སྒྲུབ་པའི་ངག་ཏུ་མ་བཀོད་པའོ། །དེ་ནི་སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག་དེར་བཀོད་པའོ། །དེ་ནི་དཔེར་ན། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པ་གྲངས་ཅན་གྱིས་ཁས་བླངས་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ངག་འགོད་པའི་ཚུལ་ནི། རྔོག་ལོ་ཆེན་པོ། གྲངས་ཅན་སྒྲ་རྟག་པར་ཁས་ལེན་པ་ལ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་རྟག་པར་གྲངས་ཅན་གྱིས་ཁས་བླངས་སོ་ཞེས་པ་ལྟ་བུ་ཆོས་མཐུན་པ་ཅན་དང༌། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་རྟག་པའི་ཕྱིར་མ་བྱས་པར་ཐལ་ལོ་ཞེས་པ་ཆོས་མི་མཐུན་པ་ཅན་གྱིས་སྦྱོར་ཚུལ་དུ་བཞེད་དོ། །དར་འབག་པ་དང༌། སློབ་དཔོན་འཇམ་པའི་རྡོ་རྗེ་ལ་སོགས་པ་ནི། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་པས་མ་བྱས་པར་ཐལ་བ་ལས་བྱས་པར་ཚད་མས་གྲུབ་པས་བསལ་ལོ་ཞེས་བཞེད་ལ། དེ་གཉིས་ལ་རིགས་པའི་གཏེར་གྱི་འགྲེལ་པར་དགག་པ་རིམ་པ་བཞིན་མཛད་དོ། །སློབ་དཔོན་རིགས་པའི་དབང་ཕྱུག་ཕྱྭ་པ་ནི། གྲངས་ཅན་དེ་ལྟར་ཁས་ལེན་པ་ལ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པ་ཙམ་ཞིག་འགོད་པར་བཞེད་ཅིང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ་སྒྲུབ་ངག་གིས་ཁྱབ་པར་བཞེད་དོ། །རིགས་གཏེར་ལས་ནི། ཕལ་ཆེར་འདི་དང་མཐུན་པར་བཞེད་ལ། ཅུང་ཟད་མི་མཐུན་པའི་ཁྱད་པར་ནི་འདི་ཡིན་ཏེ། གྲངས་ཅན་དེ་ལྟར་ཁས་ལེན་པ་ལ། ཐལ་བའི་ངག་སྐྱོན་མེད་འདི་ལྟར་འགོད་དེ། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར། ཞེས་ཐོག་མར་ཐལ་འགྱུར་གྱི་དམ་བཅའ་བཀོད་ལ། ཅིའི་ཕྱིར་ཞེས་འདྲི་བ་ལ་སྒྲུབ་པའི་ཐལ་འགྱུར་སྐྱོན་མེད་འདི་ལྟར་འགོད་དེ། གང་རྟག་ན་མ་བྱས་པ་ཡིན་པས་ཁྱབ། དཔེར་ན་ནམ་མཁའ་བཞིན་སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་འགོད་པར་གསུངས་སོ། །དེའི་དགོངས་པ་ཡང་སྔར་བཤད་པ་ལྟར་ཐོག་མར་ཐལ་འགྱུར་གྱིས་དམ་བཅའ་བཀོད། ཅིའི་ཕྱིར་ཞེས་འདྲི་བ་ལ་ཚུལ་གསུམ་སྒྲུབས། དེ་གྲུབ་ཟིན་པའི་འོག་ཏུ་སྒྲུབ་པའི་ཐལ་འགྱུར་ཡང་དག་བཀོད་པས་ཚུལ་གསུམ་དྲན་ལམ་དུ་འཕེན་པའོ། །འཕེན་པའི་ཚུལ་ཡང་དག་དེ་ལ་བརྟེན་ནས་སྒྲ་ཡང་མ་བྱས་པར་ཐལ་བ་ལས། བྱས་པར་ཚད་མས་གྲུབ་པའི་ཕྱིར། མི་རྟག་གོ་སྙམ་པའི་བློ་འཕེན་པ་ཡིན་ནོ། །འདིར་ཁྱབ་པ་ནི་ཐལ་འགྱུར་གྱི་དངོས་དོན་བཟློག་པས་འཕེན་པ་ཡིན་ལ། ཕྱོགས་ཆོས་ནི་ཐལ་འགྱུར་གྱི་རྟགས་བརྗོད་པ་དང༌། ཁྱབ་པ་བརྗོད་པ་གཉིས་ཀའི་བྱེད་པ་ལ་བརྟེན་ནས། ཕྱོགས་ཆོས་དྲན་པའི་བློ་བཤད་མ་ཐག་པ་ལྟར་འཕེན་པ་ཡིན་གྱི། ཐལ་འགྱུར་གྱི་དངོས་དོན་བཟློག་པས་ཕྱོགས་ཆོས་འཕེན་པ་མ་ཡིན་ཏེ། ཇི་སྐད་དུ། ཐལ་བའི་ངག་གིས་རང་རྒྱུད་ཀྱི། །ཕྱོགས་ཆོས་འཕེན་ན་སྦྱོར་བ་འཇིག །ཐལ་བས་ངག་ལས་རང་རྒྱུད་ཀྱི། །དོན་འཕེན་ཇི་ལྟར་བཟློག་བཞིན་མིན། །ཞེས་གསུངས་པས་སོ། །དེས་ན་སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་གྱིས་དངོས་དོན་བཟློག་པས་རང་རྒྱུད་ཀྱི་ཁྱབ་པ་འཕེན་ཀྱང༌། དངོས་དོན་བཟློག་པ་རང་རྒྱུད་ཀྱི་ཕྱོགས་ཆོས་སུ་འགྱུར་བའི་ངག་ནི་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་སྒྲུབ་པའི་ཐལ་འགྱུར་ཡང་དག་འཇིག་པའི་ཕྱིར། ཇི་ལྟར་འཇིག་ཅེ་ན། ཐལ་འགྱུར་གྱི་དངོས་དོན་བཟློག་པ་ནི་རང་རྒྱུད་ཀྱི་དམ་བཅའ་ཡིན། སྒྲུབ་པའི་ཐལ་འགྱུར་ཡང་དག་ལ་ཐལ་འགྱུར་གྱི་དམ་བཅའ་བརྗོད་པའི་ཚིག་ནི་མེད། ཁྱབ་པའི་དངོས་དོན་བཟློག་པས་ནི་ཕྱོགས་ཆོས་སུ་མི་འགྱུར་བའི་ཕྱིར་རོ། །འོ་ན་སྒྲུབ་པའི་ཐལ་འགྱུར་ཡང་དག་གི་དངོས་དོན་གྱི་ཁྱབ་པ་དེ་ཉིད་དེས་འཕངས་པའི་རང་རྒྱུད་ཀྱིའང་ཁྱབ་པ་དངོས་ཡིན་པའི་ཕྱིར། སྒྲུབ་པའི་ཐལ་འགྱུར་གྱི་དངོས་དོན་བཟློག་པས་རང་རྒྱུད་ཀྱི་ཁྱབ་པ་འཕེན་ཞེས་ཟེར་བ་ལ་རྣམ་བཅད་མེད་དོ་ཞེ་ན། དེ་སྐད་ཟེར་བ་དེ་ནི་རྟོག་ལྡན་ལ་སྐྱེ་བའི་དོགས་པ་ཡིན་མོད་ཀྱང་རྣམ་བཅད་མེད་པའི་ཉེས་པ་མེད་དེ། སྔར་བཤད་པ་ལྟར། སྒྲུབ་པའི་ཐལ་འགྱུར་རྗེས་སུ་འགྲོ་ལྡོག་གཉིས་ཀ་ཚང་བ་རྣམས་ལ་དངོས་དོན་བཟློག་མ་བཟློག་ཁྱད་པར་མེད་ཀྱང་རྗེས་འགྲོ་མེད་པའི་སྒྲུབ་པའི་ཐལ་འགྱུར་འབའ་ཞིག་ལ། དངོས་དོན་ངེས་པར་བཟློག་དགོས་པའི་ཕྱིར། དེ་ནས་འདི་དཔྱད་པར་བྱ་སྟེ། གྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱི་དམ་བཅའ་བཞག་པའི་ཐལ་ངག་དེ། ཐལ་འགྱུར་ཡང་དག་མིན་པར་ནི་མི་རིགས་ཏེ། རིགས་པའི་གཏེར་དུ་གསུངས་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་དེ་ཚང་བའི་ཕྱིར། སྒྲུབ་བྱེད་མི་འཕེན་པར་ཡང་མི་རིགས་ཏེ། རིགས་པའི་གཏེར་དུ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་དབྱེ་བར་མ་བཤད་ཅིང༌། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུ་པོའི་མཚན་གཞི་ངོས་འཛིན་པའི་སྐབས་སུ། དམ་བཅའི་ཐལ་ངག་ཉི་ཤུ་པོ་ཁོ་ན་ངོས་བཟུང་བའི་ཕྱིར་དང༌། དེ་ལས་གཞན་དུ་སྒྲུབ་བྱེད་མི་འཕེན་ན། སུན་འབྱིན་རྐྱང་པ་ཅན་གྱི་ངག་ཏུ་འགྱུར་ལ། དེ་ཡང་དེ་ལྟ་ན། ཐལ་འགྱུར་རང་གི་ཆོས་ལོག་ཏུ་གཟུང་བྱ་དེས་རང་གི་རྩོད་གཞིའི་སྟེང་དུ། རྟགས་ལོག་ཏུ་གཟུང་བྱ་དེ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་སྐབས་མི་སྲིད་པར་འགྱུར་རོ། །གསུམ་པ་བཟློག་ན་སྒྲུབ་པའི་ངག་ཏུ་འགྱུར་བའི་འཐད་པ་ནི། སྒྲུབ་པའི་ཐལ་འགྱུར་གྱི་མཚན་གཞིར་བཟུང་མ་ཐག་པ་དེ་ཆོས་ཅན། སྤྱིར་སྒྲུབ་པའི་ངག་ཡང་དག་དང༌། བྱེ་བྲག་ཏུ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་ཏེ། རྒོལ་བ་རང་གི་ཚད་མས་མཐོང་བའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱིས་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པའི་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་ངོར་འགོད་པ་སྐབས་སུ་བབ་པའི་ངག་རྣམ་དག་ཡིན་པའི་ཕྱིར། དེ་ལྟ་ན་ཡང་དངོས་སུ་སྒྲུབ་པའི་ངག་མ་ཡིན་ཏེ། སྒྲ་ཟིན་གྱི་རྟགས་ཆོས་ཅན་གྱི་སྟེང་དུ་ཚད་མས་མ་གྲུབ་པའི་ཕྱིར། འོ་ན་སྒྲུབ་པའི་ངག་མ་ཡིན་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྒྲུབ་པའི་ངག་དུ་བཀོད་པའི་ཚིག་སྐྱོན་མེད་གང་ཞིག བཟློག་ན་ཚུལ་གསུམ་རྒོལ་བའི་བློ་ཡུལ་དུ་ཚང་བའི་ཕྱིར། ཇི་ལྟར་ཚང་ཞེ་ན། བཟློག་ན་ཁྱབ་པ་ཚང་ཚུལ་ནི་རྟོགས་པར་སླ་ལ། རྟགས་བཟློག་ན་ཕྱོགས་ཆོས་འཕེན་ཚུལ་ནི། རྟགས་ཀྱི་དངོས་དོན་བཟློག་པས་མི་འཕེན་ཡང་རྟགས་ཀྱིས་འཕངས་པའི་དོན་གཉིས་པ་བཟློག་པས་ཕྱོགས་ཆོས་འཕེན་པ་ཡིན་ཏེ། འདི་ལྟར། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་བརྗོད་པས། སྒྲ་མ་བྱས་པར་ཐལ་བ་དོན་གྱིས་འཕངས། དེ་བཟློག་པས་བྱས་རྟགས་ཀྱིས་དེ་དེར་སྒྲུབ་པའི་ཕྱོགས་ཆོས་སྐབས་བབ་ཀྱི་རྒོལ་བའི་བློ་ཡུལ་དུ་འཕངས་པའོ། །འོན་ཀྱང་ཤུགས་ལ་འཕངས་པ་ཞེས་ནི་མི་བྱ་སྟེ། སྒྲ་མ་བྱས་པ་དང་དེའི་བཟློག་དོན་གཉིས་ཀ་སྒྲུབ་པའི་ཐལ་འགྱུར་དེའི་ཤུགས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་ན། ཚུལ་གསུམ་དྲན་པའི་བློས་བསྒྲུབ་བྱ་ཤུགས་ལ་རྟོགས་པར་འགྱུར་རོ། །དོན་དེ་དག་ནི་ཇི་སྐད་དུ། དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་དང༌། ཇི་ལྟར་བཟློག་གཞན་མིན། །ཞེས་པའི་གཞུང་གི་དགོངས་པ་དཔྱིས་ཕྱིན་པར་བཤད་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ལ། མཚན་ཉིད་ངག་འགོད་པའི་ཚུལ། དེ་སྒྲུབ་པའི་ངག་ཏུ་མི་འགྱུར་བའི་འཐད་པའོ། །དང་པོ་ནི་རྒོལ་བ་གཞན་གྱི་འདོད་པ་སུན་འབྱིན་པར་ནུས་པའི་ཐལ་འགྱུར་ཡང་དག་གང་ཞིག རང་གི་འདོད་པ་སྒྲུབ་ནུས་ཀྱི་གཏན་ཚིགས་མི་འཕེན་པའོ། །གཉིས་པ་ནི། སྔར་རྒོལ་གྲངས་ཅན་སྒྲ་མི་འཇིག་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན་རྟག་པར་ཐལ། མི་འཇིག་པའི་ཆོས་ཡིན་པའི་ཕྱིར། ཞེས་ཐོག་མར་ཐལ་བ་འཕངས་ནས། རྗེས་སུ་ཁྱབ་འབྲེལ་སྒྲུབ་པའམ། ཡང་ན་ཁྱབ་འབྲེལ་ངེས་ཟིན་པའི་འོག་རོལ་དུ། ཐལ་བའི་ངག་དེ་ལྟར་དུ་བཀོད་པས་ཆོག་གོ །ཐལ་ངག་འདི་ནི་ལོག་རྟོག་གི་ཞེན་ཡུལ་སུན་འབྱིན་པར་ནུས་པའི་ཐལ་འགྱུར་ཡིན་ཏེ། ལོག་རྟོག་མངོན་གྱུར་བ་བཟློག་ནས། དོན་འགྱུར་གྱི་ཐེ་ཚོམ་འདྲེན་པར་བྱེད་པའི་ཕྱིར་རོ། །ངེས་པ་བསྐྱེད་པའི་ཐལ་འགྱུར་ནི་མ་ཡིན་ཏེ། ཡིད་དཔྱོད་ཀྱི་ངེས་པ་ནི་ཐེ་ཚོམ་ལས་མ་འདས་ལ། རྗེས་དཔག་འདྲེན་ནུས་ཀྱི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་དགོས་པའི་ཕྱིར་རོ། །གསུམ་པ་ནི། བཤད་མ་ཐག་པའི་ཐལ་འགྱུར་དེ་ཆོས་ཅན། སྒྲུབ་པའི་ངག་ཡང་དག་མ་ཡིན་ཏེ། རང་སྨྲ་བ་པོས། རང་གི་དམ་བཅའ་ལ་སྒྲུབ་བྱེད་འགོད་པའི་བསམ་པ་སྔོན་དུ་མ་བཏང་བར་སྨྲས་པའི་ཕྱིར་དང༌། ཐལ་འགྱུར་རང་གི་དོན་བཟློག་ཀྱང་ཚུལ་གསུམ་ཚང་བའི་སྐབས་མི་སྲིད་པའི་ཕྱིར། དེ་ལྟར་ན། གཞན་གྱི་ལོག་རྟོག་བཟློག་པ་ལ་ནི་ཐལ་ངག་ཏུ་བཀོད་པ་དེ་ཙམ་གྱིས་ཆོག་ལ། རང་གི་ཕྱོགས་རྟོགས་པའི་ཚད་མ་ནི་སྒྲུབ་པའི་ངག་ཏུ་བཀོད་ཀྱང་བསྐྱེད་མི་ནུས་པའི་ཕྱིར། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་རྣམས་ལ་ནི། དེ་འཕེན་པའི་ཐལ་འགྱུར་ལྟར་བསྒྲུབ་ངག་གི་འགོད་ཚུལ་གཉིས་པ་དེ་དོན་མེད་དོ། །དེ་ལ་འདི་སྙམ་དུ་དོགས་པར་འགྱུར་ཏེ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་མཚན་གཞིར་བཀོད་པ་དེ་ཆོས་ཅན། ངག་སྐྱོན་ཅན་དུ་ཐལ། ཐལ་འགྱུར་གྱི་དམ་བཅའ་བརྗོད་པའི་ཐལ་ངག་ཡིན་པའི་ཕྱིར། ཇི་སྐད་དུ། སྒྲུབ་པའི་ངག་ལྟར་འདིར་ཡང་དམ་བཅའ་བརྗོད་ན། ལྷག་པས་ཚར་བཅད་པའི་ཕྱིར་རོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ་དེ་ནི་སྒྲུབ་པའི་ཐལ་འགྱུར་ལ་དགོངས་ནས་གསུང་པའི་ཕྱིར། དཔེར་ན། སྒྲུབ་པའི་རང་རྒྱུད་ལ་དམ་བཅའ་བརྗོད་ན། ངག་ལྷག་པའི་སྐྱོན་ཅན་དུ་འགྱུར་བ་བཞིན་ནོ། །སྤྱིར་དམ་བཅའ་བརྗོད་པའི་ཐལ་འགྱུར་ཡིན་པ་ཙམ་གྱིས་ཐལ་འགྱུར་སྐྱོན་ཅན་ཡིན་མི་དགོས་ཏེ། དམ་བཅའ་བརྗོད་པའི་རང་རྒྱུད་ཡིན་པ་ཙམ་གྱིས་རང་རྒྱུད་སྐྱོན་ཅན་དུ་མི་འགྱུར་བ་བཞིན་ནོ། །ཅི་སྟེ་དེ་ཡང་སྐྱོན་ཅན་ཡིན་པར་འདོད་ན་ནི། སྔར་རྒོལ་གྱིས་སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་སྔར་རྒོལ་དེ་ཆོས་ཅན། ཚར་བཅད་ཀྱི་གནས་ཡིན་པར་ཐལ། དམ་བཅའ་ཡང་དག་གི་སྒྲུབ་བྱེད་འགོད་པ་སྐབས་སུ་བབ་པའི་རྒོལ་བ་གང་ཞིག སྒྲུབ་བྱེད་ཡང་དག་མ་བརྗོད་པའི་ཕྱིར། ཅི་སྟེ་སྒྲུབ་བྱེད་ཡང་དག་བརྗོད་མོད། དམ་བཅའ་ངག་ཏུ་བརྗོད་པའི་ཆ་ནས། ངག་སྐྱོན་ཅན་དུ་འཇོག་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་རྩ་བའི་སྦྱོར་བ་ཐམས་ཅད་སྐྱོན་ཅན་དུ་འགྱུར་བ་དང༌། དམ་བཅའ་འཇོག་པ་སྐབས་སུ་བབ་པའི་ཚེ་དམ་བཅའ་མ་བཞག་ན་སྔར་རྒོལ་ཚར་བཅད་པའི་གནས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ངག་དེས་བསྒྲུབ་བྱ་བརྗོད། སྤྱི་ཁྱབ་མ་བརྗོད་པས། སྒྲུབ་པའི་ངག་སྐྱོན་ཅན་དུ་འཇོག་པ་ཡིན་གྱི། སྤྱིར་སྦྱོར་ངག་སྐྱོན་ཅན་དུ་འཇོག་པ་མིན་ནོ། །གསུམ་པ་དེ་དག་གི་དབྱེ་བ་དཔེར་བརྗོད་པ་ལ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་དབྱེ་བ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱི་དབྱེ་བ། དེ་གཉིས་སུ་མ་འདུས་པའི་ཐལ་འགྱུར་ཡང་དག་མེད་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། རང་བཞིན་འབྲས་བུ་མཚན་ཉིད་དེ། །མི་དམིགས་གསུམ་གྱིས་སྒྲུབ་མི་འཕེན། །ཞེས་དངོས་བསྟན་ལ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གསུམ་ཁོ་ན་གསུངས་སོ། །དེ་དག་གི་མཚན་གཞི་ནི་བུམ་པ་ཚད་མས་དམིགས་པའི་ས་ཕྱོགས་དེར་བུམ་པ་མ་དམིགས་པར་ཁས་ལེན་པ་ལ། ས་ཕྱོགས་དེར་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པ་མ་དམིགས་པའི་ཕྱིར། ཞེས་པ་རང་བཞིན་མ་དམིགས་པའི་ཐལ་འགྱུར་དང༌། ཚང་མང་དུ་དུ་བ་མེད་པར་ཁས་ལེན་པ་ལ། དེ་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་པར་ཐལ། དུ་བ་མེད་པའི་ཕྱིར། ཞེས་པ་འབྲས་བུ་མ་དམིགས་པའི་ཐལ་འགྱུར་དང༌། ནོག་ལྐོག་ཤལ་དཀར་ཟལ་ལྟ་བུ། ནོག་ལྐོག་ཤལ་དང་མི་ལྡན་པར་ཁས་ལེན་པ་ལ། དེ་ཆོས་ཅན། བ་ལང་གི་ཐ་སྙད་བྱ་རུང་མ་ཡིན་པར་ཐལ། ནོག་ལྐོག་ཤལ་དང་མི་ལྡན་པའི་ཕྱིར། ཞེས་པ་མཚན་ཉིད་མ་དམིགས་པའི་ཐལ་འགྱུར་དང་གསུམ་མོ། །གསུམ་པོ་ཡང་རིགས་བསྡུ་ན་གཉིས་སུ་འདུས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ། །ཅེས་འབྱུང་བ་ལྟར་མཚན་ཉིད་མ་དམིགས་པའི་གཏན་ཚིགས་ནི་རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ནང་དུ་འདུ་བར་གསུངས་པའི་ཕྱིར། འགྲེལ་པར་ནི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཀྱི་ནང་དུ་འདུས་ཞེས་གསུངས་པས་དེ་ལྟར་ཡང་འགལ་བ་མེད་དོ། །གང་ལྟར་ཡང༌། མཚན་ཉིད་མ་དམིགས་པ་ཞེས་བྱ་བའི་ཐལ་འགྱུར་གྱི་རིགས་ལོགས་པ་མི་བཞག་སྟེ། མཚན་ཉིད་མ་དམིགས་པ་ཞེས་བྱ་བའི་རྟགས་རིགས་ལོགས་པ་མི་འཇོག་པ་དང་མཚུངས་པའི་ཕྱིར། དེ་ལྟར་ན་འདིར་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གྱི་དབྱེ་བ་གཉིས་ལས་མ་གསུངས་ཀྱང༌། གོང་དུ། ནུས་པ་ཐོགས་མེད་མེ་མིན་ཞིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །ཞེས་གསུངས་པ་ལས། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་གསུམ་ཐོན་པ་ཡིན་ནོ། །གསུམ་པོ་གང་ཞེ་ན། མེ་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའི་གཞིར་གྲང་རེག་སྟོབས་ཆེན་དང༌། གྲང་འབྲས་སྤུ་ལོང་རྒྱུན་ཆགས་པ་དང༌། བ་མོའི་རེག་པ་སྟོབས་ཆེན་པས་ཁྱབ་པར་ཁས་ལེན་པ་ལ། དེར་ཆོས་ཅན། མེ་རྒྱུ་ནུས་པ་ཐོགས་མེད་དང་མི་ལྡན་པར་ཐལ། གྲང་རེག་སྟོབས་ཆེན་པས་ཁྱབ་པར་ནོན་པའི་ཕྱིར་དང༌། གྲང་འབྲས་སྤུ་ལོང་བྱེད་སྟོབས་ཆེན་པས་ཁྱབ་པར་ནོན་པའི་ཕྱིར་དང༌། བ་མོའི་རེག་པ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་ཕྱིར། ཞེས་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར། འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་དང༌། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་སྟེ་གསུམ་མོ། །ཡང་མིང་རིས་གསུམ་པོ་དེར་འདུས་ཀྱང་རྣམ་གསལ་གྱི་དཔེར་བརྗོད་འཛིན་ལུགས་སྔ་མ་ལས་ཐ་དད་པ་གཞན་གསུམ་ཡང་ཡོད་དེ། འདི་ལྟར་གྲང་རྒྱུ་ནུས་པ་ཐོགས་མེད་ཀྱི་གཞིར་དེ་དང་དེ་ཡོད་པར་ཁས་ལེན་པ་ལ། དེར་ཆོས་ཅན། གྲང་རྒྱུ་ནུས་པ་ཐོགས་མེད་མེད་པར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་དང༌། དུ་བ་དྲག་ཕྱུར་བས་ཁྱབ་པར་ནོན་པའི་ཕྱིར་དང༌། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་གསུམ་སྟེ། དེ་ལྟར་ན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ལ་འདིར་དངོས་སུ་བསྟན་པ་གཉིས། གོང་ནས་ཐོན་པ་གསུམ་མམ་དྲུག་སྟེ། ལྔའམ་བརྒྱད་དོ། །འོ་ན་བརྒྱད་པོ་དག་སྤྱིར་ཐལ་འགྱུར་ཡང་དག་ཡིན་པའི་རྒྱུ་མཚན་ཅི། སྒྲུབ་བྱེད་ཡང་དག་མི་འཕེན་པའི་ཤེས་བྱེད་ནི་གང་ཞེ་ན། དེ་དག་ཐལ་འགྱུར་ཡང་དག་ནི་ཡིན་ཏེ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ་པ། གཞན་མི་འདོད་པ་ཐལ་བར་འཕེན་ནུས་པའི་ངག་ཡིན་པའི་ཕྱིར། དེས་སྒྲུབ་བྱེད་མི་འཕེན་པའི་ཚུལ་ལ། དང་པོ་གཉིས་ཀྱིས་མི་འཕེན་པའི་ཚུལ་དང༌། ཕྱི་མ་གསུམ་མམ་དྲུག་གིས་མི་འཕེན་པའི་ཚུལ་ལོ། །དང་པོ་ནི། དེས་དེ་མི་འཕེན་པ་ཡིན་ཏེ། བུམ་པ་ལྟ་བུ་ཡོད་པར་ཚད་མས་གྲུབ་ན། དམིགས་པར་ཡང་ཚད་མས་གྲུབ་དགོས་པས་བཟློག་དོན་ལ་ཤེས་འདོད་མེད། དེ་དེར་ཚད་མས་མ་གྲུབ་ན། བཟློག་དོན་གྱི་རྟགས་ཆོས་ཅན་གྱི་སྟེང་དུ་མི་འགྲུབ་པའི་ཕྱིར་རོ། །འདིར་འདི་ཤེས་དགོས་ཏེ། ཐལ་འགྱུར་གཉིས་པོ་འདིའི་རྟགས་ཕ་རོལ་པོས་བདེན་ཞེན་གྱིས་ཁས་བླངས་པ་དེ་སྲིད་དུ། དམ་བཅའ་གཉིས་པོ་དེ་ཚད་མས་བསལ་རུང་ཙམ་ཡིན་ཀྱང༌། དེ་ལ་ཕ་རོལ་པོས་ཚད་མའི་བསལ་པ་ཞུགས་པ་ནི་མ་ཡིན་ཏེ། དེ་ཞུགས་ན་རྟགས་དེའི་ལོག་ཕྱོགས་ཚད་མས་གྲུབ་ཟིན་པས། རྟགས་བདེན་ཞེན་གྱིས་ཁས་བླངས་པ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ཤེས་པར་བྱས་ནས་འགྲེལ་པའི་དོན་ལ་ཞིབ་མོར་རྣམ་པར་དཔྱད་དགོས་སོ། །གཉིས་པ་ནི་ཐལ་འགྱུར་གསུམ་མམ་དྲུག་པོ་དེས་སྒྲུབ་བྱེད་མི་འཕེན་པ་ཡིན་ཏེ། བཟློག་དོན་ལ་རྟགས་ཡང་དག་ཏུ་འགྱུར་བའི་སྐབས་མི་སྲིད་པའི་ཕྱིར་ཏེ། མེ་རྒྱུ་ནུས་པ་ཐོགས་མེད་ཀྱི་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། གྲང་རེག་སྐོར་གསུམ་འགོག་མི་ནུས། གྲང་རྒྱུ་ནུས་པ་ཐོགས་མེད་ཀྱིས་རང་ཕྱོགས་ཆོས་གྲུབ་པའི་གཞིར། ཚ་རེག་སྐོར་གསུམ་འགོག་མི་ནུས་པའི་ཕྱིར། ཇི་སྐད་དུ། ནུས་པ་ཐོགས་མེད་མེ་མིན་ཞིང༌། །རྒྱུན་མེད་ཕྱིར་ན་འགོག་མི་ནུས། །ཞེས་གསུངས་པས་སོ། །གཉིས་པ་སྒྲུབ་བྱེད་འཕེན་པའི་དབྱེ་བ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། ལྷག་མ་ཡང་དག་གཏན་ཚིགས་ཀུན། །སྒྲུབ་བྱེད་འཕེན་པར་བཤད་པར་བྱ། །ཞེས་གསུངས། དེའི་འགྲེལ་པ་ཁ་ཅིག་ཏུ། སྔར་བཤད་པའི་རྟགས་ཡང་དག་ཉི་ཤུ་ལས། སྒྲུབ་བྱེད་མི་འཕེན་པ་ཕྱེད་དང་གསུམ་གྱི་ལྷག་མ། ཕྱེད་དང་བཅོ་བརྒྱད་ཀྱིས་སྒྲུབ་བྱེད་འཕེན་པའི་ཚུལ་དང༌། ཡང་འགྲེལ་པ་ཁ་ཅིག་ཏུ། ལྷག་མ་གཏན་ཚིགས་ཡང་དག་ཉི་ཤུ་པོ་ཀུན་གྱིས་གྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །ཞེས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུར་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གཞུང་འགྲེལ་དག་མ་དག་གི་དབྱེ་བ། འཐད་པའི་ཆ་ངོས་བཟུང་བའོ། །དང་པོ་ནི། གཞུང་ཁ་ཅིག་ཏུ། བཟློག་པ་རང་རིག་འཕེན་པ་ལྔ། །གཞན་རིག་འཕེན་པ་བཅུ་དྲུག་ཡོད། །ཅེས་སྒྲུབ་བྱེད་འཕེན་པ་ཉི་ཤུ་རྩ་གཅིག་ཏུ་གསུངས། འདི་ཡང་ཅུང་ཞིག་མ་དག་པར་མངོན་ཏེ། གོང་དུ་སྒྲུབ་བྱེད་འཕེན་པ་ཉི་ཤུའི་གྲངས་ངེས་བཤད་པ་འགལ་བ་དང༌། བཟློག་པ་རང་རིག་འཕེན་པ་ལྔ་མི་རྙེད་པ་དང༌། རྙེད་ན་དྲུག་ཏུ་ཡང་ཐལ་བའི་ཕྱིར་རོ། །དང་པོ་ནི། བཟློག་པ་རང་རིགས་འཕེན་པ་སྔར་བཤད་པའི་འགྲེལ་པ་དེ་ཉིད་དུ། སྒྲུབ་བྱེད་འཕེན་པ་ཉི་ཤུའི་གྲངས་ངེས་ཀྱང་བྱས་པའི་ཕྱིར། གཉིས་པ་ནི། རང་རིགས་འཕེན་པ་ལྔ་མི་རྙེད་པ་ཡང་ཡིན་ཏེ། གོང་དུ་རྟགས་ཡང་དག་ལ་ཉི་ཤུ་ལས་ལྷག་པ་མ་བཤད་པས། ཐལ་འགྱུར་ཡང་དག་ལ་ཡང་དེ་བས་ལྷག་པ་མི་རྙེད་པའི་ཕྱིར་རོ། །གསུམ་པ་ནི། དེ་རྙེད་པ་ཡིན་ཏེ། ཙནྡན་གྱི་དུ་བས་ཁ་བའི་འབྲས་བུ་སྤུ་ལོང་འགོག་པའི་ཐལ་འགྱུར་ཡང་དག་ཡོད་པའི་ཕྱིར་ཞེ་ན། དེ་ལྟ་ན་རང་རིགས་འཕེན་པ་དྲུག་ཏུ་ཡང་འགྱུར་ཏེ། ཁ་བའི་སྤུ་ལོང་བྱེད་ཀྱི་ཙནྡན་གྱི་དུ་བ་འགོག་པའི་ཐལ་འགྱུར་ཡང་དག་ཀྱང་ཡོད་པའི་ཕྱིར། དེ་གཉིས་རིགས་གཅིག་པས་གཅིག་ཏུ་བགྲང་པ་ཡིན་ནོ་སྙམ་ན། དེ་ལྟ་ན། ཁྱེད་ཀྱིས་གཞན་རིགས་འཕེན་པ་བཅུ་དྲུག་གི་དབྱེ་བ་ཡང་རྙེད་པ་མིན་ནོ། །ཡང་གཞུང་ཁ་ཅིག་ཏུ། བཟློག་པ་རང་རིག་འཕེན་པ་བཞི། །གཞན་རིགས་འཕེན་པ་བཅུ་བཞི་ཡོད། །ཅེས་བྱུང་བ་འདི་ཡང་མ་དག་པ་ཡིན་ཏེ། རྩ་བའི་གྲངས་འཛིན་ཚུལ་ལ་སྐྱོན་ཆགས་པ་དང༌། འགྲེལ་པའི་མཚན་གཞི་ངོས་འཛིན་ཚུལ་མི་རིགས་པའི་ཕྱིར་རོ། །དང་པོ་ནི། རང་རིགས་འཕེན་པའི་ཐལ་འགྱུར་ལ་བཞི་དང༌། གཞན་རིགས་འཕེན་པ་བཅུ་བཞི་ཡོད། བཅོ་བརྒྱད་ཀྱིས་གྲངས་འཛིན་པ་དེ་ནི་སློབ་དཔོན་ཕྱྭ་པས་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པ་ཐམས་ཅད་བཅོ་བརྒྱད་དུ་བསྡུས་པ་ལ་འཁྲུལ་བའི་ཕྱིར་དང༌། རང་ལུགས་ལ། སྒྲུབ་བྱེད་མི་འཕེན་པ་གསུམ་གྱིས་ལྷག་མ་བདུན་ནམ་ཡང་ན་ཕྱེད་དང་བཅོ་བརྒྱད་ལས་མི་འབྱུང་བའི་ཕྱིར་དང༌། གཞན་རིགས་འཕེན་པ་ལ། རིགས་ཀྱི་དབྱེ་བ་བྱེད་ན་ནི་བཅུ་བཞི་བགྲང་རྒྱུ་མེད། རྣམ་གསལ་གྱིས་དབྱེ་བ་བྱེད་ན་ནི་བཅུ་བཞི་ལས་ལྷག་པ་འབྱུང་བའི་ཕྱིར། གཉིས་པ་ལ། རང་རིགས་འཕེན་པའི་གྲངས་འདྲེན་ཚུལ་མི་འཐད་པ་དང༌། གཞན་རིགས་འཕེན་པའི་གྲངས་བགྲང་ཚུལ་མི་འཐད་པའོ། །དང་པོ་ནི། འགྲེལ་པ་དེར། རང་རིགས་འཕེན་པ་གསུམ་གྱི་གྲངས་བགྲང་ཚུལ་ལ་སྐྱོན་མེད་ལ། བཞི་པ་ལ་སྐྱོན་ཆགས་པ་ཡིན་ཏེ། ལྟོས་བཅས་ཡིན་པས་མ་ངེས་པར་ཐལ་ཞེས་ཕན་ཚུན་སྤངས་པའི་འགལ་ཁྱབ་དམིགས་པས། ལྟོས་མེད་ཀྱིས་མ་ངེས་པ་འགོག་པ་དེ་ཉིད་འཕེན་པའོ་ཞེས་དྲིས་ལ། དེ་ནི་ཐུར་ཁྱབ་ཀྱི་འཕེན་ཚུལ་ཡིན་ལ། ཐུར་ཁྱབ་ལ་བཟློག་དོན་འཕངས་པས་དེ་འཕངས་པའི་གོ་ཆོད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི་གཞན་རིགས་འཕེན་པའི་ཐལ་འགྱུར་བཅུའི་གྲངས་འདྲེན་ཚུལ་ལ་སྐྱོན་ཆེར་མ་ཆགས་ལ། བཞིའི་གྲངས་འདྲེན་ཚུལ་ལ་སྐྱོན་ཆེར་ཆགས་པ་ཡིན་ཏེ། འདི་ལྟར། མེས་གྲང་རྒྱུ་ནུས་པ་ཐོགས་མེད་འགོག་པ་དང༌། དུ་བས་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་འགོག་པ་དང༌། ཙནྡན་གྱི་མེས་གྲང་རྒྱུ་ནུས་པ་ཐོགས་མེད་འགོག་པའི་ཐལ་འགྱུར་གསུམ་གྱིས་སྒྲུབ་བྱེད་འཕེན་པར་དྲིས་ལ། དེ་ལྟ་ན་གྲང་རེག་སྐོར་བཞིས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། ཚ་རེག་སྐོར་བཞི་འགོག་པའི་གཏན་ཚིགས་ཡང་དག་སྲིད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཚ་རེག་སྐོར་བཞིས་ཀྱང་དེར་དེ་འགོག་པའི་གཏན་ཚིགས་ཡང་དག་ཁས་ལེན་དགོས་པར་འགྱུར་ལ། དེ་ཡང་ཁས་ལེན་ན། ཇི་སྐད་དུ། ཚ་རེག་སྐོར་བཞིས་གྲང་རེག་བཞི། །བཀག་པའི་སྦྱོར་བ་བཅུ་དྲུག་ཟེར། །ཞེས་སོགས་རྩ་འགྲེལ་གྱི་དོན་དང་འགལ་བས། འཁོར་གསུམ་དངོས་འགལ་དྲུག་ཕྲུགས་སུ་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་དང༌། ཕན་ཚུན་སྤངས་པའི་སྐོར་ནས། བྱས་པས་རྟག་དངོས་འགོག་པ་ཁྱབ་བྱེད་འགལ་བ་དམིགས་པས། མ་བྱས་པས་མི་རྟག་པ་འགོག་པའི་འགལ་ཁྱབ་དམིགས་པ་འཕེན་པའི་ཞེས་བྲིས་པ་ཡང་འཁྲུལ་པ་ཡིན་ནོ། །ཇི་ལྟར་ཞེ་ན། བྱས་པས་རྟག་དངོས་འགོག་པའི་ཐལ་འགྱུར་གྱིས་བཟློག་དོན་འཕེན་ན། རང་ལུགས་ལ་རྟག་དངོས་ཁས་ལེན་དགོས་པའི་ཕྱིར་དང༌། ཁྱེད་ཀྱི་འཕེན་ཚུལ་དེ་ནི་སྤྱིར་ཐུར་ཁྱབ་ཀྱི་འཕེན་ཚུལ་དང༌། ཐུར་ཁྱབ་ཀྱང་འཁྲུལ་པ་ཅན་ཞིག་ཡིན་པའི་ཕྱིར། ཐུར་ཁྱབ་ཡིན་ཏེ། བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་གྱིས་མ་བྱས་པ་རྟགས་སུ་བཀོད་པའི་རང་རྒྱུད་འཕེན་པ་ཐུར་ཁྱབ་ལས་གཞན་ལ་མི་འབྱུང་བའི་ཕྱིར་འཁྲུལ་པ་ཡང་ཡིན་ཏེ། བྱས་པས་རྟག་དངོས་འགོག་པའི་ཐུར་ཁྱབ་དྲང་པོ་ནི། མ་བྱས་པས་རྟག་དངོས་མིན་པ་འགོག་པ་ལ་འཆད་དགོས་པའི་ཕྱིར། མདོར་ན་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཐལ་འགྱུར་གྱིས་གཞན་རིགས་འཕེན་པ་ནི། རིགས་གཏེར་མཛད་པའི་གཞུང་གི་དགོངས་པ་མ་ཡིན་ཏེ། དེའི་དགོངས་པ་ལ་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཐལ་འགྱུར་ཡང་དག་དང༌། གཏན་ཚིགས་ཡང་དག་ཡིན་ཡང་ཁྱབ་བྱེད་འགལ་བ་དམིགས་པའི་ནང་དུ་འདུས་ལ། ཁྱབ་བྱེད་འགལ་དམིགས་ཀྱི་ཐལ་འགྱུར་གྱིས་ཁྱབ་བྱེད་འགལ་དམིགས་ཀྱི་རང་རྒྱུད་འཕེན་པ་ལ། གཞན་རིགས་འཕེན་པ་འོང་ཐབས་མེད་པའི་ཕྱིར་རོ། །ཡང་དུ་བས་གྲང་རེག་འགོག་པ་མེས་སྤུ་ལོང་འགོག་པ་དང་མཚུངས་ཤིང༌། ཙནྡན་གྱི་མེས་གྲང་རེག་འགོག་པ་མེས་བ་རེག་འགོག་པ་དང་འདྲ། ཙནྡན་གྱི་མེས་སྤུ་ལོང་འགོག་པ་དུ་བས་བ་མོའི་རེག་པ་འགོག་པ་དང་མཚུངས་པ་སྟེ་གསུམ་དང་ཞེས་བྲིས་པ་དེ་ཡང་ཤིན་ཏུ་ནོར་བ་ཡིན་ཏེ། དེ་འདྲ་མཚུངས་པ་མེད་པའི་ཕྱིར་དང༌། མཚུངས་པ་ཡོད་དུ་ཆུག་ཀྱང༌། མཚུངས་ཞེས་བྲིས་པ་ལ་རྣམ་བཅད་ཀྱི་དགོས་པ་མེད་པའི་ཕྱིར། གལ་ཏེ་དགོས་པ་ཡོད་ན་གསུམ་པོ་དེ། འཕེན་ཚུལ་སྔ་མ་དག་གི་ནང་དུ་འདུས་ཞེས་པར་སོང་བས། གཞན་རིགས་འཕེན་པ་བཅུ་བཞི་མི་རྙེད་པའི་ཕྱིར་དང༌། འཕེན་ཚུལ་སྔ་མར་འདུས་ཀྱང་གྲངས་ལོགས་པ་བགྲངས་པས་ཆོག་ན། རང་རིགས་འཕེན་པ་བརྒྱད་དུ་ཐལ་བ་ལས། དེ་ཡང་ཁྱོད་ཀྱིས་མི་འདོད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་མི་མཚུངས་པ་ཡིན་ཏེ། གྲང་རེག་གིས་དུ་བ་འགོག་པ་དང༌། གྲང་རེག་གིས་ཙནྡན་གྱི་མེ་འགོག་པ་དང༌། སྤུ་ལོང་བྱེད་པས་ཙནྡན་གྱི་མེ་འགོག་པ་རྣམས་ཏེ། ཁྱེད་ཀྱིས་སྨྲས་པ་དེ་ལས་བཟློག་པ་ཁྱེད་རང་གིས་མཚུངས་སོ་ཞེས་སྨྲས་པ་རྣམས་དང་མཚུངས་པར་སྣང་གི ཁྱེད་ཀྱིས་སྨྲས་པ་དེ་རྣམས་མཚུངས་པ་མེད་པའི་ཕྱིར། གལ་ཏེ་གང་དང་མཚུངས་ཀྱང་རུང་སྟེ། མཚུངས་པ་དེ་རྣམས་གཞན་རིགས་འཕེན་པ་བཅུ་བཞིའི་གྲངས་སུ་བགྲངས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་བཅུ་བཞིའི་གྲངས་ངེས་ཉམས་ཏེ། ཁྱེད་རང་གི་བཅུ་བཞིའི་ཡ་གྱལ་དུ་བགྲངས་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་པའི་གཏན་ཚིགས་དགུ་པོ་དེ་དང་མིང་རིས་མཚུངས་པ་གྲང་རེག་ཕྱོགས་ནས་ཀྱང་དགུ་འབྱུང་བས་བཅོ་བརྒྱད། ཕན་ཚུན་སྤངས་འགལ་ལ་ཡང་མཚུངས་པ་གཉིས་འབྱུང་བས་ཉི་ཤུ། སྔ་མ་བཞི་དང་གཞན་རིགས་འཕེན་པ་ཉི་ཤུ་རྩ་བཞིར་ཁྱེད་ཀྱིས་ཁས་ལེན་དགོས་པ་ལས་དེ་ཡང་ཁྱེད་ཀྱིས་མི་འདོད་པའི་ཕྱིར་རོ། །དེ་ལྟར་ན། ལྷག་མ་ཡང་དག་གཏན་ཚིགས་ཀུན། །ཞེས་པ་མན་གྱི་འགྲེལ་པ་ལ། ཆེས་ཤིན་ཏུ་མི་འདྲ་བ་གཉིས་བྱུང་བ་ལས། ཧོར་པར་དུ་རྐོས་པ་ཅིག་ནི་ཆེས་ཤིན་ཏུ་མ་དག་པས་དོར་བར་བྱ་ལ། ཅིག་ཤོས་དང་དུ་བླང་བར་བྱའོ། །དེ་ལ་ཡང་མ་དག་པའི་ཆ་ཤས་ཙམ་ཡོད་དམ་མེད་ཞིབ་ཏུ་དཔྱད་པ་ལས་རྟོགས་པར་བྱའོ། །གཉིས་པ་འཐད་པའི་ཆ་བཞག་པ་ལ། འཇམ་དབྱངས་ཆོས་ཀྱི་རྗེས། གཏན་ཚིགས་ཡང་དག་ཐམས་ཅད་ཉི་ཤུར་བསྡུ་བ་མཛད་དེ། དེ་ཡང་འདི་ལྟར། འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་དང༌། འབྲེལ་ཟླ་མ་དམིགས་པ་བཞི་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུ་གཉིས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་རྣམས་སོ། །དེའི་ཕྱིར་ཐལ་འགྱུར་ལ་ཡང་འབྲས་རང་གི་ཐལ་འགྱུར་ཡང་དག་དང༌། འབྲེལ་ཟླ་མ་དམིགས་པའི་ཐལ་འགྱུར་ཡང་དག་ལ་སོགས་པ། ཉི་ཤུ་ཁོ་ནར་གྲངས་ངེས་པ་ཡིན་ནོ། །ཉི་ཤུ་པོ་དེའང་མིང་རིས་ཀྱི་སྒོ་ནས་ནི་བཅོ་བརྒྱད་ཁོ་ནར་འདུས་པ་ཡིན་ཏེ། ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་པོ་ལ། སྔ་མ་གཞན་དུ་མ་འདུས་པའི་མིང་རིས་ཟུར་པ་མེད་པའི་ཕྱིར། དེ་ལྟ་ན་ཡང་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཁྱབ་དམིགས་པ་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཁྱབ་དམིགས་པའི་དབྱེ་བས་ཐ་དད་དུ་ཕྱེ་བ་ཡིན་ནོ། །ཕན་ཚུན་སྤངས་འགལ་ལ་བརྟེན་པ་གཉིས་ནི་འདི་ཡིན་ཏེ། དངོས་འགལ་གྱི་ཁྱད་པར་དུ་བྱས་པའི་ཕན་ཚུན་སྤངས་འགལ་ལ་བརྟེན་པ་དང༌། ཚད་མས་གནོད་འགལ་ལ་བརྟེན་པའོ། །དང་པོ་ནི། དོན་བྱེད་ནུས་སྟོང་གིས་བྱས་ཡོད་འགོག་པའི་རྟགས་དང༌། ཐལ་འགྱུར་ལྟ་བུ་ཡིན་ལ། དེ་ནི་མཚན་ཉིད་མ་དམིགས་པའི་ཐལ་འགྱུར་དང་དོན་འདྲ་བས། སྒྲུབ་བྱེད་མི་འཕེན་པའི་ནང་དུ་འདུས་སོ། །འཕེན་པ་ཡང་ཡོད་དེ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པ་ལྟ་བུའོ། །འདི་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་ཡིན་ཏེ། བྱས་པ་དང་མ་བྱས་པ་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་བྱས་པས་མ་བྱས་པའི་ཁྱབ་བྱ་རྟག་པ་འགོག་ནུས་པའི་ཕྱིར་རོ། །གཉིས་པ་ཚད་མས་གནོད་འགལ་ནི། ངེས་གྱུར་དང་ལྟོས་བཅས་བཞིན་ནོ། །ལྷག་མ་རྣམས་ནི་རྟོགས་པར་སླའོ། །དེ་ལྟར་ཐལ་འགྱུར་ཉི་ཤུའི་ནང་ནས། བཟློག་ཕྱོགས་ལ་ཐལ་འགྱུར་ཡང་དག་ཏུ་རུང་བ་དང་མི་རུང་བ་དུ་ཞིག་ཡོད་ཅེ་ན། བཟློག་ཕྱོགས་ལ་ཐལ་འགྱུར་ཡང་དག་ཏུ་མི་རུང་བ་ལྔ་སྟེ། ལྔ་པོ་གང་ཞེ་ན་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་དུ་བཤད་པ་རྣམས་སོ། །ཅིག་ཤོས་ཕྱོགས་ལ། ཐལ་འགྱུར་ཡང་དག་ཏུ་རུང་བ་ནི་ལྷག་མ་བཅུ་བཞི་པོ་རྣམས་སོ། །དེ་ལྟར་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་དབྱེ་བ་ཉི་ཤུ་རྩ་བརྒྱད་དུ་འགྱུར་ལ། མཚན་གཞི་མི་འདྲ་བ་ངོས་འཛིན་རྒྱུ་ནི་ཉི་ཤུ་རྩ་བཞི་ལས་ལྷག་པ་མེད་དེ། འབྲས་བུའི་ཐལ་འགྱུར་ཡང་དག དེའི་བཟློག་དོན་གྱི་ཐལ་འགྱུར་ཡང་དག རྒྱུ་མ་དམིགས་པའི་ཐལ་འགྱུར་ཡང་དག དེའི་བཟློག་དོན་གྱི་ཐལ་འགྱུར་ཡང་དག་སྟེ་བཞི་པོ་ལ་མཚན་གཞི་སོ་སོ་བ་འཛིན་རྒྱུ་གཉིས་ལས་མེད་པའི་ཕྱིར་དང༌། རང་བཞིན་གྱི་ཐལ་འགྱུར་ཡང་དག་གི་དངོས་བཟློག་གཉིས་དང༌། ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་ཡང་དག་གི་དངོས་བཟློག་གཉིས་ཏེ། ཐལ་འགྱུར་ཡང་དག་བཞི་པོ་ལ། མཚན་གཞི་མི་འདྲ་བ་གཟུང་རྒྱུ་གཉིས་ལས་མེད་པའི་ཕྱིར་རོ། །དེ་ལྟར་ཉི་ཤུ་རྩ་བཞི་ལས། རང་རིགས་འཕེན་པ་ནི་དུ། གཞན་རིགས་འཕེན་པ་ནི་དུ་ཞེ་ན། རང་རིགས་འཕེན་པ་ནི་བརྒྱད་དོ། །གཞན་རིགས་འཕེན་པ་ནི་བཅུ་དྲུག་གོ །བརྒྱད་པོ་བཞིར་བསྡུས་ནས་གཞུང་རྩ་བར། བཟློག་པ་རང་རིགས་འཕེན་པ་བཞི། །གཞན་རིགས་འཕེན་པ་བཅུ་དྲུག་ཡོད། །ཅེས་བྱ་བ་འདི་ཁོ་ན་རྩ་བའི་གཞུང་ཡིན་ནོ། །འོ་ན་བརྒྱད་པོ་བཞིར་བསྡུ་ནུས་ན། བཅུ་དྲུག་པོ་ཡང་བཅུར་བསྡུ་ནུས་པ་མ་ཡིན་ནམ་ཞེ་ན། བསྡུ་བར་ནུས་པ་ལྟ་བུར་སྣང་མོད་ཀྱི། མ་བསྡུས་པ་ནི་རིགས་གཏེར་རྩ་འགྲེལ་གྱི་སྒྲ་སོར་བཞག་པ་ཡིན་ཏེ། དེ་ཡང་འདི་ལྟར། རང་རིགས་འཕེན་པའི་དབྱེ་བ་ངོས་འཛིན་པ་ན་བཞི་ཁོ་ནའམ། ཇི་ལྟར་མང་ཡང་ལྔ་ལས་ལྷག་པ་མེད་ལ། གཞན་རིགས་འཕེན་པའི་དབྱེ་བ་བགྲང་བ་ན། བཅུ་དྲུག་པོ་རེ་རེ་ནས་བགྲངས་པའི་ཕྱིར་རོ། །འོ་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུ་རྩ་བཞི་པོ་གང་ཞེ་ན། འདི་ལ་སོ་སོའི་དབྱེ་བ་དཔེར་བརྗོད་པ་དང༌། ཐལ་ངག་འགོད་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ལ་རང་རིགས་འཕེན་པའི་དངོས་བསྟན་གྱི་དབྱེ་བ་བཞི་བཤད། དེས་དོན་ཐོབ་བཞི་ཡང་མཚོན་པར་བསྟན་པའོ། །དང་པོ་ནི། མེ་ཡོད་ཀྱི་ཚང་མང་ལྟ་བུ། གྲང་རེག་རྒྱུན་ཆགས་པ་ཡོད་པར་ཁས་ལེན་པ་ལ། དེ་ཆོས་ཅན། མེ་རྒྱུན་ཆགས་པ་མེད་པར་ཐལ། གྲང་རེག་རྒྱུན་ཆགས་པར་ཁྱབ་པར་ནོན་པའི་ཕྱིར་ཞེས། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པས། མེ་རྒྱུན་ཆགས་པ་ཡོད་པའི་ཕྱིར། གྲང་རེག་རྒྱུན་ཆགས་པ་མེད་དོ་ཞེས། རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་ཉིད་འཕེན་པ་དང༌། ཡང་ཙནྡན་གྱི་མེ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་གཞིར། དེ་ཡོད་པར་ཁས་ལེན་པ་ལ། དེ་ཆོས་ཅན་ཙནྡན་གྱི་མེ་རྒྱུན་ཆགས་པས་ཁྱབ་པར་ནོན་པ་མིན་པར་ཐལ། བ་མོའི་རེག་པ་རྒྱུན་ཆགས་པ་ཡོད་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པས། དེ་ཆོས་ཅན། བ་མོའི་རེག་པ་རྒྱུན་ཆགས་པ་མེད་དེ། ཙནྡན་གྱི་མེ་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་ཕྱིར། ཞེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་ཉིད་འཕེན་པ་དང༌། ཡང་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་དེ་ཁས་ལེན་པ་ལ་དེ་ཆོས་ཅན། དུ་བ་དྲག་འཕྱུར་བ་རྒྱུན་ཆགས་པ་མེད་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་པ་ཡོད་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པས། དེ་ཆོས་ཅན་གྲང་འབྲས་སྤུ་ལོང་བྱེད་མེད་དེ། དུ་བ་དྲག་འཕྱུར་བ་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་ཕྱིར། ཞེས་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ཉིད་འཕེན་པ་དང་གསུམ་མོ། །གསུམ་པོ་འདི་ལ་སོགས་པ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་རྣམས་ཀྱི་སྐབས་སུ། སྤྱིར་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དང༌། ཐལ་འགྱུར་ཡང་དག་ཏུ་འགྱུར་བ་ལ། རྟགས་ལ་དེ་དང་དེའི་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་ཕྱིར་ཞེས་སྦྱོར་དགོས་ཏེ། གནོད་བྱེད་རྒྱུན་ལྡན་དགོས་པའི་ཕྱིར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ་ནི་ཐལ་ཆོས་ལ་རྒྱུན་ལྡན་མེད་པར་ཐལ་ཞེས་སྦྱོར་དགོས་ཏེ། བཟློག་དོན་གྱི་རྟགས་ལ་རྒྱུན་ལྡན་དགོས་པའི་ཕྱིར། འདིར་དགག་གཞི་མེའི་རྣམ་གཞག་ཅུང་ཟད་དེ་དཔྱོད་པའི་སྐབས་སུ། ཐལ་ཆོས་སྒྲུབ་ཆོས་གཉིས་ཀ་ལ། དེས་ཁྱབ་པར་ནོན་པའི་གཞི་མ་ཡིན་པར་ཐལ་བ་དང༌། གཞི་མ་ཡིན་ཏེ་ཞེས་དང༌། རྟགས་ལ་ཡང༌། དེ་རྒྱུན་ཆགས་པས་ཁྱབ་པར་ནོན་པའི་གཞི་ཡིན་པའི་ཕྱིར་ཞེས་སྦྱོར་རོ། །བཞི་པ་ནི། གང་དེ་དང་དེར་འགྱུར་བ་རྒྱུན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ན། དེ་དང་དེར་འགྱུར་བར་མ་ངེས་པས་ཁྱབ། དཔེར་ན། གོས་དཀར་པོ་ཚོན་ཅན་དུ་འགྱུར་བ་བཞིན། བུམ་པའང་འཇིག་པ་ཕྱིས་ཀྱི་རྒྱུ་གཞན་ལ་ལྟོས་པར་ཁས་བླངས་སོ་ཞེས་ཚད་མས་གནོད་འགལ་ལ་བརྟེན་པའི་འགལ་ཁྱབ་དམིགས་པའི་ཐལ་འགྱུར་གྱིས། གང་དེ་དང་དེར་འགྱུར་ངེས་ཡིན་ན། དེ་དང་དེར་འགྱུར་བ་རྒྱུ་གཞན་ལ་ལྟོས་པ་མེད་པས་ཁྱབ། དཔེར་ན་འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་རྒྱུ་ཚོགས་ཐ་མ་བཞིན། བུམ་པ་ཡང་འཇིག་པར་ངེས་པ་ཡིན་ནོ་ཞེས་ཚད་མས་གནོད་འགལ་ལ་བརྟེན་པའི་གཏན་ཚིགས་ཡང་དག་འཕེན་པའོ། །གཉིས་པ་དོན་གྱིས་ཐོབ་པ་བཞི་ནི། མེས་གྲང་རེག་འགོག་པའི་ཐལ་བ་དང༌། ཙནྡན་གྱི་མེས་བ་མོའི་རེག་པ་འགོག་པའི་ཐལ་བ་དང༌། དུ་བས་གྲང་འབྲས་སྤུ་ལོང་བྱེད་འགོག་པ་དང༌། ངེས་པས་ལྟོས་པ་འགོག་པ་རྣམས་སོ། །འདི་ཡང༌། དཔྱིད་དུས་ཀྱི་ཞིང་ཆོས་ཅན། མྱུ་གུ་སྐྱེད་པ་རྒྱུ་གཞན་ལ་མི་ལྟོས་པར་ཐལ། མྱུ་གུ་སྐྱེ་ངེས་ཡིན་པའི་ཕྱིར་ཞེས་པའི་ཐལ་བས། དེ་ཆོས་ཅན་མྱུ་གུ་སྐྱེད་ངེས་མ་ཡིན་ཏེ། དེ་སྐྱེད་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་ཞེས་འཕེན་པ་ཡིན་ནོ། །བཞི་པོ་གཞུང་འགྲེལ་དུ་དངོས་སུ་མ་གསུངས་པ་ནི་དོན་གྱི་གོ་བ་དགོངས་པ་ཡིན་ནོ། །གོ་བའི་རྒྱུ་མཚན་ཡང་སྔ་མ་བཞི་དང་རིམ་པ་བཞིན་རེ་རེ་ནས་མིང་རིས་གཅིག་པའི་ཕྱིར། དེ་ལས་གཞན་དུ་བཞི་ཞེས་པ་སྒྲ་ཇི་བཞིན་པར་འདོད་ན། ཐལ་འགྱུར་ཕྱི་མ་བཞི་པོ་འདི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན་ནི་འགྲེལ་པར། སྔར་བཤད་པའི་ཡང་དག་གི་རྟགས་ཉི་ཤུ་ལས། གསུམ་གྱི་ལྷག་མ་ཀུན་གྱི་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ། །ཞེས་གསུངས་པ་དང་འགལ་ཏེ། འདིར་བསྟན་གྱི་དོན་བཞི་པོ་དེ། སྔར་བཤད་པ་ཉི་ཤུའི་ནང་ན་ཡོད་པའི་ཕྱིར་རོ། །གཉིས་པ་གཞན་རིགས་འཕེན་པ་བཅུ་དྲུག་ནི། འབྲས་བུའི་ཐལ་འགྱུར་ཡང་དག་གིས་རང་རྒྱུད་ལ་རྒྱུ་མ་དམིགས་པའི་རྟགས་ཡང་དག་འཕེན་པ་དང༌། རྒྱུ་མ་དམིགས་པའི་ཐལ་འགྱུར་ཡང་དག་གིས། རང་རྒྱུད་ལ་འབྲས་བུའི་གཏན་ཚིགས་ཡང་དག་འཕེན་པ་དང༌། རང་བཞིན་གྱི་ཐལ་འགྱུར་ཡང་དག་འགའ་ཞིག་གིས། རང་རྒྱུད་ལ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་འཕེན་པ་དང༌། ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་ཡང་དག་འགའ་ཞིག་གིས་རང་རྒྱུད་ལ་རང་བཞིན་གྱི་གཏན་ཚིགས་ཡང་དག་འཕེན་པ་སྟེ་བཞི་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་ཐལ་འགྱུར་ཡང་དག་བཅུ་གཉིས་ལས་གསུམ་གྱིས་སྒྲུབ་བྱེད་མི་འཕེན། གསུམ་གྱིས་རང་རིགས་འཕེན། དེའི་ལྷག་མ་དྲུག་དང༌། དྲུག་པོ་དེའི་དངོས་དོན་བཟློག་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་ཐལ་འགྱུར་ཡང་དག་དྲུག་སྟེ་བཅུ་གཉིས་ཀྱིས་གཞན་རིགས་འཕེན་པར་བྱེད་དོ། །བཅུ་གཉིས་པོ་གང་ཞེ་ན། མེ་དང་བ་མོའི་རེག་པ་ཕན་ཚུན་འགོག་པ། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པས། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་འཕེན་པ་དང༌། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་འཕེན་པ་སྟེ་གཉིས་དང༌། མེ་དང་གྲང་འབྲས་སྤུ་ལོང་བྱེད་ཕན་ཚུན་འགོག་པ། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་འཕེན་པ་དང༌། རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་འཕེན་པ་སྟེ་གཉིས་དང༌། དུ་བ་དྲག་འཕྱུར་བ་དང༌། གྲང་རེག་ཕན་ཚུན་འགོག་པ། རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས། རང་རྒྱུད་ལ་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་འཕེན་པ་དང༌། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རང་རྒྱུད་ལ་རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་འཕེན་པ་དང༌། ཡང་དུ་བ་དང་བ་མོའི་རེག་པ་ཕན་ཚུན་འགོག་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་རང་རྒྱུད་ལ་འཕེན་པ་དང༌། ཁྱབ་བྱེད་དང་འགལ་བའི་འབྲས་བུའི་དམིགས་པའི་ཐལ་འགྱུར་གྱིས། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་འཕེན་པ་སྟེ་གཉིས་དང༌། ཡང་ཙནྡན་གྱི་མེ་དང་གྲང་རེག་ཕན་ཚུན་འགོག་པ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར་གྱིས། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་འཕེན་པ་དང༌། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་འཕེན་པ་སྟེ་གཉིས་དང༌། ཡང་ཙནྡན་གྱི་མེ་དང་གྲང་འབྲས་སྤུ་ལོང་བྱེད་ཕན་ཚུན་འགོག་པ་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་གྱིས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་འཕེན་པ་དང༌། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གྱིས། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་འཕེན་པ་སྟེ་གཉིས་དང༌། དེ་ལྟར་ན་བཅུ་དྲུག་གོ །གཉིས་པ་ཐལ་ངག་འགོད་ཚུལ་ལ་རྩོད་པ་སྤང་བ་ནི། དེ་ལ་རྣམ་པར་དཔྱོད་པ་ལྡན་པ་དག་འདི་སྙམ་དུ་དོགས་པར་འགྱུར་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུ་པོ་དག་གིས་མཚན་གཞི་ངོས་འཛིན་པ་ན། ཇི་སྐད་དུ། འགྲེལ་པར། མེ་མེད་པའི་ཕྱིར་དུ་བ་མེད་པར་ཐལ་ཞེས་རྒྱུ་མ་དམིགས་པའི་ཐལ་བས། དུ་བ་ཡོད་པའི་ཕྱིར་མེ་ཡོད་ཅེས་འབྲས་རྟགས་འཕེན་ཡང་དུ་བ་ཡོད་པའི་ཕྱིར་མེ་ཡོད་པར་ཐལ་ཞེས་འབྲས་བུའི་ཐལ་བས། མེ་མེད་པའི་ཕྱིར་དུ་བ་མེད་ཅེས་རྒྱུ་མ་དམིགས་པ་འཕེན་ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། གོང་དུ། ཕྱོགས་ཆོས་འཕེན་ན་སྦྱོར་བ་འཇིག །ཅེས་པའི་འགྲེལ་པར། དུ་བ་མེད་པར་ཐལ་ཞེས་བརྗོད་ན་ཐལ་འགྱུར་གྱི་དམ་བཅའ་བརྗོད་པའི་ངག་ལྷག་པས་ཚར་བཅད་ཀྱི་གནས་ཡིན་པར་བཤད་པ་དང་ཇི་ལྟར་མི་འགལ་བ་བརྗོད་དགོས་ཤེ་ན་བཤད་པར་བྱ་སྟེ། སྤྱིར་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ལ་གཉིས་ཏེ། སྒྲུབ་པའི་ངག་ཏུ་མ་བཀོད་པ་དང༌། བཀོད་པའོ། །དང་པོ་ནི། དུ་ལྡན་གྱི་ལ་མེ་མེད་དུ་ཁས་ལེན་པ་ལ། དུ་ལྡན་གྱི་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར་ཞེས་འཕངས་པའོ། །འདིས་སྒྲུབ་བྱེད་ཡང་དག་འཕེན་པ་ཡིན་ཏེ། དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་དོན་གྱིས་འཕངས་པས་སོ། །འདིར་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པས། སྒྲུབ་བྱེད་ཡང་དག་མ་བརྗོད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། བསྒྲུབ་བྱ་དངོས་སུ་བརྗོད་པ་དང་སྒྲུབ་བྱེད་ཡང་དག་བརྗོད་པ་གཉིས་ལ་འགལ་བ་མེད་པའི་ཕྱིར། དཔེར་ན། རྟགས་ཚིགས་རྣམ་དག་གི་མཇུག་བསྡུད་དུ་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པ་བཞིན་ནོ། །དེ་ལྟ་ན་ཡང་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་ན་སྒྲུབ་ངག་ཡང་དག་ཏུ་འགལ་བ་ལ་བསམས་ནས། སྔར་དེ་སྐད་དུ་བཤད་པ་ཡིན་ནོ། །འོ་ན་དེས་སྒྲུབ་བྱེད་ཡང་དག་འཕེན་ན། དེས་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཀྱང་དྲན་ལམ་དུ་འཕེན་པར་ནུས་སམ་ཞེ་ན། དེ་ནི་ནུས་པ་མ་ཡིན་ཏེ། དེས་དེ་འཕེན་པར་ནུས་པའི་ཡུལ་གྱི་ཁྱད་པར་ཡང་མ་ཚང༌། ཡུལ་ཅན་ངག་གི་ཁྱད་པར་ཡང་མ་ཚང་བའི་ཕྱིར། དེ་གཉིས་ཀ་མ་ཚང་བ་ཡིན་ཏེ། རྩ་བའི་ཐལ་འགྱུར་དང༌། རྩ་བའི་གཏན་ཚིགས་འགོད་པ་སྐབས་སུ་བབ་པ་དེའི་ཚེ། ཡུལ་གྱི་རྒོལ་བས་ཕལ་ཆེར་ཚུལ་གསུམ་ཚད་མས་མི་ཤེས་པའི་ཕྱིར་དང༌། སྐབས་དེར་ཁྱབ་པ་བརྗོད་པའི་ངག་མ་ཚང་བའི་ཕྱིར་རོ། །ཚུལ་གསུམ་རྒོལ་བའི་བློ་དེ་ལ་མ་ཚང་བའི་སྒྲུབ་བྱེད་ཡིན་ན། སྒྲུབ་བྱེད་ལྟར་སྣང་ཡིན་དགོས་སོ་སྙམ་དུ་དོགས་པར་མི་བྱ་སྟེ། ཚུལ་གསུམ་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་བློ་ངོར་མ་ཚང་ཡང་ཚུལ་གསུམ་དོན་ལ་ཚང་བའི་སྒྲུབ་བྱེད་ཡིན་ན་སྒྲུབ་བྱེད་ཡང་དག་ཡིན་དགོས་པའི་ཕྱིར། སྒྲུབ་བྱེད་གཏན་ཚིགས་ཡང་དག་ཡིན་ན་ནི་ཚུལ་གསུམ་རྒོལ་བའི་བློ་ངོར་ཡང་ཚང་དགོས་པས་ཁྱད་པར་ཡོད་པ་ཡིན་ནོ། །དེས་ན་སྒྲུབ་བྱེད་ཡང་དག་འཕེན་པའི་རྩ་བའི་ཐལ་འགྱུར་འདི། སྤྱིར་ཐལ་འགྱུར་ཡང་དག་ཡིན་ཀྱང༌། སྒྲུབ་པའི་ཐལ་འགྱུར་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བའི་ངོར། དེ་བཀོད་ན་ངག་སྐྱོན་ཅན་དུ་འགྱུར་བ་ཡིན་ནོ། །དོན་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས། འགྲེལ་པར། དུ་བ་མེད་པར་ཐལ་བ་ཤུགས་ལ་གོ་བས་དངོས་སུ་མི་བརྗོད་ཅེས་གསུངས་སོ། །གཉིས་པ་སྒྲུབ་པའི་ངག་ཏུ་བཀོད་པ་ནི། རྩ་བའི་ཐལ་འགྱུར་འཕངས། དེའི་འོག་ཏུ་ཚུལ་གསུམ་བསྒྲུབས་ནས། ཚུལ་གསུམ་ཤེས་ཤིང་མ་དྲན་པའི་སྔར་རྒོལ་གྱི་ངོར། ཕྱིར་རྒོལ་བས་སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་འཕེན་པར་བྱེད་དོ། །དེ་ལྟར་ན། སྒྲུབ་པའི་ཐལ་འགྱུར་ཡང་དག་འཕེན་པ་སྐབས་སུ་བབ་པ་ན། དུ་བ་མེད་པར་ཐལ་ཞེས་འཕེན་པ་ངག་ལྷག་པས་ཚར་བཅད་ཀྱི་གནས་ཡིན་པར་གསུངས་ལ། སྤྱིར་སྔར་རྒོལ་གྱིས་དམ་བཅའ་ལྟར་སྣང་བཞག་པ་ལ། གཞི་དེར་དུ་བ་མེད་པར་ཐལ་བ་ལ་སོགས་པ་ཐལ་འགྱུར་ཡང་དག་ཉི་ཤུ་པོ་སྤྱིར་སྒྲུབ་བྱེད་ཡང་དག་འཕེན་པ་ལ་དགོངས་ནས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཉི་ཤུ་པོའི་ངོས་འཛིན་མཛད་པ་ན། རྩ་བའི་ཐལ་འགྱུར་རྐྱང་པའི་སྒོ་ནས་ངོས་བཟུང་བ་ཡིན་ནོ། །ཉི་ཤུ་པོ་དེ་ཡང་སྒྲུབ་པའི་ཐལ་འགྱུར་གྱི་སྒོ་ནས་ངོས་བཟུང་བ་སྐབས་སུ་བབ་པ་ན་ངོས་འཛིན་པའི་ཚུལ་ནི། སྔར་བཤད་པ་ལས་དཔགས་ཏེ་ཤེས་པར་བྱའོ། །དེའི་ཕྱིར། རྔོག་ལོ་ཆེན་པོ་རྗེས་འབྲངས་དང་བཅས་པས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་པའི་ཐལ་འགྱུར་ཡིན་པས་ཁྱབ་པར་བཞེད་ཀྱང༌། རིགས་གཏེར་དུ་དེ་མི་རུང་སྟེ་གལ་ཏེ་རུང་ན་སྒྲུབ་པའི་ཐལ་འགྱུར་ཡང་དག་གི་ཟུར་དུ་ཐལ་ཞེས་བརྗོད་དགོས་པའམ་ཡང་ན། རྩ་བའི་ཐལ་ངག་དེ་སྐྱོན་ཅན་ཁོ་ནར་ཁས་ལེན་དགོས་པར་འགྱུར་རོ། །སྒྲུབ་པའི་ཐལ་འགྱུར་འགོད་པའི་ཚུལ་ལ་རྣམ་པ་ལྔ་སྟེ། ཆོས་མཐུན་པ་ཅན་དང༌། ཆོས་མི་མཐུན་པ་ཅན་དང༌། ཕྱོགས་ཆོས་རྐྱང་པ་བརྗོད་པ་དང༌། རྗེས་འགྲོ་རྐྱང་པ་བརྗོད་པ་དང༌། བཟློག་པ་རྐྱང་པ་བརྗོད་པའོ། །དང་པོ་ནི། བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་ཤིང༌། སྒྲ་བྱས་པར་ཡང་ཚད་མས་གྲུབ་ལ། ད་དུང་སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་གྱི་ངོར་ཕྱིར་རྒོལ་བས། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་པའོ། །གཉིས་པ་ནི། ཡང་རྒོལ་བ་དེའི་ངོར། །ཕྱིར་རྒོལ་བས་གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན། བུམ་པ་བཞིན་སྒྲ་ནི་རྟག་པར་ཁས་བླངས་སོ་ཞེས་པའོ། །གསུམ་པ་ནི། ཡང་དེ་འདྲའི་སྔར་རྒོལ་གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ཞེས་ཁར་འབྱིན་པ་ལ་ཕྱིར་རྒོལ་བས། འོ་ན་སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་བརྗོད་པའོ། །བཞི་པ་ནི། ཡང་དེ་འདྲའི་སྔར་རྒོལ་སྒྲ་རྟག་གོ་ཞེས་ངག་ཏུ་འབྱིན་པ་ལ། འོ་ན་གང་རྟག་ན་མ་བྱས་པ་ཡིན་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བརྗོད་པའོ། །ལྔ་པ་ནི། ཡང་དེ་འདྲའི་སྔར་རྒོལ། དམ་བཅའ་ཁར་འབྱིན་པ་ལ། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན། ཞེས་བརྗོད་པའོ། །དེ་ལྟར་ན་རྣམ་པ་ལྔའོ། །དེའི་སྟེང་དུ་ཁྱབ་པ་སྒྲུབ་པའི་ཐལ་འགྱུར་དང༌། དམ་བཅས་ལ་ཚད་མས་བསལ་པ་ཞུགས་ཚུལ་སྟོན་པའི་སྒྲུབ་པའི་ཐལ་འགྱུར་དང་གཉིས་ཡིན་ལ་སྔ་མ་ལ་ཡང་རྗེས་སུ་འགྲོ་ལྡོག་གི་དབྱེ་བས་གཉིས་ཏེ་བརྒྱད་དོ། །ད་ནི་དེ་ལ་དོགས་པ་སྤང་བར་བྱ་སྟེ། དེ་ལ་འདི་སྙམ་དུ་དོགས་པར་འགྱུར་ཏེ། ཕྱོགས་ཆོས་དང༌། རྗེས་འགྲོ་དང༌། བཟློག་པ་རྐྱང་པ་བརྗོད་པའི་ཐལ་འགྱུར་དུ་འདོད་པ་གསུམ་པོ་དེ་དག རིགས་གཏེར་མཛད་པས་སྒྲུབ་པའི་ངག་ཏུ་བཞེད་པ་མ་ཡིན་ཏེ། དེ་ལྟར་དུ་བཞེད་པར་རིགས་གཏེར་རྩ་འགྲེལ་ལས་མ་གསུངས་པའི་ཕྱིར། སྒྲུབ་ངག་ཡིན་པར་བཞེད་དུ་ཆུག་ཀྱང༌། ཐལ་འགྱུར་དུ་མི་བཞེད་དེ། ཐལ་ངག་དུ་མ་བཀོད་པའི་ཕྱིར། སྒྲུབ་པའི་ཐལ་འགྱུར་ཡིན་པར་བཞེད་དུ་ཆུག་ཀྱང༌། ཁྱབ་པ་རྐྱང་པ་བརྗོད་པའི་རང་རྒྱུད་དེ་དང་ཐལ་འགྱུར་གཉིས་ལ། ཐལ་རང་གི་ཁྱད་པར་མི་རྙེད་དེ། ཐལ་འགྱུར་དང་དེས་འཕངས་པའི་རང་རྒྱུད་གཉིས་ཀྱི་ཁྱབ་པ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་མི་བཞེད་པའི་དོགས་པ་བཀོད་པའོ། །བཞེད་པ་ལ་ཡང་དོགས་པ་འདི་འབྱུང་སྟེ། ཆོས་མཐུན་པ་ཅན་དང༌། མི་མཐུན་པ་ཅན་གྱི་ཐལ་བའི་སྒྲུབ་ངག་བཤད་མ་ཐག་པ་དེ་དག སྒྲུབ་ངག་ཡང་དག་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་དགོས་ལ། དེ་ལྟ་ན་ཆོས་མཐུན་པ་ཅན་གྱི་ཐལ་ངག་བཤད་མ་ཐག་པ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་འགྲོ་དངོས་སུ་བརྗོད་པ་དང༌། བཟློག་པ་ཤུགས་ལ་བརྗོད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡིན་པའི་ཕྱིར། ཡང་ཅིག་ཤོས་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བཟློག་པ་དངོས་སུ་བརྗོད་ཅིང༌། རྗེས་འགྲོ་ཤུགས་ལ་བརྗོད་པར་ཐལ། དེ་སྒྲུབ་ཀྱི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར་སྙམ་དུ་དོགས་པར་འགྱུར་བ་ཡིན་ནོ། །དེ་ནས་དེ་དག་རིམ་པ་བཞིན་དུ་སྤང་བར་བྱ་སྟེ། དང་པོ་ནི། དེ་དག་སྒྲུབ་པའི་ངག་ཏུ་བཞེད་པ་ཡིན་ཏེ། སྒྲུབ་པའི་ཐལ་འགྱུར་ཡང་དག་བཞེད་པ་སྙོན་མི་ནུས་པར་སྒྲུབ་ཟིན་ལ། དེ་ལྟར་སྒྲུབ་པས་ན། སྒྲུབ་ངག་ཡང་དག་གི་འགོད་པའི་ཚུལ་འཆད་པའི་སྐབས་སུ། བླུན་པོ་ལ་ནི་ཉུ་རྒྱས་སྦྱར། །མཁས་པ་ལ་ནི་གཏན་ཚིགས་ཉིད། །ཅེས་གསུངས་པའི་རྩ་འགྲེལ་གྱི་དོན་ལ་ལེགས་པར་བརྟགས་པ་ན་དེ་དང་དེ་ཞལ་གྱིས་བཞེས་དགོས་པར་གྲུབ་པའི་ཕྱིར། གཉིས་པ་ནི། དེ་དང་དེ་དག་ལ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཀྱང་ཚང་བ་ཡིན་ཏེ། གཞན་གྱིས་ཁས་བླངས་པའི་རྟགས་ལས། མི་འདོད་པའི་བསྒྲུབ་བྱ་འཕེན་པར་ནུས་པའི་ཕྱིར་ཏེ། སྔར་རྒོལ་རྟགས་དང་ཁྱབ་པ་གང་རུང་ངག་ཏུ་འབྱིན་པ་ལ། ཕྱིར་རྒོལ་བས་འོ་ན་སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་དང༌། འོ་ན་གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ཞེས་བརྗོད་པ་གཉིས་ཀས་ཀྱང་སྒྲ་མ་བྱས་པར་ཐལ་བ་དོན་གྱིས་འཕངས་པའི་ཕྱིར་རོ། །གསུམ་པ་ནི་ཐལ་རང་གཉིས་ཀྱི་ཁྱབ་པ་རྐྱང་པ་བརྗོད་པའི་ངག་གི་ཁྱད་པར་སྐབས་སྟོབས་ལས་སོ་སོར་ཤེས་པར་འགྱུར་ཏེ། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་ཕྱིར་རྒོལ་སྒྲ་བྱས་སོ་ཞེས་ངག་ཏུ་འབྱིན་པ་ལ། སྔར་རྒོལ་གྱིས་འོ་ན་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན་ཞེས་བརྗོད་པ་དེའི་ཚེ་ན་ནི་ཁྱབ་པ་རྐྱང་པ་བརྗོད་པའི་རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་ཏུ་འགྱུར་ལ། ཡང་སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་སྒྲ་རྟག་གོ་ཞེས་ངག་ཏུ་འབྱིན་པ་དེ་ལ་ནི། འོ་ན་བྱས་ན་མི་རྟག་པ་ཡིན་པས་ཁྱབ་དཔེར་ན་བུམ་པ་བཞིན་ཞེས་བརྗོད་པའི་ཚེ་ན། ངག་དེ་ཁྱབ་པ་རྐྱང་པ་བརྗོད་པའི་ཐལ་ངག་ཏུ་འགྱུར་བའི་ཕྱིར་ཏེ། གཞན་གྱིས་ཁས་བླངས་པའི་རྟགས་ལས་གཞན་མི་འདོད་པའི་གྲུབ་བྱ་འཕེན་ནུས་པའི་ངག་ཡིན་པའི་ཕྱིར་རོ། །དོགས་པ་བཞི་པ་དེ་ཡང་སྤང་བར་བྱ་སྟེ། འདི་ལྟར། སྒྲ་རྟག་པ་སུན་འབྱིན་པར་བྱེད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གང་ཡིན་པ་དེ། སྒྲ་རྟག་པ་འགོག་པར་བྱེད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ནི་དངོས་ཡིན་ལ། དེར་མ་ཟད་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་འཕེན་པར་ནུས་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དངོས་ཡིན་ཀྱང༌། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་འགོད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཏུ་ཁས་མི་ལེན་པའི་ཕྱིར་ཉེས་པ་དེ་དག་མེད་དོ། །གསུམ་པ་དེ་ལས་གཞན་པའི་ཐལ་འགྱུར་ཡང་དག་ཡོད་མེད་དཔྱད་པ་ལ། དྲི་བ་དང༌། དེའི་ལན་ནོ། །དང་པོ་ནི། འོ་ན་ཇི་སྐད་དུ་བཤད་མ་ཐག་པའི་ཐལ་འགྱུར་ཡང་དག་གི་དབྱེ་བ་ཉི་ཤུ་པོ་དེར་མ་འདུས་པའི་ཐལ་འགྱུར་ཡང་དག་གཞན་ཡོད་དམ་མེད་ཅེ་ན། གཉིས་པ་ལན་ལ་གཞན་གྱི་ལུགས་རྣམ་པར་བཤད་པ་དང༌། རང་གི་ལུགས་གཞག་པའོ། །དང་པོ་ནི། རིགས་པའི་དབང་ཕྱུག་ཕྱྭ་པ་ནི། །ཇི་སྐད་བཤད་པ་དེར་མ་འདུས་པའི་ཐལ་འགྱུར་ཡང་དག་ཡོད་པར་བཞེད་པ་ཡིན་ཏེ། རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ། ཁྱབ་པ་ཁས་བླངས་རྟགས་ཚད་མས་གྲུབ་པ་དེ་གསུམ་པོ་ལ། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པ་དང༌། ཁས་བླངས་ཀྱིས་བསལ་པ་ཞུགས་པ་གཉིས་གཉིས་སུ་ཕྱེ་བས་དྲུག དྲུག་པོ་དེའི་ནང་ནས། རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་དང༌། ཁྱབ་པ་ཁས་བླངས་རྟགས་ཚད་མས་གྲུབ་པ་གཉིས་ལས་ཕྱེ་པའི་བཞི་པོ་དེ། བཤད་མ་ཐག་པ་དེའི་ནང་དུ་མི་འདུ་བར་བཞེད་པ་ཡིན་ཏེ། སློབ་དཔོན་དེས། འདིའི་སྐབས་ཀྱི་སྒྲུབ་བྱེད་འཕེན་པ་དང་མི་འཕེན་པ་གཉིས་ལ་བཅོ་བརྒྱད་ཀྱི་གྲང་ངེས་མཛད་ཅིང༌། བཅོ་བརྒྱད་པོ་ཡང་ཁྱབ་པ་ཚད་མས་གྲུབ་པ་ཁོ་ན་ལ་བཤད་པའི་ཕྱིར་རོ། །སྐབས་འདིར་ཕྱྭ་པ་ལ་ནང་འགལ་བ་ཡང་འདི་སྣང་སྟེ། ཐལ་འགྱུར་ཡང་དག་ཡིན་ན། དམ་བཅའ་ལ་ཁས་བླངས་དང་ཚད་མས་བསལ་པ་གང་རུང་ཞུགས་པས་ཁྱབ་པར་བཞེད་པ་དང༌། རང་བཞིན་མ་དམིགས་པའི་ཐལ་འགྱུར་ལ་སོགས་པ་ལྔ་པོ་དག་གིས་སྒྲུབ་བྱེད་མི་འཕེན་པའི་རྒྱུ་མཚན་བཤད་པ་དང་ནང་འགལ་ལོ། །ཇི་ལྟར་འགལ་ཞེ་ན། འོ་ན་བུམ་པ་ཡོད་པའི་གཞིར་བུམ་པ་ཚད་མས་མ་དམིགས་པར་ཁས་ལེན་པ་ལ། དེར་ཆོས་ཅན། བུམ་པ་མེད་པར་ཐལ་བུམ་པ་ཚད་མས་མ་དམིགས་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། ཐལ་ངག་དེ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་བཞེད་པས། དེའི་དམ་བཅའ་ལ་ཁས་བླངས་ཀྱིས་བསལ་པ་ཞུགས་སམ། ཚད་མས་བསལ་པ་ཞུགས། དང་པོ་ལྟར་ན། དེས་དེར་བུམ་པ་ཡོད་པར་ཁས་བླངས་པར་འགྱུར་ལ། དེ་ལྟ་ན་དེས་དེར་བུམ་པ་དམིགས་པར་ཡང་ཁས་བླངས་པར་འགྱུར་ལ། དེ་ལྟ་ན་རྟགས་བདེན་ཞེན་གྱིས་ཁས་བླངས་པར་མི་འགྱུར་རོ། །ཅི་སྟེ་དེས་དེར་བུམ་པ་ཡོད་པའི་ཐ་སྙད་ཁས་བླངས་ཀྱང༌། དོན་ཁས་མ་བླངས་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། ཐ་སྙད་གྲུབ་ལ་དོན་མ་གྲུབ་པ་ནི་གཞི་གཅིག་གི་སྟེང་དུ་མི་སྲིད་དོ། །ཅི་སྟེ་ཐ་སྙད་མ་ངེས་བཞིན་དུ་ཁས་བླངས་པ་ཡིན་ནོ་ཞེ་ན། དེ་ལྟར། དམ་བཅའ་ལ་ཁས་བླངས་ཀྱིས་བསལ་པ་ཞུགས་པར་མི་འགྲུབ་སྟེ། རྫུན་གྱི་ཚིག་བཞིན་ནོ། །གཉིས་པ་ལྟར་དམ་བཅའ་ལ་ཚད་མས་བསལ་པ་ཞུགས་སོ་ཞེ་ན། དེ་ལྟ་ན་དེས་དེར་བུམ་པ་ཡོད་པར་ཚད་མས་གྲུབ་པར་གྱུར་ལ། དེ་ལྟ་ན་དེས་དེར་བུམ་པ་དམིགས་པར་གྲུབ་པར་འགྱུར་ལ། དེ་ལྟ་ན། རྟགས་དེ་གཞན་གྱིས་ཁས་བླངས་པ་མེད་པར་འགྱུར་རོ། །གྲགས་པའི་དབང་ཕྱུག་རྩང་ནག་པ་དང༌། གྲུབ་པའི་དབང་ཕྱུག་འཇམ་པའི་རྡོ་རྗེ་ལ་སོགས་པ་ནི། ཕྱྭ་པ་བཞེད་པའི་ཕན་ཚུན་སྤངས་འགལ་མ་བགྲངས་པའི་བཅོ་བརྒྱད་དང༌། རིགས་གཏེར་དུ་དེ་བགྲངས་པའི་ཉི་ཤུར་བཤད་པ་དེར་མ་འདུས་པའི་ཐལ་འགྱུར་ཡང་དག་གི་དབྱེ་བ་དུ་མ་བཞེད་དེ། དེ་ཡང་འདི་ལྟར། ཕན་ཚུན་སྤངས་འགལ་ལ་ཡང་ལྷན་ཅིག་མི་གནས་འགལ་བ་བཞིན་དུ་དགག་བྱ་མེ་མེད་དང༌། མེ་མེད་འཛིན་པའི་ཤེས་པ་དང༌། མེ་མེད་ཀྱི་རྒྱུ་ནུས་པ་ཐོགས་མེད་དང༌། ཁྱབ་བྱ་མེ་མེད་ཀྱི་དངོས་པོ་སྟེ་བཞི་ལ། འགོག་བྱེད་མེ་དང༌། མེ་ཡོད་འཛིན་པའི་ཤེས་པ་དང༌། མེ་ཡོད་ཀྱི་རྒྱུ་ནུས་པ་ཐོགས་མེད་དང༌། ཁྱབ་བྱ་མེ་ཡོད་ཀྱི་དངོས་པོ་སྟེ་བཞི་པོ་ཕན་ཚུན་གནོད་བྱ་གནོད་བྱེད་དུ་སྦྱར་བས་བཅུ་གཅིག་ཡིན་ནོ་ཞེས་ཟེར་བ་དང༌། ཡང་ནུས་པ་ཐོགས་མེད་ཀྱིས་འགོག་མི་ནུས་པས་བཅུ་གཉིས་ཡིན་ཅིང༌། དེའི་ནང་ནས་དངོས་འགལ་ལ་རྟགས་དང་རྟགས་ཅན་མི་རུང་བས། ལྷག་མ་བཅུ་གཅིག་པོ་ལ་ནུས་པ་ཐོགས་མེད་དགག་བྱའི་ཆོས་སུ་སྦྱར་བ་གསུམ་གྱིས་སྒྲུབ་བྱེད་མི་འཕེན་པ་དང༌། ལྷག་མ་བརྒྱད་པོ་ལ་རང་རིགས་འཕེན་པ་གསུམ་དང༌། གཞན་རིགས་འཕེན་པ་ལྔར་ཕྱེ་ནས། སྔར་བཤད་པ་དེ་དག་ཏུ་མ་འདུས་པ་མང་པོ་དག་བཞེད་དོ། །དེ་དག་ནི་སློབ་དཔོན་ཕྱྭ་པའི་ཡང་ཕུགས་ཀྱི་བཞེད་པར་སོང་སྟེ་ཚད་མ་རྣམ་པར་ངེས་པའི་ཊཱིཀྐར་གསལ་ལོ། །གཉིས་པ་རང་གི་ལུགས་གཞག་པ་ལ། དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཐལ་འགྱུར་ཡང་དག་ཡིན་ན་སྔར་བཤད་པའི་ཉི་ཤུ་པོ་གང་རུང་ཡིན་དགོས་ཏེ། ཐལ་འགྱུར་ཡང་དག་ཡིན་ན། འབྲས་རང་མ་དམིགས་པའི་ཐལ་འགྱུར་ཡང་དག་གསུམ་པོ་གང་རུང་ཡིན་དགོས། མ་དམིགས་པའི་ཐལ་འགྱུར་ཡང་དག་ཡིན་ན། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པ་གང་རུང་ཡིན་དགོས། འབྲེལ་ཟླ་མ་དམིགས་པའི་ཐལ་འགྱུར་ཡང་དག་ཡིན་ན་རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པ་བཞི་པོ་གང་རུང་ཡིན་པས་ཁྱབ། ཡང་འགལ་ཟླ་དམིགས་པའི་ཐལ་འགྱུར་ཡང་དག་ཡིན་ན་ཕན་ཚུན་སྤངས་འགལ་ལ་བརྟེན་པ་དང༌། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་གང་རུང་ཡིན་པས་ཁྱབ། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཐལ་འགྱུར་ཡང་དག་ཡིན་ན་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དང༌། ཚད་མས་གནོད་འགལ་ལ་བརྟེན་པ་གང་རུང་ཡིན་པས་ཁྱབ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་ཐལ་འགྱུར་ཡང་དག་ཡིན་ན་བཅུ་གཉིས་པོ་གང་རུང་ཡིན་དགོས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་རྟགས་ཡང་དག་གི་གྲང་ངེས་འཇོག་ཚུལ་དང་མཚུངས་པ་ཡིན་པས་སོ། །གཉིས་པ་རྩོད་པ་སྤང་བ་ནི། འོ་ན་དེར་མ་འདུས་པའི་མི་སྣང་བ་མ་དམིགས་པའི་ཐལ་འགྱུར་ཡང་དག་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། གཞི་འགའ་ཞིག་ཏུ་འདྲེ་ཤ་ཟའི་བུམ་པ་ཚད་མས་མ་དམིགས་པར་ཁས་ལེན་པ་ལ། གཞི་དེར་ཆོས་ཅན། ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པར་ཐལ་ཞེས་འཕེན་དགོས་ལ། དེ་ལྟར་འཕངས་པ་དེ་ལ་ནི་བསལ་པ་ཡོད་མི་སྲིད་དེ། གཞི་གང་གི་སྟེང་དུ་ཡིན་ཀྱང་རུང༌། གཞི་དེར་བསྐལ་པའི་དོན་ལ་གཞི་དེར་ཡོད་པར་ངེས་པའི་ཐ་སྙད་དོན་མཐུན་འཇུག་པ་མི་སྲིད་པའི་ཕྱིར་རོ། །འོ་ན་ཞར་ལ་རིགས་པའི་གཏེར་དུ་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱི་རྣམ་གཞག་མི་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་དབྱེ་འཆད་པའི་སྐབས་སུ་མི་སྣང་བ་མི་དམིགས་པའི་གཏན་ཚིགས་ཡང་དག་མི་གསུང་བའི་རྒྱུ་མཚན་ཉིད་ཀྱིས་གྲུབ་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། དེའི་ཕྱོགས་ཆོས་ཇི་ལྟ་བ་བཞིན་དུ་མི་འགྲུབ་པ་ལ་དགོངས་པ་ཡིན་ནོ། །དེ་མི་འགྲུབ་པའི་རྒྱུ་མཚན་ཡང༌། ཇི་སྐད་དུ། འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ཞེས་གཏན་ཚིགས་དེས་སྒྲུབ་བྱ་མི་འགྲུབ་པར་བཤད་ལ། དེ་མི་བསྒྲུབ་པའི་གཏན་ཚིགས་ཡང་དག་རྣམས་ལ་སྒྲུབ་བྱ་མེད་ལ། དེ་མེད་པ་ལ་ཕྱོགས་ཀྱི་ཆོས་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ཐལ་འགྱུར་ལྟར་སྣང་ལ་གཞན་གྱི་ལུགས་དགག་པ་ནི་གོང་དུ་བཤད་ཟིན་ལ། རང་གི་ལུགས་གཞག་པ་དང་རྩོད་པ་སྤང་བ་གཉིས་སོ། །དང་པོ་ལ་མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རབ་ཏུ་དབྱེ་བའོ། །དང་པོ་ནི། གཞན་མི་འདོད་པའི་ཆོས་ཐལ་བར་འཕེན་པའི་བསམ་པས་འཕངས་པའི་ངག་གང་ཞིག དེ་འཕེན་མི་ནུས་པའོ། །ཡང་ན་འཁོར་གསུམ་མ་ཚང་བའི་ཐལ་འགྱུར་རོ། །གཉིས་པ་ནི། གཞན་མི་འདོད་པའི་ཆོས་ཐལ་བར་འཕེན་པའི་ངག་ལྟར་སྣང་ཡང་དེའི་དོན་བྱེད་མི་ནུས་པའི་ཕྱིར། དེ་སྐད་ཅེས་བྱའོ། །གསུམ་པ་ནི། དེ་ལ་དབྱེ་ན། འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་སྟེ་གསུམ་དང༌། གསུམ་པོ་མ་འདུས་པའི་བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་ལྟར་སྣང་དང་བཞིའོ། །དང་པོ་ལ་མཚན་ཉིད་ནི། རྟགས་ཁས་བླངས་ཤིང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ཚད་མས་ངེས་པའི་ཐལ་འགྱུར་རོ། །དེ་ལ་དབྱེ་ན་འདོད་ལན་ཐེབས་པ་དང༌། མི་ཐེབས་པ་གཉིས། དང་པོ་ནི། ནམ་མཁའ་ཆོས་ཅན། རྟག་པར་ཐལ་དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་དང༌། གཉིས་པ་ནི་སྒྲ་ཆོས་ཅན། རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །མ་ངེས་པའི་ཐལ་འགྱུར་ལྟར་སྣང་གི་མཚན་ཉིད། རྟགས་ཁས་བླངས་ཤིང་ཁྱབ་པ་རྣལ་ལོག་གང་དུ་ཡང་ཚད་མས་མ་ངེས་པའི་ཐལ་འགྱུར་རོ། །དེ་ལ་དབྱེ་ན་འདོད་ལན་ཐེབས་པ་དང༌། མི་ཐེབས་པ་གཉིས། དང་པོ་ནི་སྒྲ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་ནི་ནམ་མཁའ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་ལ། མཚན་ཉིད་ནི། གཞན་གྱིས་ཁས་བླངས་མེད་པའི་གཏན་ཚིགས་བཀོད་ནས་ཐལ་བ་འཕེན་པའི་ངག་གོ །དེ་ལ་དབྱེ་ན། སྒྲ་ཆོས་ཅན་རྟག་པར་ཐལ་བྱས་པའི་ཕྱིར་ལྟ་བུའི་ཁྱབ་པ་འགལ་བ་དང༌། མོ་གཤམ་གྱི་བུ་ཆོས་ཅན། མི་རྟག་པར་ཐལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ཁྱབ་པ་མ་ངེས་པ་དང༌། རི་བོང་གི་རྭ་ཆོས་ཅན། མི་རྟག་པར་ཐལ་བྱས་པའི་ཕྱིར་ཞེས་པ་ལྟ་བུ་ཁྱབ་པ་ཚད་མས་གྲུབ་སྟེ་གསུམ་ཡོད་ལ། གསུམ་པོ་རེ་རེ་ལ་ཡང་འདོད་ལན་ཐེབས་པ་དང༌། མི་ཐེབས་པ་གཉིས་གཉིས་སོ། །བཞི་པ་ལ་མཚན་ཉིད་ནི། རྟགས་ཁས་བླངས་པའི་སྟེང་དུ། རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་ཅིང༌། ཐལ་ཆོས་ལ་བསལ་པ་མེད་པའོ། །མཚན་གཞི་ནི། སྒྲ་བྱས་པ་ཡིན་པར་ཁས་བླངས་དང་ཚད་མ་གཉིས་ཀས་གྲུབ་ཅིང༌། བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ཤེས་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕངས་པ་ལྟ་བུའོ། །འདི་འགལ་བ་དང༌། མ་ངེས་པའི་ཐལ་འགྱུར་མ་ཡིན་ཏེ། འདིའི་ཁྱབ་པ་རང་གང་ལ་འཕངས་པའི་རྒོལ་བས་ཚད་མས་ཤེས་པའི་ཕྱིར། མ་གྲུབ་པའི་ཐལ་འགྱུར་མ་ཡིན་ཏེ། རྟགས་རང་གང་ལ་འཕངས་པའི་རྒོལ་བའི་ཚད་མས་ཤེས་ཤིང་ཁས་བླངས་པའི་ཕྱིར། འདི་ཐལ་འགྱུར་ཡང་དག་ཀྱང་མ་ཡིན་ཏེ། གཞན་མི་འདོད་པའི་ཆོས་ཐལ་བར་མ་འཕངས་པའི་ཕྱིར། དེའི་ཕྱིར་འདི་ན་གང་དག ཕྱིར་རྒོལ་གྱིས་སྒྲ་མི་རྟག་པའི་ཤེས་བྱེད་དྲིས་པ་ན། རྒོལ་བས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར། ཞེས་ཟེར་བ་ཅིར་ཡང་མི་རུང་སྟེ། རང་རྒྱུད་དུ་ནི་མ་བཀོད། ཐལ་འགྱུར་ནི་ལྟར་སྣང་ཁོ་ན་ལས་མ་འདས་པའི་ཕྱིར། ཡང་གང་དག ད་ལྟ་རྒོལ་བ་ལ་ཁས་བླངས་པ་མེད་ཀྱང༌། མ་འོངས་པ་ན་ཁས་བླངས་ནང་འགལ་འོང་བ་ལ་རེ་ནས། སྒྲ་ཆོས་ཅན། རྟག་པར་ཐལ། རྟག་པའི་ཕྱིར། མ་གྲུབ་ན་རྟགས་སོང་ངོ༌། །བསལ་པ་སོང་ངོ་ཞེས་ཟེར་བ་ནི་སྤྱིར་ཚར་བཅད་ཀྱི་གནས་ཡིན་ཏེ། སུན་འབྱིན་བརྗོད་པའི་ཕྱིར་རྒོལ་དུ་ཁས་བླངས་ནས། རྒོལ་བ་ལ་ཁས་ལེན་མེད་པའི་སུན་འབྱིན་བརྗོད་པའི་ཕྱིར་རོ། །ཁས་བླངས་ཡོད་དུ་ཆུག་ཀྱང་མ་ངེས་པའམ། མ་གྲུབ་པའི་ཐལ་འགྱུར་ལྟར་སྣང་གང་རུང་ལས་མ་འདས་པ་ཡིན་ཏེ། རྟགས་དང་ཆོས་ཐ་དད་མེད་པའི་ཕྱིར་དང༌། རྟགས་ཆོས་གཉིས་ལ་དངོས་དང་བཟློག་པ་གང་རུང་གི་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་དེ་འདྲའི་དུས་ཀྱི་ཚེ་སྒྲ་རྟག་གམ་མི་རྟག་ཅེས་འདྲི་བ་ཡིན་གྱི། རྟགས་ཆོས་ཐ་དད་མེད་ཀྱི་ཐལ་འགྱུར་འཕེན་པ་ནི་རིགས་པའི་གཞུང་གི་ལུགས་མ་ཡིན་ནོ། །དེ་ལྟར་ན། འགལ་བའི་ཐལ་འགྱུར་ལ་ཁྱབ་པ་འགལ་བའི་ལན་འདེབས་ཀྱང༌། ཁྱབ་པ་འགལ་བའི་ལན་ཐེབས་པའི་ཐལ་འགྱུར་ཡིན་ན། འགལ་བའི་ཐལ་འགྱུར་ཡིན་པས་མ་ཁྱབ་སྟེ། མ་གྲུབ་པའི་ཐལ་འགྱུར་འགའ་ཞིག་ལ་ཁྱབ་པ་འགལ་བའི་ལན་ཐེབས་པའི་ཕྱིར། ཁྱབ་པ་མ་ངེས་པའི་ལན་ཐེབས་པའི་ཐལ་འགྱུར་ཡིན་ན་ཡང་མ་ངེས་པའི་ཐལ་འགྱུར་ཡིན་མི་དགོས་ཏེ། མ་གྲུབ་པའི་ཐལ་འགྱུར་འགའ་ཞིག་ལ། ཁྱབ་པ་མ་ངེས་པའི་ལན་ཐེབས་པའི་ཕྱིར་རོ། །དེ་ལྟ་ན་ཡང༌། རྟགས་མ་གྲུབ་པའི་ལན་ཐེབས་པའི་ཐལ་འགྱུར་ཡིན་ན། མ་གྲུབ་པའི་ཐལ་འགྱུར་ཡིན་པས་ཁྱབ་ཅིང༌། འདོད་ལན་ཐེབས་པའི་ཐལ་འགྱུར་ཡིན་ན། བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་ཡིན་པས་ཁྱབ་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། རྟགས་མ་གྲུབ་པས་མ་གྲུབ་པའི་གཏན་ཚིགས་སུ་འཇོག་ནུས་ལ། ཁྱབ་པ་འགལ་བ་དང་མ་ངེས་པ་ཙམ་གྱིས་འགལ་བ་དང༌། མ་ངེས་པའི་གཏན་ཚིགས་སུ་འཇོག་མི་ནུས་པ་ལ་ཐུག་པ་ཡིན་ནོ། །འོ་ན་གྲངས་ཅན་སྒྲ་རྟག་པར་ཁས་ལེན་པ་ལ་སངས་རྒྱས་པས་སྒྲ་ཆོས་ཅན། རྟག་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པ་འདི་ཡང༌། བསལ་པ་ཡེ་མེད་དུ་ཐལ། གྲངས་ཅན་གྱིས་དེ་ལ་འདོད་ལན་ཐེབས་པའི་ཕྱིར། འདོད་མི་ནུས་ཏེ་ཚད་མས་བསལ་པ་ཞུགས་པའི་ཕྱིར་ཞེ་ན། དེ་ཡང་དེ་ལྟ་མ་ཡིན་ཏེ། སྤྱིར་སྒྲ་རྟག་པ་ལ་ཚད་མས་བསལ་པ་ཞུགས་ཀྱང༌། གྲངས་ཅན་ལ་དེ་ལྟར་འཕངས་པའི་ཚེ། གྲངས་ཅན་ལ་ལྟོས་ཏེ་བསལ་པ་ཡེ་མེད་དུ་བཞག་དགོས་ཏེ། གྲངས་ཅན་གྱིས་སྒྲ་རྟག་པར་ཚད་མས་གྲུབ་ན་ནི། རྟགས་བདེན་ཞེན་གྱིས་ཁས་མི་ལེན། དེ་ཚད་མས་མ་གྲུབ་ན་ནི། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པ་མི་འབྱུང་བའི་ཕྱིར། དེའི་ཕྱིར། འདི་ན་ཡང་གང་དག རྒོལ་བ་སྒྲ་བྱས་པ་དང༌། རྒྱུ་རྐྱེན་ལས་སྐྱེས་པར་ཚད་མས་མི་ཤེས་ཤིང༌། སྒྲ་རྟག་པར་བདེན་ཞེན་གྱིས་ཁས་ལེན་པ་ལ་སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་ཐལ་བ་འཕངས་ནས། དེ་ལ་འདོད་ལན་བཏབ་པའི་ཚེ། སྒྲ་ཆོས་ཅན་བྱས་པར་ཐལ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་གཏན་ཚིགས་སུ་འགོད་པ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀས་ཀྱང་རྩོད་པའི་གཞུང་ལུགས་ལ་ལེགས་པར་མི་ཤེས་པ་ཡིན་ནོ། །མི་ཤེས་པ་ཇི་ལྟར་ཡིན་ཞེ་ན། དེ་ཡང་སྔར་རྒོལ་གྱིས་ལན་འདེབས་མ་ཤེས་པ་ཡིན་ཏེ། སྒྲ་མ་བྱས་པར་ཁས་བླངས་ན་ཉེས་པ་ཅིར་འགྱུར་ཞེས་འདྲི་རྒྱུ་ཡིན་པ་ལ་མཐའ་གཅིག་ཏུ་འདོད་ལན་བཏབ་པའི་ཕྱིར། འདོད་ལན་འདེབས་རྒྱུ་མ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། མ་ཡིན་ཏེ། སྒྲ་མ་བྱས་པ་ཡིན་པ་རྒོལ་བ་དེའི་རྩ་བའི་གྲུབ་མཐའ་མ་ཡིན་ཞིང༌། གསར་དུ་རིགས་པས་ཤེས་པས་ཡང་མ་ཡིན་པའི་ཕྱིར། རྩ་བའི་གྲུབ་མཐའ་ཡིན་ན་ནི་མ་བྱས་པར་ཐལ་བ་འཕེན་པ་ལྷག་ཆོད་ཀྱི་གནས་སུ་འགྱུར་བའི་ཕྱིར། དེས་དེ་གསར་དུ་རིགས་པས་ཤེས་པ་ཡིན་ན་ནི་ཐལ་འགྱུར་དེས་སྒྲུབ་བྱེད་ཡང་དག་འཕེན་པར་མི་འགྱུར་རོ། །ཕྱིར་རྒོལ་བས་མ་ཤེས་པ་ཇི་ལྟར་ཞེ་ན། མ་ཤེས་པ་ཡིན་ཏེ། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་དང༌། གལ་ཏེ་རྒྱུ་རྐྱེན་ལས་སྐྱེས་པར་གྲུབ་ཏུ་ཆུག་ཀྱང༌། བཟློག་དོན་མི་འཕེན་ཅིང༌། དངོས་དོན་ལ་སྐྱོན་ཆགས་པས་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ཚད་མ་འདྲེན་མི་ནུས་པའི་ཕྱིར། དངོས་དོན་ལ་སྐྱོན་ཆགས་པ་ཡིན་ཏེ། རང་གི་ཞེ་འདོད་ཀྱི་སྒྲུབ་བྱ་དེ་ཚིག་ཟིན་ལ་བརྗོད་པའི་ཐལ་ངག་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱ་ཞེ་ན། སྔར་རྒོལ་མཁས་པས་དྲིས་སམ་མི་མཁས་པས་འདོད་ལན་བཏབ་ཀྱང་རུང༌། ཕྱིར་རྒོལ་བས་སྒྲ་ཆོས་ཅན། རྒྱུ་རྐྱེན་ལས་མ་སྐྱེས་པར་ཐལ། མ་བྱས་པའི་ཕྱིར་ཞེས་སམ། དྲིས་པ་ལ་དེ་མ་བྱས་ན་དེ་དེར་ཐལ་བའི་སྐྱོན་ཡོད་ཅེས་འཕེན་པ་ཡིན་ནོ། །འདི་མི་འདོད་པ་ཐལ་བར་འཕེན་པ་ཡང་ཡིན་ཏེ། རྒོལ་བ་དེས་དེ་དེ་ལས་སྐྱེས་པར་ཚད་མས་མ་གྲུབ་ཀྱང་མ་སྐྱེས་པ་མི་འདོད་པའི་ཕྱིར། དེ་ལྟར་ན་སྐྱེས་པ་རྟགས་སུ་བཀོད་ན་མ་གྲུབ་པ་སྒྲུབ་བྱེད་དུ་བཀོད་པར་འགྱུར་བ་དང༌། མ་སྐྱེས་པ་ཐལ་ཆོས་སུ་འཕངས་ན་མི་འདོད་པ་ཐལ་བར་འཕེན་པ་འབྱུང་བའི་ཚུལ་ནི་དེ་ཡིན་ནོ། །དེ་ཁོ་ནར་མ་ཟད་ཀྱི་སྒྲ་བྱས་པར་སྒྲུབ་འདོད་ནས་བྱས་པ་ཐལ་ཆོས་སུ་འཕངས་པ་དང༌། མ་སྐྱེས་པ་ཐལ་ཆོས་སུ་འཕངས་པ་གཉིས་ལ། ཞེ་འདོད་ཀྱི་སྒྲུབ་བྱ་ཚིག་ཟིན་ལ་བརྗོད་མ་བརྗོད་ཀྱི་ཁྱད་པར་ཡོད་པ་དེའི་ཕྱིར། ངག་དེ་གཉིས་ཀྱི་སྐྱོན་ཅན་དང་སྐྱོན་མེད་ཀྱི་ཁྱད་པར་ཡང་བདེ་བླག་ཏུ་གྲུབ་པ་ཡིན་ནོ། །ཞར་ལ་ཐལ་འགྱུར་གྱི་འཁོར་གསུམ་ཞེས་བོད་སྔ་མ་དག་གིས་ཐ་སྙད་དུ་བཏགས་པ་དེ་ཡང་ངོས་གཟུང་བར་བྱ་སྟེ། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཚད་མས་བསལ་པ་ཞུགས་པའམ་འཇུག་ཏུ་རུང་བའོ། །བོད་ཕྱི་མ་དག་ཐལ་ཆོས་དང་བསལ་པ་དོན་གཅིག་ཏུ་འདོད་པ་ནི་གང་ཡང་མ་ཡིན་པས་ཅིར་ཡང་མི་རུང་ངོ༌། །དེ་ལྟ་མོད་ཀྱི་འདི་ལྟར་བཤད་ན་ཡང་རུང་སྟེ། གསུམ་ནི་རྟགས་དང་ཁྱབ་པ་དང་ཐལ་ཆོས་སོ། །དེ་ལ་རྟགས་ཆོས་གཉིས་ནི་ཆོས་ཡན་གར་བ་རེ་རེ་ཁོ་ན་ཡིན་ལ། ཁྱབ་པ་ནི་རྟགས་ཆོས་ཀྱིས་འབྲེལ་པ་ལ་བྱའོ། །འབྲེལ་པ་ཡང་གཉིས་ཏེ། དངོས་ཀྱི་འབྲེལ་པ་དང༌། བཟློག་པའི་འབྲེལ་པའོ། །ཁྱབ་པ་འགྲུབ་པ་ལ་འདི་གཉིས་གང་ཡང་རུང་བ་ཞིག་དགོས་ལ། གཉིས་ཀ་དགོས་པའི་ཁྱབ་པ་མེད་དོ། །ཁྱབ་པའང་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་ཡང་རུང་བ་གཅིག་གྲུབ་པས་ཆོག་པ་ཡིན་གྱི། གཉིས་ཀ་ངེས་པར་གྲུབ་དགོས་པ་མ་ཡིན་ཏེ། དཔེར་ན་བུམ་པ་ཆོས་ཅན། ཚད་མས་མ་དམིགས་པར་ཐལ། མེད་པའི་ཕྱིར་ཞེས་པ་ལྟ་བུ་ལ་རྗེས་འགྲོ་མེད་ལ། བཟློག་པ་ནི་ངེས་པར་གྲུབ་པ་ལྟ་བུའོ། །དེའི་རྒྱུ་མཚན་ཡང་ཚད་མས་དམིགས་པ་ནི་ཡོད་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། དེ་དེ་ལ་འབྲེལ་བའི་ཕྱིར། མེད་པ་ནི་ཚད་མས་མ་དམིགས་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་མ་ཡིན་ཏེ། དེ་ཡིན་ན་དེ་དེ་ལ་འབྲེལ་བར་ཐལ་བའི་ཕྱིར་རོ། །དེ་དེ་ལ་རྗེས་སུ་འགྲོ་བ་དང༌། ཅིག་ཤོས་དེ་ལས་བཟློག་པ་གཉིས་དོན་གཅིག་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། གང་ལ་རྗེས་སུ་འགྲོ་བ་དང༌། གང་ལས་བཟློག་པ་པོ་ཚད་མས་དམིགས་པ་དེ་གཞི་གྲུབ་ལ། རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཚད་མས་མ་དམིགས་པ་དེ་གཞི་མ་གྲུབ་པའི་ཕྱིར། རྟགས་ཆོས་གཉིས་པོ་ཡན་གར་བ་རེ་རེ་ཁོ་ན་ཡིན་ཀྱང་རྟགས་གྲུབ་མ་གྲུབ་ཀྱི་རྣམ་གཞག་ནི། རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་གྲུབ་མ་གྲུབ་ལ་བྱེད་པ་ཡིན་ཏེ། རྟགས་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པ་ལ་རྟགས་མ་གྲུབ་ཅེས། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར། དམ་བཅའ་ལ་བསལ་བ་ཡོད་མེད་ཀྱང་ཐལ་ཆོས་དེ་ཆོས་ཀྱི་སྟེང་དུ་ཡོད་མེད་ལ་བྱ་བ་ཡིན་ཏེ། ཐལ་འགྱུར་གྱི་དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པ་དང༌། དེས་འཕངས་པའི་རང་རྒྱུད་ལ་ཕྱོགས་ཆོས་གྲུབ་པ་ནི་དོན་གཅིག་ལ་འདུ་བའི་ཕྱིར། ཡང་བསལ་པ་འཁོར་གསུམ་གྱི་ཡ་གྱལ་དུ་བགྲང་བ་ནི་མི་འཐད་དེ། བསལ་པ་ནི་ཆོས་དང་ཆོས་ཅན་གྱི་ཚོགས་པའི་སྟེང་དུ་འབྱུང་བ་ཡིན་གྱི་ཐལ་ཆོས་ཡན་གར་བ་དེའི་སྟེང་དུ་མི་འབྱུང་བའི་ཕྱིར་དང༌། གལ་ཏེ་འབྱུང་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ་ཞེས་པ་ལ་ཚད་མའི་བསལ་པ་མི་འབྱུང་བ་ཐལ་བ་དང༌། རི་བོང་གི་རྭ་ཆོས་ཅན་མེད་པར་ཐལ་ཞེས་པ་ལ་ཚད་མས་བསལ་པ་ཞུགས་པར་ཐལ་བའི་སྐྱོན་ཡོད་པས་སོ། །གཞན་ཡང་བསལ་པ་གསུམ་གྱི་ཡ་གྱལ་དུ་བགྲང་ན་ཕྱོགས་ཆོས་ཀྱང་དེའི་ཡ་གྱལ་དུ་བགྲང་དགོས་ལ། དེ་ལྟ་ན་སྒྲ་རྟག་པ་ལ་སྒྲ་མ་བྱས་པ་ཡིན་པས་ཁྱབ་པ་དེ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་རྗེས་ཁྱབ་ཏུ་ཁས་ལེན་དགོས་པར་འགྱུར་ཞིང༌། སྒྲ་བྱས་པ་ཡིན་པ་ལ་སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་དེ་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་རྗེས་ཁྱབ་ཡིན་པར་འགྱུར་ཞིང༌། དེའང་འདོད་ན་ཐལ་འགྱུར་སྔ་མ་ལ་རྗེས་འགྲོ་མེད་པ་དང༌། ཐལ་འགྱུར་ཕྱི་མ་ལ་ཁྱབ་པ་ངེས་པའི་དུས་སུ་སྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །གཞན་ཡང་བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་ལྟར་སྣང་འགའ་ཞིག་ལ་འཁོར་གསུམ་མ་ཚང་བར་འགྱུར་ཞིང༌། དེ་ཡང་འདོད་ན་རྟགས་ཆོས་གཉིས་ལས་གང་ཡང་རུང་བ་ཞིག་མེད་ན་ཁྱབ་པ་འབྱུང་བའི་གོ་སྐབས་མེད་པས་ཐལ་འགྱུར་ལྟར་སྣང་དུ་ཇི་ལྟར་འཇོག ཅི་སྟེ་ཐལ་འགྱུར་ལྟར་སྣང་ལ་ཁྱབ་པ་ཡོད་ན་གཞལ་བྱ་ལ་རྟག་པའི་ཁྱབ་པ་ཁས་ལེན་དགོས་པར་འགྱུར་ཞེ་ན། དེ་ནི་བྱིས་པ་འཇུག་པའི་སྒོ་ཡིན་མོད། འོན་ཀྱང་ཐལ་འགྱུར་ལྟར་སྣང་གི་ཁྱབ་པ་ངོས་འཛིན་རྒྱུ་ཡོད་པ་དང་ཁྱབ་པ་ཡོད་ཅེས་པའི་ཚིག་གི་སྦྱོར་མཚམས་སོ་སོར་ཕྱེད་པར་བྱའོ། །གཉིས་པ་རྩོད་པ་སྤང་བ་ལ། ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་ལྟར་སྣང་ཡོད་པར་ཐལ་བའི་རྩོད་པ་སྤང་བ། རྟགས་ཀྱི་འགྲུབ་ཚུལ་ལ་དང༌། ཁྱབ་པའི་འགྲུབ་ཚུལ་ལ་མཚུངས་པའི་རྩོད་པ་སྤང་བའོ། །དང་པོ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་ཐལ་འགྱུར་ཡང་དག་ལ་ཁྱབ་པ་ཚད་མས་གྲུབ་པ་ཞིག་དགོས་ན་རྒོལ་བས་གཞལ་བྱ་ལ་རྟག་པས་ཁྱབ་པ་ཁས་བླངས་པ་ལ། ཕྱིར་རྒོལ་བས། སྒྲ་ཆོས་ཅན་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་འཕངས་པའི་ཚེ་ན་ཐལ་འགྱུར་དེ་ཐལ་འགྱུར་ཡང་དག་མ་ཡིན་པར་འགྱུར་རོ། །དེ་འདོད་ན་རང་གང་ལ་འཕངས་པའི་རྒོལ་བས་ལན་གྱིས་བཟློག་ནུས་པར་འགྱུར་རོ་ཞེས་ཟེར་རོ། །གཉིས་པ་ལ། དེ་ནི་རིགས་པ་མ་ཡིན་ཏེ། དེའི་ངོར་དེ་ལྟར་འཕངས་པའི་ཚེ་ན་ཐལ་འགྱུར་དེ་ཆོས་ཅན། རང་གང་ལ་འཕངས་པའི་རྒོལ་བ་དེའི་གྲུབ་མཐའ་སུན་འབྱིན་ནུས་པའི་ངག་ཡིན་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་པར་ནུས་མ་ཡིན་ཏེ། མ་ངེས་པའི་ཐལ་འགྱུར་ཡིན་པའི་ཕྱིར། རྟགས་གཞན་ངོར་གྲུབ་པའི་ཐལ་འགྱུར་གང་ཞིག ཐལ་འགྱུར་ཁྱོད་ཀྱིས་རྗེས་སུ་འགྲོ་ལྡོག་གིས་ཁྱབ་པ་རྣལ་ལོག་གང་དུ་ཡང་གང་ལ་འཕངས་པའི་རྒོལ་བའི་ཚད་མས་མ་ངེས་པའི་ཕྱིར། གཞན་ཡང༌། ཐལ་འགྱུར་དེས་དེ་སུན་འབྱིན་པར་ནུས་ན་དེས་གཞལ་བྱ་ལ་རྟག་པས་ཁྱབ་པ་སུན་འབྱིན་ནུས་པར་འགྱུར་ལ། དེ་འདོད་ན་ཐལ་འགྱུར་དེ་ཆོས་ཅན། ཁྱོད་ཀྱིས་ཁྱབ་པ་དེ་སུན་འབྱིན་པར་ནུས་པ་མ་ཡིན་ཏེ། དེ་འདྲའི་ཁྱབ་པ་དེ་ཐལ་འགྱུར་ཁྱོད་ཀྱི་ཁྱབ་པ་ཡིན་པའི་ཕྱིར་རོ། །གཞན་ཡང༌། གཞལ་བྱ་ལ་རྟག་པས་ཁྱབ་པ་དང༌། སྒྲ་གཞལ་བྱ་དང་མི་རྟག་པར་ཁས་ལེན་པ་ལ་སྒྲ་ཆོས་ཅན། རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རང་གང་ལ་འཕངས་པའི་རྒོལ་བས་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་ངག་ཡིན་པའི་ཕྱིར་དེ་ཡང་འདོད་ན། གཞན་གྱི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པར་འགྱུར། དེ་ཡང་འདོད་ན། སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་པར་འགྱུར་ལ། དེ་ཡང་འདོད་ན། དེ་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ། དམ་བཅའ་ཡང་དག་གི་ཞེན་དོན་སུན་འབྱིན་པའི་ཐལ་འགྱུར་ཡིན་པའི་ཕྱིར། འོ་ན་གཞལ་བྱ་ལ་རྟག་པས་ཁྱབ་པར་དམ་བཅས་པའི་ཞེན་དོན་སུན་འབྱིན་པའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ལྟར་ཡིན་ཏེ། འོ་ན་མདུན་གྱི་གཞི་འདིར་ཆོས་ཅན། སྒྲ་ཡང་རྟག་པར་ཐལ། གཞལ་བྱ་ལ་རྟག་པས་ཁྱབ་པའི་ཕྱིར། དེ་འདོད་ན། སྒྲ་ཆོས་ཅན། མ་བྱས་པར་ཐལ། ཞེས་འཕེན་པ་ཡིན་ལ། དེ་ལྟར་འཕངས་པའི་ཚེ་ན། ངག་དེ་ཐལ་འགྱུར་ཡང་དག་ཡིན་ཏེ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པའི་ཐལ་འགྱུར་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ཙམ་གྱིས་ཐལ་འགྱུར་གྱི་ཁྱབ་པ་གྲུབ་པར་འཇོག་མི་ནུས་ན། རྟགས་ཁས་བླངས་ཀྱིས་ཀྱང་ཐལ་འགྱུར་གྱི་རྟགས་མི་འགྲུབ་པར་འགྱུར་ལ། དེ་ལྟ་ན། རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་ཐམས་ཅད་མ་གྲུབ་པའི་ཐལ་འགྱུར་དུ་འགྱུར་རོ་ཞེ་ན། དེ་ནི་མཚུངས་པ་མ་ཡིན་ཏེ། སྤྱིར་ཐལ་འགྱུར་ཡང་དག་ཏུ་འགྱུར་བ་ལ། ཁྱབ་པ་ནི་རྒོལ་བ་གཞན་གྱི་ཚད་མས་གྲུབ་པའི་སྒོ་ནས་ཁས་བླངས་པ་ཡང་སྲིད། མ་བླངས་པ་ཡང་སྲིད། དོན་ལ་ཚད་མས་གྲུབ་པ་ཞིག་དགོས་ལ། རྟགས་ནི་ཆོས་ཅན་གྱི་སྟེང་དུ་ཕ་རོལ་པོས་ངེས་པར་ཁས་བླངས་ཤིང༌། ཚད་མས་མ་གྲུབ་པ་ཞིག་དགོས་པ་ཡིན་ཏེ། རྟགས་གཞན་གྱིས་ཁས་མ་བླངས་པ་དང༌། རྟགས་ཚད་མས་གྲུབ་པ་ལ་ཐལ་འགྱུར་ཡང་དག་མི་འཇུག་ཅིང༌། ཞེན་དོན་ཚད་མས་གྲུབ་པའི་ཁས་བླངས་རྟགས་སུ་བཀོད་པ་ལ་ཡང༌། ཐལ་འགྱུར་ཡང་དག་འཇུག་པའི་གོ་སྐབས་མེད་པའི་ཕྱིར། ཐལ་འགྱུར་ཡང་དག་གི་ཁྱབ་པ་ནི་ཚད་མས་གྲུབ་པ་ཞིག་དགོས་ཏེ། ཐལ་འགྱུར་ཡང་དག་དང་དེས་འཕངས་པའི་རང་རྒྱུད་གཉིས་ཀ་ཁྱབ་པ་འགྲུབ་ཚུལ་གནད་གཅིག་ལ་འདུ་བའི་ཕྱིར། དེ་ལྟ་མ་ཡིན་ན་ཁྱབ་པ་ཁས་བླངས་ཙམ་གྱིས་གྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་སྲིད་པར་འགྱུར་རོ། །ཅི་སྟེ་སྲིད་པ་མ་ཡིན་ཏེ། དེ་འདྲའི་རང་རྒྱུད་ཀྱིས་རྗེས་དཔག་བསྐྱེད་མི་ནུས་པའི་ཕྱིར་ཞེ་ན། འོ་ན་ཁྱབ་པ་ཁས་བླངས་ཙམ་གྱིས་གྲུབ་པའི་ཐལ་འགྱུར་ཡང་དག་ཀྱང་མི་སྲིད་པར་ཐལ། དེས་གཞན་གྱི་ལོག་རྟོག་བཟློག་མི་ནུས་པའི་ཕྱིར། ཐལ་འགྱུར་ཡང་དག་གི་ཆོས་ནི་རྩོད་གཞི་ཆོས་ཅན་གྱི་སྟེང་དུ་ཚད་མས་བསལ་རུང་བ་གཅིག་དགོས་ལ། རང་རྒྱུད་ཡང་དག་གི་ཆོས་ནི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཚད་མས་གྲུབ་པ་ཞིག་དགོས་པས། ཐལ་རང་གཉིས་ཀྱི་ཁྱབ་རྟགས་ཆོས་གསུམ་གྱི་ཁྱད་པར་ནི་དེ་ཡིན་ནོ། །ཞར་ལ་དོན་འདི་ཡང་བརྟགས་པར་བྱ་སྟེ། བོད་སྔ་རབས་ཀྱི་མཁས་པ་དག ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་པ་ཞུགས་པ་ཙམ་གྱིས་ཐལ་ཆོས་ལ་བསལ་པ་ཞུགས་པའི་གོ་ཆོད་པར་བཞེད་དོ། །འདི་ཡང་རིགས་པ་མ་ཡིན་ཏེ། བུམ་པར་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་འཇིག་པ་དང༌། རྟག་པའི་གཞི་མཐུན་དུ་ཁས་ལེན་པ་ལ། བུམ་པ་ཆོས་ཅན། མི་རྟག་པར་ཐལ། སྐད་ཅིག་གིས་འཇིག་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། ངག་དེ་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། དམ་བཅའ་ལ་ཚད་མས་བསལ་པ་འཇུག་ཏུ་རུང་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མས་གྲུབ་པའི་དོན་ཐལ་བར་འཕངས་པའི་ངག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐལ་འགྱུར་ཡང་དག་ཡིན་ན་ཧ་ཅང་ཐལ་བ་འཕེན་པའི་ངག་ཡིན་དགོས་ལ། དེ་ཡིན་ན་མི་རིགས་ཤིང་ཚད་མས་མ་གྲུབ་པའི་དོན་ཞིག་ཐལ་བར་འཕེན་པའི་ངག་ཡིན་དགོས་པའི་ཕྱིར། འོ་ན་ཅི་ཁྱོད་རང་གི་ལུགས་ལ་ཐལ་འགྱུར་ཡང་དག་ཡིན་ན། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་དགོས་སམ་ཞེ་ན། དེ་ཡང་དགོས་པ་མ་ཡིན་ཏེ། དེ་དགོས་ན་བསྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་རྣམས་ལ་མ་ཁྱབ་པར་འགྱུར་བའི་ཕྱིར། དེའི་ཐལ་འགྱུར་ཡང་དག་ཡིན་ན། རྟགས་ཁས་བླངས་པ། དམ་བཅའ་ལ་ཚད་མས་བསལ་རུང་ཡིན་པ་ཞིག་དགོས་སོ། །བྱེ་བྲག་ཏུ་སྒྲུབ་བྱེད་འཕེན་པར་འཇོག་པ་ལ། དེ་དག་གི་སྟེང་དུ་ཤེས་འདོད་ཆོས་ཅན་གྲུབ་པ་ཞིག་དགོས་པ་ཡིན་ནོ། །ཡང་དེ་ལྟ་མ་ཡིན་པར་ཐལ་འགྱུར་ཡང་དག་ཡིན་ན། དམ་བཅའ་ལ་བསལ་པ་གཉིས་པོ་གང་རུང་ཞུགས་ཟིན་པ་གཅིག་དགོས་ན་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་རྣམས་ལ་མ་ཁྱབ་པར་འགྱུར་རོ། །གསུམ་པ་ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་པའི་ཚུལ་ལ། གཞན་གྱི་ལུགས་དགག རང་གི་ལུགས་བཞག དེ་ལ་རྩོད་པ་སྤང་བ་དང་གསུམ་མོ། །དང་པོ་ནི། ཇི་སྐད་དུ། ཐལ་འགྱུར་ལ་ནི་སྒོ་གསུམ་ཞེས། །ཁ་བ་ཅན་པ་དེ་སྐད་སྨྲ། །འགལ་དང་མ་ངེས་གཅིག་ཏུ་འགྱུར། །འདོད་ན་ལྟར་སྣང་གཉིས་སུ་འགྱུར། །དེ་མཐར་གཏན་ཚིགས་ལྟར་སྣང་ཀུན། །མ་གྲུབ་གཅིག་ཏུ་འདུ་བར་འགྱུར། །མ་གྲུབ་གཉིས་སུ་འབྱེད་ན་མཚུངས། །ཡང་ན་འགལ་ལ་དེ་འཁྲུལ་འགྱུར། །ཞེས་གསུངས་པའི་དོན་ནི་རྟོགས་པར་སླ་བ་དེ་ཉིད་ཡིན་ནོ། །དེར་མ་གསུངས་པ་གཞན་ཡང་ཁ་བསྐང་བར་བྱ་སྟེ། བོད་སྔ་མ་རྣམས་དང༌། དིང་སང་གི་གྲགས་ཚོད་ཕལ་ཆེ་བ་ལ་ཐལ་འགྱུར་ཡང་དག་ཡིན་ན་ལན་དོན་མཐུན་མི་ཐེབས་པས་ཁྱབ་པ་དང༌། ལན་དོན་མཐུན་ཐེབས་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ལྟར་སྣང་ཡིན་པས་ཁྱབ་པར་འདོད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་ཅིང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་ མི་ཤེས་ལ། སྒྲ་བྱས་པར་ཚད་མས་ཤེས་ནས་ཁས་ལེན་པའི་སྔར་རྒོལ་གྱི་ངོར། ཕྱིར་རྒོལ་བས་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། དེ་འདྲའི་ངག་དེ་སྤྱིར་ཐལ་འགྱུར་ཡང་དག་ཡིན་ཀྱང༌། གང་ལ་འཕངས་པའི་རྒོལ་བ་དེས་ཁྱབ་པ་ཚད་མས་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར་ཏེ། རྒོལ་བ་དེས་དེའི་ཁྱབ་པ་ཁས་མ་བླངས་ཤིང༌། ཚད་མས་ཀྱང་མ་ངེས་པའི་ཕྱིར་རོ། །ཐལ་འགྱུར་ཡང་དག་ནི་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། གཞན་གྱིས་ཁས་བླངས་པའི་རྟགས་ལས་ཚད་མས་བསལ་རུང་གི་མི་འདོད་པའི་སྒྲུབ་བྱ་འཕེན་ནུས་པའི་ངག་ཡིན་པའི་ཕྱིར་དང༌། ཁྱེད་རང་ལྟར་ན་ཡང་སྒྲ་བྱས་པར་ཚད་མས་མི་ཤེས་ཤིང༌། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། དེ་འདྲའི་ངག་དེ་ཐལ་འགྱུར་ཡང་དག་ཡིན་པར་ཁྱེད་རང་གིས་འདོད་ཅིང༌། རང་གང་ལ་འཕངས་པའི་རྒོལ་བ་དེས་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། དེའི་རྒྱུ་མཚན་ཡང་རྟགས་མ་གྲུབ་པའི་གོ་དོན་ནི། རྟགས་རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་རྒོལ་བས་ཚད་མས་མ་ངེས་པ་ལ་བྱས་ལ། དེ་ཡང་འདི་ལ་ཚང་བའི་ཕྱིར། དེ་ལྟར་བྱས་པ་ན། སྒྲ་བྱས་པ་ཡིན་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལེན་བཏབ་པ་ཙམ་གྱིས། སྒྲ་མ་བྱས་པ་ཉིད་དུ་ཁས་བླངས་པར་མི་འགྱུར་ཏེ། སྒྲ་བྱས་པར་ཚད་མས་མི་ཤེས་པ་དང༌། དེར་ཐེ་ཚོམ་ཟ་བ་ལ་ཡང་རྟགས་མ་གྲུབ་པའི་དོན་ཚང་བའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། དེ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པ་ན། སྒྲ་ཆོས་ཅན་བྱས་པར་ཐལ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་ཞེས་ཟེར་བ་དེའི་ཚེ། རྒོལ་བ་ལ་ཁས་བླངས་ཀྱི་བསལ་པ་ཡོད་པ་མ་ཡིན་ནོ། །དེ་མེད་པ་དེའི་ཕྱིར། ཁས་བླངས་མེད་པའི་ཐལ་འགྱུར་ཡིན་པས་ཐལ་འགྱུར་ལྟར་སྣང་འབའ་ཞིག་གོ །འོ་ན་དེ་ལ་ཇི་ལྟར་དུ་བྱ་ཞེ་ན། སྒྲ་མ་བྱས་པར་བདེན་ཞེན་གྱིས་འདོད་ནས། སྒྲ་བྱས་པ་ལ་རྟགས་མ་གྲུབ་ཀྱིས་ལན་འདེབས་པ་དེ་ལ་ནི། སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕེན་པར་བྱེད་པ་ཡིན་ནོ། །ཐེ་ཚོམ་ཟ་ནས་མ་གྲུབ་པ་དེ་ལ་ནི། ཕྱིར་རྒོལ་བས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྒྲ་ནི་བྱས་པར་ཚད་མས་གྲུབ་སྟེ། གལ་ཏེ་མ་བྱས་པ་ཡིན་ན་མ་སྐྱེས་པར་ཐལ་བའི་ཕྱིར་ཞེས་བརྗོད་པས་བཟློག་དོན་འཕངས་ཏེ། སྒྲ་བྱས་པར་རྟོགས་པའི་ཚད་མ་སྐྱེད་པ་ཡིན་ནོ། །ཡང་སྐབས་འདི་དག་ཏུ། ཤིན་ཏུ་གཅེས་པའི་དོན་འདི་ཁོང་དུ་ཆུད་པར་བྱ་དགོས་ཏེ། རྒོལ་བས་སྒྲ་མ་བྱས་པར་ཡང་ཁས་བླངས། སྒྲ་རྒྱུ་རྐྱེན་ལས་སྐྱེས་པར་ཡང་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་བྱས་པར་ཐལ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར། ཞེས་འཕེན་པ་ནི་རྟོག་གེ་ལ་མཁས་པ་དག་གི་ལུགས་མ་ཡིན་ཏེ། དེ་ལྟར་འཕངས་པ་དེའི་ཚེ། ཕྱིར་རྒོལ་བས་སྐྱོན་མ་བརྗོད་པ་དང༌། སྐྱོན་མ་ཡིན་པ་བརྗོད་པས་ཕྱིར་རྒོལ་ཚར་བཅད་པའི་གནས་སུ་སོང་བའི་ཕྱིར། སྐྱོན་མ་བརྗོད་པ་ཡིན་ཏེ། རྒོལ་བས་དེ་ལྟར་ཁས་བླངས་པ་དེའི་ཚེ། ཕྱིར་རྒོལ་བས་ཆོས་གསུམ་ལྡན་གྱིས་ཐལ་འགྱུར་འཕངས་པས་རྒོལ་བའི་ལོག་རྟོག་བཟློག་ཅིང༌། བཟློག་དོན་ལ་ཚུལ་གསུམ་འཕངས་པས། དམ་བཅའི་ལོག་ཕྱོགས་ངེས་པའི་རྗེས་དཔག་ཚད་མ་རྒོལ་བའི་རྒྱུད་ལ་སྐྱེད་པར་བྱར་ཡོད་པ་ལ་ཕྱིར་རྒོལ་གྱིས་དེ་ལྟར་བྱེད་མ་ཤེས་པའི་ཕྱིར། སྐྱོན་མ་ཡིན་པ་བརྗོད་པ་ཡང་ཡིན་ཏེ། ཐལ་བ་ལ་ཚད་མའི་བསལ་པ་ཞུགས་པའི་ཐལ་འགྱུར་འཕེན་རྒྱུ་ཡོད་བཞིན་དུ། དེ་མི་འཕེན་པར་ཁས་བླངས་ཀྱི་བསལ་པ་ཙམ་སྟོན་པའི་ཐལ་འགྱུར་འཕེན་པའི་ཕྱིར། ཁས་བླངས་ཀྱི་བསལ་པ་ཙམ་གྱིས་བསལ་པའི་གོ་ཆོད་པ་མ་ཡིན་ཏེ། སྔར་མ་བྱས་པར་ཁས་བླངས་པ་ནི་ལོག་ཤེས་ཁས་བླངས་པ་ཡིན་ལ། ཕྱིས་སྒྲ་བྱས་པར་ཐལ་བ་ལ་འདོད་པ་དེའི་ཚེ་ན། ཚད་མས་གྲུབ་པའི་དོན་ཁས་བླངས་པ་ཡིན་པས། དོན་དེ་སྔ་མ་ལོག་ཤེས་ཀྱིས་སེལ་མི་ནུས་པའི་ཕྱིར། འོ་ན་འདི་ལ་ཐལ་བ་ཇི་ལྟར་དུ་འཕེན་ཞེ་ན། དེ་ལ་ནི། སྒྲ་ཆོས་ཅན། རྒྱུ་རྐྱེན་ལས་མ་སྐྱེས་པར་ཐལ། མ་བྱས་པའི་ཕྱིར་ཞེས་འཕེན་པར་བྱེད་པ་རྟོག་གེའི་ལུགས་ཡིན་ཏེ། དེ་ལྟར་འཕངས་པས་སྒྲ་མ་བྱས་པར་འཛིན་པའི་ལོག་རྟོག་བཟློག་ཅིང༌། བཟློག་དོན་ལ་ཚུལ་གསུམ་འཕངས་པས་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ཚད་མ་སྐྱེད་ནུས་པའི་ཕྱིར། དེ་ལྟར་འཕངས་པ་དེའི་ཚེ་ན་བསལ་པ་ཡང་གོ་ཆོད་པོ་ཡོད་པ་ཡིན་ཏེ། སྔར་སྒྲ་རྒྱུ་རྐྱེན་ལས་སྐྱེས་པར་ཁས་བླངས་པ་དེ་ནི། ཚད་མས་གྲུབ་པའི་དོན་ཁས་བླངས་པ་ཡིན་ལ། ཕྱིས་མ་སྐྱེས་པར་ཐལ་བ་ལ་འདོད་ན། ལོག་ཤེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་སོང་བས། དེ་ནི་ཚད་མས་བསལ་བའི་ཕྱིར་རོ། །དེ་ལྟར་ན་ཁས་བླངས་ཀྱི་བསལ་པ་རྐྱང་པ་ཙམ་གྱིས་བསལ་པ་ཞུགས་པའི་གོ་མི་ཆོད་ཀྱང༌། ཐལ་བ་གཅིག་ལ་བསལ་པ་གཉིས་ཀ་ཞུགས་པ་ལ་ནི་འགལ་བ་ཡོད་པ་མ་ཡིན་ནོ། །རིགས་པ་འདི་ནི་སྒྲ་བྱས་པ་དང་རྟག་པར་ཁས་ལེན་པ་སོགས་ལ་ཡང་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཡང་སྔར་གྱི་ཁས་ལེན་ཚུལ་དེ་ལས་ལོག་སྟེ། སྒྲ་རྒྱུ་རྐྱེན་ལས་མ་སྐྱེས་པ་དང་བྱས་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན། སྐྱེས་པར་ཐལ། བྱས་པའི་ཕྱིར་ཞེས་འཕེན་པ་དང༌། མ་བྱས་པར་ཐལ་མ་སྐྱེས་པའི་ཕྱིར་ཞེས་འཕེན་པ་གཉིས་ཀ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་དུ་ཁྱད་པར་མེད་ཀྱང་སྔ་མ་ནི་ཁས་བླངས་ནང་འགལ་བརྗོད་པ་ཙམ་ཡིན་གྱི་དམ་བཅའ་ལ་བསལ་པ་མེད་པས་ཐལ་འགྱུར་ཡང་དག་མ་ཡིན། འཕེན་ཚུལ་ཕྱི་མ་ལྟར་ན་ཐལ་འགྱུར་ཡང་དག་ཡིན་ཏེ། དམ་བཅའ་ལ་ཚད་མས་བསལ་པ་འཇུག་ཏུ་རུང་བས། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་ལྟར་ན་གྲུབ་པའི་དོན་ནི་འདི་ཡིན་ཏེ། ཐལ་འགྱུར་ཡང་དག་ཡིན་ན་ལན་དོན་མཐུན་མི་ཐེབས་པས་མ་ཁྱབ། ལན་དོན་མཐུན་ཐེབས་ན་ལན་དོན་མཐུན་གྱིས་བཟློག་པར་ནུས་པས་ཀྱང་མ་ཁྱབ། ལན་དོན་མཐུན་གྱིས་བཟློག་པར་ནུས་ཀྱང༌། ཐལ་འགྱུར་ལྟར་སྣང་ཡིན་པས་མ་ཁྱབ་སྟེ། སྔར་རྒོལ་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ། བྱས་པ་དང་མི་རྟག་གི་འབྲེལ་པ་དང༌། སྒྲ་བྱས་པར་ཚད་མས་མི་ཤེས་པའི་ཕྱིར་རྒོལ་གྱིས། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་འཕངས་པ་ལ། སྔར་རྒོལ་གྱི་ཁྱབ་པ་ཚད་མས་མ་ངེས་ཤིང༌། དམ་བཅའ་ལ་བསལ་པ་མེད་ཅེས་ལན་བཏབ་པའི་ཚེ། ཐལ་འགྱུར་དེ་བཟློག་པར་ནུས་པ་ཡིན་པའི་ཕྱིར་ཏེ། ཚུལ་གསུམ་སྒྲུབ་མ་ཤེས་པས་ཕྱིར་རྒོལ་གྱི་སྤོབས་པ་བཅོམ་པའི་ཕྱིར་དང༌། སྔར་རྒོལ་གྱི་རྒྱུད་ལ་རྟོགས་པ་སྐྱེད་པར་མི་ནུས་པའི་ཕྱིར། ཡང་སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན་ལན་གྱིས་བཟློག་པར་མི་ནུས་པས་ཁྱབ་སྟེ། དེ་ཡིན་ན་ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་འཕེན་པར་ནུས་པའི་ངག་ཡིན་དགོས་པའི་ཕྱིར། གནམ་ལྕགས་ཀྱི་ཕྲེང་བ་ལྟ་བུའི་ཐལ་འགྱུར་ཡིན་པའི་ཕྱིར། སྤྱིར་སྒྲུབ་བྱེད་ཡང་དག་འཕེན་པ་ཙམ་ལ་དེར་མ་ངེས་ཏེ། སྒྲུབ་བྱེད་ཡང་དག་འཕེན་པའི་རྩ་བའི་ཐལ་འགྱུར་འཕེན་པ་སྐབས་སུ་བབ་པ་དེའི་ཚེ་ན་ནི། དཔའ་བོ་གཡུལ་འགྱེད་པ་དང་མཚུངས་པའི་ཕྱིར། དེ་ལྟ་ན་ཡང༌། རང་གང་ལ་འཕང་པའི་རྒོལ་བ་མཁས་པས། ལན་དོན་མཐུན་མི་ཐེབས་པའི་ཐལ་འགྱུར་ཡིན་ན་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ལ། དེས་བཟློག་པར་མི་ནུས་པ་ཙམ་གྱི་ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་གྱི་ངོར། སྔར་རྒོལ་གྱིས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། དེ་དེར་ཐལ་བའི་ཕྱིར་རོ། །དེ་དག་གི་རྒྱུ་མཚན་ཡང་གོང་དུ་བཤད་ཟིན་པ་ཡིན་ནོ། །གཞན་ཡང་རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་མི་རྟག་པར་ཐལ། མི་རྟག་པའི་ཕྱིར་ཞེས་འཕངས་པའི་ཚེ་ན། དེ་འདྲའི་ངག་དེ་ཐལ་འགྱུར་ལྟར་སྣང་ནི་ཡིན་ལ། རྒོལ་བས་ལན་དོན་མཐུན་ཐེབས་ཀྱང་དེས་བཟློག་པར་ནུས་པ་ནི་མ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། དེ་ལ་ལན་བཏབ་ཀྱང་སྒྲ་མི་རྟག་པ་ཡིན་པ་དེ་བཟློག་པར་མི་ནུས་པའི་ཕྱིར། འོ་ན་ཁྱེད་ཀྱི་ལྟར་ན་ཡང་རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་རྟག་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པའི་ངག་དེ་ཡང་ཐལ་འགྱུར་ཡང་དག་ཡིན་པར་འགྱུར་ཏེ། རྒོལ་བས་ལན་དོན་མཐུན་མི་ཐེབས་པའི་ངག་ཡིན་པའི་ཕྱིར་ཞེས་པས་གནོད་དོ་ཞེ་ན། དེ་ལ་ནི་ཁྱབ་པ་ཚད་མས་མ་ངེས་པའི་ལན་དོན་མཐུན་ཐེབས་པ་ཡིན་ཏེ། ཐལ་འགྱུར་དེའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་མ་གྲུབ་པའི་ཕྱིར། གཞན་དུ་ན། རྟག་པ་ཆོས་ཅན། རྟག་པ་ལ་འབྲེལ་བར་ཐལ། དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཐལ་འགྱུར་དེ་ལ་ཁྱབ་པ་མ་ངེས་པའི་ལན་ཐེབས་ཀྱང༌། ཁྱབ་པ་དེ་ལ་དངོས་སྐྱོན་འཕེན་རྒྱུ་ཡོད་དགོས་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ལྷག་ལྡན་གྱིས་མ་ངེས་པའི་གཏན་ཚིགས་བཞིན་ནོ། །ཡང་འདི་སྙམ་དུ། གཞལ་བྱ་ལ་རྟག་པས་ཁྱབ་པར་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དང༌། ཡང་དེ་ལ་མི་རྟག་པས་ཁྱབ་ཅིང༌། སྒྲ་རྟག་པར་ཁས་བླངས་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་འཕངས་པའི་ཚེ་ན་དེ་འདྲ་དེ་ཡང་ཁྱེད་ཀྱིས་ཐལ་འགྱུར་ཡང་དག་ཏུ་མི་འདོད་བཞིན་དུ་ཁས་ལེན་དགོས་པར་འགྱུར་ཏེ། རྒོལ་བས་ལན་དོན་མཐུན་མི་ཐེབས་པའི་ངག་ཡིན་པའི་ཕྱིར། གལ་ཏེ་དེ་ལ་ཁྱབ་པ་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་ན་ནི། སྔར་རྒོལ་གྱིས་དངོས་འགལ་ལ་ལན་བཏབ་པས། སྔར་རྒོལ་ཚར་བཅད་ཀྱི་གནས་སུ་ཐལ་ལོ་སྙམ་པའི་དོགས་པ་ཞིག་སྐྱེ་བར་འགྱུར་རོ། །དེ་སྐད་དུ་དོགས་པ་དེ་ཡང་རྟོག་གེའི་གཞུང་གི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པས་ཀུན་ནས་བསླངས་པ་ཡིན་ཏེ། ཚད་ལྡན་གྱི་རྟོག་གེའི་གཞུང་དུ་མ་དང་འགལ་བའི་ཕྱིར། དེ་ཡང་འདི་ལྟར། དེ་ལ་དེ་ལྟར་འཕངས་པའི་ཚེ་ན། ཐལ་འགྱུར་ཡང་དག་ཡིན་པ་ལྟ་ཞོག དེ་ལྟར་འཕངས་པའི་ཆ་ནས་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་སོང་བ་ཡིན་ཏེ། རྒོལ་བས་གཞལ་བྱ་ལ་རྟག་པའམ་མི་རྟག་པའི་ཁྱབ་པ་ཁས་བླངས་པ་ལ་སྐྱོན་མ་བརྗོད་ཅིང༌། སྐྱོན་མ་ཡིན་པ་བརྗོད་པའི་ཕྱིར། སྐྱོན་མ་བརྗོད་པ་ཡིན་ཏེ། དེ་ལྟར་ཁས་ལེན་པ་དེ་ལ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕངས་པའི་སྒོ་ནས། རྒོལ་བའི་ལོག་རྟོག་བཟློག་པའི་རྗེས་དཔག་ཚད་མ་སྐྱེད་པར་བྱར་ཡོད་པ་ལ་དེ་མི་འཕེན་པར་མ་ངེས་པའི་རྟགས་ལ་བརྟེན་པའི་ཐལ་འགྱུར་ཙམ་ཞིག་འཕངས་པས། སྔར་རྒོལ་རང་གིས་དམ་བཅས་པའི་དོན་ལ་ཐེ་ཚོམ་ཞིག་འདྲེན་པར་བྱས་པའི་ཕྱིར། ཅི་སྟེ་ཐལ་བ་དེ་ཉིད་ཀྱིས་སྒྲུབ་བྱེད་འཕངས་སོ་སྙམ་ན། དེ་ཡང་མ་ཡིན་ཏེ། དེ་ལྟ་ན་ནི་མི་རྟག་པ་དེ་སྒྲ་གཞལ་བྱ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་བའི་ཕྱིར་རོ། །སྐྱོན་མ་ཡིན་པར་བརྗོད་པ་ཡིན་ཏེ། གཞལ་བྱ་ལ་མི་རྟག་པས་ཁྱབ་པ་དང༌། སྒྲ་རྟག་པར་ཁས་བླངས་པ་ལ་ཁྱབ་པ་ཚད་མས་གྲུབ་ཅིང༌། དམ་བཅའ་ལ་ཚད་མས་བསལ་པ་འཇུག་རུང་གི་ཐལ་འགྱུར་འཕེན་རྒྱུ་ཡོད་བཞིན་དུ། སྒྲ་ཆོས་ཅན་མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་ཁྱབ་པ་ཚད་མས་མ་གྲུབ་ཅིང་ཚད་མས་གྲུབ་པའི་དོན་ཞིག་ཐལ་བར་འཕངས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཐལ་འགྱུར་འདི་ལ་ཁྱབ་པ་ཚད་མས་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་པ་ཡིན་ནོ། །འདི་ལ་དངོས་འགལ་ཁས་བླངས་པས་ཚར་བཅད་ཀྱི་གནས་སོ་ཞེས་ཟེར་བ་དེ་ཡང་བརྟག་པར་བྱ་སྟེ། སྤྱིར་ཁས་བླངས་ནང་འགལ་ཇི་ལྟར་འབྱུང་བའི་ཚུལ། དངོས་འགལ་ཁས་བླངས་པ་ཙམ་གྱིས་ཚར་བཅད་ཀྱི་གནས་མ་ཡིན་པའི་རྒྱུ་མཚན་བཤད་མ་ཐག་པ་འདི་ལ་ཁས་བླངས་ནང་འགལ་ཀྱང་མེད་པར་བསྟན་པ། རྟགས་ཁས་བླངས་ཀྱི་གྲུབ་པ་དང་མི་མཚུངས་པའི་རྒྱུ་མཚན་བཤད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། རྒོལ་བས་སྔར་ཚད་མས་གྲུབ་པའི་དོན་ཞིག་དམ་བཅས་ནས། དམ་བཅའ་དེ་མ་དོར་བར་ཕྱིས་དེའི་ལོག་ཕྱོགས་དམ་བཅས་ན་ཁས་བླངས་ནང་འགལ་འབྱུང་བ་ཡིན་ནོ། །དཔེར་ན་སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པ་དང༌། ངའི་མ་མོ་གཤམ་མོ་ཞེས་དམ་བཅས་པ་ལྟ་བུའོ། །སྔར་ཚད་མས་མ་གྲུབ་པའི་དོན་ཞིག་ལོག་ཤེས་སམ་ཐེ་ཚོམ་གྱིས་དམ་བཅས་ནས། ཕྱིས་དེའི་ལོག་ཕྱོགས་ཚད་མས་གྲུབ་པའི་སྒོ་ནས་དམ་བཅས་པ་དེའི་ཚེ་ན་ནི། ཁས་བླངས་འགལ་བ་ཡོད་པ་མ་ཡིན་ཏེ། ཚད་མ་སྐྱེད་པ་དང་དེའི་ལོག་ཕྱོགས་འཛིན་པའི་རྟོག་པ་དེ་གཉེན་པོས་བཅོམ་ཟིན་པ་དུས་མཉམ་པའི་ཕྱིར་དང༌། ཅི་སྟེ་ཁས་བླངས་སྔ་མ་བཏང་ཟིན་ནས། དེ་དང་འགལ་བ་ཕྱི་མ་ཁས་བླངས་པའི་ཚེ། དངོས་གལ་ཁས་བླངས་པར་འགྱུར་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །ཡང་དམ་བཅའི་ཞེན་དོན་ཚད་མས་མ་གྲུབ་པར་མཚུངས་པའི་དམ་བཅའ་འགལ་བ་གཉིས་ཅིག་ཆར་དུ་ཁས་བླངས་དེའི་ཚེ་ཁས་བླངས་ནང་འགལ་བའི་སྐྱོན་ཡོད་པ་མ་ཡིན་ནོ། །དམ་བཅའ་གཉིས་ཀ་ལ་རྒྱབ་རྟེན་ཚད་མ་མེད་པས། ཕན་ཚུན་གེགས་བྱེད་ཙམ་ཡིན་གྱི་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། གལ་ཏེ་ཚད་མ་ཕྱི་མས། དེའི་འགལ་ཟླར་གྱུར་པའི་ལོག་ཤེས་དང་ཐེ་ཚོམ་སྔ་མ་ལ་མི་གནོད་ན། བློའི་ལྷན་ཅིག་མི་གནས་འགལ་ཇི་ལྟར་དུ་འབྱུང་ཞེ་ན། དེ་ཡང་ཁྱེད་ཀྱིས་ལེགས་པར་སྨྲས་པ་མ་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཡིན་གྱི། རང་གི་སྔ་རོལ་དུ་སྐྱེས་ཟིན་ལ་གནོད་པ་བྱེད་པ་མ་ཡིན་ཏེ། ཇི་སྐད་དུ། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །ཞེས་སོགས་དང༌། ངེས་པ་བསྐྱེད་པས་སྒྲོ་འདོགས་ཕྱིས། །མི་སྐྱེ་བ་ནི་བློ་ཡི་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་ཕྱིས་ཀྱི་ཚད་མས་སྔར་གྱི་འགལ་ཟླ་ལ་གནོད་པ་ཚད་མས་བསལ་པའི་དོན་དུ་འཇོག་ན། སྔར་རྒོལ་བས་སྒྲ་རྟག་པར་ཁས་བླངས་པ་ལ། ཕྱིས་རྒོལ་བས་སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕང་པ་ལ་འདོད་ལན་བཏབ་པ་དེའི་ཚེ། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཁྱབ་པ་དང་ཐལ་བ་གང་ཡིན་ཀྱང་འདྲ་སྟེ། ཁས་བླངས་སྔ་མས་ཕྱི་མའི་དོན་ལ་གནོད་པ་ལ་བྱེད་པ་ཡིན་གྱི། ཕྱི་མས་སྔ་མའི་དོན་ལ་གནོད་པ་ལ་བྱ་བ་མ་ཡིན་ནོ། །གཉིས་པ་ནི། དངོས་འགལ་ཁས་བླངས་པ་ཙམ་གྱིས་ཚར་བཅད་ཀྱི་གནས་མ་ཡིན་ཏེ། ངེད་འདོད་པ་ལྟར་གྱི་དངོས་འགལ་ཁས་བླངས་པས་ཀྱང་དེར་མི་འགྱུར། ཁྱེད་འདོད་པ་ལྟར་གྱི་དངོས་འགལ་ཁས་བླངས་པས་ཀྱང་དེར་མི་འགྱུར་བའི་ཕྱིར། རྒོལ་ཕྱིར་རྒོལ་རྩོད་པའི་སྐབས་མ་ཕྱེ་བའི་གོང་རོལ་དུ། སྔར་རྒོལ་གྱི་དམ་བཅའ་ལ་དངོས་འགལ་ཞུགས་ཀྱང་ཚར་བཅད་ཀྱི་གནས་མ་ཡིན་པའི་ཕྱིར་ཏེ། ཁོང་རང་གི་རྩ་བའི་གྲུབ་མཐའ་ལ་དངོས་འགལ་ཞུགས་པ་ཡིན་གྱི། ཕྱིར་རྒོལ་གྱི་སྤོབས་པ་བཅོམ་པའི་སྟོབས་ཀྱིས་དངོས་འགལ་ཁས་བླངས་པ་མ་ཡིན་པའི་ཕྱིར་དང༌། དངོས་འགལ་ལ་ལན་བཏབ་པ་དེ་ཚར་བཅད་ཀྱི་གནས་གང་དུའང་མ་བཤད་པའི་ཕྱིར། ཁྱེད་ཀྱི་ལྟར་ན་ཧ་ཅང་ཐལ་བ་ཡང་ཡིན་ཏེ། ཕྱིར་རྒོལ་གྱིས་སྔར་སྒྲ་རྟག་པར་ཁས་བླངས་ནས། ཕྱིས་རྗེས་དཔག་སྐྱེས་པའི་ཚེ་སྒྲ་མི་རྟག་པར་ཁས་བླངས་ན་ཡང༌། དངོས་འགལ་དུ་སོང་བས་ཚར་བཅད་ཀྱི་གནས་སུ་ཐལ་བའི་ཕྱིར་དང༌། སྔར་ཚུལ་གསུམ་མི་ཤེས་པའི་ཚེ་བྱས་པ་ལ་མི་རྟག་པས་མ་ཁྱབ་པར་ཁས་བླངས། ཕྱིས་ཚུལ་གསུམ་སྒྲུབ་བྱེད་ཀྱི་རིགས་པ་ཤེས་པའི་འོག་རོལ་དུ། དེ་ལ་དེས་ཁྱབ་པར་ཁས་བླངས་ན་ཡང༌། དངོས་འགལ་དུ་ཐལ་བའི་ཕྱིར་དང༌། གང་ཟག་སྡོམ་མིན་ཅན་གྱིས་སྡོམ་པ་ཁས་བླངས་པའི་ཚེ་ཡང་དངོས་འགལ་ཁས་བླངས་པས་ཚར་བཅད་ཀྱི་གནས་སུ་ཐལ་བའི་ཕྱིར་དང༌། ཕྱི་རོལ་པ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་ཚེ་ཡང་དངོས་འགལ་ཁས་བླངས་པར་ཐལ་བའི་ཕྱིར། གལ་ཏེ་དངོས་འགལ་དུ་འགྲོ་བ་དེ་ཁས་བླངས་འགལ་བ་གཉིས་གཅིག་མ་དོར་བར་ཅིག་ཤོས་ཁས་བླངས་པ་ལ་འབྱུང་བ་ཡིན་ནོ་ཞེ་ན། དེ་ནི་ཁྱེད་ཀྱིས་ལེགས་པར་སྨྲ་བ་མ་ཡིན་ཏེ། སྔར་ལོག་ཤེས་ཀྱིས་སྒྲ་རྟག་པར་སྨྲས་པ་དང༌། ཕྱིས་སྒྲ་མི་རྟག་པར་ཚད་མས་གྲུབ་ནས་ཁས་བླངས་པ་གཉིས་ལ་སྔ་མ་མ་དོར་བར། ཕྱི་མ་ཁས་བླངས་པ་འབྱུང་བ་མེད་པའི་ཕྱིར་དང༌། དེའི་ཚེ་ཡང་ཁས་བླངས་སྔ་མ་མ་དོར་བར་འདོད་ན་ནི་ཚད་མ་སྐྱེས་པར་འགལ་བའི་ཕྱིར། ཡང་སྔར་སྒྲ་མི་རྟག་པར་ཚད་མས་གྲུབ་ནས་སྨྲས་པ་དང༌། ཕྱིས་སྒྲ་རྟག་པར་མི་འདོད་བཞིན་དུ་ཁས་ལེན་དགོས་པ་བྱུང་བ་དེའི་ཚེ་སྔ་མ་མ་དོར་བཞིན་དུ་ཕྱི་མ་ཁས་བླངས་པ་ཡིན་པའི་ཕྱིར། སྔ་མ་མ་དོར་བ་མ་ཡིན་ཏེ། སྔ་མ་བརྗོད་པ་ཡང་མེད། ཚིག་གི་སྒོ་ནས་དོར་བ་ཡང་མེད། དོན་ལ་འདོར་བྱེད་ཀྱི་རིགས་པ་སྐྱེས་པ་ཡང་མེད་པའི་ཕྱིར། གསུམ་པ་ནི་བཤད་མ་ཐག་པ་འདི་ལ་དངོས་འགལ་ལྟ་ཞོག ཁས་བླངས་འགལ་བ་ཙམ་ཡང་ཡོད་པ་མ་ཡིན་ཏེ། གཞལ་བྱ་ལ་རྟག་པའི་ཁྱབ་པ་ཁས་བླངས་དེའི་ཚེ་ནི་ཐེ་ཚོམ་གྱིས་ཁས་བླངས་པ་ཡིན་ལ། ཕྱིས་རྟག་པར་ཐལ་གཞལ་བྱ་ཡིན་པའི་ཕྱིར་ལ་ཁྱབ་པ་མ་ངེས་པའི་ལན་བཏབ་པ་དེའི་ཚེ་ནི་དེ་ལ་དེས་ཁྱབ་པ་ཚད་མས་མ་ངེས་ཞེས་པའི་དོན་ཡིན་ལ། དེ་ལ་དེས་ཁྱབ་པ་ཚད་མས་མ་ངེས་པ་དང༌། དེ་ལ་དེས་ཁྱབ་པར་ཐེ་ཚོམ་ཟ་བ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཡང་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་ཐལ་བ་ལ་འདོད་ལན་བཏབ་པ་དང༌། སྔར་སྒྲ་རྟག་པར་ཁས་བླངས་པ་གཉིས་ལ་དངོས་འགལ་ལྟ་ཞོག་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཁས་བླངས་ཕྱི་མ་དེའི་དངོས་རྒྱུའི་དུས་སུ་ཁས་བླངས་སྔ་མ་འདས་ཟིན་པའི་ཕྱིར། སྤྱིར་འགལ་ཟླ་དེའི་དུས་སུ་ཅིག་ཤོས་འདས་ཟིན་པ་ཙམ་གྱིས་མི་འགལ་བར་འཇོག་མི་ནུས་ཏེ་སྣང་བ་དང་མུན་པ་བཞིན་ནོ། །བཞི་པ་ནི། གལ་ཏེ་སྔར་རྒོལ་གྱིས་གཞལ་བྱ་ལ་རྟག་པའི་ཁྱབ་པ་ཁས་བླངས་པ་ལ། ཕྱིར་རྒོལ་བས་དེར་ཐལ་དེའི་ཕྱིར། ཞེས་འཕངས་པ་ལ། ཁྱབ་པ་ཚད་མས་མ་ངེས་པའི་ལན་དོན་མཐུན་ཐེབས་ན། གྲངས་ཅན་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ། སངས་རྒྱས་པས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་འཕངས་པའི་ཚེ་ན། གྲངས་ཅན་གྱིས་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་ཐེབས་པར་མཚུངས་སོ། །དེ་ཡང་དེ་ལྟ་ན་ནི་དེ་ཐལ་འགྱུར་ཡང་དག་མ་ཡིན་པར་འགྱུར་རོ། །གལ་ཏེ་རྟགས་དངོས་འགལ་དུ་ཁས་བླངས་པས། རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པར་འདོད་ན་ནི། སྒྲ་རྟག་པར་ལོག་ཤེས་ཀྱིས་ཁས་བླངས་པ་དང༌། སྒྲ་རྟག་པར་མ་གྲུབ་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། དེ་ནི་ཁྱེད་ཀྱིས་ལེགས་པར་སྨྲས་པ་ཡིན་ཏེ། ཁོ་བོ་ཅག་གི་འདོད་པ་དང་མཐུན་པར་སྨྲས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་དེའི་ཚེ་རྒོལ་བས་ཐལ་འགྱུར་དེ་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་མ་ཡིན་ཏེ། དེ་ལྟ་ན་དེའི་ཚེ་ཐལ་འགྱུར་དེ་མ་གྲུབ་པའི་ཐལ་འགྱུར་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་སྔ་མ་ལ་ཡང་ཁྱབ་པ་མ་ངེས་པའི་ལན་མི་ཐེབས་ཏེ། གལ་ཏེ་ཐེབས་ན། ཐལ་འགྱུར་དེ་མ་ངེས་པའི་ཐལ་འགྱུར་ཉིད་དུ་ཐལ་བའི་ཕྱིར་རོ་ཞེ་ན། དེ་ནི་འདོད་པ་ཡིན་ནོ། །འོ་ན་སྔ་མ་ལ་ཡང་འདོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཐལ་འགྱུར་ལྟར་སྣང་ཉིད་དུ་འགྱུར་རོ། །འོ་ན་ཕྱི་མ་ལ་ཡང་དེར་འགྱུར་རོ་ཞེ་ན། འདོད་པ་ཡིན་ནོ། །འོ་ན་སྔ་མ་ལ་ཡང་དེའོ་ཞེ་ན། མི་མཚུངས་པའི་ཚུལ་ནི་འདི་ཡིན་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་འགོད་པ་སྐབས་སུ་བབ་པའི་གྲངས་ཅན་གྱི་ངོར། གང་རྟག་ན་ཞེས་སོགས་འཕངས་པའི་ཚེ། དེ་འདྲའི་ཐལ་ངག་ཆོས་ཅན། ཐལ་འགྱུར་ལྟར་སྣང་མ་ཡིན་ཏེ། སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་འདི་ལྟར། ཐལ་འགྱུར་ཡང་དག་འཕངས་པའི་རྟགས་ནི་ཕ་རོལ་པོས་ཁས་བླངས་པ་ཁོ་ན་ཡིན་གྱི། ཆོས་ཅན་གྱི་སྟེང་དུ་ཚད་མས་མ་གྲུབ་པ་ཞིག་ངེས་པར་དགོས་ཏེ། རྟགས་ཆོས་ཅན་གྱི་སྟེང་དུ་གྲུབ་པ་ནི་སྐབས་དེར་དགག་བྱའི་གཙོ་བོ་ཡིན་ལ། ཚད་མས་གྲུབ་ན་འགོག་མི་ནུས་པའི་ཕྱིར། ཐལ་འགྱུར་ཡང་དག་གི་ཁྱབ་པ་ནི་ཚད་མས་གྲུབ་ཅིང༌། ཐལ་བའི་ཆོས་ཀྱི་ལོག་ཕྱོགས་ཀྱང་ཆོས་ཅན་གྱི་སྟེང་དུ་སྤྱིར་ཚད་མས་གྲུབ་པ་ཞིག་དགོས་ཏེ། ཁྱབ་པ་དང་ཐལ་བའི་ལོག་ཕྱོགས་གཉིས་ནི་དགག་བྱ་དེ་འགོག་བྱེད་ཀྱི་རིགས་པའི་གཙོ་བོ་ཡིན་ལ། དེ་གཉིས་ནི། ཇི་ལྟར་བསྒྲུབ་དགོས་པའི་ཚད་མས་མ་གྲུབ་ན་གཞན་གྱི་ཁས་བླངས་པ་ཙམ་གྱིས་དགག་བྱ་མི་ཁེགས་པའི་ཕྱིར་རོ། །དེ་ཡང་རྒྱབ་རྟེན་ཚད་མ་མེད་པའི་ཁས་བླངས་འགལ་བ་ཙམ་དེ། རྩ་བའི་དམ་བཅའ་ལ་གེགས་བྱེད་ཙམ་ཡིན་གྱི། གནོད་བྱེད་མ་ཡིན་པའི་ཕྱིར། ཇི་སྐད་དུ། དེ་ལ་བརྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང༌། །གནོད་པ་མ་ཡིན་གཉིས་པོ་དག །ནུས་པ་མཚུངས་ཕྱིར་གེགས་བྱེད་འགྱུར། ཞེས་གསུངས་སོ། །ཡང་རྒོལ་བའི་རྒྱུད་ལ་རྗེས་དཔག་སྐྱེད་པ་དེའི་ཚེ། སྒྲ་རྟག་པར་མ་ཡིན་པར་ཚད་མས་གྲུབ་མོད། དེ་ལྟ་ན་ཡང་རྟག་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པས་ལན་གྱི་གོ་ཆོད་པ་མ་ཡིན་ཏེ། གཞན་གྱི་ཐལ་འགྱུར་དེ་མ་བཟློག་པའི་ངག་ཉིད་དུ་རང་རྒྱུད་ལ་རྗེས་དཔག་སྐྱེས་ཟིན་པའི་ཕྱིར་དང༌། རྗེས་དཔག་མ་སྐྱེས་པའི་འོག་རོལ་དུ་ལན་ཐེབས་ན་ལན་གྱི་གོ་ཆོད་ལ་རྗེས་དཔག་སྐྱེས་ནས་གཞན་གྱི་འདོད་ཐོག་ཏུ་སོང་ངོ༌། །དེའི་རྟགས་གྲུབ་པར་ཕྱིར་རྒོལ་གྱིས་ཀྱང་ཁས་བླངས་པ་མེད་པའི་ཕྱིར་དང༌། རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པའི་རྒྱུ་མཚན་གཞན་ཡང་རྟགས་དངོས་འགལ་དུ་སོང་བའི་རྒྱུ་མཚན་གྱིས་མ་ཡིན་གྱི། ཐལ་འགྱུར་ཡང་དག་ལ་བརྟེན་པས་རང་གི་ལོག་རྟོག་བཟློག་ཟིན་པས་ལན་བཏབ་ཀྱང་གཞན་གྱི་ཐལ་འགྱུར་བཟློག་མ་ནུས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལྟར་ན་ཚད་མ་རིགས་པའི་གཏེར་གྱི་དགོངས་པ་ལ། ཐལ་འགྱུར་ཡང་དག་གི་རྟགས་ནི་ཚད་མས་མ་གྲུབ་ཅིང༌། ཁས་བླངས་ཙམ་ཞིག་ངེས་པར་དགོས་ལ། ཁྱབ་པ་ནི་ཚད་མས་མ་གྲུབ་ན། ཁས་བླངས་པ་ཙམ་གྱིས་གྲུབ་པ་དང༌། དམ་བཅའ་ལ་ཚད་མས་བསལ་པ་འཇུག་རུང་མ་ཞུགས་པར་ཁས་བླངས་པ་ཙམ་གྱིས་བསལ་པ་ནི་ཐལ་འགྱུར་ལྟར་སྣང་ལས་མ་འདས་སོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །འོ་ན་དངོས་འགལ་གྱི་ས་མཚམས་གང་འཁོར་གསུམ་དངོས་འགལ་དུ་སོང་བ་མི་སྲིད་དམ་ཞེ་ན། སྒྲ་བྱས་པར་ཚད་མས་གྲུབ་ཅིང་གྲུབ་པ་ལྟར་ཁས་བླངས་ནས། སྒྲ་ཆོས་ཅན་བྱས་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་རྟགས་དངོས་འགལ་ལ་འགྲོ་བ་ཡིན་ནོ། །བྱས་པ་ལ་མི་རྟག་པས་ཁྱབ་པ་ཚད་མས་ངེས་ཤིང༌། ངེས་པ་ལྟར་ཁས་བླངས་ནས། མི་རྟག་པར་ཐལ། བྱས་པའི་ཕྱིར་ལ་ཁྱབ་པ་མེད་ཀྱི་ལན་བཏབ་པ་ན་ཁྱབ་པ་དངོས་འགལ་དུ་སོང་བ་ཡིན་ནོ། །ཡང་སྒྲ་མི་རྟག་པར་ཚད་མས་གྲུབ་ཅིང་གྲུབ་པ་ལྟར་ཁས་བླངས་ནས། སྒྲ་ཆོས་ཅན་རྟག་པར་ཐལ་ལ་འདོད་ལན་བཏབ་པ་དེའི་ཚེ་ཐལ་ཆོས་དངོས་འགལ་ལ་སོང་བ་ཡིན་ནོ། །གསུམ་ཆར་དངོས་འགལ་དུ་སོང་བ་ནི་མི་སྲིད་དེ། རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་ན་ཐལ་བའི་ལོག་ཕྱོགས་ཚད་མས་གྲུབ་པར་འགལ་བའི་ཕྱིར་རོ། །གཉིས་པ་རང་ལུགས་གཞག་པ་ལ། ཕྱིར་རྒོལ་གྱིས་སྔར་རྒོལ་ལ་ལན་འདེབས་པའི་ཚུལ་དང༌། སྔར་རྒོལ་གྱིས་ཕྱིར་རྒོལ་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ལ་རྟགས་ལ་ལན་འདེབས་པའི་ཚུལ་དང༌། ཁྱབ་པ་ལ་དེའི་ཚུལ་ལོ། །དེའི་ཚེ་དམ་བཅའ་ལ་ལན་འདེབས་པ་ནི་ཡོད་པ་མ་ཡིན་ནོ། །སྔར་རྒོལ་སྒྲུབ་ཚུལ་མི་ཤེས་པའི་ངོར་ནི་སྲིད་དོ། །དང་པོ་ལ་རྟགས་དོན་ལ་མ་གྲུབ་པའི་ཚུལ་གྱིས་ལན་འདེབས་པ་དང༌། དོན་ལ་གྲུབ་ཏུ་ཆུག་ཀྱང་བློ་ངོར་མ་གྲུབ་པའི་ལེན་འདེབས་པའི་ཚུལ་ལོ། །དང་པོ་ནི། ཕྱིར་རྒོལ་གྱིས་སྒྲུབ་བྱེད་དྲིས་པ་ན། སྔར་རྒོལ་གྱིས་སྒྲ་ཆོས་ཅན་མི་རྟག་སྟེ་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་སྨྲས་པ་ལ། ཕྱིར་རྒོལ་གྱིས་རྟགས་མ་གྲུབ་ཅེས་ཟེར་བ་ལྟ་བུའོ། །གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ། སྐད་ཅིག་གིས་འཇིག་པའི་ཕྱིར་ཞེས་པ་ལ། རྟགས་མ་གྲུབ་ཅེས་ཟེར་བ་ལྟ་བུའོ། །འདིས་ནི་སྒྲ་མི་འཇིག་པར་ཁས་བླངས་པའི་ཉེས་པ་མེད་དེ། འཇིག་མི་འཇིག་ཐེ་ཚོམ་ཟ་བའི་དོན་ཡིན་པའི་ཕྱིར། རྟགས་མ་གྲུབ་ཀྱི་ལན་བཏབ་ནས་ལོག་ཕྱོགས་ཁས་མི་ལེན་པ་འདི་ནི་བཞད་གད་ཀྱི་གནས་སོ་ཞེ་ན། དེ་ཡང་ཁྱོད་རང་གིས་ལེགས་པར་མ་བསླབས་པ་ཡིན་ཏེ། དེས་དེའི་སྒྲུབ་བྱེད་དྲིས་པ་ལ་རྒོལ་བས། སྒྲ་ཆོས་ཅན། མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་དང༌། སྒྲ་ཆོས་ཅན། ཚད་མས་དམིགས་ཏེ་ཡོད་པའི་ཕྱིར་ཞེས་པ་རྣམས་ལ་ཕྱིར་རྒོལ་བས་གཏན་ཚིགས་མ་གྲུབ་པའི་ལན་དོན་མཐུན་དུ་ཐེབས་པ་ཡང་ཡིན་ལ། དེ་ལྟར་བཏབ་པའི་ཚེ་ན་དེ་དང་དེའི་ལོག་ཕྱོགས་སུ་ཁས་ལེན་དགོས་པ་མ་ཡིན་ཏེ། གལ་ཏེ་དགོས་ན་དེ་དང་དེ་དག་མ་གྲུབ་པའི་གཏན་ཚིགས་སུ་ཁས་བླངས་པས་ཀྱང་སྒྲ་སྒྲ་མ་ཡིན་པ་ལ་སོགས་པར་ཁས་ལེན་དགོས་པར་འགྱུར་རོ། །འོ་ན་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་ཐམས་ཅད་ལ། ཕྱིར་རྒོལ་བས་རྟགས་མ་གྲུབ་ཀྱི་ལན་ཐེབས་པས་ཁྱབ་བམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཕྱོགས་ཆོས་ཕྱིར་རྒོལ་གྱི་ཚད་མས་གྲུབ་ཅིང་སྔར་རྒོལ་གྱི་ཚད་མས་མ་གྲུབ་པ་ལ་ཕྱིར་རྒོལ་གྱིས་གཏན་ཚིགས་མ་གྲུབ་པའི་ལན་མི་ཐེབས་པའི་ཕྱིར། ཚུལ་འདི་ནི་རྗེས་འགྲོ་དང༌། བཟློག་པ་གཉིས་པོ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་སྦྱར་བ་དེའི་ཚེ་ན་དོགས་པ་འདི་སྐྱེ་བར་འགྱུར་ཏེ། ཚུལ་གསུམ་སྔར་རྒོལ་གྱིས་ཚད་མས་མི་ཤེས་བཞིན་དུ་ཕྱིར་རྒོལ་གྱིས་ཤེས་ལ་མ་དྲན་པའི་ངོར། སྔར་རྒོལ་གྱིས་གཏན་ཚིགས་བཀོད་པ་ལས་ཕྱིར་རྒོལ་གྱི་རྒྱུད་ལ་ཚུལ་གསུམ་དྲན་ལམ་དུ་འཕངས་ཏེ་རྟགས་ཅན་རྗེས་དཔག་སྐྱེད་པ་གཅིག་སྲིད་དམ་མི་སྲིད། སྲིད་ན་ནི་རྗེས་དཔག་དེའི་རྟེན་གཏན་ཚིགས་ཡང་དག་མེད་པར་འགྱུར་རོ། །མི་སྲིད་ན་ནི་སྲིད་པར་མངོན་སུམ་གྱིས་གྲུབ་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་སེལ་དགོས་པར་སྣང་ངོ༌། །དེ་ཡང་རང་གི་མཐོང་བ་ཞེས་པའི་ཚིག་གིས་དོགས་པ་དེ་བསལ་བ་ལྟ་བུར་སྣང་མོད་ཀྱང༌། གཏན་ཚིགས་ལྟར་སྣང་ལ་བརྟེན་པའི་རྗེས་དཔག་ཁ་ཅིག་ཁས་ལེན་དགོས་སམ། ཚུལ་གསུམ་སྔར་རྒོལ་གྱི་ཚད་མས་མ་གྲུབ་པའི་གཏན་ཚིགས་ཡང་དག་གཅིག་ཁས་ལེན་དགོས་པ་གང་རུང་ལས་མ་འདས་སོ། །གཉིས་པ་ལ། འགལ་བའི་གཏན་ཚིགས་ལ་ལན་འདེབས་པའི་ཚུལ་དང༌། མ་ངེས་པའི་གཏན་ཚིགས་ལ་ལན་འདེབས་པའི་ཚུལ་གཉིས། དང་པོ་ནི། རྒོལ་བས་སྒྲ་ཆོས་ཅན་རྟག་སྟེ་བྱས་པའི་ཕྱིར། ཞེས་པ་ལ་ནི་སྒྲ་ཟིན་གྱི་ཁྱབ་པ་འགལ་ཞེས་པའི་ལན་འདེབས་པ་ཡིན་ནོ། །དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ་འདུས་མ་བྱས་པའི་ཕྱིར་ཞེས་པ་ལ་ཞེ་འདོད་ཀྱི་ཁྱབ་པ་འགལ་བ་དང༌། སྒྲ་ཟིན་གྱི་རྟགས་མ་གྲུབ་པའི་ལན་ཐེབས་པ་ཡིན་ལ། དེ་ཙམ་གྱིས་དངོས་གྱུར་གྱི་ནམ་མཁའ་འདུས་བྱས་སུ་ཁས་བླངས་པར་མི་འགྱུར་རོ། །དེ་ལྟར་ན་འགལ་བའི་གཏན་ཚིགས་རྣམས་ལ་ནི་རྗེས་འགྲོ་མེད་པའི་ལན་ཐེབས་པ་ཡིན་ནོ། །གཉིས་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཐམས་ཅད་ལ་ལྡོག་པ་མ་གྲུབ་པའི་ལན་འདེབས་པ་ཡིན་ཏེ། ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཐམས་ཅད་དང་ཡང་དག་ལྷག་ལྡན་ལ་རྗེས་འགྲོ་གྲུབ་པ་སྲིད་པའི་ཕྱིར། ཐུན་མོང་མ་ཡིན་པའི་གཏན་ཚིགས་ལ་ནི་རྗེས་སུ་འགྲོ་ལྡོག་གཉིས་ཀ་མ་གྲུབ་པའི་ལན་དང༌། འགལ་བ་ལྷག་ལྡན་ལ་རྗེས་འགྲོ་མ་གྲུབ་པའི་ལན་ཐེབས་པ་ཡང་སྲིད་དོ། །དེ་ཡང་སྒྲ་ཆོས་ཅན་མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལ་ཕྱིར་རྒོལ་བས་ཁྱབ་པ་མ་གྲུབ་པའི་ལན་བཏབ་པའི་ཚེ། བྱས་ཡོད་ལ་སོགས་པའི་རྟགས་ཀྱིས་མཉན་བྱ་ལ་མི་རྟག་པས་ཁྱབ་པ་བསྒྲུབ་དགོས་པ་ཡིན་ཏེ། གཉན་བྱ་ཡིན་ན་མི་རྟག་པ་མ་ཡིན་པ་བུད་དོ་ཞེས་ཕུད་པས་ཆོག་པ་མ་ཡིན་ཏེ། ཕྱིར་རྒོལ་གྱིས་ཁྱབ་པ་ཚད་མས་མི་ཤེས་ནས་ཁྱབ་པ་མ་ངེས་པའི་ལན་བཏབ་པ་ཡིན་གྱི། དངོས་སྐྱོན་འཕང་རྒྱུ་ཡོད་ནས་ཁྱབ་པ་མ་ངེས་པའི་ལན་བཏབ་པ་མ་ཡིན་པའི་ཕྱིར་རོ། །དངོས་ཀྱི་མ་ངེས་པའི་གཏན་ཚིགས་རྣམས་ལ་ནི་ཕྱིར་རྒོལ་གྱིས་དངོས་སྐྱོན་འཕངས་དགོས་ཏེ། མ་འཕངས་ན་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །ལྷག་ལྡན་གཉིས་ལ་ཡང་དངོས་སྐྱོན་འཕེན་རྒྱུ་མེད་ཀྱང༌། ཁྱབ་པ་ཚད་མས་མ་ངེས་པའི་ལན་ཐེབས་པ་ཡིན་ནོ། །སྔར་རྒོལ་གྱིས་རྟགས་ཡང་དག་གི་རྩ་བའི་སྦྱོར་བ་བཀོད་པ་ལ། ཚུལ་གསུམ་མ་ཤེས་པའི་ཕྱིར་རྒོལ་བས། ཁྱབ་པ་ཚད་མས་མ་ངེས་པ་དང༌། རྟགས་ཕྱོགས་ཆོས་སུ་མ་གྲུབ་པའི་ལན་ཐེབས་ཤིང་འདེབས་དགོས་པ་ཡང་ཡིན་ཏེ། ཚུལ་གསུམ་ཚད་མས་ཤེས་པའི་དགོས་པ་ཡོད་པའི་ཕྱིར། དེའི་ཚེ་སྔར་རྒོལ་གྱི་ཚུལ་གསུམ་ཚད་མའི་ལམ་ནས་སྒྲུབ་ཤེས་ན་ནི་ལན་གྱིས་བཟློག་པར་མ་ནུས་ལ། མ་ཤེས་ན་ནི་ལན་གྱིས་བཟློག་པར་ནུས་པ་ཡིན་ཏེ། སྔར་རྒོལ་གྱིས་སྤོབས་བ་བཅོམ་པའི་ཕྱིར་རོ། །རེ་ཤིག་ཕྱིར་རྒོལ་བས་སྔར་རྒོལ་ལ་ལན་འདེབས་པའི་ཚུལ་ནི་དེ་ཙམ་མོ། །གཉིས་པ་ལ། ཐལ་འགྱུར་ཡང་དག་ལ་ལན་འདེབས་པའི་ཚུལ་དང༌། ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། སྒྲ་བྱས་པ་ཡིན་པ་དང༌། བྱས་མི་རྟག་གི་འབྲེལ་པ་ཚད་མས་མི་ཤེས་པའི་སྔར་རྒོལ་གྲངས་ཅན་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ། ཕྱིར་རྒོལ་སངས་རྒྱས་པས་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པ་ལ། ཁྱབ་པ་ཚད་མས་མ་ངེས་པའི་ལན་དང༌། ཐལ་ཆོས་ལ་བསལ་པ་མེད་པའི་ལན་དོན་མཐུན་དུ་ཐེབས་པ་ཡིན་ནོ། །འདིར་ཡང་ཁྱབ་བསལ་ཕྱིར་རྒོལ་གྱིས་སྒྲུབ་མ་ཤེས་ན་ལན་གྱིས་བཟློག་པར་ནུས་པ་ཡིན་ལ། ཁྱབ་བསལ་ཚད་མའི་ལམ་ནས་སྒྲུབ་ཤེས་ན་བཟློག་པར་མ་ནུས་པ་ཡིན་ནོ། །འོན་ཀྱང་དེའི་ཚེ་འདོད་ལན་ནི་ཐེབས་པ་མ་ཡིན་ཞིང༌། གལ་ཏེ་བཏབ་ཀྱང་ཚར་བཅད་ཀྱི་གནས་སུ་སོང་བ་ཡིན་ཏེ། ཚེར་མ་འབྱིན་རྒྱུ་ཡོད་པ་ལ་འབྱིན་མ་ཤེས་པའི་ཕྱིར་དང༌། སྒྲ་མ་བྱས་པར་ཁས་བླངས་པས་ཁས་བླངས་ཉེས་པའི་ཕྱིར། འོ་ན་ཁྱེད་ལྟར་ན་འདི་ལ་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་མ་ཡིན་ནམ་ཞེ་ན། འདི་ནི་ཁོ་བོ་ཅག་མི་འདོད་དེ། རྩ་བའི་ཁས་བླངས་རྟགས་སུ་བཀོད་པ་ཡིན་པའི་ཕྱིར་དང༌། རྒོལ་ཕྱིར་རྒོལ་གང་ཡིན་ཀྱང་རུང་ལོག་རྟོག་མ་ལོག་པའི་གོང་དུ་རྩ་བའི་དམ་བཅའ་དེའི་འགལ་ཟླ་ཁས་བླངས་ན་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར་དང༌། རྟགས་ཁས་བླངས་ཀྱིས་གྲུབ་པ་ཙམ་གྱིས་ཆོག་པ་དང༌། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ཙམ་གྱིས་ཆོག་པ་གཉིས་མི་མཚུངས་པའི་ཚུལ་རྒྱས་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ། འགལ་བའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་དང༌། མ་ངེས་པའི་ཐལ་འགྱུར་ལ་དང༌། མ་གྲུབ་པའི་དང༌། བསལ་པ་ཡེ་མེད་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་པས་སྒྲ་བྱས་པར་ཁས་བླངས་པ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལ། སྔར་རྒོལ་བྱས་མི་རྟག་གི་འབྲེལ་པ་ཤེས་པ་ཞིག་ན་ནི་ཁྱབ་པ་འགལ་ལོ་ཞེས་ལན་འདེབས་པ་ཡིན་ནོ། །དེའི་ཚེ་ཕྱིར་རྒོལ་བས་འགལ་བའི་རྒྱུ་མཚན་ཅི་ཡིན་ཞེས་འདྲི་བ་སྐབས་སུ་བབ་པ་ཡིན་ནོ། །དེ་ལྟར་དྲིས་པའི་ཚེ། སྔར་རྒོལ་གྱིས་ཚུལ་གསུམ་བསྒྲུབས་ཏེ། ཕྱིར་རྒོལ་ལ་རྗེས་དཔག་སྐྱེད་པར་བྱེད་པ་ཡིན་ནོ། །ཡང་སྔར་རྒོལ་འབྲེལ་པ་ཚད་མས་མི་ཤེས་པ་ཞིག་ཡིན་ན་ནི་ཁྱབ་པ་མ་ངེས་སོ་ཞེས་ལན་འདེབས་པ་ལས་འོས་མེད་པ་ཡིན་ནོ། །ཡང་སྒྲ་མཉན་བྱར་ཁས་བླངས་པ་ལ། སྒྲ་ཆོས་ཅན་རྟག་པར་ཐལ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལ། སྔར་རྒོལ་སྒྲ་མི་རྟག་པར་གྲུབ་ཟིན་པ་ཞིག་ཡིན་ན་ནི། ཁྱབ་པ་འགལ་བའི་ལན་འདེབས་པ་ཡིན་ནོ། །དེ་ལྟར་བཏབ་པ་དེའི་ཚེ། ཕྱིར་རྒོལ་གྱིས་འགལ་བའི་རྒྱུ་མཚན་དྲིས་པ་ན། སྔར་རྒོལ་གྱིས་མཉན་བྱ་མི་རྟག་པར་བསྒྲུབས་ཏེ། ཕྱིར་རྒོལ་ལ་རྗེས་དཔག་སྐྱེད་པར་བྱེད་པ་ཡིན་ནོ། །ཡང་སྒྲ་མི་རྟག་པར་ཚད་མས་མི་ཤེས་པ་ཞིག་ཡིན་ན་ནི། ཁྱབ་པ་མ་ངེས་པའི་ལན་འདེབས་པ་ལས་འོས་མེད་དེ། དེའི་ཚེ་ཐུན་མོང་མ་ཡིན་པའི་མ་ངེས་པའི་ཐལ་འགྱུར་དུ་སོང་བའི་ཕྱིར། ཡང་སངས་རྒྱས་པས་ནམ་མཁའ་འདུས་མ་བྱས་སུ་ཁས་བླངས་པ་ལ། བྱེ་བྲག་པས་དེ་དངོས་པོར་ཐལ་བ་འཕེན་འདོད་ནས། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་པར་ཐལ་འདུས་མ་བྱས་པའི་ཕྱིར་ཞེས་འཕངས་པ་དེའི་ཚེ། ཞེ་འདོད་ཀྱི་ཁྱབ་པ་འགལ་བའི་ལན་འདེབས་པ་ཡིན་ནོ། །ཡང་སངས་རྒྱས་པས་མིག་སོགས་དབང་པོ་ལྔ་པོ་དེ་འདུས་ཤིང་བསགས་པར་ཁས་ལེན་པ་ལ། གྲངས་ཅན་གྱི་ཞེ་འདོད་ལ། བདག་དོན་བྱེད་པར་ཐལ་བར་འཕེན་འདོད་ནས། དེ་ཆོས་ཅན། གཞན་དོན་བྱེད་པར་ཐལ། འདུས་ཤིང་བསགས་པའི་ཕྱིར་ཞེས་འཕངས་པ་ལ། ཞེ་འདོད་ཀྱི་ཁྱབ་པ་འགལ་བའི་ལན་ཐེབས་པ་ཡིན་ཏེ། དེ་དང་དེ་དག་ཞེ་འདོད་ལ་འགལ་བའི་ཐལ་འགྱུར་དུ་སོང་བའི་ཕྱིར། དེའི་ཚེ་འགལ་བའི་སྒྲུབ་བྱེད་དྲིས་ཤིང་བཤད་པས། ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་སྐྱེ་བ་ཡིན་ནོ། །ཡང་རྗེས་འགྲོ་ལ་འགལ་བའི་ལན་ཐེབས་ཤིང་བཟློག་པ་ལ་མ་ངེས་པའི་ལན་ཐེབས་པ་ཡང་ཡོད་དེ། རྟག་པ་ལ་དངོས་མེད་ཀྱིས་ཁྱབ་པ་ཚད་མས་ངེས་ཤིང༌། སྒྲ་རྟག་པར་བདེན་ཞེན་གྱིས་འདོད་པའི་སྔར་རྒོལ་ལ། ཕྱིར་རྒོལ་བས་སྒྲ་ཆོས་ཅན། སྒྲའི་དངོས་པོ་ཡིན་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པ་ལྟ་བུའོ། །རྒོལ་བ་དེས་འདིའི་རྗེས་འགྲོ་ནི་འགལ་བར་ཚད་མས་ངེས་པ་ཡིན་ཏེ། སྤྱིར་རྟག་པ་ལ་དངོས་མེད་ཀྱི་ཁྱབ་པ་ཚད་མ་དེ་ཉིད་ཀྱིས། རྟག་པ་ལ་སྒྲའི་དངོས་མེད་ཀྱི་ཁྱབ་པ་ཡང་ངེས་པའི་ཕྱིར། དེའི་བཟློག་ཁྱབ་ནི་རྣལ་ལོག་གང་དུ་ཡང་ཚད་མས་མ་ངེས་པ་ཡིན་ཏེ། སྒྲའི་དངོས་པོ་ལ་མི་རྟག་པས་ཁྱབ་པ་དང༌། རྟག་པས་ཁྱབ་པ་གང་ཡང་ཚད་མས་མི་ཤེས་པའི་ཕྱིར། ཅི་སྟེ་དངོས་པོ་ལ་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་སྒྲའི་དངོས་པོ་ལ་ཡང་དེས་ཁྱབ་པར་ངེས་པ་མ་ཡིན་ནམ་ཞེ་ན། སྐབས་གཞན་དུ་དེ་འདྲ་ཅིག་ཡོད་མོད་ཀྱང༌། སྐབས་འདིར་ནི་དེ་ཡོད་པ་མ་ཡིན་ཏེ། འདིའི་སྐབས་ཀྱི་རྒོལ་བ་དེས་ཁྱད་གཞི་སྒྲའི་དངོས་པོ་མི་སྲིད་པར་དོགས་ཤིང་ཁས་ལེན་པའི་ཕྱིར། ཡང་ལྡོག་པ་ལ་འགལ་བ་དང༌། རྗེས་འགྲོ་ལ་མ་ངེས་པའི་ལན་ཐེབས་པ་ཡང་ཡོད་དེ། རྟག་པ་ལ་མ་བྱས་པ་ཁྱབ་པ་ཚད་མས་ངེས་ཤིང༌། སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་སྒྲ་ཆོས་ཅན། རྟག་པར་ཐལ། སྒྲའི་བྱས་པ་ཡིན་པའི་ཕྱིར་ཞེས་འཕངས་པ་ལྟ་བུའོ། །དེའི་ཚེ་རྗེས་འགྲོའི་ཁྱབ་པ་ནི་རྒོལ་བས་རྣལ་ལོག་གང་དུ་ཡང་མ་ངེས་པ་ཡིན་ཏེ། ཁྱད་གཞི་སྒྲའི་བྱས་པ་མ་ངེས་པའི་ཕྱིར། ལྡོག་པ་ནི་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་ཏེ། རྒོལ་བ་དེས་རྟག་པ་བྱས་པ་ལས་ལོག་པར་ངེས་ཤིང་ཚད་མ་དེ་ཉིད་ཀྱིས་རྟག་པ་སྒྲའི་བྱས་པ་ལས་ཀྱང་ལོག་པར་ངེས་པའི་ཕྱིར། ཡང་རྗེས་འགྲོ་ཚད་མས་ངེས་ནས། ལྡོག་པ་མ་ངེས་པའི་ལན་ཐེབས་པ་དང༌། ཡང་བཟློག་པ་ཚད་མས་ངེས་ནས། རྗེས་འགྲོ་མ་ངེས་པའི་ལན་ཐེབས་པ་ཡང་ཡོད་དེ། འདི་ལྟར་རིམ་པ་བཞིན་དུ། ཡོད་པར་ཐལ་ཚད་མས་དམིགས་པའི་ཕྱིར་ཞེས་པ་དང༌། ཚད་མས་མ་དམིགས་པར་ཐལ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་དག་གི་རྒྱུ་མཚན་ཡང་མེད་པ་ཚད་མས་མ་དམིགས་པས་སྟོང་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མེད་པའི་རྒྱུ་མཚན་ལ་ཐུག་པ་ཡིན་ནོ། །དེ་ཡང་དེ་མེད་ན་དེ་ལ་བརྟེན་པའི་རྗེས་དཔག་མེད་དགོས་ལ། དེའི་ལྡོག་ཁྱབ་མངོན་སུམ་གྱིས་ནི་མི་འགྲུབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །འོ་ན་དེ་ལྟ་ཡིན་པ་དེའི་ཚེ། ཚད་མས་དམིགས་པ་དེ་ཡོད་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་མ་ཡིན་པར་འགྱུར་ལ། དེ་ལྟར་ན་དེ་བུམ་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་འགྱུར་རོ་ཞེ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། རྟགས་བསྒྲུབ་བྱའི་ཆོས་དང་འབྲེལ་པར་འཇོག་པའི་དུས་ཀྱི་རྗེས་སུ་འགྲོ་ལྡོག་རྩི་ལུགས་དེ་དང༌། ཐལ་འགྱུར་དང་དེས་འཕངས་པའི་རང་རྒྱུད་ཀྱི་རྗེས་སུ་འགྲོ་ལྡོག་རྩི་ལུགས་དེ་ལ་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ཡང་འདི་ལྟར། ཚད་མ་དམིགས་པ་དེ་ཡོད་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། དེ་ཡོད་པ་ལ་རྗེས་འགྲོ་མེད་པ་ལས་ལྡོག་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར། ཡང་ཡོད་པར་ཐལ། ཚད་མས་དམིགས་པའི་ཕྱིར་གྱི་ཐལ་འགྱུར་དེའི་ལྡོག་པའི་ཁྱབ་པ་ནི་ཡོད་པ་མ་ཡིན་ཏེ། ཚད་མས་མ་དམིགས་པར་ཐལ་མེད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེའི་རྗེས་འགྲོ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེའི་མངོན་སུམ་ནི་མེད། དེའི་རྗེས་དཔག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། དེ་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་མེད་པའི་ཕྱིར་རོ། །དེའི་ཕྱིར་རྗེས་འགྲོའི་ཚུལ་གྲུབ་པ་ལ། རྗེས་ཁྱབ་གྲུབ་པས་ཁྱབ་ཀྱང༌། ལྡོག་པའི་ཚུལ་གྲུབ་ན། ལྡོག་ཁྱབ་གྲུབ་པས་མ་ཁྱབ་པ་ཡིན་ནོ། །གཉིས་པ་མ་ངེས་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་ལ། ཐུན་མོང་མ་ཡིན་པའི་མ་ངེས་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ། ཐུན་མོང་གི་མ་ངེས་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། སྒྲ་མཉན་བྱར་ཁས་བླངས་ཤིང༌། མི་རྟག་པར་མ་ངེས་པའི་རྒོལ་བ་ལ། སྒྲ་ཆོས་ཅན་མི་རྟག་པར་ཐལ་མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལ། རྒོལ་བས་རྗེས་སུ་འགྲོ་ལྡོག་གཉིས་ཀ་མ་ངེས་པའི་ལན་ཐེབས་ཤིང་འདེབས་དགོས་པ་ཡང་ཡིན་ཏེ། རྟགས་ནི་ཁས་བླངས། འདོད་ལན་བཏབ་ན་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ཡང་ཐལ་འགྱུར་འདི་ཐུན་མོང་མ་ཡིན་པའི་ཐལ་འགྱུར་དུ་སོང་བའི་རྒོལ་བ་དེས་འདི་ལ་འདོད་ལན་བཏབ་པའི་ཚེ། མཉན་བྱ་ཡིན་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པ་ཡིན་ཞེས་ཁས་བླངས་པར་སོང་བས་མ་ངེས་པའི་རྟགས་ལ་རྟེན་པའི་ཐེ་ཚོམ་ལས་མ་འདས་སོ། །ཁྱབ་པ་མ་ངེས་པའི་ལན་བཏབ་པ་དེའི་ཚེ་ན་ཕྱིར་རྒོལ་གྱིས་མཉན་བྱ་མི་རྟག་པར་སྒྲུབ་པ་ལས། རང་རྒྱུད་ལ་རྗེས་དཔག་སྐྱེད་པའི་ཐབས་བླ་ན་མེད་པར་འགྱུར་བའི་ཕྱིར་ལན་དོན་མཐུན་ཞེས་བྱ་བ་ཡིན་ནོ། །དེ་ལ་འདི་སྙམ་དུ་དོགས་པར་འགྱུར་ཏེ། རྟག་པར་ཐལ་མཉན་བྱ་ཡིན་པའི་ཕྱིར་ལ་ཁྱབ་པ་འགལ་བའི་ལན་མི་འདེབས་པར། ཁྱབ་པ་མ་ངེས་པའི་ལན་བཏབ་ན། མཉན་བྱ་དང་རྟག་པའི་གཞི་མཐུན་སྲིད་པར་ཤུགས་ལ་ཁས་ལེན་དགོས་ཏེ། ཇི་སྐད་དུ། ཡང་ན་འགལ་ལ་དེས་འཁྲུལ་འགྱུར། །ཞེས་པ་རྩ་འགྲེལ་ལས་ཤེས་སོ་ཞེ་ན། དེའི་ལན་ནི་འདི་ཡིན་ནོ། །འདིར་རྒོལ་བ་ལ་རིགས་གཉིས་ཏེ། མཉན་བྱ་ལ་མི་རྟག་པས་ཁྱབ་པ་ཚད་མས་ཤེས་པ་དང་མི་ཤེས་པས་སོ། །དང་པོའི་ངོར་ནི། ཐལ་འགྱུར་དེ་ཐུན་མོང་མ་ཡིན་པའི་ཐལ་བར་མི་འགྱུར་ཏེ། རྟགས་གྲུབ་ཅིང་ཁྱབ་པ་ཕྱིན་ཅི་ལོག་ཏུ་ཚད་མས་ངེས་པས་འགལ་བའི་ཐལ་འགྱུར་དུ་སོང་བས་སོ། །རྒོལ་བ་གཉིས་པའི་དབང་དུ་བྱས་ནས་ཐལ་འགྱུར་དེ་ཐུན་མོང་མ་ཡིན་པའི་ཐལ་འགྱུར་དུ་བཞག་པ་ཡིན་ལ། དེའི་ཚེ་རྒོལ་བ་དེས། མཉན་བྱ་དང་རྟག་པའི་གཞི་མཐུན་སྲིད་པར་ཁས་ལེན་པ་ལས་འོས་མེད་དེ། དེ་ཡང་ཐེ་ཚོམ་ལས་མ་འདས་པའི་ཕྱིར་ཏེ། རྟགས་ཡང་དག་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ལ། དངོས་ཀྱི་མ་ངེས་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་དང༌། ལྷག་ལྡན་གྱི་མ་ངེས་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་གཉིས་སོ། །དང་པོ་ནི། སྒྲ་གཞལ་བྱར་ཁས་བླངས་པ་ལ། སྒྲ་ཆོས་ཅན་རྟག་པའམ་མི་རྟག་པར་ཐལ་བ་ལ་ཁྱབ་པ་མ་ངེས་པའི་ལན་བཏབ་ནས་དངོས་སྐྱོན་གཏོང་བ་ཡིན་ནོ། །འདི་ལ་ནི། རྗེས་འགྲོ་ཙམ་ཡོད་ཀྱང་ལྡོག་པ་མེད། རྗེས་སུ་འགྲོ་ལྡོག་གི་ཚུལ་དང་ཁྱབ་པ་གཉིས་ཀ་ཡོད་པ་མ་ཡིན་ནོ། །འདི་དངོས་མ་ངེས་ཀྱི་ཐལ་འགྱུར་དུ་འགྲོ་བའི་རྒོལ་བ་ནི། རྟག་པ་དང་མི་རྟག་པ་གཉིས་ཀ་ལ་གཞལ་བྱས་ཁྱབ་པ་ཚད་མས་ངེས་པའི་རྒོལ་བའི་ངོར་ཡིན་གྱི། ཐེ་ཚོམ་དང་ཡིད་དཔྱོད་ཀྱིས་ངེས་པའི་རྒོལ་བ་ལ་ནི་མ་ཡིན་ནོ། །འདིར་མི་རྟག་པར་ཐལ་བ་ལ་འདོད་པའི་ལན་ནི། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་རྒོལ་བས་གདབ་པར་བྱས་པ་མ་ཡིན་ཏེ། དེ་ལྟར་བཏབ་ན་ཚེར་མ་འབྱིན་མི་ཤེས་པས་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་ཏེ། གཞལ་བྱ་ཡིན་པའི་རྒྱུ་མཚན་གྱིས་མི་རྟག་ཅེས་པར་སོང་བས་ཐེ་ཚོམ་ལས་མ་འདས་ཤིང༌། གཞན་རྒྱུད་ཀྱི་ལོག་རྟོག་བཟློག་ནུས་པའི་ལན་འདེབས་མ་ཤེས་པའི་ཕྱིར། ལོག་རྟོག་ནི་གཞལ་བྱ་ལ་མི་རྟག་པས་ཁྱབ་པར་འཛིན་པ་དེ་ཡིན་ལ། དེ་ཐལ་འགྱུར་གྱི་བཟློག་པའི་ཚུལ་ཡང་སྔར་བཤད་ལྟར་ཡིན་གྱི། གྲགས་ཚོད་ལྟར་མ་ཡིན་ནོ། །གཉིས་པ་ལ་ཡང་དག་ལྷག་ལྡན་གྱི་ཐལ་འགྱུར་ལ་དང༌། འགལ་བ་ལྷག་ལྡན་གྱི་ཐལ་འགྱུར་ལ་ལན་འདེབས་ཚུལ་ལོ། །དང་པོ་ནི། ཀུན་མཁྱེན་ཡིན་པར་ཐལ། ངག་སྨྲ་བའི་ཕྱིར་ཞེས་པ་ལ་རྗེས་འགྲོ་མེད་ཅིང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ལན་ཐེབས་པ་ཡིན་ནོ། །གཉིས་པ་ནི་ཀུན་མཁྱེན་མ་ཡིན་པར་ཐལ། ངག་སྨྲ་བའི་ཕྱིར་ཞེས་པ་ལ་རྗེས་འགྲོ་ཙམ་གྲུབ་ཀྱང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ལན་ཐེབས་པ་ཡིན་ནོ། །ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ལན་འདེབས་པ་མེད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། ཁྱབ་པ་ཚད་མས་མ་ངེས་པའི་ལན་འདེབས་པ་དང༌། ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ལན་འདེབས་པ་གཉིས་དོན་གཅིག་ལ་འདུ་བའི་ཕྱིར་རོ། །གསུམ་པ་ལ། གཏན་ཚིགས་དོན་ལ་མ་གྲུབ་པའི་ཐལ་འགྱུར་ལ་དང༌། དེ་བློ་ངོར་མ་གྲུབ་པའི་ཐལ་འགྱུར་ལ་ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། སྒྲ་དབང་མངོན་གྱི་གཟུང་བྱར་ཁས་བླངས་པ་ལ། སྒྲ་ཆོས་ཅན་མི་རྟག་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལ། གཏན་ཚིགས་མ་གྲུབ་པའི་ལན་ཐེབས་པ་ཡིན་ནོ། །འདི་ཐུན་མོང་མ་ཡིན་པའི་ཐལ་འགྱུར་དུ་སོང་བ་གཅིག་སྲིད་པའི་ཚེ། ཁྱབ་པ་མ་ངེས་པའི་ལན་ཐེབས་པ་ཡིན་ནོ། །དེ་གཉིས་གང་གི་ཚེ་ཡང་འདི་ལ་འདོད་ལན་བཏབ་ན་སྐྱོན་དུ་འགྱུར་བ་ནི་སྔ་མ་བཞིན་ནོ། །ཡང་གྲངས་ཅན་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ་སྒྲ་ཆོས་ཅན་མི་རྟག་པར་ཐལ་སྒྲ་ཡིན་པའི་ཕྱིར། ཞེས་པ་ལ་གཏན་ཚིགས་མ་གྲུབ་པ་དང༌། ཁྱབ་པ་མ་ངེས་པའི་ལན་གཉིས་ཀ་ཐེབས་པ་ཡིན་ནོ། །ཅི་སྟེ་འདི་ལ་གཏན་ཚིགས་མ་གྲུབ་པའི་ལན་མི་ཐེབས་ཏེ། དེ་ལྟ་ན་སྒྲ་སྒྲ་ཡིན་པར་གྲངས་ཅན་གྱིས་ཚད་མས་མ་ངེས་པར་འགྱུར་བའི་ཕྱིར་སྙམ་ན། དེ་ལ་དེ་ཐེབས་པ་ཡིན་ཏེ་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། གལ་ཏེ་དེ་མ་ཡིན་ཏེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་འགྱུར་བ་ལ་ནི་ཤེས་འདོད་ཆོས་ཅན་དགོས་པས། ཆོས་ཅན་དང་རྟགས་ཐ་དད་དུ་ཡོད་དགོས་ལ། ཐལ་འགྱུར་ལ་ནི་ཤེས་འདོད་ཆོས་ཅན་མི་དགོས་པའི་ཕྱིར་མི་མཚུངས་སོ་ཞེ་ན། དེ་ཡང་འདི་ལྟར་ཡིན་ཏེ། ཐལ་འགྱུར་ལ་གཉིས་ཏེ། གཞན་གྱི་ཁས་བླངས་རྟགས་སུ་བཀོད་པ་དང་མ་བཀོད་པའོ། །དང་པོ་ནི། གཞི་རྟགས་ཐ་དད་མེད་ཀྱང་མ་གྲུབ་པའི་ཐལ་འགྱུར་དུ་འཇོག་མི་ནུས་ཏེ་ཐལ་འགྱུར་གྱི་རྟགས་ཁས་བླངས་ཀྱིས་གྲུབ་པས་རྟགས་གྲུབ་པའི་གོ་ཆོད་པར་གོང་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ་ནི། དེ་གཉིས་ཐ་དད་མེད་པས་མ་གྲུབ་པར་འཇོག་ནུས་ཏེ། རྟགས་རང་ཉིད་ཀྱི་ཚད་གྲུབ་ཏུ་བྱས་པའི་སྒོ་ནས། གཞན་མི་འདོད་པའི་རང་གི་བསྒྲུབ་བྱར་བྱས་ཏེ་སྒྲུབ་བྱེད་བཀོད་པའི་ཕྱིར། ཇི་སྐད་དུ། ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཆོས་ཅན་རང་སྒྲུབ་བྱེད་མ་གྲུབ། །ཅེས་གསུངས་པ་ལས་ཤེས་སོ། །དེ་ལྟར་བྱས་པ་ནི་ཐལ་འགྱུར་གྱི་རྟགས་འགོད་ཚུལ་གཉིས་ལས། ཁས་བླངས་རྟགས་སུ་བཀོད་པ་ལ་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ཇི་སྙེད་བརྩི་བར་མི་བྱ་ཞིང༌། ཁས་བླངས་མ་བཀོད་པར་ཕྱིར་རྒོལ་རང་ཉིད་ཀྱི་འདོད་པ་རྟགས་སུ་བཀོད་པ་རྣམས་ལ་ནི་མ་གྲུབ་པའི་རྟགས་ཀྱི་སྐྱོན་ཇི་སྙེད་བརྩི་བར་བྱ་སྟེ། དཔེར་ན། རྒོལ་བ་སྒྲ་མཉན་བྱར་ཁས་མི་ལེན་པ་ལ་སྒྲ་ཆོས་ཅན། མཉན་བྱར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་འཕངས་ན་མ་གྲུབ་པའི་ཐལ་འགྱུར་ཡིན་ལ། དེ་སྒྲ་ཁས་ལེན་པ་ལ་སྒྲ་ཆོས་ཅན་མཉན་བྱར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་འཕངས་ན་མ་གྲུབ་པའི་ཐལ་འགྱུར་དུ་མི་འགྱུར་བ་བཞིན་ནོ། །རྟགས་སུ་འགོད་ཚུལ་ལ་གཉིས་ཡོད་པར་མ་ཟད། ཐལ་བ་འཕེན་ཚུལ་ལ་ཡང་གཉིས་ཡོད་དེ། ཐལ་བ་དེའི་དོན་རྒོལ་བ་རང་ཉིད་སྒྲུབ་མི་འདོད་པར། རྒོལ་བ་གཞན་ལ་ནང་འགལ་དུ་འཕེན་པ་ཁོ་ན་དང༌། གཞན་ལ་ནང་འགལ་དུ་འཕངས་པར་མ་ཟད། ཐལ་ཆོས་དེ་རང་ཉིད་ཀྱང་སྒྲུབ་པར་འདོད་པའོ། །དཔེ་རིམ་པ་བཞིན་དུ། གྲངས་ཅན་སྒྲ་དེ་བྱས་པ་དང་རྟག་པའི་གཞི་མཐུན་དུ་ཁས་ལེན་པ་ལ་སངས་རྒྱས་པས་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་པ་དང༌། སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར་ཞེས་འཕངས་པ་ལྟ་བུའོ། །དེའི་ཕྱིར་ཐལ་བ་སྔ་མ་དེ་ལྟ་བུ་དམ་བཅའ་ཚད་བསལ་ཁོ་ནར་བྱེད་ཅིང་སྒྲུབ་འདོད་མེད་པ་རྣམས་ལ་ནི་ཁྱབ་པའི་སྐྱོན་ཁོ་ན་བརྩི་བར་བྱ་ཡི། རྟགས་ཀྱི་སྐྱོན་བརྩི་བར་མི་བྱ་ལ། ཕྱི་མ་དེ་ལྟ་བུ་ཐལ་ཆོས་དེ་རང་རྒྱུད་དུ་ཡང་སྒྲུབ་པར་འདོད་པ་རྣམས་ལ་ནི། འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་བརྩི་བར་བྱ་བ་ནི་རང་རྒྱུད་དང་མཚུངས་པ་མ་ཡིན་ཏེ། བསྒྲུབ་བྱ་སྒྲུབ་ནུས་པ་ལ་སྐྱོན་དེ་གསུམ་ཀ་དང་བྲལ་བ་གཅིག་དགོས་པའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་ལན་འདེབས་པའི་ཚུལ་ནི། སྒྲ་བྱས་པར་ཚད་མས་མི་ཤེས་ཤིང་ཁས་ཀྱང་མི་ལེན་ལ། རྟག་པར་བདེན་ཞེན་གྱིས་འདོད་པའི་རྒོལ་བ་ལ། སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕངས་པ་ལ། རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་ཤིང༌། འདི་ཐལ་འགྱུར་ལྟར་སྣང་བ་ཡིན་ཏེ། གཞན་གྱི་ཁས་བླངས་རྟགས་སུ་བཀོད་པ་མེད་པའི་ཕྱིར་དང༌། མ་གྲུབ་པའི་ཐལ་འགྱུར་གྱི་མཚན་ཉིད་ཚང་བའི་ཕྱིར། ཡང་རྒོལ་བ་སྔ་མ་དེ་ཉིད་ལ་ཕྱིར་རྒོལ་བས་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་འཕངས་ན་ཐལ་འགྱུར་ཡང་དག་ཏུ་སོང་བ་ཡིན་ཏེ། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཚད་མས་བསལ་པ་འཇུག་ཏུ་རུང་བའི་ཕྱིར། དེ་ལྟར་ཡིན་པ་དེའི་ཕྱིར། རྒོལ་བའི་དམ་བཅའ་གཅིག་པུ་དེ་ཉིད་ལ་ཐལ་འགྱུར་འཕེན་ཚུལ་རིགས་མི་གཅིག་པ་གཉིས་པོ་དེ་གནད་གཅིག་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ནི་ལེགས་པར་མ་རྟགས་པ་ཡིན་ནོ། །བཞི་པ་བསལ་པ་ཡེ་མེད་ལ་ལན་འདེབས་པའི་ཚུལ་ལ། རྟགས་ཁས་བླངས་པའི་བསལ་པ་ཡེ་མེད་དང༌། ཁས་མ་བླངས་པའི་བསལ་པ་ཡེ་མེད་དོ། །དང་པོ་ལ། ཁྱབ་པ་ཚད་མས་མ་གྲུབ་པ་དང༌། གྲུབ་པའོ། །དང་པོ་ནི། སྒྲ་གཞལ་བྱར་ཁས་ལེན་པ་ལ་སྒྲ་ཆོས་ཅན་མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པ་ལ་འདོད་པའི་ལན་དོན་མཐུན་དུ་ཐེབས་པ་ཡིན་ནོ། །འདི་ལ་ཡང་ཁྱབ་པ་མ་ངེས་པའི་ལན་མ་བཏབ་པར་འདོད་ལན་བཏབ་ན། ཚེར་མ་འབྱིན་མ་ཤེས་པའི་སྐྱོན་ཡོད་དོ། །གཉིས་པ་ནི། སྒྲ་བྱས་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ལ་ནི་རྒོལ་བས་མཐའ་གཅིག་ཏུ་འདོད་ལན་ཐེབས་པ་ཡིན་ནོ། །དེའི་ཚེ་སྔར་རྒོལ་ལ་གཉིས་ཏེ། སྒྲ་མི་རྟག་པར་ཚད་མས་ཤེས་པ་དང༌། མི་ཤེས་པའོ། །དང་པོ་ལ་ནི། གྲུབ་ཟིན་ཐལ་བར་འཕངས་པ་ཡིན་པས་འདོད་ལན་ཐེབས་པ་ཡིན་ནོ། །གཉིས་པ་ལ། རྟག་མི་རྟག་ཐེ་ཚོམ་ཟ་བ་དང༌། རྟག་པར་བདེན་ཞེན་གྱིས་འདོད་པའོ། །དང་པོ་ལ་ཡང་གཉིས་ཏེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཤེས་པ་དང༌། མི་ཤེས་པའོ། །དང་པོའི་ངོར་དེ་ལྟར་འཕངས་པ་ལ་འདོད་ལན་བཏབ་པ་དེའི་ཚེ། སྒྲ་མི་རྟག་པར་རྟོགས་པའི་ཚད་མ་སྐྱེས་པ་ཡིན་པས་འདོད་ལན་དོན་མཐུན་ཡིན་ནོ། །གཉིས་པའི་ངོར་ཡང་དེ་ལྟར་འཕངས་པ་དེའི་ཚེ། འདོད་ལན་བཏབ་པས་ཡིད་དཔྱོད་དང་ཐེ་ཚོམ་གྱིས་དེར་ངེས་པའི་ཤེས་པ་དོན་མཐུན་སྐྱེ་བ་ཡིན་ནོ། །འདི་ལ་ལན་དོན་མཐུན་ནི་ཁྱབ་པ་ཚད་མས་མ་ངེས་པ་ཡིན་ཏེ། དེས་རྗེས་དཔག་ཚད་མ་འདྲེན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཤེས་པ་དང༌། མི་ཤེས་པའོ། །དང་པོའི་ངོར་དེ་ལྟར་འཕངས་པ་དེའི་ཚེ་འདོད་ལན་ཁོ་ན་ཐེབས་ཤིང༌། དེ་དོན་དང་མཐུན་པ་ཡང་ཡིན་ཏེ། རང་རྒྱུད་ལ་ཚད་མ་སྐྱེས་པའི་ལན་ཡིན་པའི་ཕྱིར། འདི་ལ་སྤྱིར་ལན་མི་ཐེབས་པ་མ་ཡིན་ཏེ། དེ་ལྟ་ན་འདི་ཐལ་འགྱུར་ཡང་དག་ཏུ་འགྱུར་ལ། དེ་འདོད་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཏུ་འགྱུར་ཏེ། ཐལ་འགྱུར་ཡང་དག་གང་ཞིག་ཚུལ་གསུམ་དྲན་ལམ་དུ་འཕངས་པའི་ཕྱིར། འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ངག་ལྟར་སྣང་གིས་ཚུལ་གསུམ་དྲན་ལམ་དུ་འཕེན་པ་དུ་མ་མཐོང་བའི་ཕྱིར། དཔེར་ན་དམ་བཅའ་ཚིག་ཟིན་ལ་བརྗོད་པའི་སྦྱོར་ངག་བཞིན་ནོ། །གལ་ཏེ་ཐལ་འགྱུར་འདི་ལ་འདོད་ལན་ཐེབས་པ་མ་ཡིན་ཏེ། ཁས་བླངས་དངོས་འགལ་དུ་སོང་བས་སོ་སྙམ་ན་དེ་ཡང་རིགས་པ་མ་ཡིན་ཏེ། འདིར་ཚད་མ་སྐྱེས་པས་ཚད་མ་དེའི་དངོས་རྒྱུའི་དུས་སུ་ཁས་བླངས་སྔ་མ་བཏང་ཟིན་པའི་ཕྱིར། དེ་ལྟ་ན་ཡང་འདི་ལ་ལན་གྱིས་བཟློག་མ་ནུས་པ་ཞེས་ནི་མི་བྱ་སྟེ། གཞན་གྱི་གྲུབ་མཐའི་རྗེས་སུ་ཞུགས་པའི་ཕྱིར་རོ། །གཉིས་པ་ལ་སྤྱིར་རྟགས་ཚད་མས་མ་གྲུབ་པ་དང༌། གྲུབ་པའོ། །དང་པོ་ལ། ཁྱབ་པ་སྤྱིར་ཚད་མས་གྲུབ་པ་དང༌། མ་གྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན། མི་རྟག་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ལ་འདོད་པ་དང་རྟགས་མ་གྲུབ་པའི་ལན་གཉིས་ཀ་འདེབས་དགོས། འདི་ལ་དང་པོར་མ་གྲུབ་པའི་ལན་མ་བཏབ་པར། འདོད་ལན་བཏབ་ན་ཚེར་མ་འབྱིན་མ་ཤེས་པའི་སྐྱོན་ཡོད་དེ། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་རྒྱུ་མཚན་གྱིས་མི་རྟག་ཅེས་ཁས་བླངས་པར་སོང་བའི་ཕྱིར། གཉིས་པ་ནི་སྒྲ་ཆོས་ཅན། མི་རྟག་པར་ཐལ། མ་བྱས་པའི་ཕྱིར་ཞེས་པ་ལ་རྟགས་མ་གྲུབ་པ་དང༌། ཁྱབ་པ་འགལ་བ་དང༌། འདོད་པའི་ལན་གསུམ་ཀ་ཐེབས་པ་ཡིན་ནོ། །ལན་དང་པོ་གཉིས་མ་བཏབ་པར་འདོད་ལན་ཁོ་ན་བཏབ་ན་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཚུལ་སྔ་མ་དང་མཚུངས་ལ། འདོད་ལན་མ་བཏབ་པར་འགལ་བ་དང་མ་ངེས་པའི་ལན་གང་རུང་རེ་རེ་ཁོ་ན་བཏབ་པ་ལ་ནི་སྐྱོན་མེད་དོ། །གཉིས་པ་ལ་ཡང་ཁྱབ་པ་ཚད་མས་མ་གྲུབ་པ་དང༌། གྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན་མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ལ། ཁྱབ་པ་མ་ངེས་པའི་ལན་སྔོན་དུ་བཏང་ནས། འདོད་ལན་དོན་མཐུན་དུ་ཐེབས་ལ། འདོད་ལན་མ་བཏབ་པར་མ་ངེས་པའི་ལན་བཏབ་ཀྱང་སྐྱོན་མེད་དོ། །གཉིས་པ་ནི། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར། ཞེས་པ་ལ་མཐའ་གཅིག་ཏུ་འདོད་ལན་ཐེབས་པ་ཡིན་ནོ། །དིང་སང་གྲགས་ཚོད་ལ་ཐལ་འགྱུར་འདི་འདྲའི་རིགས་ཅན་ཕྱིར་བཟློག་པས་ཚང་བཟློག་འཁོར་གསུམ་དངོས་འགལ་དུ་འགྲོ་བ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་རིགས་པ་མ་ཡིན་ཏེ། འདིའི་འཁོར་གསུམ་ཕ་རོལ་པོས་དངོས་འགལ་དུ་ཁས་བླངས་པ་མེད་པའི་ཕྱིར་དང༌། ཁས་བླངས་པ་ཡོད་ཀྱང་འཕེན་ཚུལ་འདི་འདྲ་རིགས་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་ནི། འདི་ལ་འདོད་ལན་བཏབ་པའི་ཚེ་དངོས་འགལ་དུ་འགྲོ་བ་མ་ཡིན་ཏེ། སྔར་ཁོ་རང་གིས་བསལ་པ་ཡེ་མེད་ཀྱི་ཐལ་བ་འཕངས་པ་དེའི་ཚེ་ན་ནི། རྟོག་དཔྱོད་མ་བཏང་བར་སྒྲ་རྟག་པར་ཁས་བླངས་པ་ཡིན་པས་རྒྱུ་མཚན་ཡང་དག་མེད་པར་ཁས་བླངས་པ་ཡིན་ལ། འདིར་འདོད་ལན་བཏབ་པ་དེའི་ཚེ་སྒྲུབ་བྱེད་ཡང་དག་མཐོང་ནས་འདོད་ལན་བཏབ་པ་ཡིན་པས་ཁས་བླངས་སྔ་མ་བཏང་ནས་རིང་པོ་ལོན་པའི་ཕྱིར། ཁྱབ་པ་མ་ངེས་པ་དང་མ་གྲུབ་པའི་ལན་བཏབ་པ་དེའི་ཚེ་ཡང་རྟགས་ཁྱབ་དངོས་འགལ་ལ་སོང་བའི་ངེས་པ་མེད་དེ། སྔར་རྟགས་ཁྱབ་ཚད་མས་གྲུབ་ནས་ཁས་བླངས་ན་དེར་སོང་ཡང༌། དེ་ཚད་མས་མ་གྲུབ་པར་ཁས་བླངས་པ་སྲིད་པའི་ཕྱིར། རྟགས་གཉིས་པ་ནི་ཕྱིར་རྒོལ་གྱིས་སྔར་རྒོལ་ལ་ཁས་བླངས་མེད་པའི་ཐལ་འགྱུར་འཕངས་མོད། རྒོལ་བ་གཉིས་པས་དེ་ཉིད་བཟློག་པའི་ཚེ། གཞན་ལ་ཁས་ལེན་ཡོད་དམ་མེད། མེད་ན་ནི་ཡང་དེ་ཉིད་བཟློག་པས་འཁོར་གསུམ་དངོས་འགལ་དུ་འགྱུར་བར་ཁྱོད་ཀྱིས་མི་འདོད་དམ། ཁས་ལེན་ཡོད་ན་གང་ཡིན། སྒྲ་བྱས་པ་དེའམ་བྱས་ན་མི་རྟག་པས་ཁྱབ་པ་དེའམ། སྒྲ་མི་རྟག་པ་ཐལ་བར་འཕངས་པས་དེའི་ལོག་ཕྱོགས་དོན་གྱིས་ཁས་བླངས་པ་དེའམ། ཡང་ན་གསུམ་ཀ་ཡིན། དང་པོ་གཉིས་དང་བཞི་པ་ལྟར་ན་ཚང་བཟློག་ཐལ་འགྱུར་འཕེན་པ་པོའི་རྒོལ་བ་གཉིས་པ་དེ་ཆོས་ཅན། རྒོལ་བ་སྐྱོན་ཅན་ཡིན་པར་ཐལ། སྒྲ་བྱས་པ་ཡིན་པ་དང༌། བྱས་ན་མི་རྟག་པའི་ཁྱབ་པ་ལ་སུན་འབྱིན་འཕེན་པའི་རྒོལ་བ་ཡིན་པའི་ཕྱིར། གསུམ་པ་ལྟར་ན། ཡང་རྒོལ་བ་དེ་ཉིད་ཆོས་ཅན། རྒོལ་བ་སྐྱོན་ཅན་དུ་ཐལ། ཕ་རོལ་པོས་སྒྲ་རྟག་པར་ཁས་བླངས་པ་ལ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕེན་རྒྱུ་ཡོད་བཞིན་དུ། དེ་མི་འཕེན་པར་ཐལ་འགྱུར་ལྟར་སྣང་འཕེན་པའི་རྒོལ་བ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་རྒོལ་བ་གཞན་གྱིས་སྒྲ་རྟག་པར་ཁས་བླངས་པ་ལ། རྒོལ་བ་གཉིས་པས་སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་འཕངས་པའི་ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་ལྟར་སྣང་ཡིན་ཏེ། རང་གང་ལ་འཕང་བའི་རྒོལ་བ་དེས་ཁྱོད་ཀྱི་རྟགས་ཁས་མ་བླངས་ཤིང༌། དམ་བཅའ་ཚད་མས་བསལ་རུང་དུ་མེད་པའི་ཕྱིར་དང༌། བསལ་པ་ཡེ་མེད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། དེའི་ཕྱིར་དེ་འདྲའི་ཐལ་འགྱུར་དེ་ལ། གང་ལ་ལན་འདེབས་པ་དེ་ལ་ལན་བཏབ་པར་བྱ་བའམ། འཁོར་གསུམ་གང་ལ་ཡང་ཁས་བླངས་མེད་དོ་ཞེས་ཟེར་བ་ཉིད་ལན་དོན་མཐུན་ཡིན་གྱི། དེ་བཟློག་སྟེ་གད་རྒྱངས་སྒྲོག་པ་ནི་རིགས་པའི་གཞུང་མ་ཡིན་ནོ། །དེ་ལྟར་ན་གྲུབ་པའི་དོན་ནི་འདི་ཡིན་ཏེ། སྔར་རྒོལ་གྱིས་རང་གི་དམ་བཅའ་ལ་སྒྲུབ་བྱེད་ཡང་དག་བཀོད་ནས། ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་སྐྱེས་པ་དེ་ཉིད་སྔར་རྒོལ་རྒྱལ་བའི་ཚད་ཡིན་ལ། ཕྱིར་རྒོལ་གྱིས་ནི་སྔར་རྒོལ་གྱི་དམ་བཅའ་ལྟར་སྣང་ལ་སུན་འབྱིན་རྐྱང་པ་བརྗོད་པའི་སྒོ་ནས་ལོག་རྟོག་བཟློག་པའམ། ཡང་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕངས་པའི་སྒོ་ནས་སྔར་རྒོལ་གྱིས་མི་འདོད་པའི་དོན་ལ་ཚད་མ་སྐྱེས་པ་དེ་ཉིད། ཕྱིར་རྒོལ་རྒྱལ་བའི་ཚད་དུ་གསུངས་ཀྱི། འཁོར་གསུམ་དངོས་འགལ་དུ་སོང་བ། ཞེས་བྱ་བ་དེ་རྒྱལ་བའི་ཚད་དུ་རིགས་པའི་གཞུང་ལུགས་ལས་གསུངས་པ་མེད་དོ། །འོ་ན་འཁོར་གསུམ་དངོས་འགལ་དུ་སོང་བས་ཅི་ཞིག་བྱ་ཞེ་ན། བཤད་པར་བྱ་སྟེ། སྔར་ཚད་མས་གྲུབ་པའི་དོན་ཁས་བླངས་ནས། ཕྱིས་དེའི་ལོག་ཕྱོགས་ཁས་བླངས་པ་ན་ཁས་བླངས་ཕྱི་མའི་ཞེན་དོན་དེ། ཁས་བླངས་སྔ་མའི་ཞེན་དོན་དེའི་བགེགས་བྱེད་ཙམ་དུ་འགྱུར་ཞིང༌། ཁས་བླངས་སྔ་མའི་ཞེན་དོན་དེ་ཕྱི་མའི་ཞེན་དོན་ལ་གནོད་བྱེད་དུ་འགྱུར་བ་ཡིན་ཏེ། དངོས་འགལ་ཁས་བླངས་པའི་དོན་ནི། སྔར་ཚད་མས་གྲུབ་པའི་དོན་ཞིག་དམ་བཅས་ནས་ཕྱིས་དེ་མ་དོར་བཞིན་དུ་དེའི་འགལ་ཟླ་ཁས་བླངས་པ་ལ་བྱ་བ་ཡིན་པའི་ཕྱིར། དེས་ན་འཁོར་གསུམ་དངོས་འགལ་དུ་སོང་བས་དགག་བྱ་འགོག་ནུས་པ་དང༌། བསྒྲུབ་བྱ་ལ་ཚད་མ་སྐྱེད་པའི་བྱ་བ་བྱེད་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་འོ་ན། སྒྲ་བྱས་པ་ཡིན་པ་དང༌། བྱས་ན་མི་རྟག་པས་ཁྱབ་པ། ཚད་མའི་སྟོབས་ཀྱིས་ཁས་བླངས་ཤིང་སྒྲ་རྟག་པར་ཁས་བླངས་པ་དེའི་ཚེ། རྒོལ་བས་འཁོར་གསུམ་དངོས་འགལ་དུ་ཁས་བླངས་ཤིང༌། དེ་ལ་ཕྱིར་རྒོལ་གྱིས་ཐལ་བ་འཕངས་པའི་ཚེ། དགག་བྱ་འགོག་པ་དང༌། བསྒྲུབ་བྱ་འགྲུབ་པའི་ཚད་མ་སྐྱེད་ནུས་པ་མ་ཡིན་ནམ་ཞེ་ན། བཤད་པར་བྱ་སྟེ། དེ་ལ་ཐལ་བ་འཕེན་ཚུལ་གཉིས་ལས། གཅིག་ནི། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པ་ཡིན་ལ། གཅིག་ནི་སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་པའོ། །ཐལ་འགྱུར་དང་པོ་དེ་ནི་དངོས་འགལ་སོང་ངམ་མ་སོང་ཀྱང་རུང༌། ཐལ་འགྱུར་ཡང་དག་མ་ཡིན་ཏེ། ཞེ་འདོད་ཀྱི་བསྒྲུབ་བྱ་ཚིག་ཟིན་ལ་བརྗོད་པའི་ཐལ་ངག་ཡིན་པའི་ཕྱིར། འདོད་ལན་བཏབ་ཀྱང་དངོས་འགལ་དུ་སོང་བ་མེད་དེ། སྔར་ཚད་མས་གྲུབ་པའི་དོན་དམ་མ་བཅས་པའི་ཕྱིར། ཐལ་བ་འཕེན་ཚུལ་གཉིས་པ་ལྟར་ན་ཚུལ་གསུམ་དྲན་ལམ་དུ་འཕངས་ཏེ་ཚད་མ་སྐྱེས་པའི་འོག་རོལ་དུ་རྟགས་མ་གྲུབ་ཀྱི་ལན་བཏབ་ཀྱང་དངོས་འགལ་དུ་མ་སོང་བའི་ཕྱིར། མདོར་ན་སྐབས་འདིར་འགལ་བ་ཁས་བླངས་སུ་ཆུག་ཀྱང་ཚད་མ་སྐྱེས་རྗེས་སུ་འགལ་བ་ཁས་བླངས་པ་ཡིན་གྱི། འགལ་བ་ཁས་བླངས་པའི་སྟོབས་ལས་ཚད་མ་སྐྱེས་པ་མ་ཡིན་པས། སྔར་གྱི་དོན་དེ་ཉིད་གྲུབ་པ་ཡིན་ནོ། །ཚང་བཟློག་འཁོར་གསུམ་དངོས་འགལ་གྱི་ཉེས་པ་དེ་ནི་དིང་སང་གི་རིགས་པ་སྨྲ་བ་ཀུན་ལ་འཇུག་པར་སྣང་སྟེ། འདི་ལྟར་ཁྱེད་ལ་སྒྲ་མི་རྟག་པ་ཡིན་པའི་སྒྲུབ་བྱེད་དྲིས་པ་ན། ཁྱེད་ཀྱིས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བྱས་པའི་ཕྱིར་ཞེས་སྨྲས་པས་སོ། །འདི་ལ་ཚང་བཟློག་མི་འཇུག་སྟེ། བསལ་པ་ཁས་བླངས་པས་སོ་ཞེ་ན། ཁས་བླངས་ཀྱི་བསལ་པའམ། ཚད་མའི་བསལ་པ་གང་འཇུག་ཅེས་བརྟགས་ན་འཇིག་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ། མཁས་པ་མ་ཡིན་པ་དག་ན་རེ། ཇི་སྐད་བཤད་པའི་ལན་འདེབས་ཚུལ་བཞི་པོ་དེར་མ་ངེས་ཏེ། འདི་ལྟར་ཆོས་ཅན་མ་གྲུབ་པ་དང༌། རྟགས་ལ་ཐེ་ཚོམ་ཟ་བའི་ལན་ཀྱང་ངེས་པར་འདེབས་དགོས་པའི་སྐབས་སྲིད་ལ། དེ་ཡང་དེར་མ་འདུས་པའི་ཕྱིར་རོ། །དང་པོ་ཆོས་ཅན་མ་གྲུབ་པའི་ལན་ནི། རི་བོང་གི་རྭ་ཆོས་ཅན། མེད་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་ལ། ཆོས་ཅན་མ་གྲུབ་པའི་ལན་འདེབས་དགོས་པ་ཡིན་ཏེ། དེ་འདྲ་དེ་ཆོས་ཅན་མེད་པའི་ཐལ་འགྱུར་ཡིན་པའི་ཕྱིར། གཉིས་པ་ནི་མདུན་གྱི་གཞི་འདིར་འདྲེ་ཤ་ཟའི་བུམ་པ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར། མེད་པར་ཐལ་མེད་པའི་ཕྱིར། ཞེས་པ་གཉིས་ཀ་ལ་རྟགས་ལ་ཐེ་ཚོམ་ཟ་བའི་ལན་འདེབས་དགོས་པ་ཡིན་ཏེ། ལན་གཅིག་འདེབས་ནི་དགོས་ལ། གཞན་མེད་པའི་ཕྱིར། མེད་པ་ཡིན་ཏེ། གལ་ཏེ་དེ་གཉིས་ཀ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་ན། དེ་ཆོས་ཅན་ཡོད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། ཞེས་འཕངས་པས་འཁོར་གསུམ་དངོས་གལ་དུ་སོང་བ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་རིགས་པ་མ་ཡིན་ཏེ། འདི་ལ་རྣལ་མའི་ལན་དང༌། མགོ་མཚུངས་ཀྱི་ལན། དེ་ལ་རྩོད་པ་སྤང་པའོ། །དང་པོ་ནི། རྟགས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ལན་དོན་མཐུན་ཡོད་མོད་ཀྱི། དེ་ཡང་ཇི་སྐད་བཤད་པའི་ནང་དུ་མ་འདུས་པ་མ་ཡིན་ཏེ། རྟགས་མ་གྲུབ་པའི་ནང་དུ་འདུས་པའི་ཕྱིར་དེ་ཡང་འདི་ལྟར་ཆོས་ཅན་གྱི་ངོ་བོ་མེད་པ་དང༌། ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། ཤེས་འདོད་མེད་པ་དང༌། རྟགས་ཀྱི་ངོ་བོ་མེད་པ་དང༌། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བ་དང༌། གཞི་རྟགས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བ་དང༌། ཕྱོགས་ཆོས་བློ་ངོར་མ་གྲུབ་པ་ལ་སོགས་མ་གྲུབ་པའི་རྟགས་དབྱེ་བར་བཤད་པ་ཇི་སྙེད་པ་ཐམས་ཅད་གཏན་ཚིགས་མ་གྲུབ་པའི་རྟགས་ཀྱི་ནང་དུ་འདུ་བའི་ཕྱིར། དེ་ལྟ་མ་ཡིན་ན་ཆོས་ཅན་མ་གྲུབ་པ་དང༌། རྟགས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བཞི་པ་ཅིའི་ཕྱིར་མི་འབྱེད་དེ། དེ་མ་གྲུབ་པའི་རྟགས་ཀྱི་ནང་དུ་འདུས་སོ་སྙམ་ན། འོ་ན་སྔ་མའང་ཅིའི་ཕྱིར་མ་གྲུབ་པའི་ཐལ་འགྱུར་དུ་མ་འདུས། མ་གྲུབ་པའི་ཐལ་འགྱུར་ལ་རྟགས་མ་གྲུབ་ཀྱི་ལན་མི་ཐེབས་པ་སྲིད་ན། མ་ངེས་པའི་ཐལ་འགྱུར་ལའང་ཁྱབ་པ་མ་ངེས་པའི་ལན་མི་ཐེབས་པ་ཅིའི་ཕྱིར་མི་སྲིད་ཅེས་བྱའོ། །དེས་ན་རྟགས་ལ་ཐེ་ཚོམ་ཟ་བ་དང༌། རྟགས་མ་གྲུབ་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་རྟགས་མ་གྲུབ་པའི་དོན་ནི་རྟགས་ཆོས་ཅན་གྱི་སྟེང་དུ་ཡོད་པར་སྐབས་ཀྱི་རྒོལ་བས་ཚད་མས་མ་གྲུབ་པ་ལ་བྱ་བ་ཡིན་ལ། ཐེ་ཚོམ་ཟ་བ་ཡང་དེའི་བྱེ་བྲག་ཡིན་པའི་ཕྱིར། དེས་ན་རྟགས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ལན་ལོགས་པ་མི་དགོས་སོ། །གཉིས་པ་ལ། དོན་གྱི་མགོ་མཚུངས་དང༌། ཚིག་གི་མགོ་མཚུངས་སོ། །དང་པོ་ནི། འོ་ན་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ལན་ལོགས་པ་ཞིག་ཀྱང་ཁས་ལེན་རིགས་པར་འགྱུར་རམ། ཅི་སྟེ་ཁས་མི་ལེན་ནོ་ཞེ་ན། འོ་ན་དེ་འདྲའི་ལན་མེད་པའམ། ཡོད་ཀྱང་ཁྱབ་པ་མ་ངེས་པའི་ནང་དུ་འདུས་པ་ཡིན། དང་པོ་ལྟར་ན་ཡོད་པའི་དོན་མ་མཐོང་བ་ཡིན་ནོ། །ཇི་ལྟར་ཞེ་ན་མ་ངེས་པའི་གཏན་ཚིགས་དང་ཐལ་འགྱུར་ལ་ཁྱབ་པ་མ་ངེས་པའི་ལན་འདེབས་པ་དེ་ནི་དོན་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་པའི་ཕྱིར། ཇི་སྐད་དུ། དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར། །ཞེས་དང༌། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་གསུངས་པ་ལས་ཤེས་སོ། །གཉིས་པ་ལྟར་ན། འོ་ན་སྔ་མ་ཡང་ཅིའི་ཕྱིར་གཏན་ཚིགས་མ་གྲུབ་པའི་ནང་དུ་མ་འདུས་ཞེས་བརྗོད་པར་བྱའོ། །དེ་ལྟར་ན་སྔར་བཤད་པ་ལྟར་ཕྱིར་རྒོལ་བས་སྒྲ་རྟག་པར་ཁས་བླངས་པའམ་མི་རྟག་པའི་སྒྲུབ་བྱེད་དྲིས་པ་ན་རྒོལ་བས་སྒྲ་ཆོས་ཅན་མི་རྟག་པར་ཐལ་བའམ་ཡིན་ཏེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ལ། གཞན་གྱིས་ཁྱབ་པ་མ་ངེས་པའི་ལན་བཏབ་པའི་ཚེ་མཉན་བྱ་ཡིན་ན་མི་རྟག་པ་མ་ཡིན་པ་བུད་དོ་ཞེས་ཟེར་བ་ནི་སྔར་རྒོལ་ཚར་བཅད་པའི་གནས་ཡིན་ཏེ། མཉན་བྱ་ཡིན་པ་ཐམས་ཅད་མི་རྟག་པ་ཡིན་པར་སྒྲུབ་པ་སྐབས་སུ་བབ་བཞིན་དུ། དེའི་སྒྲུབ་བྱེད་མ་བཀོད་པའི་ཕྱིར། ཡང་གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་ལ་ནི་དེ་ལྟར་ཕུད་པས་ཆོག་པ་ཡིན་ཏེ། དེ་མི་འབུད་པར་དེ་ལ་དེས་ཁྱབ་པའི་སྒྲུབ་བྱེད་བཀོད་ན། ཚར་བཅད་ཀྱི་གནས་སུ་འགྱུར་བ་ཡིན་ཏེ། སྒྲུབ་པའི་ཡན་ལག་མ་ཡིན་པ་བརྗོད་པའི་ཕྱིར། གཉིས་པ་ནི། འོ་ན་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར། ཡོད་པའི་རྟགས་ཀྱི་ཤ་ཟ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པའམ་མ་གྲུབ་ན་དེ་འདྲའི་རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱིས་ཡོད་པ་དེ་ཤ་ཟའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པར་ཐལ། ཁྱོད་ཀྱི་ངོར་ཡོད་པའི་རྟགས་ཀྱི་ཤ་ཟ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་ཡོད་མེད་ཐེ་ཚོམ་ཟ་བ་མ་ཡིན་པར་ཐལ། དེ་ཡོད་པར་ཁྱོད་ཀྱིས་ཚད་མས་ངེས་པའི་ཕྱིར། གཉིས་པ་ལྟར་ན། དེའི་ངོར་མེད་པའི་རྟགས་ཀྱི་དེ་དེར་སྒྲུབ་པའི་ཕྱོགས་ཆོས་གྲུབ་བམ་མ་གྲུབ། གྲུབ་ན་མེད་པ་ཆོས་ཅན། ཁྱོད་ཤ་ཟའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་འི་རྒོལ་བའི་ཚད་མས་ངེས་པར་ཐལ། དེ་ཁྱོད་དེའི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་ཡོད་མེད་ཐེ་ཚོམ་ཟ་བ་མ་ཡིན་པར་ཐལ། དེ་མེད་པར་ཁྱོད་ཀྱི་ཚད་མས་ངེས་པའི་ཕྱིར། གཉིས་པ་ལྟར་ན། ཤ་ཟ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་ཤ་ཟ་ཆོས་ཅན། ཡོད་པར་ཐལ་མེད་པ་མ་ཡིན་པའི་ཕྱིར། ཁྱེད་རང་ལྟར་ན་ཚུལ་གསུམ་ཅར་དངོས་འགལ་དུ་ཁས་བླངས་སོ། །ཅི་སྟེ། ཡོད་པའི་རྟགས་ཀྱིས་དེ་དེར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཁས་བླངས་ཀྱི་དེའི་ངོར་དེ་མེད་པར་ཁས་མ་བླངས་སོ། །ཡང་མེད་པའི་རྟགས་དེར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཁས་བླངས་ཀྱི། དེའི་ངོར་དེ་ཡོད་པར་ཁས་མ་བླངས་སོ་ཞེ་ན། དེ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་པ་ཡིན་ཏེ། སྔ་མ་ལ་ཡང་ཡོད་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པ་ཡིན་གྱི། མེད་པར་ཁས་མ་བླངས། མེད་པའི་ཕྱིར་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པ་ཡིན་གྱི། ཡོད་པར་ཁས་མ་བླངས་སོ་ཞེས་བརྗོད་པས་མཚུངས་ཤིང་དོན་ལ་གནས་པ་ཡང་དེ་ཉིད་ཡིན་ནོ། །གསུམ་པ་རྣལ་ལན་ལ་རྩོད་པ་སྤོང་བ་ལ། འོ་ན་རྟགས་ལ་ཐེ་ཚོམ་ཟ་བ་དང༌། ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ལན་དོན་མཐུན་ཡོད་ན། ཐལ་ཆོས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་ལན་དོན་མཐུན་ཡོད་པ་དང༌། དེ་ཡང་འདོད་ལན་གྱི་ནང་དུ་འདུས་པ་ཞིག་ཡོད་པར་མཚུངས་སོ་ཞེ་ན། འདི་ལ་ཐེ་ཚོམ་ཟ་བའི་ལན་དང་འདོད་ལན་གྱི་གཞི་མཐུན་མེད་པར་བསྟན། ཐེ་ཚོམ་ཟ་བཞིན་དུ་འདོད་ལན་དོན་མཐུན་ཐེབས་པ་ཡོད་པར་བསྟན། དང་པོ་ནི། འདི་ལྟར་ཐལ་ཆོས་ལ་ཐེ་ཚོམ་ཟའོ་ཞེས་བརྗོད་པས་འདོད་ལན་གྱི་ནང་དུ་འགྱུར་བ་མི་སྲིད་དེ། དེ་ལྟར་བརྗོད་པ་དེ་ནི་རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་གྲུབ་པ་གང་རུང་དུ་འདུས་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། སྒྲུབ་བྱེད་ཇི་ཙམ་བཀོད་ཀྱང་ཆོས་ཅན་གྱི་སྟེང་དུ་ཆོས་ལ་ཐེ་ཚོམ་ཟ་བ་ནི་ཚུལ་གསུམ་བློ་ངོར་མ་ཚང་བའི་དབང་གིས་སྐྱེ་བ་ཡིན་གྱི། ཚུལ་གསུམ་ཚང་བ་ན་ཆོས་ཅན་གྱི་སྟེང་དུ་ཆོས་རྟོགས་པའི་ཡང་དག་ཤེས་པ་སྐྱེ་བའི་ཕྱིར། གཞན་ཡང་དེ་དེར་འདོད་ཅེས་ཟེར་བ་དང༌། དེ་དེར་ཐེ་ཚོམ་ཟའོ་ཞེས་ཟེར་བ་གཉིས་རྣམ་པ་ཀུན་ཏུ་འགལ་བ་ཡིན་ནོ། །གཉིས་པ་ནི། ཐལ་ཆོས་ལ་ཐེ་ཚོམ་ཟ་ཞེས་ཟེར་བ་དང་འདོད་ལན་གྱི་གཞི་མཐུན་མེད་ན། ཐེ་ཚོམ་ཟ་བཞིན་དུ་འདོད་ལན་དོན་མཐུན་ཐེབས་པ་མེད་པར་འགྱུར་རོ་ཞེ་ན། དེ་ནི་ཡོད་དེ། དཔེར་ན། གྲངས་ཅན་གྱིས་སྒྲ་མི་འཇིག་པར་ཁས་བླངས་པ་ལ། སངས་རྒྱས་པས་སྒྲ་ཆོས་ཅན་རྟག་པར་ཐལ་མི་འཇིག་པའི་ཆོས་ཡིན་པའི་ཕྱིར་ཞེས་པ་ལ། གྲངས་ཅན་གྱིས་འདོད་ལན་འདེབས་པ་ལྟ་བུ་དང༌། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། ཐམས་ཅད་མཁྱེན་པ་ཡིན་པར་ཐལ། ཉེས་པ་ཀུན་ཟད་ཀྱི་སྐྱེས་བུ་ཡིན་པའི་ཕྱིར། ཞེས་པ་ལ། སངས་རྒྱས་པའི་རྟོག་གེ་པ་དག་གིས་འདོད་ལན་དོན་མཐུན་དུ་ཐེབས་པ་ལྟ་བུའོ། །དེ་ལྟར་སྒྲུབ་པ་དང་སུན་འབྱིན་པའི་གཞུང་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕན་ཡོན་ནི། ཇི་སྐད་དུ། དེ་ལྟར་སྒྲུབ་དང་སུན་འབྱིན་གྱི། །རིགས་པའི་གཞུང་ལུགས་གང་གིས་ཤེས། །མཁས་པ་དེ་ནི་རྫོགས་པ་ཡི། །སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན། །ཞེས་གང་གསུངས་པ་ལྟར་འདིར་ཡང་བརྗོད་པར་བྱ་སྟེ། མང་ཐོས་གསེར་གྱི་ཁྱམས་ཆེན་ཉམས་དགའ་བར། །རྒོལ་དང་ཕྱིར་རྒོལ་དཔང་པོའི་ཁྲི་བཤམས་ནས། །འབེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །སྒྲུབ་དང་སུན་འབྱིན་རིགས་པའི་གཞུང་བཞིན་དུ། །གྲོལ་བར་སྨྲ་བའི་འཇིགས་མེད་དཔའ་བོ་དེ། །ཐུབ་བསྟན་གངས་རི་བསྲུང་བའི་སེང་ཆེན་ཡིན། །རང་ཕྱོགས་སྒྲུབ་ཚེ་རྩ་བའི་རྟགས་བཀོད་ལ། །འགལ་དང་མ་ངེས་མ་གྲུབ་སྐྱོན་སྤངས་ཏེ། །ཚུལ་གསུམ་ཤེས་ཚེ་སྒྲུབ་པའི་ངག་བཀོད་པས། །རྗེས་དཔག་བསྐྱེད་པ་མཁས་པའི་རྣམ་ཐར་ཡིན། །གཞན་ཕྱོགས་འགོག་ཚེ་ཁས་བླངས་རྟགས་བཀོད་ནས། །བསལ་པ་འཇུག་པའི་ཐལ་འགྱུར་འཕངས་པ་ལས། །ལྡོག་ཁྱབ་བསལ་པའི་འཇུག་ཚུལ་ཤེས་པ་ན། །སུན་འབྱིན་འཕེན་པ་རྩོད་པའི་ཁྱུ་མཆོག་ཡིན། །རང་ཕྱོགས་ཇི་བཞིན་སྒྲུབ་པར་མ་ནུས་ན། །གཞན་གྱིས་འཕངས་པའི་ཐལ་བ་ལ་བརྟགས་ནས། །འབྲེལ་བའི་སྒྲུབ་བྱེད་བསལ་པའི་འཇུག་ཚུལ་དག །དྲིས་ནས་ལེན་པ་དམ་པའི་རྣམ་ཐར་ཡིན། །གཞན་ཕྱོགས་ཇི་བཞིན་འགོག་པར་མ་ནུས་ན། །སྒྲུབ་བྱེད་དྲིས་ཏེ་གཏན་ཚིགས་བཀོད་པ་ན། །ཚུལ་གསུམ་དྲིས་ནས་ཚད་མས་ལེན་པ་ནི། །ཕྱིར་རྒོལ་མཁས་པའི་རྣམ་ཐར་དམ་པ་ཡིན། །རང་ཕྱོགས་སྒྲུབ་དང་གཞན་ཕྱོགས་སུན་འབྱིན་པ། །རྟོག་གེའི་གཞུང་གི་རྩ་བར་སྣང་གྱུར་ཀྱང༌། །ཚུལ་དེ་གྲགས་པའི་གཞུང་བཞིན་མི་ཤེས་པར། བློ་ངན་དུ་མས་ཉིན་དང་མཚན་ལ་ནི། །ལན་བརྒྱར་བསམས་པའི་ཚིག་གི་སྦྱོར་བ་གང༌། །ཐལ་མོའི་རྣམ་འགྱུར་དབུས་ནས་དྲངས་པ་ཡི། །ངོ་ཚ་སྤངས་པའི་གད་རྒྱངས་འཚེར་བ་ལ། རྩོད་པ་ཡིན་ཞེས་སྨྲ་བ་གད་མོའི་གནས། །རྒྱ་འགྲེལ་མིང་ཅན་ཉོག་པོའི་ཚིག་ཕྲེང་ཅན། །དེ་དག་ཀུན་གྱིས་ཆོས་ཀྱི་གྲགས་པ་ཡི། །དགག་སྒྲུབ་ཚུལ་དེ་གསལ་བར་སྟོན་མ་ནུས། །ཆོས་ཀྱི་སྤྱན་ལྡན་ས་རྔོག་ལོ་ཙྭ་གཉིས། །རིགས་པའི་དབང་ཕྱུག་དཔལ་ལྡན་ཕྱྭ་པ་ཡིས། །སྡེ་བདུན་རིགས་པའི་ཉིང་ཁུང་སྒྲུབ་པ་དང༌། །སུན་འབྱིན་ཚུལ་གང་ལེགས་པར་བཤད་པ་ལ། །མི་མཐུན་མེད་དེ་དིང་འདིར་སྨྲས་པ་ཡིན། །དང་པོའི་ལས་ཅན་མང་པོའི་འཁོར་ནང་དུ། །ཚངས་པ་ཇི་བཞིན་ཆེན་པོར་རློམ་དེ་རྫུན། །གལ་ཏེ་བདེན་ན་འདི་དང་མཉམ་པ་ཡི། །གཞན་གྱི་རྣམ་བཤད་གཞན་ནས་མི་འབྱུང་ཅི། །ཞེས་བྱ་བ་འདི་ནི་མཁས་པ་འཇུག་པའི་སྒོ་ཡིན་ནོ།། ༈ །།ད་ནི་བྱིས་པ་འཇུག་པའི་སྒོ་བཤད་པར་བྱ་སྟེ། ལན་གྱིས་བཟློག་པར་མི་ནུས་པའི་ཐལ་ངག་དེ་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡིན་ཞེས་ཟེར་བ་དེ་ལ། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། དེ་དེར་ཐལ། དེ་འདྲའི་ཐལ་འགྱུར་ཡོད། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། ཁྱོད་ལ་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར། རྟགས་དངོས་འགལ་ལོ། །ཡང་ཁ་ཅིག མཚན་ཉིད་ལ་རང་གང་ལ་འཕངས་པའི་རྒོལ་བ་དེས་ཞེས་སྦྱོར་ན། སྒྲ་ཆོས་ཅན་རྟག་པར་ཐལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཁྱོད་གང་ལ་འཕངས་པའི་རྒོལ་བ་ཡོད། རྒོལ་བ་དེ་ཡིན་ན། གཞལ་བྱ་ལ་རྟག་པས་ཁྱབ་པ་ཁས་ལེན་པའི་རྒོལ་བ་ཡིན་པས་ཁྱབ། རྒོལ་བ་དེས་ཁྱོད་ལ་ལན་དོན་མཐུན་མི་ཐེབས་པའི་ཕྱིར། ཡང་ཁ་ཅིག མཚན་མཚོན་གཉིས་ཀ་ལ་རང་གང་ལ་འཕངས་པའི་རྒོལ་བ་དེས་ཞེས་སྦྱོར་ན། སྒྲ་རྟག་པར་ཁས་ལེན་པའི་རྒོལ་བའི་ངོར། མདུན་གྱི་གཞི་འདིར་ཆོས་ཅན། སྒྲ་མ་བྱས་པར་ཐལ། སྒྲ་རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་དུ་ཐལ། འདོད་པ་གང་ཞིག དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྒྲ་བྱས་པ་དེ་མདུན་གྱི་གཞི་འདིར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། སྒྲ་བྱས་པ་ཡིན་པའི་རྟགས་ཀྱིས་གཞི་འདིར་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རྒོལ་ཆོས་ཅན། ཁྱོད་ཀྱིས་སྒྲ་བྱས་པ་དང་སྒྲ་མི་རྟག་པའི་འབྲེལ་པ་ཚད་མས་ཤེས་པར་ཐལ། ཁྱོད་ཀྱི་ངོར་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེ་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་མདུན་གྱི་གཞི་འདིར་སྒྲ་མི་རྟག་པར་ཚད་མས་ཤེས་པར་ཐལ། སྒྲ་མི་རྟག་པར་ཚད་མས་ཤེས་པའི་ཕྱིར། ཡང་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་རྟགས་གང་ཡིན། ཁྱབ་པ་གང་ལ་བྱ། བསལ་པ་གང་ཡིན་ཞེ་ན། དྲི་བ་དེ་ལ། རྟག་པ་དེ་དེའི་གཏན་ཚིགས་ཡིན་ནོ་ཞེས་སྨྲ་བ་ལ། གཞན་དག་ན་རེ། ཐལ་འགྱུར་དེའི་གཏན་ཚིགས་ཆོས་ཅན། ཁྱོད་གྲུབ་པར་ཐལ། རྟགས་དེ་ཡོད་རྟག་པ་དེ་ཁྱོད་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར། རྟགས་དངོས་འགལ་ལོ་ཞེས་ཟེར་རོ། །འོ་ན་ཁྱོད་རང་གི་ལུགས་ལ་ཐལ་འགྱུར་དེའི་རྟགས་གང་ཡིན་ཞེས་འདྲི་བར་བྱའོ། །འདི་ལ་ལ་ལ་ན་རེ། སྒྲ་རྟག་པ་དེའོ་ཞེས་ཟེར། ལ་ལ་ན་རེ། ཐལ་འགྱུར་དེའི་རྟགས་མེད་དོ་ཞེས་ཟེར། དང་པོ་ལ། འོ་ན་བུམ་པ་ཚད་མས་མ་དམིགས་པ་དེ་བུམ་པ་ཆོས་ཅན། མེད་པར་ཐལ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་གཏན་ཚིགས་ཡིན་པར་ཐལ། སྒྲ་རྟག་པ་དེ་དེའི་དེ་ཡིན་པའི་ཕྱིར། འདོད་ན་ཐལ་འགྱུར་དེའི་གཏན་ཚིགས་དེ་ཆོས་ཅན། ཁྱོད་གྲུབ་པར་ཐལ། བུམ་པ་ཚད་མས་དམིགས་པ་དེ་ཡོད། དེ་ཁྱོད་ཡིན་པའི་ཕྱིར། འདོད་ན་བུམ་པ་ཆོས་ཅན་མེད་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར། རྟགས་དངོས་གལ་ལོ། །ཡང་སྒྲ་ཆོས་ཅན། རྟག་པར་ཐལ། རྟག་པ་གང་ཡིན་མ་བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་བམ་མ་གྲུབ། མ་གྲུབ་ན། སྒྲ་ཆོས་ཅན་རྟག་པ་གང་ཞིག་བྱས་པ་ཡིན་པར་ཐལ། རྟག་པ་གང་ཞིག་བྱས་པ་ཡིན་པའི་ཕྱིར། རྟགས་དངོས་འགལ་ལོ། །གྲུབ་ན་སྒྲ་ཆོས་ཅན་རྟག་པར་ཐལ། རྟག་པའི་ཕྱིར་རྟགས་དངོས་འགལ་ལོ། །ཡང་སྒྲ་བྱས་པ་དེ། སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གཏན་ཚིགས་ཡིན་པར་ཐལ། སྒྲ་རྟག་པ་དེ་དེ་ཡིན་པའི་ཕྱིར། འདོད་ན་སྒྲ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཐལ་འགྱུར་དེའི་རྟགས་སུ་གཟུང་བྱ་ཡིན་པའི་ཕྱིར། ཡང་འདོད་པ་གཉིས་པ་དེ་ལ། འོ་ན་ཐལ་འགྱུར་དེའི་ཁྱབ་པ་མེད་པར་ཐལ། ཐལ་འགྱུར་དེའི་རྟགས་མེད་པའི་ཕྱིར། འདོད་ན། རྟག་པ་ཡིན་ན་བྱས་པ་ཡིན་པ་བུད་དོ། །ཡང་སྒྲ་ཆོས་ཅན། མ་བྱས་ཏེ། རྟག་པའི་ཕྱིར་ཞེས་པའི་རང་རྒྱུད་ཀྱི་གཏན་ཚིགས་མ་གྲུབ་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་གཏན་ཚིགས་མ་གྲུབ་པའི་ཕྱིར། འདོད་ན། དེ་ལྟར་བཀོད་པའི་ཚེ་ན་རྟག་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཡོད་པའི་ཕྱིར། རྟག་ན་མ་བྱས་པས་ཁྱབ་པ་དེ་ཐལ་འགྱུར་དེའི་ཁྱབ་པའོ་ཞེ་ན། ཁྱབ་པ་དེ་ཆོས་ཅན། ཁྱོད་རྟག་ན་མ་བྱས་པས་ཁྱབ་པ་དེ་ཡིན་པར་ཐལ། ཁྱོད་ཐལ་འགྱུར་དེའི་ཁྱབ་པ་ཡིན་པའི་ཕྱིར། ཁྱབ་པ་ཡང་ཁས་བླངས་སོ། །འདོད་ན་ཛ་ཐེང་ངོ༌། །ཡང་ཁྱོད་རྟག་ན་ཁྱོད་མ་བྱས་པས་ཁྱབ་པ་དེ། སྒྲ་ཆོས་ཅན་ཁྱོད་མ་བྱས་པར་ཐལ། ཁྱོད་རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར་རོ། །འདོད་ན། ཁྱོད་རྟག་ན་ཁྱོད་མ་བྱས་པས་ཁྱབ་པ་དེ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཐལ་འགྱུར་དེའི་ཁྱབ་པ་ཡིན་དགོས་པར་ཐལ། ཁྱོད་ཐལ་འགྱུར་དེའི་ཁྱབ་པ་ཡིན་པའི་ཕྱིར། འདོད་ན་སྒྲ་ཆོས་ཅན་གྱིས་མ་ངེས་སོ། །དེའང་འདོད་ན་ཁྱབ་པ་ཆོས་ཅན་ལ་ལྟོས་པར་ཐལ་བ་དང༌། ཤེས་བྱ་ལ་སོགས་པ་གཞན་གྱིས་ཀྱང་མ་ངེས་སོ། །གཞན་ཡང་ཁྱོད་གཞལ་བྱ་ཡིན་ན་ཁྱོད་མི་རྟག་པ་ཡིན་པས་ཁྱབ་པ་དེ། སྒྲ་ཆོས་ཅན། ཁྱོད་མི་རྟག་པར་ཐལ། ཁྱོད་གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡིན་པར་ཐལ། རྩ་དམ་དེའི་ཕྱིར། འདོད་ན། ཁྱབ་པ་དེ་ཆོས་ཅན། ཁྱོད་ཡོད་ན་ཐལ་འགྱུར་དེའི་ཁྱབ་པ་ཡོད་དགོས་པར་ཐལ། ཁྱོད་ཐལ་འགྱུར་དེའི་ཁྱབ་པ་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན་གྱིས་མ་ངེས་སོ། །གཞན་ཡང་ཡོད་ན་སྒྲ་ཆོས་ཅན་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་མིན་དགོས་པར་ཐལ། དེ་འདྲའི་ཁྱབ་པ་མེད་པའི་ཕྱིར་རྟགས་ཁས་བླངས། འདོད་ན། ཁས་བླངས་ཤིང༌། ཡོད་ན། བྱས་ན་རྟག་པ་ཡིན་པས་ཁྱབ་པ་དེ་མིན་དགོས་པར་ཐལ། འདོད་པ་གང་ཞིག དེ་དེའི་ཁྱབ་པ་ཡིན་པའི་ཕྱིར། འདོད་ན་མདུན་གྱི་གཞི་འདིར་ཤེས་བྱ་ཆོས་ཅན་གྱིས་མ་ངེས་སོ། །འདོད་ན་འབུད་དོ། །གཞན་ཡང་རྟག་ན་རྟག་པ་ཡིན་པས་ཁྱབ་པ་དེ། སྒྲ་ཆོས་ཅན་རྟག་པར་ཐལ་རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡིན་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། །འདོད་ན། དེ་ཆོས་ཅན་ཐལ་འགྱུར་དེའི་རྗེས་ཁྱབ་ཏུ་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། རྟག་པ་མ་ཡིན་ན། རྟག་པ་མ་ཡིན་པས་ཁྱབ་པ་དེ་ཐལ་འགྱུར་དེའི་བཟློག་ཁྱབ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། རྟག་པ་ཆོས་ཅན་ཁྱོད་རྟག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་པ་ཐལ་བའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་གྲུབ་པའི་ཕྱིར། འདོད་ན་དེ་ཆོས་ཅན་དེ་ལ་འབྲེལ་བར་ཐལ། དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཁོ་ན་རེ་རྟག་ན་རྟག་པས་ཁྱབ་པ་ཡོད་པར་ཐལ་ཡོད་པའི་ཕྱིར། འདོད་ན་ཁྱོད་ཀྱིས་ཁས་བླངས། མ་གྲུབ་ན། རྟག་པ་ཡིན་ན་རྟག་པ་མ་ཡིན་པ་བུད་དོ་ཞེས་ཟེར་ན། འོ་ན་རྟག་ན་རྟག་པའི་རྗེས་ཁྱབ་གྲུབ་བར་ཐལ། གྲུབ་པའི་ཕྱིར། མ་གྲུབ་ན་འབུད་དོ། །འདོད་ན། རྟག་པའི་རྟགས་ཀྱིས་ནམ་མཁའ་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། རྟག་པའི་རྟགས་ཀྱི་སྒྲ་རྟག་པར་ཐལ་བའི་རྗེས་ཁྱབ་གྲུབ་པའི་ཕྱིར། འདོད་ན་དེ་དེ་ལ་འབྲེལ་བར་ཐལ་ལོ། །གཞན་ཡང་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ངོར། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་གྲུབ་པར་ཐལ། མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དང༌། རྟག་ན་མཉན་བྱ་མ་ཡིན་པའི་ཁྱབ་པ་གྲུབ་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་ཁྱེད་རང་ལྟར་ན་མཉན་བྱ་ཡིན་ན། མི་རྟག་པ་མ་ཡིན་པ་བུད་དོ། །འདོད་ན་མཉན་བྱ་ཆོས་ཅན། དེའི་ངོར་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། དེའི་ངོར་དེ་བསྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་ཀ་གྲུབ་པའི་ཕྱིར། གཞན་ཡང༌། ཚད་མས་མ་དམིགས་ན་མེད་པས་ཁྱབ་པ་དེ། རི་བོང་གི་རྭ་ཆོས་ཅན་མེད་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡིན་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན་དེ་དེའི་རྗེས་ཁྱབ་ཏུ་ཐལ། དེ་ཡང་འདོད་ན། དེ་དེའི་རྗེས་འགྲོ་ཁྱབ་པ་ཡིན་པར་ཐལ། དེའང་འདོད་ན་ཚད་མས་མ་དམིགས་པ་ཆོས་ཅན། མེད་པ་ལ་འབྲེལ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་རི་བོང་གི་རྭ་མེད་པར་ཐལ་བའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་མི་འཁྲུལ་བའི་ཕྱིར། དེ་ལ་ཁོ་ན་རེ། ཚད་མས་མ་དམིགས་ན་མེད་པས་ཁྱབ་པ་ཡོད་པར་ཐལ། ཡོད་པའི་ཕྱིར། མ་གྲུབ་ན་འབུད་དོ་ཞེ་ན། དེའི་རྟགས་ཀྱི་དེ་དེར་ཐལ་བའི་རྗེས་འགྲོའི་ཁྱབ་པ་གྲུབ་བར་ཐལ། གྲུབ་པའི་ཕྱིར། མ་གྲུབ་ན་འབུད་དོ། །འདོད་ན་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་དེར་ཐལ་བའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་གྲུབ་པར་ཐལ། འདོད་པ་གང་ཞིག་ཁྱོད་ཀྱི་རྟགས་ཀྱིས་དེ་དེར་ཐལ་བའི་བཟློག་ཁྱབ་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཁྱོད་རང་ལྟར་ན། ཡོད་ན་ཚད་མས་མ་དམིགས་པ་བུད་དོ། །དེ་ལྟར་ན་རྗེས་འགྲོ་མ་གྲུབ་པར། རྗེས་འགྲོའི་ཁྱབ་པ་གྲུབ་པ་དང༌། དེ་ལ་རྗེས་སུ་འགྲོ་ན། ཡོད་མི་དགོས་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་ན་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེ་མེད་པར་ཐལ་བ་དང༌། དེ་མེད་པར་སྒྲུབ་པའི་ཁྱབ་པ་ནི་ཡོད་དེ། དེ་དང་དེའི་བཟློག་ཁྱབ་ཡོད་པའི་ཕྱིར། ཚད་མས་མ་དམིགས་ན་མེད་པས་ཁྱབ་པ་དེ་དེ་དང་དེའི་ཁྱབ་པ་མ་ཡིན་ཏེ། དེའི་ཁྱབ་པ་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། འོན་ཀྱང་ཚད་མས་མ་དམིགས་ན་མེད་པས་ཁྱབ་པ་ཡོད་ཅེས་ཁས་བླངས་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ། །འོ་ན་དེའི་རྗེས་ཁྱབ་ཡོད་དམ་བཟློག་ཁྱབ་ཡོད་ཅེ་ན། བཟློག་ཁྱབ་ཡོད་དོ་ཞེས་བརྗོད་པར་བྱའོ། །བུམ་པ་ཡིན་ན་བུམ་པ་ཡིན་དགོས་ཀྱང་དེ་ཡིན་ན་དེའི་ཁྱབ་པ་ནི་ཡོད་པ་མ་ཡིན་ཏེ། དེའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གང་ཡང་མེད་པའི་ཕྱིར། ཞེས་ཁས་ལེན་དགོས་པ་ཡིན་ནོ། །གསུམ་པ་བསལ་པའི་ངོས་འཛིན་དཔྱད་པ་ལ། ཁ་ཅིག་ན་རེ། མ་བྱས་པ་དེ་ཐལ་འགྱུར་དེའི་བསལ་པ་ཡིན་ནོ་ཞེས་ཟེར་རོ། །མ་བྱས་པ་ཆོས་ཅན། ཁྱོད་ཐལ་འགྱུར་དེའི་བསལ་པ་མ་ཡིན་པར་ཐལ། ཁྱོད་ཐལ་འགྱུར་དེ་གང་ལ་འཕངས་པའི་རྒོལ་བ་དེས། ཁས་བླངས་ཀྱི་བསལ་པའི་བསལ་པ་ཡང་མ་ཡིན། དེས་ཚད་མས་བསལ་པའི་བསལ་པ་ཡང་མ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཐལ་འགྱུར་དེའི་བསལ་པ་མ་ཡིན་པར་ཐལ། ཁྱོད་ཐལ་འགྱུར་དེའི་ཐལ་ཆོས་ཡིན་པའི་ཕྱིར། ཡང་མ་བྱས་པ་ཆོས་ཅན། ཁྱོད་ཐལ་འགྱུར་དེ་གང་ལ་འཕངས་པའི་རྒོལ་བ་དེས་དོན་མཐུན་དུ་ཁས་ལེན་མི་ནུས་པར་ཐལ། ཁྱོད་ཐལ་འགྱུར་དེའི་བསལ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྒོལ་བ་དེས་ཁྱོད་དང་རྟག་པའི་འབྲེལ་པ་དོན་མཐུན་དུ་ཁས་ལེན་ནུས་དགོས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྒྲ་མ་བྱས་པ་དེ་ཐལ་འགྱུར་དེའི་བསལ་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་དེ་ཆོས་ཅན་ཁྱོད་དང་རྟག་པ་གཉིས་ལ་འབྲེལ་པ་གྲུབ་པར་ཐལ། ཁྱོད་ཐལ་འགྱུར་དེའི་བསལ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐལ་འགྱུར་དེའི་རྟགས་བསལ་གཉིས་ལ་འབྲེལ་པ་གྲུབ། དེའི་བསལ་པ་མང་པོ་མེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ་ཁྱོད་མེད་པའི་ཕྱིར། གཞན་ཡང་སྒྲ་རྟག་པ་དེ་ཐལ་འགྱུར་དེའི་རྟགས་ཡིན་པར་ཐལ། དེ་དེའི་བསལ་པ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་དང་མ་བྱས་པ་ལ་འབྲེལ་པ་གྲུབ་པར་ཐལ། ཁྱོད་དེའི་རྟགས་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་རྟག་པ་ཡིན་ན་སྒྲ་མ་བྱས་པ་ཡིན་པའི་ཁྱབ་པ་དེ་ཐལ་འགྱུར་དེའི་ཁྱབ་པ་ཡིན་པར་ཐལ། དེ་དེའི་རྟགས་ཡིན། དེ་དེའི་བསལ་པ་ཡིན། དེ་གཉིས་ལ་མཚན་གཞི་རེ་རེ་ལས་གཟུང་རྒྱུ་མེད་པའི་ཕྱིར། འདོད་ན། ཁྱབ་པ་ཆོས་ཅན་ལ་ལྟོས་པར་ཐལ་ལོ། །དེ་ཡང་འདོད་ན་སྒྲ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ་ལོ། །ཡང་ལ་ལ་ན་རེ། ཐལ་འགྱུར་འདིའི་རྟགས་མ་གྲུབ་པ་ཡིན་ཏེ། སྒྲ་རྟག་པ་མ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་གྱིས་ཁྱབ་པ་ཡང་མ་གྲུབ་པ་ཡིན་ཏེ། རིགས་གཏེར་ལས། རྟགས་མེད་ཁྱབ་པ་གྲུབ་པ་འཁྲུལ། ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྒྲ་ཆོས་ཅན་མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཚད་མས་གྲུབ་པར་ཐལ། ཁྱོད་ཆོས་གསུམ་ལྡན་གྱི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། ཞེས་བརྗོད་ན་རིགས་པའི་གཏེར་གྱི་ལུང་ཁས་ལེན་པ་ལ་འཁོར་གསུམ་དངོས་འགལ་དུ་འགྱུར་རོ། །ཅི་སྟེ་སྐབས་དེར་ཐལ་འགྱུར་དེའི་བཟློག་ཁྱབ་གྲུབ་པར་ཁས་བླངས་ཀྱི། ཁྱབ་པ་ཡོད་པར་ཁས་མ་བླངས་སོ་ཞེ་ན། དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད་དེ། འདི་ལྟར། ཐལ་འགྱུར་དེའི་བཟློག་ཁྱབ་ཡོད་ན་ཐལ་འགྱུར་དེའི་ཁྱབ་པ་ཡོད་དགོས་པར་ཐལ། རང་རྒྱུད་ཀྱི་གཏན་ཚིགས་དེའི་བཟློག་ཚུལ་ཡོད་ན། དེའི་ཁྱབ་པའི་ཚུལ་གཉིས་ཀ་ཡོད་དགོས་པའི་ཕྱིར། གཞན་ཡང༌། ཁྱོད་ལྟར་ན། སྒྲ་བྱས་པ་ཡིན་ན་སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་དེ། སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡིན་པར་ཐལ། སྒྲ་རྟག་ན་སྒྲ་མ་བྱས་པས་ཁྱབ་པ་དེ་སྒྲ་ཆོས་ཅན་མ་བྱས་པར་ཐལ་ཞེས་སོགས་དེའི་ཁྱབ་པ་ཡིན་པའི་ཕྱིར། དེ་ཡང་འདོད་ན། དེ་འདྲའི་ཐལ་འགྱུར་དེ་ཐལ་འགྱུར་ཡང་དག་ཏུ་སོང་བའི་རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་ཚད་མས་གྲུབ་ཟིན་པར་ཐལ། ཁྱོད་ཀྱིས་སྒྲ་བྱས་པ་ལ་སྒྲ་མི་རྟག་པས་ཁྱབ་པའི་ཁྱབ་འབྲེལ་ཚད་མས་ངེས་པའི་ཕྱིར། རྟགས་ཁས་བླངས་པར་ཐལ། ཁྱོད་ཀྱི་ཐལ་འགྱུར་དེ་ཉིད་ཀྱི་ཁྱབ་པ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཞན་ཡང་རང་རྒྱུད་ཀྱི་ཁྱབ་པ་དང་གཏན་ཚིགས་ཀྱང་དེ་ལྟར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་ཚུལ་གསུམ་ཚད་མས་གྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བ་བཟློག་ཏུ་མེད་པ་ཡིན་ཏེ། དཔེར་ན། མེ་དུ་འབྲེལ་བར་ཚད་མས་ངེས་ན། མེ་དུ་གཉིས་ཀ་ཚད་མས་ངེས་དགོས་པ་བཞིན་ནོ། །གཞན་ཡང་ནམ་མཁའ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་མེད་པར་ཐལ། ཐལ་འགྱུར་དེའི་རྟགས་མེད་པའི་ཕྱིར། རྟགས་ཁྱབ་དངོས་འགལ། འདོད་ན། ཐལ་འགྱུར་དེའི་ཁྱབ་པ་ཡོད་པར་ཐལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡོད་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །གཞན་ཡང༌། ཁྱོད་ལྟར་ན་སྒྲ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་ཡོད་པར་ཐལ། སྒྲ་གཞལ་བྱ་ཡིན་ན། སྒྲ་མི་རྟག་པ་ཡིན་པས་ཁྱབ་པ་དེ་དེའི་ཁྱབ་པ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། མི་རྟག་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། གཞན་ཡང༌། རི་བོང་རྭ་ཆོས་ཅན་མི་རྟག་པ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་གྲུབ་པར་ཐལ། སྒྲ་ཆོས་ཅན། མི་རྟག་པར་ཐལ་གཞལ་བྱ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱི་ཁྱབ་པ་གྲུབ་པའི་ཕྱིར། འདོད་ན་དེའི་ཁྱབ་པ་མ་གྲུབ་པར་ཐལ། དེའི་རྟགས་མ་གྲུབ་པའི་ཕྱིར་གསུམ་ཆར་རོ། །དེ་ལྟར་ན་རྟགས་ཆོས་ཅན་གྱི་སྟེང་དུ་མ་གྲུབ་ན། ཁྱབ་པ་མ་གྲུབ་དགོས་པ་རིགས་པའི་གཏེར་གྱི་གཞུང་དེའི་དགོངས་པ་མ་ཡིན་ནོ། །ཡང་ཁ་ཅིག་རྟགས་སུ་གཟུང་བྱ་མེད་ན་དེ་སྐོར་གྱི་ཁྱབ་པ་མེད་དགོས་པ་རིགས་པའི་གཏེར་གྱི་དགོངས་པ་ཡིན་ནོ་ཞེས་ཟེར་བ་ཡང་རིགས་པ་མ་ཡིན་ཏེ། རྩོད་ལན་གྱི་སྐབས་དེར་དེ་སྐད་ཅེས་ཟེར་བ་ལ་འབྲེལ་པ་མེད་ཅིང༌། ཡོད་དུ་ཆུག་ཀྱང་མི་རིགས་པ་འདི་ལྟར། སྐབས་བབ་ཀྱི་རྒོལ་བ་འགའ་ཞིག་གི་ངོར། ཕྱིར་རྒོལ་བས་བུམ་པ་ཆོས་ཅན། ཚད་མས་དམིགས་པ་མ་ཡིན་པར་ཐལ། ཡོད་པ་མ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་མ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་སུ་གཟུང་བྱ་མེད་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་ཀྱི་དེ་ཡོད་པར་ཐལ། ཁྱོད་ཀྱི་ལྡོག་ཁྱབ་ཡོད་པའི་ཕྱིར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་པར་ཐལ། ཚད་མས་དམིགས་པ་དེ་སྐབས་བབ་ཀྱི་རྒོལ་བ་འགའ་ཞིག་གི་ངོར། བུམ་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་སྲིད་པའི་ཕྱིར། ཡང་ཁ་ཅིག ཁྱབ་པའི་དོན་ནི་འབྲེལ་པ་ཡིན་པས་རྟགས་སུ་གཟུང་བྱ་གང་དང་གང་ཡིན་དེ། ཆོས་སུ་གཟུང་བྱ་དེ་དང་དེ་ལ་འབྲེལ་བ་དེ་སྐོར་གྱིས་ཁྱབ་པ་ཡིན་ནོ་ཞེས་ཟེར། སྤྱིར་ཁྱབ་པ་འབྲེལ་བའི་རྩ་བ་ལ་རག་ལས་མོད། དེས་དེ་ལ་ཁྱབ་ན་དེ་དེ་ལ་འབྲེལ་མི་དགོས་ཏེ་བདག་ཡོད་ན་བདག་ཚད་མས་སྣང་བས་ཁྱབ་ཀྱང༌། དེ་དེ་ལ་མ་འབྲེལ་བའི་ཕྱིར་དང༌། དངོས་པོའི་རྒྱུ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་དང༌། ཤེས་པའི་ཉེར་ལེན་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཀྱང༌། དེ་དེ་ལ་མ་འབྲེལ་བའི་ཕྱིར། དེ་ལ་དེས་མ་ཁྱབ་པར་འདོད་པ་ཡང་མི་རིགས་ཏེ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་ཤེས་པའི་ཉེར་ལེན་རྟགས་སུ་བཀོད་ནས། ཤེས་པར་བསྒྲུབ་པའི་གཏན་ཚིགས་ཡང་དག་གསུངས་པའི་ཕྱིར། འདི་སྐད་ཅེས་ཀྱང་བྱ་སྟེ། སྒྲ་མི་རྟག་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། དེ་ལ་དེ་འབྲེལ་བའི་ཕྱིར། དེ་དེའི་བྱེ་བྲག་ཡིན་པའི་ཕྱིར། གཞན་ཡང༌། བུམ་པ་མ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་དང༌། བདག་མེད་ཡིན་ན་གཞལ་བྱ་ཡིན་པས་ཁྱབ་པ་དང༌། གཞལ་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ལ་སོགས་པར་འགྱུར་ཏེ། དེ་དང་དེ་དེ་དང་དེ་ལ་འབྲེལ་བར་ཁྱོད་ཀྱིས་ཁས་ལེན་དགོས་པའི་ཕྱིར། གཞན་ཡང་མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ཚད་མས་ངེས་པར་ཐལ། དེ་དེ་ལ་འབྲེལ་བའི་ཕྱིར། འདོད་ན་མ་ངེས་པའི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །གལ་ཏེ་བདག་མེད་དང་གཞལ་བྱ་ལ་སོགས་པ་རྟག་པ་ལ་འབྲེལ་བར་མི་འདོད་དེ། སྤྱི་བྲེ་བྲག་ལ་འབྲེལ་པ་ཁས་མི་ལེན་པའི་ཕྱིར། ཞེ་ན། དེ་ལྟ་ན་གསེར་བུམ་ལ་རྗེས་སུ་འགྲོ་བའི་བུམ་པའི་སྤྱི་འཛིན་རྟོག་བློ་དེ་གསེར་བུམ་དང་རྒྱུད་ནས་མ་འབྲེལ་བར་འགྱུར་རོ། །ཡང་འདི་དཔྱད་པར་བྱ་སྟེ། ཐལ་འགྱུར་ཡང་དག་གི་མཚན་ཉིད་ཀྱི་ཟུར་དུ་གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས། གཞན་མི་འདོད་པའི་ཆོས་ཐལ་བར་འཕེན་པ་ཞེས་ཟེར་བ་ལ། འོ་ན་སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཀྱང་ཡིན། གང་ལ་འཕངས་པའི་རྒོལ་བས་ཁས་བླངས་པ་ཡང་ཡིན་པའི་གཞི་མཐུན་གཅིག་ཡོད་པར་ཐལ་བ་དང༌། ཐལ་འགྱུར་དེའི་ཐལ་ཆོས་ཀྱང་ཡིན། འཕངས་པའི་རྒོལ་བ་དེའི་མི་འདོད་པ་ཡང་ཡིན་པའི་གཞི་མཐུན་པ་གཅིག་ཁས་ལེན་དགོས་པར་འགྱུར་ལ། དེ་འདོད་ན་སྒྲ་རྟག་པ་དེ་ཐལ་འགྱུར་དེའི་རྟགས་དང༌། སྒྲ་མ་བྱས་པ་དེ་ཐལ་འགྱུར་དེའི་ཐལ་ཆོས་སུ་འགྱུར་ལ། དེ་ལྟ་ན། ཉེས་པ་སྔར་བཞིན་ནོ། །ཁོ་ན་རེ། རྟག་པ་དེ་དེ་འདྲའི་གཞི་མཐུན་དང༌། མ་བྱས་པ་དེ་དེ་འདྲའི་གཞི་མཐུན་ཡིན་ནོ་ཞེ་ན། འོ་ན་དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཐལ་འགྱུར་འཕེན་པ་པོ་རང་ཉིད་ལ་འཁོར་གསུམ་བཟློག་པར་ཐལ། ཁས་བླངས་ཐུན་མོང་བ་རྟགས་སུ་བཀོད་ནས་ཁྱབ་པ་ཚད་གྲུབ་པ་དང༌། ཐལ་བ་ཚད་བསལ་དུ་འཕངས་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཡང་ཐལ་འགྱུར་དེ་ཆོས་ཅན། སྒྲ་རྟག་པ་ཡིན་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པར་ཐལ། གཞན་གྱི་ཁས་བླངས་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པ་གང་ཞིག ཁྱོད་དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། ཡང་ཐལ་འགྱུར་དེ་ཆོས་ཅན། སྒྲ་མ་བྱས་པ་ཐལ་བར་འཕངས་པའི་ཐལ་འགྱུར་ཡིན་པར་ཐལ། གཞན་མི་འདོད་པའི་ཆོས་ཐལ་བར་འཕངས་པ་གང་ཞིག ཁྱོད་དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། དེ་ལྟར་ན། རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས། རྩོད་གཞིའི་ཆོས་ཅན་གྱི་སྟེངས་སུ་མི་འདོད་པའི་ཆོས་ཐལ་བར་འཕེན་པ་ཞེས་སྦྱར་ན་ལེགས་པ་ཡིན་ནོ། །ཡང་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་དུ། དོན་བཟློག་ན་ཚུལ་གསུམ་ཚང་བ་ཞེས་ཟེར་ན། སྒྲ་རྟག་པར་ཁས་ལེན་ཞིང༌། བྱས་མི་རྟག་གི་འབྲེལ་པ་མི་ཤེས་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་འཕངས་པའི་ཐལ་འགྱུར་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱིས་བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་པར་ཐལ། ཁྱོད་ཀྱི་ངོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །རྩ་བར་མ་གྲུབ་ན། རྒོལ་བ་དེའི་ངོར་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་ཚེ་བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཡང་དག་ཏུ་ཐལ། ཁྱོད་དེ་བསྒྲུབ་ཀྱི་སྒྲུབ་བྱེད་དུ་བཀོད་པ་གང་ཞིག ཁྱོད་ཀྱིས་དེ་སྒྲུབ་ཀྱི་སྒྲུབ་བྱ་སྒྲ་མི་རྟག་པ་དེ་སྒྲུབ་ནུས་པའི་ཕྱིར། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་སྤྱིར་ཚད་མའི་ལམ་དུ་ཚང་བའི་ཕྱིར། ཡང་བཤད་མ་ཐག་པའི་མཚན་ཉིད་དེ་སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཅེས་ཟེར་བ་དེ་ལ། འོ་ན་སྒྲ་རྟག་པར་ཁས་ལེན་ཅིང༌། སྒྲ་བྱས་པ་དང་བྱས་མི་རྟག་གི་འབྲེལ་པ་ཚད་མས་ཤེས་པའི་རྒོལ་བའི་ངོར། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་འཕངས་པའི་ཐལ་འགྱུར་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱི་ངོར་དེ་ལྟར་འཕངས་པའི་ཚེ། དེ་དེར་ཐལ། ཁྱོད་ཀྱི་ངོར་བྱས་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རྩ་བར་འདོད་ན། སྒྲུབ་པའི་ཐལ་འགྱུར་དུ་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒྲུབ་པའི་ངག་ཏུ་མ་བཀོད་པའི་ཕྱིར། ཡང་ཁ་ཅིག སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡིན་ན། དེ་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་དགོས་སོ་ཞེས་ཟེར་བ་དེ་ལ་ཡང་རྒོལ་བ་སྔ་མ་དེའི་ངོར། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་ལན་གཉིས་འཕངས་པའི་ཚེ་ཐལ་འགྱུར་དེ་གཉིས་ཀ་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། ཐལ་འགྱུར་གང་ཞིག ཁྱོད་ཀྱི་ཆོས་ལོག་ཏུ་གཟུང་བྱ་དེ། རང་གི་ཤེས་འདོད་ཆོས་ཅན་དུ་གཟུང་བྱ་དེའི་སྟེང་དུ། རང་གི་རྟགས་ལོག་ཏུ་གཟུང་བྱ་དེ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། རྩ་བར་འདོད་ན་དེ་མ་ཡིན་པར་ཐལ། ངག་ལྷག་པའི་སྐྱོན་ཅན་ཡིན་པའི་ཕྱིར། ཡང་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་དགོས་སོ་ཞེས་ཟེར་བ་དེ་ལ། སྒྲ་རྟག་པར་ཁས་ལེན་ཅིང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས་པའི་རྒོལ་བའི་ངོར་སྒྲ་ཆོས་ཅན་མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཐལ་འགྱུར་ཡང་དག་གང་ཞིག བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་འཕངས་པའི་ཕྱིར། རྟགས་སྔ་མ་དེར་ཐལ། རང་གང་ལ་འཕངས་པའི་རྒོལ་བས་ལན་དོན་མཐུན་གྱིས་བཟློག་པར་མི་ནུས་པའི་ཐལ་ངག་ཡིན་པའི་ཕྱིར་ཁྱབ་པ་ཁས་བླངས། ཡང་སྒྲུབ་བྱེད་གཏན་ཚིགས་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པར་ཁས་ལེན་པ་ལ་ཡང་རྒོལ་བ་སྔ་མ་དེའི་ངོར། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པས་མ་ངེས་སོ། །ཡང་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེའི་ངོར། ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་པའི་ཐལ་འགྱུར་འགོད་པ་སྐབས་སུ་བབ་པའི་རྒོལ་བ་དེའི་ངོར་ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་སྟེ། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དེ་གང་ཞིག་དེ་ཡིན་པའི་ཕྱིར། སྔ་མ་དེར་ཐལ། ཁྱོད་ཀྱི་ཆོས་ལོག་ཏུ་གཟུང་བྱ་བྱས་པ་དེ་སྒྲའི་སྟེང་དུ་ཁྱོད་ཀྱི་རྟགས་ལོག་ཏུ་གཟུང་བྱ་མི་རྟག་པར་བསྒྲུབ་པའི་སྒྲུབ་བྱེད་རྣམ་དག་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེའི་མཚན་ཉིད་ཚང་བའི་ཕྱིར། རྩ་བ་འདོད་ན་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། སྒྲུབ་པའི་ཐལ་འགྱུར་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། སྒྲུབ་པའི་ངག་ཏུ་མ་བཀོད་པར་ཐལ་ངག་ཏུ་བཀོད་པའི་ཕྱིར། ཡང་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་ཐལ་ཆོས་ཚིག་ཟིན་ལ་བརྗོད་པའི་ངག་ཡིན་པའི་ཕྱིར། དཔེར་ན་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཚིག་ཟིན་ལ་བརྗོད་པའི་ངག་ཡིན་ན། རང་རྒྱུད་ཀྱི་ངག་ཡང་དག་མིན་དགོས་པ་བཞིན་ནོ། །ཡང་ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་འཕེན་པར་ནུས་པའི་ཐལ་འགྱུར་ཡང་དག་ཡིན་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་མི་དགོས་ཏེ། སྒྲ་བྱས་པ་དང་རྟག་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན། མི་རྟག་པར་ཐལ། བྱས་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ་དེ་གང་ཞིག་དེ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་ཁས་བླངས་ཀྱི་རྟགས་ལས། མི་འདོད་པའི་སྒྲུབ་བྱ་འཕེན་པའི་ངག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ་བཟློག་དོན་ལ་ཚུལ་གསུམ་མ་ཚང་བའི་ཕྱིར། འདིར་ཐལ་འགྱུར་ཡང་དག་དང༌། སྒྲུབ་ངག་ཡང་དག་འགལ་ལོ་ཞེས་ཟེར་བ་དེ་ལ། གང་རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ་ཞེས་སྐབས་བབ་ཀྱི་རྒོལ་བ་ལ་འཕངས་པའི་ཚེ་ན། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཁས་བླངས་ཀྱི་རྟགས་ལས་མི་འདོད་པའི་སྒྲུབ་བྱ་འཕེན་པའི་ཐལ་ངག་ཡིན་པའི་ཕྱིར། འདིའི་ཁྱབ་པ་རིགས་གཏེར་གྱི་འགྲེལ་པས་གྲུབ་བོ། །ཡང་དེ་ཆོས་ཅན་དེར་ཐལ། གྲངས་ཅན་གྱིས་སྒྲ་རྟག་པར་ཁས་བླངས་པའི་ཁས་བླངས་རྟགས་སུ་བཀོད་ནས། སྒྲ་མ་བྱས་པར་ཐལ་བ་གྲངས་ཅན་གྱི་དྲན་ལམ་དུ་འཕེན་པར་ནུས་པའི་ངག་རྣམ་དག་ཡིན་པའི་ཕྱིར། འདི་ནི་རིགས་པའི་སྒྲུབ་བྱེད་དོ། །ལུང་གི་སྒྲུབ་བྱེད་ནི། དེ་ཆོས་ཅན། དེར་ཐལ། གཞན་གྱིས་བརྟགས་པ་ཡི། ཐལ་བ་བསྒྲུབ་པ་ཞེས་པའི་གཞུང་གིས་བསྟན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། དེར་ཐལ། གཞན་གྱིས་ཁས་བླངས་རྟགས་སུ་བཀོད་ནས། རྩོད་གཞིའི་སྟེང་དུ་མི་འདོད་པའི་ཆོས་ཐལ་བར་འཕངས་པས་རྩོད་གཞིའི་སྟེང་དུ་གཞན་གྱིས་ཁས་བླངས་པའི་ལོག་ཕྱོགས་བསྒྲུབ་པའི་ཚུལ་གསུམ་བསྟན་བྱར་འཕེན་པའི་ངག་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། དེར་ཐལ། ཁྱོད་སྒྲུབ་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། །ཞེས་པའི་གཞུང་གིས་བསྟན་པའི་ཐལ་འགྱུར་ཡང་དག་ཅིག་ཡོད། སྒྲ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར་ཞེས་པའི་ཐལ་འགྱུར་དེ། སྒྲུབ་པའི་ཐལ་འགྱུར་དུ་སོང་བ་མི་སྲིད་པའི་ཕྱིར། དེ་ཆོས་ཅན། ཁྱོད་དེར་སོང་བ་མི་སྲིད་པར་ཐལ། ཁྱོད་སྐབས་ཀྱི་རྒོལ་བའི་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ངག་རྣམ་དག་ཏུ་སོང་བ་མི་སྲིད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སྒྲུབ་ངག་ཡང་དག་ཏུ་ཐལ། རྒོལ་བ་རང་གི་ཚད་མས་མཐོང་བའི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་སྐབས་སུ་བབ་པའི་རྒོལ་བ་གཞན་གྱི་དྲན་ལམ་དུ་འཕེན་ནུས་པ་གང་ཞིག ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཤེས་ཤིང༌། མ་དྲན་པའི་སྔར་རྒོལ་གྱི་ངོར་འགོད་པ་སྐབས་སུ་བབ་པའི་ངག་རྣམ་དག་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སྒྲུབ་ངག་ཡང་དག་ཏུ་ཐལ། སྒྲུབ་ངག་ཏུ་བཀོད། རང་གི་བསྟན་བྱ་ལ་སྐབས་བབ་ཀྱི་བསྒྲུབ་བྱ་སྒྲུབ་པའི་ཚུལ་གསུམ་ཚང་ལྷག་ཆད་ཀྱི་སྐྱོན་དང་བྲལ་བའི་ངག་ཡིན་པའི་ཕྱིར། ཡང་ཐལ་འགྱུར་ཡང་དག་དང༌། སྒྲུབ་ངག་གི་གཞི་མཐུན་ཡོད་པར་ཐལ། ཇི་སྐད་དུ། ཐལ་བ་བསྒྲུབ་པ་གཉིས་འབྲེལ། ཞེས་དང༌། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན། ཞེས་དང༌། བརྗོད་པའི་ཚུལ་ལ་རང་རྒྱུད་དང༌། །ཐལ་འགྱུར་གཉིས་ཡིན། ཞེས་དང༌། བཟློག་ན་སྒྲུབ་པའི་མཚན་ཉིད་ཡོད། །ཅེས་གསུངས་པའི་ཕྱིར། དེ་ལ་གལ་ཏེ། ཁོ་ན་རེ། ལུང་དང་པོའི་དོན་གཞན་མི་འདོད་པའི་ཆོས་ཐལ་བར་བསྒྲུབ་བྱ་བའི་དོན་ཡིན་གྱི། སྒྲུབ་པ་དང་ཐལ་འགྱུར་གྱི་གཞི་མཐུན་སྲིད་པར་སྟོན་པ་མ་ཡིན་ནོ་ཞེ་ན། ཐལ་བར་བསྒྲུབ་པ་ཞེས་བྱ་བའི་ཚིག་འདི་ཡང་བརྟགས་ན་སྙིང་པོ་ཅི་ཡང་མེད་དེ། སྒྲུབ་བྱེད་པའི་འཕེན་པའི་ཐལ་འགྱུར་གྱིས་ཐལ་བར་འཕེན་རྒྱུའི་ཆོས་དེ་ཡིན་ན། བསྒྲུབ་པའི་ཆོས་སུ་འགལ་བའི་ཕྱིར་དང༌། གཞུང་འདིའི་བསྟན་པའི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་དགོས་པའི་ཕྱིར། དེས་ན། ཇི་སྐད་དུ། གཞན་གྱིས་ཀུན་ཏུ་བརྟགས་པ་ལ། །ཐལ་བས་སྒྲུབ་པ་སྐྱོན་ཡོད་མིན། །ཞེས་གསུངས་པ་དེ་ཉིད་རིགས་པ་ཡིན་ནོ། །ཡང་ཁོ་ན་རེ། ལུང་གཉིས་པའི་དོན་ནི་སྤྱིར་རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་འཆད་པ་ཡིན་གྱི་སྒྲུབ་པའི་ངག་གི་དབྱེ་བ་འཆད་པ་མ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཞན་དོན་རྗེས་དཔག་ལ་རྩོད་པའི་སྐབས་སུ་དབྱེ་བས་དུ་མར་འགྱུར་བའི་ཚུལ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ཡང་འདི་ལྟར་གང་ཟག་གི་སྒོ་ནས། སྔར་རྒོལ་ལ་བརྟེན་པའི་གཞན་དོན་རྗེས་དཔག ཕྱིར་རྒོལ་ལ་བརྟེན་པའི་གཞན་དོན་རྗེས་དཔག་གཉིས་སོ། །དགོས་པའི་སྒོ་ནས་སྒྲུབ་པ་དང་སུན་འབྱིན་པའི་ངག་གོ །བརྗོད་ཚུལ་གྱི་སྒོ་ནས། རང་རྒྱུད་དང་ཐལ་འགྱུར་གཉིས་སུ་འབྱེད་པ་ཡིན་ནོ། །འོ་ན། སྒྲུབ་པ་དང་སུན་འབྱིན་མི་འགལ་བར་འགྱུར་ལ། དེ་ལྟ་ན་རྟོག་གེའི་ཚིག་དོན་བརྒྱད་ཀྱི་གྲངས་ངེས་འཇིག་གོ་ཞེ་ན། དེ་ཡང་མི་འདོད་པ་མ་ཡིན་ཏེ། རྗེས་དཔག་ཡང་དག་ལྟར་སྣང་གཉིས་ཀ་མངོན་སུམ་ལྟར་སྣང་དུ་འདུ་བའི་ཕྱིར་དང༌། མངོན་སུམ་ཡང་དག་ཐམས་ཅད་རྗེས་དཔག་ལྟར་སྣང་དུ་འདུ་བའི་ཕྱིར། ཇི་སྐད་དུ། རྗེས་དཔག་དང་ནི་དེར་སྣང་དག །ཅེས་པའི་སྐབས་ནས་བསྟན་པའི་དེར་སྣང་དེ་མངོན་སུམ་ལ་བྱ་བར་ཚད་མ་རྣམ་ངེས་ལས་འབྱུང་བའི་ཕྱིར། དེ་ལྟ་ན་ཡང་བསྒྲུབ་པ་དང་སུན་འབྱིན་པའི་ཁྱབ་པར་ནི། ཀུན་སློང་གི་བསམ་པས་འབྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་སྒྲུབ་པ་དང་སུན་འབྱིན་ཡང་དག་འགལ་ན། གཞན་གྱིས་བརྟགས་པ་ཡི། །ཐལ་བ་བསྒྲུབ་པ་ཞེས་པའི་སྐབས་ནས་བསྟན་པའི་ཐལ་འགྱུར་ཡང་དག་དེ་ཆོས་ཅན། དེར་ཐལ། སྒྲུབ་པའི་ངག་ཡང་དག་ཡིན་པའི་ཕྱིར། དེར་ཐལ། བ་ལང་གི་སྤྱི་རང་གི་གསལ་བ་དུ་མ་ལ་འཕྲོད་འདུའི་མ་འབྲེལ་བར་རྟོགས་པའི་རྟགས་ཅན་རྗེས་དཔག་འདྲེན་ནུས་ཀྱི་གཏན་ཚིགས་རྣམ་དག་ཡིན་པའི་ཕྱིར། དེ་ཆོས་ཅན། རྟགས་ཚིག་རྣམ་དག་ཡིན་པར་ཐལ། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རང་གི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ངག་རྣམ་དག་ཡིན་པའི་ཕྱིར། དེ་དེར་ཐལ། གཅིག་མེད་ན་གཞན་དགག་ཕྱིར་ཡིན། །ཞེས་པའི་གཞུང་གི་བསྟན་དོན་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན་སུན་འབྱིན་ཡང་དག་ཡིན་པར་ཐལ། ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། བསྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་གྱི་མཚན་གཞི་གང་དང་གང་ཡིན་པ་དེ་ཆོས་ཅན། བསྒྲུབ་པ་དང་སུན་འབྱིན་གྱི་གཞི་མཐུན་ཡིན་པར་ཐལ། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་ཡིན་པའི་ཕྱིར། ཁོ་ན་རེ། དེ་སྒྲུབ་ངག་ཡང་དག་མ་ཡིན་ཏེ། ཇི་སྐད་དུ། དངོས་སུ་སྒྲུབ་པའི་ངག་མིན་ཡང༌། །ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན་གཞུང་དེའི་དོན་དངོས་སུ་བསྒྲུབ་བྱ་སྒྲུབ་ནུས་པའི་ངག་མ་ཡིན་ཞེས་བྱ་བའི་དོན་ཡིན་ནམ། སྒྲུབ་ངག་ཡང་དག་དངོས་མིན་བྱ་བའི་དོན་ཡིན། དང་པོ་ལྟར་ན་ཁོ་བོ་ཅག་ཀྱང་དོན་དེ་ཉིད་འདོད་པ་ཡིན་ཏེ། དངོས་བསྟན་གྱི་ཚུལ་གསུམ་མ་ཚང་བའི་ཕྱིར་དང༌། དངོས་བསྟན་གྱི་ཆོས་དེ་ཆོས་ཅན་གྱི་སྟེང་དུ་བསྒྲུབ་མི་ནུས་པའི་ཕྱིར། གཉིས་པ་ལྟར་ན། སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་གྱི་མཚན་གཞི་གང་དང་གང་ཡིན་པ་དེ་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། ཇི་སྐད་དུ། བཟློག་ན་བསྒྲུབ་པའི་མཚན་ཉིད་ཡོད། །ཅེས་གསུངས་པའི་ཕྱིར་རོ། །གཞུང་དེའི་དོན་ཐལ་འགྱུར་དེ་འཕངས་པའི་རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་ལ་དེའི་མཚན་ཉིད་ཚང་བ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་ལ་དེ་ཚང་བར་གོང་དུ་བསྟན་ཟིན་པས་འདིར་བསྟན་མི་དགོས་པའི་ཕྱིར་དང༌། འདི་ཐལ་འགྱུར་གྱི་སྐབས་ཡིན་པས་དེ་ལ་དེའི་མཚན་ཉིད་ཚང་བར་བསྒྲུབ་པ་སྐབས་སུ་བབ་པའི་ཕྱིར་དང༌། གོང་དུ་བརྗོད་པའི་ཚུལ་ལ་རང་རྒྱུད་དང༌། ཐལ་འགྱུར་གཉིས་ཡིན་ཞེས་བཤད་པ་ལ། འོ་ན་ཐལ་འགྱུར་སྒྲུབ་པའི་ངག་ཏུ་ཇི་ལྟར་འཐད་ཅེས་དྲིས་པའི་ལན་དུ། དངོས་སུ་བསྒྲུབ་པའི་ངག་མིན་ཡང༌། །བཟློག་ན་བསྒྲུབ་པའི་མཚན་ཉིད་ཡོད། །ཅེས་གསུངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན། རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་དང༌། ཐལ་འགྱུར་གྱི་སྒྲུབ་ངག་ཡང་དག་གཉིས་ལ་དངོས་སུ་བསྒྲུབ་བྱ་བསྒྲུབ་པའི་ངག་ཡིན་མ་ཡིན་གྱི་ཁྱད་པར་ཡོད་ལ། སྤྱིར་སྒྲུབ་ངག་ཡང་དག་དངོས་ཡིན་མིན་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། སྒྲུབ་པའི་ངག་ཡང་དག་གི་མཚན་ཉིད་དེ་གཉིས་ཀ་ལ་རྗེས་སུ་ཞུགས་པར་མཚུངས་པའི་ཕྱིར་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འདི་ཙམ་ཁོ་ནས་སྒྲུབ་པ་དང༌། །སུན་འབྱིན་གནས་རྣམས་ལེགས་གོ་བ། །དེ་ཕྱིར་བྱིས་པ་བས་ཀྱང་ནི། །མཁས་པའང་འཇུག་པའི་སྒོ་ཡིན་ནོ། །ཞེས་ཐལ་བའི་གནས་བྱེ་བྲག་ཏུ་བཤད་པ་ལས། བྱིས་པ་དང་མཁས་པ་མཐུན་མོང་དུ་འཇུག་པའི་སྒོ་ཐ་མར་བཤད་པ་ཡིན་ནོ། །རྒོལ་དང་ཕྱིར་རྒོལ་དཔང་པོ་དང༌། །ཚར་བཅད་པ་དང་རྗེས་འཛིན་དང༌། །བསྒྲུབ་པ་དང་ནི་སུན་འབྱིན་དང༌། །དྲི་བ་དང་ནི་ལན་གྱི་གནས། །དིང་སང་ཕལ་ཆེར་མ་གྲགས་ཤིང༌། །ཅུང་ཟད་གྲགས་པ་དེ་དག་ཀྱང༌། །གཞུང་དང་འགལ་བར་ལེགས་མཐོང་ནས། །ཇི་བཞིན་ལེགས་པར་བཤད་པ་ཡིན། །སྡེ་བདུན་སྙིང་པོ་འདི་ཡིན་ཞེས། །ཕྱི་རབས་གཞན་གྱི་ལུགས་སྤངས་ཏེ། །སྔ་རབས་མཁས་པའི་ལུགས་བཞིན་དུ། །ལེགས་པར་བཤད་འདི་བསྟན་པའི་རྒྱན། །ཞེས་བྱ་བ་འདིས་ནི་བསྒྲུབ་པ་དང་སུན་འབྱིན་པའི་གནས་ལེགས་པར་གྲུབ་པ་ཡིན་ནོ།། །།གཞོན་ནུའི་སྐུ་ཅན་ཚེམས་དཀར་ཕྲེང་བ་ཅན། །མཁྱེན་པའི་སྤྱན་ལྡན་ཐུགས་རྗེའི་སྨིན་ལེགས་ལྡན། །རྣམ་དཔྱོད་གཞུ་མངའ་རིགས་པའི་མདའ་མངའ་བས། །ཀུན་ལས་རྒྱལ་ཁྱོད་སྤྱི་བོའི་གཙུག་ཏུ་རྒྱལ། །ཞེས་དེ་ལྟར་མཆོད་པར་བརྗོད་ནས། གསུམ་པ་གཏན་ཚིགས་དང༌། བསྒྲུབ་པ་དང་སུན་འབྱིན་པ་མི་འཁྲུལ་བའི་རྒྱུ། དགག་སྒྲུབ་དང་འགལ་འབྲེལ་གྱི་རྣམ་པར་གཞག་པ་བཤད་པར་བྱའོ། །འདི་ལ་གཉིས་ཏེ། དགག་སྒྲུབ་ཀྱི་རྣམ་པར་གཞག་པ་དང༌། འགལ་འབྲེལ་གྱི་རྣམ་པར་བཞག་པའོ། །དང་པོ་ནི། སྐབས་སུ་བབ་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པ་དང༌། སྤྱིར་དགག་སྒྲུབ་ཀྱི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ལ། ངོ་བོ་ངོས་བཟུང༌། རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ལ། སྤྱིར་ཤེས་བྱ་ཇི་སྙེད་པ་སྣང་བ་དང་སེལ་བ་གཉིས་སུ་འདུས། སྣང་བ་ཇི་སྙེད་པ་ནི་སྒྲུབ་པ་ཡིན་ཏེ། རང་འཛིན་པའི་རྟོག་མེད་ཀྱི་ཤེས་པས་ཡོངས་གཅོད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། སེལ་བ་ཇི་སྙེད་པ་ནི། སྤྱིར་དགག་པ་ཡིན་ཏེ། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་རྣམ་བཅད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེ་ལ་དབྱེ་ན། སེལ་བའི་དགག་པ་དང༌། སེལ་བའི་སྒྲུབ་པ་གཉིས་སུ་ཡོད་པ་ཡིན་ཏེ། ཇི་སྐད་དུ། སྣང་བ་དངོས་པོའི་ཡུན་ཅན་ཡིན། །སེལ་བ་ལ་ནི་དགག་སྒྲུབ་གཉིས། །ཞེས་གསུངས་པས་སོ། །འདིར་སྐབས་སུ་བབ་པ་ནི་སེལ་བའི་དགག་སྒྲུབ་གཉིས་ཀྱི་རྣམ་པར་གཞག་པ་འཆད་དགོས་པ་ཡིན་ཏེ། དགག་བྱ་དགག་པ་དང༌། བསྒྲུབ་བྱ་བསྒྲུབ་པའི་རྣམ་པར་གཞག་པ་འཆད་པ་སྐབས་སུ་བབ་པའི་ཕྱིར་རོ། །དེ་ལྟར་ན་སྣང་བའི་སྒྲུབ་པ་དང༌། སེལ་བའི་སྒྲུབ་པ་གཉིས་ལས། དང་པོ་ནི། སྤྱིར་སྒྲུབ་པ་མཚན་ཉིད་པ་དང༌། ཁྱད་པར་སྒྲུབ་འཇུག་དང་སེལ་འཇུག་གཉིས་ཀྱི་རྣམ་དབྱེ་བྱེད་པའི་དུས་ཀྱི་སྒྲུབ་པ་མཚན་ཉིད་པ་ཡིན་ཀྱང༌། དགག་བསྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་བསྒྲུབ་པ་མཚན་ཉིད་པ་མ་ཡིན་ཏེ། སྣང་བ་མངོན་སུམ་གྱིས་དགག་སྒྲུབ་དངོས་སུ་བྱེད་མི་ནུས་ཤིང༌། སྣང་བ་རང་མཚན་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར། ཇི་སྐད་དུ། ཕྱིར་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་བསྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་གསུངས་སོ། །དེ་བས་ན་འདིར་སེལ་བའི་དབང་དུ་བྱས་པའི་དགག་སྒྲུབ་གཉིས་ངོས་འཛིན་པ་ཡིན་ནོ། །འོ་ན་དེ་གཉིས་ཀྱི་མཚན་གཞི་གང༌། གཞི་མཐུན་སྲིད་དམ་མི་སྲིད་ཅེ་ན། བཤད་པ། མེད་པར་དགག་པའི་མཚན་གཞི་གང་དང་གང་ཡིན་པ་དེ་ཐམས་ཅད་ནི་སེལ་བའི་དགག་པ་ཡིན་ལ། མ་ཡིན་པར་དགག་པའི་མཚན་གཞི་གང་དང་གང་ཡིན་པ་དེ་ཐམས་ཅད་ནི་སེལ་བའི་བསྒྲུབ་པ་ཡིན་ནོ། །དེ་གཉིས་ལ་གཞི་མཐུན་སྲིད་པ་ནི་མ་ཡིན་ཏེ། མིན་དགག་དང་མེད་དགག་གི་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །སྤྱིར་དགག་པ་དང་སྒྲུབ་པ་ལ་གཞི་མཐུན་སྲིད་པ་ཡིན་ཏེ། སེལ་བའི་སྒྲུབ་པ་དང༌། མ་ཡིན་པར་དགག་པ་ཡིན་པ་ལ། དགག་སྒྲུབ་གཉིས་ཀ་ཡིན་པ་ཡོད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན་བུམ་པ་མེད་པ་དང༌། ས་ཕྱོགས་ཀྱི་ཚོགས་དོན་དེ་སེལ་ངོར། བུམ་པ་བསལ་བའི་སྒོ་ནས་རྟོག་པར་བྱ་བ་ཡིན་པའི་རྒྱུ་མཚན་གྱིས་དགག་པ་དང༌། སེལ་ངོར་དངོས་པོ་ཡིན་པའི་ཆ་ནས་སྒྲུབ་པར་འཇོག་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་རྣམ་བཅད་དུ་རྟོགས་བྱ་དང༌། ཡོངས་གཅོད་དུ་རྟོགས་བྱ་གཉིས་ཀ་ཡིན་པའི་གཞི་མཐུན་སྲིད་པ་ཡིན་ནོ། །འདི་ཡང་སེལ་ངོའི་དབང་དུ་བྱས་པ་ཡིན་གྱི། དོན་རང་མཚན་གྱི་ཕྱོགས་ནི་དགག་པ་མ་ཡིན་ཏེ། སེལ་བ་མ་ཡིན་པའི་ཕྱིར། སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་ཡིན་པའི་ཕྱིར་ཏེ། རང་མཚན་ཡིན་པའི་ཕྱིར། ཡང་སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་དགག་སྒྲུབ་གཉིས་ལ་ནི་གཞི་མཐུན་མི་སྲིད་པ་ཡིན་ཏེ། སྣང་འཇུག་དང་སེལ་འཇུག་གི་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ། འོ་ན་དགག་རྟགས་ཡང་དག་དང་སྒྲུབ་རྟགས་ཡང་དག་གི་གཞི་མཐུན་སྲིད་པར་འགྱུར་ཏེ། དགག་སྒྲུབ་ཀྱི་གཞི་མཐུན་སྲིད་པའི་ཕྱིར་ཁྱབ་པ་ཡང་ཁྱོད་ཀྱིས་ཁས་བླངས་ཏེ། གཏན་ཚིགས་གཉིས་ཀྱི་རྣམ་དབྱེ་བྱེད་པའི་དུས་ཀྱི་དགག་སྒྲུབ་གཉིས་ཀ་གཞན་སེལ་གྱི་སྟེངས་ནས་འཇོག་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་ཞེ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པས་བཤད་པར་བྱའོ། །འདིར་དགག་པ་ལ་གཉིས་ཏེ། དགག་པ་རྐྱང་པ་དང༌། དགག་སྒྲུབ་ཚོགས་པའོ། །དང་པོ་ལ་ཡང་གཉིས་ཏེ། མེད་པར་དགག་པ་མཐའ་དག་དང༌། མིན་པར་དགག་པའི་ཕྱོགས་གཅིག་གོ །དེ་ལྟར་གསུམ་ལས། སྒྲུབ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། དགག་སྒྲུབ་ཚོགས་པ་གཅིག་ཡིན་དགོས་ཏེ། དེ་ཡིན་ན་སྒྲུབ་པ་དང་གཞན་སེལ་གྱི་གཞི་མཐུན་ཡིན་དགོས་པའི་ཕྱིར། དགག་རྟགས་ཡང་དག་གི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་དགག་པ་རྐྱང་པ་ཅན་ཡིན་དགོས་ཏེ། དེ་ཡིན་ན་སྒྲུབ་པ་མིན་དགོས་པའི་ཕྱིར། དེ་ལ་མེད་དགག་གིས་ཁྱབ་པར་འདོད་པ་ནི་མ་ཡིན་དགག་ལ་དགག་པ་གོ་ཆོད་པོ་མེད་པར་འདོད་པའི་ལུགས་ཡིན་གྱི། རང་གི་ལུགས་ལ་མི་རུང་སྟེ། རང་གི་ལུགས་ལ་མ་ཡིན་པར་དགག་པས་དགག་པའི་གོ་ཆོད་ཅིང༌། དེའི་ནང་ཚན་དུ་གྱུར་པའི་དགག་པ་རྐྱང་པ་ཅན་ཡང་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། བུམ་པ་མིན་པ་དང༌། བུམ་པ་མེད་པ་དང༌། རྒྱལ་རིགས་མིན་པ་དང་མེད་པ་ལྟ་བུ་སྐབས་སྟོབས་ཀྱིས་མ་ཡིན་དགག་ཏུ་འགྱུར་བ་ཡང་སྲིད། མེད་དགག་ཏུ་འགྱུར་བ་ཡང་སྲིད་པའི་ཕྱིར། རྒྱས་པར་འོག་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་རྣམ་གཞག་གཏན་ལ་དབབ་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བའོ། །དང་པོ་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་རྣམ་བཅད་དུ་རྟོགས་བྱ་གང་ཞིག རང་སྣང་ཡུལ་དུ་བྱེད་པའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་པ་དེ་སེལ་བའམ་དགག་པའི་མཚན་ཉིད། བློས་ཡོངས་གཅོད་དུ་རྟོགས་བྱ་དེ་སྤྱིར་སྒྲུབ་པའི་མཚན་ཉིད་དང༌། བྱེ་བྲག་ཏུ་རང་གི་ཡུལ་ཅན་གྱི་ཤེས་པས་ཡོངས་གཅོད་དང་རྣམ་བཅད་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བ་གང་ཞིག རང་སྣང་ཡུལ་དུ་བྱེད་པའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་པ་དེ། འདིར་སྐབས་སུ་བབ་པ་གཞན་སེལ་གྱི་སྒྲུབ་པའི་མཚན་ཉིད་ཡིན་ནོ། །གཉིས་པ་ནི་རང་གི་ངོ་བོ་བློ་ཡུལ་དུ་འཆར་བ་ལོག་ཕྱོགས་རྣམ་པར་སེལ་བ་དང་དགག་པ་ལ་ལྟོས་པའི་ཕྱིར་ན་སེལ་བ་དང་དགག་པ་ཞེས་བྱ། རང་གི་ལོག་ཕྱོགས་བསལ་ཤུལ་ལམ་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་མེད་པའི་ཕྱིར་མེད་པར་དགག་པ་ཞེས་བྱ། དེའི་ཤུལ་དུ་ཆོས་གཞན་ཞིག་འཕེན་པར་བྱེད་པའམ། རང་གི་ངོ་བོ་སྒྲུབ་པར་བྱེད་པའི་ཕྱིར་མ་ཡིན་པར་དགག་པ་ཞེས་ཀྱང་བྱ། སྒྲུབ་པ་ཞེས་ཀྱང་བྱའོ། །གསུམ་པ་ལ། སེལ་བའི་དབྱེ་བ་ནི་གཉིས་ཏེ། དགག་པ་དང༌། སྒྲུབ་པའོ། །དགག་པའི་དབྱེ་བ་ཡང་གཉིས་ཏེ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའོ། །ཡང་དགག་པ་རྐྱང་པ་དང༌། དགག་སྒྲུབ་ཚོགས་པའོ། །དང་པོ་ལ་གཉིས་ཏེ། མེད་པར་དགག་པ་དང༌། མ་ཡིན་པར་དགག་པའོ། །དང་པོ་ནི། གང་ཟག་གི་བདག་མེད་པ་ལྟ་བུའོ། །གཉིས་པ་ནི། བྲམ་ཟེ་སྐོམ་ཞིང་ཆང་མི་འཐུང་བ་ལྟ་བུའོ། །གཉིས་པ་ནི། བུམ་པ་མེད་པའི་ས་ཕྱོགས་ལྟ་བུའོ། །འདིར། སེལ་བའི་སྒྲུབ་པ་དང་མ་ཡིན་དགག་དོན་གཅིག་པར་གསུངས་ཀྱང༌། དགོངས་པ་ནི་སྒྲུབ་པ་དང་མ་ཡིན་དགག་ལ་མུ་བཞི་སྟེ། སྒྲུབ་པ་ཡིན་ལ་མ་ཡིན་པར་དགག་པ་མ་ཡིན་པ་ནི་སྣང་བའི་སྒྲུབ་པ་ཇི་སྙེད་པའོ། །དེ་ཡིན་པ་ཅིག་ཤོས་མ་ཡིན་པ་ནི་བྲམ་ཟེ་སྐོམ་པ་ཆང་མི་འཐུང་བ་དང༌། མདུན་གྱི་སྐྱེས་བུ་མིར་སྒྲུབ་པར་འདོད་ནས་བ་ལང་མ་ཡིན་པ་ལ་ནོག་ལྐོག་ཤལ་དང་མི་ལྡན་པ་རྟགས་སུ་བཀོད་པའི་ཚེ་བ་ལང་མིན་པ་ལྟ་བུའོ། །དེའི་ཚོན་པ་བ་ལང་མ་ཡིན་པ་ཆོས་ཅན། མ་ཡིན་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་ཕྱིར་ཏེ། ཆོས་གཞན་མདུན་གྱི་སྐྱེས་བུ་མི་ཡིན་པ་དེ་འཕངས་པའི་ཕྱིར། དེ་བཞིན་དུ་ཉེར་ལེན་གྱི་ཕུང་པོ་ཞེ་འདོད་ལ་བདག་མེད་དུ་སྒྲུབ་པར་འདོད་ནས་རྟག་པ་མ་ཡིན་པར་སྒྲུབ་པ་ལ་སྐད་ཅིག་མ་རྟགས་སུ་བཀོད་པའི་ཚེ་ན། རྟག་པ་མ་ཡིན་པ་དེ་ཡང་མ་ཡིན་པར་དགག་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། གཉིས་ཀ་ཡིན་པ་ནི་བུམ་པས་དག་པའི་ས་ཕྱོགས་ལྟ་བུའམ། ཉེར་ལེན་གྱི་ཕུང་པོ་དང་བདག་མེད་ཀྱི་ཚོགས་དོན་ལྟ་བུ་དགག་སྒྲུབ་ཚོགས་པ་རྣམས་སོ། །སྐབས་འདིར་མ་ཡིན་དགག་ལ་སྒྲུབ་པས་ཁྱབ་པ་ཚད་མ་རིགས་པའི་གཏེར་གྱི་དགོངས་པ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ། དེར་ཚད་མ་རྣམ་པར་ངེས་པའི་ལུང་དྲངས་ནས། མ་ཡིན་པར་དགག་པ་ལ་དགག་པ་མཚན་ཉིད་པའི་ཆ་ཤས་ཅིག་ཡོད་པར་སྒྲུབ་པའི་ཕྱིར་རོ། །ཡང་མ་ཡིན་དགག་ཡིན་ན་སེལ་བའི་སྒྲུབ་པ་ཡིན་པའི་ཁྱབ་པ་ཡང་དགོངས་པ་མ་ཡིན་ཏེ། དེ་ལྟ་ན་མ་ཡིན་དགག་སྒྲུབ་བྱའི་ཆོས་སུ་བྱས་པའི་གཏན་ཚིགས་ཡིན་ན་སྒྲུབ་རྟགས་ཡང་དག་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་སེམས་ཙམ་པས་མདོ་སྡེ་པའི་ངོར་ཀུན་རྟགས་བདེན་མེད་དུ་སྒྲུབ་པ་ལ། བདེན་པའི་གཅིག་དང་དུ་བྲལ་རྟགས་སུ་བཀོད་པའི་ཚེ་ན། དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དེ་ཡིན་ན་མ་ཡིན་དགག་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན། བདེན་པར་མེད་པ་ཆོས་ཅན། མ་ཡིན་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་ཡོངས་གྲུབ་བདེན་པར་སྒྲུབ་པ་དེ་འཕངས་པའི་ཕྱིར། གཞན་ཡང་རྣམ་བདེན་པས་མདོ་སྡེ་པའི་ངོར། སྔོར་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་རྫས་གཅིག་ཏུ་སྒྲུབ་པར་འདོད་ནས། དེ་གཉིས་རྫས་གཞན་མ་ཡིན་པ་ལ་ལྷན་ཅིག་དམིགས་ངེས་རྟགས་སུ་བཀོད་པའི་ཚེ། དེ་ཡང་དེ་སྒྲུབ་ཀྱི་སྒྲུབ་པའི་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་རོ། །མདོར་ན་མ་ཡིན་པར་དགག་པ་དགག་སྒྲུབ་གཉིས་ཚོགས་ཡིན་པས། དངོས་པོའི་ཆ་གཙོ་ཆེ་ན་སྒྲུབ་པ་དང་སེལ་བའི་ཆ་གཙོ་ཆེ་ན་དགག་པར་འདོགས་ཏེ་ཞེས་གསུངས་པའི་ཕྱིར་ན་མ་ཡིན་དགག་ལ་སྒྲུབ་པས་ཁྱབ་པ་ནི་རིགས་པའི་གཏེར་གྱི་དགོངས་མ་ཡིན་པར་ངེས་སོ། །དེར་མ་ཟད་དེ་དགག་སྒྲུབ་གཉིས་ཚོགས་སུ་བཤད་པ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དགག་ཀྱང་མེད་པ་མ་ཡིན་ཏེ། མ་འོངས་པ་དང༌། ལྷ་མ་ཡིན་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་དང༌། ཤེས་བཞིན་མ་ཡིན་པ་དང༌། རིག་བྱེད་མ་ཡིན་པ་དང༌། སྐྱོན་མེད་པ་དང༌། འཆི་བ་མེད་པ་དང༌། ཐོགས་མེད་དང༌། ཚེ་དཔག་མེད་ལ་སོགས་པ་མ་ཡིན་དགག་ཡིན་པར། སྒྲའི་བསྟན་བཅོས་དང་དབུ་མའི་བསྟན་བཅོས་ལས་གསལ་བར་གསུངས་ལ། དེ་དག་རྣམས་དགག་སྒྲུབ་ཚོགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཤུགས་ལ་སྒྲུབ་པ་འཕངས་པ་དགག་སྒྲུབ་ཚོགས་པར་འཇོག་ནུས་ན་སྒྲུབ་པ་ཐམས་ཅད་ཀྱང་དགག་སྒྲུབ་ཚོགས་པར་འགྱུར་ཏེ། ཤུགས་ལ་དགག་པ་འཕངས་པའི་ཕྱིར། ཇི་ལྟར་འཕངས་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་ཇི་ལྟར་འཕངས། མ་རིག་པ་ཞེས་པའི་མིང་གིས་འཕངས་སོ་ཞེ་ན། འདིར་ཡང་བུམ་པ་ཞེས་པའི་མིང་གིས་འཕངས་སོ། །དེའི་རྒྱུ་མཚན་ཡང༌། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ལོག་ཕྱོགས་རྣམ་པར་བསལ་བའི་སྒོ་ནས་འཇུག་པའི་ཕྱིར། འོན་ཀྱང་དགག་བྱ་བཀག་ཤུལ་དུ་འཕངས་པ་མ་ཡིན་པས་མ་ཡིན་དགག་དང་ཁྱད་པར་ཡོད་དོ། །དེས་ན་དགག་སྒྲུབ་གཉིས་སོགས་སུ་གསུངས་པ་ནི་བུམ་པ་དག་པའི་ས་ཕྱོགས་དང༌། རྟག་དངོས་ཀྱིས་སྟོང་པའི་མེ་དང༌། འདོད་ཆགས་མེད་པའི་དགེ་བའི་རྩ་བ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བ་རྣམས་ལ་དགོངས་པ་ཡིན་ནོ། །འོ་ན་འདི་ལྟ་བུའི་དགག་སྒྲུབ་གཉིས་ཚོགས་སྒྲུབ་བྱའི་ཆོས་སུ་བྱས་པའི་རྟགས་ཡང་དག་རྣམས་གཏན་ཚིགས་གཉིས་ལས་གང་ཡིན་ཞེ་ན། བཤད་པར་བྱ་སྟེ། དེ་ཡང་སྐབས་ཀྱི་རྒོལ་བའི་ཤེས་འདོད་གཙོ་ཆེ་བ་ཡིན་ཏེ། དུ་ལྡན་ལའི་སྟེང་དུ་མེ་རྟག་དངོས་ཀྱིས་སྟོང་པ་ལ། དཔག་འདོད་དང་ཤེས་འདོད་གཙོ་བོར་ཞུགས་པ་དེའི་ཚེ། དགག་པའི་གཏན་ཚིགས་དང༌། དེར་མེ་ཙམ་ལ་དཔག་འདོད་དང་ཤེས་འདོད་ཞུགས་པ་དེའི་ཚེ། དེར་རྟག་དངོས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་དེའི་ཚེ་ན། སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ཡིན་ནོ། །དོན་དེ་ཉིད་ནི། ཇི་སྐད་དུ། དངོས་པོའི་ཆ་གཙོ་ཆེ་ན་སྒྲུབ་པར་མིང་འདོགས་ཏེ་ཞེས་དང༌། སེལ་བའི་ཆ་གཙོ་ཆེ་ན་དགག་པར་ཡང་མིང་འདོགས་ཏེ་ཞེས་གསུངས་པའི་དགོངས་པ་ཡིན་ནོ། །ཡང་དགག་པ་ལ་གཉིས་ཏེ། རང་ཚིག་གིས་ཟིན་པར་བརྗོད་པའི་སྒྲ་ལ་དགག་ཚིག་ཡོད་པ་དང་མེད་པའོ། །དང་པོ་ནི་བདག་མེད་པ་དང༌། བུམ་པ་མེད་པ་དང༌། མ་ཡིན་པ་ལ་སོགས་པ་ལྟ་བུའོ། །འདི་ལ་ཡང་མ་ཡིན་པར་དགག་པ་དང༌། མེད་པར་དགག་པའི་དབྱེ་བས་གཉིས་སུ་འགྱུར་ཏེ། སྔར་བཤད་པ་ལྟར་སྐབས་སྟོབས་ཀྱིས་སོ་སོར་འབྱེད་དགོས་པས་སོ། །གཉིས་པ་ནི། ཤེས་བྱ་དང༌། གཞལ་བྱ་དང༌། འགལ་འབྲེལ་དང༌། དགག་སྒྲུབ་དང༌། མཚན་མཚོན་དང༌། གཅིག་དང་ཐ་དད་སོགས་མཐའ་གཅིག་ཏུ་གཞན་སེལ་དུ་བཞག་ནུས་པ་རྣམས་དང༌། བྱས་པ་དང༌། མི་རྟག་པ་དང༌། ཀ་བ་དང་བུམ་པ་ལ་སོགས་པ་སྣང་སེལ་གྱི་ཆ་གཉིས་གཉིས་སུ་འབྱེད་དགོས་པ་རྣམས་ལ་སེལ་བར་འཇོག་པའི་ཆ་རྣམས་སོ། །དེ་དག་རྣམས་ཀྱང་སྤྱིར་དགག་པ་ཡིན་ཏེ། སེལ་བ་ཡིན་པའི་ཕྱིར་དང༌། རང་གི་ཡུལ་ཅན་གྱིས་རྣམ་བཅད་དུ་རྟོགས་བྱ་ཡིན་པའི་ཕྱིར་དང༌། རང་སྣང་ཡུལ་དུ་བྱེད་པའི་རྟོག་མེད་ཀྱི་ཤེས་པ་མེད་པའི་ཕྱིར། དེ་ལས་ཀྱང་ཁྱད་པར་དུ་མ་ཡིན་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག་མེད་པར་དགག་པ་མ་ཡིན་པའི་ཕྱིར་དང༌། དགག་སྒྲུབ་གཉིས་ཚོགས་ཡིན་པའི་ཕྱིར་དང༌། རྣམ་བཅད་དང་ཡོངས་གཅོད་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་ཤེས་བྱ་ཆོས་ཅན། ཁྱོད་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་རྣམ་བཅད་ཡོངས་གཅོད་གཉིས་ཀའི་སྒོ་ནས་རྟོགས་བྱ་ཡིན་ཏེ། རང་མིང་སེལ་བར་བྱེད་པའི་སྒྲ་དང༌། རྟོག་པས་རང་མིན་རྣམ་པར་བསལ་ཙམ་གྱི་ཆ་ལ། རང་དུ་སྒྲོ་འདོགས་པར་བྱེད་པའི་སྒྲ་དང་རྟོག་པས་རང་དུ་སྒྲོ་བཏགས་པའི་བཏགས་ཆ་ཡིན་པའི་ཕྱིར། དེས་གཞན་ལ་ཡང་མཚོན་པར་བྱ་ཞིང༌། རྣམ་བཅད་དང་ཡོངས་གཅོད་གཉིས་ཀྱི་གོ་བ་ཡང་དེ་ཡིན་ནོ། །དེ་ལྟར་ན་དེ་དག་སྤྱིར་དགག་པ་དང་བྱེ་བྲག་ཏུ་མ་ཡིན་དགག་ཡིན་པ་དེའི་ཚེ། སྤྱིར་དགག་སྒྲུབ་གཉིས་ཀྱི་ནང་ནས་དགག་པ་དང༌། སེལ་བའི་དགག་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པར་འཇོག་པ་ཡིན་ནོ། །ཅི་སྟེ་དགག་པ་ཡིན་ན་སྒྲུབ་པར་འགལ་ལོ་ཞེ་ན་མི་འགལ་ཏེ། རྣམ་བཅད་དུ་རྟོགས་བྱ་ཡིན་པའི་ཆ་ནས་དགག་པ་དང༌། ཡོངས་གཅོད་དུ་རྟོགས་བྱ་ཡིན་པའི་ཆ་ནས་སྒྲུབ་པར་བཞག་པའི་ཕྱིར། གཞན་ཡང་ཆོས་ཉིད་དང་དོན་དམ་པའི་བདེན་པ་སོགས་ཀྱིས་མ་ངེས་ཤིང༌། དེ་དག་ཆོས་ཅན། དགག་པ་ཡིན་ཏེ། བློ་ཡུལ་དུ་བྱ་རུང་གང་ཞིག རང་གི་ལོག་ཕྱོགས་བསལ་བ་ལ་མ་ལྟོས་པར་རང་ཡུལ་དུ་བྱེད་པའི་བློ་མི་སྲིད་པའི་ཕྱིར། གཞན་སེལ་བའི་སྒྲུབ་པ་ཡང་ཡིན་ཏེ། གཞན་སེལ་གང་ཞིག་མེད་པར་དགག་པ་མ་ཡིན་པའི་ཕྱིར། མ་ཡིན་ཏེ། རང་མིང་གིས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་ཕྱིར་ཏེ། དེའི་ཤུལ་དུ་གཉིས་སྟོང་གི་སེམས་རིག་ཅིང་གསལ་ཙམ་འཕངས་པའི་ཕྱིར། འདི་ནི་རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལ་བརྟེན་པ་ཡིན་ནོ། །གཞན་ཡང་སེལ་བའི་ངོའི་མི་རྟག་པ་ཆོས་ཅན། གཞན་སེལ་གྱི་སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། མ་ཡིན་པར་དགག་པ་ཡིན་པའི་ཕྱིར་ཏེ། བློ་ལ་སྣང་བའི་སྤྱི་དང་བློའི་སེལ་བ་ཡིན་པའི་ཕྱིར། དེ་གཉིས་ཀ་ཡིན་ཏེ། རང་འཛིན་རྟོག་པ་ལ་རང་མ་ཡིན་ལས་ལོག་པར་སྣང་བ་ལ་རང་དུ་སྒྲོ་བཏགས་པའི་བཏགས་ཆ་ཡིན་པའི་ཕྱིར། དེའི་ཕྱིར་ཆོས་གཅིག་གི་སྟེང་ན་རྣམ་བཅད་དང་ཡོངས་གཅོད་ཀྱི་ལྡོག་ཆ་གཉིས་ཡོད་པ་མི་འགལ་བ་བཞིན་དུ་ཆོས་གཅིག་པོ་དེ་རྣམ་བཅད་དང་ཡོངས་གཅོད་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བ་ཡིན་པ་མི་འགལ་བ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཡང་སེལ་བའི་སྒྲུབ་པ་ཡིན་ན། སྒྲུབ་པ་ཡིན་པར་འགལ་ལོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། དེ་ལྟར་ན་སྒྲུབ་རྟགས་ཡང་དག་གི་སྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་སྒྲུབ་པ་མ་ཡིན་དགོས་པར་ཐལ་བའི་ཕྱིར་རོ། །འོ་ན་ཤེས་བྱ་དང་གཞལ་བྱ་ལ་སོགས་པ་དགག་པ་ཡིན་པ་དེའི་ཚེ། གཞི་གྲུབ་ན་དགག་པ་ཡིན་པས་ཁྱབ་པར་འགྱུར་རོ་ཞེ་ན། དེ་ཡང་འགྱུར་བ་མ་ཡིན་ཏེ། སྣང་སེལ་གཉིས་སུ་ཕྱེ་བའི་སྣང་བ་དེ་ཡིན་ན་དགག་པ་མ་ཡིན་དགོས་པའི་ཕྱིར་དང༌། རྟོག་མེད་ཤེས་པའི་སྣང་ཡུལ་ཡིན་ན་དགག་པ་ཡིན་པར་འགལ་བའི་ཕྱིར། གཞན་དུ་ན་དོན་རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་རུང་བར་ཐལ་བའི་ཕྱིར་རོ། །འོ་ན་སེར་པོ་ཆོས་ཅན། དེར་ཐལ་དེའི་ཕྱིར་ཞེ་ན། སེར་པོ་ལ་གཉིས་ཏེ། དོན་རང་མཚན་གྱི་སེར་པོ་དང༌། གཞན་སེལ་གྱི་སེར་པོའོ། །དང་པོ་ནི་སེར་འཛིན་མིག་ཤེས་ཀྱི་གཟུང་ཡུལ་དུ་གྱུར་པའི་སེར་པོ་དེའོ། །གཉིས་པ་ནི་སེར་པོ་འཛིན་པའི་རྟོག་པ་ལ་སེར་པོར་སྣང་བ་ལ་སེར་པོར་སྒྲོ་བཏག་པའི་ཆ་ལ་སེར་པོ་ཞེས་ཐ་སྙད་དུ་བྱས་པ་དེ་ཉིད་ཡིན་ནོ། །དེ་ལས། དང་པོ་ནི། དོན་རང་མཚན་ཡིན་གྱི་སེལ་བ་མ་ཡིན། གཉིས་པ་ནི་སེལ་བ་ཡིན་གྱི་དོན་རང་མཚན་མ་ཡིན་ནོ། །ཕྱེ་གསལ་མ་བྱས་པའི་སེར་པོ་ཙམ་དེ་ཡང་གཞན་སེལ་ལས་མ་འདས་པ་ཡིན་ཏེ། རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་ཟློག་བྱེད་པའི་ཕྱིར་རོ། །དེ་དག་གིས་ནི་དགག་པའི་དབྱེ་བ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་སྒྲུབ་པའི་དབྱེ་བ་ནི། ཇི་སྐད་དུ། དོན་དང་ཤེས་པ་མ་ཡིན་དང༌། །ཡོད་པའི་དབྱེ་བས་གཉིས་གཉིས་བཞི། །ཞེས་འབྱུང་བ་ལྟར་ཡིན་ལ། ཡང་ན་སྣང་བའི་སྒྲུབ་པ་དང་སེལ་བའི་སྒྲུབ་པ་གཉིས། དང་པོ་ནི་བཤད་མ་མཐའ་པ་བཞི་པོ་དེ་ཡིན་ནོ། །གཉིས་པ་ནི། སྔར་རྒྱས་པར་བཤད་ཟིན་པ་དེ་ཡིན་ནོ། །ཡང་ན། སྒྲུབ་པ་རྐྱང་པ་དང་དགག་སྒྲུབ་གཉིས་ཚོགས་པའོ། །དང་པོ་ནི། སྣང་བའི་སྒྲུབ་པ་ཡིན་ལ། གཉིས་པ་ནི་གོང་དུ་བཤད་ཟིན་པ་དེ་ཡིན་ནོ། །དེ་ལྟར་བཤད་པ་ན་སེལ་བའི་དགག་པ་ལ་ནི་དགག་རྐྱང་ཡོད་ལ། སེལ་བའི་སྒྲུབ་པ་ནི་དགག་སྒྲུབ་གཉིས་ཚོགས་ཀྱིས་ཁྱབ་པ་ཡིན་ནོ། །གཉིས་ཚོགས་ལ་ཡང་གསུམ་སྟེ། ས་ཕྱོགས་དང་བུམ་མེད་ཀྱི་ཚོགས་དོན་ལྟ་བུ་དགག་སྒྲུབ་ཆ་མཉམ་པ་དང༌། བུམ་པ་མེད་པའི་ས་ཕྱོགས་ལྟ་བུ་སྒྲུབ་པ་གཙོ་ཆེ་བ་དང༌། ས་ཕྱོགས་ཀྱི་བུམ་མེད་ལྟ་བུ་དགག་པ་གཙོ་ཆེ་བ་རྣམས་སོ། །དེས་ན་འདི་སྙམ་དུ་སྒྲུབ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་དགག་པ་ཡིན་དགོས་པར་འགྱུར་ཏེ། དེ་ཡིན་ན་དགག་སྒྲུབ་གཉིས་ཚོགས་ཡིན་དགོས་པའི་ཕྱིར། འདོད་ན་རྟགས་གཉིས་ཀྱི་རྣམ་བཞག་འཆོལ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན་དགག་རྐྱང་ཡིན་པས་ཁྱབ་པ་དང༌། དགག་སྒྲུབ་གཉིས་ཚོགས་ཡིན་པས་ཁྱབ་པ་ཞེས་བྱ་བའི་ཁྱད་པར་འདི་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཡང་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ལ་དངོས་དང་ཞེ་འདོད་གཉིས་ཡོད་པ་བཞིན་དུ། གཏན་ཚིགས་གཉིས་པོ་ལ་ཡང་དངོས་དང་ཞེ་འདོད་ཀྱི་དགག་རྟགས་དང་སྒྲུབ་རྟགས་གཉིས་གཉིས་འབྱུང་བར་གདོན་མི་ཟ་བ་ཡིན་ནོ། །དེ་ཡང་དཔེར་ན། ཞེ་འདོད་ལ་སྒྲ་བདག་མེད་དུ་སྒྲུབ་པར་འདོད་ནས། དངོས་སུ་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་དང༌། ཞེ་འདོད་ལ་སྒྲ་མི་རྟག་པར་སྒྲུབ་པར་འདོད་ནས་དངོས་སུ་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། གོ་རིམ་ཇི་ལྟ་བ་བཞིན་དུ་ཞེ་འདོད་ཀྱི་དགག་རྟགས་དང་སྒྲུབ་རྟགས་ཡང་དག་གཉིས་སུ་འགྱུར་ཞིང༌། དངོས་ཀྱི་སྒྲུབ་རྟགས་དང་དགག་རྟགས་ཡང་དག་གཉིས་སུ་འགྱུར་བར་ཁས་ལེན་དགོས་པ་བཞིན་ནོ། །བཞི་པ་དགག་སྒྲུབ་ངེས་བྱེད་ཀྱི་ཚད་མ་བཤད་པ་ནི། སྣང་བའི་སྒྲུབ་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། སེར་འཛིན་མིག་ཤེས་ཀྱིས་སེར་པོར་གྲུབ་པ་བཞིན་ནོ། །སེལ་བའི་སྒྲུབ་པ་ནི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དང་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་གིས་འགྲུབ་པ་ཡིན་ཏེ། དཔེར་ན། སེར་འཛིན་མིག་ཤེས་ཀྱིས་དྲངས་ནས་སྐྱེས་པའི་ངེས་ཤེས་ཀྱིས་གཞན་སེལ་གྱི་སེར་པོ་ངེས་པ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་སྒྲ་མི་རྟག་པར་བསྒྲུབ་པ་བཞིན་ནོ། །འདིར་རྫས་ཀྱི་སྒྲ་མི་རྟག་པ་དང་གཞན་སེལ་གྱི་སྒྲ་མི་རྟག་པ་གཉིས་ལས། དང་པོ་ནི། རྟགས་ཡང་དག་གི་བསྒྲུབ་བྱར་སོང་བ་མི་སྲིད་ཅིང༌། གཞན་སེལ་མ་ཡིན་པའི་ཕྱིར། སྒྲུབ་པའི་གཞན་སེལ་དུ་ག་ལ་འགྱུར། གཉིས་པ་དགག་པ་ལ་སྣང་བའི་དགག་པ་མི་སྲིད་ཅིང་མ་ཡིན་པར་དགག་པ་དང༌། མེད་པར་དགག་པ་གཉིས་ལས། དང་པོ་མངོན་སུམ་གྱིས་སྣང་ཡུལ་དུ་བྱེད་པ་མི་སྲིད་དེ། མངོན་སུམ་སེལ་འཇུག་ཏུ་ཐལ་བའི་ཕྱིར་རོ། །དེས་དྲངས་པའི་ངེས་ཤེས་དང་སྒྲུབ་རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་གིས་འགྲུབ་པ་ཡིན་ཏེ། དཔེ་ནི་སྔ་མ་སེལ་བའི་སྒྲུབ་པ་བཞིན་ནོ། །གཉིས་པ་མེད་པར་དགག་པ་ནི་དགག་རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་གིས་འགྲུབ་པ་ཡིན་ཏེ། དཔེར་ན་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོགས་པའི་རྗེས་དཔག་གིས་དེ་དེར་རྟོགས་པ་བཞིན་ནོ། །མ་ཡིན་པར་དགག་པ་འགའ་ཞིག་ཀྱང་དགག་རྟགས་ལ་བརྟེན་པའི་རྗེས་དཔག་གིས་གྲུབ་དགོས་པ་ཡོད་དེ། དགག་པ་རྐྱང་པ་ཅན་གྱི་མ་ཡིན་པར་དགག་པ་རྣམས་སོ། །དེ་ལྟར་བཤད་པ་འདིས་ནི་དགག་སྒྲུབ་དེ་ཡང་ཚད་མས་གྲུབ་ཅེས་པ་རྩ་འགྲེལ་གྱི་དོན་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ། དགག་སྒྲུབ་ཀྱི་རྣམ་གཞག་རྒྱས་པར་བཤད་པ་ལ། དབུ་མའི་བསྟན་བཅོས་ལས་ཇི་ལྟར་འབྱུང་བའི་ཚུལ། སྒྲའི་བསྟན་བཅོས་ལས་ཇི་ལྟར་འབྱུང་བའི་ཚུལ། ཚད་མ་སྡེ་བདུན་ལས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ནི། དགག་པའི་རྣམ་པ་ཅན་དུ་རྟོགས་པར་བྱ་བ་དེ་དགག་པའི་མཚན་ཉིད། སྒྲུབ་པའི་རྣམ་པ་ཅན་དུ་རྟོགས་པར་བྱ་བ་དེ་སྒྲུབ་པའི་མཚན་ཉིད། ལུགས་འདི་ལ་ཡང་ལྡོག་པའི་ཆ་གཉིས་པོ་འགལ་ཡང་སྤྱིར་འགལ་བ་མ་ཡིན་ཏེ། མྱུ་གུ་དང་བདེན་མེད་ཀྱི་ཚོགས་དོན་དེ་དགག་སྒྲུབ་གཉིས་ཀའི་རྣམ་པར་རྟོགས་བྱ་ཡིན་པའི་ཕྱིར། འདིར་སྒྲུབ་པ་ལ་དབྱེ་བ་མ་བཤད་ལ། དགག་པ་ལ་མེད་པར་དགག་པ་དང༌། མ་ཡིན་པར་དགག་པ་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། དགག་པའི་རྣམ་པར་རྟོགས་བྱ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ། གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག་དེ་འཕེན་པའོ། །དེ་སྐད་ན་ཡང་རྟོག་གེ་འབར་བ་ལས། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་བཀག་པས་དེ་དང་འདྲ་བ་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན་འདི་བྲམ་ཟེ་མ་ཡིན་ནོ་ཞེས་བཀག་པས་བྲམ་ཟེ་འདྲ་བ། དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ། དཀའ་ཐུབ་དང་ཐོས་པ་ལ་སོགས་པ་དམན་པའི་དམངས་རིགས་ཡིན་པར་བསྒྲུབ་པ་ལྟ་བུའོ། །ཞེས་དང༌། མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི། དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན། བྲམ་ཟེ་ཆང་བཏུང་བར་མི་བྱའོ་ཞེས་བྱ་བ་དེ་ཙམ་ཞིག་འགོག་པར་ཟད་ཀྱི། དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེས་སམ་མི་བཏུང་ངོ་ཞེས་མི་བརྗོད་པ་ལྟ་བུའོ། །ཞེས་གསུངས་སོ། །མ་ཡིན་པར་དགག་པ་ལ་དབྱེ་བ་བཞི་སྟེ། ཇི་སྐད་དུ་ཤེས་རབ་སྒྲོན་མའི་འགྲེལ་བཤད་དུ། དགག་པ་དོན་གྱིས་བསྟན་པ་དང༌། །ཚིགས་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་ཆོས་གཞན་འཕེན་ཚུལ་བཞིར་གསུངས་སོ། །དེ་ལ་དང་པོ་དོན་གྱིས་བསྟན་པ་ནི། ལྷ་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལྟ་བུ་སྟེ། ཆོས་གཞན་ཤུགས་ལ་འཕངས་པ་ཡིན་ནོ། །ཚིག་གཅིག་གིས་སྒྲུབ་པར་བྱེད་པ་ནི། བདག་ལ་མ་སྐྱེས་པ་ཡོད་པ་ལྟ་བུ་སྟེ། དགག་པ་འགོག་པ་དང་ཆོས་གཞན་འཕེན་པ་གཉིས་ཀ་ཚིགས་གཅིག་གིས་ཟིན་པའི་ཕྱིར། འདི་ནི་ཆོས་གཞན་དངོས་སུ་འཕངས་པ་ཡིན་ནོ། །འདི་ནི་དགག་སྒྲུབ་གཉིས་ཀ་ཡིན་ཏེ། གཉིས་ཀའི་མཚན་ཉིད་ཚང་བའི་ཕྱིར་དང༌། དགག་བྱ་དགག་པ་དང་བསྒྲུབ་བྱ་སྒྲུབ་པ་གཉིས་ཀ་ཚིག་གཅིག་གིས་ཟིན་པའི་ཕྱིར། གསུམ་པ་དེ་ལྡན་ནི་མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་རིད་པ་མ་ཡིན་པ་ཡོད་པ་ལྟ་བུའོ། །འདི་ནི་ཆོས་གཞན་དངོས་ཤུགས་གཉིས་ཀ་ལ་འཕངས་པ་ཡིན་ནོ། །འདི་ལ་ཅིའི་ཕྱིར་དེ་ལྡན་ཞེས་བྱ་ཞེ་ན། དོན་གྱིས་བསྟན་པ་དང་ཚིག་གཅིག་གིས་སྒྲུབ་པ་གཉིས་ཀ་དང་ལྡན་པའི་ཕྱིར་དེ་ལྡན་ཞེས་བྱའོ། །འདི་ཡང་དགག་སྒྲུབ་གཉིས་ཀ་ཚོགས་པའོ། །བཞི་པ་ཚིག་གིས་མི་སྟོན་པ་ནི། སྐྱེས་བུ་གཅིག་རྒྱལ་རིགས་དང་བྲམ་ཟེ་གང་རུང་དུ་ངེས་ཤིང༌། ཁྱད་པར་མ་ངེས་པའི་སྐབས་སུ་འདི་བྲམ་ཟེ་མ་ཡིན་ཞེས་བརྗོད་པའི་ཚེ་བྲམ་ཟེ་མ་ཡིན་པ་ལྟ་བུའོ། །འདི་ནི་ཆོས་གཞན་སྐབས་སྟོབས་ཀྱིས་འཕངས་པ་ཡིན་ནོ། །སྔ་ཕྱི་གཉིས་པོ་འདི་ནི་དགག་པ་རྐྱང་པ་ཅན་གྱི་མ་ཡིན་པར་དགག་པ་ཡིན་ཅིང༌། འདི་ལྟ་བུ་སྒྲུབ་བྱའི་ཆོས་སུ་བྱས་པ་ན་དགག་པའི་གཏན་ཚིགས་དང༌། བར་པ་གཉིས་བསྒྲུབ་བྱའི་ཆོས་སུ་བྱས་པའི་ཚེ་ན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་བ་ཡིན་ནོ། །འདི་ཡང་ཐ་སྙད་ལ་སྤྱོད་པའི་སྐབས་སུ་ཡིན་གྱི། དོན་དམ་ལ་སྤྱོད་པའི་དབང་དུ་བྱས་ན་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་བཟུང་བ་མི་སྲིད་དེ། དོན་དམ་དཔྱོད་པའི་རིགས་ངོར་གྲུབ་པའི་ཆོས་མི་སྲིད་པའི་ཕྱིར། དེ་ཡང་དཔེར་ན། གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་མྱུ་གུ་བདེན་ཡོད་བཀག་པ་དེའི་ཚེ་ན། མྱུ་གུའི་སྟེང་དུ་བདེན་ཡོད་བཀག་ཙམ་བསྒྲུབ་བྱའི་ཆོས་སུ་བྱས་པ་ཡིན་གྱི། བདེན་པར་མེད་པ་ལ་སོགས་པའི་ཆོས་གཞན་གང་ཡང་མི་སྒྲུབ་སྟེ། གཞན་དུ་ན། མྱུ་གུ་བདེན་པར་མེད་ཅེས་པའི་ཚིག་གིས་མྱུ་གུའི་སྟེང་དུ་བདེན་གྲུབ་བཀག་པའི་ཤུལ་དུ་བདེན་མེད་འཕངས་པར་སོང་ལ། དེ་ལྟ་ན་མྱུ་གུ་བདེན་པར་མེད་པ་ཆོས་ཅན། མ་ཡིན་པར་དགག་པ་ཡིན་པར་ཐལ། དགག་པ་གང་ཞིག རང་མིང་གིས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་ཕྱིར། དེ་ལ་འདོད་ན་ཅིར་འགྱུར་ཞེ་ན། གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་མ་ཡིན་དགག་སྒྲུབ་བྱའི་ཆོས་སུ་མི་བྱེད་པར་དབུ་མ་བ་ཀུན་གྱིས་བཤད་པ་དང་འགལ་ལོ། །དོན་དེ་ཡང་ཇི་སྐད་དུ། འཕགས་པས། འདིར་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་ཆོས་གཞན་འཕངས་ཚུལ་རྟོག་གེའི་སྐབས་དང་རྩིང་ཞིབ་མི་འདྲ་བ་ཡིན་ཏེ། རྟོག་གེའི་སྐབས་སུ་མྱུ་གུ་བདེན་པར་མེད་ཅེས་པའི་ཚིག་གིས་མྱུ་གུ་བདེན་མེད་འཕངས་ཀྱང་ཆོས་གཞན་འཕངས་པར་མི་འཇོག་ལ། ལུགས་འདི་ལ་ནི་དེ་ཙམ་གྱིས་དེར་འཇོག་ནུས་ཏེ། འདིར་ནི་སྤྲོས་པ་ཐམས་ཅད་འགོག་དགོས་པའི་ཕྱིར་རོ། །མ་ཡིན་དགག་བཞི་པོ་འདིའི་ངོས་འཛིན་དུ་གཞན་དག་འདི་བྲམ་ཟེ་མིན་ཞེས་པ་ལྟ་བུའོ་ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། མ་ཡིན་པར་དགག་པ་ནི་བརྗོད་བྱའི་དོན་གྱི་སྟེང་ནས་འཇོག་པ་ཡིན་གྱི། བརྗོད་བྱེད་ཀྱི་ཚིག་དེའི་སྟེངས་ནས་འཇོག་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་མེད་དགག་ནི། གཞན་པ་གཞན་ཡིན་ནོ་ཞེས་པས་བསྟན། འདི་ལ་གཞུང་འགྲེལ་ལས་དབྱེ་བ་གསལ་བར་གསུངས་པ་མེད་དོ། །འོ་ན་དབྱེ་བ་མེད་པ་ཡིན་ནམ་ཞེ་ན། ཆོས་གཞན་འཕེན་ཚུལ་གྱི་དབྱེ་བ་མེད་ཀྱང་དགག་བྱ་འགོག་ཚུལ་གྱི་དབྱེ་བ་ཡོད་པར་མངོན་ཏེ། དགག་བྱ་སྒྲས་སེལ་བའི་ཚུལ་དང༌། བློས་སེལ་བའི་ཚུལ་ལོ། །དང་པོ་ནི། རང་བཞིན་མེད་པ་དང༌། བདེན་པར་མེད་པ་སོགས་ཏེ། རང་བརྗོད་པའི་སྒྲས་ཆོས་གཞན་བསལ་ནས་ཤུལ་དུ་ཆོས་གཞན་གང་ཡང་མ་འཕངས་པའི་ཕྱིར། འདི་ཡང་དབུ་མ་པས་བསམ་པ་ལ་ལྟོས་ནས་ཡིན་གྱི། གནས་སྐབས་གཞན་དུ་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་བརྟེན་པའི་ཚེ་ཕྱི་རོལ་གྱི་དོན་བདེན་པར་མེད་དོ་ཞེས་བརྗོད་པ་ན་རྣམ་པར་ཤེས་པ་བདེན་གྲུབ་ཏུ་འཕངས་པའི་ཕྱིར་ན། གཟུང་འཛིན་རྫས་གཞན་གྱིས་སྟོང་ངོ་ཞེས་བརྗོད་པའི་ཚེ། གཉིས་མེད་ཀྱི་ཤེས་པ་བདེན་གྲུབ་ཏུ་འཕངས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཉིད་དང་དོན་དམ་པའི་བདེན་པ་དང༌། རང་བཞིན་དང༌། གནས་ལུགས་དང༌། དེ་ཁོ་ན་ཉིད་ལ་སོགས་པ་སྟེ། འདི་དག་བརྗོད་པའི་སྒྲས་ཆོས་གཞན་ཚིག་ཟིན་ལ་མ་གསལ་ཀྱང་རང་གི་ཡུལ་ཅན་གྱི་བློ་ལ་འཆར་བ་ན་སྤྲོས་པ་ཐམས་ཅད་རྣམ་པར་གསལ་ཙམ་དུ་འཆར་གྱི། ཆོས་གཞན་གང་གིས་ཀྱང་རྣམ་པ་མི་འཆར་བའི་ཕྱིར། དེ་ལྟར་ན་ཚིག་གིས་ཟིན་པའི་མེད་དགག་དང་བློ་ལ་འཆར་བའི་མེད་དགག་གཉིས་ཀྱི་ཐ་སྙད་འདི་ལེགས་པ་ཡིན་ནོ། །དེ་ལྟར་རྣམ་པར་བཤད་པ་ན། དབུ་མའི་ལུགས་ལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་ལུགས་ནི་ལོགས་སུ་བཤད་པར་བྱ་ཞིང༌། འཕགས་པ་ཡབ་སྲས་ཀྱི་གཞུང་ལྟར་ན། དོན་དམ་པའི་བདེན་པ་དང༌། ཆོས་ཉིད་ཡིན་པ་ལ་མེད་དགག་གིས་ཁྱབ་པ་ཡིན་ཅིང༌། དངོས་སྨྲ་བ་ལྟར་ན་དེ་དང་དེ་ལ་མ་ཡིན་པར་དགག་པ་དང༌། སྒྲུབ་པས་ཁྱབ་པ་ཡིན་ནོ། །གཉིས་པ་སྒྲའི་བསྟན་བཅོས་ལས་ཇི་ལྟར་འབྱུང་བའི་ཚུལ་ལ། མ་ཡིན་པར་དགག་པ་བཅུ་བཞི་དང༌། མེད་དགག་བཅུ་གཅིག་གི་རྣམ་གཞག་གསུངས་པ་ཡིན་ཏེ། ཇི་སྐད་དུ། སྨྲ་བའི་སྒོ་མཚོན་ཆ་ལས། མཚན་ཉིད་དབང་གིས་དབྱེ་བ་ཡིས། །མ་ཡིན་དགག་ལ་བཅུ་བཞི་དང༌། །མཚན་ཉིད་དབྱེ་བ་མེད་མོད་ཀྱི། །ཡུལ་དང་དུས་ཀྱི་ཕྱེ་བ་ཡིས། །མེད་པར་དགག་པ་བཅུ་གཅིག་དང༌། །གང་ལྡན་དགག་པར་འདོད་པ་འོ། །གཞན་དང་མི་མཐུན་གཉེན་པོ་དང༌། །ཆུང་དང་ཕྲ་དང་ཉུང་བ་དང༌། །ཡུན་ཐུང་ལྷག་མ་མེད་པ་དང༌། །མཐའ་དག་མིན་དང་བྲལ་བ་དང༌། །དམན་དང་ཞན་དང་ཞུམ་པ་དང༌། །འདྲ་བ་དག་ལ་དགག་པ་ནི། །མ་ཡིན་དགག་པར་འདོད་པ་འོ། །རྒྱུན་འདྲ་བ་དང་རང་བཞིན་དང༌། །སྐབས་དང་རྟེན་གྱི་དབྱེ་བ་ཡིས། །སྔ་དང་ཞིག་ནས་མེད་པ་ལ། །དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཕན་ཚུན་དག་ལ་རང་བཞིན་དང༌། །རྒྱུ་དང་རང་བཞིན་གཉིས་དབྱེ་བས། །ཤིན་ཏུ་མེད་པ་བཅུ་གཅིག་ནི། །མེད་པར་དགག་པར་འདོད་པ་འོ། །ཀུན་ཏུ་ལོག་ཕྱིར་དགག་པ་ཡིན། །ཞེས་གསུངས་སོ། །འདིའི་དོན་ལ་གཉིས་ཏེ། མ་ཡིན་པར་དགག་པ་མཚན་ཉིད་ཀྱི་དབང་གིས་དབྱེ་བ་དང༌། མེད་པར་དགག་པ་ཡུལ་དུས་ཀྱིས་དབྱེ་བའོ། །དང་པོ་ནི་བཅུ་བཞི་པོ་འདི་ལྟར། གཞན་ཞེས་བྱ་བའི་མ་ཡིན་དགག་ནི། རྒྱལ་པོ་བྲམ་ཟེ་མིན་པ་ལྟ་བུ་དང༌། མི་མཐུན་པའི་མ་ཡིན་དགག་ནི་མ་རིག་པ་དང༌། ལྷ་མ་ཡིན་ལྟ་བུ་དང༌། གཉེན་པོ་མ་ཡིན་དགག་ནི་མ་ཆགས་པ་དང༌། ཞེ་སྡང་མེད་པ་ལྟ་བུ་དང༌། ཆུང་བ་ནི་གཟུགས་ཆུང་བ་ལ་གཟུགས་མེད་པ་དང༌། དེ་བཞིན་དུ་འདུ་ཤེས་ཕྲ་བ་ལ་འདུ་ཤེས་མེད་པ་དང༌། རྫས་ཉུང་བ་ལ་རྫས་མེད་པ་དང༌། ཡུན་ཐུང་བ་ལ་བསམ་ནས་ཡུན་མེད་པ་དང༌། གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་རྒལ་བ་ལ་བསམས་ནས་གྲངས་མེད་པ་དང༌། རྒྱུ་མཐའ་དག་ནི་འབྲས་བུ་མཐའ་དག་ལ་ངེས་པ་མ་ཡིན་པ་དང༌། ཡང་ན་མང་པོའི་དཀྱིལ་ནས་གཅིག་གིས་བྱ་བ་མ་ཡིན་པ་ལ་བསམས་ནས་མཐའ་དག་གིས་བྱ་བ་མི་བྱེད་པ་དང༌། དྲི་མ་དང་བྲལ་བ་ལ་བསམས་ནས་མྱ་ངན་ལས་འདས་པ་དང༌། བུ་དམན་པ་ལ་བུ་མེད་པ་དང༌། འགྲོས་ཞན་པ་ལ་འགྲོས་མེད་པ་དང༌། སྟོབས་ཞུམ་པ་ལ་སྟོབས་མེད་པ་དང༌། རྣམ་པར་རིག་བྱེད་དང་འདྲ་བ་མིན་པ་ལ་རྣམ་པར་རིག་བྱེད་མིན་པ་དང་བཅུ་བཞིའོ། །གཉིས་པ་ལ། ཡུལ་དུས་ཀྱིས་དབྱེ་བ་དང༌། གཅིག་ལ་གཅིག་མེད་པའི་དབྱེ་བ་དང༌། ཤིན་ཏུ་མེད་པའི་དབྱེ་བས་ཕྱེ་བ་བཅུ་གཅིག་གོ །དེ་ཡང་ཇི་ལྟར་ཡིན་ཞེ་ན། སེམས་ཅན་མ་སྐྱེས་པ་ལྟ་བུ་དང༌། རྒྱུན་འདྲ་བ་སྔ་ན་མེད་པ་དང༌། ས་བོན་ལས་མྱུ་གུ་ལྟ་བུ་རང་བཞིན་སྔ་ན་མེད་པ་དང༌། གསེར་ལ་རྣ་རྒྱན་ལྟ་བུ་གནས་སྐབས་སྔ་ན་མེད་པ་དང༌། ས་ཕྱོགས་ན་བུམ་པ་ལྟ་བུ་རྟེན་ལ་སྔ་ན་མེད་པ་སྟེ་སྔ་ན་མེད་པའི་དབྱེ་བ་བཞི་དང༌། སེམས་ཅན་ཤི་བ་ལྟ་བུ་རྒྱུན་འདྲ་བ་ཞིག་ནས་མེད་པ་དང༌། མྱུ་གུ་ལ་ས་བོན་ལྟ་བུ་རང་བཞིན་ཞིག་ནས་མེད་པ་དང༌། རྣ་རྒྱན་ལ་གསེར་ཕྱེ་ལྟ་བུ་གནས་སྐབས་ཞིག་ནས་མེད་པ་དང༌། བུམ་པ་ཡུལ་གཞན་དུ་འཕོས་པ་ལྟ་བུ་བརྟེན་ལ་ཞིག་ནས་མེད་པ་སྟེ། ཞིག་ནས་མེད་པའི་དབྱེ་བ་བཞིའོ། །ཕན་ཚུན་གཉིས་ལ་གཅིག་མེད་པའི་དབྱེ་བ་ནི། རྟ་དང་བ་ལང་ལྟ་བུ་ཕན་ཚུན་གཅིག་ལ་གཅིག་གི་རང་བཞིན་མེད་པའོ། ཤིན་ཏུ་མེད་པའི་དབྱེ་བ་གཉིས་ནི། ནམ་མཁའ་ལ་མེ་ཏོག་གི་རྒྱུ་དང་རང་བཞིན་མེད་པའོ། །དེ་ལྟར་བཅུ་གཅིག་སྟེ་དགག་པའི་དབྱེ་བ་ཉི་ཤུ་རྩ་ལྔ་གསུངས་སོ། །ལུགས་འདི་ལ་དགག་པ་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་པར་མངོན་ཏེ། ངོ་བོ་སྒྲུབ་པ་ལ་དགག་པའི་མིང་བརྟགས་པ་ནི་མ་ཡིན་པར་དགག་པ་དང༌། དོན་དགག་པའི་ངོ་བོར་གནས་པ་ལ་མིང་ཡང་དགག་པར་བཏགས་པ་ནི་མེད་པར་དགག་པ་ཡིན་ནོ། །དེའི་ཕྱིར་ཆོས་གཞན་འཕེན་མི་འཕེན་གྱི་བཤད་པ་དང༌། དགག་སྒྲུབ་གཉིས་ཚོགས་ལ་མིན་དགག་ཏུ་བྱས་པ་དང༌། མ་ཡིན་དགག་དང་སྒྲུབ་པའི་གཞི་མཐུན་སྲིད་པ་སོགས་ཀྱི་བཤད་པ་མེད་ཅིང༌། མ་ཡིན་པར་དགག་པ་ལ་དགག་རྐྱང་གིས་ཁྱབ་པ་ཡིན་ནོ། །གསུམ་པ་སྡེ་བདུན་ནས་གསུངས་པའི་རྣམ་གཞག་ལ། གཞུང་ལས་གསུངས་པའི་ཚུལ་དང༌། དགོངས་པ་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ་ཚད་མའི་མདོར། མ་ཡིན་དགག་ཅིང་དགག་པ་དང༌། །ཞེས་དང༌། དེའི་རང་འགྲེལ་དུ། སྔ་མ་ནི་མ་ཡིན་པར་དགག་པ་ཡིན་ལ། ཕྱི་མ་ནི་མེད་དགག་གི་དགག་པ་ཡིན་པར་བརྗོད་དོ་ཞེས་གསུངས་ཞིང་དེ་གཉིས་དཔེར་བརྗོད་ཀྱང་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དང༌། མི་མཐུན་ཕྱོགས་ལ་མེད་པ་གཉིས་ལ་བཤད་དོ། །དེའི་ཕྱིར་ལུགས་འདི་ལ་མ་ཡིན་དགག་ཏུ་འགྲོ་བ་ལ་རང་མིང་ཏུ་དགག་ཚིག་ཡོད་མི་དགོས་སོ། །རྣམ་འགྲེལ་དུ། འདིས་ནི་དངོས་ལ་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་སམ། འགྱུར་གཅིག་ཏུ། མ་ཡིན་དགག་པ་སྒྲུབ་ཕྱིར་རོ། །ཞེས་དང༌། རྣམ་པར་ངེས་པ་ལས། དེ་དག་ཇི་ལྟར་མེད་པའི་རྣམ་པ། དེ་དངོས་པོ་མེད་པ་ཡིན་ཞེས་དང༌། ཡང་དེ་ཉིད་ལས། དངོས་པོའི་རང་བཞིན་འཕེན་པའི་དགག་པ་ཞེས་གསུངས་སོ། །གཞུང་འདི་དག་གི་དོན་ལ་རྣམ་པར་བརྟགས་ན། རྣམ་འགྲེལ་ལྟར་ན། དངོས་པོའི་ཆ་ཁས་བླངས་པ་མེད་པའི་དགག་པ་དང༌། དེ་མེད་པ་མ་ཡིན་པའི་དགག་པ་ཞེས་པའི་ཐ་སྙད་བཏགས་ན་ལེགས་ལ། རྣམ་ངེས་ལྟར་ན། དངོས་པོ་མེད་པའི་དགག་པ་དང༌། དངོས་པོའི་རང་བཞིན་འཕེན་པའི་དགག་པ་ཞེས་པའི་ཐ་སྙད་བཏགས་ན་ལེགས་ཤིང༌། མ་ཡིན་པར་དགག་པ་དང་མེད་པར་དགག་པའི་ཐ་སྙད་ཀྱང་གཞུང་དེར་གསུངས་པ་ཡིན་ཏེ། ཇི་སྐད་དུ། མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མེད་པར་དགག་པ་ཡང་ཡིན་ལ། ཞེས་གསུངས། ལུགས་འདི་ལ་གཉིས་པོའི་ཁྱད་པར་སྒྲུབ་ཆོས་ཁས་བླངས་པ་མེད་པའི་དགག་པ་དང༌། དེ་ཁས་བླངས་པ་མེད་པ་མ་ཡིན་པའི་དགག་པ་ཞེས་བྱ་བ་འདི་ཡིན་ནོ། །ཆོས་གཞན་འཕེན་པའི་དགག་པ་ཡང་འདི་ནས་གསུངས་པའི་མ་ཡིན་དགག་གི་ཕྱོགས་གཅིག་ཏུ་འགྱུར་མོད། སྡེ་བདུན་ནས་འབྱུང་བའི་མ་ཡིན་དགག་ཡིན་ན་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པས་མ་ཁྱབ་སྟེ། ཤེས་བྱ། གཞལ་བྱ། གཞན་སེལ་གྱི་བྱས་མི་རྟག་ལ་སོགས་པ་མ་ཡིན་པར་དགག་པ་ཡིན་ཀྱང་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་མ་ཡིན་གྱི། རང་གི་དགག་བྱ་བཀག་ཤུལ་དུ་རང་གི་ངོ་བོ་ཙམ་འཕེན་པར་བྱེད་པ་ཡིན་པའི་ཕྱིར། དེ་ཙམ་གྱིས་དེར་འགྱུར་རོ་ཞེ་ན། དེ་ལྟར་ན་མེད་པར་དགག་པ་མཐའ་དག་ཀྱང་མིན་པར་དགག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དགག་པ་གང་ཞིག་རང་གི་དགག་བྱ་བཀག་ཤུལ་དུ་རང་གི་ངོ་བོ་ཙམ་ཞིག་འཕངས་པའི་ཕྱིར། གཞན་ཡང་རང་གི་ངོ་བོ་ཙམ་འཕངས་པ་ལ་ཆོས་གཞན་འཕངས་པ་ཞེས་བྱ་བའི་དོན་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེ་དང་དེ་དག་མ་ཡིན་པར་དགག་པ་ཡང་ཡིན་ཏེ། བློ་ལ་སྣང་བའི་སྤྱི་དང་ལྡོག་པ་མེད་དགག་གི་སྤྱི་གང་རུང་གང་ཞིག ལྡོག་པ་མེད་དགག་གི་སྤྱི་མ་ཡིན་པའི་ཕྱིར། གང་རུང་ཡིན་ཏེ། རིགས་སྤྱི་ཡིན་པའི་ཕྱིར། བློ་ལ་སྣང་བའི་སྤྱི་ལ་མ་ཡིན་དགག་གིས་ཁྱབ་པ་ཡང་ཡིན་ཏེ། དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང༌། །ཞེས་སོགས་ཀྱི་གཞུང་དེས། བློ་ལ་སྣང་བའི་སྤྱི་དང༌། བློའི་སེལ་བ་ངོས་འཛིན། གལ་ཏེ་འདི་ལ་རྣམ་གཅོད་ཡོད། །ཅེས་སོགས་སུ་ལྡོག་པ་མེད་དགག་གིས་སེལ་བ་དང་སྒྲའི་སེལ་བ་ངོས་འཛིན་པའི་ཕྱིར། ཡང་དེ་དང་དེ་དག་ཆོས་ཅན། མ་ཡིན་པར་དགག་པ་ཡིན་ཏེ། གཞན་སེལ་ཡིན་པ་གང་ཞིག་མེད་དགག་མ་ཡིན་པའི་ཕྱིར། ཁྱབ་པ་ནི། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཅེས་པར་གཞན་སེལ་ལ་གཉིས་པོ་གང་རུང་གིས་ཁྱབ་པ་ལེགས་པར་བཤད་ཅིང༌། དེ་གཉིས་ཀ་ལ་དགག་པས་ཁྱབ་པའི་ཕྱིར་ཏེ། ཇི་སྐད་དུ་སློབ་དཔོན་ཤཱཀྱ་བློས། ཐམས་ཅད་ལ་དགག་པ་ཙམ་དུ་ཁྱད་པར་མེད་པའི་ཕྱིར། ཞེས་དང༌། བྱང་ཆུབ་སེམས་དཔའ་ཞི་བ་འཚོས། འདིར་ནི་སེལ་བ་རྣམས་གཉིས་ཏེ། །མ་ཡིན་པ་དང་མེད་པའོ། །ཞེས་དང༌། དེའི་འགྲེལ་པར་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས། མ་ཡིན་པ་ནི་མ་ཡིན་པར་དགག་པའོ། །མེད་པ་ནི་མེད་པར་དགག་པའོ། །ཞེས་བཤད་པའོ། །དེ་ལྟར་ན་གསུང་རབ་ལས། མ་ཡིན་པར་དགག་པའི་ཁྱད་པར་མི་འདྲ་བ་གསུམ་འབྱུང་བ་ནི་མ་འདྲེས་པར་སོ་སོར་ཕྱེད་དགོས་ཏེ། དབུ་མའི་བསྟན་བཅོས་ལས། དགག་པ་གང་ཞིག་རང་མིང་གིས་བསྟན་པའི་དོན་དེ་ལས་གཞན། དེ་མ་ཡིན་པ་ཞིག རང་གང་གིས་འཕེན་པ་ལ་མ་ཡིན་པར་དགག་པ་དང༌། སྒྲའི་བསྟན་བཅོས་ལས། རང་གི་ངོ་བོ་སྒྲུབ་པ་ཡིན་པ་ལ་དགག་པའི་མིང་གིས་འདོགས་སུ་རུང་ཞིང་དེར་མིང་བཏགས་ཟིན་པ་ཞིག་ལ་མ་ཡིན་པར་དགག་དང༌། རྣམ་འགྲེལ་ངེས་སུ། དགག་པ་གང་ཞིག་རང་མིང་གིས་སྒྲུབ་པ་མི་སྤོང་བ་དེ་མ་ཡིན་དགག་གི་གོ་དོན་དུ་གསུངས་པའི་ཕྱིར། གཉིས་པ་དགོངས་པ་དཔྱད་པ་ལ། རིགས་པའི་དབང་ཕྱུག་ཇི་ལྟར་བཞེད་པའི་ཚུལ། ཕྱི་རབས་པ་གཞན་ཇི་ལྟར་ཟེར་བའི་ཚུལ། རིགས་པའི་གཏེར་གྱི་དགོངས་པ་གཞན་དང་མ་འདྲེས་པར་བཤད་པའོ། །དང་པོ་ནི་སློབ་དཔོན་དེའི་གཞུང་ལས། སྒྲུབ་ཆོས་དོར་བ་དེ་དགག་པའི་མཚན་ཉིད། མ་དོར་བ་དེ་སྒྲུབ་པའི་མཚན་ཉིད་ཡིན་ཞིང༌། དགག་པ་ལ་མེད་དགག་གིས་ཁྱབ་པ་དང༌། མ་ཡིན་དགག་ཡིན་ན་དགག་པ་མ་ཡིན་དགོས་པ་དང༌། མ་ཡིན་པར་དགག་པ་དང་སྒྲུབ་པ་དོན་གཅིག་ལ་འདུ་བ་ཡིན་ནོ་ཞེས་བཞེད་དོ། །འདི་ལ་རིགས་པའི་གཏེར་དུ་དགག་པ་ཇི་ལྟར་མཛད་པའི་ཚུལ་དཔྱིས་ཕྱིན་པར་བཤད་ན་འདི་ཡིན་ཏེ། རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བའོ། །དང་པོ་ལ། སྣང་སེལ་འཆོལ་པར་ཐལ་བ་དང༌། སྣང་འཇུག་དང་སེལ་འཇུག་མི་འགལ་བར་ཐལ་བ་དང༌། མ་ཡིན་དགག་ལ་དགག་པའི་ཆ་མི་སྲིད་པར་ཐལ་བའོ། །དང་པོ་ནི་མངོན་སུམ་དང་དེའི་སྣང་ཡུལ་དུ་གྱུར་པའི་དོན་རང་མཚན་ཐམས་ཅད་སྒྲུབ་པ་དང་མ་ཡིན་དགག་ཏུ་ཐལ། སྒྲུབ་ཆོས་མ་དོར་བའི་ཕྱིར། དེ་འདོད་ན། དོན་རང་མཚན་དགག་བསྒྲུབ་ཀྱི་གཞིར་རུང་བར་ཐལ་བ་དང༌། མངོན་སུམ་གྱིས་དགག་སྒྲུབ་བྱེད་པར་ཐལ་ལོ། །དེ་གཉིས་ཀ་འདོད་ན་དགག་སྒྲུབ་གཅིག་ཆར་དུ་རྟོགས་པར་ཐལ་ལོ། །ཡང་དེ་གཉིས་ཀ་ཆོས་ཅན། སེལ་བར་ཐལ། མ་ཡིན་པར་དགག་པ་ཡིན་པའི་ཕྱིར། ཡང་ཤེས་བྱ་དང་གཞལ་བྱ་ལ་སོགས་པ་གཞན་སེལ་རྣམས་ཀྱང་སྒྲུབ་པར་ཐལ། སྒྲུབ་ཆོས་མ་དོར་བའི་ཕྱིར། ཐལ་ཆོས་དང་ཁྱབ་པ་གཉིས་ཀ་ཁས་བླངས་ཤིང༌། འདོད་ན། སྣང་བའི་སྒྲུབ་པ་ཡིན་པར་ཐལ། སྒྲུབ་པ་གང་ཞིག་སེལ་བའི་སྒྲུབ་པ་མ་ཡིན་པའི་ཕྱིར། དེ་གཉིས་ཀ་ལ་འདོད་ན། སྣང་སེལ་འཆོལ་བར་འགྱུར་རོ། །གཉིས་པ་ནི། སྣང་བའི་སྒྲུབ་པ་དང་སེལ་བ་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། སྤྱིར་སྒྲུབ་པ་ལ་སྣང་བའི་སྒྲུབ་པ་དང་སེལ་བའི་སྒྲུབ་པ་གཉིས་སུ་མི་འབྱེད་པར་སྒྲུབ་པ་ཡིན་ན་མ་ཡིན་པར་དགག་པ་ཡིན་ རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།