སྔར་རྒོལ་རང་གི་མཚན་མས་མཐོང་བའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་གསུམ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་འགོད་པ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་དྲན་ལམ་དུ་འཕེན་པར་ནུས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ངག་རྣམ་དག་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞན་དོན་རྗེས་དཔག་གི་མཚན་ཉིད་དོ། །ཡང༌། སྒྲ་རྟག་པ་འགོག་པའི་ཕྱིར་རྒོལ་བ་རང་གི་ཚད་མས་མཐོང་བའི་དེ་འགོག་པའི་རྟགས་ཀྱི་ཚུལ་གསུམ་དེ་འགོག་པ་སྐབས་སུ་བབ་པའི་སྔར་རྒོལ་གྱི་དྲན་ལམ་དུ་གསལ་བར་འཕེན་ནུས་ཀྱི་དེ་འགོག་པའི་ངག་རྣམ་དག་དེ། སྒྲ་རྟག་པ་འགོག་པའི་གཞན་དོན་རྗེས་དཔག་གི་མཚན་ཉིད་དོ། །དེ་ལྟར་གཉིས་ལས། སྔ་མ་ལ་རང་རྒྱུད་དང༌། ཕྱི་མ་ལ་ཐལ་བས་ཁྱབ་ཅིང༌། དཔང་པོས་རྗེས་སུ་བརྗོད་པའི་ངག་ཀྱང་དེ་གཉིས་གང་རུང་དུ་མ་འདུས་པ་མེད་དོ། །འོ་ན་སྒྲ་རྟག་པ་འགོག་པ་དང༌། སྒྲ་མི་རྟག་པར་སྒྲུབ་པ་གཉིས་དོན་གཅིག་ལ་འདུ་བ་མིན་ནམ་ཞེ་ན། གྲུབ་དོན་ལ་གཅིག་བཀག་པ་ན། གཅིག་ཤོས་གྲུབ་པ་དང༌། དེ་གྲུབ་པ་ན་གཅིག་ཤོས་ཁེགས་པ་ཡིན་མོད། སྒྲུབ་བྱེད་ལ་ཐ་སྙད་གཅིག་ཏུ་སྦྱར་བར་མི་བྱ་སྟེ། དཔེར་ན། གཞུང་ལས། སྒྲུབ་པའི་གཏན་ཚིགས་རྣམས་ལ་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ཞེས་དང༌། དགག་པའི་གཏན་ཚིགས་རྣམས་ལ་དགག་བྱ་འགོག་པའི་གཏན་ཚིགས་ཞེས་པའི་ཐ་སྙད་སོ་སོར་སྦྱར་བ་བཞིན་ནོ། །དེ་ལྟར་རང་གི་འདོད་པའི་མཚན་ཉིད་བཞག་ནས། དེ་ལ་མཚན་ཉིད་ཀྱི་ཉེས་པ་བསལ་བར་བྱ་སྟེ། འོ་ན་སྐབས་ཀྱི་རྒོལ་བ་ཚུལ་གསུམ་ཤེས་ཤིང་དྲན་ལམ་ན་མེད་པ་དེ་ལ། སྔར་རྒོལ་བས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ་ན། དེ་འདྲའི་ངག་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར་སྙམ་ན། ཉེས་པ་འདི་རང་ལ་མི་འཇུག་པའི་ཚུལ་དང༌། གཞན་ལ་འཇུག་པའི་ཚུལ་ལོ། །དང་པོ་ནི། རྟག་མ་གྲུབ་པ་ཡིན་ཏེ། འདི་ལྟར། དེ་ཆོས་ཅན། དེ་སྒྲུབ་ཀྱི་སྒྲུབ་ངག་འགོད་པ་སྐབས་སུ་བབ་པའི་རྒོལ་བའི་ངོར་འགོད་པའི་ངག་རྣམ་དག་མིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པའི་ཕྱིར། འོ་ན། དེས་དེ་ལ་དྲན་པ་སྐྱེད་ནུས་པ་ཅི་ཞེ་ན། དེ་ལྟར་ནུས་པ་དེ་ནི། སྒྲ་མི་རྟག་ཅེས་པའི་དམ་བཅས་དེ་བཞག་པའི་ལག་རྗེས་མིན་གྱི། སྒྲ་བྱས་པའི་ཕྱིར་ཞེས་པའི་ཕྱོགས་ཆོས་དེས་བྱས་པའི་འབྲས་བུ་ཡིན་ལ། དེའི་དུས་ཀྱི་ཕྱོགས་ཆོས་རྐྱང་པ་བརྗོད་པའི་ངག་དེ། གཞན་དོན་རྗེས་དཔག་ཏུ་ཐལ་བ་འདོད་པས་ཆོག་པ་ཡིན་ནོ། །འོ་ན། དེ་འདྲའི་ངག་དེས་ཁྱབ་པ་དྲན་ལམ་དུ་འཕེན་པ་གཅིག་ཀྱང་སྲིད་པར་འདོད་དགོས་ལ། དེའི་ཚེ་དེ་ལ་དྲན་པ་སྐྱེད་བྱེད་ཀྱི་ངག་དེ་གང་ཡིན། ཕྱོགས་ཆོས་བརྗོད་པས་ནི་ཁྱབ་པ་དྲན་ལམ་དུ་འཕེན་པར་མི་བྱེད་ལ། སྐབས་དེ་ན་སྤྱི་ཁྱབ་བརྗོད་པའི་ངག་ནི་མེད་ཅིང༌། དགོས་ཁྱབ་བརྗོད་པའི་ངག་གིས་ནི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པས་སྐབས་དེའི་ངག་སྐྱོན་ཅན་ཡིན་པའི་ཕྱིར་སྙམ་པའི་དོགས་པ་འདི་སེལ་དགོས་པ་ཡིན་ནོ། །དེའི་ལན་ནི། ཚུལ་གསུམ་ཤེས་ཤིང་མ་དྲན་པ་ལ། ཕྱོགས་ཆོས་རྐྱང་པ་བརྗོད་པས་ཁྱབ་པ་ལ་དྲན་པ་སྐྱེད་ནུས་པ་ནི་རྟགས་འཛིན་སེམས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་ནི། ཉེས་པ་དེ་ནི་ཕྱི་རབས་ཀྱི་རྟོག་གེ་པ་ཀུན་ལ་འཇུག་པ་ཡིན་ཏེ། ཁྱེད་ཅག་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ངོར། སྔར་རྒོལ་མཁས་པས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་མ་ཐག་ཏུ་ཚུལ་གསུམ་དྲན་ནས་རྟགས་ཅན་སྐྱེ་བར་འདོད་པས་སོ། །འདོད་པ་དེ་ལས་ཅིར་འགྱུར་ཞེ་ན། དེའི་ངོར་དེ་ལྟར་བཀོད་པའི་ཚེ་དེ་ཆོས་ཅན། དེར་ཐལ། ཁྱོད་ཅག་འདོད་པའི་མཚན་ཉིད་ཀྱི་ཟུར་ཐམས་ཅད་ཞུགས་པའི་ཕྱིར། རྟགས་ཁས་བླངས་པ་ཡིན་ནོ། །ཡང་དོགས་པ་གཉིས་པ་འདི་འབྱུང་སྟེ། མཚོན་སྦྱོར་ལ་བརྟེན་པའི་རྟགས་ཅན་རྗེས་དཔག་ཡོད་དམ་མེད། མེད་ན་ནི་དེ་བཀོད་པའི་དགོས་པ་ཅི། ཡོད་ན་ནི། དེ་ཡང་སྒྲུབ་པའི་ངག་ཏུ་ཐལ་བ་མིན་ནམ་ཞེ་ན། དེ་ལས་དེ་སྐྱེ་བ་ཡོད་པའི་བཤད་པ་སྡེ་བདུན་མཛད་པའི་གཞུང་ན་མི་གསལ་ཡང༌། འདིར་ཁས་ལེན་དགོས་པ་ཡིན་ཏེ། རིགས་པའི་གཏེར་ལས། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྗེས་དཔག་སྐྱེད་པ་ལ་རྟགས་སྦྱོར་དང༌། མཚོན་སྦྱོར་གཉིས་གསལ་བར་གསུངས་པའི་ཕྱིར། དེ་ལྟ་ན་ཡང་དེ་ལ་དེའི་མཚན་ཉིད་ཞུགས་པ་མིན་ཏེ། སྒྲུབ་པའི་ངག་འགོད་པ་སྐབས་སུ་བབ་པའི་རྒོལ་བའི་ངོར་མཚོན་སྦྱོར་བཀོད་ན་ངག་རྣམ་དག་ཏུ་མི་འགྱུར་བའི་ཕྱིར། མཚོན་སྦྱོར་ལ་རབ་གསལ་བྱེད་ཀྱི་དོན་ཚང་བ་མིན་ཏེ། ཕྱོགས་དངོས་སུ་བརྗོད་པའི་ཕྱིར་རོ། །འོ་ན་མཚོན་སྦྱོར་དང༌། རྟགས་སྦྱོར་འགོད་པའི་ཡུལ་གྱི་ཁྱད་པར་ཅི་ཞེ་ན། མཚན་མཚོན་བརྟག་པའི་རབ་བྱེད་དུ་འཆད་པར་འགྱུར་རོ། །དེའི་ཕྱིར། སྒྲུབ་ངག་རྣམ་དག་ཡིན་ན། ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པ་ཡིན་པས་ཁྱབ་ཀྱང་དེ་འཕེན་ནུས་ཀྱི་ངག་རྣམ་དག་ཡིན་ན། དེ་ཡིན་པས་ཁྱབ་པ་ཁས་མི་ལེན་པས་ཉེས་པ་མེད་དོ། །ཡང་ན་ནི། བུམ་པ་མཚན་གཞི་དངོས་པོར་མཚོན་དོན་བྱེད་ནུས་པ་ཞེས་བཀོད་པ་དེའི་ཚེ། མཚན་ཉིད་རྐྱང་བ་བརྗོད་པའི་ངག་ལས། མཚན་མཚོན་གྱི་འབྲེལ་བ་དྲན་ལམ་དུ་འཕེན་ནུས་པ་ཡིན་གྱི། མཚན་གཞིའི་སྟེང་དུ་མཚོན་ཆོས་བརྗོད་པ་ལས་དེ་དྲན་པར་བྱས་པ་མིན་ཏེ། དཔེར་ན་དུ་བ་མཐོང་བའི་མངོན་སུམ་གྱིས་མེ་དུའི་འབྲེལ་པ་དྲན་པའི་ཤེས་པ་འདྲེན་ནུས་པ་བཞིན་ནོ། །དེ་ནས་མཚན་ཉིད་ཀྱི་ཉེས་པ་གསུམ་པ་སྤང་བ་ནི། འོ་ན་ཕྱོགས་ཆོས་དང༌། རྗེས་འགྲོ་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་རྣམས་ལའང༌། མཚན་ཉིད་དེ་ཞུགས་པར་འགྱུར་ལ། དེ་ལྟ་ན་ཡན་ལག་གཉིས་ལྡན་གྱི་ངག་ཏུ་ཐལ། འདོད་ནུས་པ་མིན་ཏེ། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་མ་བརྗོད་པའི་ཕྱིར་སྙམ་ན། དེ་འདྲ་དེ་ཡང་རྒོལ་བའི་ངག་ཏུ་ཡན་ལག་གཉིས་ལྡན་དུ་མ་བརྗོད་ཀྱང་གཉིས་ལྡན་ཡིན་ཏེ། གང་ལ་སྒྲུབ་བྱེད་འགོད་པའི་ཡུལ་གྱི་རྒོལ་བའི་བློ་ཡུལ་དུ་ཚང་བར་ལྡན་པའི་ཕྱིར། ལྡན་པའི་ཚུལ་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་ལས་གཞན་དུ་ན་གང་བྱས་ན་ཞེས་སོགས་ཀྱི་ངག་རྣམ་དག་དེ་ཆོས་ཅན། ཚུལ་གསུམ་ཀའི་ཡན་ལག་དང་མི་ལྡན་པར་ཐལ། དེ་མ་བརྗོད་པའི་ཕྱིར། ཅི་སྟེ་བཟློག་ཁྱབ་ཤུགས་ལ་བརྗོད་དོ་ཞེ་ན། སྤྱི་ཤུགས་ལ་བརྗོད་པ་ཞེས་བྱ་བའི་ཐ་སྙད་འདི་ཡང་མི་འཐད་དེ། ཚད་ལྡན་གྱི་གཞུང་ལས་དེ་འདྲའི་བཤད་པ་མི་འབྱུང་བའི་ཕྱིར། གལ་ཏེ་དེ་ཉིད་ཕྱིར་ན་དོན་གོ་བས། །གཅིག་གིས་ཞེས་སོགས་དང༌། གཅིག་ཤོས་ལ་དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ཙམ་གྱིས་དེར་འགྱུར་ན་སྒྲུབ་ངག་གིས་བསྒྲུབ་བྱ་ཤུགས་ལ་བརྗོད་པར་འགྱུར་ཞིང༌། དེ་ལྟ་ན་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་ཐལ་བ་དང༌། ཚུལ་གསུམ་དྲན་པའི་བློས་བསྒྲུབ་བྱ་ཤུགས་ལ་རྟོགས་པར་ཐལ་ལོ། །གཞན་ཡང་སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་ཆོས་ཅན། ཡན་ལག་གཉིས་དང་མི་ལྡན་པར་ཐལ། ཕྱོགས་ཆོས་མ་བརྗོད་པའི་ཕྱིར། ཡང་ཡན་ལག་གཉིས་ལྡན་གྱི་ངག་གི་ཆ་ཤས་སུ་གྱུར་པའི་ཕྱོགས་ཆོས་དང༌། རྗེས་འགྲོ་གཉིས་བརྗོད་པའི་ངག་སོ་སོ་བ་དེ་དག་ཆོས་ཅན། ཡན་ལག་གཉིས་དང་མི་ལྡན་པར་ཐལ། གཉིས་ཀ་མ་བརྗོད་པའི་ཕྱིར། གལ་ཏེ་གཉིས་ཀས་གཉིས་ཀ་བརྗོད་ན། གང་རུང་རེ་རེས་ཆོག་པར་འགྱུར་རོ། །གལ་ཏེ་དེའི་ཟུར་གྱི་ཕྱོགས་ཆོས་རྐྱང་པ་བརྗོད་པའི་ངག་དེ། ཡན་ལག་གཅིག་རྐྱང་ཡིན་ཀྱང་སྔ་མ་དང་བསྡམས་ནས་ཡན་ལག་གཉིས་ལྡན་དུ་འཇོག་གོ་ཞེ་ན། དེ་ལྟ་ན་ནི། དེ་སྒྲུབ་ངག་ལྟར་སྣང་དུ་ཐལ་བས་ཁྱེད་ལ་གནོད་བྱེད་དང༌། གཉིས་ལྡན་དུ་འཇོག་ཚུལ་སྔ་མ་དང་མཚུངས་པས་ཁོ་བོ་ཅག་གི་སྒྲུབ་བྱེད་དོ། །མདོར་ན། སྐབས་བབ་ཀྱི་ཕྱིར་རྒོལ་བས། ཁྱབ་པ་ངག་ཏུ་འབྱིན་པ་ལ། སྔར་རྒོལ་གྱིས་ཕྱོགས་ཆོས་རྐྱང་པ་བརྗོད་པའི་ངག་དེ་ཆོས་ཅན། ཡན་ལག་གཉིས་དང་ལྡན་པ་ཡིན་ཏེ། ཚུལ་གསུམ་ཀ་རྒོལ་བའི་དྲན་ལམ་དུ་བསྡོམས་ནས་འཕེན་པའི་ཕྱིར། དེ་ལྟ་མིན་ན། རྟགས་ཅན་རྗེས་དཔག་གི་དངོས་རྒྱུར་གྱུར་བའི་དྲན་པ་ཇི་ལྟར་བསྐྱེད། དེས་དེ་མི་བསྐྱེད་ན་མངོན་སུམ་ལ་སྙོན་པ་མིན་ནམ། གལ་ཏེ་དེའི་དུས་ཀྱི་དྲན་པ་དེ་ཕྱོགས་ཆོས་རྐྱང་པ་དྲན་པའི་དྲན་བློར་འདོད་ན། རྟགས་ཅན་རྗེས་དཔག་གི་དངོས་རྒྱུར་འགྱུར་བ་ཇི་ལྟར་ཡིན་ཞེས་ཁྱེད་ལ་འདྲི་དགོས་པ་ཡིན་ནོ། །ཡང་དཔྱོད་ལྡན་ལ་སྐྱེ་བའི་དོགས་པ་བཞི་པ་སེལ་བ་ནི། འདི་སྙམ་དུ་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་ངོར། ཆོས་མཐུན་པ་དང་མི་མཐུན་པའི་ངག་གཉིས་ཀ་བཀོད་པའི་ཚེ། གཉིས་ཀ་ཆོས་ཅན། གཞན་དོན་རྗེས་དཔག་ཏུ་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། འདོད་ན་ངག་ལྷག་པའི་སྐྱོན་ཅན་མ་ཡིན་པར་འགྱུར་རོ་སྙམ་ན། དེའི་ལན་ནི་ཚུལ་གསུམ་ཤེས་ཤིང་དྲན་རུང་དུ་ཡོད་པའི་རྒོལ་བ་ལ་རིགས་གསུམ་སྟེ། ཆོས་མཐུན་པའམ། མི་མཐུན་པའི་སྒྲུབ་ངག་གང་རུང་གཅིག་གིས་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པ་དང༌། གཅིག་གིས་མི་ཆོག་པར་གཉིས་ཀའི་བྱེད་པ་བསྡོམས་ནས་དྲན་བློ་སྐྱེ་དགོས་པ་གཅིག་དང༌། གཉིས་ཀས་ཀྱང་དྲན་བློ་སྐྱེད་པར་མི་ནུས་པ་དང་གསུམ་མོ། །དང་པོའི་ངོར་ནི་གཉིས་ཀ་བཀོད་པའི་ཚེ། ངག་སྔ་མ་དེ་ཁོ་ན་གཞན་དོན་རྗེས་དཔག་ཡིན་གྱི། ཕྱི་མ་ལ་དེའི་མཚན་ཉིད་མ་ཞུགས་ཏེ། སྔ་མས་དྲན་ལམ་དུ་འཕངས་ཟིན་པ་ལ་ཕྱི་མས་དྲན་ལམ་དུ་འཕེན་པར་བྱ་རྒྱུ་མེད་པའི་ཕྱིར། རྒོལ་བ་གཉིས་པའི་ངོར་ནི། ངག་གཉིས་པ་ཁོ་ན་དེ་ཡིན་གྱི་ངག་དང་པོ་འདིའི་མཚན་ཉིད་མ་ཞུགས་ཏེ། དང་པོས་དེ་འཕངས་ན། ངག་གཉིས་པ་མི་དགོས་པར་ཐལ་བའི་ཕྱིར། འོ་ན་གཉིས་ཀའི་བྱེད་པ་བསྡོམས་ནས། དྲན་པ་དེ་སྐྱེད་པ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་དེར་འགྱུར་ན། ཚུལ་གསུམ་སྒྲུབ་བྱེད་ཀྱི་རིགས་པ་རྣམས་ཀྱང་དེར་ཐལ་ལོ། །རྒོལ་བ་གསུམ་པའི་ངོར་ནི། ངག་གཉིས་ཀ་ལ་མཚན་ཉིད་མ་ཞུགས་སོ། །དེ་འདྲའི་ཕྱེ་གསལ་བྱ་ལོང་མེད་པའི་ཕྱིས་ཀྱི་རྟོག་གེ་བ་དག་གི་ངོར་ནི། ངག་གཉིས་ཀ་ཆོས་ཅན་དུ་བཟུང་བ་དེའི་ཚེ། མཚན་ཉིད་ཞུགས་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པར་བྱ་བ་ཡིན་ནོ། །གལ་ཏེ་གཉིས་ཀ་དེ་ཡིན་ཏེ། རེ་རེ་ནས་དེ་ཡིན་པའི་ཕྱིར། ཞེ་ན། འོ་ན་སྒྲ་ཡང་བྱས་པའི་ངག་དང༌། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་ཞེས་པའི་ངག་གཉིས་ཀ་ཕྱོགས་ཆོས་དང་ཁྱབ་པ་རེ་རེ་ཁོ་ན་བརྗོད་པའི་ངག་ཏུ་ཐལ། རེ་རེ་ནས་དེ་ཡིན་པའི་ཕྱིར་རོ། །ཡང་མི་ཤེས་པའི་ངོར་སེལ་དགོས་པའི་དོགས་པ་ལྔ་པ་ནི། མི་མཁས་པ་དག་ན་རེ། གང་བྱས་ན་སྒྲ་ཡང་བྱས་དེའི་ཕྱིར་ན་སྒྲ་མི་རྟག་ཅེས་པའི་ངག་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། ཞེས་ཟེར་བ་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཚུལ་འདི་ལྟར། འོ་ན་དེ་འདྲ་དེ་ཆོས་ཅན། ཁྱོད་ལ་རབ་གསལ་བྱེད་ཀྱི་དོན་ཚང་བར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་ཀྱི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པའི་ཕྱིར། འདིའི་ཁྱབ་པ་ཁྱེད་ཀྱིས་ཁས་བླངས་པ་ཡིན་ཏེ། དེ་རབ་གསལ་བྱེད་ཀྱི་དགོངས་པར་འཆད་པས་སོ། །རྣལ་མའི་ལན་ནི་ངག་དེའི་མཇུག་བསྡུད་བརྗོད་པའི་དུས་སུ། ཚུལ་གསུམ་དྲན་ཟིན་པས་དེ་ལ་མཚན་ཉིད་མེད་དོ། །མདོར་ན་ཆད་པའི་སྐྱོན་ནི། མཐོང་དོན་གྱིས་བསལ་ཟིན་ལ། ངག་ལྷག་པ་ལ་ནི། གསལ་བྱེད་ཀྱི་དོན་མ་ཚང་བས་མཚན་ཉིད་ཀྱི་ཟུར་དུ་ལྷག་ཆད་མེད་པ་ཅེས་འཆད་པ་ནི་དོན་ལ་བློ་གྲོས་མ་ཞུགས་པ་ཡིན་ནོ། །ཞར་ལ་གལ་ཆེ་བའི་དོན་འདི་ཤེས་དགོས་ཏེ། ཚུལ་གསུམ་གཏན་ལ་འབེབས་བྱེད་ཀྱི་ཚད་མ་དོན་ལ་ཚད་མར་སོང་བའི་ཚུལ་གསུམ་པོ་དང༌། སྒྲུབ་པའི་ངག་གིས་དྲན་ལམ་དུ་འཕངས་པའི་ཚུལ་གསུམ་པོ་དེ་ལ་ནི། ཁྱད་པར་སོ་སོར་ཕྱེད་དགོས་ཏེ། ཕྱོགས་ཆོས་ཀྱི་ཚུལ་ལ་ཁྱད་པར་མེད་ཀྱང་ཁྱབ་པའི་ཚུལ་གཉིས་ཀྱི་ཁྱད་པར་ནི། སྔ་མ་དེ་ནི་ལྟོས་གཞི་སོ་སོའི་སྟེང་དུ་སྒོས་ཁྱབ་ངེས་བྱེད་ཀྱི་ཚད་མས་གཏན་ལ་ཕབ་པའི་དོན་དེ་ཉིད་ཡིན་ལ། གཉིས་པ་ནི། སྤྱི་ཁྱབ་དྲན་པའི་དྲན་བློས་བཟུང་བའི་དོན་དེ་ཉིད་དོ། །ཞིབ་མོར་ཕྱེ་ན་རྟགས་ཀྱི་ཚུལ་དངོས་སུ་འགྲོ་རྒྱུ་ནི། ཕྱི་མ་འདི་ཉིད་དོ། །དེའི་རྒྱུ་མཚན་ཡང་འབྲེལ་པ་གཏན་ལ་འབེབས་བྱེད་ཀྱི་རྗེས་སུ་འགྲོ་ལྡོག་ནི། རྗེས་སུ་འགྲོ་ལྡོག་ཙམ་པོ་ཡིན་ལ། ཁྱད་པར་ཅན་ནི་འབྲེལ་པ་ཚད་མས་ཤེས་པའི་འོག་ཏུ་འབྱུང་བ་ཡིན་ཏེ། འབྲེལ་ཤེས་ན། གཉིས་ལས་གང་ཡང་རུང་སྨྲས་པས། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ལ། མཚོན་པར་བྱ་བའི་ཆོས་ངོས་བཟུང་བ་དང༌། སྒྲ་བཤད་པ་དངོས་སོ། །དང་པོ་ནི། གཞན་དོན་རྗེས་དཔག་དང༌། སྒྲུབ་ངག་ཡང་དག་གཉིས་དོན་གཅིག་གམ་ཞེ་ན། ཇོ་བཙུན་ན་རེ། སྒྲུབ་ངག་ཡང་དག་རྣམས་ནི་ཚད་མ་སྐྱེད་པའི་གཞན་དོན་རྗེས་དཔག་ཡིན་ལ། ཐལ་འགྱུར་ཡང་དག་རྣམས་ནི་ལོག་རྟོག་སེལ་བའི་གཞན་དོན་རྗེས་དཔག་ཡིན་པས་ཁྱད་པར་ཡོད་དོ་ཞེས་གསུང་ལ། འདི་ལ་རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེའི་རྣམ་པར་ངེས་པའི་ཊཱིཀྐར་དཔྱད་པ་ཅུང་ཟད་གཅིག་མཛད་དོ། །ཁོ་བོ་ནི་འདི་ལྟར་སེམས་ཏེ། གཞན་དོན་རྗེས་དཔག་ལ་སྒྲུབ་ངག་གིས་ཁྱབ་ཀྱང༌། སྒྲུབ་ངག་ཡང་དག་ལ་དེས་མ་ཁྱབ་པ་ཡིན་ཏེ། རང་དོན་སྐབས་ཀྱི་སྒྲུབ་ངག་ཡང་དག་ཀྱང་ངེས་པར་ཁས་ལེན་དགོས་པའི་ཕྱིར། དེ་དགོས་པར་ཡང་ལུང་དང༌། རིགས་པ་དང༌། མྱོང་བ་གསུམ་གྱིས་འགྲུབ་ཅིང༌། རིགས་གཏེར་མཛད་པས་ཀྱང་བཞེད་དོ། །དང་པོ་ནི། རང་དོན་སྐབས་ཀྱི་རྟགས་ཚིག་རྣམ་དག་ཡོད་པ་ཡིན་ཏེ། དེ་སྐབས་ཀྱི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར། དེ་ཡོད་ན་དེ་བརྗོད་བྱར་བྱེད་པའི་ངག་ཀྱང་དགོས་ཏེ། གཞན་དོན་གྱི་གཏན་ཚིགས་བཞིན་ནོ། །ཡང་རང་དོན་སྐབས་ཀྱི་སྒྲུབ་བྱ་ཡོད་ན་དེ་སྒྲུབ་པའི་ངག་ཀྱང་ཡོད་དགོས་ཏེ། དེ་ཡོད་ན་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡོད་དགོས་པ་བཞིན་ནོ། །དེ་དང་དེ་ཡོད་པར་ནི་ལུང་གིས་གྲུབ་བོ། །གཉིས་པ་ནི། ཇི་སྐད་དུ་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ། །ཞེས་པའི་ཆོས་ཀྱི་གྲགས་པའི་གཞུང་ལ་རྒོལ་བ་རང་ཉིད་གཅིག་པུའི་བསམ་བྱུང་གི་རིགས་པས་རྣམ་པར་དཔྱད་པ་ལས་ཚུལ་གསུམ་དྲན་ནས་རྗེས་དཔག་སྐྱེ་བར་ཡོད་པར་རིགས་པས་གྲུབ་ལ། དེའི་ཚེ་ན། དེ་འདྲ་དེ་རང་དོན་སྐབས་ཀྱི་སྒྲུབ་པའི་ངག་ལས་འོས་མེད་དོ། །གཞན་ཡང་རྒོལ་བ་རང་ཉིད་ཀྱི་རང་ངོར་བྱས་པའི་ཕྱིར་སྒྲ་ནི་མི་རྟག་གོ་ཞེས་འགོད་པ་ཡོད་དམ་མེད། མེད་ན་ནི་རང་དོན་སྐབས་ཀྱི་གཏན་ཚིགས་ཀྱི་སྦྱོར་བ་ཙམ་ཡང་མེད་པར་འགྱུར། གཞན་ཡང་རང་དོན་སྐབས་ཀྱི་རྟགས་ལས་བསྒྲུབ་བྱ་དཔོག་པ་ཡོད་ན། དེའི་རྟགས་ཚིག་རྣམ་དག་ཡོད་དགོས་ཏེ། ཇི་སྐད་དུ། ནང་གི་ཡན་ལག་ནུས་པ་ནི། །ཚུལ་གསུམ་དག་ལ་ཡང་དག་གནས། །དེ་ལ་དྲན་པ་བསྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་གསུངས་པས་སོ། །དེའི་སྐབས་ཀྱི་བསྒྲུབ་བྱ་དེ་གཞན་དོན་སྐབས་ལ་འཆད་ན་ནི། ངོ་བོ་ཁོ་ན་རང་ཉིད་དང༌། །ཞེས་པའི་སྐབས་ཀྱི་བསྒྲུབ་བྱ་དེ་ཡང་དེར་འགྱུར་ལ། དེ་ལྟར་ན་ནི། དེ་དེར་སྟོན་པའི་ལུང་ཁྱེད་ལ་མེད་དོ། །གསུམ་པ་ནི། དཔེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས། ད་ལྟ་དྲན་ལམ་ན་མེད་པའི་རྒོལ་བ་རང་ཉིད་ཀྱིས་གང་བྱས་མི་རྟག་ཅེས་སོགས་ཀྱི་ངག་རྣམ་དག་དེ་ཡི་གེར་བྲིས་པ་མཐོང་མ་ཐག་ཏུ་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བར་མྱོང་བས་གྲུབ་པ་ཡིན་ནོ། །ཡང་སྒྲུབ་ངག་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ་བོ་སྙམ་དུ་དོགས་པར་མི་བྱ་སྟེ། དེ་ལྟ་ན་ནི། ཇི་སྐད་དུ། མངོན་པར་གསལ་མིན་སྒྲ་དག་གི །བྱེད་པ་རྣམས་ཀྱི་སྦྱོར་བ་འམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །ཞེས་པའི་ཕྱོགས་སྔ་མ་ཁས་བླངས་པར་འགྱུར་བས་སོ། །བཞི་པ་ནི། རིགས་གཏེར་མཛད་པས་རང་དོན་སྐབས་ཀྱི་སྒྲུབ་ངག་ཡང་དག་ཞལ་གྱིས་བཞེས་པ་ཡིན་ཏེ། གཞན་དོན་རྗེས་དཔག་དང༌། སྒྲུབ་ངག་ཡང་དག་གི་མཚན་ཉིད་སོ་སོར་ཕྱེ་ནས་གསུངས་པའི་ཕྱིར་དང༌། སྒྲུབ་བྱེད་ཡང་དག་མ་ཡིན་པ། །བཀོད་པ་སྒྲུབ་པ་ལྟར་སྣང་ཡིན། །ཞེས་པའི་འགྲེལ་པར་རང་དོན་དང༌། གཞན་དོན་གྱི་སྒྲུབ་ངག་ཡང་དག་གཉིས་ཀྱི་སྐྱོན་གྱི་དབྱེ་བ་སོ་སོར་ཕྱེ་ནས་གསལ་བར་གསུངས་པའི་ཕྱིར། དེ་ལྟ་ན། འདིར་མཚོན་པར་བྱ་བའི་ཆོས་ནི། གཞན་དོན་སྒྲུབ་ངག་ཡང་དག་གམ། གཞན་དོན་རྗེས་དཔག་ཉིད་དོ། །གཉིས་པ་སྒྲ་བཤད་དངོས་ནི། རྒོལ་བ་གཞན་གྱི་དོན་དུ་བཀོད་པས་ན་གཞན་དོན་རྗེས་དཔག་གི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ནི། རྗེས་དཔག་གི་རྒྱུ་ཡིན་པའི་ཕྱིར། བཏགས་པའི་དགོས་པ་ནི། གཞུང་ལས་གསལ་བར་མ་གསུངས་ཀྱང༌། དེ་ལ་དེར་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། གཞན་དོན་སྒྲུབ་ངག་ལས་བྱུང་བའི་ཚད་མ་དེ་སྒྲ་བྱུང་གི་ཚད་མར་དོགས་པ་དགག་པའི་ཕྱིར་རོ། །དེས་དེ་འགོག་ནུས་པ་ཡིན་ཏེ། དེ་ལ་བརྟེན་པ་དེ་འདྲའི་ཚད་མ་དེ་རྗེས་སུ་དཔག་པའི་ཚད་མར་གོ་ནུས་པའི་ཕྱིར། དངོས་ལ་གནོད་བྱེད་ནི། རྟགས་ཅན་གྱི་བློ་མ་ཡིན་པའི་ཕྱིར་རོ། །ཁ་ཅིག་རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། དེ་ལྟ་ན། ལུང་གི་ཆོས་འཁོར་ཡིན་ན། སྒྲ་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན། བསྟན་པ་འཛིན་པའི་གང་ཟག་གི་ཤེས་རྒྱུད་ལ་དེ་མེད་པར་འགྱུར་རོ། །འོ་ན་གཞུང་འགྲེལ་ལས་སྒྲར་བཤད་པ་ཡོད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། སྒྲུབ་བྱེད་འགོད་པའི་ངག་དང་ཚིག་གི་སྲོག་གམ། བཞོན་པ་ལྟ་བུར་གྱུར་པའི་དབྱངས་ཡིག་དེ་ཉིད་ཉན་ཤེས་ཀྱིས་ཐོས་པ་ལ་བསམ་པ་ཡིན་ཏེ། ཇི་སྐད་དུ། རོ་དང་མཚོ་ཞེས་ཐོས་པ་ལས། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །ཡང་རང་གི་འདོད་པས་བཏགས་པའི་སྒྲ་བཤད་པ་ནི་འདི་ཡིན་ཏེ། འདིར་རྗེས་སུ་དཔག་པར་བྱེད་པ་ལ་རྗེས་དཔག་གི་མིང་གིས་བཏགས་པ་ཡིན་པས། དང་པོ་རྗེས་སུ་དཔག་པར་བྱེད་དོ་ཞེས་པ་བཤད་པའི་གཞི། གཉིས་པ་ལས་སུ་བྱ་བ་གང་ན། རྗེས་སུ་དཔག་པར་བྱ་བ་གང་ཡིན་པ་དེའོ། །གསུམ་པ་བྱེད་པ་པོ་གང་གིས་ན། ཚུལ་གསུམ་པ་ཅན་གྱི་རྟགས་ཀྱིས་སོ། །བཞི་པ་ཆེད་དུ་བྱ་བ་ནི། རྒོལ་བ་གཞན་ལ་རྗེས་སུ་དཔག་པ་སྐྱེད་པའི་ཆེད་དུའོ། །ལྔ་པ་ཚུལ་ཇི་ལྟར་ན། རང་གི་མཐོང་བའི་དོན་བློ་ལ་གསལ་ཞིང་དྲན་པ་ལས་སོ། །དྲུག་པ་དེ་ལས་དེ་དཔག་ནུས་པའི་རྒྱུ་མཚན་ནི། གཉིས་ཏེ། དྲུག་པའི་སྒྲས་བསྟན་པ་དང༌། བདུན་པའི་སྒྲས་བསྟན་པའོ། །དང་པོ་ནི། གཞན་གྱི་དོན་དུ་རྗེས་སུ་དཔག་པར་བྱེད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་བདུན་པའི་སྒྲས་བསྟན་པ་ནི། རྒྱུ་ཚུལ་གསུམ་དྲན་པའི་དྲན་བློ་ལ། འབྲས་བུ་རྗེས་དཔག་བསྐྱེད་པའི་ནུས་པ་ཡོད་པའོ། །དེ་ལྟར་བདུན་པོ་དེ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། བརྒྱད་པ་བོད་པའི་སྒྲ་སྟེ། གཞན་དོན་རྗེས་སུ་དཔག་པའོ་ཞེས་པ་ནི་དེའི་མིང་ངོ་ཞེས་རྣམ་དབྱེ་བརྒྱད་དང་སྦྱར་ན་མཁས་པར་འགྱུར་རོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ། དབྱེ་བའི་སྒོ་གསུམ་སྟེ། གང་ཟག་གི་སྒོ་ནས། དགོས་པའི་སྒོ་ནས། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། ཇི་སྐད་དུ། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཅེས་གསུངས་པའི་དགོངས་པ་ལ་རྣམ་པར་བརྟགས་ནས། སྔར་རྒོལ་ལ་བརྟེན་པའི་གཞན་དོན་རྗེས་དཔག ཕྱིར་རྒོལ་ལ་བརྟེན་པའི་དེ། དཔང་པོ་ལ་བརྟེན་པའི་གཞན་དོན་རྗེས་དཔག་གོ །དང་པོ་ནི། སྔར་རྒོལ་སངས་རྒྱས་པས། ཕྱིར་རྒོལ་གྲངས་ཅན་གྱི་ངོར། སྒྲ་མི་རྟག་པར་སྒྲུབ་པའི་ངག་ལྟ་བུའོ། །གཉིས་པ་ནི། ཕྱིར་རྒོལ་སངས་རྒྱས་པས། སྔར་རྒོལ་གྲངས་ཅན་གྱི་ངོར་སྒྲ་རྟག་པ་འགོག་པ་ལ་སྒྲུབ་པའི་ཐལ་འགྱུར་འཕེན་པའི་ངག་བཀོད་པ་ལྟ་བུའོ། །གསུམ་པ་ནི། དཔང་པོས་ཤན་ཕྱེ་ནས། སྔར་རྒོལ་ཕྱིར་རྒོལ་གང་རུང་གི་རྒྱུད་ལ་རྗེས་དཔག་སྐྱེས་པའི་དུས་ཀྱི་ངག་ལྟ་བུའོ། །དབྱེ་བའི་སྒོ་གཉིས་པ་ནི། སྒྲུབ་པ་དང༌། སུན་འབྱིན་པའི་ངག་གཉིས་སོ། །གཉིས་པོའི་ཁྱད་པར་ནི། སྤྱིར་འགལ་བ་མིན་ཏེ། གཉིས་ཀ་ལ་གཉིས་ཀ་ཡོད་པས་སོ། །སྐབས་སུ་བབ་པ་གཉིས་པོའི་ཁྱད་པར་ནི་བསྒྲུབ་བྱ་བསྒྲུབ་པའི་གཞན་དོན་རྗེས་དཔག་དང༌། དགག་བྱ་སུན་འབྱིན་པའི་གཞན་དོན་རྗེས་སུ་དཔག་པ་ཡིན་ལ། གཉིས་པོ་ཡང༌། རྟེན་གྱི་ཁྱད་པར་སྔར་རྒོལ་ལ་ཡོད་པ་དང༌། ཕྱིར་རྒོལ་ལ་ཡོད་པའོ། །ཀུན་སློང་གི་ཁྱད་པར་རང་གི་དམ་བཅའ་སྒྲུབ་པའི་བསམ་པ་དང༌། གཞན་གྱི་དམ་བཅའ་སུན་འབྱིན་པའི་བསམ་པ་སྔོན་དུ་བཏང་བའོ། །རྒྱས་པར་འོག་ཏུ་འབྱུང་ངོ༌། །དབྱེ་སྒོ་གསུམ་པ་ལ། དབྱེ་བ་དངོས། དེ་སྒྲུབ་བྱེད་ཀྱི་རིགས་པ། ཤེས་བྱེད་ཀྱི་ལུང་འགོད་པའོ། །དང་པོ་ནི། གཞན་དོན་སྒྲུབ་ངག་དང༌། དེའི་རྗེས་དཔག་དོན་གཅིག་ལ། དེ་ལ་དབྱེ་ན། རང་རྒྱུད་ཀྱི་སྒྲུབ་ངག་དང༌། ཐལ་བའི་སྒྲུབ་ངག་གཉིས་སོ། །མཚན་གཞི་ནི། སྔ་མ་དང་ཁྱད་པར་མེད་ལ། དེ་ལྟ་ན་ཡང༌། དབྱེ་སྒོ་མི་འདྲ་བ་ནི། སྔ་མ་གཉིས་གཙོ་བོར་བསྒྲུབ་བྱ་སྒྲུབ་པ་དང༌། དགག་བྱ་འགོག་པའི་དབང་དུ་བྱས་པ་ཡིན་ལ། འདིར་ནི། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱར་བྱས་པ་ལ་བྱེ་བྲག་མེད་ཀྱང༌། བརྗོད་ཚུལ་ལ་རང་རྒྱུད་དང་ཐལ་འགྱུར་གྱི་དབྱེ་བས་གཉིས་སུ་ཕྱེ་བ་ཡིན་ནོ། །འདིར་རང་རྒྱུད་ཀྱི་སྒྲུབ་ངག་དེ་ལའང༌། སྒྲུབ་པ་དང༌། སུན་འབྱིན་པ་གཉིས་ཀ་ཡོད་ལ། ཐལ་བའི་སྒྲུབ་ངག་ལ་ཡང་དེ་གཉིས་ཀ་ཡོད་དོ། །འདིའི་ཕྱི་མ་གཉིས་ནི། སྒྲུབ་པའི་ཐལ་བ་དང༌། སུན་འབྱིན་རྐྱང་པ་ཅན་གྱི་ཐལ་འགྱུར་ལ་བཤད་པས་རྟོགས་པར་སླ་ལ། སྔ་མ་གཉིས་ཀྱི་ཟླས་ཕྱེ་བའི་རང་རྒྱུད་ཀྱི་སྒྲུབ་ངག་དང་སུན་འབྱིན་དེ་གང་ཞེ་ན། ཕྱིར་རྒོལ་སངས་རྒྱས་པས། གང་བྱས་ན་རྟག་པ་མིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་བཀོད་པ་ལྟ་བུའོ། །འདི་སྒྲུབ་སུན་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པ་དང་ཁྱད་པར་ཅི་ཡོད་ཅེ་ན། རྟེན་གྱི་གང་ཟག་རྒོལ་ཕྱིར་རྒོལ་ལ་ཡོད་པ་དང༌། ཀུན་སློང་དང༌། དགོས་པའི་ཁྱད་པར་དགག་བྱ་དང་སྒྲུབ་བྱ་འགོག་པ་དང༌། སྒྲུབ་པའི་ལྡོག་པས་སོ་སོར་ཕྱེ་བ་ཡིན་ནོ། །དེ་ལྟར་བཤད་པ་ན། སྒྲུབ་ངག་དང༌། སུན་འབྱིན་མི་འགལ་ཡང༌། རྟོག་གེའི་ལུས་བརྒྱད་ཀྱི་ཟླས་ཕྱེ་བའི་སུན་འབྱིན་དང་སྒྲུབ་པའི་ཁྱད་པར་ཡང་བཤད་མ་ཐག་པ་དེ་ཁོ་ནའོ། །གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་ནི། བྱས་མི་རྟག་གི་འབྲེལ་པ་དང༌། སྒྲ་བྱས་པར་ཚད་མས་ཤེས་ནས། ད་དུང་སྒྲ་རྟག་པར་ཁས་ལེན་པའི་སྔར་རྒོལ་ལ། ཕྱིར་རྒོལ་སངས་རྒྱས་པ་མཁས་པས། གང་རྟག་ན་མ་བྱས་པ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་རྒོལ་བ་ཁྱོད་ཀྱིས་ཁས་བླངས་སོ། །ཞེས་པའི་ཐལ་འགྱུར་འདི་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་ཏེ། རྒོལ་བ་སངས་རྒྱས་པ་རང་གི་ཚད་མས་མཐོང་བའི་སྒྲ་རྟག་པ་འགོག་པའི་ཚུལ་གསུམ། དེ་འགོག་པའི་སྒྲུབ་ངག་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་རྒྱུད་ལ་དེ་འགོག་གི་ཚུལ་གསུམ་དྲན་ལམ་དུ་གསལ་བར་སྟོན་པའི་དེ་འགོག་གི་ངག་དོན་མཐུན་ཡིན་པའི་ཕྱིར། དེ་ཡང་ཁྱབ་པ་ནི་ཚིག་གིས་ཟིན་པར་བརྗོད་པས་འཕངས་ལ། ཕྱོགས་ཆོས་ནི་བཟློག་པའི་སྒོ་ནས་རྒོལ་བའི་བློ་ཡུལ་དུ་འཕེན་ཚུལ་འོག་ནས་འཆད་དོ། །ཡང་དེའི་ངོར་དེ་ལྟར་འཕངས་པའི་ཚེ་ན་དེ་ཆོས་ཅན། དངོས་སུ་བསྒྲུབ་བྱ་སྒྲ་མི་རྟག་པ་སྒྲུབ་པའི་ཕྱིར་དུ་བཀོད་པའི་ངག་མིན་ཡང༌། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཚང་བ་ཡིན་ཏེ། རྒོལ་བ་རང་གི་ཚད་མས་མཐོང་བའི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ། དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་དྲན་ལམ་དུ་གསལ་བར་འཕེན་ནུས་པའི་དེ་ལྟར་སྒྲུབ་པའི་ངག་དོན་མཐུན་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་གསུངས་སོ། །དེའི་རྒྱུ་མཚན་ཡང༌། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་འགོག་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དེ་ཡིན་ན། དངོས་སུ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་མི་དགོས་ཀྱང༌། སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་དགོས་པས་སོ། །དེ་ལ་འདི་སྙམ་དུ་སྤྱིར་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་དང་གཏན་ཚིགས་ཡང་དག་ཡིན་ན། དངོས་སུ་སྒྲ་མི་རྟག་པར་སྒྲུབ་པའི་ཡང་དེ་དང་དེ་ཡིན་དགོས་སོ་སྙམ་ན། དེ་ལྟ་ན། ཤུགས་ཀྱི་བསྒྲུབ་བྱ་ཡིན་ན། དངོས་ཀྱི་བསྒྲུབ་བྱ་ཡིན་པས་ཁྱབ་པར་ཁས་བླངས་ཀྱང་ཉེས་པ་མེད་པར་འགྱུར་ཞིང༌། སྤྱིར་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་ན། དངོས་སུ་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བར་ཁས་བླངས་ཀྱང་ཉེས་པ་མེད་པར་འགྱུར་རོ། །ཕྱི་མ་དེ་ཡང་དེ་ལྟར་ཁས་ལེན་ནོ་ཞེ་ན། འོ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་དགག་པའི་གཏན་ཚིགས་ཡིན་པས་ཁྱབ་པར་འགྱུར་ཏེ། འདོད་པ་གང་ཞིག དངོས་སུ་དེ་སྒྲུབ་ཀྱི་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་ན། དགག་པའི་གཏན་ཚིགས་ཡིན་དགོས་པའི་ཕྱིར། ཇི་སྐད་དུ། དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་ནི། དགག་པའི་གཏན་ཚིགས་ཐམས་ཅད་སུན་འབྱིན་དུ་ཐལ་བ་མིན་ནམ་ཞེ་ན། མིན་ཏེ། རྟེན་གྱི་གང་ཟག་སྔར་རྒོལ་གྱི་རྒྱུད་ལ་ཡོད་པ་ཐམས་ཅད་དེར་ཁས་མི་ལེན་པའི་ཕྱིར། དེ་ལྟ་ན་ཡང༌། རང་རྒྱུད་དུ་བརྗོད་པའི་སུན་འབྱིན་ཡང་དག་ཡིན་ན། དགག་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ནོ། །འོ་ན་གོང་དུ་བཤད་མ་ཐག་པའི་སྔར་རྒོལ་དེ་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཇི་ལྟར་ཡིན་ཞེ་ན། དེ་དེ་ཡིན་ཏེ། སྒྲ་རྟག་པ་འགོག་པ་སྐབས་སུ་བབ་པ་གང་ཞིག དེའི་ཚེ་སྒྲ་མི་རྟག་པ་ཤུགས་ཀྱི་བསྒྲུབ་བྱར་སོང་བའི་ཕྱིར། དེ་ནས་རྟོགས་དཀའ་བ་སྒྲུབ་པའི་ཐལ་བས་བཟློག་དོན་གྱི་ཕྱོགས་ཆོས་འཕེན་པའི་ཚུལ་ལ། གཞན་གྱི་ལུགས་མི་འཐད་པ་དང༌། རིགས་གཏེར་མཛད་པ་རང་གི་ལུགས་གང་ཡིན་བཙལ་བའོ། །དང་པོ་ནི་ཇི་སྐད་དུ། ཁ་ཅིག་ཐལ་བའི་ཆོས་ལོག་པས། །སྒྲུབ་པའི་ངག་ཉིད་འཕེན་ཞེས་ཟེར། །ཐལ་བའི་ངག་ལས་རང་རྒྱུད་ཀྱི། །ཕྱོགས་ཆོས་འཕེན་ན་སྦྱོར་བ་འཇིག །ཅེས་གསུངས་སོ། །དེའི་དོན་ནི། ལོ་ཙྭ་བ་ཆེན་པོ་སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་འཕེན་པའི་ཚུལ་ནི། གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་ཆུ་ཀླུང་བཞིན། དུ་ལྡན་གྱི་ལ་ལའང་དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར་ཞེས་པ་ཡིན་ལ། དེའི་ཚེ་ན། དུ་བ་མེད་པར་ཐལ་ཞེས་པ་བཟློག་པས། ལ་ལ་དུ་བ་ཡོད་པར་འཕངས་པ་ཡིན་ནོ་ཞེས་གསུང༌། འདི་མི་འཐད་དེ། ལ་ལ་དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར་ཞེས་པ་ནི་ཐལ་འགྱུར་གྱི་དམ་བཅའ་ཡིན་ལ། ཐལ་འགྱུར་ལ་བལྟོས་པའི་དམ་བཅའ་དེ་སྒྲུབ་པའི་ཐལ་འགྱུར་གྱི་ཟུར་དུ་བརྗོད་ན་ཐལ་ངག་སྐྱོན་དུ་འགྱུར་ཏེ། དཔེར་ན། རང་རྒྱུད་ཀྱི་དམ་བཅའ་དེ་རང་རྒྱུད་ཀྱི་སྒྲུབ་ངག་གི་ཟུར་དུ་བརྗོད་ན་སྐྱོན་ཅན་དུ་འགྱུར་བ་བཞིན་ནོ་ཞེས་སྐྱོན་བརྗོད་པར་མཛད་དོ། །རིགས་པའི་དབང་ཕྱུག་ཆོས་ཀྱི་སེང་གེ་ནི། ཆོས་ཅན་ཚད་མས་གྲུབ་པ་ལ་རྒོལ་བ་ལོག་རྟོག་དང་ལྡན་པས་ཤེས་འདོད་ཡོད་ལ། དམ་བཅའ་ལ་ཚད་མའི་བསལ་པ་ཞུགས་པས་ཕྱོགས་ཆོས་གྲུབ། ཐལ་བའི་ཁྱབ་པ་སྟོན་པའི་ངག་གིས་རང་རྒྱུད་ཀྱི་ཁྱབ་པ་དྲན་པར་བྱེད་ཅིང་ཐལ་འགྱུར་གྱི་ཁྱབ་པ་དང༌། རྟགས་སྟོན་པའི་ངག་ཚོགས་པས་རང་རྒྱུད་བསྒྲུབ་བྱ་དང༌། དངོས་འགལ་དོན་དང་མི་མཐུན་པ་ཁས་ལེན་ན། རང་རྒྱུད་ཀྱི་རྟགས་དང་དངོས་འགལ་དོན་དང་མི་མཐུན་པར་ཁས་ལེན་དགོས་སོ་ཞེས་གོ་བར་བྱེད་པ་རང་རྒྱུད་ཀྱི་རྟགས་དོན་དང་མཐུན་པར་གོ་ལ། དེས་རང་རྒྱུད་ཀྱི་ཕྱོགས་ཆོས་དྲན་ལམ་དུ་འཕེན་པར་བྱེད་པས། སྒྲུབ་པའི་ཐལ་འགྱུར་གྱིས་རང་རྒྱུད་འཕེན་པ་ཡིན་ནོ། །ཞེས་གསུངས་ལ། འདི་ལ་ནི་རིགས་པའི་གཏེར་ལས་དགག་པ་མ་མཛད་དོ། །སྨྲ་པའི་སེང་གེ་དར་འབག་པ་ན་རེ། སྒྲུབ་པའི་ཐལ་བ་འཕེན་ཚུལ་ནི། གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན། ཆུ་ཀླུང་བཞིན། ལ་ལ་ཡང་མེ་མེད་པར་ཁྱོད་ཀྱིས་ཁས་བླངས་པས་དུ་བ་མེད་པས་ཁས་ལེན་དགོས་ན། དུ་བ་མེད་པར་ཚད་མས་བསལ་ལོ་ཞེས་པ་ཡིན་ལ། དེ་ལྟར་འཕངས་པས་དུ་ཡོད་དྲན་པར་བྱེད་པ་ཡིན་ཏེ། ཐལ་འགྱུར་གྱི་བསལ་པ་དང༌། རང་རྒྱུད་ཀྱི་ཕྱོགས་ཆོས་རྟོགས་པ་གཅིག་པའི་ཕྱིར། ཞེས་གསུང་ལ། རིགས་གཏེར་མཛད་པས། ཐལ་འགྱུར་གྱི་བསལ་པ་བརྗོད་པ་ནི་གཞུང་གང་དུ་ཡང་མ་མཐོང་ལ། བསལ་བ་བརྗོད་ན་ངག་ལྷག་པ་ཡིན་ཏེ། དཔེར་ན་དམ་བཅའ་བརྗོད་པ་བཞིན་ནོ་ཞེས་དགག་པ་མཛད་དོ། །གཉིས་པ་རང་གི་ལུགས་ནི། ཇི་སྐད་དུ། ཐལ་བའི་ངག་ལས་རང་རྒྱུད་ཀྱི། །དོན་འཕེན་ཇི་ལྟར་བཟློག་བཞིན་མིན། །ཞེས་གསུང་ལ། དེའི་དོན་ནི། ཐལ་འགྱུར་གྱི་རྗེས་ཁྱབ་བཟློག་པས་རང་རྒྱུད་ཀྱི་རྗེས་ཁྱབ་འཕེན་པ་ཡིན་ཀྱང༌། ཐལ་འགྱུར་གྱི་རྟགས་ཟློག་པས་རང་རྒྱུད་ཀྱི་རྟགས་འཕེན་པ་མིན། དེ་ལྟ་ན་རང་རྒྱུད་ཀྱི་བསྒྲུབ་བྱ་བརྗོད་པས་ངག་ལྷག་པར་འགྱུར་བའི་ཕྱིར་རོ། །ཞེས་པའི་དོན་དུ་གསུངས་ལ། རང་རྒྱུད་ཀྱི་ཕྱོགས་ཆོས་འཕེན་ཚུལ་གསལ་བར་མ་གསུངས་ཀྱང༌། ཕྱྭ་པ་དང་མཐུན་པར་བཞེད་པ་ཉིད་དུ་རྟོགས་ཏེ། སྤྱིར་སྔ་རབས་རྣམས་ལ་སྒྲུབ་པའི་ཐལ་བ་འཕེན་ཚུལ་མི་འདྲ་བ་གསུམ་ཡོད་པ་ལ། རིགས་གཏེར་མཛད་པ་ནི་ཕྱཱ་པ་དང་མཐུན་པར་བཞེད་པའི་ཕྱིར་རོ། །དེ་ཡང་ཕྱོགས་ཆོས་འཕེན་ཚུལ་གོ་སླ་བར་བྱས་ན། དུ་ལྡན་གྱི་ལ་ལ་མེ་མེད་པར་ཁས་བླངས་ན། དེར་དུ་བའང་མེད་པར་ཁས་ལེན་དགོས་པ་ལས་དེར་དུ་བ་ཡོད་པའི་ཕྱིར། དེར་མེ་ཡོད་དོ་སྙམ་པའི་བློ་གཅིག་འཕེན་པ་ཡིན་ལ། དེའི་ཚེ་ན། མེ་མེད་ན་དུ་བ་མེད་པར་ཁས་ལེན་དགོས་སྙམ་པ་ནི། ཁྱབ་པ་དྲན་པའི་བློ་ཡིན་ལ། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པའི་ཕྱིར་སྙམ་པ་ནི། ཕྱོགས་ཆོས་དྲན་པའི་བློ་ཡིན་ཞིང༌། དེར་མེ་ཡོད་དོ་སྙམ་པའི་བློ་ནི། བསྒྲུབ་བྱ་རྟོགས་པའི་རྟགས་ཅན་རྗེས་དཔག་ཡིན་ནོ། །དེ་ལྟར་ཤེས་པ་དང༌། རང་རྒྱུད་འཕེན་པའི་ཐལ་འགྱུར་ཞེས་པའི་གོ་བ་ཡང་རྙེད་པར་འགྱུར་ཏེ། ཚུལ་གསུམ་དྲན་ལམ་དུ་འཕངས་པ་ལ། རང་རྒྱུད་འཕེན་པའི་དོན་དུ་བཞག་དགོས་པས་སོ། །དེའི་ཕྱིར། དིང་སང་རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར། ཐལ་བ་ལས། ཆོས་ཅན་མི་རྟག་སྟེ། ཞེས་ཟེར་བ་དེ་དག་ནི། གང་ཡང་མིན་པས་ཅིར་ཡང་མི་རུང་ངོ༌། །འོ་ན་སྒྲུབ་པའི་ཐལ་བ་འཕེན་ཚུལ་ཅི་ཞེ་ན། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པ་ཆོས་མཐུན་པ་ཅན་དང༌། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ནི་རྟག་པར་ཁས་བླངས་སོ་ཞེས་པ་ནི་ཆོས་མི་མཐུན་པ་ཅན་ནོ། །རིགས་པའི་གཏེར་གྱི་འགྲེལ་པར་ཆོས་མི་མཐུན་པ་ཅན་གྱི་ངག་འཕེན་ཚུལ་གསུངས་པ་དེ་ནི། ཡི་གེ་མ་དག་པར་རྟོགས་སླ་བས་བྲི་བར་མི་བྱའོ། །གཉིས་པ་ཤེས་བྱེད་ཀྱི་ལུང་འགོད་པ་ལ་གཉིས་ཏེ། གངས་ཅན་གྱི་རྟོག་གེ་ལ་མཁས་པ་གསུམ་གྱི་ལུང་བགོད། དེ་ཉིད་རིགས་པ་མཁྱེན་པའི་དགོངས་པ་ཡིན་པའི་ངེས་པའོ། །དང་པོ་ནི། མང་དུ་མ་གསན་པ་དག་འདི་སྙམ་དུ། སྒྲུབ་པའི་ངག་དང༌། ཐལ་ངག་གི་གཞི་མཐུན་ཁས་ལེན་པ་ནི་སྔོན་མ་བྱུང་བ་ཞིག་གོ་སྙམ་དུ་དོགས་ན། དེ་ཡང་ཁྱོད་ཀྱིས་མ་ཐོས་ཤིང་མ་བསམས་པ་ཡིན་ཏེ། ལོ་ཆེན་གྱིས་རྣམ་པར་ངེས་པའི་ཊཱིཀྐ་ལས། ཐལ་བར་འགྱུར་བ་བརྗོད་པ་ནི་གཉིས་ཏེ། སྒྲུབ་པ་དང༌། སུན་འབྱིན་པའོ། །དེ་ལས་སུན་འབྱིན་པ་ནི། གཏན་ཚིགས་ཀྱི་སྐྱོན་བརྗོད་པ་ཙམ་ཡིན་པས་སྒྲུབ་བྱེད་མིན་པར་འདོད་པ་ཁོ་ནའོ། །སྒྲུབ་པ་ནི་སྒྲུབ་བྱེད་ཡིན་ཏེ། དངོས་སུ་བརྗོད་པ་རྟགས་སུ་མི་འདོད་ཀྱང༌། བཟློག་པ་ན་རྩ་བའི་གཏན་ཚིགས་འཕེན་པས་དོན་གྱིས་ན་རྟགས་བརྗོད་པའི་སྒྲ་ཡིན་པའི་ཕྱིར་རོ་ཞེས་དང༌། དེས་ན་ཐལ་བའི་གཏན་ཚིགས་དང་དེས་སྐྱེད་པའི་རྗེས་དཔག་རང་རྒྱུད་དུ་མ་གཏོགས་པ་མེད་ཀྱང་ཐལ་བ་དང་རང་རྒྱུད་ཀྱི་སྒྲུབ་བྱེད་གཉིས་ཀྱིས་ཐ་དད་པ་ནི། སྒྲའི་ཐ་དད་པ་ཁོ་ནའོ། །དེ་ཡང་དངོས་ཀྱི་བརྗོད་བྱའི་སྒོ་ནས་ཡིན་གྱི་རང་གི་ངོ་བོས་ནི་ཁྱད་པར་མེད་དོ་ཞེས་རང་རྒྱུད་འཕེན་པའི་ཐལ་འགྱུར་དང༌། རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་གཉིས་ལ། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་སྒྲས་ཟིན་གྱི་བརྗོད་བྱར་བྱས་མ་བྱས་ཀྱི་ཁྱད་པར་ཡོད་ཀྱི། ཚུལ་གསུམ་དྲན་ལམ་དུ་འཕེན་པ་དང༌། དེས་རྟགས་ཅན་རྗེས་དཔག་སྐྱེད་པའི་ཚུལ་ལ་ཁྱད་པར་མེད་པར་གསུངས་སོ། །འདི་དང༌། རིགས་པའི་གཏེར་ལས། དངོས་སུ་བསྒྲུབ་པའི་ངག་མིན་ཡང༌། །བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་པ་གཉིས་ལ། ཚིགས་བཅད་དང་ལྷུག་པ་མ་གཏོགས་ཁྱད་པར་ཅུང་ཟད་ཀྱང་མི་སྣང་ངོ༌། །རིགས་པའི་དབང་ཕྱུག་ཕྱྭ་པས་མཛད་པའི་རྣམ་པར་ངེས་པའི་ཊཱིཀྐ་ལས། གཞན་དོན་རྗེས་དཔག་གི་དབྱེ་བ་འཆད་པ་ན། དེ་ལྟར་ན་རང་རྒྱུད་ཀྱི་སྦྱོར་བ་བརྒྱད། སྒྲུབ་པའི་ཐལ་བའི་སྦྱོར་བ་དྲུག་སྟེ། སྦྱོར་བ་བཅུ་བཞི་ཡིན་ནོ་ཞེས་གསུང་ཞིང༌། དེ་ཡང་རང་རྒྱུད་ཀྱི་སྦྱོར་བ་བརྒྱད་ནི། ཆོས་མཐུན་པ་ཅན་གྱི་སྒྲུབ་ངག མཐུན་སྦྱོར་གྱི་རང་རྒྱུད། ཕྱོགས་ཆོས་ཙམ་བརྗོད་པའམ། བཟློག་པའམ། རྗེས་འགྲོ་ཙམ་བརྗོད་པའི་རང་རྒྱུད། ཕྱོགས་ཁྱབ་གཉིས་ཀ་མི་ཤེས་པ་ལ་གཉིས་ཀ་སྒྲུབ་པའི་རང་རྒྱུད། ཕྱོགས་ཆོས་ཤེས་ཁྱབ་པ་མི་ཤེས་པ་ལ་ཁྱབ་པ་སྒྲུབ་པའི་རང་རྒྱུད། ཅིག་ཤོས་ལ། ཕྱོགས་ཆོས་ཙམ་སྒྲུབ་པའི་རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་སྟེ། བརྒྱད་དོ། །དེ་བཞིན་དུ་ཐལ་འགྱུར་ལ་དྲུག་སྟེ། ཆོས་མཐུན་སྦྱོར་གྱི་སྒྲུབ་པའི་ཐལ་བ། མི་མཐུན་སྦྱོར་གྱི་སྒྲུབ་པའི་ཐལ་བ་ཕྱོགས་ཆོས་ཙམ་དང༌། རྗེས་འགྲོ་ཙམ་དང༌། བཟློག་པ་ཙམ་བརྗོད་པའི་སྒྲུབ་པའི་ཐལ་བ་རེ་རེ་སྟེ་ལྔ། རྟགས་ཕྱིར་རྒོལ་གྱི་ཁས་བླངས་ཤིང་ཁྱབ་པ་མི་ཤེས་པ་ལ། ཁྱབ་པ་སྒྲུབ་པའི་ཐལ་འགྱུར་ཏེ་དྲུག་གོ །རྟགས་སྒྲུབ་པའི་ཐལ་འགྱུར་ནི་མི་དགོས་ཏེ། རྟགས་རྒོལ་བས་ཁས་མི་ལེན་པ་ལ་ཐལ་འགྱུར་མི་འཇུག་པའི་ཕྱིར་ཞེས་བཞེད་དོ། །དེ་བཞིན་དུ་སྨྲ་བའི་སེང་གེ་དར་འབག་པ་དང༌། སློབ་དཔོན་འཇམ་པའི་རྡོ་རྗེ་དང༌། རྒྱལ་བའི་སྲས་པོ་ཆུ་མིག་པ་དང༌། འུ་ཡུག་པས་བྱས་པའི་བསྟན་བཅོས་རིགས་སྒྲུབ་ཅེས་བྱ་བ་དང༌། རིག་རལ་གྱིས་མཛད་པའི་ཚད་མ་རྒྱན་གྱི་མེ་ཏོག་རྣམས་མཐུན་པར། སྒྲུབ་པའི་ཐལ་འགྱུར་རྣམས་སྒྲུབ་ངག་ཡང་དག་ཡིན་པར་བཤད་དོ། །འཇམ་དབྱངས་ཆོས་ཀྱི་རྗེས་སྒྲིབ་པ་མེད་པའི་ཆོས་ཀྱི་སྤྱན་དང་ལྡན་པ་དེ་ཡང་དེ་ལྟར་བཞེད་དེ། ཇི་སྐད་དུ། བརྗོད་པའི་ཚུལ་ལ་རང་རྒྱུད་དང༌། །ཐལ་འགྱུར་གཉིས་ཡིན། ཞེས་གཞན་དོན་རྗེས་དཔག་གི་དབྱེ་སྒོ་གསུམ་པར་གསུངས་པའི་ཕྱིར་དང༌། བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་དེའི་མཚན་ཉིད་ཚང་བར་གསུངས་པའི་ཕྱིར་དང༌། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །ཞེས་པའི་ཚིག་ཟུར་གྱི་སྒྲུབ་པ་ཞེས་པའི་ནུས་པ་གང་ཡིན་བསམ་དགོས་པའི་ཕྱིར་དང༌། གཞན་གྱིས་ཀུན་ཏུ་བརྟགས་པ་ལ། །ཐལ་བས་སྒྲུབ་པ་སྐྱོན་ཡོད་མིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གིས་ནི་སྒྲུབ་པའི་ཐལ་འགྱུར་གྱི་སྒྲུབ་བྱེད་བཤད་ནས། གནོད་བྱེད་སེལ་བའི་ཚུལ་ཡང་བཤད་པར་བྱ་བ་ལ་གཉིས་ཏེ། སྤྱིར་མི་འཐད་པ་སྤང་བ་དང༌། བྱེ་བྲག་ཏུ་རིགས་པའི་གཏེར་གྱི་ལུགས་མིན་པ་སྤང་བའོ། །དང་པོ་ནི། འདི་སྙམ་དུ། དེ་ལྟ་ཡིན་པ་དེའི་ཚེ། ཕྱོགས་ཆོས་སྔར་རྒོལ་གྱི་ཚད་མས་མ་གྲུབ་པའི་སྒྲུབ་ངག་ཡང་དག་ཡོད་པར་འགྱུར་ལ། དེ་ལྟ་ན་རང་གི་མཐོང་བ་ཞེས་པའི་ཚིག་གི་རྣམ་དཔྱད་དང་འགལ་ལོ་ཞེ་ན། དེར་ཐལ་བའི་ཉེས་པ་ཡོད་པ་མིན་ཏེ། སྒྲུབ་པའི་ཐལ་འགྱུར་ཡང་དག་ཡིན་ན། རང་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་པོ་དེ། རྒོལ་བ་དེའི་ཚད་མས་གྲུབ་དགོས་པའི་ཕྱིར། གཉིས་པ་ནི་འོ་ན། ཇི་སྐད་དུ། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེའི་དོན་ཡང་ཁྱོད་ཀྱིས་མ་བསླབ་པ་ཡིན་ཏེ། འདི་ལྟར། གང་ཐལ་འགྱུར་ཡང་དག་ཡིན་ན། དངོས་སུ་སྒྲུབ་བྱ་བསྒྲུབ་པའི་ངག་མིན་དགོས་ཏེ། དེ་ཡིན་ན། དངོས་སུ་དགག་བྱ་འགོག་པའི་ངག་ཡིན་དགོས་པའི་ཕྱིར། དཔེར་ན། དགག་པའི་གཏན་ཚིགས་དང༌། དེའི་ཡུལ་ཅན་གྱི་སྒྲུབ་ངག་ཐམས་ཅད་དངོས་སུ་སྒྲུབ་བྱ་སྒྲུབ་པའི་ངག་མིན་པ་བཞིན་ནོ། །དེ་ལྟ་ན་ཡང་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་པའི་ངག་ནི་ཡིན་ཏེ། གཏན་ཚིགས་གོང་དུ་བསྟན་ཟིན་པའི་ཕྱིར། དཔེར་ན། དགག་པའི་གཏན་ཚིགས་ཐམས་ཅད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་པ་བཞིན་དེ་བས་ན་སྒྲུབ་པའི་ངག་ནི་གཉིས་ཏེ། དངོས་སུ་བསྒྲུབ་བྱ་སྒྲུབ་པའི་ངག་དང༌། དེར་དེ་མི་སྒྲུབ་ཀྱང་ཞེ་འདོད་ལ་དེ་སྒྲུབ་པའི་ངག་གོ །དང་པོ་ནི། སྒྲུབ་རྟགས་ཡང་དག་གི་ཡུལ་ཅན་གྱི་སྒྲུབ་པའི་ངག་གོ །གཉིས་པ་ནི། དགག་པའི་གཏན་ཚིགས་ལ་བརྟེན་པའི་དང༌། ཐལ་བའི་སྒྲུབ་པ་རྣམས་སོ། །ཡང་གཞུང་འདིའི་འཆད་ཚུལ་གཉིས་པ་ནི་འདི་ཡིན་ཏེ། གང་སྒྲུབ་པའི་ཐལ་འགྱུར་ཡིན་ན། དངོས་སུ་བསྟན་ཚོད་ཀྱི་ཕྱོགས་ཆོས་རྒོལ་བའི་ཚད་མས་གྲུབ་པའི་སྒྲུབ་ངག་ཡིན་པས་མ་ཁྱབ་སྟེ། དེ་ཡིན་ན། དངོས་སུ་བསྟན་ཚོད་ཀྱི་གཏན་ཚིགས་དོན་ལ་མ་གྲུབ་བཞིན་དུ་ཕ་རོལ་པོས་ཁས་བླངས་པ་གཅིག་དགོས་པའི་ཕྱིར། ཞེས་པའོ། །དེ་ཡང༌། གཞན་གྱི་རྟག་པ་ཡི། །ཐལ་བ་སྒྲུབ་པ་ཞེས་པའི་གཞུང་དེ་དང༌། དངོས་སུ་སྒྲུབ་པ་ཞེས་པའི་གཞུང་འདི་གཉིས་ཀ་གང་གི་ལན་དུ་བཀོད་པའི་རྩོད་པ་དེ་ཡང་གཅིག་ཁོ་ན་ཡིན་ཏེ། གཞན་དུ་ན། དངོས་སུ་སྒྲུབ་པའི་ངག་མ་ཡིན། ཞེས་པའི་གཞུང་འདི། དགོས་པ་ཅིའི་ཕྱིར་དུ་བཀོད་པ་ཡིན་གྱི་སྦྲེལ་ཐག་ཁྱེད་ཀྱིས་བསམ་པར་མི་ནུས་པའི་ཕྱིར། དེ་ཡང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །འོ་ན་དེ་གཉིས་ཀ་སྒྲུབ་པའི་ངག་ཏུ་ཁྱད་པར་མེད་ན། རང་རྒྱུད་དང༌། ཐལ་འགྱུར་གྱི་ཚུལ་དུ། སོ་སོར་འཆད་པའི་རྒྱུ་མཚན་དང༌། དགོས་པ་ཅི་ཞེ་ན། བཤད་པ། རྒྱུ་མཚན་ནི། རང་སྨྲ་བ་པོས་སྔར་རྒོལ་དུ་ཁས་བླངས་པ་དང༌། ཕྱིར་རྒོལ་དུ་ཁས་བླངས་པའི་ཁྱད་པར་གྱིས་སོ། །དགོས་པ་ལ། དངོས་དང༌། བརྒྱུད་པའོ། །དང་པོ་ནི། དངོས་ཀྱི་དགག་བྱ་འགོག་པ་དང༌། བསྒྲུབ་བྱ་སྒྲུབ་པའོ། །གཉིས་པ་ནི། ཐེ་ཚོམ་ཅན་རྗེས་སུ་འཛིན་པ་དང༌། ལོག་རྟོག་ཅན་ཚར་བཅད་པའོ། །དེ་ཡང་ཕྱིར་རྒོལ་སངས་རྒྱས་པ་ལྟ་བུ། སྔར་རྒོལ་གྲངས་ཅན་ལྟ་བུ་ལ། རྗེས་དཔག་སྐྱེད་པ་སྐབས་སུ་བབ་པ་དེའི་ཚེ་སུན་འབྱིན་གྱི་སྒོ་ནས་སྐྱེད་དགོས་པ་ཡིན་ཏེ། དེའི་ཚེ་ཕྱིར་རྒོལ་དུ་ཁས་བླངས་པའི་ཕྱིར། དེ་སྐད་དུ་ཡང༌། རྒོལ་དང་ཕྱིར་རྒོལ་དཔང་པོ་གསུམ། །སྒྲུབ་དང་སུན་འབྱིན་བརྡའ་སྤྲོད་པའོ། །ཞེས་འབྱུང་བ་ལྟར་རོ། །རྗེས་དཔག་བསྐྱེད་ནུས་ཀྱི་སུན་འབྱིན་དེ་ལའང་གཉིས་ཏེ། ཐལ་བས་བརྗོད་པ་དང༌། རྣལ་མར་བརྗོད་པའོ། །དང་པོ་ནི། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ཚང་བའོ། །གཉིས་པ་ནི། སྔར་རྒོལ་སྒྲ་རྟག་པར་ཁས་ལེན་པ་ལ། གང་བྱས་ན་རྟག་པ་མིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་བྱས་སོ་ཞེས་སམ། སྒྲ་ཆོས་ཅན་རྟག་པ་མིན་ཏེ་བྱས་པའི་ཕྱིར། ཞེས་འགོད་པར་བྱེད་ཀྱི། མི་རྟག་པ་ལ་སྒྲུབ་བྱེད་འགོད་པ་ནི་མ་ཡིན་ཏེ། དེའི་ཚེ་སྔར་རྒོལ་དུ་ཁས་མ་བླངས་པའི་ཕྱིར། འོ་ན་དེར་ཡང་ཞེ་འདོད་ལ་སྒྲ་རྟག་པ་མིན་པ་དེ། སྒྲུབ་པ་མིན་ནམ་ཞེ་ན། ཞེ་འདོད་ལ་དེ་ལྟར་ཡིན་མོད། དངོས་སུ་མིན་ཏེ། སྐབས་དེར། རྒོལ་བ་གཞན་གྱི་སྒྲ་རྟག་པ་མིན་པའི་སྒྲུབ་བྱེད་མ་དྲིས་པའི་ཕྱིར་དང༌། རྒོལ་བ་རང་ཉིད་ཀྱིས་ཀྱང་ཅིག་ཤོས་ལ་གནོད་བྱེད་བརྗོད་པར་ཁས་བླངས་ཀྱི་ལོག་ཕྱོགས་ལ་སྒྲུབ་བྱེད་འགོད་པར་ཁས་མ་བླངས་པའི་ཕྱིར། གལ་ཏེ་དེར་བླངས་ན། སྔར་རྒོལ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཀྱང༌། ཞེ་འདོད་ཀྱི་བསྒྲུབ་བྱ་ལ་སྒྲུབ་བྱེད་འགོད་པར་ཁས་བླངས་པ་ཙམ་གྱིས་ནི། སྔར་རྒོལ་དུ་ཐལ་བ་མེད་དོ། །དོགས་པ་གསུམ་པ་ནི། འོ་ན་སྔར་རྒོལ་གྱིས་སུན་འབྱིན་མི་བརྗོད་ན། ཕྱིར་རྒོལ་སྒྲ་རྟག་པར་བདེན་ཞེན་གྱི་ལོག་རྟོག་ཅན་དེ་ལ། དང་པོ་ཉིད་ནས་སྒྲུབ་བྱེད་ཡང་དག་འཇུག་པར་འགྱུར་ལ། དེ་ལྟ་ན། ཇི་སྐད་དུ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་བཤད་པ་དང་འགལ་པ་མིན་ནམ་ཞེ་ན། རྒོལ་བ་དེ་འདྲ་དེ་སྔར་རྒོལ་གྱི་རིགས་ཡིན་གྱི། གཞུང་ནས་བཤད་པའི་ཕྱིར་རྒོལ་གྱི་རིགས་མ་ཡིན་མོད། གལ་ཏེ་དེས་གཞུང་ནས་བཤད་པའི་ཕྱིར་རྒོལ་བྱས་པ་ཅིག་སྲིད་ན། དེའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པས་ཐེ་ཚོམ་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། དེ་ལས་ཐེ་ཚོམ་དག སྐྱེ་ཕྱིར་ཞེས་གསུངས་པ་ལྟར་རོ། །དོགས་པ་བཞི་པ་སེལ་བ་ནི། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་གྱི་ངོར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་སོང་བ་གཅིག་སྲིད་པར་ཐལ། དེའི་ངོར། སྒྲུབ་པའི་ཐལ་འགྱུར་དེ་འདྲ་དེ་བཟློག་དོན་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་འགྲོ་བའི་ཕྱིར་སྙམ་ན། སྤྱིར་ལོག་རྟོག་དང་ཐེ་ཚོམ་འགལ་བ་མིན་ཏེ། ལྐོག་གྱུར་གྱི་དོན་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོགས་དེ་ཡང་ཐེ་ཚོམ་ལས་མ་འདས་པའི་ཕྱིར། དེ་ལྟ་ན་ཡང་འདིར་ནི། ཐལ་འགྱུར་འཕངས་པའི་བྱེད་པ་ལ་བརྟེན་ནས། བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེས་ཏེ་ཚུལ་གསུམ་དྲན་ལམ་དུ་འཕངས་པ་ཡིན་ནོ། །གཉིས་པ་ལ། སྒྲུབ་པའི་ཐལ་འགྱུར་ཡང་དག་རྣམས་གཞན་དོན་རྗེས་དཔག་ཡིན་པ་འདི་ཉིད་རིགས་པ་མཁྱེན་པའི་གཞུང་གི་དགོངས་པ་བླ་ན་མེད་པར་ངེས་ཏེ། ཇི་སྐད་དུ། གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །ཞེས་པའི་གཞུང་གི་དོན་དང༌། འཕྲོས་ལས་དེ་ལྟར་གྲུབ་པའི་ཕྱིར། དེ་ཡང་གོང་དུ། དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཅེས་པ་ལ་འཕྲོས་ནས། ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་སྟོན་པའི་གཞན་དོན་རྗེས་དཔག་མེད་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས། བྱེ་བྲག་པའི་ངོར། གང་རང་གི་བསལ་པ་དུ་མ་དང་འཕྲོས་པ་འདུ་བ་ཅན་གྱི་འབྲེལ་པ་གྲུབ་ན། ཆ་དང་བཅས་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་གླང་ཉིད་ཅེས་བྱ་བའི་སྤྱི་དེ་ཡང་རང་གི་གསལ་བ་དུ་མ་དང་དེ་གྲུབ་པར་རྒོལ་བ་ཁྱོད་ཀྱིས་ཁས་བླངས་སོ་ཞེས་པའི་ངག་འདི་ཡང་སྒྲུབ་ངག་ཡང་དག་མ་ཡིན་པར་འགྱུར་ཏེ། ངག་འདིས་བསྟན་པའི་ཕྱོགས་ཆོས་རྒོལ་བ་རང་གིས་ཚད་མས་མ་གྲུབ་པའི་ཕྱིར། སྙམ་པའི་དོགས་པ་དེ་རྒོལ་བ་གྲངས་ཅན་ལ་སྐྱེས་པ་ཡིན་ནོ། །དེའི་ལན་ནི། དེ་ལྟ་བུའི་སྒྲུབ་པའི་ཐལ་བ་ཆོས་གསུམ་ལྡན་དེ་ཆོས་ཅན། ཁྱོད་ཀྱི་སྒྲ་ཟིན་གྱི་ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་ཀྱང༌། སྒྲུབ་ངག་ཡང་དག་ཡིན་ཏེ། ཆ་བཅས་མིན་པའི་རྟགས་ཀྱིས་བ་གླང་གི་སྤྱི་རང་གི་གསལ་བ་དུ་མ་དང་འཕྲོད་འདུས་མ་འབྲེལ་བར་བསྒྲུབ་པའི་རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ། རྒོལ་བ་བྱེ་བྲག་པའི་དྲན་ལམ་དུ་གསལ་བར་འཕེན་ནུས་པའི་དེ་སྒྲུབ་ཀྱི་ངག་རྣམ་དག་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། གཞན་གྱིས་བརྟགས་པ་ཡི། ཐལ་བ་སྒྲུབ་པ། ཞེས་པའོ། །དེ་ལ་གྲངས་ཅན་ན་རེ། འོ་ན། གང་སྐྱེ་འཇིག་ཅན་ཡིན་ན། སེམས་མེད་ཡིན་པས་ཁྱབ། དཔེར་ན་གཟུགས་སོགས་དེ་ཙམ་ལྔ་བཞིན། བློ་དང་བདེ་བ་ཡང་སྐྱེ་འཇིག་ཅན་དུ་རྒོལ་བ་སངས་རྒྱས་པས་ཁས་བླངས་སོ་ཞེས་པའི་ངག་འདི་ཡང་ཆོས་ཅན་སྒྲུབ་ངག་ཡང་དག་ཡིན་པར་ཐལ། སེམས་ཅན་ཡིན་པའི་རྟགས་ཀྱིས་བློ་བདེ་སྐྱེ་འཇིག་ཅན་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་ཕྱིར་རྒོལ་སངས་རྒྱས་པའི་དྲན་ལམ་དུ་སྟོན་པའི་དེ་སྒྲུབ་ཀྱི་ངག་རྣམ་དག་ཡིན་པའི་ཕྱིར་ཞེ་ན། དེ་ནི་མི་མཚུངས་ཏེ། སྔ་མའི་ཁྱབ་འབྲེལ་ཚད་མས་གྲུབ་ལ། འདིའི་ཁྱབ་འབྲེལ་ཚད་མས་མི་འགྲུབ་པའི་ཕྱིར་ཞེས་སྟོན་པ་ནི། གཉིས་འབྲེལ་ཕྱིར། གཅིག་མེད་ན་གཞན་དགག་ཕྱིར་ཡིན། ཞེས་གསུངས་པ་ཡིན་ནོ། །ཡང་ན། དོགས་པ་སྔ་མ་ལྟར་ཁས་བླངས་ནས་སློབ་དཔོན་བདག་ཉིད་ཆེན་པོས་བྱེ་བྲག་པའི་ངོར་འཕངས་པའི་ཐལ་བ་དེ་ཆོས་ཅན། དངོས་སུ་ཕྱོགས་ཆོས་ཚད་མས་གྲུབ་པའི་སྒྲུབ་ངག་མིན་ཡང༌། སྤྱིར་སྒྲུབ་ངག་ཡང་དག་ཡིན་ཏེ། ཁྱོད་ཀྱི་དངོས་དོན་བཟློག་ན། ཁྱོད་ལ་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཚང་བའི་ཕྱིར་ཞེས་པའོ། །གཞུང་དེའི་དོན་ཕྱི་རབས་པ་གང་དག འདི་སྐད་དུ། ཕྱོགས་ཆོས་སྔར་རྒོལ་གྱི་ཚད་མས་མ་གྲུབ་པའི་རྟགས་ཡང་དག་མེད་ན། དེ་མ་གྲུབ་པའི་ཐལ་འགྱུར་ཡང་དག་ཀྱང་མེད་དགོས། དེ་མེད་ན་སློབ་དཔོན་གྱིས་བྱེ་བྲག་པའི་ངོར། དེ་ལྟར་འཕངས་པ་མི་འཐད་པར་འགྱུར་རོ་ཞེས་པའི་དོགས་པ་བསུ་ནས། དེའི་ལན་དུ་ཐལ་འགྱུར་དེས་བཟློག་དོན་འཕེན་པའི་སྒྲུབ་བྱེད་འཆད་པ་ལ། གཞུང་འདི་གསུངས་པར་འཆད་པ་ནི། བྱིས་པས་བྱིས་པ་འདྲིད་པའི་རྗེས་སུ་མཁས་པར་རློམ་པ་དག་ཀྱང་ཞུགས་པར་མཐོང་ངོ་ཞེས་ཁོ་བོ་ཅག་སྨྲ་སྟེ། དེ་ཡང་འདི་ལྟར། དེ་མེད་ན་མེད་དགོས་ཞེས་པའི་དོགས་པ་སྔ་མ་དེ་གྲངས་ཅན་ལ་སྐྱེ་བའི་གཞི་མེད་པའི་ཕྱིར་དང༌། དེ་ལ་སངས་རྒྱས་པས་འདོད་ལན་མི་འདེབས་པས། སློབ་དཔོན་གྱིས་བྱེ་བྲག་པའི་ངོར། དེ་ལྟར་འཕངས་པ་མི་འཐད་པར་འགྱུར་རོ་ཞེས་པའི་ཐལ་བ་དེ་འཇུག་པའི་གཞི་མེད་པའི་ཕྱིར་དང༌། དེ་འདྲའི་ཐལ་འགྱུར་དེ་བཟློག་དོན་འཕེན་པའི་ཐལ་འགྱུར་དུ་གྲངས་ཅན་གྱིས་ཀྱང་ཁས་ལེན་པས་དེ་དེར་སྒྲུབ་པ་སྐབས་སུ་མ་བབ་པའི་ཕྱིར་དང༌། གཞན་གྱིས་རྟགས་པ་ཡི། །ཐལ་བ་ཞེས་པ་ཆོས་ཅན་དང༌། སྒྲུབ་པ་ཞེས་པ་ཆོས་དང༌། གཉིས་འབྲེལ་ཕྱིར། སོགས་གཏན་ཚིགས་སུ་འགོད་པ་གཞུང་དེའི་སྐབས་ཀྱི་དོན་ཡིན་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། ཕྱོགས་ཆོས་སྔར་རྒོལ་གྱི་ཚད་མས་མ་གྲུབ་པའི་རྟགས་ཡང་དག་མེད་པ་དེ། དེ་སྤང་ཕྱིར་བདག་ཅེས་པའི་གཞུང་གི་དོན་མིན་པའི་ཕྱིར། གལ་ཏེ་དེས་དེ་མ་གྲུབ་པའི་གཞན་དོན་གྱི་རྟགས་ཡང་དག་མེད་པ་གཞུང་དེའི་དོན་ནོ་ཞེ་ན། དེའང་འདི་ལྟར་ཡིན་ཏེ། ཚུལ་གསུམ་སྔར་རྒོལ་གྱི་ཚད་མས་མི་ཤེས་བཞིན་དུ། ཕྱིར་རྒོལ་གྱི་རྒྱུད་ལ་རྟགས་ཅན་རྗེས་དཔག་སྐྱེད་པར་ནུས་པ་མཐོང་བ་དེའི་ཚེ་རང་དོན་རྗེས་དཔག་ཏུ་ཁས་ལེན་ནོ། །གཞན་ཡང༌། དེ་སྤང་ཕྱིར་བདག་མཐོང་བའི་ཚིག །ཅེས་པའི་གཞུང་དེས་དེ་ལྟར་བསྟན་པ་མིན་ཏེ། གཞུང་དེ་ནི་རྗོད་བྱེད་གཞན་དོན་རྗེས་དཔག་གི་མཚན་ཉིད་ལ་ལོག་པར་རྟོག་པ་སེལ་བའི་གཞུང་ཡིན་གྱི། དེའི་བརྗོད་བྱ་གཏན་ཚིགས་ཀྱི་མཚན་ཉིད་ལ། ལོག་པར་རྟོག་པ་སེལ་བའི་གཞུང་མིན་པའི་ཕྱིར་རོ། །མདོར་ན་གཞུང་འདིའི་སྐབས་སུ། ཕྱོགས་ཆོས་སྔར་རྒོལ་གྱི་ཚད་མས་གྲུབ་པའི་ཐལ་འགྱུར་ཡང་དག་ཡོད་མེད་རྩོད་གཞིར་བྱེད་པ་ནི། རྟོག་གེའི་རྣམ་གཞག་མ་ཆགས་པའི་གཏམ་ཁོ་ན་ཡིན་ཏེ། དེས་དེ་གྲུབ་པའི་ཐལ་འགྱུར་ཡང་དག་འདོད་མཁན་གྱི་རྟོག་གེ་པ་སུ་ཡང་མེད་པའི་ཕྱིར། གཞན་ཡང༌། གཏན་ཚིགས་ཡང་དག་གི་ཕྱོགས་ཆོས་དང༌། ཐལ་འགྱུར་ཡང་དག་གི་ཕྱོགས་ཆོས་གཉིས་སྔར་རྒོལ་གྱི་ཚད་མས་གྲུབ་མ་གྲུབ་མཚུངས་པར་རྩོད་པའི་རྩོད་པ་དེ་འདྲ་སྐྱེ་བའི་གཞི་མེད་དེ། ཐལ་འགྱུར་ནི་ཕྱིར་རྒོལ་དང་འབྲེལ་བའི་ངག་ཡིན་པའི་ཕྱིར། འོ་ན་གཞུང་དེའི་དོན་ཅི་ཞེ་ན། དེ་སྤང་ཕྱིར་བདག་ཅེས་པའི་སྐབས་སུ། གཞན་དོན་རྗེས་དཔག་ཡིན་ན། དེའི་བརྗོད་བྱར་གྱུར་པའི་ཚུལ་གསུམ་རྒོལ་བ་རང་གི་ཚད་མས་མཐོང་བས་ཁྱབ་པར་ཁས་བླངས་པ་ལ། གྲངས་ཅན་ན་རེ། ཕྱོགས་ཀྱི་གླང་པོས་བྱེ་བྲག་པའི་ངོར་འཕངས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། ཞེས་ཟེར་བ་ལ་འདོད་ལན་འདེབས་པ་ལ་གཞུང་འདི་གསུངས་པ་ཡིན་ནོ། །དེ་བཞིན་དུ་རིགས་པའི་གཏེར་ལས། བསྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །དངོས་སུ་བསྒྲུབ་པའི་ངག་མིན་ཡང༌། །ཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་པ་ཡང་གོང་དུ། གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག །ཅེས་པ་ལ་འཕྲོས་པའི་དོགས་པ་སྔ་མ་ལྟར་ཁས་བླངས་ལ། དེའི་ལན་དུ། སློབ་དཔོན་ཕྱོགས་ཀྱི་གླང་པོས། བྱེ་བྲག་པའི་ངོར། དེ་ལྟར་འཕངས་པའི་ཐལ་བ་ཆོས་གསུམ་ལྡན་དེ་ཆོས་ཅན། དངོས་སུ་བསྒྲུབ་བྱ་སྒྲུབ་པའི་ངག་མིན་ཡང༌། སྤྱིར་སྒྲུབ་ངག་ཡང་དག་ཡིན་ཏེ། དོན་ལྡོག་ན་དེའི་མཚན་ཉིད་ཚང་བའི་ཕྱིར། ཞེས་པ་ཡིན་ནོ། །གསུམ་པ་རྣམ་གཞག་གཏན་ལ་ཕབ་པ་ལ། སློབ་དཔོན་ཕྱྭ་པའི་བཞེད་པ་བཀོད། དེ་ལ་གཞན་གྱིས་རྟགས་པ་དགག ལུང་སྔ་མ་དེ་ཉིད་རིགས་པའི་གཏེར་གྱིའང་དགོངས་པ་ཡིན་པར་བསྟན། ཚད་མ་རྒྱན་གྱི་དགོངས་པ་ཇི་ལྟར་ཡིན་པ་དཔྱད། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་རྣམ་གཞག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། འདི་ལྟར་བཞེད་དེ། སྒྲུབ་པའི་ངག་གི་དབྱེ་བ་ནི་བརྒྱད་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཁྱབ་གཉིས་ཀ་མི་ཤེས་པ་ལ། གཉིས་ཀ་སྒྲུབ་པའི་གཞན་དོན་རྗེས་དཔག ཕྱོགས་ཆོས་ཤེས་ཤིང་ཁྱབ་པ་མི་ཤེས་པ་ལ་ཁྱབ་པ་སྒྲུབ་པའི་གཞན་དོན་རྗེས་དཔག ཁྱབ་པ་ཤེས་ཤིང་ཕྱོགས་ཆོས་མི་ཤེས་པ་ལ་ཕྱོགས་ཆོས་སྒྲུབ་པའི་གཞན་དོན་རྗེས་དཔག གཉིས་ཀ་ཤེས་ཤིང་མ་དྲན་པ་ལ་གཉིས་ཀ་བརྗོད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང༌། མི་མཐུན་སྦྱོར་གྱི་སྒྲུབ་ངག་སྟེ་གཉིས་དང༌། ཕྱོགས་ཆོས་དྲན་ཞིང་ཁྱབ་པ་མ་དྲན་པ་ལ་རྗེས་འགྲོ་རྐྱང་པ་བརྗོད་པ་དང༌། བཟློག་པ་རྐྱང་པ་བརྗོད་པའི་སྒྲུབ་པའི་ངག་གཉིས་དང༌། ཁྱབ་པ་དྲན་ཞིང་ཕྱོགས་ཆོས་མི་དྲན་པ་ལ་ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་པའི་ངག་སྟེ་བརྒྱད་དོ། །བརྒྱད་པོ་དེ་ལ། རང་རྒྱུད་དང༌། ཐལ་འགྱུར་སོ་སོར་ཕྱེ་ན་བཅུ་བཞིར་ཡང་འགྱུར་ཏེ། རང་རྒྱུད་ལ་སྔ་མ་ལྟར་བརྒྱད་དང༌། ཐལ་འགྱུར་ལ་དྲུག་ཏུ་ཕྱེ་བས་སོ། །དེ་ལ་དྲུག་ལས་མེད་པ་ཅི་ཞེ་ན། ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་སྒྲུབ་པ་ལ། ཕྱོགས་ཆོས་རྐྱང་པ་སྒྲུབ་པའི་ངག་མི་སྲིད་པས་སོ། །ཡང་ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་སོགས་འཐད་པའི་རིགས་པ་ཡང༌། ཁྱབ་པ་དྲན་ཞིང་ཕྱོགས་ཆོས་མ་དྲན་པའི་རྒོལ་བའི་ངོར་སྒྲུབ་པའི་ངག་འགོད་དམ་མི་འགོད། གཉིས་པ་ལྟར་ན་མི་འཐད་དེ། དེའི་ངོར་ཚུལ་གསུམ་དྲན་ལམ་དུ་འཕེན་དགོས་པའི་ཕྱིར། དང་པོ་ལྟར་ན་རྐྱང་པ་བརྗོད་དམ་གཉིས་ཀ་བརྗོད། གཉིས་པ་ལྟར་ན་མི་འཐད་དེ། དེའི་ངོར་ཁྱབ་པ་བརྗོད་ན་ངག་ལྷག་པའི་ཕྱིར། དང་པོ་ལྟར་ན། དེ་འདྲའི་སྒྲུབ་ངག་ཡང་དག་ཡོད་པར་འགྲུབ་བོ། །དེ་ཡང་རྒོལ་བ་གཞན་ཁྱབ་པ་ཁར་འབྱིན་པ་ལ། ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། ཕྱོགས་ཆོས་ཁར་འབྱིན་པ་ལ་ཁྱབ་པ་རྐྱང་པ་བརྗོད་པ་སྒྲུབ་ངག་ཏུ་བཞེད་དོ། །གཉིས་པ་ལ་ཕྱྭ་པའི་དགོངས་པ་བཤད། དེ་ལ་གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ནི། དེ་ལྟ་ན་ཡང༌། སློབ་དཔོན་དེས་དེ་འདྲའི་ངག་དེ་ཕྱོགས་ཆོས་རྐྱང་པ་ཅན་གྱི་ངག་ཏུ་མི་བཞེད་དེ། ཕྱིར་རྒོལ་བྱས་ན་མི་རྟག་པའི་ཁྱབ་པ་ཁར་འབྱིན་པའི་ངོར། སྒྲ་ཡང་བྱས་སོ་ཞེས་བརྗོད་པའི་ངག་དེ་ཡན་ལག་གཉིས་ལྡན་གྱི་ངག་ཏུ་བཞེད་པའི་ཕྱིར་ཏེ། དེ་འདྲའི་ངག་དེ་ཕྱོགས་ཆོས་དང་ཁྱབ་པའི་ཚོགས་དོན་ཕྱིར་རྒོལ་ལ་མི་བསླུ་བའི་ཡུལ་དུ་སྟོན་པའི་ངག་ཏུ་བཞེད་པའི་ཕྱིར། ཡང་ཕྱྭ་པས་ཕྱོགས་ཆོས་རྐྱང་པ་ཅན་དང༌། རྗེས་འགྲོ་རྐྱང་པ་ཅན་གྱི་ཐ་སྙད་མཛད་པ་གཅིག་ཀྱང་མེད་ཅིང༌། ཁྱབ་པ་མི་དྲན་པའམ་ངག་ཏུ་མི་བརྗོད་པའི་ངོར་ནི། དེ་འདྲའི་ངག་དེ་ཡན་ལག་གཉིས་ལྡན་དུ་མི་མཛད་དེ། ཁྱབ་པའི་ཡན་ལག་དང་མི་ལྡན་པའི་ཕྱིར་ཏེ། ངག་དེའི་བྱེད་པས། ཕྱོགས་ཁྱབ་ཀྱི་ཚོགས་དོན་དྲན་ལམ་དུ་འཕེན་པར་མི་བྱེད་པའི་ཕྱིར་དང༌། ཁྱབ་པ་ཁར་མི་འབྱིན་པའི་རྒོལ་བའི་ངོར། ཕྱོགས་ཆོས་རྐྱང་པ་བརྗོད་ན་ངག་མ་ཚང་བར་འགྱུར་བའི་ཕྱིར། དེའི་ཕྱིར་ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡིན་ན་སྒྲུབ་ངག་ཡང་དག་མིན་པས་ཁྱབ་སྟེ། དེ་ཡིན་ན། ཚུལ་གསུམ་ཀ་ཚོགས་པའི་ཚོགས་དོན་དྲན་ལམ་དུ་འཕེན་པར་མི་ནུས་པས་ཁྱབ་པའི་ཕྱིར། ཡང་ཡན་ལག་གཉིས་ལྡན་གྱི་ངག་ཡིན་ན། ངག་དེའི་སྒྲ་ཟིན་ལ། ཡན་ལག་གཉིས་ཀ་བརྗོད་མི་དགོས་ཏེ། ངག་དེའི་ཞེན་པའི་བརྗོད་བྱ། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་སུ་སོང་བ་ཙམ་གྱིས་ཆོག་པའི་ཕྱིར། ཞེས་བཞེད་པ་ཡིན་ནོ། །གཉིས་པ་ནི། དེང་སང་ཕྱྭ་བའི་རྗེས་སུ་རློམ་པ་དག་ན་རེ། སློབ་དཔོན་དེའི་ལུགས་ལ་ཕྱོགས་ཆོས་རྐྱང་པ་ཅན་དང༌། རྗེས་འགྲོ་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་བཞེད་ཅིང༌། དེ་འཐད་པའི་རྒྱུ་མཚན་ཡང༌། ཁྱབ་པ་དྲན་ཞིང༌། ཕྱོགས་ཆོས་དྲན་རུང་དུ་ཡོད་པའི་རྒོལ་བའི་ངོར། སྒྲུབ་ངག་ཡང་དག་འགོད་དགོས་ཤིང༌། ཁྱབ་པ་བརྗོད་པའི་སྒྲུབ་ངག་ཡང་དག་མི་དགོས་པའི་ཕྱིར། ཞེས་སོགས་ཀྱི་སྤྲོས་པ་མང་པོ་འཆད་པར་བྱེད་དོ། །མི་འཐད་པའི་ཚུལ་ནི། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ཡིན་པའི་ཤེས་བྱེད་དུ། །སྒྲུབ་ངག་ཡང་དག་གང་ཞིག་ཁྱབ་པ་མ་བརྗོད་པའི་ཕྱིར། ཞེས་ཟེར་བ་ལ་ནི་ཁྱབ་པ་མ་ངེས་ཏེ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཚད་མ་དེ་ཆོས་ཅན། ཕྱོགས་ཆོས་དང་རྗེས་འགྲོ་རྐྱང་པ་ཅན་དུ་ཐལ། དེ་གང་ཞིག བཟློག་ཁྱབ་མ་བརྗོད་པའི་ཕྱིར། རྟགས་མ་གྲུབ་ན། དེ་འདྲ་དེ་དེའི་དངོས་ཀྱི་བརྗོད་བྱ་དང༌། ཞེན་པའི་བརྗོད་བྱ་གང་རུང་དུ་ཐལ་བར་འགྱུར་རོ། །ཡང་རྒོལ་བ་དེའི་ངོར། ཁྱབ་པའི་ཡན་ལག་ཅན་གྱི་སྒྲུབ་ངག་འགོད་མི་དགོས་པའི་ཕྱིར་ཟེར་ན་རྟགས་མ་གྲུབ། གལ་ཏེ་རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱི་ངོར་དེ་འགོད་མི་དགོས་ཏེ། ཁྱབ་པ་ཤེས་ཟིན་མ་བརྗེད་པར་དྲན་པའི་ཕྱིར། ཟེར་ན། འོ་ན་ཕྱོགས་ཆོས་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་སོགས་ཡོད་པར་ཐལ། གོང་གི་རྒོལ་བ་དེའི་ངོར། གཏན་ཚིགས་ཡང་དག་གཅིག་འགོད་ནི་དགོས། ཁྱབ་པའི་ཚུལ་དང་ལྡན་པའི་གཏན་ཚིགས་ཡང་དག་འགོད་མི་དགོས་པའི་ཕྱིར་ཏེ། རྟགས་ཕྱི་མ་ཁས་བླངས་ཤིང་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ངོར་དེ་མི་དགོས་ཏེ། ཁྱོད་ཀྱིས་དེ་ཤེས་ཟིན་མ་བརྗེད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་ཁ་ཅིག་ན་རེ། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པས་སོ་ཞེས་ཟེར་བ་དེས་ཀྱང་མ་གོ་བ་ཡིན་ཏེ། གཏན་ཚིགས་འབའ་ཞིག་བརྗོད་པའི་སྒྲུབ་ངག་ཡིན་ན། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡིན་པས་མ་ཁྱབ་པའི་ཕྱིར། གཞུང་དེའི་དོན་ཡང་རྒྱས་པར་འོག་ན་འཆད་པར་འགྱུར་རོ། །གསུམ་པ་དེ་ཉིད་རིགས་པའི་གཏེར་མཛད་པའི་དགོངས་པའང་ཡིན་པར་བསྟན་པ་ལ། དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བསྟན་བཅོས་དེའི་དགོངས་པ་ལ། སྒྲུབ་ངག་ཡང་དག་ཡིན་ན། ཡན་ལག་གཉིས་ལྡན་གྱི་ངག་ཡིན་པས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། ཚུལ་གསུམ་སྟོན་ལ་སྒྲུབ་པའི་ངག །ཅེས་དང༌། སྤྱི་ཁྱབ་མ་ཚང་ཕྱིར་མི་འཐད། །ཅེས་གསུངས་སོ། །དེ་ཡང༌། སྤྱི་ཁྱབ་བརྗོད་པ་མ་ཚང་བ་ལ་བྱེད་པ་མིན་གྱི། རྒོལ་བའི་བློ་ཡུལ་དུ་མ་ཚང་བ་ལ་བྱ་བ་ཡིན་ཏེ། གཞན་དུ་ན། ཕྱོགས་ཆོས་རྐྱང་པ་བརྗོད་པ་ལ་མ་ཁྱབ་པས་སོ། །རིགས་པས་ཀྱང་འགྲུབ་སྟེ། སྒྲུབ་ངག་ཡང་དག་ཡིན་ན། ཚུལ་གསུམ་ཀའི་ཚོགས་དོན་རྒོལ་བའི་དྲན་ལམ་དུ་འཕེན་ནུས་པས་ཁྱབ་པའི་ཕྱིར། དེ་ལྟ་ན་ཡང༌། ཕྱོགས་ཁྱབ་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་མ་བཞེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། མཁས་པ་ལ་ནི་གཏན་ཚིགས་ཉིད། །ཅེས་དང༌། དེའི་རིགས་པས། མཁས་པ་ལ་ནི་རྗེས་འགྲོ་ཉིད། །ཅེས་པའང་དོན་གྱིས་ཐོབ་པའི་ཕྱིར། དེ་ལྟ་མོད་ཀྱི། ཕྱོགས་ཆོས་དང་ཁྱབ་པ་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ནི་མི་བཞེད་དེ། དེའི་ཐད་ཀྱི་འགྲེལ་པར། ཁྱབ་འབྲེལ་ཤེས་ཀྱང་ངག་ཏུ་མི་འབྱིན་པ་དང༌། ཕྱོགས་ཆོས་དྲན་ཀྱང་ངག་ཏུ་མི་འབྱིན་པ་ལ་ཕྱོགས་ཁྱབ་གང་རུང་རེ་རེ་བརྗོད་ན་སྒྲུབ་པའི་ངག་མ་ཚང་བ་དང༌། ཀླན་ཀར་འགྱུར་རོ་ཞེས་བཤད་པས་སོ། །འོ་ན་འདིར་རྒོལ་བ་མཁས་བླུན་གྱི་ཁྱད་པར་གང་ཡིན། དེའི་ངོར་སྒྲུབ་ངག་འགོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། རིགས་པའི་གཏེར་ལས་གསུངས་ཚུལ་དང༌། གཞུང་གི་དགོངས་པ་གཞན་དུའང་བཙལ་བ་གཉིས་སོ། །དང་པོ་ནི། མི་མཁས་པ་དང་བླུན་པོ་ནི། ཚུལ་གསུམ་ཤེས་ཤིང་མ་དྲན་པ་ལ་བྱ་བ་དང༌། མཁས་པ་ནི། ཚུལ་གསུམ་ཤེས་ཀྱང་གང་རུང་དྲན་ཅིག་ཤོས་མི་དྲན་པ་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། བླུན་པོ་ལ་ནི་ཉུང་རྒྱས་སྦྱར། །ཞེས་གསུངས་ལ། དེའི་སྐབས་ཀྱི་ཉུང་རྒྱས་དེ་ཡང༌། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་གྱི་སྒྲུབ་ངག་ལ་བཤད་པའི་ཕྱིར་དང༌། མཁས་པ་ལ་ནི་གཏན་ཚིགས་ཉིད། །ཅེས་པའི་གཏན་ཚིགས་དེ་ཡང༌། ཕྱོགས་ཆོས་རྐྱང་པ་བརྗོད་པའི་ངག་ལ་བྱ་བར་གསུངས་པའི་ཕྱིར་རོ། །འདི་ནི་ཤཱཀྱ་བློའི་བཞེད་པ་དང་མཐུན་ནོ། །གཉིས་པ་ནི། རྣམ་འགྲེལ་ལས། དཔེ་ལ་དེ་ཡི་ངོ་བོ་དང༌། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་གསུངས་པ་དེའི་སྐབས་ཀྱི་མི་ཤེས་པ་ནི། གཙོ་བོར་ཁྱབ་འབྲེལ་དང༌། དེས་མཚོན་ནས། ཕྱོགས་ཆོས་མི་ཤེས་པ་ལ་བྱ་དགོས་པ་ཡིན་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་སྟོན་དགོས་པར་བཤད་པའི་ཕྱིར། མཁས་པ་ནི། གཙོ་བོར་ཁྱབ་འབྲེལ་དང༌། དེས་མཚོན་ནས་ཕྱོགས་ཆོས་ཀྱང༌། ཤེས་ཤིང་མ་དྲན་པ་ལ་བྱ་དགོས་པ་ཡིན་ཏེ། སྒྲུབ་ངག་འགོད་པའི་ཡུལ་དུ་བཤད་པའི་ཕྱིར། གཏན་ཚིགས་འབའ་ཞིག་བརྗོད། ཅེས་པ་ནི། རྩ་བའི་བསྒྲུབ་བྱ་སྒྲུབ་པའི་ངག་ལ་འཆད་དགོས་པ་ཡིན་ནོ། །དེ་ལྟར་བྱས་པ་ན། སྟོན་དེ་ཞེས་པ་ཡན་གྱིས་ཚུལ་གསུམ་སྒྲུབ་པའི་སྒྲུབ་ངག་དང༌། མཁས་པ་རྣམས་ལ་ནི། ཞེས་པ་མན་གྱིས་ཚུལ་གསུམ་དྲན་ལམ་དུ་འཕེན་པའི་སྒྲུབ་ངག་དེ་བསྟན་པ་ཡིན་ནོ། །གཉིས་པ་ངག་འགོད་པའི་ཚུལ་ནི། ཕྱིར་རྒོལ་ལ་འགོད་པའི་ཚུལ་དང༌། སྔར་རྒོལ་ལ་འགོད་པའི་ཚུལ་ལོ། །དང་པོ་ལ། མི་མཁས་པ་དང༌། མཁས་པ་ལ་འགོད་པའི་ཚུལ་ལོ། །དང་པོ་ནི། བྱས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་པ་ལ། ཕྱོགས་ཁྱབ་གཉིས་ཀ་སྒྲུབ་བྱེད་ཀྱི་རིགས་པ་དང༌། རིགས་པ་དེའི་འོག་ཏུ་ཁྱབ་ཕྱོགས་གཉིས་ཀ་སྒྲུབ་བྱེད་ཀྱི་སྒྲུབ་ངག་འགོད་པར་བྱེད་དོ། །དེ་ལྟར་ཚུལ་གསུམ་ཀ་ལྟོས་གཞི་སོ་སོའི་སྟེང་དུ་ཤེས་ཤིང་སྤྱི་ཁྱབ་དང་ཕྱོགས་ཆོས་ཀྱི་ཚོགས་དོན་མ་དྲན་པ་དེ་ལ། ཆོས་མཐུན་པ་ཅན་ནམ་མི་མཐུན་པ་ཅན་གྱི་ངག་གིས་རྩ་བའི་བསྒྲུབ་བྱ་སྒྲུབ་པར་བྱེད་དོ། །དེ་ནི་བླུན་པོ་ལ་ཉུང་རྒྱས་སྦྱོར་བའི་ཚུལ་ལོ། །ཡང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་དཔེ་སོ་སོའི་སྟེང་དུ་ཚད་མས་ཤེས་པར་མ་ཟད། སྤྱི་ཁྱབ་ཀྱང་དྲན་ནས་ངག་ཏུ་འབྱིན་པའི་ཕྱིར་རྒོལ་ལ། སྔར་རྒོལ་མཁས་པས། འོ་ན་སྒྲ་ཡང་བྱས་སོ། །ཞེས་སམ། སྒྲ་ནི་བྱས་སོ་ཞེས་འགོད་པར་བྱེད་དོ། །དེས་ནི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་རྐྱང་པ་བརྗོད་པའི་ངག་འགོད་པའི་ཚུལ་ཡང་མཚོན་པར་ནུས་སོ། །དེ་ལྟར་སྦྱར་བ་དེ་ནི། མཁས་པ་ལ་ནི་གཏན་ཚིགས་ཉིད། །ཅེས་པས་སྟོན་ནོ། །གཉིས་པ་ནི། སྔར་རྒོལ་སྒྲ་རྟག་པར་དམ་འཆའ་ཞིང༌། བྱས་མི་རྟག་གི་འབྲེལ་བ་དང༌། སྒྲ་བྱས་པར་ཚད་མས་མི་ཤེས་པ་ལ་དེ་དང་དེ་སྒྲུབ་བྱེད་ཀྱི་རིགས་པ་དང༌། རིགས་པ་དེ་ཤེས་པའི་འོག་ཏུ། དེ་དང་དེ་སྒྲུབ་བྱེད་ཀྱིས་སྒྲུབ་པའི་ཐལ་བར་འགོད་པར་བྱེད་དོ། །དེ་ལྟར་ཁྱབ་འབྲེལ་དང༌། ཐལ་ཆོས་ལ་ཚད་མས་བསལ་བ་ཞུགས་ཚུལ་ཤེས་ཟིན་པའི་འོག་ཏུ། གང་རྟག་ན་ཞེས་པ་ནས། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པའི་བར་གྱི་ཆོས་མཐུན་པ་ཅན་ནམ། ཡང་ན་གང་བྱས་ན་ཞེས་པ་ནས། སྒྲ་ནི་རྟག་པར་ཁས་བླངས་སོ་ཞེས་པའི་བར་གྱིས་ཆོས་མི་མཐུན་པ་ཅན་གྱི་ངག་འགོད་དོ། །དེ་ཡང་བླུན་པོ་ལ་ཉུང་རྒྱས་སྦྱོར་བའི་ཚུལ་གཅིག་གོ །ཡང་དེ་ལྟར་ཁས་ལེན་པའི་སྔར་རྒོལ། ཁྱབ་འབྲེལ་དང་བསལ་པ་ཚད་མས་ཤེས་ནས། སྒྲ་རྟག་གོ་ཞེས་དམ་བཅའ་ཁར་འབྱིན་པ་ལ། འོ་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། ཞེས་རྗེས་འགྲོ་རྐྱང་པ་བརྗོད་པའི་སྒྲུབ་པའི་ཐལ་བ་དང༌། ཡང་རྒོལ་བ་དེ་ལ། འོ་ན་གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན། ཞེས་བཟློག་པ་རྐྱང་པ་བརྗོད་པའི་སྒྲུབ་པའི་ཐལ་བ་འཕེན་ནོ། །གལ་ཏེ་འོ་ན་འདི་གཉིས་ཆོས་ཅན། ཐལ་བའི་ངག་མིན་ཏེ། རང་རྒྱུད་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་དང་ཁྱད་པར་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར་ཞེ་ན། ཁྱད་པར་ཡོད་པ་ཡིན་ཏེ། རྒོལ་བ་སྒྲ་རྟག་པའི་དམ་བཅའ་འཇོག ཕྱིར་རྒོལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ངག་ཏུ་འབྱིན་པའི་ངོར། སོ་སོར་འགོད་པའི་བྱེ་བྲག་གིས་ཐལ་རང་སོ་སོར་དབྱེ་དགོས་པའི་ཕྱིར་རོ། །ཡང༌། སྔར་སྒྲ་རྟག་པར་ཁས་བླངས། ད་ལྟ་ངག་ཏུ་མི་འབྱིན་ཞིང༌། རྟག་ན་མ་བྱས་པའི་ཁྱབ་པ་དང༌། བྱས་ན་མི་རྟག་པའི་ཁྱབ་པ་ཁར་འབྱིན་བཞིན་པའི་རྒོལ་བ་དེ་ལ། འོ་ན། ཁྱོད་ཀྱིས་སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་སམ། སྒྲ་ནི་རྟག་པར་ཁྱོད་ཀྱིས་ཁས་བླངས་སོ། །ཞེས་འཕེན་པར་བྱེད་དོ། །དེ་འདྲ་དེ་ནི། གཏན་ཚིགས་རྐྱང་པ་བརྗོད་པའི་སྒྲུབ་པའི་ཐལ་བའོ། །འདི་ལ་ཕྱོགས་ཆོས་རྐྱང་པ་བརྗོད་པ་ཞེས་ནི་མི་བྱ་སྟེ། དེའི་ཚེ། སྒྲ་རྟག་པ་ཕྱོགས་ཆོས་མིན་པའི་ཕྱིར། འདི་ཡང་མཁས་པ་ལ་གཏན་ཚིགས་འབའ་ཞིག་བརྗོད་ཚུལ་གཅིག་གོ །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྩ་བའི་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ངག་ནི་ལྔ་ཁོ་ན་ཡིན་ཏེ། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་དང༌། ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། རྗེས་འགྲོ་རྐྱང་པ། ལྡོག་པ་རྐྱང་པ་བརྗོད་པའོ། །རྩ་བའི་དགག་བྱ་དངོས་སུ་འགོག་པའི་སྒྲུབ་པའི་ངག་ཀྱང་ལྔ་ཁོ་ན་ཡིན་ཏེ། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་དང༌། གཏན་ཚིགས་རྐྱང་པ་བརྗོད་པ་དང༌། རྗེས་ཁྱབ་རྐྱང་པ་བརྗོད་པ་དང༌། བཟློག་ཁྱབ་རྐྱང་པ་བརྗོད་པའོ། །དེ་ལྟར་བཅུའི་ནང་ནས། ཕྱོགས་ཆོས་དང༌། གཏན་ཚིགས་རྐྱང་པ་བརྗོད་པ་ལ་གཉིས་གཉིས་སུ་འགྱུར་ཏེ། སྒྲ་ཡང་ཞེས་པ་དང༌། སྒྲ་ནི་ཞེས་པའི་བྱེ་བྲག་གིས་སོ། །གཉིས་པ་རྩོད་པ་སྤང་བ་ལ། ལུང་དང་འགལ་བ་སྤང་བ་དང༌། ཁས་བླངས་དང་འགལ་བ་སྤང་བའོ། །དང་པོ་ནི། འོ་ན་ཕྱོགས་ཆོས་ལ་སོགས་པ་རྐྱང་པ་བརྗོད་པའི་གྲུབ་ངག་ཡང་དག་ཡོད་ན། ཇི་སྐད་དུ། གསུམ་ལས་ཚུལ་གང་རུང་བ་ཉིད། །མ་བསྟན་མ་ཚང་ཡིན་པར་བརྗོད། །ཅེས་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྐྱང་པ་བརྗོད་པའི་ངག་དེ་དག་གིས་ཀྱང་གང་རུང་བརྗོད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཞེ་འདོད་ལ་བསམ་ན་འདི་ཡིན་ཏེ། འོ་ན་སྒྲ་ཡང་བྱས་སོགས་ཀྱི་ངག་གོང་དུ་བཤད་མ་ཐག་པ་དེ་དག་ཆོས་ཅན། ཚུལ་གསུམ་ལས་གང་ཡང་རུང་བ་གཅིག་མ་བསྟན་པ་མིན་ཏེ། ཚུལ་གསུམ་ཀ་བསྟན་པའི་ཕྱིར་ཏེ། ཚུལ་གསུམ་ཀ་དྲན་ལམ་དུ་འཕངས་པའི་ཕྱིར། གལ་ཏེ། ངག་དེས་བསྟན་ན། ངག་དེས་བརྗོད་དགོས་སམ་སྙམ་ན། འོ་ན། མ་ཡིན་དགག་བརྗོད་པའི་སྒྲ་ཐམས་ཅད་ཀྱི་ཆོས་གཞན་འཕེན་ཚུལ་ལ་མ་ཁྱབ་ཅིང༌། གཞན་ཡང་རྟག་ན་མ་བྱས་པའི་ཁྱབ་པ་ཆོས་ཅན། བྱས་ན་མི་རྟག་པའི་ཁྱབ་པ་རང་མཚན་ནམ། དེའི་གཞན་སེལ་གང་རུང་དུ་ཐལ། བྱས་ན་མི་རྟག་པས་ཁྱབ་པ་བརྗོད་པའི་སྒྲ་དེའི་དངོས་དང༌། ཞེན་པའི་བརྗོད་བྱ་གང་རུང་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་སྒྲ་ཡང་བྱས་སོ་ཞེས་པའི་ངག་ཆོས་ཅན། བྱས་ན་མི་རྟག་པས་ཁྱབ་པ་བརྗོད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཡན་ལག་གཉིས་ལྡན་གྱི་ངག་ཡིན་པའི་ཕྱིར། ཞེ་ན། འོ་ན། གང་བྱས་ན་མི་རྟག་པས་ཁྱབ། བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་ཚིག་ཟུར་གྱི། སྒྲ་ཡང་བྱས་སོ་ཞེས་པའི་ངག་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་འདྲའི་ངག་དེ་ཆོས་ཅན། ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་ཏུ་ཐལ། ཕྱོགས་ཆོས་བརྗོད་པའི་སྒྲུབ་ངག་ཡང་དག་གང་ཞིག ཡན་ལག་གཉིས་ལྡན་མིན་པའི་ཕྱིར། འདོད་ན། དེ་འདྲ་དེ། ཁྱབ་འབྲེལ་ཤེས་ཟིན་མ་རྗེད། ཕྱོགས་ཆོས་མི་དྲན་དྲན་རུང་དུ་ཡོད་པའི་རྒོལ་བ་ཁོ་ནའི་ངོར། འགོད་པ་སྐབས་སུ་བབ་པའི་སྒྲུབ་ངག་ཏུ་ཐལ་བ་ཟློག་ཏུ་མེད་པ་དང༌། ཁྱེད་རང་ལྟར་ན། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ཏུའང་ཐལ་ལོ། །གལ་ཏེ་དེ་འདྲའི་ངག་དེ་ཡང་ངག་ཏུ་མི་འདོད་ན། དེའི་ཟུར་གྱི་ཁྱབ་པ་བརྗོད་པའི་ངག་དེ་ཡང༌། སྒྲུབ་ངག་ལྟར་སྣང་དུ་འདོད་དགོས་པས། དེ་ལྟ་ན། སྐབས་ཀྱི་རྒོལ་བའི་ངོར། གང་བྱས་ཞེས་སོགས་ཀྱི་ངག་ཚད་མ་དེ་ཆོས་ཅན། སྒྲུབ་ངག་ཡང་དག་མིན་པར་ཐལ། སྒྲུབ་ངག་ལྟར་སྣང་གཉིས་ཚོགས་ཚོགས་པའི་ཚོགས་དོན་ཡིན་པའི་ཕྱིར། གསུམ་པ་ནི། སྐབས་ཀྱི་རྒོལ་བ་དེའི་ངོར། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པའི་ངག་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡན་ལག་གཉིས་ལྡན་གྱི་ངག་ཏུ་ཐལ། དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་ཡན་ལག་དང་མི་ལྡན་པའི་ཕྱིར། ཡང་ངག་དེ་ཆོས་ཅན། དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང༌། ཁྱབ་པ་གང་རུང་མ་བརྗོད་པའི་ཕྱིར། མ་གྲུབ་ན། སྒྲ་རྟག་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཁྱབ་གང་རུང་དུ་ཐལ་བར་འགྱུར་རོ་སྙམ་པའི་དོགས་པ་འདི་སེལ་དགོས་པ་ཡིན་ནོ། །དེ་ཡང་འདི་ལྟར། ངག་དེ་ཆོས་ཅན། ཁྱོད་ཀྱིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཁྱབ་གཉིས་ཀ་བསྟན་པ་ཡིན་ཏེ། དེ་གཉིས་ཀ་སྐབས་ཀྱི་རྒོལ་བའི་དྲན་ལམ་དུ་འཕངས་པའི་ཕྱིར། དེའི་ཕྱིར་ཡན་ལག་གཉིས་དང་ལྡན་ནོ། །འཕེན་ཚུལ་ནི་གོང་དུ་རྒྱས་པར་བརྗོད་ཟིན་ཏོ། །དེ་ལྟར་ན་ཕྱི་རབས་པ་གང་དག སློབ་དཔོན་ཕྱྭ་པས། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་སོགས་བཞེད་དོ་ཞེས་ཟེར་བ་དང༌། རིགས་གཏེར་ལས། ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་སོགས་མི་བཞེད་དོ་ཞེས་ཟེར་བ་དང༌། ཡང༌། ལ་ལ་རིགས་གཏེར་ལས་སྒྲུབ་ངག་ཡང་དག་ལ། ཡན་ལག་གཉིས་ལྡན་གྱིས་ཁྱབ་པར་མི་བཞེད་དོ་ཞེས་ཟེར་བ་དང༌། ཕྱྭ་པས་བཤད་པའི་སྒྲུབ་ངག་གི་དབྱེ་བ་མང་པོ་དེ་དག་རིགས་གཏེར་མཛད་པས་བཀག་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི། མཁས་པ་དེ་དག་གི་གསུང་རབ་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་མ་དཔྱད་པར། མི་ཤེས་པའི་གཏམ་གཅིག་ནས་གཅིག་ཏུ་རྒྱུད་པའི་གཏམ་གྱི་ཕྲེང་བ་དེ་ཉིད་རང་རང་གི་སློབ་མ་དག་ལ་བཟློས་པར་ཟད་དོ། །ཞིབ་ཏུ་རྣམ་པར་དཔྱད་ན། སྤྱིར་སྒྲུབ་ངག་ཡང་དག་ཡིན་ན། ཡན་ལག་གཉིས་ལྡན་ཡིན་པས་ཁྱབ། སྦྱོར་བ་དེ་སྐོར་གྱིའང་དེ་ཡིན་ན། དེ་སྐོར་གྱི་ཡན་ལག་གཉིས་ལྡན་ཡིན་པས་ཁྱབ་པར་ཁས་ལེན་དགོས་ཀྱང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་དང༌། དེས་དེ་ལྟར་སྒྲུབ་པའི་རྗེས་འགྲོ་རྐྱང་པ་ཅན་གྱི་དང༌། དེས་དེ་ལྟར་སྒྲུབ་པའི་བཟློག་པ་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ནི་ངེས་པར་ཁས་ལེན་དགོས་ཏེ། རྒྱུ་རྐྱེན་ལས་སྐྱེས་པའི་རྟགས་ཀྱིས་སྒྲ་བྱས་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་དང༌། ལྟོས་མེད་ཀྱི་རྟགས་ཀྱི་ཡུལ་ཅན་གྱི་སྒྲུབ་ངག་དེ་དང་གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་སྒྲུབ་ངག་ཡང་དག་དེ། དེ་དང་དེར་ཁས་ལེན་དགོས་པའི་ཕྱིར། དེ་ཡིན་ཏེ། དེ་དང་དེ་ལ་བརྟེན་པའི་རྗེས་དཔག་དེ་དག་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་རྐྱང་པ་དང༌། རྗེས་འགྲོ་རྐྱང་པ་དང༌། བཟློག་པ་རྐྱང་པ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། དེ་ལྟ་ན་ཡང༌། སྒྲུབ་ངག་དེ་དག་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ངག་ཡང་དག་ནི་མ་ཡིན་ཏེ། དེས་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར་འགོད་པ་མ་ཡིན་པའི་ཕྱིར་ཏེ། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་མི་ཤེས་པའི་རྒོལ་བའི་ངོར་ངག་དེ་དག་འགོད་པ་ཡིན་པའི་ཕྱིར་དང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་ན། དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་མ་ཡིན་དགོས་པའི་ཕྱིར། ཡང་ངག་དེ་དག སྤྱིར་ཕྱོགས་ཆོས་རྐྱང་པ་ཅན་སོགས་ནི་མིན་ཏེ། སྤྱིར་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། དེ་ལྟར་ན་དོན་འདི་ནི། ཚིག་གི་སྤུ་རིས་ཞིབ་ཏུ་ཟིན་པར་བྱས་ནས་ཁས་བླང་བར་བྱའོ། །བཞི་པ་ཚད་མ་རྒྱན་གྱི་དགོངས་པ་དཔྱད་པ་ལ། ཕལ་ཆེ་བ་དག་ན་རེ། རྒྱན་ལས་ཕྱོགས་ཆོས་དང་རྗེས་འགྲོ་རྐྱང་པ་ཅན་གྱི་སྒྲུབ་ངག་ཡང་དག་ཡོད་པར་གསུངས་ཏེ། རྒྱན་ལས། གང་གི་ཚེ་ཕྱིར་རྒོལ་བས་ལ་ལ་དུ་བ་མངོན་སུམ་གྱིས་མཐོང་ཞིང་འཁྲུལ་པ་མེད་པ་དེའི་ཚེ་དེ་ལ་དུ་བ་ཡོད་པའི་ཚིག་གིས་བསྟན་པར་བྱ་བ་མ་ཡིན་གྱི། མེ་དང་དུ་བའི་འབྲེལ་པ་ཙམ་ཞིག་བསྟན་པར་བྱ་བ་ཡིན་ནོ། །གང་གི་ཚེ་དུ་བ་མཐོང་དུ་ཟིན་ཀྱང་འཁྲུལ་པའི་རྒྱུས་མ་ངེས་པ་དེའི་ཚེ། མཐོང་བའི་དོན་ཡང་ཚིག་གིས་བསྟན་པར་བྱ་བ་ཡིན་ནོ་ཞེས་གསུངས་པས་སོ་ཞེས་ཟེར་རོ། །དེ་ལྟར་བཤད་པ་དེ་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་བཤད་མ་ཐག་པ་དེའི་སྒྲུབ་བྱེད་ཡིན་གྱི། ཁྱེད་ཀྱི་དེའི་སྒྲུབ་བྱེད་མ་ཡིན་ཏེ། འདི་ལྟར་ལུང་དེའི་དོན་ནི། དུ་བས་ལ་མེ་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ཅིང༌། མེ་དུའི་འབྲེལ་པ་རྗེད་པའི་རྒོལ་བའི་ངོར། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་མང་བཞིན། ཞེས་བརྗོད་དགོས་པའི་དོན་ཡིན་ལ། དེའི་ཚེ་དེ་འདྲའི་ངག་དེ། ཡན་ལག་གཉིས་ལྡན་གྱི་ངག་ཡིན་ཏེ། ངག་དེའི་བྱེད་པས་རྒོལ་བ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་ཀ་རྒོལ་བ་གཞན་གྱི་དྲན་ལམ་དུ་གསལ་བར་འཕེན་ནུས་པའི་ཕྱིར། དེ་སྐད་དུ་ཡང་རྣམ་འགྲེལ་གྱི་རྒྱན་ལས། གལ་ཏེ་རྗེས་སུ་དཔག་པས་ཚུལ་གསུམ་པ་ཅན་གྱི་རྟགས་སྟོན་ཞེས་བྱ་བ་འདི་ཚུལ་གསུམ་ལྐོག་ཏུ་གྱུར་པའི་རང་བཞིན་གྱི་གཏན་ཚིགས་འགའ་ཞིག་ལ་རུང་ཡང༌། འབྲས་བུའི་རྟགས་ལ་ནི་མ་ཡིན་ཏེ། འདི་ལྟར། དུ་བ་ལས་འདིར་མེ་ཡོད་ཅེས། །བྱ་བའི་འབྲེལ་པ་ཙམ་ཞིག་ནི། །བསྟན་པར་འགྱུར་གྱི་དུ་བ་ནི། །མངོན་སུམ་ཉིད་ཀྱིས་བསྟན་པ་ཡིན། །དུ་བ་ཡོད་པས་མེ་ཡོད་དོ་ཞེས་འབྲེལ་པ་ཙམ་ཞིག་བརྗོད་པར་རིགས་ཀྱི་ལ་ལ་དུ་བ་ཡོད་དོ་ཞེས་ཕྱོགས་ཀྱི་ཆོས་བརྗོད་པ་དོན་མེད་དེ། ལ་ལ་དུ་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། མངོན་སུམ་གྱིས་གྲུབ་པའི་དོན་ལ་གཞན་གྱིས་ཉེ་བར་བསྟན་པ་དོན་མེད་པའི་ཕྱིར་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཚིག་ཀུན་དྲན་པའི་དོན་ཡིན་ཏེ། །དེས་ན་དེ་ལ་ཚིག་བརྗོད་ཀྱི། །མངོན་སུམ་གྱིས་ནི་མཐོང་དེ་ལ། །རྟག་ཏུ་ཚིག་གི་དོན་མེད་དོ། །ཞེས་གསུངས་སོ། །དེའི་དོན་ནི། དུ་བ་མངོན་སུམ་གྱིས་མཐོང་ཡང་མ་ངེས་ན་དྲན་པ་བསྐྱེད་པའི་ཆེད་དུ་ཕྱོགས་ཆོས་བརྗོད་དགོས་ཤིང༌། ཕྱོགས་ཆོས་མངོན་སུམ་གྱི་སྟོབས་ཀྱིས་ངེས་ན་འབྲེལ་པ་ཙམ་ཞིག་བརྗོད་པས་ཚུལ་གསུམ་བསྡོམས་ནས་བློ་ཡུལ་དུ་འཕེན་པར་བྱེད་ནུས་ཞེས་པའི་དོན་ནོ། །མདོར་ན། སྤྱིར་བཏང་ལ། རྒྱན་ལས་རང་གིས་མཐོང་བའི་དོན་ནི་ཚུལ་གསུམ་པ་ཅན་གྱི་རྟགས་སོ། །རང་གི་རྟོགས་པའི་དོན་འདི། གཞན་ལ་གསལ་བར་བྱེད་པ་ཡིན་ལ་ཞེས་གསུངས་པ་ལ་འཕྲོས་ནས། འོ་ན་ཚུལ་གསུམ་སྟོན་པ་ལ་གསུམ་ཀ་སྒྲ་སྟོན་དགོས་སམ་སྙམ་ན། མི་དགོས་ཏེ། ཕྱོགས་ཆོས་མངོན་སུམ་གྱིས་ཤེས་པའི་ངོར་ཁྱབ་པ་རྐྱང་པ་བརྗོད་པས་ཚུལ་གསུམ་ཀ་བསྟན་པར་འགྱུར་བའི་ཕྱིར་ཏེ། ཁྱབ་པ་ནི་ཚིག་གིས་བསྟན་ལ། ཕྱོགས་ཆོས་ནི་མངོན་སུམ་གྱིས་བསྟན་པའི་ཕྱིར། ཞེས་པའི་དོན་ཏེ། ཡཱ་མ་རིས་རྟོགས་པ་པོ་མ་རྨོངས་པའི་དབང་དུ་བྱས་ནས་ཕྱོགས་ཀྱི་ཆོས་ལ་ཚུལ་གཅིག་གྲུབ་ན་ཚུལ་གཉིས་པ་ལ་སོགས་པ་སྟོན་པ་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཡང་སྐབས་ལས་རྟོགས་པར་འགྱུར་རོ། །རྟོགས་པ་པོ་རྨོངས་པའི་དབང་དུ་བྱས་ན་ཚུལ་གསུམ་ཀའི་རྟགས་སྟོན་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །ལྔ་པ་ཆོས་མཐུན་པ་དང་མི་མཐུན་པ་གཉིས་ཀྱི་དབྱེ་བ་བསྟན་ཏེ་མཇུག་བསྡུ་པ་ནི། རིགས་པའི་ཐིགས་པ་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དེ་ནི་རྣམ་པ་གཉིས་ཏེ། ཆོས་མཐུན་པ་ཅན་ཉིད་དང༌། མི་མཐུན་པ་ཉིད་ཅན་ནོ། །ཞེས་གསུངས་པ་དེའི་དོན་འཆད་པ་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བའོ། །དང་པོ་ནི། སྒྲུབ་ངག་ཡང་དག་གང་ཞིག དཔེའི་ཆོས་ཅན་དང༌། རྩོད་པའི་ཆོས་ཅན་གཉིས། རྟགས་དང་ཆོས་སུ་མཚུངས་པར་སྦྱོར་བའི་ངག་དང༌། དེ་གང་ཞིག་དེ་དེར་མི་མཚུངས་པར་སྦྱོར་བའི་ངག་གོ །དེའི་དུས་ཀྱི་རྟགས་ལ་གཉིས་ཏེ། གཞན་གྱིས་ཁས་བླངས་པ་དང༌། རང་གིས་ཚད་མས་གྲུབ་པའོ། །ཆོས་ལ་གཉིས་ཏེ། ཐལ་བའི་ཆོས་དང༌། བསྒྲུབ་པར་བྱ་བའི་ཆོས་སོ། །རྩོད་གཞིའི་ཆོས་ཅན་ལ་གཉིས་ཏེ། ཤེས་འདོད་ཞུགས་པའི་ཆོས་ཅན་དང༌། ལོག་རྟོག་ཞུགས་པའི་ཆོས་ཅན་ནོ། །དཔེའི་ཆོས་ཅན་ལའང་གཉིས་ཏེ། མཐུན་པ་དཔེའི་ཆོས་ཅན་དང༌། མི་མཐུན་པ་དཔེའི་ཆོས་ཅན་ནོ། །མཚུངས་པ་དང་མི་མཚུངས་པར་སྦྱོར་བའི་ཚུལ་ལའང་གཉིས་ཏེ། རང་རྒྱུད་དུ་སྒྲུབ་པའི་སྒོ་ནས་མཚུངས་པར་སྦྱོར་བ་དང༌། ཐལ་འགྱུར་དུ་འཕངས་པའི་སྒོ་ནས་དོན་ལ་མི་མཚུངས་པ་གཉིས་མཚུངས་པར་སྦྱོར་བའོ། །གཉིས་པ་མི་མཚུངས་པར་སྦྱོར་བའང་གཉིས་ཏེ། རང་རྒྱུད་ཀྱི་སྒོ་ནས་དོན་ལ་མི་མཚུངས་པ་གཉིས་མི་མཚུངས་པ་རང་དུ་སྦྱོར་བ་དང༌། ཐལ་འགྱུར་གྱི་སྒོ་ནས་དོན་ལ་མཚུངས་པ་གཉིས་མི་མཚུངས་པར་སྦྱོར་བའོ། །གཉིས་པ་སྒྲ་བཤད་པ་ནི། མཐུན་ནོ་ཞེས་པ་བཤད་པའི་གཞི། ལས་སུ་བྱ་བ་གང་མཐུན་ན། རྩོད་གཞིའི་ཆོས་ཅན་དེ་མཐུན། བྱེད་པ་པོ་གང་དང་མཐུན་ན། དཔེའི་ཆོས་ཅན་དང་མཐུན། ལས་སུ་བྱ་བ་གང་དུ་མཐུན་ན། རྟགས་དང་ཆོས་སུ་མཐུན། མཐུན་ཚུལ་ཇི་ལྟར་མཐུན་ན། འདི་ལ་གཉིས་ཏེ། དོན་ལ་མཐུན་པས་མཐུན་པ་དང༌། དོན་ལ་མི་མཐུན་ཡང་ཧ་ཅང་ཐལ་བའི་སྒོ་ནས་མཐུན་པར་སྦྱར་བས་མཐུན་པའོ། །མི་མཐུན་སྦྱོར་ལ་ཡང་སྒྲ་བཤད་པ་དེ་བཞིན་དུ་སྦྱར་བར་བྱའོ། །སྐབས་འདིའི་མཐུན་མི་མཐུན་གཉིས་པོ་ཡུལ་སྟེང་དུ་མཐུན་པ་དང་མི་མཐུན་པ་ཁོ་ནར་གནས་དགོས་པ་མ་ཡིན་ཏེ། ཡུལ་ཅན་གྱི་ངག་གི་དབྱེ་བས་མཐུན་པ་དང་མི་མཐུན་པར་སྦྱོར་བའི་དབྱེ་བས་དེར་བཞག་པའི་ཕྱིར་རོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། མཐུན་སྦྱོར་ལ་གཉིས་ཏེ། བསྒྲུབ་བྱ་སྒྲུབ་པའི་མཐུན་སྦྱོར་དང༌། དགག་བྱ་འགོག་པའི་མཐུན་སྦྱོར་རོ། །ཅིག་ཤོས་ལ་ཡང་དེ་བཞིན་ནོ། །ཡང་ན་རང་རྒྱུད་ཀྱི་མཐུན་སྦྱོར་དང༌། ཐལ་བའི་མཐུན་སྦྱོར་གཉིས་དང༌། མི་མཐུན་པ་ལའང་དེ་བཞིན་ནོ། །མཚན་ཉིད་ནི། དངོས་དོན་གྱི་ཕྱོགས་ཁྱབ་དྲན་ལམ་དུ་འཕེན་པར་ནུས་པའི་སྒྲུབ་ངག་ཡང་དག་གང་ཞིག དངོས་དོན་མཐུན་པར་སྦྱར་བ་དེ་མཐུན་སྦྱོར་དང་པོའི་མཚན་ཉིད། མཚན་གཞི་ནི། གང་བྱས་ན་སོགས་ཡོངས་རྫོགས་དང༌། སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ་ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། གང་བྱས་ན་སོགས་རྗེས་འགྲོ་རྐྱང་པ་བརྗོད་པ་དང་གསུམ་མོ། །བཟློག་དོན་གྱི་ཕྱོགས་ཁྱབ་དྲན་ལམ་དུ་འཕེན་པར་ནུས་པའི་སྒྲུབ་ངག་ཡང་དག་གང་ཞིག དངོས་དོན་མཐུན་པར་སྦྱར་བ་དེ་མཐུན་སྦྱོར་གཉིས་པའི་མཚན་ཉིད། མཚན་གཞི་ནི། གང་རྟག་ན་མ་བྱས་པས་ཁྱབ། ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པ་ལྟ་བུ་ངག་རྫོགས་པ་དང༌། སྔར་རྒོལ་ཁྱབ་པ་ཁར་འབྱིན་པ་ལ། སྒྲ་ཡང་རྟག་གོ་ཞེས་ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། དམ་བཅའ་ཁར་འབྱིན་པ་ལ། གང་རྟག་ན་མ་བྱས་ཞེས་རྗེས་འགྲོ་རྐྱང་པ་བརྗོད་པ་དང་གསུམ་མོ། །ཡང་དེ་གང་ཞིག དངོས་དོན་མི་མཐུན་པར་སྦྱོར་བ་དེ། མི་མཐུན་སྦྱོར་དང་པོའི་མཚན་ཉིད། མཚན་གཞི་ནི། གང་རྟག་ན་ཞེས་པ་ནས་སྒྲ་ནི་བྱས་སོ་ཞེས་པའི་བར་ངག་རྫོགས་པ་དང༌། ཕྱིར་རྒོལ་ཁ་ཅིག་བཟློག་ཁྱབ་ཁར་འབྱིན་པ་ལ། སྒྲ་ནི་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། ཕྱོགས་ཆོས་ཁར་འབྱིན་པ་ལ། བཟློག་ཁྱབ་རྐྱང་པ་བརྗོད་པ་དང་གསུམ་མོ། །ཡང་བཟློག་དོན་འཕེན་པའི་སྒྲུབ་ངག་ཡང་དག་གང་ཞིག དངོས་དོན་མི་མཐུན་པར་སྦྱར་བ་དེ་མི་མཐུན་སྦྱོར་གཉིས་པའི་མཚན་ཉིད། མཚན་གཞི་ནི། གང་བྱས་ན་མི་རྟག བུམ་པ་བཞིན། སྒྲ་ནི་རྟག་པར་ཁས་བླངས་སོ། །ཞེས་ངག་རྫོགས་པ་དང༌། སྔར་རྒོལ་ཐལ་བའི་བཟློག་ཁྱབ་ཁར་འབྱིན་པ་ལ། སྒྲ་ནི་རྟག་པར་ཁས་བླངས་སོ་ཞེས་གཏན་ཚིགས་རྐྱང་པ་བརྗོད་པ་དང༌། ཡང་སྔར་རྒོལ་སྒྲ་རྟག་གོ་ཞེས་དམ་བཅའ་ཁར་འབྱིན་པ་ལ། གང་བྱས་ན་མི་རྟག་བུམ་པ་བཞིན་ནོ་ཞེས་ཐལ་བའི་བཟློག་ཁྱབ་རྐྱང་པ་བརྗོད་པ་དང་གསུམ་མོ། །གཉིས་པ་སྒྲུབ་པ་ལྟར་སྣང་ལ། མཚན་ཉིད་ནི། སྒྲུབ་པའི་ངག་ཏུ་བཀོད་པ་གང་ཞིག སྐྱོན་གསུམ་པོ་གང་རུང་དང་བཅས་པའོ། །དབྱེ་ན། དོན་སྐྱོན་ཅན་གྱི་དང༌། བློ་སྐྱོན་ཅན་གྱི་དང༌། སྒྲ་སྐྱོན་ཅན་གྱི་སྒྲུབ་ངག་གོ །དང་པོ་མཚན་ཉིད། ཚུལ་གསུམ་གང་རུང་མ་བསྟན་པའམ། ངག་ལྷག་པོ་གཞན་བསྟན་པའི་སྒྲུབ་ངག་གོ །གཉིས་པའི་མཚན་ཉིད། སྒྲུབ་ངག་ཡང་དག་གི་མཚན་ཉིད་དང་རྣམ་དབྱེ་མི་ཤེས་པའི་རྒོལ་བས་བཀོད་པའི་སྒྲུབ་ངག་དེའོ། །གསུམ་པའི་མཚན་ཉིད། སྒྲུབ་ངག་ཏུ་བཀོད་པ་གང་ཞིག ངག་མི་གསལ་བའམ། དམ་བཅའ་འདྲེན་པའི་ངག་ཏུ་སྦྱོར་བའོ། །རང་དོན་སྐབས་ཀྱི་སྒྲུབ་ངག་ལ་ནི། དོན་སྐྱོན་དང་བྲལ་བ་དགོས་ཀྱི་སྒྲ་བློའི་སྐྱོན་དང་བྲལ་བ་མི་དགོས་ཏེ། རང་རྒྱུད་ལ་རྗེས་དཔག་སྐྱེད་ནུས་པ་ཙམ་གྱིས་དོན་གྲུབ་པའི་ཕྱིར་རོ། །མང་དུ་ཐོས་ནས་རིགས་པ་ཡིས། །དཔྱད་གང་བདག་བློ་ཁོ་ནའི་རྒྱན། །སྐལ་མཉམ་གཞན་གྱི་རྣ་བར་ཡང༌། །རྣམ་པར་བརྒྱན་པས་མཛེས་གྱུར་ཅིག །དིང་སང་འདི་ན་རྙེད་པ་དང༌། །བཀུར་སྟིའི་སྨིག་རྒྱུ་ལ་དགའ་མ། །དོན་བཟང་ཡིད་བཞིན་རྒྱ་མཚོ་ལས། །རིང་དུ་རྒལ་ནས་ཚིག་ཕྲེང་གི །ལྦུ་བའི་རྒྱུ་མ་ལ་སྲེད་པས། །སྡེ་བདུན་མཛད་པའི་ལུགས་བཟང་དེ། །ཉམས་ནས་རིང་ཞིག་ལོན་པར་གྱུར། །དུས་འདིར་གཞུང་བརྒྱ་ལ་བརྟགས་ནས། །ཐོས་པའི་མཚོ་ནས་རྣམ་དཔྱོད་ཀྱི། །ཁྱབ་འཇུག་རིགས་པས་ལེགས་ཕྱུང་བའི། །ལེགས་བཤད་འོད་དཀར་སྤྲོ་བྱེད་འདི། །བསྟན་པའི་མཁའ་ལ་འཆར་བར་ཤོག། ༈ །།གསུང་མཆོག་ཀུན་ལ་འཇུག་པའི་སྒོ། །སྒྲུབ་པ་དང་ནི་སུན་འབྱིན་གྱི། །གནས་རྣམས་ལེགས་པར་སྟོན་མཁས་པའི། །བརྩེ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་ལོག་རྟོག་ཅན་ཚར་བཅད་པའི་ཡན་ལག་ཐལ་འགྱུར་གྱི་རྣམ་པར་གཞག་པ་ལ། སྨྲ་བ་པོ་གང་ཟག་གི་རྣམ་པར་གཞག་པ། སྤྱིར་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ། ཐལ་འགྱུར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གང་ཟག་གསུམ་པོ་སོ་སོའི་མཚན་ཉིད། རྣམ་གཞག་གཏན་ལ་དབབ་པ། ཚར་བཅད་ཀྱི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རང་ལུགས་གཞག་པ་དང༌། གཞན་ལུགས་དགག་པ། རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། རྩོད་པའི་སྐབས་སུ་ཕྱོགས་སྔ་མ་འཇོག་པར་ཁས་ལེན་པའི་གང་ཟག་དེ་སྔར་རྒོལ་གྱི་མཚན་ཉིད། ཕྱོགས་སྔ་མ་འཇོག་པའི་ཚུལ་ལ་ཡང་གསུམ་སྟེ། དམ་བཅའ་འཇོག་པ་དང༌། སྒྲུབ་བྱེད་འགོད་པ་དང༌། ཚེར་མ་འབྱིན་པའོ། །དང་པོ་ལ་གཉིས་ཏེ། སྐབས་སུ་མ་བབ་པའི་དམ་བཅའ་འཇོག་པ་དང༌། སྐབས་སུ་བབ་པའི་དམ་བཅའ་འཇོག་པའོ། །དང་པོ་ནི། རྒོལ་བ་སྐྱོན་ཅན་ཡིན་ཀྱང༌། ཚར་བཅད་ཀྱི་གནས་མིན་ཏེ། རིགས་པ་མཁྱེན་པས། ཚར་བཅད་ཀྱི་གནས་ལ་གྲངས་ངེས་མཛད་པའི་ནང་དུ་མ་འདུས་པའི་ཕྱིར། གཉིས་པ་ལ། དམ་བཅའ་ལྟར་སྣང་འཇོག་པ་དང༌། དེ་ཡང་དག་འཇོག་པའོ། །དང་པོ་ནི། རྒོལ་བ་སྐྱོན་ཅན་ཡིན་ཀྱང༌། ཚར་བཅད་ཀྱི་གནས་མ་ཡིན། སྒྲུབ་བྱེད་སྔ་མ་དེ་ཉིད་ཀྱི་ཕྱིར་དང༌། རང་གི་རྩ་བའི་དམ་བཅའ་ལྟར་སྣང་བཞག་ཙམ་ནས། ཚར་བཅད་ཀྱི་གནས་སུ་འགྱུར་ན་ཧ་ཅང་ཐལ་བའི་ཕྱིར་དང༌། རྒོལ་ཕྱིར་རྒོལ་རྒྱལ་ཕམ་དུ་སོང་བའི་སྟོབས་ཀྱིས་གང་ཕམ་པ་དེ་ཚར་བཅད་ཀྱི་གནས་སུ་གཞག་དགོས་པའི་ཕྱིར། གཉིས་པ་ལ། དམ་བཅའ་རྐྱང་པ་འཇོག་པ་དང༌། སྒྲུབ་བྱེད་རྐྱང་པ་འགོད་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་དེའི་ཞེན་དོན་ཚད་མས་མ་ངེས་བཞིན་དུ་འཇོག་པ་དང༌། ངེས་ནས་འཇོག་པའོ། །དང་པོ་ནི་སྐྱོན་ཅན་ཡིན་ཏེ། དམ་བཅའ་དེའི་སྒྲུབ་བྱེད་ཀྱི་ཚད་མ་སྟོན་རྒྱུ་མེད་པའི་ཕྱིར། དེ་ལྟ་ན་ཡང་ཚར་བཅད་ཀྱི་གནས་མིན་པ་ནི་སྔ་མ་བཞིན་ནོ། །གཉིས་པ་ནི། དམ་བཅའ་དེ་བཞག་པའི་ཆ་ནས། རྗེས་སུ་བཟུང་བའི་གནས་ཡིན་ཀྱང༌། སྤྱིར་ཚར་བཅད་ཀྱི་གནས་སུ་འགྱུར་བ་སྲིད་དེ། ཕྱིར་རྒོལ་གྱི་སུན་འབྱིན་ལྟར་སྣང་བརྗོད་པ་ལ་ལན་ནོར་བའམ། ཚེར་མ་འབྱིན་མ་ཤེས་པའི་དབང་གིས་ཕམ་ན། ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར། གཉིས་པ་སྒྲུབ་བྱེད་བརྗོད་པ་ལ་གཉིས་ཏེ། མ་དྲིས་པར་བརྗོད་པ་དང༌། དྲིས་ནས་བརྗོད་པའོ། །དང་པོ་ནི་ཕྱིར་རྒོལ་ལ་ཤེས་འདོད་མེད་པས་སྒྲུབ་བྱེད་ལྟར་སྣང་ལས་མ་འདས་པའི་ཕྱིར། རྒོལ་བ་སྐྱོན་ཅན་ཡིན་ལ། དེ་ལྟ་ན་ཡང་ཚར་བཅད་ཀྱི་གནས་མ་ཡིན་པ་ནི་སྔ་མ་བཞིན་ནོ། །གཉིས་པ་ལ། སྒྲུབ་བྱེད་ལྟར་སྣང་བརྗོད་པ་དང༌། ཡང་དག་བརྗོད་པའོ། །དང་པོ་ནི། སྤྱིར་ཚར་བཅད་ཀྱི་གནས་ཡིན་ཀྱང༌། ཇི་སྲིད་ཕྱིར་རྒོལ་གྱིས་སུན་འབྱིན་ཡང་དག་བརྗོད་ནས་སྤོབས་པ་མ་བཅོམ་པ་དེ་སྲིད་དུ་དེར་མི་འགྱུར་ཏེ། དེ་སྲིད་དུ་རྒྱལ་ཕམ་གྱི་རྣམ་པར་དབྱེ་བ་མེད་པའི་ཕྱིར། གཉིས་པ་ནི་ཕྱིར་རྒོལ་བ་རྗེས་དཔག་བསྐྱེད་པར་ངེས་པའི་རྒོལ་བ་ཡིན་པས། སྐྱོན་མེད་དང་རྗེས་སུ་བཟུང་བའི་གནས་ཁོ་ནར་ངེས་སོ། །གསུམ་པ་ཚེར་མ་འབྱིན་པ་ལ། ཚེར་མ་འབྱིན་རྒྱུ་མེད་བཞིན་དུ་འབྱིན་པ་དང༌། ཡོད་ཀྱང་མི་འབྱིན་པ་དང༌། ཇི་ལྟར་ཡོད་པ་བཞིན་དུ་འབྱིན་ནས་པའོ། །དང་པོ་ལ། ཚིག་ལ་དོར་བྱས་པའི་སྒོ་ནས་འབྱིན་པ་དང༌། སྔ་མ་ནོར་བའི་སྟེང་དུ་ནོར་པ་གཞན་བརྩེགས་ནས་འབྱིན་པ་དང༌། གྲུབ་མཐའ་གཞན་དུ་ཁ་དྲངས་པའི་སྒོ་ནས་འབྱིན་པའོ། །དེ་གསུམ་གང་རུང་གིས་རེ་ཤིག་ཕྱིར་རྒོལ་གྱི་སྤོབས་པ་འཕྲོག་ནུས་ཀྱང་ཚར་བཅད་ཀྱི་གནས་ལས་མ་འདས་ཏེ། དང་པོར་ཕྱིར་རྒོལ་གྱིས་རང་ཉིད་ཀྱི་སྤོབས་པ་བཅོམ་པ་གང་ཞིག ཕྱིས་རང་ཉིད་རྒྱལ་བར་རློམ་ཡང་རྫུན་དང་གཡོ་རྒྱུ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་མི་འབྱིན་པ་ལ། འབྱིན་མི་ཤེས་ནས་མི་འབྱིན་པ་དང༌། ཤེས་བཞིན་དུ་ཁྱད་དུ་གསོད་པའོ། །དང་པོ་ནི་སྐྱོན་ཅན་ཡིན་ཀྱང༌། ཚར་བཅད་ཀྱི་གནས་མ་ཡིན་ཏེ། རྒོལ་བ་གཉིས་རྒྱལ་ཕམ་མེད་པའི་ཕྱིར་རོ། །འོན་ཀྱང་རྒོལ་ཕྱིར་རྒོལ་གཉིས་ཀ་དཔང་པོས་ཕམ་པར་བྱས་ཏེ། ཚར་བཅད་པའི་གནས་སུ་འགྱུར་བ་ཅིག་སྲིད་པ་དེའི་ཚེ་ན་ནི། དེ་དེར་འགྱུར་བ་སྲིད་དོ། །གཉིས་པ་དེ་ཡང་རྒོལ་བ་སྐྱོན་ཅན་ཁོ་ནར་ངེས་ལ། ཚར་བཅད་ཀྱི་གནས་སུ་འགྱུར་མི་འགྱུར་ནི་སྔ་མ་དེ་བཞིན་ནོ། །གཉིས་པ་ཕྱིར་རྒོལ་ལ་མཚན་ཉིད་ནི། རྩོད་པའི་སྐབས་སུ་ཕྱོགས་ཕྱི་མ་ཁས་ལེན་པའི་གང་ཟག་གོ །དེ་ཁས་ལེན་པའི་ཚུལ་ལ་གཉིས་ཏེ། འདོད་པ་འདྲི་བ་དང༌། སུན་འབྱིན་བརྗོད་པའོ། །དང་པོ་ལ། དམ་བཅའ་འདྲི་བ་དང༌། སྒྲུབ་བྱེད་འདྲི་བའོ། །གཉིས་པ་ལ། དམ་བཅའ་ལྟར་སྣང་གི་སྒྲུབ་བྱེད་འདྲི་བ་དང༌། ཡང་དག་གི་སྒྲུབ་བྱེད་འདྲི་བའོ། །དང་པོ་ནི་ཕྱིར་རྒོལ་སྐྱོན་ཅན་ཡིན་ཏེ། བསྒྲུབ་བྱ་ལྟར་སྣང་ལ་ཤེས་འདོད་ཞུགས་པའི་ཕྱིར། དེ་ལྟ་ན་ཡང༌། ཚར་བཅད་ཀྱི་གནས་མིན་ཏེ། དེའི་ཚེ་ན་རྒྱལ་ཕམ་གྱི་རྣམ་དབྱེ་མེད་པའི་ཕྱིར་རོ། །གཉིས་པ་ལ། སྒྲུབ་བྱེད་དེའི་ཚུལ་གསུམ་ཚད་མས་ངེས་པ་དང༌། མ་ངེས་པའོ། །དང་པོ་འདིའི་དུས་སུ་སྔར་རྒོལ་རྗེས་སུ་བཟུང་བའི་གནས་ཡིན་མོད། ཕྱིར་རྒོལ་ཚར་བཅད་པའི་གནས་མ་ཡིན་ཏེ། གྲུབ་མཐའ་མ་ནོར་བའི་རྗེས་སུ་ཞུགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་མ་ངེས་པ་ལའང་ཚུལ་གསུམ་གྱི་སྒྲུབ་བྱེད་མི་འདྲི་བ་དང༌། འདྲི་བའོ། །དང་པོ་ནི་སྐྱོན་ཅན་ཡིན་ཏེ། བསྒྲུབ་བྱ་ཡང་དག་ལ་ཤེས་འདོད་ཞུགས་ཀྱང༌། སྒྲུབ་བྱེད་དཔྱིས་ཕྱིན་པར་འདྲི་མ་ཤེས་པའི་ཕྱིར་རོ། །འོན་ཀྱང་དེའི་ཚེ། སྔར་རྒོལ་རང་ཉིད་ཀྱིས་དོགས་པ་བསླངས་ཏེ་སྒྲུབ་བྱེད་དཔྱིས་ཕྱིན་པར་བཀོད་པས་གཉིས་ཀ་སྐྱོན་མེད་དུ་འགྱུར་བའི་སྐབས་སྲིད་དོ། །གཉིས་པ་ནི། ཕྱིར་རྒོལ་ཡང་དག་ཡིན་ཏེ། རང་ཉིད་གང་ལ་ཤེས་འདོད་ཞུགས་པའི་དམ་བཅའ་རྟོགས་པའི་ཐབས་གཡོ་རྒྱུ་སྤངས་ཏེ་ཚོལ་བའི་ཕྱིར། གཉིས་པ་སུན་འབྱིན་བརྗོད་པ་ལ། སུན་འབྱིན་ལྟར་སྣང་བརྗོད་པ་དང༌། ཡང་དག་བརྗོད་པའོ། །དང་པོ་ལ། དམ་བཅའ་ལ་དང༌། སྒྲུབ་བྱེད་ལ་བརྗོད་པ་གཉིས། དེ་རེ་རེ་ལ་ཡང༌། ཡང་དག་ལ་བརྗོད་པ་དང༌། ལྟར་སྣང་ལ་བརྗོད་པའི་དབྱེ་བས་གཉིས་གཉིས་ཡོད་ལ། དེའི་ཚེ་ཡང་སྔར་རྒོལ་གྱིས་ཚེར་མ་འབྱིན་མ་ཤེས་ན་རྒྱལ་ཕམ་མེད་པས། ཕྱིར་རྒོལ་ཁོ་ན་ཚར་བཅད་པའི་གནས་ཡིན་ལ། ཚེར་མ་འབྱིན་ཤེས་ཤིང་སྒྲུབ་བྱེད་ཡང་དག་བརྗོད་པ་དེའི་ཚེ་ཕྱིར་རྒོལ་ཁོ་ན་ཚར་བཅད་པའི་གནས་སུ་འགྱུར་རོ། །གཉིས་པ་ལ། དམ་བཅའ་ལ་དང༌། སྒྲུབ་བྱེད་ལ་སུན་འབྱིན་ཡང་དག་བརྗོད་པའོ། །དེ་གཉིས་ལ་སོ་སོར་དབྱེ་བ་མེད་དེ། དམ་བཅའ་དང་སྒྲུབ་བྱེད་ཡང་དག་ལ་སུན་འབྱིན་ཡང་དག་འཇུག་པའི་གོ་སྐབས་མེད་པའི་ཕྱིར་རོ། །དེའི་ཚེ་ན་སྔར་རྒོལ་ཁོ་ན་ཚར་བཅད་པའི་གནས་དང༌། ཕྱིར་རྒོལ་རྗེས་སུ་བཟུང་བའི་གནས་སོ། །གསུམ་པ་དཔང་པོ་ལ་མཚན་ཉིད་ནི། ཕྱོགས་སྔ་ཕྱི་གཉིས་ཀྱི་རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པ་དེའོ། །ཁས་ལེན་པའི་ཚུལ་ལ་གསུམ་སྟེ། རྣམ་པར་དབྱེ་བ་དང༌། ཤན་འབྱེད་པ་དང༌། འཇིག་རྟེན་གྱི་ལུགས་ཁས་བླངས་པའི་ཚར་བཅད་དང་རྗེས་སུ་འཛིན་པའོ། །དང་པོ་ནི། རྒྱལ་ཕམ་གྱི་དོན་ལ་དཔྱོད་པར་མི་ནུས་ཀྱང༌། རྒོལ་བ་གཉིས་ཀྱི་ངག་བརྗོད་པར་འཛིན་ནུས་པ་དང་ཡི་གེར་བྲིས་པས་ཀྱང་རུང་ངོ༌། །གཉིས་པ་ནི། དོན་ལ་རྒྱལ་ཕམ་དཔྱོད་ཤེས་ཤིང་དམ་པའི་ལུགས་ཀྱིས་ཚར་བཅད་དང་རྗེས་འཛིན་བྱེད་ནུས་པའི་མཁས་པ་དག་གོ །གསུམ་པ་ནི། ཚིག་དོན་ལ་མཁས་པ་མ་ཡིན་ཀྱང་རུང༌། འཇིག་རྟེན་ལུགས་ཀྱི་གོ་འཕངས་བསྟོད་པ་དང་དེ་ལས་སྨད་པར་ནུས་པའི་རྒྱལ་པོ་ལ་སོགས་པའོ། །འདི་དག་ལ་ཡང་དག་ལྟར་སྣང་གཉིས་གཉིས་སུ་དབྱེར་མེད་ཀྱང་ཚར་བཅད་ཀྱི་གནས་ཡོད་པར་བཞེད་དོ། །མདོར་ན། སྔར་རྒོལ་ལ་ནི། དམ་བཅའ་འཇོག་པ་དང༌། སྒྲུབ་བྱེད་འགོད་པའི་དབྱེ་བས་གཉིས་ཡིན་ལ། ཕྱིར་རྒོལ་ལ་ནི་དེ་གཉིས་ལ་སྐྱོན་བརྗོད་པའི་དབྱེ་བས་གཉིས་སུ་དབྱེ་བར་མ་ཟད། སུན་འབྱིན་བརྗོད་པ་དང༌། སྔར་རྒོལ་གྱི་དམ་བཅའི་ལོག་ཕྱོགས་ལ་སྒྲུབ་བྱེད་ཀྱང་འགོད་པའི་དབྱེ་བས་གཉིས་སོ། །དང་པོ་ནི། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་རྗོད་པར་བྱེད་པའི་རྒོལ་བ་གང་ཡིན་པ་དེའོ། །གཉིས་པ་ནི། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕངས་པའི་ཕྱིར་རྒོལ་གང་ཡིན་པ་དེའོ། །གཉིས་པ་གཞན་ལུགས་དགག་པ་ནི། སྒྲུབ་བྱེད་བརྗོད་པར་ཁས་ལེན་པ་དེ་སྔར་རྒོལ་གྱི་མཚན་ཉིད་དུ་ཁས་ལེན་པ་ནི་ལེགས་པ་མིན་ཏེ། དམ་བཅའ་རྐྱང་པ་འཇོག་པའི་སྔར་རྒོལ་ཡང་ཡོད་པའི་ཕྱིར་དང༌། ཕྱིར་རྒོལ་གྱིས་ཀྱང་དམ་བཅའ་རྐྱང་པའི་སྐྱོན་ལ་སུན་འབྱིན་བརྗོད་པ་མཐོང་བའི་ཕྱིར་དང༌། སྔར་རྒོལ་འགའ་ཞིག་རང་གི་དམ་བཅའ་ལ་སྒྲུབ་བྱེད་མ་མཐོང་ཡང༌། ལོག་ཕྱོགས་ལ་གནོད་བྱེད་མཐོང་བའི་སྒོ་ནས་དམ་བཅའ་འཇོག་པ་ཡང་དམིགས་པའི་ཕྱིར། དཔེ་རིམ་པ་བཞིན་དུ། གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། སངས་རྒྱས་པས་མ་བྱས་པར་ཐལ་བ་འཕེན་པ་ལྟ་བུ་དང༌། རྒྱང་འཕན་གྱིས་སྐྱེ་བ་སྔ་ཕྱི་མེད་པར་དམ་བཅས་པ་ལྟ་བུའོ། །དེ་ལ་སྒྲུབ་བྱེད་མ་མཐོང་བ་ཡང་ཡིན་ཏེ། རང་ལུགས་ཀྱི་རྟགས་ཡང་དག་དང་རྗེས་དཔག་ཁས་མི་ལེན་པའི་ཕྱིར། གཞན་ཡང༌། སྔར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་སངས་རྒྱས་པས་སྒྲུབ་པའི་ཐལ་འགྱུར་ཡང་དག་འཕངས་པ་དེའི་ཚེ་ན་སངས་རྒྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྔར་རྒོལ་དུ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་བརྗོད་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་རྒོལ་བ་གཞན་གྱི་དྲན་ལམ་དུ་འཕེན་པར་ནུས་པའི་ངག་རྣམ་དག་འགོད་མཁན་གྱི་རྒོལ་བ་ཡིན་པའི་ཕྱིར། ཡང་གཞན་དག་སྒྲུབ་བྱེད་ཡང་དག་བརྗོད་པའི་རྒོལ་བ་དེ་སྔར་རྒོལ་ཡང་དག་གི་མཚན་ཉིད་ཅེས་ཟེར་བ་ཡང་ནོར་བ་ཡིན་ཏེ། སྔར་རྒོལ་གྲངས་ཅན་སྒྲ་རྟག་པར་བདེན་ཞེན་གྱིས་ཁས་ལེན་པ་ལ། ཕྱིར་རྒོལ་སངས་རྒྱས་པས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་འཕངས་པ་དེའི་ཚེ་ན། སངས་རྒྱས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་རོ། །ཡང་ཁ་ཅིག དམ་བཅའ་དང་སྒྲུབ་བྱེད་བརྗོད་པ་ཞེས་ཟེར་བ་ཡང་བཟང་པོ་མ་ཡིན་ཏེ། སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ངོར་སྔར་རྒོལ་སངས་རྒྱས་པས་གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་བཀོད་པའི་ཚེ་ན་སངས་རྒྱས་པ་ཆོས་ཅན། མཚན་ཉིད་དེར་ཐལ་ལོ། །འདོད་ན་དེ་འདྲའི་ངག་དེས་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའ་བརྗོད་པར་འགྱུར་ལ། དེའང་འདོད་ན། དེ་ཆོས་ཅན་མིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར་རོ། །ཡང་དམ་བཅའ་ཡང་མི་འཇོག སྒྲུབ་བྱེད་ཀྱང་མི་འགོད་པར་ཚེར་མ་འབྱིན་པ་འབའ་ཞིག་བྱེད་པའི་སྔར་རྒོལ་ཡང་མཐོང་སྟེ། དོན་དམ་ལ་དཔྱོད་པའི་སྐབས་ཀྱི་དབུ་མ་ཐལ་འགྱུར་བ་བཞིན་ནོ། །ཡང་དམ་བཅའ་མི་འཇོག་པར་སྒྲུབ་བྱེད་རྐྱང་པ་འགོད་པའི་སྔར་རྒོལ་ཡང་མཐོང་སྟེ། ཕྱིར་རྒོལ་སངས་རྒྱས་པས་སྒྲ་རྟག་པ་ལ་གནོད་བྱེད་བརྗོད་ཅིང༌། སྒྲ་རྟག་པའི་སྒྲུབ་བྱེད་དྲིས་པའི་ཚེ། སྔར་རྒོལ་གྲངས་ཅན་ལ་དེའི་སྒྲུབ་བྱེད་འགོད་རྒྱུ་མེད་པར། ཁྱེད་རང་སངས་རྒྱས་པ་སྒྲ་རྟག་པ་མིན་པའི་སྒྲུབ་བྱེད་འཁོད་ཅིག་ཅེས་རྒོལ་ཕྱིར་རྒོལ་ན་འཕོས་པ་དེའི་ཚེ་ན་སངས་རྒྱས་པ་བཞིན་ནོ། །ཅི་སྟེ་སྒྲ་རྟག་པ་ལ་གནོད་བྱེད་བརྗོད་པ་དེ་ཉིད་སྒྲ་མི་རྟག་པའི་དམ་བཅའ་བཞག་པ་ཡིན་ནོ་ཞེ་ན། འོ་ན་སྒྲ་རྟག་མི་རྟག་རྩོད་པའི་སྐབས་ཀྱི་ཕྱིར་རྒོལ་སངས་རྒྱས་པ་ཆོས་ཅན། དེའི་སྐབས་ཀྱི་སྔར་རྒོལ་ཡིན་པར་ཐལ། དེའི་སྐབས་ཀྱི་དམ་བཅའ་འཇོག་པའི་རྒོལ་བ་ཡིན་པའི་ཕྱིར། དེར་མ་ཟད་རྒོལ་ཕྱིར་རྒོལ་གཉིས་ཀྱིས་རྩོད་གཞི་གཅིག་ལས་བརྩམས་པའི་དམ་བཅའ་གཉིས་ཅིག་ཆར་དུ་འཇོག་པར་ཁས་ལེན་ན་རྩོད་གཞི་གཅིག་ལ་ལྟོས་པའི་རྒོལ་ཕྱིར་རྒོལ་ཕན་ཚུན་འཆོལ་བ་ཉིད་དུ་འགྱུར་རོ། །ཡང་སུན་འབྱིན་བརྗོད་པར་ཁས་ལེན་པའི་རྒོལ་བ་དེ། ཕྱིར་རྒོལ་ཙམ་དང༌། དེ་ཡང་དག་བརྗོད་པར་ཁས་ལེན་པའི་གང་ཟག་དེ། དེ་ཡང་དག་གི་མཚན་ཉིད་དུ་འདོད་པ་ཡང་མཐའ་མ་ཆོད་པ་ཡིན་ཏེ། དམ་བཅའ་ཡང་དག་གི་སྒྲུབ་བྱེད་དྲིས་ནས་སྒྲུབ་བྱེད་ཡང་དག་བཀོད་པ་ན་དེ་ལ་སུན་འབྱིན་མི་བརྗོད་པར་དེའི་རྗེས་སུ་འབྲང་བའི་ཕྱིར་རྒོལ་དམ་པ་མཐོང་བའི་ཕྱིར། ཇི་སྐད་དུ། ལན་གྱིས་བཟློག་པར་མི་ནུས་ན། །དེ་ཡི་རྗེས་འབྲང་དམ་པའི་ལུགས། །ཞེས་གསུངས་སོ། །དེ་ལས་གཞན་དུ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཡང་དག་མེད་པར་འགྱུར་ཏེ། དེས་དེ་ལ་སུན་འབྱིན་ཡང་དག་བརྗོད་པ་མི་སྲིད་པའི་ཕྱིར་རོ། །དེ་ལ་ཡང་འདོད་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་ན། རྒོལ་བ་ཡང་དག་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་དེ་སྐབས་ཀྱི་རྒོལ་བ་དེ་ཚར་བཅད་ཀྱི་གནས་སུ་འགྱུར་ཏེ། རྒོལ་བ་སྐྱོན་ཅན་གང་ཞིག སྔར་རྒོལ་གྱིས་རང་གི་སྤོབས་པ་བཅོམ་པའི་ཕྱིར་རོ། །གཞན་ཡང༌། ཕྱིར་རྒོལ་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ནས། དེའི་སྒྲུབ་བྱེད་འདྲི་བ་པོ་དེ་ཡང་ཆོས་ཅན། སྒྲ་མི་རྟག་པ་ལ་སུན་འབྱིན་བརྗོད་པར་ཁས་ལེན་པར་ཐལ། དེ་ལྟར་སྒྲུབ་པའི་ཕྱིར་རྒོལ་ཡིན་པའི་ཕྱིར། དེ་འདྲའི་ཕྱིར་རྒོལ་མི་སྲིད་པར་འདོད་ན་ནི། ཐལ་འགྱུར་ཡང་དག་གི་ལོག་རྟོག་བཟློག་ཟིན་པའི་འོག་རོལ་དུ་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་ཕྱིར་རྒོལ་མི་སྲིད་པར་འགྱུར་རོ། །གསུམ་པ་རྩོད་པ་སྤང་བ་ནི། རྒོལ་ཕྱིར་རྒོལ་གྱི་མཚན་ཉིད་ཁྱེད་ཀྱིས་ཇི་སྐད་བཀག་པ་དེ་ཉིད་རིགས་པའི་གཏེར་དུ་གསུངས་པ་དེ་ཉིད་མ་ཡིན་ནམ་ཞེ་ན། དེར་དེ་སྐད་དུ་གསུངས་མོད། དེ་ནི་རྒོལ་ཕྱིར་རྒོལ་ཙམ་གྱི་དབང་དུ་བྱས་ནས་གསུངས་པ་མ་ཡིན་ཏེ། གཞན་དོན་རྗེས་དཔག་སྨྲ་བ་པོའི་རྒོལ་ཕྱིར་རྒོལ་གྱི་དབང་དུ་བྱས་ནས་གསུངས་པ་ཡིན་པའི་ཕྱིར། ཇི་སྐད་དུ། གཉིས་པ་གཞན་དོན་རྗེས་དཔག་ལ་གསུམ་ལས། དང་པོ་མཚན་ཉིད། གཉིས་པ་སྨྲ་བ་པོའི་གང་ཟག གསུམ་པ་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་ཞེས་གསུངས་པའི་ཕྱིར། དེ་ཡང་ཇི་ལྟར་ཡིན་ཞེ་ན། གཞན་དོན་རྗེས་དཔག་ནི་གཉིས་ཏེ། སྒྲུབ་པ་དང༌། སུན་འབྱིན་པའོ། །དེ་ཡང་གཞན་དོན་རྗེས་དཔག་གི་དབང་དུ་བྱས་པའི་རང་རྒྱུད་ཀྱི་སྒྲུབ་པ་འགོད་པ་པོར་ཁས་ལེན་པའི་རྒོལ་བ་དེ་གཞན་དོན་རྗེས་དཔག་སྨྲ་བ་པོའི་སྔར་རྒོལ་གྱི་མཚན་ཉིད་དང༌། གཞན་དོན་རྗེས་དཔག་གི་དབང་དུ་བྱས་པའི་སྒྲུབ་བྱེད་འཕེན་པའི་སུན་འབྱིན་བརྗོད་པ་པོར་ཁས་ལེན་པའི་གང་ཟག་དེ། གཞན་དོན་རྗེས་དཔག་སྨྲ་བ་པོའི་ཕྱིར་རྒོལ་གྱི་མཚན་ཉིད་དུ་འཇོག་པ་ནི། རིགས་པའི་གཏེར་གྱི་དགོངས་པ་ཡིན་ལ། ཁོ་བོ་ཅག་ཀྱང་དེ་ཁོ་ན་བཞིན་དུ་ཁས་ལེན་པས་ཉེས་པ་ཅི་ཡང་ཡོད་པ་མིན་ནོ། །ཡང་ཇི་སྐད་དུ། རྒོལ་བ་གཉིས་ལ་སྐྱོན་ཡོན་གྱིས། །ཚར་བཅད་པ་དང་རྗེས་འཛིན་འཇུག །ཅེས་རྒོལ་བ་སྐྱོན་ཅན་ཡིན་ན་ཚར་བཅད་ཀྱི་གནས་ཡིན་པ་དང༌། ཡོན་ཏན་ཅན་ཡིན་ན་རྗེས་སུ་འཛིན་པའི་གནས་ཡིན་པས་ཁྱབ་པར་བཤད་པ་མ་ཡིན་ནམ། དེ་ལྟ་ཡིན་པ་དེའི་ཚེ་ན་ཁྱོད་ཀྱིས་ཇི་སྐད་དུ་བཤད་པ་དེ་དག་ལ་གནོད་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ་དེ་སྐད་གསུངས་པ་དེ་ཡང་གཞན་དོན་རྗེས་དཔག་སྨྲ་བ་པོའི་རྒོལ་བ་དང་ཕྱིར་རྒོལ་སྐྱོན་ཅན་དང་ཡོན་ཏན་ཅན་གྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར། དེ་ལྟར་རིགས་པ་ཡང་ཡིན་ཏེ། གཞན་དོན་རྗེས་དཔག་སྨྲ་བ་པོའི་རྒོལ་བ་སྐྱོན་ཅན་ཡིན་ན་སྒྲུབ་བྱེད་མི་བརྗོད་པའམ། སུན་འབྱིན་མི་བརྗོད་པ་གང་རུང་ཡིན་དགོས་ལ། གཞན་དོན་རྗེས་དཔག་སྨྲ་བ་པོར་ཁས་བླངས་ནས་དེ་གཉིས་གང་རུང་མི་བརྗོད་ན་ཚར་བཅད་ཀྱི་གནས་སུ་འཇོག་པའི་ཕྱིར་རོ། །དེ་ཡང་ཚར་བཅད་ཀྱི་གནས་ཡིན་ཀྱང་དུས་དེ་ཉིད་དུ་ཚར་གཅོད་པའི་ངེས་པ་མེད་པ་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་རྣམས་གཞག་གཏན་ལ་དབབ་པ་ལ། རྣམ་གཞག་སྤྱིར་བསྟན་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ། ཇི་སྐད་དུ། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག །ཅེས་གསུངས་པ་ལྟར། རྒོལ་བ་ལ་དོན་གྱི་དངོས་པོ་འཇོག་པ་དང༌། སྐྱོན་སྤང་གི་ངག་གཉིས། ཕྱིར་རྒོལ་ལ་འདོད་པ་འདྲི་བ་དང༌། སྐྱོན་བརྗོད་པའི་ངག་གཉིས། དཔང་པོ་ལ་རྗེས་སུ་བརྗོད་པ་དང༌། རྣམ་པར་དབྱེ་བའི་ངག་གཉིས་སོ། །དང་པོ་ལ་དམ་བཅའ་འཇོག་པ་དང༌། སྒྲུབ་བྱེད་འགོད་པའོ། །དེ་ལའང་གཉིས་ཏེ། ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པ་དང༌། ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་འགོད་པའོ། །དེ་ལའང་རྗེས་སུ་འགྲོ་ལྡོག་གི་དབྱེ་བས་ལྟོས་མེད་ཀྱི་གཏན་ཚིགས་དང༌། གནོད་པ་ཅན་གྱི་གཏན་ཚིགས་ལྟ་བུ་གཉིས་སོ། །གཉིས་པ་སྐྱོན་སྤོང་བ་ལའང༌། དམ་བཅའི་སྐྱོན་སྤོང་བ་དང༌། སྒྲུབ་བྱེད་ཀྱི་སྐྱོན་སྤོང་བའོ། །དེ་དག་རེ་རེ་ལ་ཡང་ཡང་དག་ལྟར་སྣང་གི་དབྱེ་བས་གཉིས་གཉིས་སོ། །གསུམ་པ་ལ་དམ་བཅའ་འདྲི་བ་དང༌། སྒྲུབ་བྱེད་འདྲི་བའོ། །དེ་ལའང་ཕྱོགས་ཆོས་ཀྱི་དང༌། ཁྱབ་པའོ། །དེ་ལའང་རྗེས་སུ་འགྲོ་ལྡོག་གི་དབྱེ་བས་གཉིས་སོ། །འདིར་དམ་བཅའ་འདྲི་བ་ལ་ཡང་དག་དང་ལྟར་སྣང་གི་དབྱེ་བ་མེད་ལ། དམ་བཅའ་ལྟར་སྣང་གི་སྒྲུབ་བྱེད་འདྲི་ན། སྐྱོན་ཅན་དང༌། ཡང་དག་གི་སྒྲུབ་བྱེད་འདྲི་ན་སྐབས་སུ་བབ་པས་སྐྱོན་མེད་དོ། །བཞི་པ་ལ་དམ་བཅའ་ལ་དང༌། སྒྲུབ་བྱེད་ལ་སྐྱོན་བརྗོད་པའོ། །དེ་ལའང་ཕྱོགས་ཆོས་དང༌། ཁྱབ་པའི་དབྱེ་བས་གཉིས་དང༌། དེ་ལའང་རྗེས་སུ་འགྲོ་ལྡོག་གི་དབྱེ་བས་གཉིས་སོ། །དེ་ཐམས་ཅད་ལའང་སྐྱོན་ཅན་ལ་སྐྱོན་དུ་བརྗོད་པ་དང༌། སྐྱོན་མེད་ལ་དེར་བརྗོད་པས་ཡང་དག་དང་ལྟར་སྣང་གི་དབྱེ་བས་གཉིས་གཉིས་སོ། །ལྔ་པ་ལ། སྔར་རྒོལ་གྱི་ངག་རྗེས་སུ་བརྗོད་པ་དང༌། ཕྱི་རྒོལ་གྱི་ངག་རྗེས་སུ་བརྗོད་པའོ། །དྲུག་པ་ལ། སྔར་རྒོལ་རྒྱལ་བར་ཤན་འབྱེད་པ་དང༌། ཕྱིར་རྒོལ་རྒྱལ་བར་དང༌། རྒྱལ་ཕམ་མེད་པར་དང༌། སྔར་རྒོལ་རྒྱལ་ཞིང་ཕྱིར་རྒོལ་གང་ཟག་དམ་པར་ཤན་འབྱེད་པའོ། །དང་པོ་སྔར་རྒོལ་རྒྱལ་བའི་དཔེ་ནི། སྔར་རྒོལ་སངས་རྒྱས་པས་སྒྲ་མི་རྟག་པར་དམ་བཅས་པ་ལ་ཕྱིར་རྒོལ་གྲངས་ཅན་པས། སྒྲ་ཆོས་ཅན། གཞལ་བྱ་མ་ཡིན་པར་ཐལ། མི་རྟག་པའི་ཕྱིར་ཞེས་ཟེར་བ་ལ། སངས་རྒྱས་པས། འོ་ན་གཟུགས་སོགས་དེ་ཙམ་ལྔ་ཆོས་ཅན། དེར་ཐལ། དེའི་ཕྱིར་སྨྲས་པས། ཕྱིར་རྒོལ་གྱི་སྤོབས་པ་བཅོམ་པ་ལྟ་བུའོ། །གཉིས་པ་ནི། སྔར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། སངས་རྒྱས་པས་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་སྨྲས་པའི་ཚེ། སྔར་རྒོལ་ན་རེ། ཁྱབ་པ་ཚད་མས་མ་ངེས་ཤིང༌། དམ་བཅའ་ལ་བསལ་བ་མེད་དོ་ཞེ་ན། དེ་ལ་སངས་རྒྱས་པས་ཕྱོགས་ཁྱབ་སྒྲུབ་བྱེད་ཀྱི་ཐལ་བ་འཕངས་ནས། དེའི་རྗེས་སུ་སངས་རྒྱས་པས་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་རྟག་པར་གྲངས་ཅན་གྱིས་ཁས་བླངས་སོ་ཞེས་བརྗོད་པ་དེའི་ཚེ་སྔར་རྒོལ་ཕམ་པ་ཡིན་ཏེ། སྔར་རྒོལ་རང་གི་དམ་བཅའ་མ་དོར་བཞིན་དུ་བཟློག་ཕྱོགས་སྒྲུབ་བྱེད་ཀྱི་ཐལ་བ་འཕངས་ཏེ། སྐད་ཅིག་གསུམ་པ་ལ་རང་གི་དམ་བཅའི་ཞེན་དོན་གྱི་འགལ་ཟླ་རྟོགས་པའི་ཚད་མ་སྐྱེས་པས་རང་གི་སྤོབས་པ་བཅོམ་པའི་ཕྱིར། གསུམ་པ་ནི། སྔར་རྒོལ་གྱི་དམ་བཅའ་ལ་སྒྲུབ་བྱེད་ལྟར་སྣང་བཀོད་ཀྱང༌། ཕྱིར་རྒོལ་གྱི་སུན་འབྱིན་མ་ཤེས་པ་ལྟ་བུའོ། །འདི་ལ་རྒྱལ་ཕམ་ཡོད་པ་མ་ཡིན་ཏེ། ཕན་ཚུན་དུ་སྤོབས་པ་འཕྲོག་པའི་མཐུ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཉིས་ཀ་ཚར་བཅད་ཀྱི་གནས་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །གཉིས་ཀ་སྐྱོན་ཅན་ཡང་ཡིན་ཏེ་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར། འདི་ལ་རྒོལ་ཕྱིར་རྒོལ་ཕན་ཚུན་ལྟོས་པའི་རྒྱལ་ཕམ་མེད་ཀྱང༌། དཔང་པོས་གཉིས་ཀ་ཕམ་པར་བྱས་པ་ཞེས་བྱ་བའི་ཐ་སྙད་གཞུང་ན་གསལ་བར་མི་བཞུགས་ཀྱང་དོན་གྱིས་ཐོབ་པར་སྣང་ངོ༌། །བཞི་པ་ནི། ཕྱིར་རྒོལ་གྲངས་ཅན་ལྟ་བུ། སྒྲ་རྟག་འཛིན་ཅན་གྱི་ལོག་རྟོག་བཟློག་ནས། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ཏེ། སྔར་རྒོལ་སངས་རྒྱས་པ་ལ་སྒྲུབ་བྱེད་དྲིས་པ་ལས། རྗེས་དཔག་སྐྱེས་ཏེ་སྔར་རྒོལ་གྱི་གྲུབ་མཐའ་ལ་ཞུགས་པ་ལྟ་བུའོ། །འདིར་སྔར་རྒོལ་ནི་རྒྱལ་བ་ཁོ་ན་ཡིན་ལ། ཕྱིར་རྒོལ་ཕམ་པ་མ་ཡིན་ཏེ་སྤོབས་པ་བཅོམ་པ་མེད་པའི་ཕྱིར་དང༌། ཕྱིར་རྒོལ་གྱི་ཤེས་འདོད་རྫོགས་པ་ཡིན་པའི་ཕྱིར། ཕྱིར་རྒོལ་ཚར་བཅད་པའི་གནས་ཀྱང་མ་ཡིན་ཏེ། དེ་འདྲ་དེ་ལ་དཔང་པོ་གྲུབ་མཐའི་མདོར་ལེན་བྱེད་དུ་བཞུགས་མི་དགོས་པའི་ཕྱིར། ཡང་ཕྱིར་རྒོལ་གྱི་རྒྱུད་ལ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེས་ཀྱང༌། ངག་ཏུ་ད་དུང་ཡང་སྒྲ་རྟག་པའི་དམ་བཅའ་མི་འདོར་ན་ཕྱིར་རྒོལ་ཕམ་པ་དང་ཚར་བཅད་པའི་རྟེན་ཡིན་ཏེ། སྔར་རྒོལ་གྱིས་སྤོབས་པ་བཅོམ་པའི་ཕྱིར་དང༌། དཔང་པོས་གྲུབ་མཐའི་བླང་དོར་བྱེད་དུ་བཞུགས་པའི་དུས་སུ་བབ་པའི་ཕྱིར་རོ། །གཉིས་པ་གོ་དོན་རྒྱས་པར་བཤད་པ་ལ། འདིར་གཙོ་བོ་ཡིན་པའི་ཕྱིར་གཞན་དོན་རྗེས་དཔག་གི་དབང་དུ་བྱས་ཏེ་བཤད་ན་གོ་བདེ་བས། དེའི་དབང་དུ་བྱས་ནས་བཤད་པར་བྱའོ། །འདི་ལ། གང་ཟག་གསུམ་པོ་སོ་སོར་འཇོག་པའི་དུས། སོ་སོར་ངེས་ནས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ། རྒོལ་ཕྱིར་རྒོལ་དུ་ཇི་ལྟར་འཇོག་པའི་ཚུལ། དཔང་པོར་ཇི་ལྟར་འཇོག་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་པ་དང་གྲངས་ཅན་པ་སྒྲ་རྟག་མི་རྟག་རྩོད་པའི་ཚེ། གྲངས་ཅན་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པ་དེའི་ཚེ། སངས་རྒྱས་པས་སྔར་རྒོལ་ཉིད་དུ་ཁས་བླངས་པར་བྱ་སྟེ། སྒྲ་མི་རྟག་པ་ལ་སྒྲུབ་བྱེད་འགོད་པ་སྐབས་སུ་བབ་པའི་ཕྱིར། གྲངས་ཅན་དེ་ལ་ཤེས་འདོད་མེད་ཅིང་སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པ་དེའི་ཚེ། སངས་རྒྱས་པས་ཕྱིར་རྒོལ་ཉིད་དུ་ཁས་བླང་བར་བྱ་སྟེ། དེ་ལ་སུན་འབྱིན་བརྗོད་པ་སྐབས་སུ་བབ་པའི་ཕྱིར། གཉིས་པ་ནི། རྒོལ་ཕྱིར་རྒོལ་གཉིས་ཀས་མཐུན་སྣང་དུ་གྲུབ་ནས། དཔང་པོར་གསོལ་བ་གཅིག་དགོས་ཏེ། གཞན་དུ་ན་ཚར་གཅོད་པ་དང་རྗེས་སུ་འཛིན་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ། སྔ་རྒོལ་གྱིས་ཇི་ལྟར་བྱ་བ་དང༌། ཕྱིར་རྒོལ་གྱིས་ཇི་ལྟར་བྱ་བ། དཔང་པོས་ཇི་ལྟར་བྱ་བའོ། །དང་པོ་ནི། གྲངས་ཅན་གྱིས་དེ་ལ་དེའི་སྒྲུབ་བྱེད་དྲིས་པ་ན། སངས་རྒྱས་པས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་འགོད་པར་བྱེད་དོ། །འདི་ལ་ནི་རྩ་བའི་གཏན་ཚིགས་འགོད་པ་ཞེས་བྱ་ཡི། སྒྲུབ་བྱེད་གཏན་ཚིགས་ཡང་དག་འགོད་པ་ཞེས་མི་བྱ་སྟེ། དམ་བཅའ་བརྗོད་པའི་ཚིག་ཡིན་པའི་ཕྱིར་དང༌། དེ་ཡང་དག་འགོད་པ་སྐབས་སུ་མ་བབ་པའི་ཕྱིར་ཏེ། ཕྱིར་རྒོལ་བས་ཚུལ་གསུམ་ཚད་མས་མི་ཤེས་པའི་ཕྱིར་རོ། །དེ་ལྟར་བཀོད་པའི་རྗེས་ལ་ཕྱིར་རྒོལ་བས་བྱས་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་གྱི་སྒྲུབ་བྱེད་འདྲི་དགོས་ལ། མ་དྲིས་ཀྱང་སྔར་རྒོལ་གྱིས་དོགས་པ་བསུ་ནས་བསྒྲུབ་པར་བྱ་བའོ། །འདི་ལ་ཚུལ་གསུམ་སྒྲུབ་པའི་རིགས་པ་དང༌། དེ་གྲུབ་ནས་སྒྲུབ་བྱེད་གཏན་ཚིགས་ཡང་དག་འགོད་པའོ། །དང་པོ་ལ་ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། གང་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་ན་བྱས་པ་ཡིན་པས་ཁྱབ། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན། སྒྲ་ཡང་རྒྱུ་རྐྱེན་ལས་སྐྱེས་སོ་ཞེས་སོ། །འདིའི་ཕྱོགས་ཆོས་ཕྱིར་རྒོལ་གྱི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །འདི་སྒྲུབ་པའི་ཚེ། སྒྲ་ཆོས་ཅན་བྱས་པ་ཡིན་ཏེ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་པས་མི་འགྲུབ་སྟེ། འགྲུབ་ན་ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཐལ་བའི་ཕྱིར་རོ། །འདིར་གཞན་དག་སྒྲ་ཆོས་ཅན། བྱས་པར་ཐལ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་སྔར་རྒོལ་གྱིས་སྒྲུབ་ངག་འགོད་དགོས་པ་ཐམས་ཅད་ལ། ཐལ་འགྱུར་གྱི་སྒོ་ནས་སྒྲུབ་པར་བྱེད་དོ། །དེ་ལ་ནི་རྟོག་གེའི་འཇུག་པ་མ་ཤར་བ་ཡིན་ཏེ། དམ་བཅའ་གང་ལ་ལྟོས་ནས་སྔར་རྒོལ་དུ་ཁས་བླངས་ནས་དམ་བཅའ་དེ་སྒྲུབ་པ་ལ། ཐལ་འགྱུར་གྱི་ངག་འཇུག་པ་མི་སྲིད་པའི་ཕྱིར་དང༌། གལ་ཏེ་སྲིད་ན་རྩོད་གཞི་དེ་ལ་ལྟོས་པའི་ཕྱིར་རྒོལ་དུ་ཐལ་བའི་ཕྱིར་དང༌། དེ་འདྲ་དེ་ཐལ་འགྱུར་ཡང་དག་ཏུ་འདོད་དགོས་ན། དེ་ཡང་རིགས་པ་མ་ཡིན་ཏེ། རང་གང་ལ་འཕངས་པ་དེ་ལ་ཁས་ལེན་མེད་པའི་ཕྱིར་རོ། །ཅི་སྟེ་རྩ་བའི་གཏན་ཚིགས་ལ་ཕྱིར་རྒོལ་གྱིས་རྟགས་མ་གྲུབ་ཀྱི་ལན་བཏབ་ན་ཐལ་འགྱུར་དེ་ལྟར་དུ་འཕེན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གཏན་ཚིགས་མ་གྲུབ་པའི་ལན་བཏབ་པ་ཙམ་གྱིས། སྒྲ་མ་བྱས་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་དང༌། ཁས་བླངས་ཀྱང་ཐལ་འགྱུར་འཕེན་ཚུལ་ཕྱིན་ཅི་ལོག་ཏུ་སོང་བའི་ཕྱིར། ཁས་བླངས་པ་མ་ཡིན་ཏེ་རྟགས་མ་གྲུབ་པའི་དོན་ནི་རྟགས་ཆོས་ཅན་གྱི་སྟེང་དུ་ཡོད་པར་མ་ངེས་པ་ལ་བྱ་ལ། དེ་ལ་ཡང་ཐེ་ཚོམ་ཟ་ནས་མ་ངེས་པ་དང༌། དེ་ལ་མེད་པར་ཚད་མས་ངེས་པ་གཉིས་མཐོང་བའི་ཕྱིར། ཕྱིན་ཅི་ལོག་ཏུ་སོང་བ་ཡང་ཡིན་ཏེ། གཞན་གྱི་ཁས་བླངས་རྟགས་སུ་འགོད་དགོས་པའི་ཕྱིར། ཅི་སྟེ་ཁས་བླངས་ཀྱི་བསལ་པ་ཞུགས་པས་ཆོག་མོད་ཁས་བླངས་རྟགས་སུ་སོང་པས་ཅི་ཞིག་བྱ་ཞེ་ན། དེ་འགོད་དགོས་པ་ཡིན་ཏེ། སྒྲ་མ་བྱས་ན་རྒྱུ་རྐྱེན་ལས་མ་སྐྱེས་པར་ཐལ་བས་བཟློག་དོན་འཕེན་ལ། དེ་འཕངས་པས། སྒྲ་བྱས་པར་རྟོགས་པའི་ཚད་མ་སྐྱེ་ཞིང་དེ་སྐབས་ཀྱི་དགོས་པ་འགྲུབ་པའི་ཕྱིར། ཁྱོད་འདོད་པའི་ཐལ་འགྱུར་འཕེན་ཚུལ་དེས་དེ་ལྟར་རྟོགས་པའི་རྗེས་དཔག་བསྐྱེད་མི་ནུས་ཏེ། དེ་ལྟར་ནུས་པ་རིགས་པའི་གཞུང་ནས་མ་བཤད་པས་སྒྲུབ་བྱེད་མེད་ཅིང༌། ཕྱོགས་ཚིག་སྒྲུབ་བྱེད་དུ་ཐལ་བས་གནོད་བྱེད་ཀྱང་ཡོད་པའི་ཕྱིར་རོ། །འདིས་མཚོན་ནས་རྩ་བར་དམ་བཅའི་སྒྲུབ་བྱེད་དྲིས་པ་ན་སྔར་རྒོལ་གྱིས་སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕེན་པ་ཡང་མི་ཤེས་པ་ཁོ་ནས་ཀུན་ནས་བསླངས་པ་ཡིན་ཏེ། རང་རྒྱུད་ཡིན་ན་ནི་ཐལ་ཟེར་བ་མི་འཐད། ཐལ་འགྱུར་ཡང་དག་ཡིན་ན་ནི་རང་འཕངས་པ་དེ་ལ་ཁས་ལེན་ཅི་ཡང་མེད་པས་མི་རིགས་པའི་ཕྱིར་རོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ་རྗེས་འགྲོ་བསྒྲུབ་པ་དང༌། བཟློག་པ་སྒྲུབ་པའོ། །དང་པོ་ནི། གང་འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་མི་ལྟོས་པར་འཇིག་ན། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པས་ཁྱབ། དཔེར་ན་གློག་བཞིན་སྒྲ་ཡང་དེ་ཡིན་ནོ་ཞེས་པའོ། །འདིའི་ཁྱབ་པ་ནི་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་ལ། ཕྱོགས་ཆོས་ནི་སྒྲུབ་བྱེད་ཀྱི་རིགས་པ་སྔོན་དུ་འགྲོ་དགོས་སོ། །གཉིས་པ་བཟློག་པ་སྒྲུབ་བྱེད་ནི། གང་རིམ་དང་ཅིག་ཆར་གྱི་དོན་བྱེད་པའི་ནུས་པས་སྟོང་ན། བྱས་སྟོང་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་རྟག་པ་ཡང་དེས་སྟོང་ངོ་ཞེས་པའོ། །འདིའི་རྟགས་དང་ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་སྔོན་དུ་འགྲོ་དགོས་ལ། དེ་ཡང་རང་རྒྱུད་དམ། རྒོལ་བས་ཁས་མ་བླངས་ཀྱང་མཐའ་གཞན་འགོག་པའི་རིགས་པས་ཐལ་འགྱུར་དུ་བྱས་ཀྱང་འགལ་བ་མེད་དོ། །འོ་ན་གོང་དུ་ཐལ་འགྱུར་གྱི་སྒོ་ནས་མི་འགྲུབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་འདིར་ནི་སྒྲ་བྱས་པ་ཡིན་པར་ཅིས་འགྲུབ་ཟེར་བ་ལྟ་བུ་ལ། སྒྲ་ནི་བྱས་པར་ཁས་ལེན་དགོས་ཏེ། གལ་ཏེ་མ་བྱས་པར་ཁས་བླངས་ན་རྒྱུ་རྐྱེན་ལས་མ་སྐྱེས་པར་ཐལ་བ་ལས། དེ་ལྟར་ཡང་མི་རིགས་པའི་ཕྱིར་ཞེས་པའི་ཚུལ་གྱིས་སྒྲུབ་པའོ། །གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་ནི། དེ་ལྟར་རྩ་བའི་རྟགས་དང་ཚུལ་གསུམ་བསྒྲུབས་ཟིན་པའི་འོག་རོལ་དུ་སྔར་རྒོལ་གྱིས་གང་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པའོ། །དུས་འདིར་ནི་སྒྲུབ་བྱེད་གཏན་ཚིགས་ཡང་དག་བརྗོད་པར་ཞེས་བྱ་ལ། སྔ་མ་རྣམས་སུ་ནི་མ་ཡིན་ཏེ། མ་གྲུབ་པ་ཉིད་སྒྲུབ་བྱར་དུ་མི་རུང་བའི་ཕྱིར། དུས་འདིར་ཕྱིར་རྒོལ་ཚར་བཅད་པའི་གནས་མིན་ཏེ། སྔར་རྒོལ་གྱིས་ནི་ཕྱིར་རྒོལ་གྱི་སྤོབས་པ་མ་བཅོམ་པས་ཚར་བཅད་པའི་གོ་ཡང་མི་ཆོད་པའི་ཕྱིར་དང༌། ཕྱིར་རྒོལ་རང་གིས་རང་ཉིད་ཚར་གཅོད་པ་མི་སྲིད་པའི་ཕྱིར་དང༌། ཤེས་འདོད་ཞུགས་ནས་སྒྲུབ་བྱེད་བཀོད་པ་འདི་ལྟ་བུ་ལ། དཔང་པོ་མི་དགོས་ཤིང་དགོས་ཀྱང་གནས་འདི་ལ་དཔང་པོས་ཚར་གཅོད་པའི་གོ་སྐབས་མི་འཇུག་པའི་ཕྱིར་རོ། །དེ་ནི་སྒྲུབ་བྱེད་ཡང་དག་འགོད་པའི་རིམ་པའོ། །ལྟར་སྣང་གི་རིམ་པ་ནི། དམ་བཅའི་སྒྲུབ་བྱེད་དྲིས་པ་ལ་རྒོལ་བས་སྒྲ་ཆོས་ཅན་མི་རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར་རམ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་ཟེར་བ་ལ་ཕྱིར་རྒོལ་གྱིས་དངོས་སྐྱོན་བརྗོད་མི་ཤེས་པར་ཚུལ་གསུམ་གྱི་སྒྲུབ་བྱེད་དྲིས་ཤིང་དེའི་འོག་རོལ་དུ་གཞལ་བྱའི་རྟགས་ལས་སྒྲ་མི་རྟག་རྟོགས་ཀྱིས་རྗེས་དཔག་སྐྱེས་པར་རློམ་པ་དེའི་ཚེ། རྒོལ་བ་གཉིས་རྒྱལ་ཕམ་དུ་རློམ་ཡང་རྒྱལ་ཕམ་གྱི་རྣམ་བཞག་རིགས་པ་མ་ཡིན་ཏེ། ཇི་སྐད་དུ་རྩོད་རིགས་ལས། རྒོལ་བས་སྒྲུབ་པར་བྱེད་པ་སྐྱོན་ཅན་བརྗོད་པ་ན་ཡང་ཕྱིར་རྒོལ་བས་སྐྱོན་མ་བསྟན་ན་ཕམ་པའི་རྣམ་པར་བཞག་པ་རིགས་པ་མིན་ཏེ། དེ་དག་ཉིད་ཀྱི་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་ལྟོས་ནས་རྒྱལ་བ་དང་ཕམ་པར་རྣམ་པར་འཇོག་པར་བྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟ་ན་ཡང་གཉིས་ཀ་ཚར་བཅད་ཀྱི་གནས་ནི་ཡིན་ཏེ་དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་ལྟ་ན་རྒྱལ་ཕམ་ཡོད་པར་འགལ་ལོ་ཞེ་ན། རྒོལ་བ་གཉིས་ཕན་ཚུན་ལྟོས་པའི་རྒྱལ་ཕམ་མེད་ཀྱང༌། སྤྱིར་རྒོལ་བ་གཉིས་ཀ་མ་ཕམ་པ་མིན་ཏེ། དཔང་པོས་ནོར་བའི་གྲངས་སུ་བགྲངས་པས་ཕམ་པར་བྱས་པའི་ཕྱིར་རོ། །དེ་གཉིས་ཚར་གཅོད་པའི་དུས་ཀྱང་དཔང་པོས་ཕམ་པར་བྱས་ཟིན་པའི་འོག་ཏུ་ཡིན་གྱི། སྔ་རོལ་དུ་ནི་མ་ཡིན་ཏེ་དེའི་དུས་སུ་རྒོལ་བ་གཉིས་པོ་སུས་ཀྱང་ཕམ་པར་མ་བྱས་པའི་ཕྱིར་རོ། །འོ་ན་སྔར་བཤད་པའི་ཕྱིར་རྒོལ་སྔར་རྒོལ་གྱི་རྗེས་སུ་ཞུགས་ཏེ་རྗེས་དཔག་སྐྱེས་པ་དེ་ཡང་ཕམ་པར་ཐལ། རྩོད་རིགས་ལས། གང་གི་ཚེ་ཕྱིར་རྒོལ་སྐྱོན་མི་བརྗོད་པ་དེའི་ཚེ་ཕམ་པར་བརྗོད་པར་བྱའོ། །ཞེས་གསུངས་པས་ཤེ་ན། དེ་ཡང་གཞན་དོན་རྗེས་དཔག་གི་སྨྲ་བ་པོའི་ཕྱིར་རྒོལ་ལ་དགོངས་པའམ། ཡང་ན་སུན་འབྱིན་བརྗོད་པས་ཁས་བླངས་ནས་སུན་འབྱིན་བརྗོད་པའི་སྤོབས་པ་མེད་པ་ལ་དགོངས་སོ། །དེ་ལས་གཞན་དུ་ན། སྐད་ཅིག་གཉིས་པར་སུན་འབྱིན་ཡང་དག་བརྗོད་པར་ངེས་པའི་ཕྱིར་རྒོལ་སྐྱོན་མེད་དེ་ཡང་ཚར་བཅད་ཀྱི་གནས་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་ཕྱིར་རྒོལ་གྱིས་ཇི་ལྟར་བྱས་པའི་རིམ་པ་ནི། སྔར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། སངས་རྒྱས་པས་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་ཐལ་བ་འཕེན་པར་བྱེད་དོ། །འདི་ནི་རྩ་བའི་ཐལ་ངག་ཡིན་ཅིང༌། སྤྱིར་ཐལ་འགྱུར་ཡང་ངག་ཡིན་ཏེ། རིགས་གཏེར་ལ། ཐལ་བའི་ངག་སྐྱོན་མེད་འདི་ལྟར་འགོད་དེ། ཞེས་མཚམས་སྦྱར་ནས། མེ་མེད་པའི་ཕྱིར་དུ་བ་མེད་པར་ཐལ་ལོ་ཞེས་གསུངས་པས་སོ། །བྱེ་བྲག་ཏུ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཀྱང་ཡིན་ཏེ། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་འཕེན་པས་སོ། །སྒྲུབ་པའི་ཐལ་འགྱུར་ཡང་དག་ནི་མ་ཡིན་ཏེ། ཐལ་འགྱུར་གྱིས་དམ་བཅའ་ཚིག་ཟིན་ལ་བརྗོད་པའི་ཕྱིར་དང༌། དུས་འདིར་སྔར་རྒོལ་གྱིས་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མི་ཤེས་པའི་ཕྱིར་རོ། །དེ་ལྟར་འཕངས་པ་སྔར་རྒོལ་ན་རེ། ཐལ་འགྱུར་གྱི་རྟགས་ཁས་བླངས་མོད། ཁྱབ་འབྲེལ་དང་དམ་བཅའ་ལ་བསལ་བ་ཇི་ལྟར་ཡོད་ཅེ་ན། སངས་རྒྱས་པ་ན་རེ་སྒྲ་ནི་བྱས་པར་ཚད་མས་གྲུབ་ཏེ། གལ་ཏེ་མ་བྱས་ན་རྒྱུ་རྐྱེན་ལས་མ་སྐྱེས་པར་ཐལ་བའི་ཕྱིར་རོ་ཞེས་དམ་བཅའ་བཞག་ནས། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེས་འདྲི་བ་ལ། གང་མ་བྱས་ན་རྒྱུ་རྐྱེན་ལས་མ་སྐྱེས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་མ་བྱས་པར་ཁས་བླངས་སོ་ཞེས་པས་བཟློག་དོན་འཕངས་ཏེ་རྩ་བའི་ཐལ་འགྱུར་གྱི་དམ་བཅའ་ལ་ཚད་མའི་བསལ་པ་ཞུགས་པར་བསྒྲུབས་པ་ཡིན་ནོ། །འདིར་སྒྲ་ཆོས་ཅན་མ་སྐྱེས་པར་ཐལ་མ་བྱས་པའི་ཕྱིར་ཞེས་འཕེན་པ་ནི་མ་ཡིན་ཏེ། དེ་ལ་སྔ་རྒོལ་གྱིས་ཁས་བླངས་པ་མེད་པའི་ཕྱིར། ཡང་སྒྲ་ཆོས་ཅན་བྱས་ཏེ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་བགོད་པ་ཡང་མ་ཡིན་ཏེ། ཕྱིར་རྒོལ་དུ་ཁས་བླངས་ནས་སྔར་རྒོལ་དུ་ན་མ་འཕོས་པ་དེ་སྲིད་དུ་རང་རྒྱུད་འགོད་པ་སྐབས་སུ་མ་བབ་པའི་ཕྱིར་རོ། །དེ་ལྟར་དམ་བཅའ་ལ་བསལ་པ་ཡོད་པར་སྒྲུབ་ནས་ཁྱབ་པ་སྒྲུབ་པ་ལ། རྗེས་འགྲོ་སྒྲུབ་པ་དང༌། བཟློག་པ་སྒྲུབ་པའོ། །དང་པོ་ནི། དཔེ་བུམ་པ་ལ་སོགས་པའི་བྱས་པ་རྣམས་ནི་རང་གྲུབ་ཙམ་ནས་འཇིག་པར་ཚད་མས་གྲུབ་པ་ཡིན་ཏེ། གལ་ཏེ་དེ་མིན་ན་བུམ་པ་ལ་སོགས་པ་འཇིག་པ་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པར་འགྱུར་ལ། དེ་ལྟ་ན་འཇིག་ངེས་མ་ཡིན་པར་ཐལ་བའི་ཕྱིར་རོ་ཞེས་དམ་བཅའ་བཞག་ནས། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེས་འདྲི་བ་ལ། གང་དེར་འགྱུར་བ་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་ན་དེར་མ་ངེས་པས་ཁྱབ། དཔེར་ན་ས་བོན་གྱི་མྱུ་གུ་བཞིན། བུམ་པ་ཡང་འཇིག་པ་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པར་ཁས་བླངས་སོ་ཞེས་པས་ཐལ་འགྱུར་དེའི་བཟློག་པ་སྒྲུབ་ཅིང༌། དེའི་སྔ་རོལ་དུ་རྗེས་འགྲོ་སྒྲུབ་པ་ནི། ནམ་མཁའ་ལ་སོགས་པའི་རྟག་པ་ཐམས་ཅད་བྱས་པ་མ་ཡིན་ཏེ། གལ་ཏེ་བྱས་ན་མི་རྟག་པར་ཐལ་བའི་ཕྱིར་རོ། །ཞེས་དམ་བཅའ་བཞག་ནས། ཅིའི་ཕྱིར་ཞེས་འདྲི་བ་ལ་གང་བྱས་པ་ཡིན་ན་མི་རྟག་པས་ཁྱབ། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན། ནམ་མཁའ་ཡང་བྱས་པར་ཁས་བླངས་སོ་ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ཐལ་འགྱུར་དེའི་རྗེས་འགྲོ་སྒྲུབ་པར་བྱེད་དོ། །འདིར་ཁྱབ་པ་སྒྲུབ་བྱེད་ལ་རང་རྒྱུད་ཀྱི་གཏན་ཚིགས་མི་འཇུག་པ་ནི་སྔ་མ་བཞིན་ནོ། །དེ་ལྟར་འགྱུར་གྱི་དམ་བཅའ་དང་ཁྱབ་འབྲེལ་གྱི་ལོག་ཕྱོགས་ལ་གནོད་བྱེད་ཀྱི་ཐལ་འགྱུར་འཕངས་པའི་སྒོ་ནས། བཟློག་དོན་གྱི་ཚུལ་གསུམ་སྔར་རྒོལ་གྱི་ཚད་མས་ཤེས་པར་བྱས་ཟིན་པ་དེའི་འོག་ཏུ་ཕྱིར་རྒོལ་གྱིས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་སྐྱོན་མེད་འདི་ལྟར་འགོད་པར་བྱེད་དེ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་རྟག་པར་སྔར་རྒོལ་གྱིས་ཁས་བླངས་སོ་ཞེས་འཕེན་པར་བྱེད་དོ། །སུན་འབྱིན་ཡང་དག་དངོས་ནི་འདི་ཡིན་ལ། སྔ་མ་རྣམས་རེ་རེ་ནས་སྒྲ་རྟག་པ་ལ་སུན་འབྱིན་དངོས་མིན་ཀྱང༌། སུན་འབྱིན་ཡང་དག་འདིའི་རྟེན་ནམ་སྟེགས་ལྟ་བུ་ཡིན་ནོ། །དེ་ལྟར་ཕྱིར་རྒོལ་གྱིས་ཐལ་འགྱུར་འཕངས་པའི་བྱེད་པས་སྔར་རྒོལ་གྱི་རྒྱུད་ལ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེས་པ་དེའི་ཚེ་སྔར་རྒོལ་ཕམ་པ་ཡིན་ཏེ། དེའི་སྤོབས་པ་བཅོམ་པའི་ཕྱིར་དང༌། རང་གི་དམ་བཅའ་ལ་སྒྲུབ་བྱེད་འགོད་པར་མི་ནུས་པའི་ཕྱིར་དང༌། ཕྱིར་རྒོལ་གྱིས་སུན་འབྱིན་པའི་ནུས་པ་མེད་པའི་ཕྱིར། ཚར་བཅད་ཀྱི་གནས་ཀྱང་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། སྔ་མ་དང་མི་མཚུངས་ཏེ་འདིར་ནི་རྒོལ་བས་སྒྲ་རྟག་པའི་དམ་བཅའ་མ་དོར་ཞིང༌། སྒྲ་མི་རྟག་པའི་སྒྲུབ་བྱེད་མ་དྲིས་བཞིན་དུ་ཐལ་འགྱུར་གནམ་ལྕགས་ཀྱི་ཕྲེང་བས་ཐེ་ཚོམ་རྒྱུན་ལྡན་གྱི་གོ་སྐབས་མེད་པར་རང་རྒྱུད་ཀྱི་ལོག་རྟོག་གློ་བུར་དུ་བཅོམ་སྟེ་དམ་བཅའི་ཞེན་དོན་གྱི་ལོག་ཕྱོགས་འཛིན་པའི་རྗེས་དཔག་སྐྱེས་པའི་ཕྱིར། དེ་བས་ན་རང་རྒྱུད་གཡུལ་འགྱེད་པ་ལྟ་བུའི་རིགས་པས། ལོག་རྟོག་དང་ཐེ་ཚོམ་རིམ་གྱིས་བཟློག་སྟེ་བསྒྲུབ་བྱ་ལ་ངེས་ཤེས་རིམ་གྱིས་འདྲེན་པ་དང་འདི་མི་འདྲའོ། །དེ་ལྟར་ཚར་བཅད་ཀྱི་གནས་ཡིན་ཀྱང་དཔང་པོས་ཚར་གཅོད་པའི་ངེས་པ་མེད་དེ། སྔར་རྒོལ་དམ་པ་རིགས་པའི་རྗེས་སུ་འབྲང་བ་འགའ་ཞིག་དཔང་པོས་ཤན་ཕྱེ་པ་ལ་མ་ལྟོས་པར་རང་ཉིད་ཕྱིར་རྒོལ་གྱི་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། །དེ་དག་ནི་སུན་འབྱིན་ཡང་དག་བརྗོད་པའི་རིམ་པའོ། །དེའི་ཕྱིར་སྙིགས་དུས་ཀྱི་གངས་ཅན་པ་དག ཕྱིར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ། སྔར་རྒོལ་སངས་རྒྱས་པས་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པས་ལོག་རྟོག་མངོན་གྱུར་པ་བཟློག་ནས་ཐེ་ཚོམ་དང་ལྡན་པར་བྱེད་དོ། །དེ་ལྟར་ཐལ་བ་ལས་སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པས་ཚུལ་གསུམ་ཕྱིར་རྒོལ་གྱི་དྲན་ལམ་དུ་འཕངས་ཏེ། རྟགས་ཅན་རྗེས་དཔག་སྐྱེད་པ་ཡིན་ནོ་ཞེས་ཟེར་བ་འདི་དག་ལ་ནི། རྟོག་གེའི་འཇུག་པ་ཅུང་ཟད་ཀྱང་མ་ཤར་བ་ཡིན་ནོ་ཞེས་ཡང་ཡང་དུ་བསམ་པར་བྱའོ། །སུན་འབྱིན་ལྟར་སྣང་བརྗོད་པའི་རིམ་པ་ནི་འདི་ཡིན་ཏེ། གྲངས་ཅན་གྱིས་དེ་ལྟར་དམ་བཅའ་པ་ལ་སངས་རྒྱས་པས་སྒྲ་ཆོས་ཅན་གཞལ་བྱ་མ་ཡིན་པར་ཐལ་ཞེས་པའམ། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་ཟེར་བ་ལ། སྔར་རྒོལ་གྱིས་ཚེར་མ་འབྱིན་ཤེས་ན། ཕྱིར་རྒོལ་ཚར་བཅད་ཀྱི་གནས་དང་ཕམ་པ་གཉིས་ཀ་ཡིན་ལ། ཚེར་མ་འབྱིན་མ་ཤེས་ན་ཕྱིར་རྒོལ་ཕམ་པར་ནི་མི་འཇོག་ལ་ཚར་བཅད་ཀྱི་གནས་སུ་ནི་བཞག་པ་ཡིན་ནོ། །དེའི་ཚེ་སྔར་རྒོལ་ནི་ཚེར་མ་འབྱིན་མ་ཤེས་ན་ཚར་བཅད་ཀྱི་གནས་ཡིན་ཏེ་བསྒྲུབ་པའི་ཡན་ལག་མི་བརྗོད་པའི་ནང་དུ་འདུས་པའི་ཕྱིར། ཚེར་མ་འབྱིན་ཤེས་ན་ཚར་བཅད་ཀྱི་གནས་ནི་མ་ཡིན་ཏེ། ཕྱིར་རྒོལ་གྱིས་ཕམ་པར་བྱེད་མི་ནུས་པའི་ཕྱིར། རྗེས་སུ་འཛིན་པའི་གནས་ཀྱང་མ་ཡིན་ཏེ། ཚར་བཅད་དང་རྗེས་འཛིན་ནི་རྩ་བའི་དམ་བཅའ་ལ་ལྟོས་ནས་འཇོག་དགོས་ལ་འདིས་རྩ་བའི་དམ་བཅའ་མ་ནོར་བ་ཁས་བླངས་པའི་ཕྱིར་རོ། །ཡང་རིམ་པ་གསུམ་པ་འདི་ལྟ་བུ་ཞིག་ཀྱང་སྣང་སྟེ། གྲངས་ཅན་གྱིས་དེ་ལྟར་དམ་བཅས་པ་ལ། སངས་རྒྱས་པས་སྒྲ་ཆོས་ཅན་མ་བྱས་པར་ཐལ་ཞེས་རྩ་བའི་ཐལ་འགྱུར་དང་པོ་དེ་འཕངས་མ་ཐག་ཏུ་སྔར་རྒོལ་ཐེ་ཚོམ་དུ་གྱུར་ནས། སངས་རྒྱས་པ་ལ་སྒྲ་མི་རྟག་པ་དེའི་སྒྲུབ་བྱེད་དྲིས་པ་དེའི་ཚེ་རྒོལ་བ་ན་འཕོས་པ་ཞེས་ཀྱང་བྱ། སྔར་རྒོལ་ཕམ་པ་དང་ཚར་བཅད་ཀྱི་གནས་གཉིས་ཀ་ཡིན་ཏེ། དེས་དེའི་སྤོབས་པ་བཅོམ་པའི་ཕྱིར་དང༌། ཕྱོགས་ཕྱི་མའི་གྲུབ་མཐའ་ལ་འཇུག་པར་རྩམ་པའི་ཕྱིར། དེའི་རྗེས་སུ་སངས་རྒྱས་པས་དེའི་སྒྲུབ་བྱེད་བཀོད་དེ་རྗེས་དཔག་སྐྱེས་པ་དེའི་ཚེ་ཕམ་པ་ཞེས་མི་བྱ་སྟེ། བཏགས་ཟིན་སླར་ཡང་འཐག་པར་བྱར་མེད་པའི་ཕྱིར་རོ། །ཞར་ལ་ཚེར་མ་འབྱིན་པ་ཞེས་བྱ་བ་སྔར་རྒོལ་ཁོ་ནའི་ཁྱད་ཆོས་ཡིན་ལ། དེ་ལ་ཚུལ་གཉིས་ཏེ། སྔར་རྒོལ་རང་གིས་སྒྲུབ་བྱེད་ཀྱི་སྐྱོན་སེལ་བ་དང༌། ཕྱིར་རྒོལ་གྱིས་འཕངས་པའི་སུན་འབྱིན་ལ་སྐྱོན་བརྗོད་པའོ། །དང་པོ་ལ་ཚུལ་གསུམ་སྟེ། རང་གི་རྩ་བའི་སྒྲུབ་བྱེད་དེ་སྐྱོན་མེད་དུ་བྱ་བའི་ཕྱིར་དུ། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་སྐྱོན་གསུམ་སེལ་བའོ། །གཉིས་པ་ནི། གཞན་གྱིས་འཕངས་པའི་ཐལ་འགྱུར་ལ་འགལ་པ་དང༌། མ་ངེས་པ་དང༌། མ་གྲུབ་པ་དང༌། བསལ་བ་མེད་པའི་ལན་བཏབ་ནས་དེ་དང་རྗེས་སུ་མཐུན་པའི་རིགས་པ་རང་རྒྱུད་ཀྱི་སྒོ་ནས་སྟོན་པའོ། །མཁས་པ་འཇུག་པའི་སྒོར། དང་པོར་སྒྲུབ་ངག་ཡང་དག་བཀོད་ནས། དེའི་རྗེས་སུ་ཚུལ་གསུམ་སྒྲུབ་པ་ལ་ཚེར་མ་འབྱིན་པ་ཞེས་བྱ་ཞིང༌། ཚེར་མ་མི་འབྱིན་ན་རྒོལ་བ་ཚར་བཅད་པའི་གནས་ཡིན་ནོ་ཞེས་གསུངས། དེའི་དགོངས་པ་ནི་སྔ་མ་དེ་ཉིད་ལས་གཞན་དུ་མི་བསམ་མོ། །དེ་ཡང་ཇི་སྐད་དུ། ཆོས་གྲགས་སྒྲུབ་པའི་ངག་བཀོད་ནས། །གཏན་ཚིགས་ཚེར་མ་འབྱིན་པར་མཛད། །གཞན་དུ་ཚར་བཅད་གནས་སུ་བཞེད། །ཕྱི་མའི་རིགས་པ་སྨྲ་བ་འགའ། །སྒྲུབ་བྱེད་བརྗོད་པ་ཕྱིར་རྒོལ་གྱིས། །སྐྱོན་བརྗོད་ནས་ནི་ཚེར་མ་འབྱིན། །བོད་རྣམས་དེ་དང་མཐུན་པར་རྩོད། །ཚུལ་འདི་གྲགས་པའི་བཞེད་པ་མིན། །ཞེས་གསུངས་སོ། །གསུམ་པ་དཔང་པོས་ཇི་ལྟར་བྱ་བའི་རིམ་པ་ལ། དམ་པའི་ཆོས་འདུལ་བ་ལས་རྒྱས་པར་གསུངས་པ་དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནང་ཕན་ཚུན་གྱི་དབང་དུ་བྱས་ཤིང་དེ་ཉིད་འདིར་ཁས་བླངས་ཀྱང་འགལ་བ་མེད་མོད། འདིར་ནི་ཕྱི་ནང་ཐུན་མོང་གི་དབང་དུ་བྱས་ནས་བཤད་ན། དང་པོ་རྣམ་པར་དབྱེ་བའི་དཔང་པོས་ནི། རྒོལ་ཕྱིར་རྒོལ་གྱིས་སྨྲས་པའི་ངག་ཐམས་ཅད་མ་ནོར་བར་བརྗོད་པར་བྱའོ། །གཉིས་པ་ཤན་འབྱེད་པའི་དཔང་པོས་ནི། རྒྱལ་ཕམ་ཤན་འབྱེད་པར་བྱེད་དོ། །འདི་ལ་གཉིས་ཏེ། རྩ་བའི་དམ་བཅའ་ལ་ལྟོས་པའི་རྒྱལ་ཕམ་དང༌། དེ་ལས་འཕྲོས་པའི་ཡན་ལག་ལ་ལྟོས་པའི་རྒྱལ་ཕམ་གཉིས་ལས། འདིར་ནི་དང་པོ་གཙོ་ཆེ་བ་ཡིན་ཏེ་རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །དཔང་པོས་ངག་བརྗོད་ཚུལ་ལ་གཉིས་པོ་དེར་ངེས་ཀྱང༌། ལུས་ཀྱི་བྱ་བ་འཇུག་ཚུལ་ལས་ཕྱེ་བ་གསུམ་པ་ཚར་བཅད་རྗེས་འཛིན་གྱི་དང་པོ་ལ། དམ་པ་འཕགས་པ་རྣམས་ཀྱི་ལུགས་དང༌། འཇིག་རྟེན་པའི་ལུགས་སོ། །དང་པོ་ནི། གྲུབ་མཐའ་བཟང་ངན་ལ་འདོར་ལེན་བྱེད་དུ་གཞུག་པའོ། །གཉིས་པ་ནི་འཇིག་རྟེན་ལུགས་ཀྱིས་ཆད་པས་གཅོད་པ་དང༌། གོ་འཕངས་མཆོག་སྦྱིན་པ་ལ་སོགས་པའོ། །གསུམ་པ་ཚར་བཅད་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལ། ཚར་བཅད་པའི་གནས། དེའི་དུས། དེ་རང་གི་ངོ་བོ་ངོས་གཟུང་བའོ། །དང་པོ་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ལ། གངས་ཅན་པའི་ལུགས་དགག རྐང་མིག་པའི་ལུགས་དགག དང་པོ་ནི། ཇི་སྐད་དུ། རྒོལ་བ་ལ་ནི་གསུམ་གཉིས་དྲུག །ཕྱིར་རྒོལ་ལ་ཡང་གསུམ་གཉིས་དྲུག །དཔང་པོ་ལ་གསུམ་ཀུན་ལ་གཅིག །གངས་ཅན་པ་རྣམས་བཅུ་དྲུག་འདོད། །ཚར་བཅད་ཡིན་ན་སྔ་མར་འདུས། །མིན་ན་ཚར་བཅད་ཉིད་མ་ཡིན། །དཔང་པོ་ལ་ནི་ཚར་བཅད་མེད། །ཅི་ནས་བྱེད་ནས་ཧ་ཅང་ཐལ། །ཞེས་པ་རྩ་འགྲེལ་དང༌། གཉིས་པ་ནི། དམ་བཅའ་ལ་གནོད་དམ་བཅའ་གཞན། །ཞེས་སོགས་རྩ་འགྲེལ་རྒྱས་པར་གསུངས་པའི་དོན་ལ་བལྟ་བར་བྱའོ། །གཉིས་པ་རང་ལུགས་བཞག་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཕྱོགས་སྔ་ཕྱི་གང་རུང་ཁས་བླངས་ནས། རང་གི་བྱེད་ཆོས་སྒྲུབ་པའི་ནུས་པ་མེད་པའི་རྒོལ་བ་དེ་ཚར་བཅད་ཀྱི་གནས་སུ་གྱུར་པའི་རྒོལ་བའི་མཚན་ཉིད། དབྱེ་བ་ལ། སྔར་རྒོལ་ཁོ་ན་ཚར་བཅད་པའི་གནས་དང༌། ཕྱིར་རྒོལ་ཁོ་ན་དང༌། གཉིས་ཀ་ཚར་བཅད་པའི་གནས་སོ། །དང་པོ་ནི། དམ་བཅའ་ཡང་དག་བཞག་ནས་དེའི་སྒྲུབ་བྱེད་བརྗོད་པར་ཁས་ལེན་པའི་སྔར་རྒོལ་གང་ཞིག དེ་ལ་སྒྲུབ་བྱེད་ཡང་དག་འགོད་པའི་ནུས་པ་མེད་པའམ། ཡོད་ཀྱང་མི་འགོད་པའོ། །དབྱེ་ན། སྒྲུབ་བྱེད་ཡང་དག་མི་བརྗོད་པ་དང༌། སྒྲུབ་བྱེད་ཡང་དག་མ་ཡིན་པར་བརྗོད་པའོ། །དང་པོ་ལ་སྤྱིར་སྒྲུབ་བྱེད་མི་བརྗོད་པ་དང༌། བརྗོད་ཀྱང་ལྟར་སྣང་བརྗོད་པའོ། །གཉིས་པ་ལ། རྟགས་སྐྱོན་ཅན་བརྗོད་པ་དང༌། དཔེ་སྐྱོན་བརྗོད་པའོ། །དང་པོ་ལ། སྤྱིར་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་རྟགས་སྐྱོན་ཅན་བརྗོད་པ་དང༌། སྤྱིར་ནུས་པ་ཡོད་ཀྱང་ཚུལ་གསུམ་རྒོལ་བས་ཚད་མས་མི་ཤེས་ནས་རྟགས་སྐྱོན་ཅན་དུ་སོང་བའོ། །དང་པོ་ལ། འགལ་མ་ངེས་མ་གྲུབ་པའི་དབྱེ་བས་གསུམ་མོ། །གཉིས་པ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་པའི་ཕྱིར་རྒོལ་གྱི་ངོར། སྔར་རྒོལ་གྱིས་ཚུལ་གསུམ་སྒྲུབ་མི་ཤེས་པའམ་ཤེས་ཀྱང་སྒྲུབ་པར་དང་པོ་ནས་སྒྲུབ་པའི་ངག་འགོད་པའོ། །གཉིས་པ་སྒྲུབ་བྱེད་མ་ཡིན་པ་བརྗོད་པ་ལ། སྒྲུབ་མི་ནུས་ནས་སྒྲུབ་བྱེད་མིན་པ་དང༌། སྒྲུབ་མི་དགོས་ནས་སྒྲུབ་བྱེད་མིན་པའོ། །དང་པོ་ལ། མ་ཚང་བ་དང༌། ལྷག་པའོ། །དང་པོ་ནི། སྦྱོར་བ་སྐོར་ཅིག་གི་ཚུལ་གསུམ་པ་ཅན་གྱི་སྒྲུབ་ངག་རྫོགས་པར་འགོད་པ་སྐབས་སུ་བབ་པའི་ངོར་ཚུལ་གསུམ་ལས་གང་ཡང་རུང་བ་རེ་རེ་ཁོ་ན་བརྗོད་པའོ། །གཉིས་པ་ནི། དེའི་ངོར་དམ་བཅའ་དང་ཉེར་སྦྱོར་དང་མཇུག་བསྡུད་ལ་སོགས་པ་བརྗོད་པའོ། །ཡང་གཉིས་པ་ནི་དེའི་ངོར། དེ་སྐོར་གྱིས་ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་གྱི་ངག་གཉིས་ཀ་འགོད་པའོ། །དེའི་རྒྱུ་མཚན་ཡང་གང་རུང་ཅིག་བརྗོད་པས་ཆོག་གི་གཉིས་དོན་མེད་པ་ཡིན་ནོ། །ད་ནི་དེ་ལ་དོགས་པའི་མཐའ་དཔྱད་པར་བྱ་སྟེ། སྤྱིར་དམ་བཅའ་བཞག་ནས་སྒྲུབ་བྱེད་མ་བརྗོད་པ་ཙམ་གྱིས་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་བཞག་མི་ནུས། སྐད་ཅིག་གཉིས་པར་སྒྲུབ་བྱེད་ཡང་དག་བརྗོད་ངེས་པའི་སྐད་ཅིག་མ་དང་པོའི་སྐབས་སུ་ཡང་ཚར་བཅད་ཀྱི་གནས་སུ་ཐལ་བའི་ཕྱིར་དང༌། དེ་ལ་འདོད་ན་སྔར་རྒོལ་ཚར་བཅད་ཀྱི་གནས་མ་ཡིན་པ་མི་སྲིད་པར་ཐལ་བའི་ཕྱིར་དང༌། དམ་བཅའ་ལྟར་སྣང་བཞག་ནས་སྒྲུབ་བྱེད་བཀོད་ན་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །ཅི་སྟེ་དམ་བཅའ་ལྟར་སྣང་བཞག་ནས་སྒྲུབ་བྱེད་བཀོད་དམ་མ་བཀོད་ཀྱང་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་འཇོག་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། དམ་བཅའ་ཡང་དག་ལ་སུན་འབྱིན་བརྗོད་པར་ཁས་བླངས་པ་ཉིད་ཀྱིས་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་ཐལ་བའི་ཕྱིར། དེ་ལྟ་ན་ནི་རྒོལ་ཕྱི་རྒོལ་གྱི་ངག་མ་འདྲེས་པར་ཡང་ཚར་བཅད་ཀྱི་གནས་སུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ། །འོ་ན་སྔར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་སངས་རྒྱས་པས་དེའི་སྒྲུབ་བྱེད་དྲིས་པ་ན། གྲངས་ཅན་གྱིས་དེ་ལ་སྒྲུབ་བྱེད་བཀོད་པའི་ཚེ་དེ་ལ་སྒྲུབ་བྱེད་གང་བཀོད་ཀྱང་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་རམ་མི་འགྱུར། འགྱུར་ན་སྔར་གྱི་མཚན་ཉིད་དེས་མ་ཁྱབ་པར་འགྱུར་ལ། མི་འགྱུར་ན་སྒྲུབ་བྱེད་མིན་པ་བརྗོད་པས་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེའི་ཚེ་ན་སྔར་རྒོལ་གྲངས་ཅན་གྱི་ཚར་བཅད་ཀྱི་གནས་མ་ཡིན་ཏེ། ཕྱིར་རྒོལ་སངས་རྒྱས་པས་དེའི་སྒྲུབ་བྱེད་དྲིས་ཙམ་གྱི་ཚེ་ན་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་སོང་བའི་ཕྱིར། ཕྱིར་རྒོལ་སངས་རྒྱས་པས་སྒྲ་རྟག་པ་ལ་སུན་འབྱིན་བརྗོད་པར་ཁས་བླངས་ནས་དེ་མི་བརྗོད་པར། དེའི་སྒྲུབ་བྱེད་དྲིས་པའི་ཕྱིར་རོ། །དེས་དེ་དྲིས་པ་ཙམ་གྱིས་སྔར་རྒོལ་རྒྱལ་བ་ཡང་ཡིན་ཏེ། ཁོ་བོས་ནི་དམ་བཅའ་ལ་སྒྲུབ་བྱེད་འགོད་པར་ཁས་མ་བླངས་ཀྱི། ཁྱོད་ཀྱིས་ངེད་ཀྱི་དམ་བཅའ་ལ་སུན་འབྱིན་བརྗོད་པར་ཁས་བླངས་པའི་ཕྱིར་སྒྲུབ་བྱེད་མི་འགོད་དོ་ཞེས་སྨྲས་པ་ཙམ་གྱིས་ཕྱིར་རྒོལ་གྱི་སྤོབས་པ་བཅོམ་པའི་ཕྱིར། སྔར་རྒོལ་མི་མཁས་པ་དེ་སྐད་ཟེར་བའི་མཐུ་མེད་པར་སྒྲུབ་བྱེད་ལྟར་སྣང་བཀོད་པའི་ཚེ་ནི་སྔར་རྒོལ་དང་ཕྱིར་རྒོལ་གཉིས་ཀ་ཚར་བཅད་ཀྱི་གནས་ཡིན་མོད། དེའི་དུས་ཀྱི་རྒོལ་ཕྱིར་རྒོལ་གཉིས་ནི་ཕྱོགས་སྔ་ཕྱིའི་རྣམ་གཞག་ལ་མི་མཁས་པ་ཡིན་པས། དཔང་པོས་ཀྱང་མི་ཤེས་པའི་གྲངས་སུ་བགྲང་དགོས་པ་ཡིན་ལ། སྔར་བཤད་པའི་སྔར་རྒོལ་ཚར་བཅད་ཀྱི་གནས་ཀྱི་མཚན་ཉིད་དེ་ནི་ཕྱོགས་སྔ་ཕྱིའི་རྣམ་གཞག་ལ་མཁས་པའི་སྔར་རྒོལ་ཚར་བཅད་ཀྱི་གནས་ཀྱི་དབང་དུ་བྱས་པའི་ཕྱིར་མ་ཁྱབ་པའི་སྐྱོན་མེད་དོ། །དེ་ནས་མཚན་གཞིའི་མཐའ་དཔྱད་པར་བྱ་སྟེ། སྔར་རྒོལ་ཚར་བཅད་པའི་གནས་ཀྱི་དབྱེ་བ་གཉིས་པོ་དེ་སྤྱིར་འགལ་བ་ནི་མ་ཡིན་ཏེ། སྤྱིར་ཕྱི་མ་སྔ་མའི་ནང་དུ་འདུས་པའི་ཕྱིར། དེ་ལ་དགོངས་ནས་གཞུང་ལས་སྔ་མ་ཁོ་ན་གསུངས་ལ། དེར་མ་འདུས་པ་ཡང་ཡོད་དེ་སྒྲུབ་བྱེད་ཡང་དག་དང༌། ཡང་དག་མ་ཡིན་པ་བརྗོད་པ་གཉིས་ཀས་མཐོང་བའི་ཕྱིར་རོ། །གཉིས་སུ་དབྱེ་བར་གཞུང་ལས་གསུངས་པ་དེའི་ཚེ་ན་ཁྱད་པར་ནི་འདི་ཡིན་ཏེ། སྤྱིར་སྒྲུབ་བྱེད་དུ་བཀོད་པ་གཉིས་ཏེ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཚེ་སྒྲུབ་བྱེད་དུ་རུང་བ་བཀོད་པ་དང་མི་རུང་བ་བཀོད་པའོ། །དང་པོ་ནི། བྱས་པ་ལྟ་བུ་ཡིན་ལ། དེའི་སྒྲུབ་བྱེད་དུ་མི་བརྗོད་ན་སྒྲུབ་བྱེད་མི་བརྗོད་པ་ཡིན་ལ། དེ་ལའང་གཉིས་ཏེ། གཏན་ཚིག་མི་བརྗོད་པ་དང༌། གཏན་ཚིགས་ཀྱི་སྦྱོར་བ་ཙམ་འགོད་ཀྱང་ཚུལ་གསུམ་མི་སྒྲུབ་པའོ། །དང་པོ་ནི་སྤོབས་པ་མེད་པས་ཚར་བཅད་ཀྱི་གནས་ཡིན་ལ། གཉིས་པ་ནི་སྒྲུབ་བྱེད་མི་འགོད་པ་དངོས་ཡིན་ནོ། །གཉིས་པ་མི་རུང་བ་བཀོད་པ་ལ་གཉིས་ཏེ། སྒྲུབ་བྱེད་ཚུལ་གསུམ་མེད་ནས་མི་རུང་བ་དང༌། དེ་ལ་དེ་ཡོད་ཀྱང་སྔར་རྒོལ་གྱི་བརྗོད་པ་ལ་སྐྱོན་ཆགས་ནས་མི་རུང་བའོ། །དང་པོ་ལ་འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་དབྱེ་བས་གསུམ་མོ། །གཉིས་པ་ལ་མ་ཚང་བ་དང༌། ལྷག་པ་གཉིས། དང་པོ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། དེ་སྐོར་གྱི་ཚུལ་གསུམ་ལས་གང་ཡང་རུང་བ་ཅིག་ཁོ་ན་བརྗོད་པ་ལྟ་བུ། གཉིས་པ་ནི། དེའི་ངོར་དེ་སྐོར་གྱི་ངག་ཡན་ལག་ལྔ་ལྡན་དུ་སྦྱར་བའམ། ཡང་དེའི་ངོར། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་ངག་གཉིས་ཀ་བཀོད་པ་ལྟ་བུའོ། །གཉིས་པ་ཕྱིར་རྒོལ་ཚར་བཅད་པའི་གནས་ལ། མཚན་ཉིད་ནི་སྔར་རྒོལ་གྱིས་བཞག་པའི་དམ་བཅའ་ལྟར་སྣང་དང་དེའི་སྒྲུབ་བྱེད་སུན་འབྱིན་པར་ཁས་བླངས་པའི་ཕྱིར་རྒོལ་གང་ཞིག དམ་བཅའ་ལྟར་སྣང་ལ་སུན་འབྱིན་ཡང་དག་བརྗོད་པའི་ནུས་པ་མེད་པའམ། ཡོད་ཀྱང་མི་བརྗོད་པའོ། །དབྱེ་བ་ལ་སྐྱོན་མི་བརྗོད་པ་དང༌། སྐྱོན་མ་ཡིན་པ་བརྗོད་པའོ། །དང་པོ་ལ། བསྒྲུབ་བྱའི་སྐྱོན་མི་བརྗོད་པ་དང༌། སྒྲུབ་བྱེད་ཀྱི་སྐྱོན་མི་བརྗོད་པའོ། །གཉིས་པ་ལ། གཏན་ཚིགས་ཀྱི་སྐྱོན་མི་བརྗོད་པ་དང༌། དཔེའི་སྐྱོན་མི་བརྗོད་པའོ། །དང་པོ་ལ། མ་ཚང་བའི་སྐྱོན་མི་བརྗོད་པ་དང༌། ལྷག་པའི་སྐྱོན་མི་བརྗོད་པའོ། །དང་པོ་ལ་དོན་མ་ཚང་བའི་དང༌། ཚིག་མ་ཚང་བའི་སྐྱོན་མི་བརྗོད་པའོ། །དང་པོ་ནི་ཚུལ་གསུམ་དོན་ལ་མ་ཚང་བ་ལ་སྐྱོན་མི་བརྗོད་པ་སྟེ། དེ་ལ་འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་དབྱེ་བས་གསུམ་མོ། །གཉིས་པ་ནི། ཚུལ་གསུམ་དོན་ལ་ཚང་ཡང་སྔར་རྒོལ་གྱིས་བརྗོད་མ་ཤེས་པའི་སྐྱོན་ལ་སྐྱོན་དུ་མི་བརྗོད་པ་སྟེ། དེ་ལ་ཕྱོགས་ཆོས་དང༌། ཁྱབ་པ་མ་བརྗོད་པའི་དབྱེ་བ་གཉིས་སོ། །གཉིས་པ་སྐྱོན་མ་ཡིན་པ་བརྗོད་པ་ལ། སྐྱོན་མེད་ལ་སྐྱོན་དུ་བརྗོད་པ་སྟེ། ཕྱོགས་ཀྱི་སྐྱོན་ལ་གཏན་ཚིགས་ཀྱི་སྐྱོན་དུ་བརྗོད་པ་ལྟ་བུ་དང༌། ལུང་དོན་བསྒྲུབ་བྱར་ཁས་ལེན་དགོས་པའི་ཕྱིར་གཏན་ཚིགས་འགལ་ལོ་ཞེས་ཟེར་བ་དང༌། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ཚོགས་སྤྱི་དོན་གཞན་བསྒྲུབ་བྱར་བྱ་དགོས་པས་གཏན་ཚིགས་འགལ་ལོ་ཞེས་ཟེར་བ་དང༌། རྩོལ་བྱུང་དེ་རྩོལ་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་དོན་གྱི་ཕྱོགས་གཅིག་ཡིན་པས། མ་གྲུབ་པའི་གཏན་ཚིགས་སོ་ཞེས་ཟེར་བ་ལྟ་བུའོ། །ད་ནི་དེ་ལ་དོགས་པའི་མཐའ་དཔྱད་པར་བྱ་སྟེ། སྤྱིར་སྔར་རྒོལ་གྱི་དམ་བཅའ་ལ་སུན་འབྱིན་ཡང་དག་མ་བརྗོད་པ་ཙམ་གྱིས། ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་བཞག་མི་ནུས་ཏེ། སྐད་ཅིག་གཉིས་པར་སུན་འབྱིན་ཡང་དག་བརྗོད་པར་ངེས་པའི་ཕྱིར་རྒོལ་ཡང་དེར་ཐལ་བའི་ཕྱིར་དང༌། སྔར་རྒོལ་གྱིས་དམ་བཅའ་ཡང་དག་བཞག་པ་ལ་ཕྱིར་རྒོལ་གྱིས་སུན་འབྱིན་བརྗོད་ན་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར། ཅི་སྟེ་སྔར་རྒོལ་གྱིས་དམ་བཅའ་ཡང་དག་བཞག་པའི་ཚེ། ཕྱིར་རྒོལ་གྱིས་སུན་འབྱིན་བརྗོད་དམ་མ་བརྗོད་ཀྱང་ཚར་བཅད་ཀྱི་གནས་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། རྒོལ་ཕྱིར་རྒོལ་གྱི་ངག་མ་འདྲེས་པར་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །འོ་ན་སྔར་རྒོལ་གྱིས་དམ་བཅའ་ཡང་དག་བཞག་པ་དེའི་ཚེ། ཕྱིར་རྒོལ་མི་སྨྲ་བར་འདུག་གམ་ཞེ་ན། ཕྱོགས་སྔ་ཕྱིའི་རྣམ་གཞག་ལ་མཁས་པའི་ཕྱིར་རྒོལ་ཡིན་ན་ནི། དེའི་ཚེ་སྒྲུབ་བྱེད་དྲི་བར་བྱ་བ་ཡིན་ནོ། །དྲིས་པ་ལས་སྔར་རྒོལ་གྱི་རྐྱེན་ཡོན་རྟོགས་པར་འགྱུར་རོ། །ཕྱིར་རྒོལ་བླུན་པོ་ཡིན་ན་ནི་མི་སྨྲ་བར་འདུག་གོ །དེའི་ཚེ་ཡང་སྔར་རྒོལ་གྱིས་ཕམ་པར་བྱས་པའི་ཚར་བཅད་ཀྱི་གནས་ནི་མ་ཡིན་ཏེ། སྔར་རྒོལ་གྱིས་སྤོབས་པ་མ་བཅོམ་པའི་ཕྱིར། འོ་ན་སྔར་རྒོལ་སངས་རྒྱས་པས་སྒྲ་མི་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་གྲངས་ཅན་གྱིས་དེ་ལ་སུན་འབྱིན་བརྗོད་པར་ཁས་བླངས་ནས་སུན་འབྱིན་གང་བརྗོད་ཀྱང་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་རམ་མི་འགྱུར། འགྱུར་ན་ནི་སྔར་གྱི་མཚན་ཉིད་དེས་མ་ཁྱབ་པར་འགྱུར་ལ། དེ་ཚར་བཅད་ཀྱི་གནས་མིན་ན་སུན་འབྱིན་ཡང་དག་མིན་པ་བརྗོད་པ་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེའི་ཚེ་ཕྱིར་རྒོལ་ནི་སྔར་རྒོལ་ལ་ལྟོས་པའི་ཚར་བཅད་ཀྱི་གནས་མ་ཡིན་ཏེ། དེའི་ཚེ་སྔར་རྒོལ་ཕྱིར་རྒོལ་ལས་རྒྱལ་བའི་གནས་མ་ཚང་བའི་ཕྱིར་ཏེ། སྔར་རྒོལ་གྱིས་རང་གི་དམ་བཅའ་དེ་ཁོ་ན་ཉིད་ཕྱིར་རྒོལ་ལ་སྟོན་པར་ནུས་པའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དེའི་ཚེ་རྒོལ་ཕྱིར་རྒོལ་མཁས་པ་ཡིན་ན། སྔར་རྒོལ་ཚར་བཅད་པའི་གནས་སུ་འགྱུར་ཏེ། སྒྲུབ་བྱེད་འགོད་པར་འོས་པའི་རང་གི་དམ་བཅའ་ལ་སྒྲུབ་བྱེད་ཡང་དག་མི་འགོད་པར་རང་གི་དམ་བཅའ་ཡང་དག་ལ་ཕྱིར་རྒོལ་གྱིས་རྩོད་པའི་སྐབས་ཕྱེ་བའི་ཕྱིར་རོ། །སྐབས་དེ་ཡང་འབྱེད་པར་རིགས་པ་མ་ཡིན་ཏེ། ཇི་སྐད་དུ་རྩོད་རིགས་ལས། ཤེས་པར་འདོད་པའི་དོན་བཀོད་ནས། ཞར་ལས་བྱུང་བ་གཞན་དང་གཞན་བརྗོད་པ་དག་ནི། ཕྱིར་རྒོལ་བ་དང་རིགས་པ་སྨྲ་བའི་དབང་པོ་དག་གིས་བཟུང་བར་འོས་པ་མ་ཡིན་ཏེ། དེ་དག་དང་སྨྲ་བར་རྣམ་པར་བཅད་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་གསུངས་པས་སོ། །སངས་རྒྱས་པས་སྒྲ་མི་རྟག་པར་དམ་བཅས་པ་དེའི་ཚེ། ཕྱིར་རྒོལ་གྲངས་ཅན་ཡང་ཕྱོགས་སྔ་ཕྱིའི་རྣམ་དབྱེ་ལ་མཁས་པ་ཞིག་ཡིན་ན། སངས་རྒྱས་པ་ལ་དེའི་སྒྲུབ་བྱེད་འདྲི་དགོས་པ་ཡིན་ཏེ། སངས་རྒྱས་པའི་རྒོལ་བ་བློ་དང་ལྡན་པ་ཞིག་ཡིན་ན་ནི་སྒྲ་མི་རྟག་པར་སྒྲུབ་པ་དང༌། རྟག་པ་སུན་འབྱིན་པ་སྐབས་སུ་གང་བབ་བརྟགས་ནས་རྒོལ་ཕྱིར་རྒོལ་སྐབས་སུ་བབ་པ་གཅིག་ཏུ་ཁས་ལེན་པ་ནི་རིགས་པའི་གཞུང་ལུགས་ཡིན་པའི་ཕྱིར་དང༌། ཕྱིར་རྒོལ་ཡང་འདྲི་བར་འོས་པ་མི་འདྲི་ན་སྐྱོན་དང་བཅས་པ་ཡིན་པའི་ཕྱིར། ཡང་ཕྱོགས་སྔ་ཕྱིའི་རྣམ་གཞག་མི་མཁས་པ་ལ་དེ་ལྟར་དུ་བརྗོད་པ་མེད་མོད་དེ་ནི་དཔང་པོས་ཀྱང་མི་མཁས་པའི་གྲངས་སུ་བགྲང་དགོས་པས། འདིར་སྐབས་སུ་མ་བབ་པ་བཤད་མ་ཐག་པའི་ཕྱིར་རྒོལ་ཚར་བཅད་ཀྱི་གནས་ཀྱི་མཚན་ཉིད་དེ་ནི། ཕྱོགས་སྔ་ཕྱིའི་རྣམ་གཞག་ལ་མཁས་པའི་ཕྱིར་རྒོལ་གྱི་དབང་དུ་བྱས་པའི་ཕྱིར་མ་ཁྱབ་པའི་སྐྱོན་མེད་དོ། །དེ་ནས་མཚན་གཞིའི་གྲངས་ཀྱི་མཐའ་དཔྱད་པར་བྱ་སྟེ། ཕྱིར་རྒོལ་ཚར་བཅད་པའི་གནས་ཀྱི་དབྱེ་བ་གཉིས་པོ་དེ་སྤྱིར་འགལ་བ་མ་ཡིན་ཏེ། སྤྱི་ལྡོག་ནས་ཕྱི་མ་སྔ་མའི་ནང་དུ་འདུ་བའི་ཕྱིར། དེ་ལ་དགོངས་ནས་གཞུང་རྩ་བར་སྔ་མ་ཁོ་ན་གསུངས་ལ། ཞིབ་མོར་ཕྱེ་ན་དེར་མ་འདུས་པ་ཡང་ཡོད་དེ། སྔར་རྒོལ་གྱི་དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ་ཕྱིར་རྒོལ་གྱིས་སྐྱོན་ཡང་བརྗོད། སྐྱོན་མ་ཡིན་པ་ཡང་བརྗོད་པ་སྲིད་པའི་ཕྱིར་རོ། །གཉིས་སུ་དབྱེ་བར་གཞུང་ལས་གསུངས་པ་དེའི་ཚེ། ཁྱད་པར་ནི་འདི་ཡིན་ཏེ། སྤྱིར་སྔར་རྒོལ་གྱིས་དམ་བཅའ་འཇོག་ལུགས་དང༌། སྒྲུབ་བྱེད་འགོད་ལུགས་ལ་གཉིས་ཏེ། དམ་བཅའ་ལྟར་སྣང་བཞག་ནས་དེ་ལ་སྒྲུབ་བྱེད་ལྟར་སྣང་བཀོད་པ་དང༌། དམ་བཅའ་ཡང་དག་བཞག་ནས། དེ་ལ་སྒྲུབ་བྱེད་སྐྱོན་མེད་འགོད་པར་ཁས་ལེན་པའོ། །དེ་ལའང་གཉིས་ཏེ། ཚུལ་གསུམ་ཕྱིར་རྒོལ་བས་མི་ཤེས་པ་ལ་འགོད་པ་དང་ཤེས་པ་ལ་འགོད་པར་བྱེད་པའོ། །དེ་ལྟར་སྔར་རྒོལ་གྱི་བརྗོད་ཚུལ་གསུམ་ལས་དང་པོ་ལ་ཕྱིར་རྒོལ་བས་སྤྱིར་སུན་འབྱིན་མི་བརྗོད་པའམ། བྱེ་བྲག་ཏུ་སུན་འབྱིན་ཡང་དག་མི་བརྗོད་ན་ཕྱིར་རྒོལ་ཚར་བཅད་ཀྱི་གནས་དང་པོའོ། །སྔར་རྒོལ་གྱི་བརྗོད་ཚུལ་གཉིས་པ་ལ་ཕྱིར་རྒོལ་བས་འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་པོ་གང་རུང་བརྗོད་ན་ཕྱིར་རྒོལ་ཚར་བཅད་ཀྱི་གནས་གཉིས་པ་ཡིན་ཏེ། དེ་ལ་སྔར་རྒོལ་གྱི་ཚེར་མ་འབྱིན་པའི་ཚེ་ཕྱིར་རྒོལ་ཕམ་པར་འཇོག་པའི་ཕྱིར། རྒོལ་བའི་བརྗོད་ཚུལ་གསུམ་པ་ལ་ནི་ཕྱིར་རྒོལ་མཁས་པས་སྐྱོན་བརྗོད་པ་མི་སྲིད་དེ། ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་བསྐྱེད་ནུས་པའི་ཕྱིར། མི་མཁས་པས་རྗེས་དཔག་སྐྱེས་ནས་ཀྱང་སྐྱོན་བརྗོད་པ་སྲིད་མོད། དེ་འདྲ་དེ་སྤྱིར་ཚར་བཅད་ཀྱི་གནས་ཡིན་པ་སྲིད་ཀྱང་འདིར་ཚར་བཅད་ཀྱི་གནས་སུ་མི་གཞག་སྟེ། འདིར་ནི་ཕྱོགས་སྔ་ཕྱིའི་རྣམ་གཞག་ལ་མཁས་པའི་ཕྱིར་རྒོལ་གྱི་དབང་དུ་བྱས་ནས་གསུངས་ཀྱི། གཞན་དུ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་གཉིས་ཀ་ཚར་བཅད་པའི་གནས་བཤད་པ་ནི་སྔར་རྒོལ་གྱིས་དམ་བཅའ་དང་སྒྲུབ་བྱེད་ཡང་དག་སྨྲས་པ་ལ། ཕྱིར་རྒོལ་གྱིས་སུན་འབྱིན་ལྟར་སྣང་བརྗོད་པའི་ཚེ་ཕྱིར་རྒོལ་ནི་ཚར་བཅད་པའི་གནས་ཡིན་ཏེ། སྐྱོན་མ་ཡིན་པ་བརྗོད་པའི་ཕྱིར་རོ། །དེ་ལ་སྔར་རྒོལ་གྱིས་ཚེར་མ་འབྱིན་མ་ཤེས་ནས་སྔར་རྒོལ་ཡང་ཚར་བཅད་པའི་གནས་ཡིན་ཏེ། སྒྲུབ་བྱེད་ཡང་དག་ལ་ཚེར་མ་འབྱིན་མ་ཤེས་པའི་ཕྱིར། ཡང་སྔར་རྒོལ་གྱིས་དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ། ཕྱིར་རྒོལ་གྱིས་སྐྱོན་མི་བརྗོད་ན་ཕྱིར་རྒོལ་ནི་སུན་འབྱིན་མ་བརྗོད་པའི་ཆ་ནས་ཚར་བཅད་ཀྱི་གནས་སོ། །སྔར་རྒོལ་གྱིས་སྒྲུབ་བྱེད་བཀོད་ན་སྔར་རྒོལ་ནི་དམ་བཅའ་ལྟར་སྣང་ལ་སྒྲུབ་བྱེད་འགོད་པ་སྐབས་སུ་མ་བབ་པས། སྒྲུབ་བྱེད་མ་ཡིན་པ་སྒྲུབ་བྱེད་དུ་བརྗོད་པའི་ཆ་ནས་ཚར་བཅད་ཀྱི་གནས་སོ། །གསུམ་པ་རྩོད་པ་སྤང་བ་ལ། འདི་སྙམ་དུ་གཉིས་ཀ་ཚར་བཅད་པའི་གནས་ཞེས་བྱ་བ་རྩོད་པའི་རིགས་པར་མ་གསུངས་སོ་སྙམ་དུ་དོགས་པར་མི་བྱ་སྟེ། ཇི་སྐད་དུ། ཕྱོགས་སྔ་མའི་སྒྲུབ་པར་བྱེད་པ་སྐྱོན་དང་ལྡན་པ་ཡིན་ན་ཡང་སྒྲུབ་པར་བྱེད་པ་ལ་གཉིས་ཀ་ལ་གཅིག་ཀྱང་རྒྱལ་བ་དང་ཕམ་པ་དག་མིན་ཏེ། དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱེད་པ་མེད་པར་ཉིད་ཀྱི་ཕྱིར་དང༌། སྐྱོན་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མི་མཐུན་པའི་ཕྱོགས་མེད་ཅིང་རང་གི་ཕྱོགས་གྲུབ་པར་བྱས་པ་དག་ནི་རྒྱལ་བ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཤེས་པར་འདོད་པས་རང་གི་ཕྱོགས་སྒྲུབ་པ་དང༌། གཞན་གྱི་ཕྱོགས་སུན་འབྱིན་པར་བྱའོ་ཞེས་དང༌། རྒོལ་བས་སྐྱོན་མེད་པའི་སྒྲུབ་པར་བྱེད་པ་བརྗོད་པ་ལ་ཕྱིར་རྒོལ་བས་སྐྱོན་ལྟར་སྣང་བརྗོད་ན་སུན་འབྱིན་པ་ལྟར་སྣང་བ་བརྗོད་པ་ཉིད་ཀྱི་ཕྱིར་ཕམ་པ་དག་ཡིན་གྱི། རྣམ་པ་གཞན་དུ་ནི་མི་འགྱུར་རོ། །དེ་ཁོ་ན་ཉིད་བརྗོད་དུ་ཟིན་ཀྱང་མི་མཐུན་ཕྱོགས་སུན་ཕྱུང་བའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པར་མི་ནུས་པའི་ཕྱིར། རྒོལ་བ་ཡང་འདིར་རྒྱལ་བར་གྱུར་པ་མ་ཡིན་ཏེ་ལོག་པར་སྟོན་པར་བྱེད་པའི་ཕྱིར་རོ། །ཁོ་བོ་ཅག་གིས་རིགས་པ་འདི་ཚར་བཅད་པའི་གནས་ཀྱི་མཚན་ཉིད་དུ་བསྟན་ཞེས་གསུངས་པའི་ཕྱིར་རོ། །ཡང་འདི་སྙམ་དུ་སྔར་རྒོལ་དུ་ཁས་བླངས་ནས་དམ་བཅའ་མི་འཇོག་ན་ཚར་བཅད་ཀྱི་གནས་ཡིན་ནོ་སྙམ་ན་དེ་ཡང་མ་ཡིན་ཏེ་དེ་ལ་ཕྱིར་རྒོལ་གྱི་ངག་མི་འཇུག་པས་རྒྱལ་ཕམ་གྱི་རྣམ་པར་གཞག་པ་བྱར་མེད་པའི་ཕྱིར་དང༌། རྩོད་རིགས་སུ་སྔར་རྒོལ་གྱིས་དམ་བཅའ་ངག་ཏུ་བརྗོད་ན་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་གསུངས་པའི་ཕྱིར་དང༌། དེའི་དགོངས་པ་ཡང་སྒྲུབ་བྱེད་འགོད་པ་སྐབས་སུ་བབ་པའི་སྔར་རྒོལ་ཚར་བཅད་པའི་གནས་ཀྱི་དབང་དུ་མཛད་པའི་ཕྱིར། ཡང་འདི་སྙམ་དུ་དམ་བཅའ་མི་འཇོག་པ་སྔར་རྒོལ་ཚར་བཅད་ཀྱི་གནས་སུ་མི་འགྱུར་བ་དེ་ལྟ་ན། དམ་བཅའ་ལྟར་སྣང་ལ་སུན་འབྱིན་མི་བརྗོད་པ་ཡང་ཚར་བཅད་ཀྱི་གནས་མིན་པར་འགྱུར་རོ་ཞེ་ན། འདི་ལ་གཉིས་ཏེ། དམ་བཅའ་ལྟར་སྣང་ལ་སུན་འབྱིན་བརྗོད་པར་ཁས་བླངས་ན། སུན་འབྱིན་མ་བརྗོད་པ་དང༌། དེ་མ་བླངས་ནས་མ་བརྗོད་པ་གཉིས་ལས། དང་པོ་ནི་མ་བརྗོད་པ་ཙམ་གྱིས་ཚར་བཅད་ཀྱིས་གནས་སུ་འགྱུར་ཏེ། ཁས་བླངས་པའི་དོན་ལ་སྤོབས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི་མ་བརྗོད་པ་ཙམ་གྱིས་དེར་མི་འགྱུར་ཏེ། རྒོལ་བ་གཉིས་རྩོད་གཞི་ལ་རྩོད་པའི་དབང་དུ་བྱས་པའི་ངག་མ་འདྲེས་པས་རྒྱལ་ཕམ་གྱིས་རྣམ་གཞག་རྩི་རྒྱུ་མེད་པའི་ཕྱིར། དེ་ལྟར་ན་ཕྱི་མ་འདིས་ནི། དམ་བཅའ་ལྟར་སྣང་གི་སྒྲུབ་བྱེད་དྲིས་ནས་བཀོད་པའི་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་མི་བརྗོད་ན། དེའི་ཚེ་ཚར་བཅད་ཀྱི་གནས་སུ་འགྱུར་རོ། །རྩོད་པའི་རིགས་པར། ཕྱིར་རྒོལ་ཚར་བཅད་པའི་གནས་གཉིས་པ་འདི་ལ་དགོངས་ནས་གསུངས་པས་དམ་བཅའ་ལ་སྐྱོན་མི་བརྗོད་པ་ཚར་བཅད་ཀྱི་གནས་སུ་མ་གསུངས་སོ། །ཡང་ཕལ་ཆེ་བ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། ཚར་བཅད་ཀྱི་གནས་ཀྱི་ངོས་འཛིན་ཇི་སྐད་དུ་བཤད་པ་དེ་དག་རིགས་པ་མ་ཡིན་ཏེ། འདི་ལྟར་སྔར་རྒོལ་གྱི་སྒྲུབ་བྱེད་མི་བརྗོད་པའི་ཚར་བཅད་ཀྱི་གནས་ནི། དམ་བཅའ་ཡང་དག་ལ་སྒྲུབ་བྱེད་ཅི་ཡང་མི་སྨྲ་བར་འདུག་པའོ། །སྒྲུབ་བྱེད་མ་ཡིན་པ་བརྗོད་པ་ནི་གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་བརྗོད་པའོ། །ཕྱིར་རྒོལ་ཚར་བཅད་པའི་གནས་སྐྱོན་མི་བརྗོད་པ་ནི་དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ་སྐྱོན་མི་བརྗོད་པའོ། །སྐྱོན་མ་ཡིན་པ་བརྗོད་པ་ནི། དམ་བཅའ་དང་སྒྲུབ་བྱེད་ཡང་དག་ལ་སྐྱོན་བརྗོད་པའོ་ཞེས་ཟེར་རོ། དེ་ཡང་རྟོག་གེ་ལ་བློ་ཁ་མ་ཕྱོགས་པ་རྣམས་ཀྱི་ངོར་དེ་སྐད་སྨྲས་ན་བདེན་བདེན་ལྟ་བུར་འགྱུར་གྱི་གཞན་ལ་ནི་མ་ཡིན་ཏེ། རིགས་པ་མཁྱེན་པའི་གཞུང་མ་ཀླགས་པར་ཕོ་ཚོད་ཀྱིས་སྨྲས་པ་ཙམ་དུ་ཟད་པའི་ཕྱིར། དེ་ཡང་འདི་ལྟར། ཕྱིར་རྒོལ་གྱིས་དམ་བཅའི་སྒྲུབ་བྱེད་དྲིས་ནས་མི་སྨྲ་ན་སྔར་རྒོལ་ཚར་བཅད་པའི་གནས་ཡིན་ཀྱང༌། མ་དྲིས་པ་མི་སྨྲ་བ་ནི་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་དང༌། སྒྲུབ་པའི་ཡན་ལག་མི་བརྗོད་པ་ཞེས་པའང་རྩོད་རིགས་སུ་ཚུལ་གསུམ་མི་སྒྲུབ་པ་ལ་བཤད་ཀྱི། དམ་བཅའ་མི་སྒྲུབ་པ་ལ་མ་བཤད་པའི་ཕྱིར། དེ་ཡང་སྒྲུབ་པ་ནི་སྒྲུབ་བྱེད་དང་དེའི་ཡན་ལག་ནི་ཚུལ་གསུམ་དང༌། དེ་བརྗོད་པ་དང་མི་བརྗོད་པ་ནི་ཚུལ་གསུམ་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་སྟོན་མི་སྟོན་ལ་བཤད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྒྲུབ་པ་ནི་འདོད་པའི་དོན་སྒྲུབ་པའོ། །དེ་སྒྲུབ་པར་བྱེད་པ་ནི་ཡན་ལག་གོ །དེ་བརྗོད་པ་ནི་སྒྲུབ་པའི་ཡན་ལག་བརྗོད་པའོ། །དེ་མི་བརྗོད་པ་ནི་རྒོལ་བ་ཚར་བཅད་པའི་གནས་སོ་ཞེས་གསུངས་སོ། །ཚར་བཅད་ཀྱི་གནས་གཉིས་པའི་ངོས་འཛིན་ཡང་དེ་ཁོ་ནར་ངེས་པ་མིན་ཏེ། ཚུལ་གསུམ་བརྗོད་ཀྱང་ངག་ལྷག་པ་དམ་བཅའ་དང་ཉེར་སྦྱོར་ལ་སོགས་པ་བརྗོད་པ་དང༌། སྒྲུབ་པའི་ངག་ཡང་དག་ཡིན་ཀྱང་ལན་གཉིས་བརྗོད་པ་དང༌། སྒྲུབ་བྱེད་ཡང་དག་འཇོག་པའི་ཞར་ལ་སྐབས་སུ་མ་བབ་པའི་དོན་གཞན་ཞར་བྱུང་གི་ཚུལ་གྱིས་བརྗོད་པ་དེ་ཡང་ཚར་བཅད་ཀྱི་གནས་གཉིས་པར་གསུངས་པའི་ཕྱིར་རོ། །ཚར་བཅད་ཀྱི་གནས་གསུམ་པའི་ངོས་འཛིན་དེ་ཡང་རིགས་པ་མ་ཡིན་ཏེ། རྩོད་པའི་རིགས་པར། སྒྲུབ་བྱེད་ལ་སྐྱོན་མི་བརྗོད་པ་ཕྱིར་རྒོལ་ཚར་བཅད་པའི་གནས་སུ་གསུངས་ཀྱི། དམ་བཅའ་ལ་མི་བརྗོད་པ་དེར་མ་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། རྒོལ་བས་སྒྲུབ་པར་བྱེད་པ་རབ་ཏུ་སྦྱོར་བ་ལ། ཕྱོགས་ཕྱི་མས་ཁས་བླངས་པའི་ཡུལ་གང་ལ་གང་གི་ཚེ་ཕྱིར་རྒོལ་བ་སྐྱོན་མི་བརྗོད་པ་དེའི་ཚེ་ཕམ་པར་བརྗོད་པར་བྱའོ། །སྒྲུབ་པར་བྱེད་པའི་སྐྱོན་ཡང་མ་ཚང་བ་ཉིད་དང༌། མ་གྲུབ་པ་དང༌། མ་ངེས་པ་ཉིད་དང༌། བཟློག་པའི་དོན་སྒྲུབ་པར་བྱེད་པ་དང༌། དཔེའི་སྐྱོན་དེ་དག་མི་བརྗོད་པ་སྟེ། ཕྱིར་རྒོལ་བ་ནི་ཕམ་པའི་རྟེན་ཡིན་ནོ། །དེ་ཡང་སྒྲུབ་པར་བྱེད་པ་ལ་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པས་སོ། །ཚར་བཅད་ཀྱི་གནས་བཞི་པའི་ངོས་འཛིན་ཡང་དེ་ལྟར་ངེས་པ་མ་ཡིན་ཏེ། རྩོད་པའི་རིགས་པར། དམ་བཅའ་སྐྱོན་མེད་ལ་སྐྱོན་བརྗོད་པ་སྐྱོན་མིན་པའི་དཔེར་བརྗོད་དུ་གསུངས་པ་ཟུར་ཙམ་ཡང་མེད་པའི་ཕྱིར་དང༌། སྔར་རྒོལ་གྱིས་བརྗོད་པའི་སྒྲུབ་བྱེད་སྐྱོན་མེད་ལ་ཕྱིར་རྒོལ་གྱི་སྐྱོན་བརྗོད་པ་དེ་སྐྱོན་མིན་བརྗོད་པའི་དཔེར་བརྗོད་དུ་གསུངས་པའི་ཕྱིར་རོ། །སྐྱོན་མེད་ཀྱི་དོན་ཡང་སྔར་རྒོལ་གྱིས་ཚེར་མ་འབྱིན་ནུས་པ་ལ་བྱ་བ་ཡིན་གྱི། སྒྲུབ་བྱེད་ཡང་དག་དུ་སོང་བ་ལ་མི་བྱ་སྟེ། དེའི་དུས་སུ་སྐྱོན་བརྗོད་པ་མི་སྲིད་པའི་ཕྱིར་དང༌། ཕྱིར་རྒོལ་དེས་སྒྲུབ་བྱེད་ལ་སྐྱོན་བརྗོད་ན་དེའི་ངོར་སྒྲུབ་བྱེད་ཡང་དག་ཏུ་སོང་བ་འགལ་བའི་ཕྱིར་རོ། །གཉིས་པ་ཚར་བཅད་པའི་དུས་ལ། སྔར་རྒོལ་ཚར་བཅད་པའི་དུས། ཕྱིར་རྒོལ་ཚར་བཅད་པའི་དུས། གཉིས་ཀ་ཚར་བཅད་པའི་དུས་སོ། །དང་པོ་ནི། ཕྱིར་རྒོལ་གྱིས་སྔར་རྒོལ་ཕམ་པར་བྱས་པའི་དུས་དེའོ། །གཉིས་པ་ནི། དེས་ཕྱིར་རྒོལ་ཕམ་པར་བྱས་པའི་དུས་ནའོ། །གསུམ་པ་ནི། དཔང་པོས་དེ་གཉིས་ཕམ་པར་བྱས་པའི་དུས་ནའོ། །འོ་ན་ཕམ་པའི་དུས་གང་ཞེ་ན། དེས་དེའི་སྐྱོན་བསྟན་པ་ནའོ། །དེའི་རྒྱུ་མཚན་ཡང་དེའི་ཚེ་ན་སྐྱོན་ཅན་དེ་དང་དེའི་སྤོབས་པ་བཅོམ་པའི་ཕྱིར་རོ། །དེས་ན་ཚར་བཅད་ཀྱི་གནས་ཡིན་ན། ཚར་བཅད་པའི་དུས་ལ་བབ་པས་མ་ཁྱབ་སྟེ། རྒོལ་བ་སྐྱོན་ཅན་ཡིན་ཀྱང་སྐྱོན་མ་བསྟན་ན་ཕམ་པར་མི་འཇོག་པའི་ཕྱིར་ཏེ། ཇི་སྐད་དུ། རྩོད་རིགས་ལས། རྒོལ་བས་སྒྲུབ་པར་བྱེད་པ་སྐྱོན་ཅན་བརྗོད་པ་ན་ཡང་ཕྱིར་རྒོལ་བས་སྐྱོན་མ་བསྟན་ན་ཕམ་པའི་རྣམ་པར་གཞག་པ་རིགས་པ་མ་ཡིན་ཏེ། དེ་དག་ཉིད་ཀྱིས་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་ལྟོས་ནས་རྒྱལ་བ་དང་ཕམ་པར་རྣམ་པར་འཇོག་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའོ། །འོ་ན་འདིར་ཚར་གཅོད་པ་པོ་ནི་གང༌། ཚར་བཅད་པ་ནི་གང༌། ཚར་བཅད་པའི་གནས་སུ་སུ་ཞིག་གིས་བཞག་ཅེ་ན། ཕྱིར་རྒོལ་ཚར་གཅོད་པ་པོ་ནི་སྔར་རྒོལ་དང་དཔང་པོའོ། །སྔར་རྒོལ་ནི་ཕྱིར་རྒོལ་དང་དཔང་པོའོ། །རྒོལ་ཕྱིར་རྒོལ་གཉིས་ཀ་ནི་དཔང་པོས་ཚར་གཅོད་པ་སྲིད་དོ། །གཉིས་པ་བཅད་པ་ནི། གང་ཕམ་པ་དེ་ཉིད་དོ། །གནས་སུ་ནི་དཔང་པོས་བཞག་དགོས་པ་ཡིན་ཏེ། གཞན་དུ་ན་དཔང་པོ་མི་དགོས་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་ཚར་བཅད་ཀྱི་གནས་སམ་རྟེན་ཡིན་ཀྱང༌། ཚར་བཅད་ཀྱི་གནས་སུ་བཞག་པས་མ་ཁྱབ་པ་ཡིན་ནོ། །གསུམ་པ་ཚར་བཅད་རང་གི་ངོ་བོ་ལ། སྔར་རྒོལ་ཚར་བཅད་པའི་དང༌། ཕྱིར་རྒོལ་ཚར་བཅད་པའི་དང༌། གཉིས་ཀའི་ཚར་བཅད་པའི་ངོ་བོའོ། །དང་པོ་ནི། སྔར་རྒོལ་གྱིས་དམ་བཅའ་དོར་བའོ། །གཉིས་པ་ནི། ཕྱིར་རྒོལ་ལོག་རྟོག་ཅན་སྔར་རྒོལ་གྱི་དམ་བཅའ་ལ་ཞུགས་པའོ། །གསུམ་པ་ནི། གཉིས་ཀ་མི་མཁས་པའི་གྲངས་སུ་བཞག་པའོ། །སྔར་བཤད་པ་དེ་དག་གི་ཤུགས་ལ་དོན་འདི་ཡང་འབྱུང་བར་འགྱུར་ཏེ། རྗེས་སུ་འཛིན་པའི་གནས། རྗེས་སུ་འཛིན་པའི་དུས། རྗེས་འཛིན་རང་གི་ངོ་བོའོ། །དང་པོ་ལ། སྔར་རྒོལ་དང༌། ཕྱིར་རྒོལ་དང༌། གཉིས་ཀའོ། །དང་པོ་ནི། དམ་བཅའ་ལ་སྒྲུབ་བྱེད་ཡང་དག་འགོད་པར་ཁས་བླངས་ནས། ཕྱིར་རྒོལ་གྱིས་དྲིས་པའི་ཚེ། སྒྲུབ་བྱེད་ཡང་དག་འགོད་ཅིང༌། དེ་མ་ཡིན་པ་མི་འགོད་པའོ། །གཉིས་པ་ནི། དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་ཡང་དག་བརྗོད་ཅིང༌། དེ་མིན་པ་མི་བརྗོད་པའོ། །གསུམ་པ་ནི། ཕྱིར་རྒོལ་ཤེས་འདོད་ཅན་སྔར་རྒོལ་མཁས་པའི་རྗེས་སུ་འབྲངས་པ་དེའི་ཚེ་ན་དེ་གཉིས་ཀའོ། །གཉིས་པ་རྗེས་སུ་འཛིན་པའི་དུས་ལ། སྔར་རྒོལ་ནི་ཕྱིར་རྒོལ་ལས་རྒྱལ་བ་དེའི་ཚེ་ནའོ། །ཕྱིར་རྒོལ་ནི་སྔར་རྒོལ་ལས་རྒྱལ་བར་གྱུར་པ་དེའི་ཚེ་ནའོ། །གཉིས་ཀ་རྗེས་སུ་འཛིན་པའི་དུས་ནི། གཉིས་ཀ་རིགས་པའི་གཞུང་གི་རྗེས་སུ་ཞུགས་པ་དེའི་ཚེའོ། །འདི་ལ་གང་རུང་ཅིག་རྒྱལ་བ་ཡོད་ཀྱང་ཅིག་ཤོས་ཕམ་པར་མི་འཇོག་གོ །འདིར་གང་རྒྱལ་བ་ནི། རྗེས་སུ་འཛིན་པའི་གནས་ཡིན་ལ། དེ་ཡིན་པ་ལ་དེར་བཞག་པས་མ་ཁྱབ་སྟེ། དཔང་པོས་དེར་བཞག་དགོས་པའི་ཕྱིར་རོ། །གསུམ་པ་རྗེས་འཛིན་རང་གི་ངོ་བོ་ནི། དཔང་པོས་སྔར་རྒོལ་རྗེས་སུ་འཛིན་པའི་ཚེ། དམ་བཅའ་ལ་སྒྲུབ་བྱེད་ཡང་དག་ཁོད་པའི་གནས་སུ་བཞག་པའི་སྒོ་ནས། མཁས་པ་དང་བདེན་པར་སྒྲོག་ཅིང་གོ་འཕངས་མཆོག་སྦྱིན་པ་ལ་སོགས་པའོ། །ཕྱིར་རྒོལ་རྗེས་སུ་འཛིན་པ་ནི་དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་ཡང་དག་འཕེན་ཐུབ་པར་བཞག་པའི་སྒོ་ནས། མཁས་པ་དང་བདེན་པར་སྒྲོག་ཅིང་གོ་འཕངས་མཆོག་སྦྱིན་པ་ལ་སོགས་པའོ། །གཉིས་ཀ་རྗེས་སུ་འཛིན་པའི་ངོ་བོ་ནི། རྒོལ་ཕྱིར་རྒོལ་གང་རུང་ཅིག་མཁས་པ་དང་བདེན་པར་སྒྲོག་ཅིང་ཅིག་ཤོས་དམ་པ་རིགས་པའི་རྗེས་སུ་འབྲང་བ་ཡིན་ནོ་ཞེས་རིགས་པའི་གཞུང་ལུགས་ཤེས་པ་དང་སྐྱེས་བུ་དམ་པའི་གྲངས་སུ་འཇོག་པ་ཡིན་ནོ། །གཉིས་པ་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་ལ། རྗེས་དཔག་སྐྱེད་པ་ལ་ཉེ་བར་མཁོ་བ་སྒྲུབ་པའི་ངག་ཆ་ལག་དང་བཅས་པ་དང༌། ལོག་རྟོག་བཟློག་པ་ལ་ཉེ་བར་མཁོ་བ་སུན་འབྱིན་པའི་ངག་ཆ་ལག་དང་བཅས་པའོ། །དང་པོ་ལ་སྔར་རྒོལ་གྱི་ངག་གཙོ་ཆེ་བས། དམ་བཅའ་འཇོག་པའི་ངག སྒྲུབ་བྱེད་འགོད་པའི་ངག་གོ །དང་པོ་ལ་དམ་བཅའ་ཡང་དག་འཇོག་པའི་ངག་དང༌། ལྟར་སྣང་འཇོག་པའི་ངག་གོ །དམ་བཅའ་ཡང་དག་བཞག་པའི་ཚེ། ཕྱིར་རྒོལ་གྱིས་སྒྲུབ་བྱེད་འདྲི་བས། གཉིས་པ་སྒྲུབ་བྱེད་འགོད་པའི་ངག་ལ་གཉིས་ཏེ། ཡང་དག་འགོད་པ་དང༌། ལྟར་སྣང་འགོད་པའོ། །དང་པོ་ལ་རྩ་བའི་རྟགས་འགོད་པའི་ངག་དང༌། ཚུལ་གསུམ་བསྒྲུབ་པའི་ངག་དང༌། གྲུབ་ཟིན་དྲན་ལམ་དུ་འཕེན་པ་སྒྲུབ་པའི་ངག་རྣམས་སོ། །དེ་རེ་རེ་ལ་ཡང་འབྲས་རང་མ་དམིགས་པའི་རྟགས་ཀྱི་དབྱེ་བས་གསུམ་གསུམ་མོ། །གཉིས་པ་སྒྲུབ་བྱེད་ལྟར་སྣང་འགོད་པ་ལ། འགལ་མ་ངེས་མ་གྲུབ་པའི་དབྱེ་བས་གསུམ་ཁོ་ནའོ། །སྐབས་དེར་ཕྱིར་རྒོལ་གྱི་ངག་འཇུག་ཚུལ་ནི། དང་པོར་དམ་བཅའ་འདྲི། དེ་ནས་དེའི་སྒྲུབ་བྱེད་འདྲི་བ་ཡིན་གྱི། དིང་སང་གྲགས་པ་ལྟར་རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་གྲུབ་པ་ལ་སོགས་པའི་ལན་མི་འདེབས་སོ། །སྔར་རྒོལ་གྱིས་སྒྲུབ་བྱེད་ལྟར་སྣང་བཀོད་ན་མ་གྲུབ་པའི་རྟགས་ལ། གནོད་བྱེད་ཀྱི་ཐལ་འགྱུར་བརྗོད། འགལ་བའི་གཏན་ཚིགས་ལ་ཁྱབ་པ་འགལ་ལོ་ཞེས་བརྗོད། སྔར་རྒོལ་གྱིས་འགལ་བའི་རྒྱུ་མཚན་ཅི་ཡིན་ཟེར་འགལ་བའི་རང་རྒྱུད་ཀྱི་སྒྲུབ་བྱེད་འགོད། མ་ངེས་པའི་གཏན་ཚིགས་ལ། དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ན། དངོས་སྐྱོན་བརྗོད་པའི་ཐལ་འགྱུར་འཕེན། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་ན། ཁྱབ་པ་མ་ངེས་པས་ཁྱབ་པ་སྒྲུབས་ཤིག ཅེས་བརྗོད། ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ལ། རྟགས་མཐུན་ཕྱོགས་ལ་ཡོད་པའི་སྒྲུབ་བྱེད་ཅི་ཡིན་ཞེས་ལན་འདེབས་པ་ཡིན་གྱི། དིང་སང་གྲགས་ཚོད་ལྟར་མ་གྲུབ་པའི་གཏན་ཚིགས་ལ་ཕྱིར་རྒོལ་གྱིས། རྟགས་མ་གྲུབ་ཀྱི་ལན་ཁོ་ན་བཏབ་ནས་རྟགས་གྲུབ་ན་སྐྱོན་འདི་ཡོད་ཅེས་མི་བརྗོད་པ་དང༌། མ་ངེས་པའི་གཏན་ཚིགས་ལ་ཁྱབ་པ་མ་ངེས་པའི་ལན་བཏབ་པའི་ཚེ། སྔར་རྒོལ་གྱིས་མཉན་བྱ་ཡིན་ན་མི་རྟག་པ་མ་ཡིན་པ་བུད་དོ་ཞེས་ཟེར་བ་དེ་ཙམ་གྱིས་ཆོག་པར་རློམ་པ་ན་རིགས་པའི་གཞུང་མ་ཡིན་ནོ། །ཕྱིར་རྒོལ་བས་སྒྲུབ་བྱེད་འདྲི་བའི་ཚུལ་ལ་ཡང་གཉིས་ཏེ། དམ་བཅའ་ལ་ཤེས་འདོད་ཞུགས་ནས་འདྲི་བ་དང༌། དེ་ལ་དེ་མ་ཞུགས་ཀྱང་སྒྲུབ་བྱེད་ལ་རྟགས་ནས་སུན་འབྱིན་པའི་ཕྱིར་དུ་འདྲི་བའོ། །སྔར་རྒོལ་གྱིས་སྒྲུབ་བྱེད་འགོད་པའི་ཚུལ་ལ་ཡང་གཉིས་ཏེ། དྲིས་པའི་ལན་དུ་འགོད་པ་དང༌། ཕྱིར་རྒོལ་གྱིས་མ་དྲིས་ཀྱང་སྔར་རྒོལ་རང་གིས་དོགས་པ་བསུ་ནས་འགོད་པའོ། །སྒྲུབ་པའི་ངག་འགོད་པའི་ཚེ་ཡང་ཕྱིར་རྒོལ་གྱི་བློའི་བྱེ་བྲག་གིས་ཕྱོགས་ཁྱབ་གཉིས་ཀ་བརྗོད་པ་དང༌། རྐྱང་པ་རེ་རེ་བརྗོད་པའོ། །ཡང་སྔར་རྒོལ་གྱི་དམ་བཅའ་དང་སྒྲུབ་བྱེད་སྐྱོན་མེད་ལ། ཕྱིར་རྒོལ་ཀྱི་སུན་འབྱིན་ལྟར་སྣང་བརྗོད་པའི་ཚེ། སྔར་རྒོལ་གྱིས་ཚེར་མ་འབྱིན་པའི་ངག་ལ་ཡང་གཉིས་ཏེ། རང་གི་དམ་བཅའ་དང་སྒྲུབ་བྱེད་ཀྱི་ཚེར་མ་འབྱིན་པ་དང༌། གཞན་གྱི་སུན་འབྱིན་ལྟར་སྣང་ལ་ཚེར་མ་འཇུག་པར་བྱེད་པའོ། །དང་པོ་ལ་དམ་བཅའ་ལ་དང༌། སྒྲུབ་བྱེད་ལ་ཚེར་མ་འབྱིན་པའོ། །དང་པོ་ལ། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ལྔའི་དབྱེ་བས་ལྔའོ། །གཉིས་པ་ལ། ཚུལ་གསུམ་གྱི་བསལ་བྱ་གསུམ་གྱིས་དབྱེ་བས་གསུམ་མོ། །གཞན་ལ་ཚེར་མ་འཇུག་པའི་ཚུལ་ལ་འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པ་དང༌། བསལ་བ་མེད་པའི་དབྱེ་བས་བཞིའོ། །གཉིས་པ་ལོག་རྟོག་སེལ་བའི་ཡན་ལག་ཕྱིར་རྒོལ་གྱི་སུན་འབྱིན་བརྗོད་པའི་ངག་ལ་གཉིས་ཏེ། ཕྱོགས་སྔ་མ་ལྟར་སྣང་ལ་སུན་འབྱིན་ཡང་དག་བརྗོད་པའི་ངག་དང༌། ཕྱོགས་སྔ་མ་ཡང་དག་ལ་སུན་འབྱིན་ལྟར་སྣང་བརྗོད་པའི་ངག་གོ །དང་པོ་ལ། སྒྲུབ་བྱེད་མི་འཕེན་པ་དང༌། འཕེན་པའི་དབྱེ་བས་གཉིས་སོ། །དང་པོ་ནི། རྩ་བའི་ཐལ་ངག་བཀོད་པ་དང༌། དེའི་རྗེས་སུ་དམ་བཅའ་ལ་ཚད་མའི་བསལ་པ་ཞུགས་ཚུལ་སྟོན་པའི་ངག་གཉིས་ཡོད་ལ། འདི་ལ་བསལ་བ་དང་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་ཟིན་པས་ཐལ་ངག་དངོས་ནི་མི་འཇུག་གོ །གལ་ཏེ་འཇུག་ན། སྒྲུབ་བྱེད་འཕེན་པའི་ངག་ཏུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ་རྩ་བའི་ཐལ་ངག ཐལ་ངག་དེའི་ཁྱབ་པ་སྒྲུབ་བྱེད་དུ་ཁྱབ་པ་མ་གྲུབ་པ་ལ་གནོད་བྱེད་ཀྱི་ཐལ་ངག དམ་བཅའ་ལ་ཚད་མའི་བསལ་པ་ཞུགས་ཚུལ་སྟོན་པའི་ཐལ་ངག་དང༌། དེའི་རྗེས་སུ་སྒྲུབ་བྱེད་འཕེན་པའི་ཐལ་ངག་དངོས་རྣམས་སོ། །འདིར་རྩ་བའི་ཐལ་འགྱུར་ལ། སྔར་རྒོལ་གྱིས་ལེན་མ་ཐེབས་པ་ན། ཁྱབ་པ་མ་གྲུབ་པ་དང༌། དམ་བཅའ་ལ་བསལ་པ་མེད་པར་ཁས་བླངས་ན་སྐྱོན་ཅི་ཡོད་ཅེས་འདྲི་བ་ཡིན་གྱི། དེང་སང་གྲགས་ཚོད་ལྟར་སྔར་རྒོལ་གྱིས་ཁྱབ་པ་མེད་ཅེས་དང༌། འདོད་ཅེས་ལན་འདེབས་པ་དང༌། ཕྱིར་རྒོལ་གྱིས་ཀྱང་ལན་ཐོབ་ཅེས་ཟེར་བ་མ་གཏོགས་སྒྲུབ་བྱེད་ཐལ་འགྱུར་གྱི་སྒོ་ནས་མི་སྟོན་པ་ནི་རིགས་པའི་གཞུང་མིན་ནོ། །སྒྲུབ་བྱེད་འཕེན་པའི་ཐལ་ངག་ལ་ཡང་གཉིས་ཏེ། རྟགས་ཁྱབ་གཉིས་ཀ་བརྗོད་པ་དང༌། གང་རུང་རེ་རེ་བརྗོད་པའོ། །དང་པོ་ལ་ཡང་ཆོས་མཐུན་པ་ཅན་དུ་བརྗོད་པ་དང༌། མི་མཐུན་པ་ཅན་དུ་བརྗོད་པའོ། །དེ་ལྟར་ན་སྔར་རྒོལ་མཁས་པ་ཡིན་ན། ཕྱིར་རྒོལ་གྱིས་སུན་འབྱིན་ཡང་དག་གི་འཁོར་གསུམ་གང་རུང་ལ་ལན་མི་འདེབས་ཀྱི། ཐལ་འགྱུར་དེའི་འཁོར་གསུམ་ཚང་བའི་རྒྱུ་མཚན་འདྲི་བ་ཡིན་ནོ། །དེ་ལྟར་དྲིས་པའི་ཚེ་ན་ཕྱིར་རྒོལ་དེ་ཡང་ཕྱོགས་གཉིས་ཀྱི་རྣམ་དབྱེ་ལ་མཁས་པ་ཞིག་ཡིན་ན། རང་རྒྱུད་ཀྱི་སྒྲུབ་བྱེད་འགོད་པ་མིན་གྱི། འཁོར་གསུམ་མ་ཚང་ན་སྐྱོན་འདི་ཡོད་དོ་ཞེས་སུན་འབྱིན་གྱི་སྒོ་ནས་སྒྲུབ་བྱེད་སྟོན་པའོ། །འཁོར་གསུམ་ཚང་བའི་དོན་ནི། རྟགས་དང་ཁྱབ་པ་ཁས་བླངས་སམ་ཚད་མའི་སྒོ་ནས་གྲུབ་པ་དང༌། དམ་བཅའ་ལ་མཁས་བླངས་སམ་ཚད་མའི་བསལ་པ་ཞུགས་པའོ། །གཉིས་པ་སུན་འབྱིན་ལྟར་སྣང་གི་ངག་ལ། སྒྲུབ་བྱེད་དྲིས་ནས་སྐྱོན་མི་བརྗོད་པའི་ངག་དང༌། སྐྱོན་མ་ཡིན་པ་བརྗོད་པའི་ངག་གོ །གཉིས་པ་ལ། ཕྱོགས་ཀྱི་སྐྱོན་མ་ཡིན་པ་བརྗོད་པ་དང༌། རྟགས་ཀྱི་སྐྱོན་མ་ཡིན་པ་བརྗོད་པའི་གཉིས་སོ། །དེ་རེ་རེ་ལ་ཡང་འགལ་བའི་ཐལ་འགྱུར་དང༌། མ་ངེས་པའི་དང༌། མ་གྲུབ་པའི་དང༌། བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་རྣམས་སོ། །དེ་དག་གི་སྐབས་སུ་སྔར་རྒོལ་གྱི་ངག་འཇུག་པའི་ཚུལ་ནི། ཁྱབ་པ་འགལ་བ་དང༌། མ་ངེས་པ་དང༌། རྟགས་མ་གྲུབ་པ་དང༌། འདོད་པའི་ལན་རྣམས་འཇུག་གོ །མདོར་ན། སྔར་རྒོལ་གྱི་ངག་ནི་དམ་བཅའ་འཇོག་པ་དང༌། སྒྲུབ་བྱེད་འགོད་པ་དང༌། སུན་འབྱིན་ལྟར་སྣང་ལ་ལན་འདེབས་པ་དང༌། སུན་འབྱིན་ཡང་དག་གི་འཁོར་གསུམ་ཚང་བའི་སྒྲུབ་བྱེད་འདྲི་བ་རྣམས་སོ། །ཕྱིར་རྒོལ་གྱི་ངག་ནི་དམ་བཅའ་འདྲི་བ་དང༌། དམ་བཅའ་ལྟར་སྣང་ལ་སུན་འབྱིན་བརྗོད་པ་དང༌། དམ་བཅའ་ཡང་དག་གི་སྒྲུབ་བྱེད་འདྲི་བ་དང༌། སྒྲུབ་བྱེད་དེའི་ཡང་ཚུལ་གསུམ་གྱི་སྒྲུབ་བྱེད་འདྲི་བ་དང༌། དྲིས་པའི་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་བརྗོད་པ་དང༌། སྒྲུབ་བྱེད་ཡང་དག་གི་རྗེས་སུ་འགྲོ་བའི་ངག་རྣམས་སོ། །སྒྲུབ་པ་དང་ནི་སུན་འབྱིན་དག །རྣམ་དབྱེར་འདོད་པ་རྒོལ་བ་དང༌། །ཕྱིར་རྒོལ་དང་ནི་དཔང་པོ་ཡི། །རྣམ་པར་བཞག་འདི་མཉན་པར་གྱིས། །ཞེས་སྨྲས་པ་ཡིན་ནོ། །གསུམ་པ་ཐལ་འགྱུར་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ། རྣམ་གཞག་རྒྱས་པར་གཏན་ལ་དབབ་པའོ། །དང་པོ་ལ། ཐལ་འགྱུར་ཙམ་གྱི་མཚན་ཉིད་དང༌། ཡང་དག་སོ་སོའི་མཚན་ཉིད་དོ། །དང་པོ་ནི། གཞན་གྱི་དམ་བཅའ་དང༌། སྒྲུབ་བྱེད་གང་རུང་སུན་འབྱིན་པའི་ངག་ཏུ་བརྗོད་པ་གང་ཞིག་རང་རྒྱུད་དུ་བཀོད་པ་མིན་པའོ། །འདི་ལ་གཉིས་ཏེ། གཞན་གྱིས་དངོས་སུ་ཁས་བླངས་པའི་དམ་བཅའ་སོགས་སུན་འབྱིན་པ་དང༌། དངོས་སུ་ཁས་མ་བླངས་ཀྱང་དོགས་པ་བསུ་ནས་སུན་འབྱིན་པའོ། །གཞན་དག་ཐལ་ངག་ཏུ་བཀོད་པ་དེའི་མཚན་ཉིད་དུ་འདོད་པ་མི་རིགས་ཏེ། གཞན་གྱིས་ཁས་བླངས་པའི་གཏན་ཚིགས་རྐྱང་པ་བརྗོད་པའི་ཐལ་འགྱུར་ཡང་དག་དང༌། ཁྱབ་པ་རྐྱང་པ་བརྗོད་པའི་ཐལ་འགྱུར་ཡང་དག་ཀྱང་མི་སྲིད་པར་ཐལ་བའི་ཕྱིར་དང༌། སྒྲུབ་པའི་ཐལ་འགྱུར་ཡང་དག་གི་བརྗོད་ཚུལ་ལ་ཐལ་བའི་ངག་དངོས་སུ་བརྗོད་པ་མེད་པའི་ཕྱིར། གཉིས་པ་ལ། ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་འཕེན་པའི་དང༌། དེ་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་དོ། །དང་པོ་ནི། རྒོལ་པ་གཞན་གྱི་དམ་བཅའ་དང་དེའི་སྒྲུབ་བྱེད་གང་རུང་སུན་འབྱིན་པར་ནུས་པའི་ངག་རྣམ་དག་གང་ཞིག རང་རྒྱུད་ཀྱི་ངག་ཏུ་བཀོད་པ་མ་ཡིན་པའོ། །གཞན་དག རང་གང་ལ་འཕངས་པའི་རྒོལ་བ་ཕ་རོལ་པོས་ལན་དོན་མཐུན་གྱིས་བཟློག་པར་མི་ནུས་པའི་ཐལ་ངག་གོ་ཞེས་ཟེར་བ་མི་འཐད་དེ། རིགས་པ་མི་འཐད་པ་དང༌། ཁས་བླངས་ནང་འགལ་བའི་ཕྱིར། དང་པོ་ནི། བྱས་མི་རྟག་གི་འབྲེལ་པ་དང༌། སྒྲ་བྱས་པ་ཡིན་པར་ཚད་མས་མི་ཤེས་ལ། ཁས་ཀྱང་མི་ལེན་ཅིང༌། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་ལ། ཕྱིར་རྒོལ་པ་མཁས་པས་སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། རྒོལ་བ་དེས་དེ་ལ་ལན་གང་བཏབ་ཀྱང་ཐལ་འགྱུར་དེ་བཟློག་ནུས་པ་མི་སྲིད་པའི་ཕྱིར། ཅི་སྟེ། ཁྱབ་པ་མ་ངེས་པའི་ལན་ཐེབས་སོ་ཞེ་ན། དེ་ཐབས་མོད། ལན་དེས་ཐལ་འགྱུར་དེ་བཟློག་པར་ནུས་པ་མ་ཡིན་ཏེ། དེས་ཁྱབ་པ་མ་ངེས་པའི་ལན་བཏབ་པའི་འོག་ཏུ། ཁྱབ་པ་སྒྲུབ་བྱེད་ཀྱི་ཐལ་འགྱུར་ཡང་དག་འཇུག་པའི་ཕྱིར། གཞན་དུ་ན་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་ཡང་དག་མི་སྲིད་པར་ཐལ་བའི་ཕྱིར་དང༌། ཁྱེད་རང་ལྟར་ན། ཕྱིར་རྒོལ་གྱིས་བྱས་ན་མི་རྟག་པ་མིན་པ་བུད་དོ་ཞེས་ཕུད་པས། སྔར་རྒོལ་ལ་ཟེར་རྒྱུ་མེད་པའི་ཕྱིར། སྔར་རྒོལ་གྱིས་བཟློག་པར་ནུས་པ་མིན་ནོ། །རྩ་བར་འདོད་ནུས་པ་མ་ཡིན་ཏེ། དེ་ལྟ་ན་དེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་འདོད་དགོས་ལ། དེ་ཡང་མ་ཡིན་ཏེ། བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར་དང༌། ཐལ་འགྱུར་དེའི་ཁྱབ་པ་གང་ལ་འཕངས་པའི་རྒོལ་བ་དེས་ཁས་ཀྱང་མི་ལེན། ཚད་མས་ཀྱང་མི་ཤེས་པའི་ཕྱིར་རོ། །གཉིས་པ་ཁས་བླངས་པ་དང་འགལ་བ་ནི། འདི་ལྟར། ཕྱིར་རྒོལ་གྱིས་སྒྲ་མི་རྟག་པའི་སྒྲུབ་བྱེད་དྲིས་པ་ན། སྔར་རྒོལ་གྱིས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར་ཞེས་བཀོད་པའི་ངག་དེ་ཡང་ཆོས་ཅན། དེར་ཐལ། རྟགས་གྲུབ་པའི་རྒྱུ་མཚན་ནི། རྟགས་ཡང་དག་གིས་རྩ་བའི་སྦྱོར་བ་ཡིན་པའི་ཕྱིར་དང༌། རྟགས་དང་ཁྱབ་པ་ལ་ནི་ལན་དོན་མཐུན་མི་ཐེབས་ལ་འདོད་པ་དེའི་ཚེ་ན་ནི། སྔར་རྒོལ་གྱི་འདོད་པ་གྲུབ་པ་ཡིན་པས། སྔར་རྒོལ་རྒྱལ་བའི་ཕྱིར། བཟློག་པར་ནུས་པའི་དོན་མེད་དོ། །ཡང་གང་དག་ཚད་མ་རིགས་པའི་གཏེར་གྱི་དགོངས་པ་ལ་ཐལ་འགྱུར་ཡང་དག་དང་སུན་འབྱིན་ཡང་དག་དོན་གཅིག་ཏུ་འདོད་པ་ནི་ཆེས་ཤིན་ཏུ་རིགས་པ་མ་ཡིན་ཏེ། འགྲེལ་པར་སུན་འབྱིན་ཡང་དག་གི་དབྱེ་བ་འཆད་པ་ན་ཐལ་འགྱུར་དུ་བརྗོད་པ་དང༌། རྣལ་མར་བརྗོད་པ་གཉིས་བཤད་ཅིང༌། རྣལ་མའི་དོན་ཡང་རུང་རྒྱུད་ལ་འཆད་དགོས་པའི་ཕྱིར་དང༌། སུན་འབྱིན་ཡང་དག་དང༌། ཐལ་འགྱུར་ཡང་དག་གཉིས་མཚན་ཉིད་ཐ་དད་དུ་གསུངས་པའི་ཕྱིར་དང༌། གཉིས་པོའི་ཁྱད་པར་ཡང༌། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བ་སུན་འབྱིན་ཡང་དག་གི་མཚན་ཉིད་དུ་གསུངས་ལ། ཐལ་འགྱུར་ཡང་དག་གི་མཚན་ཉིད་དུ་ཁས་བླངས་ཀྱང་རྟགས་ལས། མི་འདོད་པའི་བསྒྲུབ་བྱ་འཕེན་པ་ཞེས་གསུངས་ལ། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། འོ་ན་སུན་འབྱིན་བརྗོད་པ་དེ་ཇི་ལྟ་བུ་ཞེ་ན། སྔར་རྒོལ་གྱིས་སྒྲ་རྟག་པར་དམ་བཅས་པ་ལ། ཕྱིར་རྒོལ་གྱིས་སྒྲ་ཆོས་ཅན་རྟག་པ་མ་ཡིན་ཏེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་སུན་འབྱིན་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། སུན་འབྱིན་ཡང་དག་ཡིན་པར་ཐལ། སྐྱོན་ལ་སྐྱོན་དུ་བརྗོད་པས་སྐྱོན་ཅན་གོ་བའི་ངག་ཡིན་པའི་ཕྱིར། དེས་དེར་མི་གོ་ན་མ་བྱས་པར་ཐལ་བས་ཀྱང་མི་གོ་བར་མཚུངས་སོ། །འོ་ན་སྒྲུབ་པ་དང་སུན་འབྱིན་པའི་རྣམ་དབྱེ་འཆོལ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། གཞན་གྱིས་ཁས་བླངས་པའི་གྲུབ་མཐའ་སུན་འབྱིན་པའི་བསམ་པས། དེ་ལ་གནོད་བྱེད་དུ་བརྗོད་པའི་ངག་ཡིན་ན་སུན་འབྱིན་ཡིན་དགོས་ལ། རང་གི་དམ་བཅའ་སྒྲུབ་པའི་བསམ་པ་ཁོ་ནས་སྒྲུབ་བྱེད་དུ་བཀོད་པའི་ངག་ཡིན་ན་ནི། སྒྲུབ་པའི་ཕྱོགས་སུ་རྟོགས་དགོས་པའི་ཕྱིར། བཤད་མ་ཐག་པའི་ངག་དེ་ཡང་གཉིས་ཀྱི་ནང་ནས་སྒྲུབ་པར་འདོད་ན། སྒྲུབ་པ་ཡང་དག་ཏུ་འདོད་དགོས་ལ། དེ་ཡང་རིགས་པ་མ་ཡིན་ཏེ། ངག་གི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པའི་ཕྱིར་དང༌། རྩ་བའི་གཏན་ཚིགས་འགོད་པའི་ངག་ཀྱང་མ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ། རྩ་བའི་གཏན་ཚིགས་ནི་རྒོལ་བ་རྩོད་གཞིའི་སྟེང་དུ། བསྒྲུབ་བྱའི་ཆོས་ལ་ཤེས་འདོད་ཞུགས་པ་ཤིག་ལ་བརྗོད་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་གསུངས་པ་ལྟར་རོ། །ཡང་ཁ་ཅིག རིགས་པའི་གཏེར་གྱི་དགོངས་པར་བསམས་ནས། རྟགས་དང་ཁྱབ་པ་ཁས་བླངས་སམ། ཚད་མ་གང་རུང་གིས་གྲུབ་ཅིང༌། དམ་བཅའ་ལ་བསལ་པ་ཞུགས་པའི་ཐལ་ངག་ཅེས་ཟེར་བ་ཡང༌། དེའི་དགོངས་པ་མ་ཡིན་ཏེ། དེ་ལྟ་ན། སྒྲ་ཆོས་ཅན་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་འདི་ཡང༌། ཐལ་འགྱུར་ཡང་དག་ཏུ་སོང་བའི་སྐབས་ཅིག་སྲིད་པར་འགྱུར་ལ། དེ་ཡང་རིགས་པ་མིན་ཏེ། ཐལ་འགྱུར་ཡང་དག་ལ། འབྲས་རང་མ་དམིགས་པའི་ཐལ་འགྱུར་ཡང་དག་གསུམ་པོ་གང་རུང་གིས་ཁྱབ་པ་བསྟན་བཅོས་དེའི་དགོངས་པ་ལ་ཡོད་ལ། ཐལ་འགྱུར་དེ་འདྲ་དེ་དེ་གསུམ་གང་རུང་དུ་མི་འདུ་བའི་ཕྱིར། གཞལ་བྱ་དེ་དོན་གང་ཡང་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་བ་མི་སྲིད་པའི་ཕྱིར། གཞན་ཡང་དེ་འདྲ་དེ་དེ་ཡིན་ན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་དགོས་ལ་དེ་ཡང་རིགས་པ་མ་ཡིན་ཏེ། དེའི་དབྱེ་བ་འཆད་པའི་སྐབས་སུ། མ་དམིགས་པའི་ཐལ་འགྱུར་ཡང་དག་ཁོ་ནའི་དབང་དུ་བྱས་ནས་གསུངས་པའི་ཕྱིར། མདོར་ན་རིགས་གཏེར་རྩ་འགྲེལ་ནས་གསུངས་པའི་ཐལ་འགྱུར་ཡང་དག་ཐམས་ཅད། སྒྲུབ་བྱེད་འཕེན་མི་འཕེན་གཉིས་སུ་འདུ། དེ་ནས་བཤད་པའི་ཡང་དག་གི་ཐལ་འགྱུར་གཉིས་པོ་དེ་གང་རུང་ཡིན་ན། ཁྱབ་པ་ཚད་མས་གྲུབ་དགོས་པའི་ཕྱིར། དེ་ལ་དེ་ཚད་མས་མ་གྲུབ་པ་ཞིག་སྟོན་རྒྱུ་ཡོད་ན་བློ་དང་ལྡན་པས་སྟོན་པར་བྱོས་ཤིག ཡང་སྔར་གྱི་ལན་དོན་མཐུན་གྱིས་ཞེས་སོགས་དེའི་མཚན་ཉིད་ཡིན་པ་རིགས་པའི་གཏེར་གྱི་དགོངས་པར་འདོད་པ་ལ་ཡང་ཉེས་པ་དེ་ཉིད་སོ་ན་འདུག་གོ །ཡང་སུན་འབྱིན་ཡང་དག་དང༌། ཐལ་འགྱུར་ཡང་དག་དོན་གཅིག་པ་གཞུང་དེའི་དགོངས་པར་འདོད་པས་ནི། གཞུང་དེར་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་འཆད་པའི་སྐབས་སུ་དགོས་པའི་སྒོ་ནས་སྒྲུབ་པ་དང༌། སུན་འབྱིན་པའི་ངག་གཉིས་སུ་ཕྱེ་བ་དང༌། བརྗོད་ཚུལ་གྱི་སྒོ་ནས་རང་རྒྱུད་དང༌། ཐལ་འགྱུར་གཉིས་སུ་ཕྱེ་བའི་དགོངས་པ་མ་ཤེས་པ་ཡིན་ནོ། །དེའི་ཕྱིར་སྒྲུབ་པ་ལ་ཡང༌། རང་རྒྱུད་དང་ཐལ་འགྱུར་གཉིས་ཡོད་ལ། སུན་འབྱིན་པ་ཡང་དེ་གཉིས་ཀ་ཡོད་ཅིང༌། རང་རྒྱུད་ལ་ཡང་སྒྲུབ་པ་དང་སུན་འབྱིན་པ་གཉིས་ཡོད། ཐལ་འགྱུར་ལ་ཡང་སྒྲུབ་པ་དང་སུན་འབྱིན་གཉིས་ཀ་ཡོད་པས། དབྱེ་བའི་སྒོ་གཉིས་པོ་མི་བཟློས་པའི་ཚུལ་ནི་དེ་ཡིན་ཏེ། གཉིས་པ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ། སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་དང༌། སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་རོ། །གཉིས་པའི་མཚན་ཉིད་ཆོས་གསུམ་ལྡན་གྱི་སྒྲུབ་པའི་ཐལ་འགྱུར་རོ། །ཆོས་གསུམ་ནི་རྟགས་ཕྱིར་རྒོལ་གྱིས་བདེན་ཞེན་གྱིས་ཁས་བླངས་པ། བཟློག་ཁྱབ་ཚད་མས་གྲུབ་པ། གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པའོ། །རྟགས་ཁས་བླངས་པ་ཞེས་པས་རང་རྒྱུད་ལ་ཤེས་འདོད་ཡོད་པར་སྟོན་པ་ཡིན་ཏེ། རང་རྒྱུད་ཀྱི་གྲུབ་བྱ་ལ་གྲུབ་བསལ་མེད་པར་འཕངས་པའི་ཕྱིར། གཞི་གྲུབ་ཅིང་ཞེས་པས་ཆོས་ཅན་གྱིས་ངོ་བོར་གྲུབ་པར་བསྟན། དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་ཞེས་པས། རང་རྒྱུད་ཀྱི་རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་གྲུབ་པ་དགོས་པར་བསྟན། སྤྱིར་ཁྱབ་པ་ཚད་མས་གྲུབ་ཚུལ་ལ་གསུམ་སྟེ། ཐལ་འགྱུར་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཚང་བ་དང༌། རྗེས་འགྲོ་ཙམ་ཡོད་ལ་བཟློག་པ་མེད་པ་དང༌། ཟློག་པ་གྲུབ་ལ་རྗེས་འགྲོ་མ་གྲུབ་པ་དང༌། གསུམ་གྱི་དབྱེ་བས། རང་རྒྱུད་ལའང་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཚང་བ་དང༌། བཟློག་པ་ཚང་ལ་རྗེས་འགྲོ་མ་ཚང་བ་དང༌། རྗེས་འགྲོ་ཚང་བ་ལ་བཟློག་པ་མ་ཚང་བ་དང་གསུམ་མོ། །འདིའི་ཆོས་གསུམ་ལྡན་དུ་འགྱུར་བ་ལ། རྗེས་འགྲོ་གྲུབ་པ་ངེས་པར་མི་དགོས་ཏེ། སྣང་རུང་གི་བུམ་པ་ཆོས་ཅན། ཚད་མས་དམིགས་པ་མ་ཡིན་པར་ཐལ། མེད་ངེས་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་འཕེན་པ་སྲིད་ཅིང་དེ་ལ་རྗེས་འགྲོ་མེད་པའི་ཕྱིར། ཡང་བཟློག་ཁྱབ་མ་གྲུབ་ན་རྗེས་འགྲོ་གྲུབ་པ་ཙམ་གྱིས་སྐབས་འདིའི་ཁྱབ་པ་གྲུབ་པའི་གོ་མི་ཆོད་དེ། རྟག་པ་ལ་དངོས་མེད་ཀྱི་ཁྱབ་པ་ཚད་མས་ངེས་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན་མཉན་བྱའི་དངོས་པོ་མ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་པ་ལ། རྗེས་ཁྱབ་ཚད་མས་གྲུབ་པ་ལ་སོགས་པའི་ཆོས་གསུམ་ཚང་བ་གཅིག་སྲིད་ཀྱང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་མི་རུང་བའི་ཕྱིར་ཏེ། བཟློག་དོན་ལ་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར། དེ་ལྟར་ན་རིགས་གཏེར་གྱི་འགྲེལ་པར་བཟློག་ཁྱབ་ཚད་མས་གྲུབ་པ་ཞེས་དམིགས་ཀྱིས་བསལ་བའི་དགོངས་པ་དེ་ཉིད་ཡིན་ཅིང༌། མཐུན་ཕྱོགས་ལ་འཇུག་པའི་འགལ་བ་སེལ་ཞེས་གསུངས་པ་ནི། ཅུང་ཟད་མ་དག་པར་མངོན་ཏེ། ཚིག་སྔ་མ་ནུས་མེད་དུ་སོང་བའི་ཕྱིར་དང༌། རྟགས་མཐུན་ཕྱོགས་ལ་རྗེས་སུ་མི་འཇུག་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་མ་མཐོང་བའི་ཕྱིར། དཔེར་ན། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་ཚད་མས་དམིགས་པར་ཐལ། བདག་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ན། རྗེས་འགྲོ་གྲུབ་ན་ཟློག་པ་གྲུབ་དགོས་སོ་སྙམ་པ་ནི་རིགས་པའི་གཞུང་མ་ཡིན་ཏེ། རྟགས་མཐུན་ཕྱོགས་ལ་ཡོད་པར་སྒྲུབ་བྱེད་ཀྱི་ཚད་མ་ཡོད་ཙམ་གྱིས་མི་མཐུན་ཕྱོགས་ལས་བཟློག་པ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མི་དགོས་པའི་ཕྱིར་དང་ཚད་མས་དམིགས་པ་དང༌། ཡོད་པ་གཉིས་ལ་རྗེས་འགྲོ་གྲུབ་ཀྱང་ལྡོག་ཁྱབ་མི་འགྲུབ་པའི་ཕྱིར། འོ་ན། གཉིས་ལས་གང་ཡང་རུང་སྨྲས་པས། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་སྦྱོར་སྐོར་གཅིག་གི་ཚུལ་གསུམ་ཚད་མས་ཤེས་ཟིན་པའི་འོག་རོལ་ལ་དགོངས་པ་ཡིན་ནོ། །འོ་ན་ཆོས་གསུམ་པོ་དེ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་རྣམས་ལ་ཡང་ཚང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ལ་ནི་རྒོལ་བས་རྟགས་བདེན་ཞེན་གྱི་ཁས་བླངས་པའི་ཚེ། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པ་མི་འབྱུང༌། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པའི་ཚེ་ན་ནི། རྟགས་བདེན་ཞེན་གྱིས་ཁས་བླངས་པ་མི་འབྱུང་བའི་ཕྱིར། དེ་ཡང་དཔེར་ན། ཇི་སྲིད་ཆོས་དེ་ནོག་ལྐོག་ཤལ་དང་མི་ལྡན་པར་བདེན་ཞེན་གྱིས་ཁས་ལེན་པ་དེ་སྲིད་དུ། བ་ལང་དུ་ཚད་མས་གྲུབ་པ་མི་འབྱུང༌། ཆོས་དེ་བ་ལང་དུ་ཚད་མས་གྲུབ་པ་ན། ནོག་ལྐོག་ཤལ་དང་ལྡན་པར་མ་ངེས་པ་མི་སྲིད་པས། བ་ལང་མ་ཡིན་པར་ཐལ། ནོག་ལྐོག་ཤལ་དང་མི་ལྡན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཟློག་དོན་ལ། ཤེས་འདོད་ཆོས་ཅན་མི་འབྱུང་བ་ཡིན་ནོ། །ཡང་གཞན་དག་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཁྱད་པར་ཅན་གྱི་མཚན་ཉིད་ཐལ་འགྱུར་ཡང་དག་གང་ཞིག དོན་བཟློག་ན་ཚུལ་གསུམ་ཚང་བ་ཞེས་དང༌། ཡང་གཞན་དག དེ་གང་ཞིག རང་གི་ཆོས་ལོག་ཏུ་གཟུང་བྱ་དེ། རང་གི་ཤེས་འདོད་ཆོས་ཅན་དུ་གཟུང་བྱ་དེའི་སྟེང་དུ། ཐལ་འགྱུར་རང་གི་རྟགས་ལོག་ཏུ་གཟུང་བྱ་དེ་སྒྲུབ་པ་ལ་ཚུལ་གསུམ་ཚང་བ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་ཅིང༌། སྒྲ་བྱས་པ་ཡིན་པ་དང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་འཕངས་པའི་ཚེ། ཐལ་འགྱུར་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་རོ། །རྟགས་ནི་ཁས་ཀྱང་ལེགས་པར་བླངས་པར་སྣང་ཞིང༌། ཚད་མས་ཀྱང་གྲུབ་སྟེ་ཐལ་འགྱུར་འཕངས་པའི་རྗེས་ཐོགས་དེ་མ་ཐག་ཏུ་བྱས་པ་དེ་སྐབས་བབ་ཀྱི་རྒོལ་བའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་ཕྱིར། རྩ་བར་འདོད་ན་སྒྲུབ་པའི་ཐལ་འགྱུར་ཡིན་པར་འགྱུར་ལ། དེ་ལ་འདོད་ན་སྒྲུབ་པའི་ངག་ཏུ་འགྱུར་རོ། །ཐལ་ངག་འདི་དང༌། སྒྲུབ་པའི་ཐལ་ངག་གཉིས་ཀས་ཚུལ་གསུམ་སྐབས་བབ་ཀྱི་རྒོལ་བའི་དྲན་ལམ་དུ་འཕེན་ནུས་པ་ལ་ཁྱད་པར་མེད་མོད། རྒོལ་བ་དེའི་ངོར་སྒྲུབ་ངག་རྣམ་དག་ཡིན་མིན་གྱི་ཁྱད་པར་ཡོད་དེ། འདི་ནི་དམ་བཅའ་བརྗོད་པའི་ངག་ཡིན་ལ། ཅིག་ཤོས་དེ་ནི་གཏན་ཚིགས་བརྗོད་པའི་ངག་སྐྱོན་མེད་ཡིན་པའི་ཕྱིར་རོ། །དཔེར་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས་ཤིང་མ་དྲན་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་དང༌། གང་བྱས་ན་སོགས་བརྗོད་པ་གཉིས་ཚུལ་གསུམ་དྲན་པར་ནུས་པ་ལ་ཁྱད་པར་མེད་ཀྱང་ངག་དེ་ཡང་དག་ཡིན་མིན་གྱི་ཁྱད་པར་ཡོད་པ་བཞིན་ནོ། །གཞན་ཡང་ཐལ་འགྱུར་གྱི་ཆོས་ཅན་ལ། ཤེས་འདོད་ཆོས་ཅན་གྱིས་ཐ་སྙད་བྱེད་པ་ཡང་ལེགས་པ་མ་ཡིན་ཏེ། ཐལ་འགྱུར་ཡང་དག་འཕེན་པ་སྐབས་སུ་བབ་པ་དེའི་ཚེ། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ལ་ཤེས་འདོད་ཞུགས་པ་མེད་པའི་ཕྱིར། གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ནི། ཐལ་འགྱུར་ཡང་དག་གང་ཞིག བཟློག་ན་ཚུལ་གསུམ་ཚང་རུང་གི་གཏན་ཚིགས་འཕེན་མི་ནུས་པའོ། །རིགས་གཏེར་དུ་འདི་ལ་སུན་འབྱིན་པའི་ཐལ་འགྱུར་དང༌། སྔ་མ་ལ་སྒྲུབ་པའི་ཐལ་འགྱུར་ཞེས་གསུངས་པ་དེའི་དགོངས་པ་ནི་གཉིས་ཀ་སུན་འབྱིན་ཡིན་པ་ལ་ཁྱད་པར་མེད་ཀྱང༌། སྔ་མ་སྒྲུབ་པའི་ངག་ཡིན་ཞིང༌། ཕྱི་མ་སུན་འབྱིན་རྐྱང་པ་ཡིན་པ་ལ་དགོངས་ཀྱི། སྤྱིར་སྒྲུབ་པའི་ཐལ་འགྱུར་དང་སུན་འབྱིན་གྱི་ཐལ་འགྱུར་འགལ་བ་ནི་མ་ཡིན་ཏེ། ཐལ་འགྱུར་ཡང་དག་ཡིན་ན་སུན་འབྱིན་ཡིན་དགོས་པའི་ཕྱིར། སྤྱིར་སྒྲུབ་པ་དང་སུན་འབྱིན་འགལ་བ་ཡང་མ་ཡིན་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཁྱད་པར་ཅན་ཡིན་ན། སྒྲུབ་པ་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། མི་འདོད་པའི་ཆོས་ཐལ་བར་འཕེན་པའི་ངག་ཡིན་པའི་ཕྱིར་ཐལ་འགྱུར་ཞེས་བྱ་ལ། འཕེན་ཚུལ་ལ་གཉིས་ཏེ། ཚིག་ཟིན་ལ་འཕེན་པ་དང༌། དོན་གྱི་འཕེན་པའོ། །དང་པོ་ནི་ཐལ་ངག་ཏུ་བཀོད་པ་རྣམས་སོ། །གཉིས་པ་ནི་སྒྲུབ་པའི་ངག་ཏུ་བཀོད་པའི་ཐལ་འགྱུར་རྣམས་སོ། །ཅིའི་ཕྱིར་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཞེས་བྱ་ཞེ་ན། གཞན་གྱི་དམ་བཅའི་ཞེན་དོན་སུན་འབྱིན་པར་བྱེད་ཅིང༌། དེའི་ལོག་ཕྱོགས་ཀྱི་སྒྲུབ་བྱེད་རྒོལ་བའི་དྲན་ལམ་དུ་འཕེན་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །འཕེན་ཚུལ་ལ་གཉིས་ཏེ། རྩ་བའི་རྟགས་སམ། སྒྲུབ་བྱེད་རྒོལ་བའི་དྲན་ལམ་དུ་འཕེན་པ་དང༌། ཚུལ་གསུམ་ཚང་བའི་གཏན་ཚིགས་རྒོལ་བའི་དྲན་ལམ་དུ་འཕེན་པའོ། །དང་པོ་ནི། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་པའི་རྩ་བའི་ཐལ་འགྱུར་གྱིས་སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་འཕེན། གཉིས་པ་ནི། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་རྟག་པར་ཁས་བླངས་ཞེས་སྒྲུབ་པའི་ཐལ་འགྱུར་ཡང་དག་གིས། གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དྲན་ལམ་དུ་འཕེན་པར་བྱེད་དོ། །ཅིའི་ཕྱིར་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཞེས་བྱ་ཞེ་ན། གཞན་གྱི་དམ་བཅའ་སུན་འབྱིན་པ་ཙམ་བྱེད་ཀྱི། དེའི་ལོག་ཕྱོགས་སྒྲུབ་པར་མི་བྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །བཞི་པ་མཚན་གཞིའི་དབྱེ་བ་ནི། ཐལ་འགྱུར་ཡང་དག་ཐམས་ཅད་དགོས་པའི་སྒོ་ནས་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པ་གཉིས་སུ་ཁ་ཚོན་ཆོད། དང་པོ་སྒྲུབ་བྱེད་འཕེན་པ་ལ། སྒྲུབ་བྱེད་ཡང་དག་ཙམ་འཕེན་པའི་ཐལ་འགྱུར་ཡང་དག་དང༌། སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་གོ །འདིར་སྒྲུབ་པའི་ཐལ་འགྱུར་དུ་བཤད་པ་ནི་གཉིས་པ་ཁོ་ནའོ། །མི་འཕེན་པ་ལ་ཡང་གཉིས་ཏེ། སྤྱིར་སྒྲུབ་བྱེད་མི་འཕེན་པ་དང༌། སྤྱིར་འཕེན་ཀྱང་ཚུལ་གསུམ་དྲན་ལམ་དུ་མི་འཕེན་པའོ། །དང་པོ་ནི། རང་བཞིན་མ་དམིགས་པའི་ཐལ་འགྱུར་ལ་སོགས་པ་འོག་ནས་འཆད་པ་རྣམས་སོ། །གཉིས་པ་ནི། སྒྲུབ་བྱེད་ཡང་དག་འཕེན་པའི་རྩ་བའི་ཐལ་འགྱུར་དུ་བཤད་པའོ། །ཡང་ཐལ་འགྱུར་ཡང་དག་ཐམས་ཅད་རྟགས་ཆོས་ཀྱི་འབྲེལ་པའི་སྒོ་ནས་འབྲས་རང་མ་དམིགས་པའི་ཐལ་འགྱུར་གསུམ་དུ་འདུས་སོ། །ཡང་ཐལ་འགྱུར་ལྟར་སྣང་ལ་དབྱེ་ན། འགལ་མ་ངེས་མ་གྲུབ་པ་དང་གསུམ་དང༌། བསལ་པ་ཡེ་མེད་དང་བཞིར་གྲངས་ངེས། འདི་ལ་སྒྲུབ་བྱེད་འཕེན་མི་འཕེན་གྱི་དབྱེ་བ་ནི་མེད་དེ། སྒྲུབ་བྱེད་ལྟར་སྣང་འཕེན་པ་ཙམ་གྱིས་བསྒྲུབ་བྱེད་འཕེན་པའི་གོ་མི་ཆོད་པའི་ཕྱིར་རོ། །བཞི་པ་རྣམ་གཞག་རྒྱས་པར་བཤད་པ་ལ་གཞན་གྱི་ལུགས་དགག་པ་དང༌། རང་ལུགས་གཞག་པའོ། །དང་པོ་ནི། སློབ་དཔོན་རིགས་པའི་དབང་ཕྱུག་ཕྱྭ་པ་རྗེས་འབྲང་དང་བཅས་པ་ཐལ་འགྱུར་དུ་བཀོད་པ་ཐམས་ཅད་བཞིར་གྲངས་ངེས་ཏེ། རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པ། གཏན་ཚིགས་འབའ་ཞིག་མ་གྲུབ་པ། ཁྱབ་པ་འབའ་ཞིག་མ་གྲུབ་པ། གཉིས་ཀ་གྲུབ་པའོ། །བཞི་པ་ལ་བཞི་སྟེ། གཉིས་ཀ་ཚད་མས་གྲུབ་པ། གཉིས་ཀ་ཁས་བླངས་གྱིས་གྲུབ་པ། རྟགས་ཚད་མ་དང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ། རྟགས་ཁས་བླངས་དང་ཁྱབ་པ་ཚད་མས་གྲུབ་པའོ། །ཕྱི་མ་གསུམ་པོ་རེ་རེ་ལ། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་པ་ཞུགས་པ། ཚད་མས་བསལ་པ་ཞུགས་པ། བསལ་པ་ཡེ་མེད་གསུམ་གསུམ་སྟེ་དགུ། གཉིས་ཀ་ཚད་མས་གྲུབ་པ་ལ། བསལ་པ་ཡེ་མེད་གཅིག་པུར་བཞེད་ལ། དེའི་རྒྱུ་མཚན་ཡང༌། དམ་བཅའ་ཚད་མས་གྲུབ་པའི་དོན་ལ། ཁས་བླངས་ཀྱིས་བསལ་པ་མི་འཇུག་པས། ཞེས་གསུངས། རྗེས་འབྲང་རྣམས། འདི་ལ་ཡང་ཁས་བླངས་ཀྱི་བསལ་པ་དང༌། བསལ་པ་ཡེ་མེད་གཉིས་སུ་ཕྱེ་ནས་བཅུ་གཅིག མ་གྲུབ་གསུམ་དང་བཅུ་བཞིའོ་ཞེས་འདོད། དེ་ལྟར་བཅུ་བཞིའི་ནང་ནས་བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་བཞི་དང༌། མ་གྲུབ་པ་གསུམ་སྟེ་བདུན་ནི་ལྟར་སྣང་བ་ཡིན་ནོ། །དེའི་ལྷག་མ་བདུན་ནི་ཡང་དག་ཡིན་ལ། བདུན་གྱི་ནང་ནས་ཕྱེད་དང་བདུན་ནི། སྒྲུབ་བྱེད་མི་འཕེན་པ་ཡིན་ལ། བདུན་པའི་ཕྱེད་རྟགས་ཁས་བླངས་ཁྱབ་པ་ཚད་མས་གཞི་གྲུབ་ཅིང་དམ་བཅའ་ལ་ཚད་མ་བསལ་པ་ཞུགས་པ་དེས་སྒྲུབ་བྱེད་འཕེན་པ་ཡིན་ནོ་ཞེས་ཟེར་རོ། །དེ་སུན་དབྱུང་བ་ལ་རིགས་པའི་གཏེར་དུ་ཇི་ལྟར་གསུངས་པའི་ཚུལ། དེའི་དགོངས་པ་བཤད། དེར་དངོས་བསྟན་ལ་མ་གསུངས་པའི་རིགས་པ་གཞན་ཡང་བཤད་པའོ། །དང་པོ་ནི། ཇི་སྐད་དུ། རང་རྒྱུད་ལའང་མཚུངས་ཕྱིར་དང༌། །རྟགས་མེད་ཁྱབ་པ་འགལ་ཕྱིར་དང༌། །ལྷག་ཆོད་ངེས་པ་མི་རུང་ཕྱིར། །ཐལ་འགྱུར་བཞིར་དབྱེ་མི་འཐད་དོ། །མ་གྲུབ་གཉིས་སུ་ཕྱེ་བས་ལྷག །འགལ་བའི་ཐལ་འགྱུར་ལྟར་སྣང་འཆད། །རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། །དེས་ན་ཐལ་འགྱུར་བཅུ་བཞི་མིན། །ཞེས་གསུངས་སོ། །གཉིས་པ་ལ། རྩ་བའི་དབྱེ་བ་བཞིར་མི་འཐད་པ་དང༌། ཡན་ལག་གི་དབྱེ་བ་བཅུ་བཞིར་མི་འཐད་པའོ། །དང་པོ་ནི། འོ་ན་རང་རྒྱུད་དུ་བཀོད་ཚད་ལ་བཞིར་གྲངས་ངེས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལ་འདོད་ན་ཉེས་པ་གཉིས་ཏེ། རང་རྒྱུད་ལྟར་སྣང་གི་གྲངས་ངེས་མི་འཐད་པ་དང༌། ཡང་དག་གི་གྲངས་ངེས་མི་འཐད་པའོ། །དང་པོ་ནི། འོ་ན་གཏན་ཚིགས་ལྟར་སྣང་ལ་རྟགས་འབའ་ཞིག་མ་གྲུབ་པ་དང༌། ཁྱབ་པ་འབའ་ཞིག་མ་གྲུབ་པ་དང༌། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་གསུམ་དུ་དབྱེ་རིགས་པར་ཐལ། འདོད་པ་གང་ཞིག་ཐལ་འགྱུར་ལྟར་སྣང་ལ་གསུམ་དུ་དབྱེ་བ་དང་རྒྱུ་མཚན་མཚུངས་པའི་ཕྱིར། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། རང་རྒྱུད་གཏན་ཚིགས་འབའ་ཞིག་མ་གྲུབ་པ་ནི། མ་གྲུབ་པའི་གཏན་ཚིགས་དང་དོན་གཅིག ཁྱབ་པ་འབའ་ཞིག་མ་གྲུབ་པའི་རང་རྒྱུད་ཀྱི་ནང་དུ་འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་ཀྱང་འདུས་པས། དེ་ལྟར་དབྱེ་བ་རིགས་སུ་ཆུག་ཀྱང༌། རྟགས་ཁྱབ་གཉིས་ཀ་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་ཞེས། གཏན་ཚིགས་ལྟར་སྣང་གི་དབྱེ་བ་ལོགས་པར་འཆད་པ་མི་རིགས་པའི་ཕྱིར་ཏེ། རྟགས་མ་གྲུབ་ན། ཁྱབ་པ་གྲུབ་ཀྱང་རུང་མ་གྲུབ་ཀྱང་རུང་སྟེ། མ་གྲུབ་པའི་གཏན་ཚིགས་སུ་འཇོག་པ་རིགས་པ་མཁྱེན་པས་གཞུང་དུ་གསུངས་པའི་ཕྱིར། དེ་ལྟར་ན་རིགས་པ་མཁྱེན་པས་གཏན་ཚིགས་ལྟར་སྣང་གི་དབྱེ་བ་འཆད་པ་ན། རྟགས་མ་གྲུབ་ལ། ཁྱབ་པ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཞིག་མ་གསུངས་པ་དེ་བཞིན་དུའམ། །དེའི་རིགས་པས་ཐལ་འགྱུར་ལྟར་སྣང་གི་དབྱེ་བ་འཆད་པའི་སྐབས་སུ་ཡང༌། འགལ་མ་ངེས་མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་གསུམ་པོ་གང་རུང་དུ་འདུས་པའི་ཕྱིར། རྟགས་འབའ་ཞིག་མ་གྲུབ་ལ། ཁྱབ་པ་གྲུབ་པ་ཞེས་བྱ་བའི་ཐལ་འགྱུར་ལྟར་སྣང་གི་དབྱེ་བ་ལོགས་པ་མི་རིགས་སོ། །གཉིས་པ་ནི། འོ་ན་གཏན་ཚིགས་ཡང་དག་ལ་ཡང༌། རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་པ་དང༌། ཁས་བླངས་ཀྱིས་གྲུབ་པ་སོགས་བཞིར་འབྱེད་རིགས་པར་འགྱུར་ཏེ། འདོད་པ་གང་ཞིག་ཐལ་འགྱུར་ཡང་དག་ལ་བཞིར་འབྱེད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། རྟགས་ཡང་དག་ཏུ་འགྱུར་བ་ལ་ཚུལ་གསུམ་ཚད་མས་གྲུབ་དགོས་པའི་ཕྱིར་རོ། །དེ་དག་གིས་ནི་རིགས་པ་དང་པོའི་དགོངས་པ་བཤད་དོ། །རིགས་པ་གཉིས་པའི་དགོངས་པ་ནི། སྤྱིར་རྟགས་མ་གྲུབ་ན་ཁྱབ་པ་མ་གྲུབ་ཅེས་པ་རྩ་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། དེ་ལྟར་ཁས་བླངས་ན་རང་ཉིད་ལ་ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་དང་འགལ་བ་དུ་མ་ཅིག་ཆར་དུ་འབྱུང་བའི་ཕྱིར་རོ། །ཡང་རྟགས་ཀྱི་ངོ་བོ་མེད་ན། ཁྱབ་པ་མ་གྲུབ་དགོས་ཞེས་པ་ཡང་དགོངས་པ་མ་ཡིན་ཏེ། རྟགས་ཀྱི་ངོ་བོ་མེད་ཀྱང༌། བཟློག་པ་གྲུབ་པ་དུ་མ་མཐོང་བའི་ཕྱིར་དང༌། དེ་འདྲ་མེད་དུ་ཆུག་ཀྱང་ཕྱོགས་སྔ་མ་འགོག་ཚུལ་དཔྱིས་མི་ཕྱིན་པའི་ཕྱིར། དེས་ན་དགོངས་པ་འདི་ཡིན་ཏེ། ཐལ་འགྱུར་ལྟར་སྣང་གི་རྩ་བའི་དབྱེ་བ་གསུམ་དུ་འབྱེད་པ་མི་འཐད་དེ། མ་གྲུབ་པའི་ཐལ་འགྱུར་ཐམས་ཅད། རྟགས་མ་གྲུབ་པའི་ཐལ་འགྱུར་གཅིག་པུར་འདུས་པའི་ཕྱིར། དཔེར་ན། རང་རྒྱུད་ལ་ཕྱོགས་ཆོས་མ་གྲུབ་ན། ཁྱབ་པ་གྲུབ་ཀྱང་མ་གྲུབ་པའི་གཏན་ཚིགས་སུ་འཇོག་པ་བཞིན་ནོ། །ཅི་སྟེ། ཁྱབ་པ་ཁས་བླངས་སམ་ཚད་མ་གང་རུང་གིས་གྲུབ་ན། རྟགས་མ་གྲུབ་པ་ཙམ་གྱིས་མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་དུ་འཇོག་མི་ནུས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་སྐད་ཟེར་བ་དེ་ནི་སྲོག་ཆད་ཀྱང་དབང་པོ་གཞན་ཡོད་པས་མ་ཤི་བར་འཇོག་གོ་ཞེས་ཟེར་བ་དང་མཚུངས་པའི་ཕྱིར་དང༌། ཁྱབ་པ་ཚད་མས་གྲུབ་པའི་རང་རྒྱུད་ལ། ཕྱོགས་ཆོས་མ་གྲུབ་པ་ཙམ་གྱིས་མ་གྲུབ་པའི་གཏན་ཚིགས་སུ་འཇོག་མི་ནུས་སོ་ཞེས་ཀྱང་ཁས་ལེན་དགོས་པར་འགྱུར་བའི་ཕྱིར། དེས་ན་རྟགས་མ་གྲུབ་པའི་ཐལ་འགྱུར་ལ་མ་གྲུབ་པའི་ཐལ་འགྱུར་ཡིན་མིན་གཉིས་སུ་ཡོད་དོ་ཞེས་བོད་སྔ་མ་དག་གསུང་བ་ནི། སྲོག་ཆད་པ་ལ་དབང་པོ་གཞན་ཚང་མ་ཚང་གཉིས་ཡོད་དོ་ཞེས་ཟེར་བ་དང་མཚུངས་ཤིང༌། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་ལ། མ་གྲུབ་པའི་གཏན་ཚིགས་ཡིན་མིན་གཉིས་སུ་ཡོད་དོ་ཞེས་ཟེར་བ་དང་མཚུངས་སོ་ཞེས་པ་ཉིད་དགོངས་པ་ཡིན་ཏེ། ཇི་སྐད་དུ། ཡང་རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པའང་མི་འཐད་དེ། རྟགས་མ་གྲུབ་ན་ཕྱོགས་ལ་མཐུ་མེད་པའི་ཕྱིར། ཁྱབ་པ་གྲུབ་མ་གྲུབ་སྤྱོད་པ་བླུན་པོའི་རྣམ་ཐར་ཏེ། སྲོག་ཆད་པ་ལ་དབང་པོ་ཡོད་མེད་སྤྱོད་པ་བཞིན་ནོ་ཞེས་གསུངས་སོ། །མདོར་ན་རྟགས་དང་ཁྱབ་པ་མ་གྲུབ་པའི་ཐལ་འགྱུར་གསུམ་དུ་བྱེད་མི་དགོས་ཏེ། རྟགས་དང༌། ཁྱབ་པ་མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་ཐམས་ཅད་རྟགས་མ་གྲུབ་པ་དང༌། རྟགས་གྲུབ་ཀྱང་ཁྱབ་པ་མ་གྲུབ་པ་དང་གཉིས་ཀྱི་ནང་དུ་འདུས་པའི་ཕྱིར། ཞེས་པའོ། །རིགས་པ་གསུམ་པའི་དགོངས་པ་ནི། ཐལ་འགྱུར་ལྟར་སྣང་ལ་བདུན་གྱིས་གྲངས་ངེས་བྱེད་པ་མི་འཐད་དེ། ལྷག་ཆོད་ཀྱིས་གྲངས་ངེས་བྱེད་པ་མི་འཐད་པ་མཚུངས་པའི་ཕྱིར་ཞེས་པའོ། །གཉིས་པ་ཡན་ལག་གི་དབྱེ་བ་བཅུ་བཞི་མི་འཐད་པ་ནི་ཐལ་འགྱུར་དུ་བཀོད་ཚད་བཅུ་བཞིའི་གྲངས་ངེས་བྱེད་པ་མི་འཐད་དེ། དེ་ལྟར་བྱེད་པ་དེ་ལ་ལྷག་པ་དང༌། ཆད་པ་དང༌། འཁྲུལ་པ་གསུམ་གྱི་སྐྱོན་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། མ་གྲུབ་པའི་ཐལ་འགྱུར་ལ། རྟགས་མ་གྲུབ་པ་དང༌། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་དང་གཉིས་སུ་ཕྱེ་བས་ལྷག ཁྱབ་པ་འགལ་བའི་ཐལ་འགྱུར་ལྟར་སྣང་ཆད། རྟགས་མ་གྲུབ་ཀྱང་ཁྱབ་པ་གྲུབ་པའི་ཐལ་འགྱུར་རྣམ་གཞག་འཁྲུལ་པའི་ཕྱིར། ཇི་ལྟར་འཁྲུལ་ཞེ་ན། རྟགས་རྐྱང་པ་མ་གྲུབ་པས་མ་གྲུབ་པའི་གོ་ཆོད་ཀྱི་ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་ལ་དགོས་ནུས་མེད་པའི་ཕྱིར། དཔེར་ན་སྲོག་ཆད་པས་ཤི་བའི་གོ་ཆོད་ཀྱི། སྲོག་ཆད་ཀྱང་དབང་པོ་གཞན་ཚང་ངམ་མ་ཚང་ཞེས་དཔྱོད་པ་ལ་དགོས་ནུས་མེད་པ་བཞིན་ནོ། །གཉིས་པ་དེར་དངོས་སུ་མ་གསུངས་པའི་རིགས་པ་གཞན་བཤད་པ་ལ། རིགས་པའི་གཏེར་དུ། ཐལ་འགྱུར་ལྟར་སྣང་གི་གྲངས་ངེས་ལ་དགག་པ་མཛད་ཀྱང༌། ཡང་དག་གི་གྲངས་ངེས་ལ་དགག་པ་མ་མཛད་པས་དེ་དཔྱད་པ་ལ་དགག་པ་རིགས་པའི་གཏེར་གྱི་དགོངས་པ་གཞིར་བཞག་ནས་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་རྟགས་ཁྱབ་གྲུབ་ཚུལ་ལ་བརྟགས་ནས་དགག དམ་བཅའ་ལ་བསལ་པ་ཞུགས་ཚུལ་ལ་བརྟགས་ཏེ་དགག་པའོ། །དང་པོ་ནི། ཐལ་འགྱུར་ཡང་དག་ལ། རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་དང༌། རྟགས་འབའ་ཞིག་ཁས་བླངས་ཀྱིས་གྲུབ་པ་གཉིས་སུ་འབྱེད་པ་མི་འཐད་དེ། གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས། གཞན་མི་འདོད་པའི་ཆོས་ཐལ་བར་འཕེན་མི་ནུས་ན་ནི་ཐལ་འགྱུར་ཡང་དག་ཏུ་མི་རུང་ལ། དེ་ནུས་ན་ཁྱབ་པ་ཁས་བླངས་ཀྱིས་གྲུབ་མ་གྲུབ་ལ་ཁྱད་པར་མེད་པའི་ཕྱིར། དཔེར་ན་སྲོག་མ་ཆད་ན་གསོན་པོར་འཇོག་པས་དབང་པོ་གཞན་ཚང་མ་ཚང་ལ་དགོས་ནུས་མེད་པ་བཞིན་ནོ། །ཡང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ཙམ་གྱིས་ཐལ་འགྱུར་ཡང་དག་གི་ཁྱབ་པ་གྲུབ་པར་འཇོག་མི་ནུས་ཏེ། གལ་ཏེ་ནུས་ན། གཏན་ཚིགས་ཡང་དག་ལ་ཡང་མཚུངས་པའི་ཕྱིར་དང༌། ཐལ་འགྱུར་ཡང་དག་དང་གཏན་ཚིགས་ཡང་དག་གཉིས་ཀའི་རྟགས་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་དགོས་པར་མཚུངས་པའི་ཕྱིར་དང༌། ཁྱབ་པ་ཚད་མས་འགལ་བ་དང༌། ཁྱབ་པ་ཚད་མས་མ་ངེས་པའི་ཐལ་འགྱུར་ལྟར་སྣང་གཉིས་ཀ་ལའང་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་སྲིད་པས། དེ་གཉིས་ལ་ཡང་ཁྱབ་པ་གྲུབ་པ་གཅིག་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་བསལ་པ་ཞུགས་ཚུལ་ལ་བརྟགས་ནས་དགག་པ་ནི། དམ་བཅའ་ཁས་བླངས་དང་འགལ་བ་ཙམ་གྱིས་དམ་བཅའ་ལ་བསལ་པ་ཞུགས་པའི་ཐལ་འགྱུར་ཡང་དག་ཏུ་འཇོག་མི་ནུས་ཏེ། གལ་ཏེ་ནུས་པ་དེ་ལྟ་ན་སྔར་རྒོལ་སྒྲ་རྟག་པ་ཁས་ལེན་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར། ཞེས་འཕངས་པའི་ཚེ་ན་དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཏུ་ཐལ། རྟགས་ཁྱབ་ཚད་མས་གྲུབ་ཅིང་དམ་བཅའ་ཁས་བླངས་དང་འགལ་བའི་ཕྱིར། འདོད་ནི་མི་ནུས་ཏེ། དམ་བཅའ་ལ་བསལ་པ་མེད་པའི་ཕྱིར། གལ་ཏེ་བསལ་པ་ཡོད་ན། སྒྲ་རྟག་པར་ཁས་བླངས་པ་ཙམ་གྱིས་སྒྲ་མི་རྟག་པར་ཚད་མས་གྲུབ་པའི་དོན་སེལ་ནུས་པར་འགྱུར་བ་དང༌། ཕྱྭ་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། ཐལ་འགྱུར་ལ་བཅུ་གསུམ་གྱི་གྲངས་ངེས་མཛད་པས་ཀྱང་ཁྱེད་ལ་གནོད་པ་ཡིན་ནོ། །གཞན་ཡང༌། སྔར་རྒོལ་གྱིས་གཞལ་བྱ་ལ་རྟག་པས་ཁྱབ་པ་དང༌། སྒྲ་མི་རྟག་པར་ཁས་ལེན་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་འཕངས་པའི་ཚེ། ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཏུ་ཐལ། ཁྱབ་པ་ཁས་བླངས། རྟགས་ཚད་མ། དམ་བཅའ་ལ་བསལ་པ་ཞུགས་པའི་ཕྱིར། དེ་ལ་འདོད་ན། སྔར་རྒོལ་གྱི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པར་ཐལ། སྔར་རྒོལ་གྱི་དམ་བཅའི་ཞེན་དོན་ལ། སུན་འབྱིན་དུ་བརྗོད་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན་མ་ངེས་པའི་གཏན་ཚིགས་ལ་བརྟེན་པའི་ཐལ་འགྱུར་གྱིས། སྒྲ་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པ་བཞད་གད་ཀྱིས་གནས་སོ། །འོ་ན་གཞལ་བྱ་ལ་རྟག་པས་ཁྱབ་པ་ཁས་ལེན་པའི་དམ་བཅའ་སུན་འབྱིན་ནུས་པའི་ཐལ་འགྱུར་ཡང་དག་མི་སྲིད་པར་འགྱུར་རོ་ཞེ་ན། དེའི་ཉེས་པ་མེད་དེ། སྔ་མ་ལྟར་སྒྲ་མི་རྟག་པར་ཡང་ཁས་ལེན་པའི་རྒོལ་བ་ལ་ནི། གཞལ་བྱ་ལ་རྟག་པས་མ་ཁྱབ་པར་ཐལ། སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་འཕངས་པས་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཚང་བའི་ཕྱིར་དང༌། དེ་ལྟར་ཁས་མི་ལེན་པའི་རྒོལ་བ་ལ་ནི། འོ་ན་སྒྲ་ཡང་རྟག་པར་ཐལ། གཞལ་བྱ་ལ་རྟག་པས་ཁྱབ་པའི་ཕྱིར་ཞེས་འཕངས་པས་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཚང་བའི་ཕྱིར། གཞན་ཡང་སྔ་རབས་པ་དག་ལ་ཁས་བླངས་ནང་འགལ་འདི་ལྟར་སྣང་སྟེ། ཐལ་འགྱུར་ཡང་དག་བདུན་ལ་དང་པོ་དྲུག་པོ་དེ་མཐའ་གཅིག་ཏུ་སྒྲུབ་བྱེད་མི་འཕེན་པ་དང༌། བདུན་པ་ལ་ཕྱེད་ཀྱིས་འཕེན་ཕྱེད་ཀྱིས་མི་འཕེན་པའི་རྣམ་གཞག་མཛད་པ་དང༌། ཡང་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་དབྱེ་བ་འཆད་པ་ན། སྔ་མ་དྲུག་པོ་ཡེ་མི་འདྲེན་པར་བདུན་པའི་ཕྱེད་པོ་ལ་རང་བཞིན་མ་དམིགས་པ་ལ་སོགས་པ་ལྔར་ཕྱེ་ནས། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱབ་པ་ཚད་མས་གྲུབ་པ་གཅིག་དགོས་པར་བཤད་པས་ནང་འགལ་བ་ཡིན་ནོ། །དེ་ཡང་ཇི་ལྟར་བཤད་ན། ཚད་མ་ཡིད་ཀྱི་མུ་སེལ་ལས། བཟློག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གསུམ། གཞན་རིགས་འཕེན་པ་བཅུ། སྒྲུབ་བྱེད་མི་འཕེན་པ་ལྔ་སྟེ་བཅོ་བརྒྱད་ཀྱི་གྲངས་ངེས་མཛད་པ་ཡིན་ནོ། །དེ་ལྟར་ན། རིགས་པའི་གཏེར་གྱི་གཞུང་འདི་ལྟར་ཁ་བསྐང་བར་བྱ་སྟེ། རང་རྒྱུད་གྲངས་དང་མི་མཚུངས་དང༌། །རྟགས་གྲུབ་ཁྱབ་མེད་འགལ་བ་དང༌། །ཁས་བླངས་ཙམ་གྱིས་མི་འགྲུབ་ཕྱིར། །ཡང་དག་དབྱེ་བ་བཞི་མི་འཐད། །གྲུབ་པ་གཉིས་སུ་ཕྱེ་བས་ལྷག །འབྲས་རང་མ་དམིགས་ཐལ་འགྱུར་ཆད། །རྟགས་གྲུབ་ཁྱབ་པ་མེད་པ་འཁྲུལ། །དེས་ན་ཡང་དག་བདུན་མི་འཐད། །ཅེས་ཀྱང་སྦྱར་བར་བྱ་བ་ཡིན་ནོ། །མདོར་ན། ཐལ་འགྱུར་ཡང་དག་གང་ཞིག རྟགས་གྲུབ་ན་ཁྱབ་པ་ཚད་མས་གྲུབ་དགོས་ཞེས་པ་དང༌། ཐལ་འགྱུར་ལྟར་སྣང་གང་ཞིག་རྟགས་མ་གྲུབ་ན་ཁྱབ་པ་གྲུབ་ཀྱང་མ་གྲུབ་པའི་ཐལ་འགྱུར་དུ་འཇོག་གོ །དེ་ཡང་རྟགས་རྐྱང་པ་མ་གྲུབ་པས་མ་གྲུབ་པའི་རྟགས་དང་ཐལ་འགྱུར་དུ་བཞག་ནུས་ལ། ཁྱབ་པ་རྐྱང་པ་མ་གྲུབ་པས་དེ་དང་དེར་བཞག་མི་ནུས་སོ་ཞེས་བྱ་བ་ནི། རིགས་པའི་གཏེར་གྱིས་གཞན་གྱི་ཕྱོགས་བཀག་པར་མཛད་པའི་ངག་དོན་མདོར་བསྡུས་པ་ཡིན་ནོ། །གཉིས་པ་རང་ལུགས་གཞག་པ་ལ་གསུམ་སྟེ། ཐལ་འགྱུར་ཡང་དག་དང༌། ལྟར་སྣང་དང༌། དེ་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ལ་མཚན་ཉིད་ནི། སྔར་བཤད་པ་ལས། ཡང་ན་ཁས་བླངས་ཀྱི་རྟགས་ལས་ཚད་མས་བསལ་དུ་རུང་བའི་མི་འདོད་པའི་སྒྲུབ་བྱེད་འཕེན་པའི་ངག་གོ །དབྱེ་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང༌། མི་འཕེན་པའི་ཐལ་འགྱུར་དང༌། དེ་དག་གི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ལ་མཚན་ཉིད་དང༌། ངག་འགོད་པའི་ཚུལ་དང༌། སྒྲུབ་པའི་ངག་ཏུ་འགྱུར་བའི་འཐད་པའོ། །དང་པོ་ནི། དངོས་སུ་ཐལ་བ་འཕངས་པས་རང་གི་འདོད་པ་སྒྲུབ་ནུས་ཀྱི་སྒྲུབ་བྱེད་འཕེན་པའི་ངག་གོ །དེ་ལ་དབྱེ་ན། སྒྲུབ་བྱེད་འཕེན་ཀྱང་སྒྲུབ་པའི་ངག་མ་ཡིན་པ་དང༌། ཡིན་པ་གཉིས་སོ། །དང་པོའི་མཚན་ཉིད། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཞིག རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply