ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིགས་པ། མིང་གཞན་རྟོག་གེའི་འཁྲུལ་འཇོམས་ཆེན་མོ། ཆ ༽

པས་ཁྱབ་པའི་ཕྱིར་རོ། །འདོད་ན་སྣང་འཇུག་དང་སེལ་འཇུག་གི་གཞི་མཐུན་ཡོད་པར་འགྱུར་རོ། །གསུམ་པ་ནི། བུམ་པ་མེད་པ་དང་ས་ཕྱོགས་ཀྱི་ཚོགས་དོན་དང༌། རྟགས་དངོས་ཀྱི་སྟོང་པ་དང་མེའི་ཚོགས་དོན་ཆོས་ཅན། དགག་སྒྲུབ་ཚོགས་པའི་ཚོགས་དོན་མ་ཡིན་པར་ཐལ། དགག་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པ་ཁོ་ན་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང་འདོད་ན་དེར་ཐལ། དགག་ཆོས་དང་སྒྲུབ་ཆོས་གཉིས་ཀ་ཚོགས་པའི་ཚོགས་དོན་ཡིན་པའི་ཕྱིར། གཞན་ཡང་སྒྲུབ་པ་ཡིན་ན་དགག་ཆོས་དོར་དགོས་པར་ཐལ། དགག་པ་ཡིན་ན་སྒྲུབ་ཆོས་དོར་དགོས་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། མཆོད་སྦྱིན་ཚོན་པོ་ཉིན་པར་ཟས་མི་ཟ་བ་དང་རྟག་དངོས་ཀྱིས་སྟོང་པའི་མེ་ཆོས་ཅན། དེར་ཐལ་དེའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །གསུམ་པ་ལུང་དང་འགལ་བ་ནི། སེལ་བའི་སྒྲུབ་པ་ལ་མ་ཡིན་དགག་གིས་ཁྱབ་ཀྱང༌། སྣང་བའི་སྒྲུབ་པ་ལ་མ་ཡིན་དགག་གིས་ཁྱབ་པ་ནི་སྒྲ་དང༌། དབུ་མ་དང༌། ཚད་མའི་གཞུང་ལུགས་གསུམ་ཀ་དང་འགལ་བ་ཡིན་ཏེ། འདི་ལྟར་སྒྲའི་བསྟན་བཅོས་ལྟར་ན་མ་རིག་པ་དང༌། ལྷ་མིན་ལྟ་བུ་དོན་རང་མཚན་དང་མ་ཡིན་པར་དགག་པའི་གཞི་མཐུན་སྲིད་མོད། དོན་རང་མཚན་གང་ཡིན་ལ་མ་ཡིན་དགག་གིས་མ་ཁྱབ་སྟེ། དོན་རང་མཚན་རྣམས་ལ་དགག་པའི་སྒྲ་སྦྱོར་དུ་རུང་མི་རུང་གཉིས་སུ་དབྱེ་དགོས་པའི་ཕྱིར། དཔེར་ན་གཟུགས་ཆུང་ངུ་ལ་མ་ཡིན་པར་དགག་པའི་སྒྲ་སྦྱར་དུ་རུང་ལ། གཟུགས་ཆེན་པོ་ལ་དགག་པའི་སྒྲ་སྦྱོར་དུ་མི་རུང་བ་བཞིན་ནོ། །དབུ་མའི་གཞུང་ལུགས་དང་ཡང་འགལ་བ་ཡིན་ཏེ། ལུགས་དེ་ལ་མ་ཡིན་དགག་པ་ཡིན་ན་རང་བརྗོད་པའི་སྒྲ་ལ་དགག་ཚིག་དངོས་སུ་འབྱར་དགོས་པའི་ཕྱིར། དེ་ཡང་ཇི་སྐད་དུ། གཞན་པ་གཞན་ཡིན་ནོ། །ཞེས་སྔར་བཤད་པའི་མ་ཡིན་དགག་གི་ཚུལ་བཞི་པོ་གང་རུང་དང་མི་ལྡན་ན། སྒྲུབ་པའམ་མེད་དགག་གང་རུང་ཡིན་དགོས་པར་བཤད་པའི་ཕྱིར་རོ། །མདོར་ན་སྒྲ་དང་དབུ་མའི་གཞུང་ལུགས་ལས། མ་ཡིན་པར་དགག་པ་ཡིན་ན་དགག་སྒྲ་དངོས་སུ་ཡོད་པས་ཁྱབ་པར་བཤད་དོ། །ཡང་ཚད་མའི་གཞུང་ལུགས་དང་ཡང་འགལ་བ་ཡིན་ཏེ། ལུགས་དེ་ལ་དགག་སྒྲུབ་གཉིས་ཀྱི་ཟླས་ཕྱེ་བའི་སྒྲུབ་པ་ཡིན་ན། སེལ་བ་ཡིན་དགོས་ཀྱི། སྣང་བ་རང་མཚན་དུ་མེད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། ཡོད་པ་རྣམས་ལ་དགག་པ་མེད། །ཅེས་གསུངས་སོ། །མདོར་ན་མ་ཡིན་པར་དགག་པ་ཡིན་ན་དགག་པ་ཡིན་པར་འགལ་བའི་བཤད་པ་ནི། གཞུང་ལུགས་རྣམ་པར་དག་པ་གང་ནས་ཀྱང་མི་འབྱུང་བ་ཡིན་ནོ། །ཡང་མ་ཡིན་པར་དགག་པ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་དེ་ཡང་ལུགས་གསུམ་ཀ་དང་འགལ་བ་ཡིན་ཏེ། འདི་ལྟར། སྒྲའི་གཞུང་ལུགས་ལྟར་ན་བུ་མེད་པ་དང༌། གྲངས་མེད་པ་དང༌། སྟོབས་མེད་པ་ལ་སོགས་པ་རྣམས་དང༌། དབུ་མ་ལྟར་ན། རྒྱལ་རིགས་མིན་པ་དང༌། ཚོན་པོ་ཉིན་པར་མི་ཟ་བ་སོགས་དང༌། ཚད་མ་ལྟར་ན་ཤིང་མིན་ལས་ལྡོག་པ་དང༌། བུམ་མ་ཡིན་མིན་པ་དང༌། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ལས་བཟློག་པ་སོགས་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། མ་ཡིན་པར་དགག་པ་ཡིན་པའི་ཕྱིར། ལུགས་སྔ་མ་གཉིས་ལ་རྟགས་ལུང་གིས་གྲུབ། འདོད་མི་ནུས་ཏེ། དགག་པ་རྐྱང་པ་ཅན་ཡིན་པའི་ཕྱིར་ཏེ། སྒྲུབ་ཚིག་གི་མཐར་དགག་ཚིག་འབྱར་བའི་མིང་ཅན་ཡིན་པའི་ཕྱིར། ལུགས་གསུམ་པ་ལ་རྟགས་གྲུབ་སྟེ། དགག་པ་གང་ཞིག་རང་མིང་གིས་དགག་བྱ་བཀག་ཤུལ་དུ་སྒྲུབ་པ་འཕངས་པའི་ཕྱིར། རྩ་བར་འདོད་ན་ཁྱེད་ལ་ཁས་བླངས་འགལ་ཏེ། ཁྱེད་ཀྱིས་བུམ་མིན་གྱིས་སྟོང་པ་དང་ཤིང་མིན་གྱིས་སྟོང་པ་སོགས་མེད་དགག་ཏུ་ཁས་བླངས་པའི་ཕྱིར། གཉིས་པ་ཕྱི་རབས་པའི་འདོད་ལུགས་ལ། བློས་རྣམ་བཅད་དུ་རྟོགས་བྱ་དེ་དགག་པའི་མཚན་ཉིད། ཡོངས་གཅོད་དུ་རྟོགས་བྱ་དེ་སྒྲུབ་པའི་མཚན་ཉིད་ཡིན་ཅིང༌། དགག་སྒྲུབ་གཉིས་འགལ་བ་ཡིན་ནོ། །ཤེས་བྱ་ཐམས་ཅད་དགག་སྒྲུབ་གཉིས་སུ་ཁ་ཚོན་ཆོད་ཅིང༌། རང་གི་དངོས་མིང་ལ་དགག་ཚིག་དང་བྲལ་བའི་སྒྲུབ་ཚིག་འབྱར་བའི་དོན་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་དང༌། རང་མིང་ལ་དགག་ཚིག་འབྱར་བའི་དོན་ཡིན་ན་དགག་པ་ཡིན་པས་ཁྱབ་པ་དང༌། སྒྲུབ་པ་ཁྱད་གཞིར་བཟུང་ནས་མཐར་དགག་ཚིག་འབྱར་བ་ཐམས་ཅད་མེད་དགག་དང༌། དགག་པ་ཁྱད་གཞིར་བཟུང་ནས་སྒྲུབ་ཚིག་འབྱར་བ་ཐམས་ཅད་མ་ཡིན་པར་དགག་པ་ཡིན་པར་འདོད་ཅིང༌། དགག་པ་གཉིས་ཀྱི་སྒྲུབ་བྱེད་ཀྱང་ཁྱོད་མིན་པའམ་མེད་པ་ཡོད་ཅིང༌། ཁྱོད་སྒྲུབ་པ་ཡིན་པ་དེ་ཁྱོད་མིན་པའམ་མེད་པ་དེ་མེད་དགག་ཡིན་པའི་སྒྲུབ་བྱེད་དུ་འགོད་པར་བྱེད་དོ། །དེ་དག་ནི་རིགས་པ་མ་ཡིན་ཏེ། འདི་ལྟར། དགག་སྒྲུབ་གཉིས་ཀྱི་གཞི་མཐུན་སྲིད་པར་ཁྱོད་ཀྱིས་མི་འདོད་བཞིན་དུ་ཁས་ལེན་དགོས་པར་ཐལ། མཚན་ཉིད་གཉིས་པོ་དེའི་གཞི་མཐུན་སྲིད་པའི་ཕྱིར་ཏེ། ཤ་པ་མ་ཡིན་པའི་ཤིང་དང༌། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། ཕུང་པོ་དང་བདག་མེད་ཀྱི་ཚོགས་དོན་ལྟ་བུ་རྣམ་བཅད་དང་ཡོངས་གཅོད་གཉིས་ཀའི་སྒོ་ནས་རྟོགས་བྱ་ཡིན་པའི་ཕྱིར་ཏེ། རང་བརྗོད་པའི་སྒྲས་དགག་སྒྲུབ་གཉིས་ཀྱི་སྒོ་ནས་བརྗོད་ཅིང༌། རང་འཛིན་རྟོག་པ་ལ་དགག་སྒྲུབ་གཉིས་ཀའི་རྣམ་པ་ཅན་དུ་འཆར་བའི་ཆོས་ཡིན་པའི་ཕྱིར། གཞན་ཡང་སྒྲུབ་བྱ་ཡང་དག་གི་མཚན་ཉིད་ཟུར་ལྔ་པོ་ཆོས་ཅན། དགག་སྒྲུབ་གཉིས་ཀྱི་གཞི་མཐུན་དུ་ཐལ། རྣམ་བཅད་དང་ཡོངས་གཅོད་གཉིས་ཀའི་སྒོ་ནས་རྟོགས་བྱ་ཡིན་པའི་ཕྱིར། གཅིག་ལ་མཚོན་ན་ངོ་བོའི་དོན་དེར་ཐལ། ངོ་བོས་ཞེས་པའི་ཚིག་གི་རྣམ་བཅད་ལ་སྐབས་ཀྱི་རྒོལ་བས་གྲུབ་ཟིན་བསལ་ནས་ཡོངས་གཅོད་ལ་དེས་མ་གྲུབ་པའི་དོན་ཞིག་བློ་ཡུལ་དུ་འཕངས་པའི་ཕྱིར། གཞན་ཡང་གང་མཚོན་བྱ་ཡིན་ན་རྣམ་བཅད་དང་ཡོངས་གཅོད་གཉིས་ཀྱི་སྒོ་ནས་རྟོགས་བྱ་ཡིན་དགོས་ཏེ། དེ་ཡིན་ན་རང་གི་མཚན་ཉིད་ཀྱིས་གོ་བར་བྱ་བ་ཡིན་དགོས་ལ། དེ་ཡིན་ན་རྣམ་བཅད་དང་ཡོངས་གཅོད་གཉིས་གཉིས་ཚང་དགོས་པའི་ཕྱིར། གཞན་ཡང་ཤེས་བྱ་གཞལ་བྱ་ལ་སོགས་པ་ལྡོག་པའི་ཆོས་སུ་གྱུར་པའི་སྒྲུབ་པ་ཐམས་ཅད་དགག་སྒྲུབ་གཉིས་ཀ་ཡིན་ཏེ། སྒྲུབ་པ་ཡིན་པར་ནི་ཁྱོད་རང་འདོད་ལ། བློས་རྣམ་བཅད་དུ་རྟོགས་བྱ་ཡིན་པར་ནི། དེ་ནས་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་དང༌། བློ་དོན་འགའ་ལས་རྣམ་བཟློག་ནས། །ཞེས་སོགས་ཀྱིས་གྲུབ་པའི་ཕྱིར། དགག་པ་ཡིན་ན་རང་མིང་ལ་དགག་པའི་སྒྲ་ཡོད་དགོས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། སྒྲ་གཉིས་བྱེད་པའང་མ་ཡིན་ཏེ། །ཕན་ཚུན་ཡོད་པ་མ་ཡིན་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དོན་དམ་པའི་བདེན་པ་དང༌། ཆོས་ཉིད་དང༌། འགོག་པའི་བདེན་པ་དང༌། རྫོགས་པའི་སངས་རྒྱས་དང༌། བདེ་བར་གཤེགས་པ་མྱ་ངན་ལས་འདས་པ་སོགས་ཀྱང་སྒྲུབ་པ་ཡིན་པར་འགྱུར་ཏེ། རང་མིང་གི་ཟུར་ན་དགག་ཚིག་མ་འབྱར་བའི་དོན་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་མི་ནུས་ཏེ། རང་གི་དགག་བྱ་བཀག་པའི་རྣམ་པ་ཅན་དུ་འཆར་དགོས་པའི་ཕྱིར་རོ། །གཞན་ཡང༌། གནད་ཀྱི་དོན་ནི་འདི་ཡིན་ཏེ། གང་གཞན་སེལ་གྱི་སྒྲུབ་པ་ཡིན་པ་དེ་ཐམས་ཅད་དགག་པ་ཡིན་དགོས་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་ཆོས་ཅན་གྱི་སྟེང་དུ་སྒྲུབ་བྱ་སྒྲུབ་པའི་ངོ་བོ་དེ་ཡིན་ན། དེའི་སྟེང་དུ་རང་རང་གི་དགག་བྱ་དགག་པ་དེའི་ངོ་བོར་གྲུབ་དགོས་པའི་ཕྱིར། ཡིན་པ་དགག་པ་ཡིན་ན་སེལ་ངོའི་སྒྲུབ་པ་ཡིན་མི་དགོས་ཏེ། ཆོས་ཅན་གྱི་སྟེང་དུ་དགག་བྱ་བཀག་ཀྱང་སྒྲུབ་བྱ་མ་གྲུབ་པ་ཞིག་ཡོད་པའི་ཕྱིར། མེད་དགག་སྒྲུབ་བྱའི་ཆོས་སུ་བྱས་པའི་གཏན་ཚིགས་རྣམས་ཡིན་ནོ། །ཅི་སྟེ་དགག་བྱ་བཀག་ན་སྒྲུབ་བྱ་མ་སྒྲུབ་པར་འགལ་ལོ་ཞེ་ན་མི་འགལ་ཏེ། མོ་གཤམ་གྱི་བུ་ཆོས་ཅན་ཡོད་པ་མ་ཡིན་ཏེ། ཚད་མས་མ་དམིགས་པའི་ཕྱིར། །ཞེས་བཀོད་པའི་ཚེ་ན་གཏན་ཚིགས་ཚད་མས་མ་དམིགས་པ་དེས་རང་གི་དགག་བྱ་བཀག་ཀྱང་བསྒྲུབ་བྱ་མ་གྲུབ་པའི་ཕྱིར། དེའི་ཕྱིར་མོ་གཤམ་གྱི་བུ་མེད་པ་ལྟ་བུ་ལ་སྒྲུབ་པའི་ཆ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་དགག་པ་འབའ་ཞིག་པར་གནས་སོ། །གཞན་ཡང་བདག་ཚད་མས་མ་དམིགས་པའི་རྟགས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྒྲུབ་པའི་བསྒྲུབ་བྱ་སྒྲུབ་པ་ཞེས་བྱ་བ་འདི་ཡང་བཏགས་པ་བ་ཡིན་གྱི། མཚན་ཉིད་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་ཉེར་ལེན་གྱི་ཕུང་པོ་བདག་མེད་པ་ཆོས་ཅན། མ་ཡིན་པར་དགག་པ་ཡིན་པར་ཐལ། དགག་པ་གང་ཞིག་རང་གི་དགག་བྱ་བཀག་ཤུལ་དུ་སྒྲུབ་པ་འཕངས་པའི་ཕྱིར་ཏེ། དེའི་ཤུལ་དུ་བསྒྲུབ་བྱ་སྒྲུབ་པའི་ཕྱིར། ཅི་སྟེ་བསྒྲུབ་བྱ་སྒྲུབ་པ་དང་སྒྲུབ་པ་དོན་གཅིག་ན་ཧ་ཅང་ཐལ་ལོ་སྙམ་ན། ཐལ་བ་མ་ཡིན་ཏེ། དགག་པ་དང་སྒྲུབ་པ་ཞེས་པའི་མིང་དངོས་མིང་དུ་འཇུག་པའི་གཞི་ནི་དགག་བྱ་དགག་པ་དང༌། བསྒྲུབ་བྱ་སྒྲུབ་པ་ཞེས་པའི་ཚིག་ཟུར་གྱི་དགག་སྒྲུབ་དེ་ཁོ་ན་ཡིན་པའི་ཕྱིར་དང༌། སྐད་དོད་གཅིག་པའི་ཕྱིར། པྲ་ཏི་ཥེ་ཧ་ཞེས་དང༌། སཱཧ་ཞེས་པ་ལས་གཞན་པའི་སྐད་དོད་ཡོད་པ་མ་ཡིན་པའི་ཕྱིར། འོན་ཀྱང་དགག་བྱ་དང་དགག་པ་དང༌། བསྒྲུབ་བྱ་དང་སྒྲུབ་པ་དོན་གཅིག་པ་དང་ཁྱབ་མཉམ་པ་མ་ཡིན་ནོ། །འོ་ན་ཕུང་པོ་བདག་མེད་དུ་སྒྲུབ་པ་ཞེས་པ་དང༌། མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པ་སོགས་ཀྱི་ཐ་སྙད་མི་རིགས་པར་འགྱུར་རོ་ཞེ་ན། དེ་ཡང་ཐ་སྙད་འཇུག་པ་བདེ་བའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་མི་སྲིད་པ་སྲིད་དོ་ཞེས་བྱ་བ་དང༌། བྱ་བ་མ་ཡིན་པ་བྱས་སོ་ཞེས་བྱ་བ་དང༌། ཐོས་བྱ་མ་ཡིན་པ་ཐོས་སོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །ཆོས་ཅན་གྱི་སྟེང་དུ་བདག་འགོག་པ་དང་དུ་བ་འགོག་པ་ལྟ་བུ་མཚན་ཉིད་པ་ཡིན་ཀྱང༌། བདག་མེད་སྒྲུབ་པ་དང་དུ་མེད་སྒྲུབ་པ་སོགས་བཏགས་པ་བ་ཡིན་གྱི། དངོས་མ་ཡིན་ཏེ། བདག་མེད་དང་དུ་མེད་ལ་སོགས་པ་བསྒྲུབ་པ་དངོས་མ་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས། དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །ཞེས་གསུངས་སོ། །འོན་ཀྱང་དུ་བ་མེད་པ་ལྟ་བུ་མ་ཡིན་དགག་ཏུ་སོང་བ་གཅིག་སྲིད་པ་དེའི་ཚེ་ན་ནི། སྒྲུབ་ཞེས་པ་མཚན་ཉིད་པར་བཤད་ཀྱང་འགལ་བ་མེད་དོ། །དེ་ལྟ་ན་ཡང་བདག་མེད་དང༌། དུ་མེད་ལ་སོགས་པ་བསྒྲུབ་བྱའི་ཆོས་མཚན་ཉིད་པ་ཡིན་པ་དང༌། ཕུང་པོ་བདག་མེད་དང་མཚན་མོའི་རྒྱ་མཚོ་དུ་མེད་ལྟ་བུ་བསྒྲུབ་བྱ་མཚན་ཉིད་པར་མི་འདོད་པ་མ་ཡིན་ཏེ། དེ་དང་སྒྲུབ་པ་མཚན་ཉིད་པ་མིང་དོན་གྱི་སྐབས་གཉིས་ཀ་མི་གཅིག་པའི་ཕྱིར། དེ་ལྟར་ན་དགག་བྱ་དགག་པ་ཞེས་དང༌། བསྒྲུབ་བྱ་སྒྲུབ་པ་ཞེས་འཆད་པ་དེའི་ཚེ་ཚིག་སྔ་མས་མཚོན་པའི་དོན་དགག་སྒྲུབ་དངོས་མ་ཡིན་ལ། ཕྱི་མས་མཚོན་པའི་དོན་རེ་རེ་ནས་དགག་པ་དང་སྒྲུབ་པ་མཚན་ཉིད་པ་ཡིན་པའི་ཁྱད་པར་འདི་ཕྱེད་པ་གལ་ཆེ་བ་ཡིན་ནོ། །གཞན་ཡང་ཁྱེད་ཀྱི་དགག་པ་གཉིས་ཀྱི་གོ་དོན་མི་འཐད་པའི་ཚུལ་འདི་ལྟར། མ་འོངས་པ་དང་ལྷ་མིན་དང༌། མི་མ་ཡིན་དང་བྱ་བ་མ་ཡིན་པ་དང༌། རིགས་པ་མ་ཡིན་པ་དང༌། ལུང་དུ་མ་བསྟན་པ་དང༌། བག་མེད་པ་ལ་སོགས་པ་ཇི་སྙེད་པ་རྣམས་དང༌། སྔར་བཤད་མ་ཐག་པའི་སྒྲའི་བསྟན་བཅོས་ལས་འབྱུང་བའི་མ་ཡིན་པར་དགག་པ་ཇི་སྙེད་པ་དེ་དག་ཆོས་ཅན། མེད་དགག་ཏུ་ཐལ། ཕྱོགས་སྔ་མ་ཁས་བླངས་པའི་མེད་དགག་གི་སྒྲུབ་བྱེད་ཐམས་ཅད་ཞུགས་པའི་ཕྱིར། ཡང་ཕལ་ཆེ་བ་དག རྣམ་པར་ངེས་པ་ལས་དགག་པ་གཉིས་ཀྱི་རྣལ་མ་གོ་བར་བྱེད་པ་ཡིན་ནོ་ཞེས་པ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས། བུམ་པ་མིན་པ་མིན་པ་དང༌། བུམ་པ་མེད་པ་མེད་པ་སོགས། མཐའ་གཅིག་ཏུ་སྒྲུབ་པ་ཁོ་ནར་འདོད་པ་འདི་ཡང་མ་ཤེས་པ་ཡིན་ཏེ། རྟོག་གེའི་གནས་སྐབས་སུ་མ་ཡིན་པར་དགག་པ་ཡིན་པའི་ཕྱིར་དང༌། དབུ་མ་དོན་དམ་ལ་དཔྱོད་པའི་གནས་སྐབས་སུ་ཤིན་ཏུ་མེད་དགག་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བུམ་པ་མིན་པ་ཞེས་བརྗོད་པའི་ཚེ། ཀ་བ་ལ་སོགས་པའི་རིགས་མི་མཐུན་མཐའ་དག་ཚིག་ཟིན་ལ་བསལ་ནས། གསེར་བུམ་ལྟ་བུའི་སྒྲུབ་པ་བློ་ཡུལ་དུ་འཕངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྐབས་དེར་ནི་སྤྲོས་པའི་མཐའ་ཐམས་ཅད་བཀའ་ནས། ཤུལ་དུ་ཆོས་གཞན་ཅི་ཡང་འཕངས་པ་མེད་པའི་ཕྱིར་རོ། །གསུམ་པ་རིགས་པའི་གཏེར་གྱི་དགོངས་པ་གཞན་དང་མ་འདྲེས་པར་བཤད་པ་ནི། འདི་ལྟར། སྒྲུབ་པ་དང་སེལ་བའི་ཟླས་ཕྱེ་བའི་སྒྲུབ་པ་ནི། སྣང་བ་རང་མཚན་ལ་བྱ་བ་ཡིན་ལ་དུས་དེར་དེ་སྒྲུབ་པ་མཚན་ཉིད་པ་ཡིན་ཀྱང་དགག་སྒྲུབ་གཉིས་ཀྱི་ཟླས་དབྱེ་བའི་ཚེ་དགག་སྒྲུབ་གཉིས་ཀ་གཞན་སེལ་གྱི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། སྣང་བ་དངོས་པོའི་ཡུལ་ཅན་ཡིན། །སེལ་བ་ལ་ནི་དགག་བསྒྲུབ་གཉིས། །ཞེས་དང༌། དེའི་འགྲེལ་པར། སྣང་བ་རང་མཚན་རྣམ། སྒྲུབ་པ་བཏགས་པར་བཤད་པའི་ཕྱིར། །སྒྲུབ་པའི་མཚན་ཉིད་ནི་རྣམ་བཅད་དང་ཡོངས་གཅོད་གཉིས་ཀྱི་སྒོ་ནས་རྟོགས་པར་བྱ་བའི་བློ་ཆོས་སོ། །འདི་ལ་མ་ཡིན་དགག་གིས་ཁྱབ་ཀྱང་མ་ཡིན་དགག་ལ་འདིས་མ་ཁྱབ་བོ། །དེ་ལ་དབྱེ་ན། སེལ་ངོར་ཕྱི་རོལ་གྱི་དོན་ཡོད་པ་དང་ཡིན་པ། སེལ་ངོར་ཤེས་པ་ཡིན་པ་དང་ཡོད་པའི་དབྱེ་བ་བཞིའོ། །ཡང་བུམ་པ་ཡོད་པར་སྒྲུབ་པ་ཞེས་པའི་སྐབས་ཀྱི་སྒྲུབ་པ་ལྟ་བུ་མཚན་ཉིད་པ་དང༌། བུམ་པ་མེད་པར་སྒྲུབ་པ་ཞེས་པའི་སྐབས་ཀྱི་སྒྲུབ་པ་ལྟ་བུ་བཏགས་པ་གཉིས་ཡོད་དོ། །འདི་སྒྲུབ་པ་མཚན་ཉིད་པ་ཡིན་ན་ནི་དགག་རྟགས་དང་སྒྲུབ་རྟགས་འཆོལ་བ་ཉིད་དུ་འགྱུར་རོ། །གཉིས་པ་དགག་པ་རྐྱང་པའི་མཚན་ཉིད། རྣམ་བཅད་ཁོ་ནར་རྟོགས་པར་བྱ་བའི་བློ་ཆོས་དེ་དགག་པའི་མཚན་ཉིད། འོ་ན་འདིས་དགག་སྒྲུབ་གཉིས་ཚོགས་ཀྱི་དགག་པ་ལ་མ་ཁྱབ་པ་མ་ཡིན་ནམ་ཞེ་ན། དེ་ནི་གོང་གི་སྒྲུབ་པ་དང་དོན་གཅིག་པས་དགག་པ་འདིའི་ནང་དུ་མ་འདུས་སོ། །དགག་པ་འདི་ལ་དབྱེ་ན། མ་ཡིན་པར་དགག་པ་དང༌། མེད་པར་དགག་པ་གཉིས། དང་པོ་ལ། མཚན་ཉིད་ནི། རྣམ་བཅད་ཁོ་ནར་རྟོགས་བྱ་གང་ཞིག་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་དེ་སེལ་བའི་དགག་པ་ལས་ཕྱེ་བའི་མ་ཡིན་དགག་གི་མཚན་ཉིད། སེལ་བའི་སྒྲུབ་པ་དང་དོན་གཅིག་པའི་མ་ཡིན་དགག་ནི་འདིར་མ་འདུས་ཏེ། དེ་ནི་ཡོངས་གཅོད་དུ་རྟོགས་བྱ་ཡིན་པའི་ཕྱིར་དང༌། ཤེས་བྱ་དང་གཞལ་བྱ་ལ་སོག་པ་སེལ་བའི་སྒྲུབ་པ་དང༌། མ་ཡིན་དགག་པ་དངོས་ཡིན་ཀྱང་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་རྒྱུ་མེད་ཀྱི། རང་ཉིད་འཕེན་པ་དང་གཅིག་པུར་ཟད་པའི་ཕྱིར། འགྲེལ་པར་མ་ཡིན་དགག་གི་མཚན་ཉིད་གསུངས་པ་དེ་ཡང་བཤད་མ་ཐག་པ་འདིའི་དབང་དུ་བྱས་པ་ཡིན་ནོ། །ཡང་སེལ་བ་ལ་དགག་སྒྲུབ་གཉིས་སུ་མ་ཕྱེ་བར། མ་ཡིན་དགག་དང་མེད་དགག་གཉིས་སུ་ཕྱེ་ཡང་མ་འདུས་པའི་སྐྱོན་མེད་དེ། སྒྲུབ་པ་ཇི་སྙེད་པ་མ་ཡིན་དགག་ཡིན་པའི་ཕྱིར། དེ་ལྟར་ཕྱེ་བ་དེའི་ཚེ། མ་ཡིན་དགག་གི་མཚན་ཉིད། དགག་པའམ་སེལ་བ་གང་ཞིག སྒྲུབ་པ་མི་སྤོང་བའམ་སྒྲུབ་ཆོས་མ་དོར་བའོ། །གཉིས་པ་མེད་དགག་གི་མཚན་ཉིད། དེ་གང་ཞིག སྒྲུབ་པ་སྤོང་པའམ་སྒྲུབ་ཆོས་དོར་བའོ། །ཇི་སྐད་དུ་ཡང༌། དགག་པ་སྤོང་བ་དང༌། མི་སྤོང་བ་སྟེ་རྣམ་པ་གཉིས། ཞེས་གསུངས་པས་སོ། །ཡང་གཞན་སེལ་ལ་ཡོད་པ་གཞན་སེལ་དང་མེད་པ་གཞན་སེལ་གཉིས་སུ་ཕྱེ་བ་འདི་དང་དགག་པ་ལ་མ་ཡིན་དགག་དང་མེད་དགག་གཉིས་སུ་ཕྱེ་བ་དོན་གཅིག་པ་ཡིན་ཏེ། སེལ་བ་ལ་གཉིས་སུ་ཕྱེ་བ། བསྒྲུབ་བྱ་སྒྲུབ་ཚུལ་དང་དགག་བྱ་འགོག་ཚུལ་གྱིས་ཕྱེ་བར་འགྲེལ་པ་ཉིད་དུ་གསུངས་ལ། དགག་པ་གཉིས་སུ་ཕྱེ་བ་ཡང་དེ་ཁོ་ན་ལྟར་ཆེས་ཤིན་ཏུ་རིགས་པའི་ཕྱིར། སྤྲོས་པ་ལྷག་མ་ནི་གཞན་སེལ་གྱི་སྐབས་སུ་འབྱུང་བར་འགྱུར་རོ། །ཡང་ལུགས་འདི་ལ། མ་ཡིན་དགག་པ་ལ་དགག་པས་ཁྱབ་པར་བཞེད་པ་ཡིན་ཏེ། མ་ཡིན་དགག་པ་ལ་དགག་རྐྱང་དང་དགག་སྒྲུབ་གཉིས་ཚོགས་དང་གཉིས་སུ་ངེས་ལ། དང་པོ་ནི། དགག་པ་ཁོ་ན་ཡིན་ཅིང༌། གཉིས་པ་ལ་ཡང་དགག་པའི་ཆ་ནས་དགག་པར་འཇོག་པ་ལས་འོས་མེད་ལ། སྒྲུབ་ཆ་ནས་ཀྱང་གཞན་སེལ་ཡིན་པས་དགག་པའི་ནང་དུ་འདུ་དགོས་པའི་ཕྱིར་རོ། །དེ་ལྟ་ཡིན་ན། སྒྲུབ་པ་ལ་དགག་པས་ཁྱབ་པར་འགྱུར་རོ་ཞེ་ན་དེ་ནི་མི་འདོད་པ་ཐལ་བར་འཕངས་པ་མ་ཡིན་ཏེ། སྒྲུབ་པ་ཡིན་ན་མ་ཡིན་པར་དགག་པ་ཡིན་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི་སྒྲུབ་པ་དང་མེད་པར་དགག་པའི་གཞི་མཐུན་ནི་རི་བོང་གི་རྭ་དང་མཚུངས་པ་ཡིན་ནོ། །དེ་ན་འདི་ལྟར་ཤེས་པར་བྱ་སྟེ། སྒྲུབ་པ་ལ་མ་ཡིན་དགག་གིས་ཁྱབ་པ་ནི་གཞུང་གཞན་ནས་མི་འབྱུང་ཞིང༌། རྣམ་འགྲེལ་མཛད་པའི་གཞུང་ནས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་སྒྲུབ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ལ་མ་ཡིན་དགག་གིས་ཁྱབ་པར་གསུངས་པའི་ཕྱིར་རོ། །དེའི་རྩ་བ་ཡང་སྒྲུབ་པ་ལ་གཞན་སེལ་གྱིས་ཁྱབ་པ་ལ་ཐུག་གོ །མ་ཡིན་དགག་པ་ལ་སྒྲུབ་པས་ཁྱབ་པའམ་མ་ཁྱབ་པའམ་འགལ་ཡང་རུང་སྟེ། མ་ཡིན་པར་མ་དགག་པ་ཡིན་ན་དགག་པ་ཡིན་པར་འགལ་ལོ་ཞེས་བྱ་བ་ནི་འཕགས་ཡུལ་གྱི་གཞུང་ལུགས་གང་ནས་ཀྱང་མི་འབྱུང་ངོ༌། །དེ་ལྟར་སྟོན་པ་ལ་ཕན་དུ་རེ་བའི་ལུང་འགའ་ཞིག་འདྲེན་པར་སྣང་ཡང༌། ཕུགས་སྒྲུབ་པ་ཡིན་ན་སེལ་བ་ཡིན་པས་ཁྱབ་པའི་གནད་མ་གོ་བ་ལ་བརྟེན་པས་ཤིན་ཏུ་ནོངས་པ་ཡིན་ནོ། །ཅི་སྟེ་དགག་པ་ཡིན་ན་སྒྲུབ་པ་ཡིན་པར་མི་འགལ་བ་ངོ་མཚར་ཤིན་ཏུ་ཆེ་ན། འོ་ན་ཁྱོད་ལའང་དགག་བྱ་དགག་པ་ཡིན་ན་སྒྲུབ་བྱ་སྒྲུབ་པར་མི་འགལ་བ་ངོ་མཚར་ཏེ་ཞེས་བརྗོད་པར་བྱའོ། །གཏན་ཚིགས་བྱས་པ་ཆོས་ཅན། བསྒྲུབ་བྱ་སྒྲུབ་པ་མ་ཡིན་པར་ཐལ། དགག་བྱ་དགག་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་སྒྲུབ་བྱའི་ཆོས་མི་རྟག་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན་སྔ་མ་ཡང་མ་གྲུབ་བོ། །དེ་ཆོས་ཅན་དེར་ཐལ། དགག་བྱ་སྒྲ་རྟག་པ་བཀག་པ་ཡིན་པའི་ཕྱིར། ཞེ་ན། དེ་ཆོས་ཅན། དེར་ཐལ། རང་མིང་གི་འགལ་ཟླ་རྟག་པ་དགག་པ་ཡིན་པའི་ཕྱིར། མ་ཁྱབ་ན་སྔ་མ་ཡང་མ་ཁྱབ་བོ། །ཁྱབ་པར་ཐལ། རང་གི་དགག་བྱ་སྒྲ་རྟག་པ་བཀག་ན། རང་གི་དགག་བྱ་བཀག་དགོས་པའི་ཕྱིར་ཞེ་ན། འདི་ཡང་ཁྱབ་པར་ཐལ། རང་མིང་གི་རང་གི་འགལ་ཟླ་དགག་པ་ཡིན་ན་དགག་པ་ཡིན་དགོས་པའི་ཕྱིར། རང་གི་ལུགས་ལའང་སྤྱིར་དགག་བྱ་དགག་པ་དང་བསྒྲུབ་བྱ་སྒྲུབ་པ་ཙམ་མི་འགལ་ཡང༌། དེ་སྒྲུབ་ཀྱི་གཉིས་འགལ་བ་ཡིན་ཏེ་དགག་པའི་གཏན་ཚིགས་ཀྱི་མཚན་ཉིད་དུ། དགག་བྱ་འགོག་ལ་ཚུལ་གསུམ་ཚང༌། །ཞེས་འབྱུང་བའི་ཕྱིར། དེ་ལྟ་མོད་ཀྱི་དགག་བྱ་ཁེགས་པ་ན་བསྒྲུབ་བྱ་གྲུབ་པ་དང༌། དེ་གྲུབ་པ་ན་དགག་བྱ་ཁེགས་པར་འཇོག་པ་ནི་མི་འགལ་ལོ། །དེ་ནས་འདི་ཡང་ཤེས་པར་བྱ་སྟེ། སྒྲུབ་པ་དང་དགག་པ་རང་ལྡོག་ནས་སྒྲུབ་པའམ་དགག་པ་གང་དུ་འཇོག་ཅེ་ན། སློབ་དཔོན་རིགས་པའི་དབང་ཕྱུག་ཕྱྭ་གཙང་གཉིས་ནི་གཉིས་ཀའི་རང་ལྡོག་ནས་སྒྲུབ་པར་བཞེད་ལ། འཇམ་དབྱངས་ཆོས་ཀྱི་རྗེའི་བཞེད་པ་ནི་གཉིས་ཀའི་རང་ལྡོག་ནས་དགག་པར་བཞེད་པ་ཡིན་ཏེ། སྔར་རྒྱས་པར་བཤད་པ་ལྟར་སྒྲུབ་པའི་རང་ལྡོག་ནས་ཀྱང་དགག་པར་བཞེད་ན། དགག་པའི་རང་ལྡོག་ནས་དགག་པར་བཞེད་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། དགག་པའི་རང་ལྡོག་ནས་སྒྲུབ་པར་བཞེད་པའི་སློབ་དཔོན་དག་གིས་བསམ་པ་ནི་དགག་པ་ཞེས་བརྗོད་པའི་སྒྲས་ཟིན་ལ། དགག་ཚིག་མ་འབྱར་བས་སོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལ་ནི་མ་ངེས་པ་གོང་དུ་བརྗོད་ཟིན་ཅིང༌། མ་གྲུབ་པ་ཡང་ཡིན་ཏེ། དེ་ལྟ་ན་བཀག་པ་དང་བསལ་བ་དང༌། ཁེགས་པ་དང༌། ཕྱོགས་སྔ་མ་དགག་པ་དང༌། དགག་བྱ་དགག་པ་ཞེས་བརྗོད་པའི་སྒྲ་ཟིན་ལ་ཡང་དགག་ཚིག་མེད་པར་འགྱུར་རོ། །དེ་ལས་ཀྱང་མེད་པར་དགག་པ་ནི་མེད་དགག་དང༌། མ་ཡིན་པར་དགག་པ་ནི་མ་ཡིན་པར་དགག་པ་ཁོ་ནར་ངེས་སོ། །དེའི་རྒྱུ་མཚན་ཡང༌། དགག་པ་གཉིས་ཀ་ཆོས་ཅན། དགག་པ་ཡིན་ཏེ། སེལ་བ་ཡིན་པི་ཕྱིར། བློས་རྣམ་བཅད་དུ་རྟོགས་བྱ་ཡིན་པའི་ཕྱིར་དང༌། རང་སྣང་ཡུལ་དུ་བྱེད་པའི་མངོན་སུམ་མི་སྲིད་ཅིང༌། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ནི་རྣམ་བཅད་ཀྱི་སྒོ་ནས་ཡུལ་དུ་མི་བྱེད་པ་མི་སྲིད་པའི་ཕྱིར། ཁྱད་པར་དུ་མེད་དགག་ཆོས་ཅན། མེད་པར་དགག་པ་ཡིན་ཏེ། གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་རྟོག་པ་ལ་ཁྱོད་ཀྱི་རྣམ་པ་འཆར་བ་ན། རང་གི་དགག་བྱ་རྣམ་པར་བསལ་ཙམ་དུ་འཆར་གྱི། ཆོས་གཞན་གང་དུ་ཡང་མི་འཆར་བའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །ཡང་དེ་ཆོས་ཅན་མེད་པར་དགག་པ་ཡིན་ཏེ། ཁྱོད་ཀྱི་མཚན་ཉིད་ཡིན་པ་གཅིག་ཡོད། ཁྱོད་ཀྱི་མཚན་ཉིད་དེ་ཡིན་ན་མེད་པར་དགག་པ་ཡིན་དགོས་པའི་ཕྱིར། རྟགས་ནི་ཐམས་ཅད་ཀྱིས་ཁས་བླངས་ཏེ། དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ་དེ་ཐམས་ཅད་ཀྱིས་མེད་དགག་ཏུ་ཁས་བླངས་པའི་ཕྱིར་རོ། །མཚན་ཉིད་མེད་དགག་ལ་མཚོན་བྱ་སྒྲུབ་པ་འབྱུང་བ་ནི་ཆེས་ངོ་མཚར་བའི་གནས་སོ། །དེའི་ཚུལ་ཡང་འདི་ལྟར། མཚོན་བྱ་གང་དང་གང་ཡིན་པ་དེའི་དོན་སྤྱི་རྟོག་པ་ལ་འཆར་བ་དེ་དང་དེའི་མཚན་ཉིད་ཀྱི་དོན་སྤྱི་རྟོག་པ་ལ་འཆར་བ་ལ་རག་ལས་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་མེད་དགག་མེད་དགག་ཏུ་འཇོག་ནུས་པའི་ཕྱིར་ཚིག་གིས་ཀྱང་འགྲུབ་སྟེ། མེད་དགག་ཆོས་ཅན། མེད་དགག་ཡིན་ཏེ། ཁྱོད་འཛིན་རྟོག་པ་ལ་མེ་དགག་གི་རྣམ་པར་ཤར་བའི་སྒོ་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁྱོད་འཛིན་རྟོག་པ་ལ་ཁྱོད་ཀྱི་རྣམ་པ་ཤར་བ་ཡིན་ཏེ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཡང་དགག་པ་འཛིན་པའི་རྟོག་པ་ཡིན་ན། དགག་རྟོག་ཡིན་དགོས་ཏེ། དེ་ཡིན་ན་དགག་པའི་རྣམ་པ་ཅན་གྱི་རྟོག་པ་ཡིན་དགོས་པའི་ཕྱིར། དགག་པ་ཆོས་ཅན། ཁྱོད་འཛིན་རྟོག་པ་ཡིན་ན་ཁྱོད་ཀྱི་རྣམ་པ་ཅན་ཡིན་དགོས་ཏེ། ཁྱོད་ཆོས་ཅན་ཡན་གར་བ་གཅིག་ཁོ་ན་ཡིན་པའི་ཕྱིར། དེས་ན་མེད་པ་དང༌། མ་ཡིན་པ་དང༌། དགག་པ་ཞེས་བརྗོད་པའི་ཚིག་གསུམ་ཀ་དགག་ཚིག་ཡིན་བཞིན་དུ་དགག་ཚིག་མ་འབྱར་བར་འདོད་པ་ནི་མངོན་སུམ་ལ་བསྙོན་པར་ཟད་དོ། །དོན་དེ་ལ་དགོངས་ནས་ཇི་སྐད་དུ། མེད་དགག་ཐ་སྙད་མེད་དགག་དང༌། །སྤྱི་ལྡོག་ཕུང་གསུམ་ཡིན་ཕྱིར་འཐད། །ཅེས་གསུངས་པ་ཡིན་ནོ། །དེ་དག་ཏུ་མ་ཟད་ཀྱི་ནམ་མཁའ་དང་སོ་སོར་རྟགས་འགོག་དང༌། རྟག་པའི་རང་ལྡོག་ནས་ཀྱང་མེད་དགག་ཏུ་བཞེད་པར་སྣང་ཞིང༌། རིགས་པ་ཡང་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་དང༌། ཆོས་མངོན་པ་གོང་མ་རྒྱ་མཚོ་ལྟ་བུའི་དོན་ལ་བརྟགས་པ་ན། དེ་ཁོ་ན་ལྟར་ཤིན་ཏུ་བསལ་བའི་ཕྱིར། རྒྱས་པར་གཞན་སེལ་གྱི་སྐབས་སུ་འབྱུང་བར་འགྱུར་རོ། །དགག་པ་དང་ནི་སྒྲུབ་པ་ཡི། །མིང་ཙམ་ཤེས་ཀྱང་དོན་དག་ལ། །རྣམ་པར་རྨོངས་པ་དེ་བསལ་བས། །ཆོས་ཀྱི་དེ་ཉིད་མཐོང་བར་ཤོག །ཤིང་རྟའི་སྲོལ་ལས་བྱུང་བ་ཡི། །དགག་སྒྲུབ་སྐལ་ལྡན་ཤིང་རྟའི་རྒྱུན། །བློ་ངན་འཕྲོག་བྱེད་རྐང་པའི་དུག །འཇོམས་པའི་བདུད་རྩི་འདི་ཡིན་ནོ། །འདི་ཡིས་རང་བློའི་དྲི་མ་ནི། །མ་ལུས་བཀྲུས་པ་བས་ཀྱང་ནི། །གཞན་བློའི་མི་ཤེས་བུད་ཤིང་ནི། །མ་ལུས་བསྲེག་པ་ངོ་མཚར་ཏོ། །ཞེས་བྱ་བ་འདི་ནི་དགག་པ་དང་སྒྲུབ་པའི་གནས་ལེགས་པར་གྲུབ་པ་ཡིན་ནོ།།  ༈  །།ཐུགས་རྗེའི་ཟུར་མིག་ཉག་གཅིག་གིས། །རྟག་པར་གཟིགས་ཤིང་དགེས་པ་ཡི། །འཛུམ་དཀར་ཕྲེང་བའི་དོ་ཤལ་གྱི། །སྒེག་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། འགལ་བ་དང་འབྲེལ་བའི་རྣམ་པར་གཞག་པ་བཤད་པར་བྱའོ། །འདི་ལ་གཉིས་ཏེ། འབྲེལ་བའི་རྣམ་པར་གཞག་པ་དང༌། འགལ་བའི་རྣམ་པར་གཞག་པའོ། །དང་པོ་ལ་དོན་ལ་འབྲེལ་པ་དགག བློ་ངོར་འབྲེལ་པ་སྒྲུབ། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པར་བྱ་བའོ། །དང་པོ་ནི། འབྲེལ་པ་ཞེས་བྱ་བ་ནི་བློའི་ཆོས་ཁོ་ན་ཡིན་གྱི། དོན་གྱི་སྟེང་ན་ཡོད་པ་མ་ཡིན་ཏེ། དངོས་པོའི་སྟེང་ན་ཡང་དོན་དམ་པར་མེད། དངོས་མེད་ཀྱི་སྟེང་ན་ཡང་དེ་ལྟར་ཡོད་པ་མ་ཡིན་པའི་ཕྱིར། དང་པོ་མེད་དེ། དོན་དམ་པའི་དངོས་པོ་ལ་རྫས་གཅིག་དང་རྫས་ཐ་དད་གཉིས་སུ་ངེས། གང་རྫས་གཅིག་པ་ཡིན་ན་དོན་དམ་པར་མ་འབྲེལ་བས་ཁྱབ་སྟེ། དེ་ཡིན་ན་དོན་དམ་པར་གཅིག་ཡིན་པས་ཁྱབ་པའི་ཕྱིར། དཔེར་ན་རྫས་སུ་གྱུར་པའི་སྒྲ་བྱས་མི་རྟག་པ་གསུམ་བཞིན་ནོ། །རྫས་ཐ་དད་ལ་ཡང་དུས་མཉམ་པ་དང་མི་མཉམ་པ་གཉིས་སུ་གྲངས་ངེས། གང་དུས་མཉམ་རྫས་གཞན་ན་སྤྱིར་ཡང་འགྲེལ་བ་མེད་པས་ཁྱབ་སྟེ། རྗེས་སུ་འགྲོ་ལྡོག་འཁྲུལ་པའི་ཕྱིར། རྟ་དང་བ་ལང་བཞིན་ནོ། དུས་སྔ་ཕྱི་བར་གྱུར་པའི་རྫས་གཞན་ཡིན་ན་དོན་དམ་པར་འབྲེལ་མེད་ཡིན་པས་ཁྱབ་སྟེ། གང་རུང་གཅིག་གྲུབ་དུས་སུ་ཅིག་ཤོས་མེད་པའི་ཕྱིར། ཐུབ་པ་དང་རིང་ཕུར་བཞིན་ནོ། །གང་དངོས་པོར་མེད་པ་ཡིན་ན་དོན་དམ་པར་འབྲེལ་པ་མེད་པས་ཁྱབ་སྟེ། དེ་ཡིན་ན་ངོ་བོ་མེད་དགོས་པའི་ཕྱིར། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ནམ་མཁའ་བཞིན་ནོ། །འདི་ཡང་འབྲེལ་པ་རྫས་ཀྱི་སྟེང་ན་མེད་པའི་དོན་ཡིན་གྱི། ལྡོག་པ་ལ་མེད་པའི་དོན་མ་ཡིན་ཏེ། གཞན་དུ་ན་དགག་བྱ་འགོག་པ་དང་སྒྲུབ་བྱ་སྒྲུབ་པའི་རྣམ་གཞག་ཉམས་པར་ཐལ་བའི་ཕྱིར་རོ། །ཇི་སྐད་བཤད་པའི་རིགས་པ་དེ་དག་སེལ་བའི་ངོར་ནི་མི་མཚུངས་ཏེ། སེལ་ངོར་ནི་དངོས་པོ་ལ་འབྲེལ་བ་ཡང་འགྲུབ་སྟེ། སེལ་ངོའི་བྱས་མི་རྟག་བཞིན་ནོ། །སེལ་ངོའི་དངོས་མེད་ལ་ཡང་འབྲེལ་པ་གྲུབ་སྟེ། དོན་བྱེད་ནུས་སྟོང་དང་དངོས་མེད་བཞིན་ནོ། །འོ་ན་དེ་གཉིས་ལ་དངོས་འབྲེལ་གྲུབ་བམ་ལྡོག་པ་ལ་འབྲེལ་པ་གྲུབ་ཅེ་ན། དངོས་ཀྱི་འབྲེལ་པ་མ་གྲུབ་སྟེ། གཉིས་ཀ་དངོས་པོར་མེད་པའི་ཕྱིར་རོ། །འོ་ན་འབྲེལ་པ་དོན་དམ་པར་མེད་ན་འབྲེལ་པ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མ་གྲུབ་པར་འགྱུར་རོ། །དེ་ལ་ཁྱབ་པ་ཡོད་དེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ན་དངོས་པོའི་སྟོབས་ཀྱིས་གྲུབ་དགོས། དེས་གྲུབ་ན་དོན་དམ་པར་གྲུབ་དགོས་པའི་ཕྱིར་ཞེ་ན། སྤྱི་དང་གཞི་མཐུན། གཅིག་དང་ཐ་དད་ལ་སོགས་པ་ལྡོག་པའི་ཆོས་ཐམས་ཅད་དོན་དམ་པར་གྲུབ་པར་འགྱུར་ཏེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། འདོད་ན་རྫས་ཆོས་སུ་ཐལ་བར་འགྱུར་རོ། །མ་གྲུབ་ན་ནི་དེ་དག་ཚད་མས་མི་འགྲུབ་པར་འགྱུར་ཏེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མི་འགྲུབ་ཅིང༌། གྲགས་ཡིད་ཀྱི་ཚད་མ་གཉིས་ནི་དེ་ལ་མི་འཇུག་པའི་ཕྱིར་དང༌། གཞན་ཡང༌། གཞན་སེལ་སྒྲུབ་བྱེད་ཀྱི་ཆོས་ཀྱི་གྲགས་པའི་རིགས་པ་མཐའ་དག་ལ་སྐུར་བ་བཏབ་པར་འགྱུར་རོ། །དེ་ལྟར་ན་འབྲེལ་པ་མངོན་སུམ་གྱིས་མི་མཐོང་བ་ཡིན་གྱི། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མི་འགྲུབ་པ་མ་ཡིན་ཏེ། མངོན་སུམ་གྱིས་དྲངས་པའི་ངེས་པ་དང༌། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ལ་བརྟེན་པའི་རྗེས་སུ་དཔག་པའི་ཚད་མས་འགྲུབ་པར་འོག་ནས་འཆད་པའི་ཕྱིར་དང༌། རིགས་པ་མཁྱེན་པས། རང་དོན་རྗེས་དཔག་ཏུ་འབྲེལ་པ་སྒྲུབ་བྱེད་ཀྱིས་གཏན་ཚིགས་ཡང་དག་རྒྱས་པར་གསུངས་པའི་ཕྱིར་རོ། །གཉིས་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ལ་གཞན་ལུགས་དགག རང་ལུགས་བཞག དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། འབྲེལ་པའི་མཚན་ཉིད་ཀྱི་འདོད་ཚུལ་དགག དེས་ཁྱབ་བྱ་ཁྱབ་བྱེད་སོགས་ཀྱི་མཚན་ཉིད་མི་མཐུན་པའང་ཁེགས་པར་བསྟན་པའོ། །དང་པོ་ནི། རྔོག་ལོ་ཆེན་པོ་དཔོན་སློབ་ཀྱི་རྗེས་སུ་འབྲང་ཞིང༌། དེའི་ལུགས་མི་ཤེས་པ་དག་ན་རེ། ཐ་དད་བཀག་ན་ཁེགས་པ་དེ་འབྲེལ་པའི་མཚན་ཉིད། དེའི་ཁྱབ་བྱ་གང་ཞིག་དེ་ལས་དོན་གཞན་མ་ཡིན་པ་དེ་བདག་གཅིག་འབྲེལ་གྱི་མཚན་ཉིད་དང༌། དེ་གང་ཞིག་དེ་ལས་དོན་གཞན་ཡིན་པ་དེ་དེ་བྱུང་འབྲེལ་གྱི་མཚན་ཉིད་ཡིན་ནོ་ཞེས་ཟེར་ཞིང༌། རྟག་མི་རྟག་དང་སྣང་མུན་ལ་སོག་པ་འབྲེལ་པར་འདོད་དོ། །འདི་མི་འཐད་པར་སྟོན་པ་ལ་རིགས་པ་དང༌། ལུང་དང་ཁས་བླངས་པ་དང་འགལ་བ་གསུམ་མོ། །དང་པོ་ནི། གཞལ་བྱ་ཆོས་ཅན། མི་རྟག་པ་དང་འབྲེལ་པར་ཐལ། མི་རྟག་པ་ལས་ཐ་དད་དེ་བཀག་ན་ཁེགས་པའི་ཕྱིར། འདིའི་རྟགས་ཀྱང་ཁྱེད་ཀྱིས་ཁས་བླངས་པ་ཡིན་ཏེ། འདི་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པའི་ཚེ། རྟག་པ་མེད་ན་གཞལ་བྱ་ཡོད་པ་བུད་དོ་ཞེས་ཕུད་པས་ཆོག་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་སྐབས་ཅིག་སྲིད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཁྱོད་དང་རྟག་པ་གཉིས་ལ་འབྲེལ་པ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལ་འབྲེལ་ན་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་དགོས་པའི་ཕྱིར། དེ་ནི་མ་ངེས་པ་དང་པོ་ཡང་དག་ཏུ་ཐལ་བའོ། །རིགས་པ་དེ་ལས་མ་ངེས་པ་གཉིས་པ་དང༌། གསུམ་པ་དང་བཞི་པ་རྣམས་ཀྱང་གཏན་ཚིགས་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་པར་འགྱུར་ཏེ། རེག་བྱ་ཅན་མ་ཡིན་པ་དེ་རྟག་པ་ལ་འབྲེལ། མི་རྟག་པ་དེ་རྩོལ་བྱུང་དང་རྩོལ་མ་བྱུང་ལ་འབྲེལ། དེ་རྣམས་སྒྲ་དེ་དང་དེར་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་ནི་བདག་ཉིད་ཆེན་པོས་གསུངས་པའི་ཕྱིར། དེ་དག་ནི་དངོས་ཀྱི་མ་ངེས་པ་གཏན་ཚིགས་ཡང་དག་ཏུ་ཐལ་བའོ། །གཉིས་པ་ཐུན་མོང་མ་ཡིན་པ་ཡང་དག་ཏུ་ཐལ་བ་ནི། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་ཞིང༌། མཉན་བྱ་དང་མི་རྟག་པ་གཉིས་ལ་འབྲེལ་པ་ཚད་མས་གྲུབ་པའི་རྒོལ་བ་ཡོད་པར་ཁྱེད་ཀྱིས་ཁས་ལེན་དགོས་པས། དེའི་ངོར་སྒྲ་མི་རྟག་སྒྲུབ་པ་ལ་མཉན་བྱ་རྟགས་སུ་བཀོད་པའི་ཚེ་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས། ཁྱོད་ཀྱི་རྟགས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ཚད་མས་ངེས་པའི་ཕྱིར། རྟགས་ཁས་བླངས་ཏེ། རྗེས་སུ་འགྲོ་བ་དང་བཟློག་པ་མི་འཁྲུལ་པའི་ཚུལ་མ་ངེས་པར་འབྲེལ་བ་ངེས་པ་མི་སྲིད་པའི་ཕྱིར། འོ་ན་ཁྱེད་ལ་དེར་ཐལ་བ་མ་ཡིན་ནམ་ཞེ་ན། མཉན་བྱ་དང་མི་རྟག་པའི་འབྲེལ་པ་ཚད་མས་ངེས་པ་དེའི་ཚེ་ན་ནི། དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བ་མི་སྲིད། དེ་དེའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཡིན་ན་དེ་གཉིས་ཀྱི་འབྲེལ་པ་མ་ངེས་པས་ཁྱབ་པའི་ཕྱིར། ངེད་ཀྱི་ཕྱོགས་ལ་ཉེས་པ་དེ་འཇུག་པ་མ་ཡིན་ནོ། །གསུམ་པ་ལྷག་ལྡན་ཡང་དག་ཏུ་ཐལ་བ་ནི། ངག་སྨྲ་བ་དེ་ཆོས་ཅན། ཀུན་མཁྱེན་མ་ཡིན་པ་དང་ཡང་འབྲེལ། ཡིན་པ་དང་ཡང་འབྲེལ་བར་ཐལ། དེ་དང་དེ་ལས་ཐ་དད་དེ་དང་དེ་ཁེགས་ན། ཁྱོད་ཁེགས་དགོས་པའི་ཕྱིར། འདོད་ན། ཆོས་ཅན། ངག་སྨྲ་བའི་སྐྱེས་བུ་དེའམ་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་སོང་བའི་སྐབས་གཅིག་སྲིད་པར་ཐལ་ལོ། །བཞི་པ་འགལ་བ་ཡང་དག་ཏུ་ཐལ་བ་ནི། བྱས་པ་དང་རྟག་པའི་འབྲེལ་པ་ཚད་མས་ངེས་པའི་རྒོལ་བ་གཅིག་སྲིད་པར་ཐལ། དེ་གཉིས་ལ་འབྲེལ་པ་ངེས་པའི་ཕྱིར། དེ་འདོད་ན། དེ་གཉིས་ཀྱི་འབྲེལ་པ་ཚད་མས་ངེས་ཤིང༌། བྱས་པ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ངོར་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིག་གང་ཞིག ཁྱོད་དང་རྟག་པ་གཉིས་ལ་འབྲེལ་པ་སྐབས་བབས་ཀྱི་རྒོལ་བའི་ཚད་མས་ངེས་པའི་ཕྱིར་རོ། །ལྔ་པ་ཡང་དག་དང་འགལ་བའི་གཞི་མཐུན་སྲིད་པར་ཐལ་བ་ནི། བྱས་པ་དང་རྟག་པའི་འབྲེལ་པ་ཡང་ཚད་མས་ངེས། དེ་དང་མི་རྟག་པའི་འབྲེལ་པ་ཚད་མས་ངེས་པའི་རྒོལ་བའི་ངོར། བྱས་པ་སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བ་དེའི་ཚེ་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་ཐལ་བ་དང་འགལ་བའི་གཏན་ཚིགས་སུ་ཡང་ཐལ། དེ་གང་ཞིག་དེ་སྒྲུབ་ཀྱི་འབྲེལ་པ་རྣལ་མར་ཡང་ངེས། ཕྱིན་ཅི་ལོག་ཏུ་ཡང་ངེས་པའི་ཕྱིར། དེ་དག་གིས་ཡང་དག་འགལ་བར་ཐལ་བ་ཡང་མཚོན་ནུས་ཏེ། འདི་ལྟར། བྱས་པ་ཆོས་ཅན། མི་རྟག་པ་དང་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ཚད་མས་ངེས་པར་ཐལ། རྟག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། རྟགས་ཁས་བླངས་ཏེ། འབྲེལ་བའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། རྟགས་ཡང་དག་གི་མཚན་ཉིད་འཆད་པའི་རྣམ་འགྲེལ་གྱི་སྐབས་སུ། ཕྱོགས་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་པ་ལས་གཞན་མ་གསུངས་པའི་ཕྱིར། དེ་དག་གིས་ཐལ་བ་འཕངས་ནས། གཉིས་པ་དེའི་ཉེས་སྤོང་དགག་པ་ནི། བཀག་ན་ཁེགས་པ་ཞེས་བྱ་བ་དེ་མེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཡིན་ནོ་ཞེ་ན། མེད་ན་མི་འབྱུང་བ་ཞེས་བྱ་བ་དེ་ནི་ལྡོག་པ་མི་འཁྲུལ་བའི་དོན་ཡིན་གྱི། ཁྱེད་འདོད་པ་ལྟར་བཀག་ཁེགས་ཀྱི་དོན་མ་ཡིན་ཏེ། གཞན་དུ་ས་བོན་ཡང་མྱུ་གུ་ལ་འབྲེལ་པར་ཐལ། དེ་ལས་ཐ་དད། མྱུ་གུ་བཀག་ནས་ས་བོན་ཁེགས་དགོས་པའི་ཕྱིར་དང༌། ཤེས་པའི་ཉེར་ལེན་ཡང་ཤེས་པ་ལ་འབྲེལ་བར་ཐལ་བ་དང༌། དུས་མཉམ་པའི་འབྱུང་བ་བཞི་འབྲེལ་བར་ཐལ་བ་དང༌། ཚོགས་པ་གཅིག་པའི་རྡུལ་རྫས་བརྒྱད་འབྲེལ་བར་ཐལ་བ་དང༌། གཙོ་བོ་སེམས་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ་འབྲེལ་པར་ཐལ་ལོ། །འདོད་པར་ནུས་པ་མ་ཡིན་ཏེ། རྒྱུ་གང་དང་གང་ཡིན་པ་དེ་ཁོ་རང་གི་འབྲས་བུ་ལ་འབྲེལ་བ་དང་དུས་མཉམ་རྫས་གཞན་ལ་འབྲེལ་བ་ཁས་ལེན་པ་ནི་སྡེ་བདུན་མཛད་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེས་སྤོང་དང་པོའི་ལན་ནོ། །ཉེས་སྤོང་གཉིས་པ་ནི། གལ་ཏེ་འབྲེལ་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བས་ཁྱབ་པ་དེ་མེད་ན་མི་འབྱུང་བའི་འབྲེལ་པའི་དོན་དུ་འགྱུར་བ་ཡིན་གྱི། འབྲེལ་པ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མེད་ན་མི་འབྱུང་བའི་འབྲེལ་པ་ལས་གཞན་པའི་འབྲེལ་པ་གོ་ཆོད་པོ་ཁས་ལེན་པ་ནི་སྡེ་བདུན་མཛད་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དང༌། དེ་ལྟར་འདོད་པ་དེ་ནི་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་བཟློག་ཁྱབ་གྲུབ་པར་འདོད་པའི་ལུགས་ཡིན་པའི་ཕྱིར། ཉེས་སྤོང་གསུམ་པ་ནི། འདི་སྐད་དུ། རྟག་པ་ཡིན་པ་དང་མི་རྟག་པ་མ་འབྲེལ་ཀྱང་དེ་ཡོད་པ་དང་མི་རྟག་པ་ཡོད་པ་འབྲེལ་བ་དང༌། གཞལ་བྱ་ཡོད་པ་དང༌། རྟག་པ་ཡོད་པ་སོགས་འབྲེལ་བར་ཁས་ལེན་པ་ཡིན་པས། མ་ངེས་པ་འགལ་བར་ཐལ་བ་ལ་སོགས་པའི་ཉེས་པ་ཇི་སྐད་བཤད་པ་རྣམས་ཀྱིས་གནོད་པ་མ་ཡིན་ནོ་ཞེ་ན། འོ་ན་ཡང་ཉེས་པ་སོ་ན་འདུག་སྟེ། བྱས་པ་ཡོད་པ་དང་གཞལ་བྱ་ཡོད་པ་སོགས་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་ཅིང༌། རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལས་ཐ་དད། དེ་ཁེགས་ན་ཁྱོད་ཁེགས་དགོས་པ་དེ་ཁྱོད་དེའི་ཁྱབ་བྱ་ཡིན་པའི་མཚན་ཉིད་དང༌། དེ་ཁྱོད་ལས་ཐ་དད། ཁྱོད་ཁེགས་ན་དེ་ཁེགས་དགོས་དེ་ཁྱོད་དེའི་ཁྱབ་བྱེད་ཡིན་པའི་མཚན་ཉིད་དང༌། དེ་གཉིས་ཕན་ཚུན་ཐ་དད། གཅིག་ཡོད་པ་ལ་གཅིག་ཤོས་ཡོད་པས་ཁྱབ་པ་དེ་ཡོད་ཁྱབ་མཉམ་དང༌། གཅིག་ཡིན་ན་ཅིག་ཤོས་ཡིན་པས་ཁྱབ་པ་དེ། ཡིན་ཁྱབ་མཉམ་གྱི་མཚན་ཉིད་ཡིན་ནོ་ཞེས་མགྲིན་གཅིག་ཏུ་ཟེར་བ་འདི་དག་ཀྱང་རིགས་པ་མ་ཡིན་པར་གྲུབ་སྟེ། ཁྱབ་བྱ་གང་དང་གང་ཡིན་པ་དེ་རང་གི་ཁྱབ་བྱེད་དེ་དང་དེ་ལ་འབྲེལ་དགོས་པའི་ཕྱིར་དང༌། ཁྱབ་མཉམ་ཡིན་ན་ཕན་ཚུན་འབྲེལ་དགོས་པའི་ཕྱིར་རོ། །དེ་ཡང་འདི་ལྟར། བྱས་པ་དང༌། རྟག་པ་དང༌། མི་རྟག་པ་སོགས་ཕན་ཚུན་ཁྱབ་བྱ་ཁྱབ་བྱེད་དང་ཁྱབ་མཉམ་དུ་ཐལ་བར་འགྱུར་ཏེ། མཚན་ཉིད་དེ་དག་རྗེས་སུ་ཞུགས་པའི་ཕྱིར་དང༌། འདོད་པར་ནུས་པ་མ་ཡིན་ཏེ། དེ་དང་འབྲེལ་པ་མེད་པ་ལ་དེའི་ཁྱབ་བྱ་དང༌། དེ་དང་ཁྱབ་མཉམ་དུ་ཁས་ལེན་པ་ནི་རིགས་པ་མཁྱེན་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དེ་ཡང༌། གཞལ་བྱ་ཆོས་ཅན། ཚད་མའི་ཁྱབ་བྱར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། འདོད་ན་ཚད་མ་ཁྱོད་ཀྱི་ཁྱབ་བྱེད་དུ་ཐལ་ཞིང༌། འདོད་པར་མི་ནུས་ཏེ། ཚད་མས་མ་ཁྱབ་པའི་གཞལ་བྱ་ཡོད་པའི་ཕྱིར་དང༌། དེ་གཞལ་བྱའི་བྱེ་བྲག་ཡིན་པའི་ཕྱིར་རོ། །ཡང་དངོས་པོ་ཆོས་ཅན། གཞལ་བྱའི་ཁྱབ་བྱེད་དུ་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། འདོད་ན་དངོས་པོ་ཆོས་ཅན། ཁྱོད་གཞལ་བྱ་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་ཏེ། གཞལ་བྱ་དེ་ཁྱོད་ལ་རྗེས་འགྲོ་འཁྲུལ་པའི་ཕྱིར། དེ་སྐད་དུ་ཡང༌། གོ་བྱ་ལ་ཁྱབ་ཡོད་མིན་ཏེ། །རྒྱུ་ནི་འཁྲུལ་པ་སྲིད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་མི་རྟག་པ་དེ། རིག་སྒྲ་རྩོལ་མ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་ཐལ། དེ་རྩོལ་མ་བྱུང་གི་ཁྱབ་བྱེད་ཡིན་པའི་ཕྱིར། གཞལ་བྱ་ཆོས་ཅན། དངོས་པོ་མ་ཡིན་པའི་ཁྱབ་བྱེད་དང༌། དེ་ཁྱོད་ཀྱི་ཁྱབ་བྱར་ཐལ། མཚན་ཉིད་དེ་དག་ཞུགས་པའི་ཕྱིར། འདོད་ན། མེད་པ་ཆོས་ཅན། གཞལ་བྱར་ཐལ། དངོས་པོར་མེད་པའི་ཕྱིར། ཁྱབ་པར་ཁས་བླངས་པར་ཐལ། དངོས་པོ་མ་ཡིན་པ་ལ་གཞལ་བྱས་ཁྱབ་པ་ཁས་བླངས་པའི་ཕྱིར། དེ་ལྟ་མ་ཡིན་ན་རྟ་ཡང་བ་ལང་གི་ཁྱབ་བྱར་ཁས་བླངས་ན་ཉེས་པ་མེད་པར་འགྱུར་རོ། །མདོར་བསྡུ་ན་ཁྱབ་མཉམ་ཡིན་ན་ཕན་ཚུན་དུ་ཁྱབ་བྱ་དང་ཁྱབ་བྱེད་དང་ཁྱབ་མཉམ་གསུམ་ཀ་ཡིན་དགོས་ན། ཁྱབ་མཉམ་མ་ཡིན་པའི་ཁྱབ་བྱ་དང་ཁྱབ་བྱེད་ཕན་ཚུན་དུ་ཡིན་པར་འགལ་བ་ཡིན་ནོ། །དེ་ཁོ་ནར་མ་ཟད་ཀྱི་གཞལ་བྱ་ལྟ་བུ་རྒྱ་ཆེ་བ་དེ་དངོས་པོ་ལྟ་བུ་རྒྱ་ཆུང་བ་དེའི་ཁྱབ་བྱེད་དུ་འགྱུར་བ་ཡིན་གྱི། རྒྱ་ཆུང་བ་དེ་རྒྱ་ཆེ་བ་དེའི་ཁྱབ་བྱེད་དུ་འགྱུར་བ་མི་སྲིད་དེ། རྒྱ་ཆུང་བ་དེ་རྒྱ་ཆེ་བ་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པ་མི་སྲིད་པའི་ཕྱིར་དང༌། དངོས་པོ་བཀག་ནས་ཆོས་ཅན་གྱི་སྟེང་དུ་གཞལ་བྱ་ལྟ་བུ་འགོག་པའི་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཡང་དག་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལུང་དང་འགལ་བ་ནི། རིག་བྱེད་ཀྱི་སྒྲ་དོན་དང༌། འདུས་བྱས་མི་རྟག་ཅེས་པའི་ཚིག་དང༌། འདུས་བྱས་མི་རྟག་པ་གཉིས་ལ་འབྲེལ་པ་གྲུབ་པར་ཐལ། འབྲེལ་བའི་མཚན་ཉིད་ཚང་བའི་ཕྱིར། འདོད་ན། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །དེ་ལ་དོན་གྲུབ་མིན་ཅེས་དང༌། །དེ་ཡོད་པས་ནི་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ། །ཅེས་སོགས་དང་འགལ། ཡང་འབྲེལ་པ་གྲུབ་ན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་དགོས་ཏེ། གང་དང་གང་འབྲེལ་བ་གྲུབ་ན། དེ་དང་དེ་ལ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་གྲུབ་པས་ཁྱབ། འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ཡིན་ན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་ཡིན་དགོས་པའི་ཕྱིར་ཏེ། འབྲེལ་པ་ངེས་བྱེད་ཀྱི་ཚད་མ་འཆད་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མས་བཤད་ཅིང༌། དེ་ལས་གཞན་པའི་འབྲེལ་པ་ངེས་བྱེད་བཀག་པའི་ཕྱིར་ཏེ། རྟགས་དང་པོ་གྲུབ་སྟེ། ཇི་སྐད་དུ། མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྟོས་པ་ཡིན། །ཞེས་གསུངས་པས་སོ། །རྟགས་གཉིས་པ་གྲུབ་སྟེ། ཇི་སྐད་དུ། རྒྱུ་དང་འབྲས་བུའི་དངོས་པོ་འམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །ཞེས་གསུངས་པས་སོ། །ཡང་གང་དང་གང་ལ་འབྲེལ་པ་གྲུབ་ན། དེ་དང་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་དགོས་ཏེ། ཇི་སྐད་དུ། དེ་ཕྱིར་དེ་ཙམ་འབྲེལ་བ་ཡི། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །བཟློག་པར་འགྱུར་ཞེས་དང༌། འབྲེལ་པ་ཅན་གྱི་ངོ་བོ་ཡང༌། །གཏན་ཚིགས། ཞེས་གསུངས་པའི་ཕྱིར། གཞན་ཡང་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གཉིས། རང་གི་འཇུག་ཡུལ་སྒྲ་ལ་འབྲེལ་མ་འབྲེལ་གྱི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀ་སྒྲ་ལ་འབྲེལ་བར་མཚུངས་པའི་ཕྱིར། འདོད་ན་ཇི་སྐད་དུ། རྗེས་དཔག་དང་ནི་དེར་སྣང་དག །དོན་བྱེད་པ་དང་རྗེས་འབྲེལ་བས། །ཚད་མ་ཉིད་དུ་རྣམ་པར་བཞག །ཅེས་གསུངས་པ་དང་འགལ། །ཡང་སྒྲ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། སྒྲ་ལ་མི་བསླུ་བར་ཐལ། སྒྲ་ཡུལ་དུ་བྱེད་པའི་རྟོག་པ་གང་ཞིག སྒྲ་ལ་རྒྱུད་ནས་འབྲེལ་བའི་ཕྱིར། ཁྱབ་སྟེ། རྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་བསླུ་བྱེད་ཉིད་མ་ཡིན། །ཞེས་གསུངས་པས་སོ། །འདི་ཡང་རྟོག་པ་ལ་དགོངས་ཀྱི། སྤྱིར་བཏང་གི་དབང་དུ་བྱས་ན་རང་ལུགས་ལ་ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཐལ་བར་འགྱུར་རོ། །གཞན་ཡང་དངོས་པོ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། དངོས་པོ་ལ་མི་བསླུ་བར་ཐལ། དངོས་པོའི་ཡུལ་ཅན་གྱི་རྟོག་པ་གང་ཞིག དེ་ལ་འབྲེལ་བའི་ཕྱིར། ཁྱབ་སྟེ། ཇི་སྐད་དུ། དངོས་པོ་ཐ་དད་བསྟེན་ཅན་ཕྱིར། །དོན་ལ་མི་བསླུ་ཡོད་པར་འདོད། །ཅེས་གསུངས་སོ། །ཡང་རྒྱུ་རང་གི་འབྲས་བུ་ལ་འབྲེལ་བར་ཁས་ལེན་པ། གཞུང་གི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་བ་དང༌། ཞེས་གསུངས་པའི་ཕྱིར། དུས་མཉམ་རྫས་གཞན་ལ་འབྲེལ་བ་ཁས་ལེན་པ་ཡང་གཞུང་གི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། གཞན་ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་གསུངས་པས་སོ། །བདག་གཅིག་དང་དེ་བྱུང་གི་འབྲེལ་པ་གང་རུང་ལས་མ་གཏོགས་པའི་འབྲེལ་པ་ཁས་ལེན་པ་ཡང་གཞུང་གི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། འདི་ལས་རྣམ་པར་བཟློག་པས་ཀྱང༌། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་གསུངས་པས་སོ། །གཉིས་པ་ཁས་བླངས་པ་དང་འགལ་བ་ནི། ཁྱེད་ཅག་གི་འབྲེལ་བའི་མཚན་ཉིད་དེ་སྐད་དུ་འདོད་པ་དེ་ནི་རྔོག་ལོ་ཆེན་པོ་དཔོན་སློབ་ཀྱི་ལུང་ཁས་ལེན་པ་དང་འགལ་བ་ཡིན་ཏེ། ལོ་ཆེན་གྱི་རྣམ་པར་ངེས་པའི་ཊཱིཀྐ་ལས། འབྲེལ་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བས་ཁྱབ་པར་བཤད་པའི་ཕྱིར། འོན་ཀྱང་བདག་ཉིད་ཆེན་པོ་དེའི་བཞེད་པ་ལ་རང་བཞིན་གྱི་འབྲེལ་པ་དང༌། གནས་སྐབས་ཀྱི་འབྲེལ་པ་གཉིས་སུ་ཕྱེ་ནས། རང་བཞིན་གྱི་འབྲེལ་བ་ལ་རང་བཞིན་གྱི་རྗེས་སུ་འགྲོ་ལྡོག་ངེས་པ་དང༌། གནས་སྐབས་ཀྱི་འབྲེལ་པ་ལ་གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་ངེས་པས་ཁྱབ་པར་བཞེད་ཅིང༌། དེའི་ཤེས་བྱེད་ཀྱི་ཁུངས་ཀྱང༌། ཇི་སྐད་དུ། འགའ་ཞིག་ཚེ་ནའང་སེམས་རྒྱུན་ལ། །ཕན་འདོགས་བྱེད་པ་ཡིན་སླ་སྟེ། །དེ་ཙམ་གྱིས་ནི་ལྡོག་པ་མིན། །ཞེས་ཁུངས་སུ་མཛད་ཅིང༌། རྟགས་དང་ཆོས་ཅན་ལ་གནས་སྐབས་ཀྱི་འབྲེལ་པ་དང༌། རྟགས་དང་སྒྲུབ་བྱའི་ཆོས་ལ་རང་བཞིན་གྱི་འབྲེལ་པར་བཞེད་ལ། གནས་སྐབས་དང་རང་བཞིན་གྱི་ཁྱད་པར་ཡང་རྗེས་སུ་འགྲོ་ལྡོག་རེ་རེའི་ནང་དུ་གཉིས་ཀ་མ་ཚང་བ་དང་ཚང་བ་ལ་མཛད་པ་དང༌། ཁྱེད་ཀྱིས་ནི་ཕྱེ་བསལ་མེད་པར་སྨྲས་པས་ལུགས་དེ་ལེགས་པར་མ་ཤེས་པ་ཡིན་ནོ། །སློབ་དཔོན་ཕྱྭ་པའི་ལུགས་ཁས་ལེན་པར་འདོད་བཞིན་དུ། དེ་དང་ཡང་འགལ་བ་ཁས་བླངས་པ་ཡིན་ཏེ། ཚད་མ་ཡིད་ཀྱི་མུན་སེལ་ལས། འགལ་ན་འགོག་པ་དང༌། འབྲེལ་ན་སྒྲུབ་པའི་རྣམ་གཞག་རྒྱས་པར་གསུངས་པ་དང༌། འབྲེལ་བ་ལ་གཉིས་ཀྱི་གྲངས་ངེས་མཛད་པ་དང་འགལ་བའི་ཕྱིར། དེར་མ་ཟད་རང་གི་ཚིག་དང་ཡང་འགལ་བ་ཡིན་ཏེ། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལ་འབྲེལ་པ་གྲུབ་བམ་མ་གྲུབ། མ་གྲུབ་ན་བྱས་པ་དང་རྟག་པ་གཉིས་ལ་འབྲེལ་པ་གྲུབ་པར་ཁས་བླངས་པ་དང་འགལ་ཞིང༌། ཚིག་ལྟར་ན། དེ་གྲུབ་ཀྱི་རྟགས་ཆོས་གཉིས་པོ་ཕན་ཚུན་ཐ་དད་ཅིང༌། གཅིག་ཁེགས་ན་གཅིག་ཤོས་ཁེགས་པ་མ་ཡིན་པར་ཐལ། གཉིས་པོ་མ་འབྲེལ་བའི་ཕྱིར་རྟགས་ཁྱབ་ཁས་བླངས་སོ། །གྲུབ་ན་ཁྱེད་ཅག་གི་རྟགས་ཡང་དག་ལ་གསུམ་དུ་གྲངས་ངེས་ཏེ། རྟགས་ཆོས་ཀྱི་འབྲེལ་པ་ལ་གཉིས་སུ་གྲངས་ངེས་པའི་ཕྱིར་ཞེས་ཁས་བླངས་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ལ། རང་ལུགས་མ་ཡིན་པ་ལ་རང་ལུགས་སུ་འཁྲུལ་པ་དགག རང་ལུགས་འཁྲུལ་མེད་བཞག་པའོ། །དང་པོ་ནི། རིགས་གཏེར་གྱི་རྗེས་འབྲངས་ཕལ་ཆེ་བ་དག་ན་རེ། ཆོས་གང་ཞིག་ཆོས་གཞན་མི་འདོར་བ་དེ་འབྲེལ་བའི་མཚན་ཉིད་དུ་འཇོག་པ་ཚད་མ་རིགས་པའི་གཏེར་གྱི་དགོངས་པ་ཡིན་ནོ་ཞེས་ཟེར་རོ། །དེ་དེའི་དགོངས་པ་མ་ཡིན་ཏེ། དེ་སྐད་དུ་གསུངས་པ་དེ་འབྲེལ་པ་དོན་ལ་གྲུབ་པ་འགོག་པའི་སྐབས་ཡིན་གྱི། རང་ལུགས་ཀྱི་འབྲེལ་པའི་མཚན་ཉིད་འཇོག་པའི་སྐབས་མ་ཡིན་པའི་ཕྱིར་དང༌། དེ་ལྟར་ཁས་བླངས་པ་ལ་རིགས་པས་གནོད་པའི་ཕྱིར་དང༌། དེའི་དགོངས་པ་གཞན་དུ་གནས་པའི་ཕྱིར། དང་པོ་ནི་ཕྱི་རོལ་པ་དང་སངས་རྒྱས་པའི་རྟོག་གེ་བ་འབྲེལ་པ་དོན་ལ་གྲུབ་པར་འདོད་པ་དག་ན་རེ། ཆོས་གང་ཞིག་ཆོས་གཞན་མི་འདོར་བ་དེ་རྫས་ཀྱི་སྟེང་ན་ཡོད་ཅིང༌། དེ་འབྲེལ་པ་སྤྱིའི་མཚན་ཉིད་ཡིན་ཏེ། འབྲེལ་པའི་སྒྲ་བཤད་ལས་དེ་ལྟར་བྱུང་བའི་ཕྱིར་ཞེས་ཟེར་བ་དེ་འགོག་པ་ལ། ཆོས་གང་ཆོས་གཞན་མི་འདོར་བ། །འབྲེལ་པ་རྣམས་ཀྱི་སྤྱི་མཚན་དེ། །དངོས་པོ་འདྲེ་བ་མེད་ཕྱིར་དང༌། །དངོས་མེད་ངོ་བོ་མེད་ཕྱིར་མེད། །ཅེས་གསུངས། དེའི་དོན་ཡང་དངོས་མེད་ལ་རྫས་ཀྱི་ཆོས་གཞན་མི་འདོར་བ་དེ་མེད་དེ། དངོས་མེད་ལ་ངོ་བོ་མེད་པའི་ཕྱིར། དངོས་པོ་ལ་རྫས་གཅིག་དང་ཐ་དད་གཉིས་ལས། དང་པོ་ལ་རྫས་ཀྱི་ཆོས་གཞན་མེད། གཉིས་པ་ལ་དུས་མི་མཉམ་པ་དང་མཉམ་པ་གཉིས། དང་པོ་ནི་གཅིག་གིས་གཅིག་དོར་ཟིན་པ་ཡིན་པས་རྫས་ཀྱི་ཆོས་གཞན་མི་འདོར་བ་མེད། གཉིས་པ་ཡང་རང་གི་ངོ་བོ་གཞན་དང་མ་འདྲེས་པའི་ཕྱིར། རྫས་ཀྱི་ཆོས་གཞན་མི་འདོར་བ་དེ་མེད་དོ། །ཞེས་འཆད་པའི་སྐབས་ཡིན་ནོ། །གཉིས་པ་རིགས་པས་མི་འཐད་པ་ནི། འདི་སངས་རྒྱས་པ་དང་ཕྱི་རོལ་པ་གཉིས་ཀ་ཐུན་མོང་དུ་ཁས་ལེན་པའི་འབྲེལ་པའི་མཚན་ཉིད་དང༌། འབྲེལ་པའི་སྒྲ་བཤད་འཆད་པའི་དབང་དུ་བྱས་པ་ཡིན་པས་འདི་ལྟར། ནས་ཀྱི་ས་བོན་ཆོས་ཅན། ནས་མྱུག་དང་འབྲེལ་བར་ཐལ། ཆོས་གང་ཞིག་ཆོས་གཞན་ནས་མྱུག་མི་འདོར་བའི་ཕྱིར་ཏེ། ནས་མྱུག་དེ་ཁྱོད་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར་དང༌། མི་དོར་བའི་དོན་ཕན་ཚུན་གཅིག་གིས་ཅིག་ཤོས་མི་འདོར་བ་ལ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེ་བཞིན་དུ་རྒྱུ་འབྲས་ཐམས་ཅད་ལ་སྦྱར་བར་བྱ་ཞིང༌། འདོད་པར་མི་ནུས་ཏེ། རྒྱུ་འབྲས་བུ་ལ་འབྲེལ་བ་རང་ལུགས་ལ་ཁས་མི་ལེན་པའི་ཕྱིར། ཡང་བྱས་པ་ཆོས་ཅན། སྒྲ་ལ་འབྲེལ་བར་ཐལ། ཆོས་གང་ཞིག་ཆོས་གཞན་སྒྲ་མི་འདོར་བའི་ཕྱིར་ཏེ། སྒྲ་དེ་ཁྱོད་ཀྱི་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར། དེ་བཞིན་དུ་སྤྱི་དང་བྱེ་བྲག་ཐམས་ཅད་ལ་སྦྱར་བར་བྱ་ཞིང་འདོད་པར་མི་ནུས་ཏེ། སྤྱི་བྱེ་བྲག་ལ་འབྲེལ་པར་ཁས་མི་ལེན་པའི་ཕྱིར། སྐབས་འདིར་བཤད་པའི་འབྲེལ་པའི་མཚན་ཉིད་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་དུ་བ་མེ་ལ་འབྲེལ་བ་བཞིན་དུ་མེ་ཡང་དུ་བ་ལ་འབྲེལ་བ་དང༌། བུམ་པ་མི་རྟག་པ་ལ་འབྲེལ་པ་བཞིན་དུ་དེ་ཡང་ཚུར་འབྲེལ་བར་ཁས་ལེན་དགོས་པར་འགྱུར་ཏེ། ཆོས་གཞན་མི་འདོར་བ་ཞེས་པའི་འགྲེལ་པར། སོ་སོར་བཅིངས་ཤིང་ཕན་ཚུན་མི་སྟོང་པ་དེ་འབྲེལ་པའི་སྒྲ་བཤད་དང་མཚན་ཉིད་ཐུན་མོང་བར་བཤད་པའི་ཕྱིར། གཞན་ཡང༌། ཚོགས་པ་གཅིག་པའི་རྡུལ་རྫས་བརྒྱད་དང༌། རྗེ་ཁོལ་དང༌། ཁྱོ་ཤུག་དང༌། གཟུགས་ལ་ལྟ་བཞིན་པའི་མིག་གཟུགས་དང༌། འཁར་གཞོང་ལ་གནས་བཞིན་པའི་རྒྱ་ཤུག་དང་འཁར་གཞོང་སོགས་ཀྱང་འབྲེལ་བར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། ཞུགས་པ་ཡིན་ཏེ། དེ་དག་ཕྱི་རོལ་པས་འབྲེལ་བར་འདོད་པ་གང་ཞིག བཤད་མ་ཐག་པའི་མཚན་ཉིད་དེ་ཕྱི་ནང་གཉིས་ཀའི་འབྲེལ་བའི་མཚན་ཉིད་ཐུན་མོང་བར་འགྲེལ་པ་ལས་གསུངས་པའི་ཕྱིར། གསུམ་པ་དགོངས་པ་གཞན་དུ་མི་གནས་པ་ནི། རིགས་པ་མཁྱེན་པས་འབྲེལ་པ་བརྟག་པར་འབྲེལ་པ་དོན་ལ་གྲུབ་པ་འགོག་པ་ན་འབྲེལ་པ་དོན་དམ་པར་མ་གྲུབ་སྟེ། འབྲེལ་བ་དོན་ལ་བསྒྲུབ་པར་ཁས་ལེན་པའི་ཕྱི་རོལ་པ་དང༌། འཇིག་རྟེན་པ་དང༌། དངོས་སྨྲ་བ་གཞན་དག་གིས་འབྲེལ་པའི་མཚན་ཉིད་དུ་ཁས་བླངས་པའི་ཆོས་གཉིས་ཕན་ཚུན་དུ་མི་སྟོང་པ་དེ་རྫས་ཀྱི་སྟེང་ན་མེད་པའི་ཕྱིར་ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། འགལ་ཡང་འབྲེལ་པའི་མཚན་ཉིད་ནི། །གཉིས་དང་གནས་ཀྱི་གཞན་དུ་མིན། །ཞེས་གསུངས་སོ། །མདོར་བསྡུ་ན། ཆོས་གང་ཆོས་གཞན་མི་འདོར་བ། །ཞེས་པའི་གཞུང་གིས་ནི་གཉིས་པོ་ཕན་ཚུན་མི་སྟོང་ཞིང་མི་འདོར་བ་དེ་འབྲེལ་པའི་མཚན་ཉིད་དུ་སྒྲ་ཟིན་ལ་བསྟན་ཞིང༌། དེ་རང་ལུགས་ལ་འབྲེལ་བའི་མཚན་ཉིད་དུ་མི་རུང་བ་དང༌། གཞུང་འདིས་ནི་ཕྱི་རོལ་པ་དང་འཇིག་རྟེན་པ་འབྲེལ་པ་དོན་ལ་གྲུབ་པར་འདོད་པ་ཀུན་ལ་གྲགས་པའི་འབྲེལ་པའི་མཚན་ཉིད་དེ། དོན་ལ་མ་གྲུབ་པའི་ཚུལ་བཤད་པ་མ་ཤེས་པས་ལེན་པ་ཡིན་ནོ། །གཞན་ཡང་ཁྱེད་ཅག་ལྟར་ན་ཆོས་གཞན་ཕར་མི་འདོར་བའམ་ཚུར་མི་འདོར་བ་གང་ཡིན་བརྟགས་ན་འཇིག་ལ། གཞུང་དེའི་དགོངས་པ་ནི་གཉིས་ཀས་གཉིས་ཀ་མི་འདོར་བ་ཡིན་ནོ། །གཉིས་པ་མི་འཁྲུལ་བའི་རང་ལུགས་བཞག་པ་ནི། ཆོས་དེ་ལས་ཐ་དད་པའི་སྒོ་ནས་ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ་ཆོས་དེ་ལ་འབྲེལ་བའི་མཚན་ཉིད། ཆོས་དེ་དང་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པའི་སྒོ་ནས་ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ་ཆོས་དེ་ལ་བདག་གཅིག་ཏུ་འབྲེལ་བའི་མཚན་ཉིད། ཆོས་དེ་དང་ངོ་བོ་ཐ་དད་པའི་སྒོ་ནས་ཆོས་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དེ་ཆོས་དེ་ལ་དེ་བྱུང་འབྲེལ་པའི་མཚན་ཉིད་ཡིན་ནོ། །འདིར་ཕན་ཚུན་འབྲེལ་པ་ལ། དང་ཞེས་བྱ་བ་བསྡུད་པའི་སྒྲ་དང༌། ཕར་འབྲེལ་བ་ལ། ལ་ཞེས་བྱ་བ་བདུན་པའི་སྦྱོར་བ་ཡིན་ནོ། །འདིར་མཚན་ཉིད་ཀྱི་ཟུར་དུ་ཐ་དད་ཅེས་མ་སྦྱར་ཀྱང་ཆོག་མོད། གཞུང་ནས་བཤད་པའི་རྗེས་སུ་འགྲོ་ལྡོག་གི་དོན། མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་དང༌། མི་མཐུན་པའི་ཕྱོགས་ལ་མེད་པ་ཁོ་ན་ཞེས་གསུངས་པ་དེ་ལྡོག་པ་གཅིག་ལ་ཡང་ཚང་བ་སྲིད་པ་ལ་བསམས་པ་ཡིན་ནོ། །འོ་ན་རྗེས་སུ་འགྲོ་ལྡོག་གཉིས་གང་རུང་གཅིག་མི་འཁྲུལ་བ་ཞེས་སྨོས་པས་ཆོག་མོད། གཉིས་ཀ་སྨོས་པས་ཅི་ཞིག་བྱ་ཞེ་ན། རྗེས་འགྲོ་མ་འཁྲུལ་བ་ཙམ་གྱིས་འབྲེལ་བ་གྲུབ་པར་བཞག་མི་ནུས་ཏེ། རྗེས་འགྲོ་ཙམ་ནི་གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་ཡང་ཡོད་པའི་ཕྱིར། དེ་ལྟ་ན་ཡང་ལྡོག་པ་མ་གྲུབ་པའི་རྒྱུ་མཚན་གྱིས་མ་ངེས་པར་བཞག་པ་ཡིན་ཏེ། འཁྲུལ་པ་ཅན་མ་ངེས་པའི་གཉེན་པོར་བཟློག་པ་ལ་ངེས་བརྗོད་མཛད་པས་སོ། །ཡང་ཕྱི་རོལ་པ་དང་ཐུན་མོང་དུ་ཁས་ལེན་པའི་འབྲེལ་པ་ཙམ་པོ་ལ་རྗེས་འགྲོ་མི་འཁྲུལ་བ་ཙམ་གྱིས་ཆོག་ཀྱང༌། རང་ལུགས་ཀྱི་མེད་ན་མི་འབྱུང་བའི་འགྲེལ་བ་ངེས་པ་ལ་བཟློག་པ་མི་འཁྲུལ་བ་སྔོན་དུ་འགྲོ་དགོས་ཏེ། དཔེར་ན་དུ་བ་མེ་ལས་སྐྱེ་བར་ཚད་མས་ཤེས་ཀྱང༌། བརྒྱ་བྱིན་གྱི་སྤྱི་བོ་ལས་མི་སྐྱེ་བར་མ་ཤེས་ན་མེ་དུའི་འབྲེལ་པ་མི་ངེས་པ་བཞིན་ནོ། །མདོར་ན་རྗེས་འགྲོ་ཙམ་པོ་འཁྲུལ། རྗེས་འགྲོ་ཁྱད་པར་ཅན་གྱི་ནང་དུ་བཟློག་པ་འདུས་པས་འབྲེལ་པ་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མི་འཁྲུལ་བ་དགོས་ཞེས་པའོ། །འོ་ན་བཟློག་པ་ཙམ་གྱིས་ཆོག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྟགས་འགའ་ཞིག་མི་མཐུན་པའི་ཕྱོགས་ལས་བཟློག་ཀྱང༌། མཐུན་ཕྱོགས་ལ་རྗེས་སུ་མི་འགྲོ་བ་མཐོང་བའི་ཕྱིར། དཔེར་ན་ཚད་མས་དམིགས་པ་དེ་ཚད་མས་མ་དམིགས་པ་ལས་ལྡོག་ཀྱང་ཚད་མས་དམིགས་པ་ལ་རྗེས་སུ་མི་འགྲོ་བ་བཞིན་ནོ། །ཡང་ཆོས་ཅན་གཞི་གྲུབ་པའི་སྟེང་དུ་ཡང་མི་མཐུན་ཕྱོགས་ལས་ལྡོག་པར་ངེས་ཀྱང༌། མཐུན་ཕྱོགས་ལ་རྗེས་འགྲོ་མ་ངེས་པ་ཡོད་དེ། མཉན་བྱའི་དངོས་པོ་དེ་རྟག་པ་ལས་ལྡོག་པར་ངེས་ཀྱང༌། མི་རྟག་པ་ལ་ཡོད་པར་མ་ངེས་པ་སྲིད་པ་བཞིན་ནོ། །རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ཅེས་པ་ཡང་སེལ་ངོར་ཡིན་གྱི། དོན་ལ་གྲུབ་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་རྟོག་ཡུལ་ལ་འཇིག་རྟེན་གྱི། །ཐ་སྙད་བཞིན་དུ་དབྱེ་བསྡུ་དང༌། །སྔ་ཕྱི་བཟུང་ནས་སྦྲེལ་བ་ཡིས། །འཇུག་ཡུལ་སྒྲུབ་ཕྱིར་འབྲེལ་པར་འཐད། །ཅེས་གསུངས་པས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གསུམ་སྟེ། མཚན་མཚོན་གོ་རིམ་ལྡོག་པའི་རྩོད་པ་སྤང་བ། མ་ཁྱབ་པའི་རྩོད་པ་སྤང་བ། ཁྱབ་ཆེས་པའི་རྩོད་པ་སྤང་བའོ། །དང་པོ་ནི་མཚན་ཉིད་དེ་མི་འཐད་དེ། རྣམ་པར་ངེས་པ་ལས། འབྲེལ་པ་ངེས་པ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཡོད་པ་མ་ཡིན་ནོ་ཞེས་དང༌། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱིས་ཞེས་དང༌། འབྲེལ་ཤེས་ན་ཞེས་སོགས་དང༌། རིགས་པའི་གཏེར་ལས་ཀྱང༌། རྟགས་དང་བསྒྲུབ་བྱ་འབྲེལ་སྟོབས་ཀྱིས། །ཡོད་མེད་ངེས་པའི་རྗེས་འགྲོ་ལྡོག །ཅེས་འབྲེལ་པ་ངེས་པའི་འོག་ཏུ་རྗེས་སུ་འགྲོ་ལྡོག་ངེས་དགོས་པར་བཤད་པའི་ཕྱིར། ཞེ་ན་ཉེས་པ་དེ་ཡོད་པ་མ་ཡིན་ཏེ། སྤྱིར་འབྲེལ་པ་ངེས་བའི་ཚུལ་ལ་གཉིས་ལས། མི་ཤེས་པ་ཤེས་པར་བྱེད་པ་དང༌། ཤེས་ཟིན་དྲན་ལམ་དུ་འཕེན་པར་བྱེད་པའོ། །དང་པོ་ནི། རྗེས་སུ་འགྲོ་ལྡོག་ཚད་མས་ཤེས་པ་སྔོན་དུ་བཏང་ནས་འབྲེལ་པ་ངེས་པར་བྱེད་དགོས་པ་ཡིན་ཏེ། སྡེ་བདུན་དུ་རྗེས་སུ་འགྲོ་ལྡོག་ངེས་བྱེད་ཀྱི་ཚད་མ་ལས་གཞན་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གསུངས་པ་མེད་པའི་ཕྱིར། གཉིས་པ་ནི། འབྲེལ་པ་ཤེས་ཤིང་མ་དྲན་པའི་རྒོལ་བ་ལ་རྗེས་སུ་འགྲོ་ལྡོག་གཉིས་ལས་གང་རུང་ཅིག་སྨྲས་པས་གཉིས་ཀ་དྲན་ལམ་དུ་འཕངས་པའི་སྒོ་ནས་འབྲེལ་པ་ལ་དྲན་པ་བསྐྱེད་ནུས་པ་ཡིན་ཏེ། དེ་ལྟར་ནུས་པའི་རྒྱུ་ཚོགས་གྲངས་ཚང་སྔོན་དུ་སོང་བའི་ཕྱིར། རྒྱུ་མཚན་དེ་ལྟར་ན་འབྲེལ་པ་མི་ཤེས་པ་ཤེས་པ་ལ་རྗེས་སུ་འགྲོ་ལྡོག་ངེས་པ་སྔོན་དུ་འགྲོ་དགོས། ཚུལ་གསུམ་དྲན་ལམ་དུ་འཕེན་པ་ལ་འབྲེལ་པ་ངེས་པ་སྔོན་དུ་འགྲོ་དགོས་པ་གཞུང་གི་དགོངས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་རྗེས་སུ་འགྲོ་ལྡོག་གི་སྒྲུབ་བྱེད་དུ་འབྲེལ་པ་འགོད་པ་ནི་སྐབས་ཀྱི་དོན་མ་ཡིན་ཏེ། དོན་བྱེད་ནུས་རང་མཚན་དུ་འཕེན་པ་དངོས་པོའི་ཐ་སྙད་ངེས་པའི་སྔོན་དུ་འགྲོ་དགོས་ཀྱང་དེ་དེའི་སྒྲུབ་བྱེད་མིན་པ་བཞིན་ནོ། །གཉིས་པ་ནི། དངོས་པོ་དང་དངོས་མེད་གཉིས་དང༌། བདེན་པ་གཉིས་དང༌། ཆོས་ཅན་དང་ཆོས་ཉིད་ལ་སོགས་པ་རྣམས་ཀྱང་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་འགྱུར་ཏེ། འབྲེལ་པའི་ཕྱིར། ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པའི་ཕྱིར་ཞེ་ན། དེ་དག་ངོ་བོ་གཅིག་པ་མ་ཡིན་ཏེ། རྫས་ཀྱི་སྟེང་དུ་ཡང་ངོ་བོ་མི་གཅིག རྟོག་ངོའི་ངོ་བོ་གཅིག་པས་ངོ་བོ་གཅིག་པའི་གོ་མི་ཆོད་ཅིང༌། ཆོད་དུ་ཆུག་ཀྱང་དེ་དག་རྟོག་ངོའི་ངོ་བོ་གཅིག་པ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྫས་ཀྱི་སྟེང་ན་དངོས་མེད་ལ་ངོ་བོ་མེད་པའི་ཕྱིར་དང༌། ཀུན་རྫོབ་བདེན་པ་སྣང་ཡུལ་དུ་བྱེད་པའི་ཚུ་རོལ་མཐོང་བའི་མངོན་སུམ་གྱིས་དོན་དམ་པའི་བདེན་པ་སྣང་ཡུལ་དུ་བྱེད་པ་མ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྟོག་ངོར་དེ་གཉིས་འགལ་བར་སྣང་བའི་ཕྱིར། དེས་མཚོན་ནས། བུམ་པའི་སྤྱི་དང༌། གཞན་སེལ་དང༌། ལྡོག་པ་རྣམས་ཀྱང་བུམ་པ་དང་འབྲེལ་བ་མ་ཡིན་ཏེ། རྟོག་ངོར་བུམ་པ་མིན་པ་རྣམ་པར་བསལ་ཙམ་དེ་བུམ་པ་རང་མཚན་དང་བདག་གཅིག་ཏུ་ཡང་མ་འབྲེལ། དེ་བྱུང་དུ་ཡང་མ་འབྲེལ་བའི་ཕྱིར། དང་པོ་གྲུབ་སྟེ། དེ་བུམ་པ་དང་ངོ་བོ་མི་གཅིག་པའི་ཕྱིར་ཏེ། རྫས་ཀྱི་སྟེང་དུ་ངོ་བོ་མི་གཅིག་ཅིང༌། རྟོག་ངོར་དེ་གཉིས་ངོ་བོ་གཅིག་ན་རྟོག་ངོར་ཐ་དད་དུ་སྣང་བ་མེད། དེ་མེད་ན་རྟོག་ངོར་དེ་གཉིས་ལ་འབྲེལ་བ་མེད་དགོས་པའི་ཕྱིར། ཡང་བུམ་པ་རང་མཚན་དང༌། བུམ་པ་གཞན་སེལ་གྱི་རང་ལྡོག་ནས་དོན་ལ་ཐ་དད་མེད་པ་དང་རྟོག་པས་ཐ་དད་དུ་འབྱེད་པའི་རྟོག་པའི་ངོར་ནི། ཆོས་ཅན་དང་བྱེ་བྲག་གང་ཡིན་པ་དེ་རང་གི་སྤྱི་དང༌། རང་གི་ལྡོག་པའི་ཆོས་དེ་ལ་འབྲེལ་པར་ཁས་ལེན་པ་ཡིན་གྱི། སྤྱི་བྱེ་བྲག་ལ་འབྲེལ་བ་དང༌། ལྡོག་པའི་ཆོས་རང་གི་རྫས་ལ་འབྲེལ་བར་ཁས་ལེན་པ་མ་ཡིན་ནོ། །དོན་གྱི་རང་གི་ངོ་བོ་གཅིག །ཅེས་སོགས་ཀྱི་དོན་ལ་བརྟགས་ན་རྫས་ཀྱི་སྟེང་གི་ལྡོག་པ་རྣམས་རྫས་དང་ངོ་བོ་མི་གཅིག་པར་བཞེད་དོ། །གསུམ་པ་ནི། བུ་རམ་གྱི་རོ་གཟུགས་གཉིས་ལ་འབྲེལ་པ་གྲུབ་པར་གྱུར་ཏེ། དེ་གཉིས་ཕན་ཚུན་རྗེས་འགྲོ་མི་འཁྲུལ་བའི་ཕྱིར་དང༌། དུ་རྒྱུ་ནུས་པ་ཐོགས་མེད་དེ་ཡང་དུ་བ་ལ་འབྲེལ་བར་འགྱུར་ཏེ། དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཡང་ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་ཡང་ནས་མྱུག་ལ་འབྲེལ་བར་འགྱུར་ཏེ། དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཞེ་ན་ཉེས་པ་དང་པོ་མེད་དེ། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་མིན་ཀྱང༌། བུ་རམ་གྱི་རོ་ད་ལྟར་བ་དེ་བུ་རམ་གྱི་གཟུགས་སྔ་མ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་རྒྱུ་མཚན་གྱིས། བུ་རམ་གྱི་རོ་ད་ལྟར་བའི་རྟགས་ཀྱི་བུ་རམ་གྱི་གོང་བུ་ད་ལྟར་བའི་སྟེང་དུ་བུ་རམ་གྱི་གཟུགས་ད་ལྟར་བ་སྒྲུབ་པའི་ཁྱབ་པ་མི་འཁྲུལ་བར་བཞག་པ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་གྱིས་དེ་འཇོག་ནུས་པ་ཡིན་ཏེ། དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གྲུབ་པ་ན། དེ་དེའི་འབྲས་བུར་གྲུབ་པ་གང་ཞིག དེ་གྲུབ་པ་ན་བུ་རམ་གྱི་རོ་ད་ལྟར་བ་དང༌། དེའི་གཟུགས་ད་ལྟ་བ་གཉིས་ཚོགས་པ་གཅིག་ན་ཡོད་པར་གྲུབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། བུ་རམ་གྱི་རོ་ད་ལྟར་བ་དེ་བུར་གཟུགས་སྔ་མའི་འབྲས་བུར་གྲུབ་པ་ན། བུ་རམ་གྱི་རོ་གཟུགས་ད་ལྟར་བ་གཉིས་ཚོགས་པ་གཅིག་ལ་རག་ལས་སུ་གྲུབ་པའི་ཕྱིར། མདོར་ན་བུར་རོ་ད་ལྟར་བ་ཆོས་ཅན། ཁྱོད་བུར་གཟུགས་ད་ལྟར་བ་དང་མ་འབྲེལ་ཡང་དེ་གྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་གྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་བུར་གཟུགས་སྔ་མ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར་ཏེ། གཞི་དེར་བུར་གཟུགས་ད་ལྟར་བ་དང་བུར་གཟུགས་སྔ་མ་ཡོད་པར་རྟོགས་པའི་རྗེས་དཔག་གཉིས་ཀྱི་རྟེན་གཏན་ཚིགས་ཡང་དག་གཅིག་ཡིན་པའི་ཕྱིར་ཏེ། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །ཞེས་སོ། །དེས་ན་དོན་ནི་འདི་ཡིན་ཏེ། བུ་རམ་གྱི་རོ་གཟུགས་ད་ལྟ་བ་གཉིས་ལ་འབྲེལ་བ་མེད་ཀྱང་གཞི་གང་ན་དེ་གཉིས་གཅིག་ཡོད་ལ་གཅིག་ཡོད་ཀྱིས་ཁྱབ་པ་གྲུབ་པ་ཡིན་ཏེ། དེ་གཉིས་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་ཕྱིར། དེ་ཡིན་ཏེ། བུར་རོ་ད་ལྟར་བ་དེ་བུར་གཟུགས་སྔ་མའི་འབྲས་བུ་དང༌། བུར་གཟུགས་ད་ལྟར་བ་དེ་བུར་རོ་སྔ་མའི་འབྲས་བུར་གྲུབ་པའི་ཕྱིར། དཔེར་ན་དུ་བ་དང་བུད་ཤིང་གི་འགྱུར་བ་གཉིས་ལ་འབྲེལ་པ་མེད་ཀྱང༌། དུ་བ་མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གྲུབ་པ་ན། དུ་བའི་རྟགས་ཀྱིས་ལ་ལ་བུད་ཤིང་གི་འགྱུར་བ་སྒྲུབ་པའི་ཁྱབ་པ་མི་འཁྲུལ་བར་འཇོག་ནུས་པ་བཞིན་ནོ། །ཉེས་པ་གཉིས་པས་མི་གནོད་པའི་ཚུལ་ལ་རྟགས་འདི་གང་ལ་འགོད་དགོས་པའི་ཡུལ་དང་རྒྱུ་མཚན་ངོས་བཟུང༌། དེས་ན་ཉེས་པ་དེ་མེད་པར་བསྟན་པའོ། །དང་པོ་ནི། མེ་དུ་འབྲེལ་བ་ངེས་ཤིང་དུ་བ་འདུས་བྱས་སུ་མ་ངེས་པའི་རྒོལ་བ་འགའ་ཞིག་གི་ངོར། དུ་བའི་རྒྱུ་ནུས་པ་ཐོགས་མེད་རྟགས་སུ་བཀོད་ནས་དུ་བ་འདུས་བྱས་སུ་གྲུབ་པ་ཡིན་གྱི། དུ་ལྡན་གྱི་ལ་ལ་དུ་བ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་རྒོལ་གྱི་ངོར། དུ་བ་ཡོད་པར་སྒྲུབ་པ་ལ་གཏན་ཚིགས་འདི་འགོད་དགོས་པ་མ་ཡིན་ཏེ། དེ་འདྲ་མི་སྲིད་པའི་ཕྱིར་དང༌། གང་ངེས་དཀའ་བ་རྟགས་སུ་བཀོད་ནས། ངེས་སླ་བ་དེ་སྒྲུབ་པར་རིགས་པ་མ་ཡིན་པའི་ཕྱིར། རྟགས་འགོད་པའི་ཚུལ་ནི། དུ་ལྡན་གྱི་ལ་ཆོས་ཅན། དུ་བ་འདུས་བྱས་ཡིན་ཏེ། མེ་ལས་དུ་བ་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཞེས་པ་ཡིན་ལ། དེའི་ཚེ་ན་སྐྱེ་བཞིན་པའི་དུ་བ་དང་འདུས་བྱས་ཀྱི་དུ་བ་གཉིས་བདག་གཅིག་ཏུ་འབྲེལ་བ་ཡིན་ལ། དེ་གཉིས་བདག་གཅིག་ཏུ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེས་དུ་རྒྱུ་ནུས་པ་ཐོགས་མེད་ཀྱི་རྟགས་ལས། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པར་སྒྲུབ་པའི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། བཀོད་ཚོད་ལ་དུ་ལྡན་གྱི་ལ་ཆོས་ཅན། དུ་བ་ཡོད་དེ་དུ་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར། ཞེས་བཀོད་ཀྱང་སོང་ཚོད་ལ་དུ་བ་སྐྱེ་བཞིན་པ་རྟགས་དང༌། འདུས་བྱས་ཀྱི་དུ་བ་ཆོས་དང་མེ་ལས་དུ་བ་སྐྱེ་བར་མངོན་སུམ་གྱིས་མཐོང་བའི་ཚང་མང་ལྟ་བུ་ཆོས་ཅན་དུ་སོང་བ་ཡིན་ནོ། །དེ་ལྟར་ན་དུ་རྒྱུ་ནུས་པ་ཐོགས་མེད་དེ་དུ་བ་ལ་དངོས་སུ་མ་འབྲེལ་ཡང༌། དེ་སྒྲུབ་ཀྱི་ཁྱབ་པ་མི་འཁྲུལ་བ་ཡིན་ཏེ། རྟགས་ཀྱི་ཁྱད་པར་བྱེད་ཆོས་སོང་ཚོད་དུ་བ་སྐྱེ་བཞིན་པ་དེ་ཆོས་ཀྱི་ཁྱད་པར་བྱེད་ཆོས་སམ་སོང་ཚོད་འདུས་བྱས་ཀྱི་དུ་བ་ལ་བདག་གཅིག་ཏུ་འབྲེལ་བའི་ཕྱིར། རིགས་གཏེར་གྱི་འགྲེལ་པར། དུ་རྒྱུ་ནུས་པ་ཐོགས་མེད་དུ་བ་ལ་དེ་བྱུང་དུ་འབྲེལ་བར་བཤད་པའི་འཁྲུལ་གཞི་ཅུང་ཟད་སྣང་ཡང༌། དགོངས་པ་མ་ཡིན་ཏེ། གཅིག་ཕྱིར་ཐ་དད་སྐྱོན་མི་འགོག །ཅེས་པའི་འགྲེལ་པར་བཤད་མ་ཐག་པའི་དོན་འདི་ཉིད་གསུངས་པའི་ཕྱིར། ཚུ་རོལ་མཐོང་བ་རྣམས་ཀྱིས་དུ་བའི་རྒྱུ་ནུས་པ་ཐོགས་མེད་སྐད་ཅིག་གཅིག་པོ་དེ་ངེས་མི་ནུས་པས་དུ་བ་སྐྱེ་བཞིན་པར་མཐོང་བའི་ཚེ་དེའི་སྔ་ལོགས་ཀྱི་སྐད་ཅིག་དང་པོ་དེ་ལ་ནུས་པ་ཐོགས་མེད་ཀྱི་སྒྲས་བསྟན་པ་ཡིན་ནོ། །ཉེས་པ་གསུམ་པས་ཀྱང་མི་གནོད་དེ། རྒྱུ་ཚོགས་གྲངས་ཚང་དེ་འབྲས་བུ་སྐྱེ་རུང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་གྱི། འབྲས་བུ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར། ཡང་ཁྱབ་ཆེས་པའི་དོགས་པ་འདི་ཡང་སྐྱེ་བར་འགྱུར་ཏེ། མེ་མེད་པ་དེ་དུ་བ་མེད་པ་ལ་འབྲེལ་བར་ཐལ། དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར་ཏེ། དེ་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་བདག་གཅིག་ཏུ་ཡང་མ་འབྲེལ། དེ་བྱུང་དུ་ཡང་མ་འབྲེལ་བའི་ཕྱིར། བདག་གཅིག་ཏུ་འབྲེལ་ན་དེ་གཉིས་ལ་བདག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་པར་འགྱུར་ཞིང༌། དེའང་དེ་ལྟ་ན་དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ཡིན་ན། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པར་མི་འགལ་བར་འགྱུར་ཏེ། མེ་མེད་ཀྱི་རྟགས་ཀྱིས་དེ་དེར་སྒྲུབ་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་ན། དེར་མི་འགལ་བའི་ཕྱིར་སྙམ་དུ་དོགས་པར་འགྱུར་རོ། །དེའི་ལན་ནི་འདི་ཡིན་ཏེ། མེ་མེད་ཀྱི་རྟགས་ཀྱིས་དེར་བསྒྲུབ་པའི་རྗེས་འགྲོ་གྲུབ་ཀྱང༌། མེ་མེད་དེ་དུ་མེད་ལ་རྗེས་སུ་འགྲོ་མི་དགོས་ཏེ། དེར་དེ་ལ་དངོས་འབྲེལ་མ་གྲུབ་པའི་ཕྱིར། དེ་ལ་ཁྱབ་པ་མེད་པའི་རྒྱུ་མཚན་ཡང་མེ་མེད་དང་དུ་མེད་ཀྱི་ངེས་རྒྱུའི་རྗེས་འགྲོ་དེ་ཡིན་ན། དེ་འབྱུང་འབྲེལ་པ་ངེས་བྱེད་ཀྱི་ངེས་རྒྱུའི་རྗེས་འགྲོ་ཡིན་དགོས་ཏེ། དེ་ནི་རྒྱུ་འབྲས་མིན་པ་ལ་མི་འབྱུང་བའི་ཕྱིར། ཚུལ་གསུམ་དྲན་ལམ་དུ་འཕངས་པའི་དུས་ཀྱི་རྗེས་འགྲོ་དེ་དང་འབྲེལ་པ་གཏན་ལ་འབེབས་པའི་རྗེས་འགྲོ་གཉིས་པོ་ངོས་འཛིན་ཚུལ་སྒྲུབ་པའི་གཏན་ཚིགས་ཀྱི་སྐབས་སུ་གཅིག་ཀྱང་དགག་པའི་གཏན་ཚིགས་ཀྱི་སྐབས་སུ་མི་མཐུན་པ་ཡིན་ཏེ། མེ་མེད་ན་དུ་བ་མེད་པས་ཁྱབ་པ་དེ་མེ་མེད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་སྒྲུབ་ངག་གིས་དྲན་ལམ་དུ་འཕངས་པའི་རྗེས་འགྲོ་ཡིན་ཀྱང༌། དེ་སྐོར་གྱི་རྟགས་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱིས་ངེས་རྒྱུའི་རྗེས་འགྲོ་མ་ཡིན་པའི་ཕྱིར་དང༌། ཡང་བུམ་པ་མེད་པའི་རྟགས་ཀྱིས་བུམ་པ་ཚད་མས་མ་དམིགས་པར་ཐལ་བའི་ངག་དེའི་ངེས་རྒྱུའི་རྗེས་འགྲོ་མ་གྲུབ་ཀྱང་ཐལ་བ་དེའི་ཁྱབ་འབྲེལ་ངེས་བྱེད་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་ཀ་གྲུབ་པའི་ཕྱིར། འོ་ན་མེ་མེད་དེ་དུ་བ་མེད་ལ་མ་འབྲེལ་ན་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ་བ་དང༌། ཇི་སྐད་དུ། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས། །གཏན་ཚིགས་མཚན་ཉིད་སྐྱོན་མེད་ཡིན། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ཞེ་ན། དང་པོ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། འདི་ལྟར། བུ་རམ་གྱི་རོ་ད་ལྟར་བ་དེ། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ་བ་དང༌། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ་དེ་འདྲའི་གཞིར་གྲངས་རེག་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ་བ་དང༌། མེ་མེད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་པ་ངེས་པ་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས་གཅིག་ཆར་དུ་དགོས་པར་ཐལ་བའི་ཕྱིར། དང་པོ་ལ་འདོད་མི་ནུས་ཏེ། རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་གི་མཚན་གཞི་མེད་པར་ཐལ་བའི་ཕྱིར། རྟགས་མ་གྲུབ་ན་ནི་དེ་གཉིས་དུས་མཉམ་རྫས་གཞན་མ་ཡིན་པར་འགྱུར་རོ། །ཐལ་བ་གཉིས་པ་ལ་རྟགས་མ་གྲུབ་ན་དེ་དེ་ལ་བདག་གཅིག་ཏུ་འབྲེལ་ལམ་དེ་བྱུང་དུ་འབྲེལ། དང་པོ་ལྟར་ན། གང་གིས་གནོད་བྱས་ནུས་མེད་དུ། །སྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར། །ཞེས་གསུངས་པ་དང༌། གཉིས་པ་ལྟར་ན་ཇི་སྐད་དུ། དངོས་འབྲེལ་བཀག་ཟིན་ལྷན་ཅིག་ན། །མི་གནས་ཚོགས་པས་བསྐྱེད་པ་འཁྲུལ། །ཞེས་གསུངས་པ་དང་འགལ་ལོ། །ཡང་ཉེས་པ་གཉིས་པས་ཀྱང་མི་གནོད་དེ། ཕྱོགས་ཆོས་གྲུབ་ཅིང་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འོ་ན་དེ་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་ན་དེ་གཉིས་འབྲེལ་དགོས་སོ་ཞེ་ན་དེ་ཡང་དགོས་པ་མ་ཡིན་ཏེ། ཚད་མས་མ་དམིགས་པའི་རྟགས་ཀྱིས་བདག་མེད་པར་སྒྲུབ་པའི་རྟགས་ཆོས་ལ་བཟློག་འབྲེལ་ངེས་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར་དང༌། མེ་མེད་དང་དུ་མེད་ལ་དེ་འབྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར་དང༌། དུ་རྒྱུ་ནུས་པ་ཐོགས་མེད་དང་དུ་བ་གཉིས་ལ་བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར་དང༌། འགོག་པའི་བདེན་པ་དང་བར་ཆད་མེད་ལམ་ལ་ཡང་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར་དང༌། དུ་བ་ཡོད་པ་དེ་མེ་ཡོད་པ་ལ་དེ་བྱུང་དུ་མ་འབྲེལ་ཀྱང་དེ་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། དེ་ལྟ་མོད་ཀྱི་བུ་རམ་གྱི་རོ་གཟུགས་དང་དུ་བ་དང་བུད་ཤིང་གི་འགྱུར་བ་གཉིས་ཀྱིས་ནི་ཁྱད་པར་གྱི་གཞི་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་ཡིན་གྱི། ཁོང་རང་གཉིས་ཀྱི་ངོ་བོ་ལ་དེ་སྒྲུབ་པ་མ་ཡིན་ནོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ལ། འབྲེལ་བ་དང༌། སྡོམ་པ་དང༌། བཅིངས་པ་དང༌། འཆིང་བ་དང༌། འདུས་པ་དང༌། ཚོགས་པ་རྣམས་སྐད་དོད་དང་སྒྲ་བཤད་གཅིག་པ་ཡིན་ཏེ། འདི་ལྟར། འབྲེལ་པའི་སྐད་དོད་པྲ་ཏི་བྷནྡྷ་ཞེས་དང༌། སྡོམ་པའི་སྐད་དོད་སམྦྷ་ར་ཞེས་དང༌། བཅིངས་པའི་སྐད་དོད་བནྡྷེ་དང༌། འཆིང་བའི་སྐད་དོད་བནྡྷ། འདུས་པའམ་ཚོགས་པའི་སྐད་དོད་སམ་བྷ་ར་ཞེས་པ་རྣམས་སྐད་དོད་གཅིག་ལ་ལོ་ཙྭ་བའི་འགྱུར་གྱི་ཁྱད་པར་ཡིན་པས་སྒྲ་བཤད་པ་ཡང་དེ་དག་ཉིད་ཡིན་ནོ། །ཕྱི་རོལ་པ་རང་སྡེ་གཞན་དག་ནི་འབྲེལ་པའི་སྒྲ་ཡངས་པར་བྱེད་ཅིང༌། ཕུང་ཁམས་སྐྱེ་མཆེད་བཞིན་དུ་སྒྲ་བཤད་ཀྱི་སྒོ་ནས་མཚན་ཉིད་འཇོག་པར་བྱེད་དོ། །སྡེ་བདུན་མཛད་པའི་རང་ལུགས་ལ་ནི་འབྲེལ་པའི་སྒྲ་དོག་པར་མཛད་ནས། བདག་གཅིག་གི་དང་དེ་བྱུང་ལས་གཞན་པའི་འབྲེལ་པ་མི་བཞེད་དོ། །དེ་བྱུང་ཡང་ཆོས་མངོན་པ་ལས། རྒྱུ་འབྲས་དུས་མཉམ་པ་ལ་ཡང་བཞེད་མོད། འདིར་ནི་དུས་མཉམ་རྫས་གཞན་ལ་དེ་བྱུང་གི་འབྲེལ་པ་མི་བཞེད་ཅིང༌། བདག་གཅིག་གི་འབྲེལ་པ་ལ་ཡང་ཕན་ཚུན་འབྲེལ་པས་ཁྱབ་པར་མི་བཞེད་དོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། འབྲེལ་པ་ནི་གཉིས་ཏེ། དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་དང༌། སྒྲོ་བཏགས་པའི་འབྲེལ་པའོ། །འདི་གཉིས་གཙོ་ཕལ་དུ་ལེགས་ལ། ཡང་ན། དངོས་པོར་ཡོད་པ་ལ་བརྟེན་པའི་འབྲེལ་པ་དང༌། དངོས་པོར་མེད་པ་ལ་བརྟེན་པའོ། །དང་པོ་ལ་གཉིས། འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་ཀ་དངོས་པོར་ཡོད་པ་ལ་བརྟེན་པ་དང༌། གང་རུང་གཅིག་དངོས་པོར་ཡོད་པ་ལ་བརྟེན་པའོ། །དང་པོ་ལ་དངོས་ཕྱོགས་ཀྱི་འབྲེལ་པ་དང༌། ལྡོག་ཕྱོགས་ཀྱི་འབྲེལ་པའོ། །དང་པོ་ལ་དངོས་ཀྱི་འབྲེལ་པ་དང༌། རྒྱུད་པའི་འབྲེལ་པའོ། །དང་པོ་ནི། བྱས་མི་རྟག་གི་འབྲེལ་པ་ལྟ་བུའོ། །གཉིས་པ་ནི་དུ་བ་ཡོད་པ་དང༌། མེ་ཡོད་པ་གཉིས་རང་ལྡོག་ནས་དངོས་པོར་མེད་པའི་ཕྱིར། དངོས་འབྲེལ་མེད་ཀྱང་དེ་གཉིས་ཀྱི་ཁྱད་པར་བྱེད་ཆོས་མེ་དུ་གཉིས་ལ་འབྲེལ་པ་ཡོད་པ་ལྟ་བུ་དང༌། བུ་རམ་གྱི་རོ་ད་ལྟར་བ་དང་གཟུགས་ད་ལྟར་བ་གཉིས་ལ་དངོས་འབྲེལ་མེད་ཀྱང་རོ་ད་ལྟར་བ་དེ་གཟུགས་ད་ལྟར་བའི་ཁྱད་པར་བྱེད་ཆོས་གཟུགས་སྔ་མ་ལ་འབྲེལ་པ་ལྟ་བུའོ། །གཉིས་པ་བཟློག་ཕྱོགས་ཀྱི་འབྲེལ་བ་ལ་ཡང༌། བཟློག་ཕྱོགས་ལ་དངོས་འབྲེལ་གྲུབ་པ་དང༌། ལྡོག་ཕྱོགས་ལ་རྒྱུད་འབྲེལ་གྲུབ་པའོ། །དང་པོ་ནི། རྟག་པ་དང་མ་བྱས་པ་ལྟ་བུ་དང༌། དོན་བྱེད་ནུས་སྟོང་དང༌། དངོས་མེད་ལྟ་བུའོ། །གཉིས་པ་ནི་མེ་མེད་དང་དུ་མེད་ལྟ་བུ་དང༌། ཤིང་མེད་དང་ཤ་པ་མེད་ལྟ་བུའོ། །དེ་དག་ལ་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་བ་ཞེས་བྱ་སྟེ། དེ་དག་ཐམས་ཅད་ལ་དངོས་པོ་དང་བཟློག་པ་གང་རུང་ལ་རྩ་བ་དངོས་འབྲེལ་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་རེ་རེ་ཡོད་ཅིང༌། ཚད་མ་དེས་བཤད་མ་ཐག་པ་དེ་དག་གི་ཁྱབ་པ་མི་འཁྲུལ་བར་བྱེད་པའི་ཕྱིར། གཉིས་པ་གང་རུང་གཅིག་དངོས་པོར་མེད་པ་ལ་བརྟེན་པ་ནི། ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་བཅུ་གཉིས་ཀྱི་འབྲེལ་པ་ལྟ་བུའོ། །གཉིས་པ་གཉིས་ཀ་དངོས་མེད་ལ་བརྟེན་པ་ནི་ཤེས་བྱ་དང༌། གཞལ་བྱའི་འབྲེལ་བ་ལྟ་བུ་དང༌། ཚད་མས་དམིགས་པ་དང༌། ཡོད་པའི་འབྲེལ་པ་ལྟ་བུའོ། །འདི་དག་ལ་སྒྲོ་བཏགས་པའི་འབྲེལ་པ་ཞེས་བྱ་སྟེ། དངོས་འབྲེལ་དང་ལྡོག་འབྲེལ་གང་ཡང་རྩི་རྒྱུ་མེད་པར་འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་ཀའམ། གང་རུང་གཅིག་རྣམ་པར་རྟོག་པས་སྒྲོ་བཏགས་པ་ལ་བརྟེན་ཡིན་པའི་ཕྱིར། དེ་དག་ལ་དངོས་འབྲེལ་མེད་དེ། ཡོད་ན་གཉིས་ཀ་དངོས་པོར་ཐལ་བའི་ཕྱིར། ལྡོག་འབྲེལ་ཡང་མེད་དེ། ལྡོག་འབྲེལ་གྱི་ཙ་བ་ཡང་དངོས་འབྲེལ་ལ་ཐུག་པའི་ཕྱིར་རོ། །འདི་དང་སྔ་མ་གཉིས་ཀའི་འབྲེལ་པ་རང་གི་ངོ་བོ་སྒྲོ་བཏགས་ཡིན་པ་ལ་ཁྱད་པར་མེད་ཀྱང༌། རྟེན་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་དང༌། རྟེན་དེས་མ་གྲུབ་པར་རྟོག་པས་སྒྲོ་བཏགས་པའི་ཁྱད་པར་ལས་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་དང་སྒྲོ་བཏགས་པའི་འབྲེལ་པ་ཞེས་རྣམ་པར་བཞག་པ་ཡིན་ནོ། །ཤེས་བྱ་ལྟ་བུ་གཞལ་བྱ་ལ་འབྲེལ་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མི་འགྲུབ་པ་ནི་མ་ཡིན་ཏེ། ཤེས་བྱ་གཞལ་བྱ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་གྲུབ་པའི་ཕྱིར། སྤྱིར་འབྲེལ་པ་སྒྲུབ་བྱེད་གྲགས་ཡིད་ཀྱི་ཚད་མ་ཡང་མ་གྲུབ་པ་མ་ཡིན་ཏེ། གྲགས་ཡིད་ཀྱི་རྟགས་འགའ་ཞིག་གི་རྟགས་ཆོས་ཀྱི་འབྲེལ་པ་བཞིན་ནོ། །འདི་ཡང་མཐར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ལ་ཐུག་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཡང་འབྲེལ་པ་མཚན་ཉིད་པ་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་ལ། བདག་གཅིག་གི་འབྲེལ་པ་དང༌། དེ་བྱུང་གི་འབྲེལ་པའོ། །དང་པོ་ནི། བྱས་པ་དང་མི་རྟག་པ་ལྟ་བུ་དོན་ལ་རྫས་གཅིག་ཏུ་གནས་ཤིང༌། རྟོག་པས་ལྡོག་པ་ཐ་དད་དུ་བཟུང་བ་རྣམས་སོ། །འདི་དག་ལ་དངོས་པོ་སྟོབས་ཞུགས་ཀྱི་བདག་གཅིག་འབྲེལ་གྲུབ་པ་ཡིན་ཏེ། དེ་རྣམས་རྫས་གཅིག་ཡིན་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། གཉིས་པ་ནི། དོན་ལ་རྫས་ཐ་དད་དང་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་གྲུབ་པའི་ས་མྱུག་དང༌། མེ་དུ་ལ་སོགས་པ་རྣམས་སོ། །འདི་དག་ལ་དངོས་པོ་སྟོབས་ཞུགས་ཀྱི་དེ་བྱུང་འབྲེལ་པ་གྲུབ་པ་ཡིན་ཏེ། དོན་ལ་རྒྱུ་འབྲས་དང་རྫས་ཐ་དད་དུ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། གཉིས་པ་སྒྲོ་བཏགས་ཀྱི་འབྲེལ་པ་ལ། བདག་གཅིག་གི་འབྲེལ་པ་དང༌། དེ་བྱུང་གི་འབྲེལ་པའོ། །དང་པོ་ནི། མཚན་མཚོན་དང༌། སྤྱི་བྱེ་བྲག་དང༌། མིང་དོན་གྱིས་འབྲེལ་པ་རྣམས་སོ། །འདི་དག་ལ་སྒྲོ་བཏགས་ཀྱི་འབྲེལ་པ་ཞེས་བྱ་སྟེ། འདི་དག་དོན་ལ་རྫས་གཅིག་ཏུ་མེད་བཞིན་དུ་རྟོགས་པས་གཅིག་ཏུ་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་དང༌། རེས་འགའ་རྟོག་པ་ལ་ཐ་དད་དུ་སྣང་ཀྱང་རེས་འགའ་རྟོག་པ་ལ་ཐ་དད་དུ་སྣང་བ་མེད་པས། དངོས་པོའི་སྟོབས་ཀྱིས་འབྲེལ་པར་བཞག་མི་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དོན་ནོག་སོགས་འདུས་པའི་གོང་བུ་ལ་བ་ལང་ཞེས་བྱའི་ཐ་སྙད་དོན་ལ་གནས་པ་མེད་ཀྱང༌། བརྡའ་སྦྱོར་རྒན་པོས་ཐ་སྙད་སྦྱར་ཞིང་སྦྱར་བ་ལྟར་འདི་ནི་བ་ལང་ངོ་སྙམ་དུ་ཞེན་པའི་རྟོག་པས་གཅིག་ཏུ་བརྡའ་ཆད་བྱས་ཤིང༌། དེ་གཉིས་མཚན་མཚོན་དང་མིང་དོན་ཞན་པའི་རྟོག་པས་ཐ་དད་དུ་ཕྱེ་བ་ཙམ་ལ་བརྟེན་ནས། བདག་གཅིག་གི་འབྲེལ་དུ་སྒྲོ་བཏགས་པ་ཡིན་ནོ། །དེ་བཞིན་དུ་ཤིང་བསལ་རྣམས་དང༌། དེ་ལ་རྗེས་སུ་འགྲོ་བའི་ཤིང་ཙམ་དེ་རྫས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། ཤིང་ཙམ་རྫས་སུ་མ་གྲུབ་པའི་ཕྱིར། དེ་ལྟ་ན་ཡང་ཤ་པ་འདི་ནི་ཤིང་ངོ་སྙམ་དུ་ཞེན་པའི་རྟོགས་པས་གཅིག་ཏུ་ཞེན་ཅིང༌། དེ་གཉིས་སྤྱི་དང་བྱེ་རག་ཏུ་ཞེན་པའི་རྟོག་པས་ཐ་དད་དུ་ཞེན་པ་ལ་བརྟེན་ནས་བདག་གཅིག་པའི་འབྲེལ་པར་སྒྲོ་བཏགས་པ་ཡིན་ནོ། །དེ་ལྟར་ན་ངོ་བོ་གཅིག་དང་ལྡོག་པ་ཐ་དད་པ་གཉིས་ཀ་རྟོག་པས་སྒྲོ་བཏགས་པའི་ཐ་དད་པ་རྣམས་ལ། སྒྲོ་བཏགས་ཀྱི་བདག་གཅིག་གི་འབྲེལ་པ་དང་ལྡོག་པ་ཐ་དད་རྟོགས་པས་སྒྲོ་བཏགས་ཡིན་ཀྱང༌། ངོ་བོ་གཅིག་ཏུ་དོན་ལ་གནས་པ་རྣམས་ལ་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་རྣམ་པར་བཞག་པ་ཡིན་ནོ། །ཇི་སྐད་བཤད་པ་དེ་ནི་རྟོག་ཡུལ་ན་ཡོད་པའི་དོན་རྣམས་ལ། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ནི། འགོག་པའི་བདེན་པ་དང་དེ་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་ལྟ་བུ་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་དང༌། དེའི་བསྟན་བྱའི་དོན་ལྟ་བུ་དོན་ལ་རྒྱུ་འབྲས་དང་རྫས་གཞན་དུ་མ་གྲུབ་ཀྱང་རྟོག་པས་རྒྱུ་འབྲས་སུ་སྒྲོ་བཏགས་པ་ལྟ་བུའོ། །དེའི་རྒྱུ་མཚན་ཡང་མཐོང་སྤངས་སྤངས་པའི་འགོག་པ་དང༌། མཐོང་ལམ་བར་ཆད་མེད་ལམ་གཉིས་རྒྱུ་འབྲས་སུ་གྲུབ་པ་མ་ཡིན་ཏེ། ཅིག་ཤོས་འདུས་མ་བྱས་ཡིན་པའི་ཕྱིར། དེ་ལྟ་ན་ཡང་དེའི་སྟོབས་ཀྱིས་ཐོབ་པ་ལ་དེ་ལས་དེ་སྐྱེས་སོ། །དེ་ལས་དེ་བྱུང་ངོ་ཞེས་རྟོག་པས་སྦྲེལ་བར་བྱེད་དོ། །དེ་ལྟ་ན་ཡང་དེ་གཉིས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ནི་ཁྱད་པར་བྱེད་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པར་འོག་ནས་འཆད་པར་འགྱུར་རོ། །སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྟོན་པའི་ལུང་དང༌། དེ་ལས་དེ་འབྱུང་བ་གཉིས་ཀྱང་རྒྱུ་འབྲས་མཚན་ཉིད་པ་མ་ཡིན་ཏེ། དོན་དེ་ལ་མིང་དེ་སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་སྦྱར་བ་ཙམ་ཡིན་གྱི། དུ་བ་མེའི་འབྲས་བུ་ཡིན་པ་ལྟར་དངོས་པོའི་སྟོབས་ཀྱིས་གྲུབ་པ་མ་ཡིན་པའི་ཕྱིར་དང༌། དེ་ལ་གཞན་དུ་ན་སྒྲ་དངོས་དབང་གིས་འཇུག་པ་དང༌། སྤྱད་པ་ལས་བདེ་བ་འབྱུང་བར་སངས་རྒྱས་ཀྱིས་གསུངས་པ་དེ་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་ཉིད་དུ་ཐལ་བར་འགྱུར་ཏེ། མིང་དེ་དང་དེ་དོན་དེ་དང་དེ་ལ་འཇུག་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། དེ་བཞིན་དུ་ས་བོན་མེད་པས་མྱུ་གུ་མ་སྐྱེས་པ་དང༌། ཆར་པ་མ་བབ་པས་ལོ་ཉེས་པ་དང༌། ཟས་མེད་པས་བུ་ཤི་བ་དང༌། རྒྱུ་མ་འགགས་པས་འབྲས་བུ་མ་སྐྱེས་པ་དང༌། འབྲས་བུ་སྐྱེས་པས་རྒྱུ་འགགས་པ་དང༌། ཚ་རེག་གིས་གྲང་རེག་ནུས་མེད་བསྐྱེད་པ་དང༌། གྲངས་རེག་གིས་ཚ་རེག་ནུས་མེད་བསྐྱེད་པ་དང༌། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བ་སོགས་རྒྱུ་འབྲས་རྫས་གཞན་དུ་མེད་ཀྱང༌། རྗེས་སུ་སྐྱེས་པའི་རྟོག་པས་དེ་ལས་དེ་བྱུང་ངོ་ཞེས་སྦྲེལ་བའི་ཕྱིར་སྒྲོ་བཏགས་པའི་འབྲེལ་པར་བཞག་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་དངོས་འབྲེལ་མེད་མོད། རྩ་བ་དེ་བྱུང་འབྲེལ་པ་ལ་ཐུག་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་རེ་རེ་ཡོད་པས་གཏན་ཚིགས་ཡང་དག་སྦྱར་དུ་རུང་བ་ཡིན་ནོ། །དོན་དེ་དག་ནི་ཇི་སྐད་དུ། མཚན་ཉིད་དང་ནི་མཚོན་བྱ་དང༌། །སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །བརྟགས་པས་འགྲུབ་ཀྱི་གཞན་དུ་མིན། །ཞེས་དང༌། ཁས་བླངས་པ་དང་གྲགས་པ་གཉིས། །སྒྲོ་བཏགས་ཡིན་ཕྱིར་ཁོངས་སུ་བསྡུ། །ཞེས་གསུངས་པའི་དགོངས་པ་ལས་འབྱུང་བ་ཡིན་ནོ། །གཞན་ཡང་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གི་རྟགས་ཆོས་གཉིས་ཀྱི་འབྲེལ་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་དང༌། གྲགས་ཡིད་ཀྱི་རྟགས་གཉིས་ཀྱིས་རྟགས་ཆོས་ཀྱི་འབྲེལ་པ་ལ་སྒྲོ་བཏགས་པའི་འབྲེལ་པ་ཞེས་བྱ་བ་འདི་ཡང་ངེས་པར་གྲུབ་པ་ཡིན་ནོ། །ད་ནི་མཚན་གཞི་སོ་སོའི་དབྱེ་བ་བཤད་པར་བྱ་སྟེ། འབྲས་བུའི་གཏན་ཚིགས་ཡང་དག་དང་རྒྱུ་མ་དམིགས་པ། མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་དག་དང་ཐལ་འགྱུར་ཡང་དག་རྣམས་ནི་རྩ་བ་དེ་བྱུང་གི་འབྲེལ་པ་ལ་བརྟེན་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་དང་ཁྱབ་བྱེད་མ་དམིགས་པ། རང་བཞིན་དང་དངོས་འབྲས་མ་དམིགས་པའི་གཏན་ཚིགས་དང༌། ཐལ་འགྱུར་ཡང་དག་རྣམས་ནི་རྩ་བ་བདག་གཅིག་གི་འབྲེལ་པ་ལ་བརྟེན་པ་ཡིན་ནོ། །ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་བཅུ་གཉིས་ཀྱི་རྟགས་ཆོས་ལ་སློབ་དཔོན་ཕྱྭ་པ། དངོས་འབྲེལ་དང་ཁྱད་པར་དུ་དེ་བྱུང་གི་འབྲེལ་མ་གྲུབ་པར་བཞེད་པ་ནི་རིགས་པ་མ་ཡིན་ཏེ། རིགས་པས་མི་འཐད་པ་དང༌། ཁས་བླངས་ནང་འགལ་བའི་ཕྱིར་རོ། །དང་པོ་ནི། དགག་བའི་གཏན་ཚིགས་རྣམས་ལ་དངོས་འབྲེལ་གྲུབ་པ་རིགས་པ་མ་ཡིན་ཏེ། དེ་གྲུབ་ན་སྒྲུབ་པའི་གཞི་ལྡོག་ནས་དངོས་པོར་འགྱུར་ལ། དེ་ལྟ་ན་སྒྲུབ་པའི་གཏན་ཚིགས་སུ་ཐལ་བའི་ཕྱིར་རོ། །གཉིས་པ་ནི། འོ་ན་གྲང་རེག་སྐོར་བཞི་མེད་པ་ཆོས་ཅན། མ་ཡིན་དགག་ཏུ་ཐལ། དགག་པ་གང་ཞིག སོ་སོ་ན་ཚ་རེག་སྐོར་བཞིའི་རྒྱུ་ཡིན་པའི་ཕྱིར། འདོད་ན་གཏན་ཚིགས་དེ་དག་ཆོས་ཅན། སྒྲུབ་པའི་གཏན་ཚིགས་སུ་ཐལ། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་མ་ཡིན་དགག་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། འཁོར་གསུམ་ཞལ་གྱིས་བཞེས་པ་ཡིན་ནོ། །དོན་དེ་འགོག་པ་ལ་རིགས་གཏེར་ལས་ནི། དངོས་འབྲེལ་བཀག་ཟིན་ལྷན་ཅིག་ན། །མི་གནས་ཚོགས་པས་བསྐྱེད་པ་འཁྲུལ། །ཞེས་གསུངས་ལ། འདིའི་འགྲེལ་པར། རེག་བྱ་བཏང་སྙོམས་པ་སྲིད་པའི་ཕྱིར། ཞེས་གསུངས་པ་ནི་ལུགས་འདི་ལ་སྐྱོན་དུ་མི་འཇུག་ཅིང༌། ཚ་རེག་སྐོར་བཞི་རྒྱུ་དང་གྲང་རེག་ནུས་མེད་སོགས་འབྲས་བུར་འདོད་པ་ལ་འཇུག་པར་སྣང་བས་དཔྱད་དགོས་པར་སྣང་ངོ༌། །ཇི་ལྟར་འཇུག་ཅེ་ན། འདི་ལྟར། གྲང་རེག་ནུས་མེད་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་ཚ་རེག་སྒྲུབ་པ་ལ་ཁྱབ་པ་མི་འཁྲུལ་བར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། འདོད་ན་རེག་བྱ་བཏང་སྙོམས་པ་དང་ལྡན་པའི་གཞིས་མ་ངེས་སོ། །ཡང་དེར་མ་ཟད་ཀྱི་ཚ་རེག་སྐོར་བཞི་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་གྲང་རེག་སྐོར་བཞི་འགོག་པ་ལ་ཁྱབ་པ་འཁྲུལ་བར་ཐལ། ཁྱོད་གྲང་རེག་ནུས་མེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཇི་སྐད་དུ། འབྲས་བུ་ན་ཡང་ག་ལ་ངེས། །ཞེས་གསུངས་པས་སོ་སྙམ་པའི་དོགས་པ་དེ་རྟོག་ལྡན་ལ་ངེས་པར་སྐྱེ་བ་ཡིན་པས་སོ། །དོགས་པ་དེ་བསལ་ནས། རང་ལུགས་ལ་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་གཏན་ཚིགས་ཀྱི་འབྲེལ་བ་གྲུབ་ཚུལ་ནི་འདི་ཡིན་ཏེ། ཚ་རེག་སྐོར་བཞིས་གཞི་འགའ་ཞིག་ཏུ་གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་མི་འཁྲུལ་བ་ཡིན་ཏེ། གྲང་རེག་ལོག་དུས་ཀྱི་ཚ་རེག་དེ་རང་གི་གནོད་བྱ་གྲང་རེག་མེད་པ་དེ་དང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར། དེ་ཡིན་ཏེ། དེ་རང་གི་གནོད་བྱ་གྲང་རེག་ནུས་མེད་དང༌། དུས་མཉམ་པའི་ཚ་རེག་དེའི་འབྲས་བུ་ཡིན། དེ་ཡང་གནོད་བྱ་གྲང་རེག་དང་ཕྲད་དུས་ཀྱི་ཚ་རེག་དེའི་འབྲས་བུ་ཡིན་པའི་ཕྱིར། དཔེར་ན་དུ་བ་མེའི་འབྲས་བུ་དང་མེ་ཡང་བུད་ཤིང་གི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་དུ་བས་དུ་ལྡན་གྱི་ལ་ལ་བུད་ཤིང་གིས་འགྱུར་བ་དཔོག་པའི་ཁྱབ་པ་མི་འཁྲུལ་བ་བཞིན་ནོ། །ཞེས་བྱ་བ་ནི། སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གཞན་ཡོད་མིན། །ཞེས་དང༌། དེས་ན་གནོད་བྱ་གནོད་བྱེད་གཉིས། །རྒྱུ་འབྲས་བཞིན་དུ་ཐ་དད་ཡིན། །ཞེས་གསུངས་པའི་དགོངས་པ་ལ་གྲུབ་པ་ཡིན་ནོ། །ཡང་ན་བདག་གཅིག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་གྲུབ་པ་ཡིན་ཏེ། འདི་ལྟར་ཚ་རེག་སྐོར་བཞི་ཆོས་ཅན། རང་གི་གནོད་བྱ་གྲང་རེག་སྐོར་བཞི་མེད་པ་ལ་རྗེས་སུ་འགྲོ་ལྡོག་མ་འཁྲུལ་བ་ཡིན་ཏེ། དེ་ཁྱོད་ཀྱི་སྤྱི་དང༌། གཞན་སེལ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྐབས་དེར་མེད་དགག་སྒྲུབ་བྱའི་ཆོས་སུ་བཟུང་བ་ཡིན་གྱི། མ་ཡིན་དགག་གི་དངོས་པོ་སྒྲུབ་བྱའི་ཆོས་སུ་མ་སོང་བའི་ཕྱིར་ཞེས་བཤད་པ་ལེགས་པ་ཡིན་ནོ། །དེ་ལས་གཞན་དུ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཆོས་ལ་འབྲེལ་བ་གཉིས་པོ་གང་ཡང་མེད་པར་འགྱུར་ཏེ། རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་སྒྲུབ་བྱའི་ཆོས་སུ་བཟུང་བའི་ཕྱིར་ཞེས་བྱ་བའི་ཐལ་བ་བཟློག་པར་དཀའོ། །ཞེས་བྱ་བ་འདི་ནི་ལེགས་པར་བཤད་པའི་རྣམ་གྲངས་གཅིག་ཡིན་ནོ། །ཕན་ཚུན་སྤང་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཆོས་གཉིས་ལ་ནི་མཐའ་གཅིག་ཏུ་བདག་གཅིག་གི་འབྲེལ་པ་དང༌། དེ་ཡང་སེལ་ངོར་ངོ་བོ་གཅིག་པའི་བདག་གཅིག་འབྲེལ་བ་ཁོ་ན་ཡིན་ནོ། །གསུམ་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ། སྒྲུབ་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་ན། དགག་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཞར་ལ་རྟོགས་ནུས་པ་ཡིན་ཏེ། དགག་རྟགས་ཡང་དག་རྣམས་ནི་ཕལ་ཆེར་ལྡོག་འབྲེལ་ལ་ལྟོས་པའི་ཕྱིར་དང༌། བཟློག་པ་ལ་དངོས་འབྲེལ་མེད་པ་དེ་དག་ཀྱང༌། བཟློག་པ་སྒྲུབ་བྱེད་ཀྱི་རྗེས་འགྲོ་སྒྲུབ་ཕྱོགས་ཁོ་ན་ནས་འཇོག་དགོས་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་སྡེ་བདུན་མཛད་པའི་གཞུང་དུ་དགག་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ལོགས་སུ་མ་གསུངས་སོ། །དེའི་ཕྱིར། འདི་ལ་གཉིས་ཏེ། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། འབྲས་བུའི་རྟགས་ཡང་དག་གི་འགྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པ་དང༌། དོན་སྒྲུབ་ཀྱི་བཤད་པའོ། །དང་པོ་ནི། གྲགས་པའི་གཏན་ཚིགས་ཡང་དག་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། འདི་ལ་གཉིས་ཏེ། བརྡའ་སྦྱར་རུང་གི་མཐའ་སྙད་འབའ་ཞིག་སྒྲུབ་པ་དང༌། བརྡའ་སྦྱར་ཟིན་གྱི་ཐ་སྙད་འབའ་ཞིག་སྒྲུབ་པ་གཉིས་སོ། །དང་པོ་ནི། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལྟ་བུའོ། །འདིའི་འབྲེལ་པ་སྒྲུབ་བྱེད་ནི་དེ་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཡུལ་ལ་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ངེས་པར་བྱེད་དོ། །དེ་ཐམས་ཅད་དེར་རུང་བ་དེ་དངོས་པོ་སྟོབས་ཞུགས་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གལ་ཏེ་ཡིན་ན་སྒྲ་བརྗོད་འདོད་ཀྱི་དབང་གིས་ཕར་མ་བཞག་པར་དོན་གྱི་དབང་གིས་ཚུར་བཞག་པར་ཐལ་བའི་ཕྱིར་རོ། །ནས་མྱུག་སྐྱེ་རུང་སོགས་དང་མི་མཚུངས་ཏེ། དེ་དག་ནི་སྒྲ་དང་རྟོག་པས་བཞག་པ་མ་ཡིན་གྱི། དངོས་པོའི་སྟོབས་ལས་འོངས་པའི་ཕྱིར་རོ། །འདི་ནི་བསྒྲུབ་བྱ་གྲགས་པ་ཡིན་པའི་ཕྱིར། སྒྲུབ་བྱེད་ཀྱང་གྲགས་པའི་གཏན་ཚིགས་སོ། །གཉིས་པ་ལ། མཚན་མཚོན་གྱི་འབྲེལ་པ་ངེས་བྱེད་དང༌། སྤྱི་དང་བྱེ་བྲག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། དོན་བྱེད་ནུས་པའི་རྟགས་ཀྱིས་བུམ་པ་དངོས་པོའི་ཐ་སྙད་བྱ་རུང་དུ་སྒྲུབ་པ་ལྟ་བུ་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པ་ཐམས་ཅད་དོ། །དེའི་ཚེ་ན་དེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། གང་དོན་བྱེད་ནུས་པ་ཐམས་ཅད་ལ་དངོས་པོའི་ཐ་སྙད་བྱ་རུང་བ་ཡིན་ཞིང༌། རུང་བ་ལྟར་བརྡ་སྦྱོར་རྒན་པོས་བརྡའ་སྦྱོར་བའི་འོག་རོལ་དུ་སྐྱེས་བུས་ཐ་སྙད་བྱས་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ངེས་པར་བྱེད་དོ། །དེ་ཡང་ཇི་སྐད་དུ། གཉིས་ཀའང་སྦྱོར་བ་གསུམ་པར་ཐུག །བཞི་པ་ཕན་ཆད་དགོས་ནུས་མེད། །ཅེས་གསུང་པ་ལས་གྲུབ་པ་ཡིན་ནོ། །གཉིས་པ་ནི། ཙནྡན་དམར་པོའི་ལྗོན་པ་ཆོས་ཅན། ཤིང་གི་ཐ་སྙད་བྱ་རུང་བ་ཡིན་ཏེ། ཙནྡན་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །དེའི་ཚེ་ཡང་ཙནྡན་ཆོས་ཅན། ཤིང་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་དོན་མཐུན་གྱི་ངོར་ཤིང་མིན་མཐའ་དག་ལས་བཟློག་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ངེས་པར་བྱེད་དོ། །འདི་ཡང་གྲགས་པའི་གཏན་ཚིགས་སོ། །དེ་ཡང་ཇི་སྐད་དུ། དངོས་རྣམས་ལ་ཡོད་དེ་ཡི་ཕྱིར། །དངོས་ལ་མཉན་པ་དེ་མཐའ་ཅན། །ཞེས་པས་བསྟན་ནོ། །འདི་དག་གི་རྩ་བའི་བསྒྲུབ་བྱ་དང་ཁྱབ་འབྲེལ་ནི་གྲགས་པས་གྲུབ་པ་ཡིན་ལ། དེ་གྲགས་པས་གྲུབ་པའི་སྒྲུབ་བྱེད་ནི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ལ་བརྟེན་པ་ཡིན་ཏེ། ཇི་སྐད་དུ། བརྡའ་སྤྲོད་པ་དག་སྒྲ་དོན་ལ། །དངོས་འབྲེལ་འདོད་པ་སྔར་བཀག་ཟིན། །བརྗོད་འདོད་དབང་གིས་འཇུག་པ་ཡང༌། །བསྒྲུབས་ཟིན་དེས་ན་གྲགས་པའང་འགྲུབ། །ཅེས་གསུངས་པ་ལྟར་རོ། །དེ་ཡང་སྒྲ་བརྗོད་འདོད་ཀྱི་དབང་གིས་མི་འཇུག་པ་ལ་དངོས་པོ་སྟོབས་ཞུགས་ཀྱིས་གནོད་པ་ཡིན་ནོ། །གཉིས་པ་དོན་གྲུབ་ལ། རང་བཞིན་གྱི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་དང༌། འབྲས་བུའི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ་མཚན་ཉིད་པ་དངོས་འབྲེལ་ལ་བརྟེན་པ་དང༌། རྗེས་མཐུན་པ་སྒྲོ་བཏགས་ཀྱི་འབྲེལ་པ་ལ་བརྟེན་པའི་གཏན་ཚིགས་སོ། །དང་པོ་ནི། བྱས་པའམ་ཡོད་པའི་རྟགས་ཡང་དག་གིས་སྒྲ་མི་རྟག་པར་སྒྲུབ་པ་དང༌། བྱས་པའམ་ཡོད་པའི་རྟགས་ཀྱིས་ནམ་མཁའ་མི་རྟག་པར་ཐལ་བ་ལྟ་བུའོ། །འདི་ལ་རྗེས་འགྲོ་སྒྲུབ་བྱེད་ལྟོས་མེད་ཀྱི་གཏན་ཚིགས་དང༌། བཟློག་པ་སྒྲུབ་བྱེད་གནོད་པ་ཅན་གྱི་གཏན་ཚིགས་ལ་བརྟེན་པའི་ཚད་མ་གཉིས་ཀྱིས་ངེས་པར་བྱེད་དོ། །འདི་ལ་སློབ་དཔོན་ཆོས་མཆོག་ན་རེ། ཁྱབ་པ་སྒྲུབ་བྱེད་དངོས་ནི་གནོད་པ་ཅན་གྱི་གཏན་ཚིགས་ཡིན་ལ། ལྟོས་མེད་ཀྱི་གཏན་ཚིགས་ནི་དེའི་ལམ་སྦྱོང་ཡིན་ནོ་ཞེས་གསུངས་པ་ནི་མི་འཐད་དེ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་བསྒྲུབ་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་རྐྱང་པས་ཆོག་གི གནོད་པ་ཅན་གྱི་གཏན་ཚིགས་མི་དགོས་པའི་ཕྱིར་དང༌། ཡོད་པའི་གཏན་ཚིགས་ཀྱིས་དེར་སྒྲུབ་པའི་ཁྱབ་འབྲེལ་སྒྲུབ་པ་ལ་གཉིས་ཀ་དགོས་ཀྱང་དགོས་པ་སོ་སོ་བ་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྐྱེ་ལྡན་གྱི་ཆོས་འགའ་ཞིག་ནི་རང་གྲུབ་ཙམ་ནས་འཇིག་པ་ཡོད་ཀྱང༌། སྐྱེ་ལྡན་གྱི་དངོས་པོ་གཞན་ཐམས་ཅད་འཇིག་རྒྱུ་དོན་གཞན་གྱིས་འཇིག་པ་ཡིན་ནོ་ཞེས་ཟེར་བ་དེ་འགོག་པའི་ཆེད་དུ། ལྟོས་མེད་ཀྱི་གཏན་ཚིགས་གསུངས་པ་ཡིན་ཅིང༌། དེ་ལས་ལོགས་སུ་བཟློག་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་མི་དགོས་ཏེ། བྱས་པ་དང་རྟག་པའི་གཞི་མཐུན་འདོད་པའི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་སུ་ཡང་མི་སྣང་བའི་ཕྱིར་རོ། །རྟགས་གཉིས་པ་སྒྲུབ་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་འཇུག་ཚུལ་ནི་སྔ་མ་དང་འདྲ་ལ། དེ་ལས་ལོགས་སུ་བཟློག་པ་བསྒྲུབ་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་འཆད་དགོས་ཏེ། དངོས་པོ་དང་རྟག་པའི་གཞི་མཐུན་འདོད་པའི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་ཏུ་མ་སྣང་བའི་ཕྱིར། དོན་དེ་དག་ནི་ཇི་སྐད་དུ། ཇི་ལྟར་སྐྱེ་ལྡན་འགའ་ཞིག་ནི། །ཐོགས་བཅས་ཉིད་འདོད་དེ་བཞིན་དུ། །ཡོད་རྣམས་འཇིག་པའི་རང་བཞིན་ཡིན། །སྐྱེ་ལྡན་མིན་པ་མིན་ཞེ་ན། །ཞེས་སོགས་ཕྱོགས་སྔ་ཕྱིའི་དགོངས་པ་ལས་ཤེས་པ་ཡིན་ནོ། །དེའི་ཕྱིར་དར་ཊཱིཀ་པ་སོགས་རྟག་པ་བྱས་སྟོང་དུ་སྒྲུབ་པ་ལ་རིམ་དང༌། གཅིག་ཆར་གྱི་དོན་བྱེད་པའི་ནུས་པས་སྟོང་པ་རྟགས་སུ་འགོད་པ་ནི་གཞུང་གི་དགོངས་པ་མ་ཡིན་ནོ། །དེ་ལྟར་བཤད་པ་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་རྗེས་འགྲོ་སྒྲུབ་བྱེད་ཀྱི་རིགས་པ་གཙོ་ཆེ་ཞིང༌། ཡོད་པ་ཉིད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ་བཟློག་པ་སྒྲུབ་བྱེད་ཀྱི་རིགས་པ་གཙོ་ཆེ་བ་ཡིན་ཏེ། ཕྱིར་རྒོལ་བས་དངོས་པོ་ལ་རྟག་མི་རྟག་གཉིས་སུ་ཁ་ཚོན་ཆོད་པར་འདོད་པས་རྟག་དངོས་བཀག་པ་ན། དངོས་པོ་ལ་མི་རྟག་པའི་ཁྱབ་པ་དོན་གྱིས་གྲུབ་པའི་ཕྱིར། དེ་ལྟ་ན་ཡང་ལྟོས་མེད་ཀྱི་རྟགས་ཀྱི་རྗེས་འགྲོ་སྒྲུབ་མི་དགོས་པ་ནི་མ་ཡིན་ཏེ། དངོས་པོ་ལ་རགས་པའི་མི་རྟག་པ་གྲུབ་ཀྱང་སྐད་ཅིག་གི་མི་རྟག་པ་སྒྲུབ་དགོས་པའི་ཕྱིར། གཉིས་པ་ནི། བུམ་པ་ཤེས་བྱར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་འགོད་པ་ལྟ་བུ་དང༌། ཡང་དེ་དེར་སྒྲུབ་པ་ལ་དངོས་པོ་རྟགས་སུ་བཀོད་པ་ལྟ་བུ་དང༌། གཅིག་དུ་བྲལ་གྱི་རྟགས་ཀྱིས་རགས་པ་བདེན་མེད་དུ་སྒྲུབ་པ་ལྟ་བུ་དོན་གྲུབ་ཀྱི་རྟགས་ཆོས་གཉིས་དངོས་འབྲེལ་མ་གྲུབ་པ་རྣམས་སོ། །དེ་དག་གིས་ཁྱབ་འབྲེལ་སྒྲུབ་བྱེད་ནི་འདི་ལྟར། གང་གཞལ་བྱ་ཡིན་པ་དེ་ཐམས་ཅད་ཤེས་བྱ་ཡིན་ཏེ། དེ་ཐམས་ཅད་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཕྱིར་ཞེས་དང༌། བཟློག་པ་ལ་ཡང་དེ་བཞིན་དུ་སྦྱར་ནས་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཀྱིས་སྒྲུབ་པར་ངེས་སོ། །གཉིས་པ་ལ་མཚན་ཉིད་པ་དངོས་འབྲེལ་ལ་བརྟེན་པ་དང༌། རྗེས་མཐུན་པ་སྒྲོ་བཏགས་ཀྱི་འབྲེལ་པ་ལ་བརྟེན་པའོ། །དང་པོ་ལ། སློབ་དཔོན་ཤཱཀྱ་བློ་ན་རེ། སྤྱིར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ནི་གསུམ་ཚན་གཉིས་ཏེ། མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་དང༌། དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ནོ། །དེ་གཉིས་ལས་གང་རུང་གཅིག་གིས་ཆོག་པ་ཡིན་ཏེ། གཅིག་གི་ནང་དུ་གཅིག་ཤོས་འདུས་པའི་ཕྱིར། དཔེར་ན་གཏན་ཚིགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གཉིས་པོ་གཅིག་གི་ནང་དུ་ཅིག་ཤོས་འདུས་པ་བཞིན་ནོ། །ཞེས་གསུངས་སོ། །འདི་ལ་རྔོག་ལོ་ཆེན་པོས་ཉེས་པ་བརྗོད་པ་ནི། དེ་མི་འཐད་དེ། ཅི་རྗེས་སུ་འགྲོ་ལྡོག་ཙམ་གྱི་དབང་དུ་བྱེད་དམ། དེ་ཁྱད་པར་ཅན་གྱི་དབང་དུ་བྱེད། དང་པོ་ལྟར་ན་མར་མེ་ཤི་བ་དང་མུན་པ་གཉིས་ཀྱང་རྒྱུ་འབྲས་སུ་ཐལ། ཁྱེད་འདོད་པའི་ཕྲུགས་གསུམ་གཉིས་ལས་གང་རུང་གཅིག་ཚང་བའི་ཕྱིར། ཙནྡན་གྱི་མེ་དང་དུ་ཙམ་ཡང་རྒྱུ་འབྲས་སུ་ཐལ། མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཚང་བའི་ཕྱིར། ཡང་མ་དམིགས་པ་སྔོན་དུ་སོང་བའི་མངོན་སུམ་གཉིས་ཀྱིས་རྒྱུ་འབྲས་སུ་མི་འགྲུབ་སྟེ། དེར་འགྲུབ་པ་ལ་མ་སྐྱེས་པ་དང༌། རྒྱུ་མེད་པར་སྐྱེས་པ་དང༌། རྒྱུ་གཞན་ལས་སྐྱེས་པའི་དོགས་པ་གསུམ་བཀག་དགོས་པ་ལས། དེས་ནི་མི་སྐྱེ་བའི་དོགས་པ་ཁེགས་ཀྱང་རྒྱུ་མེད་པར་སྐྱེ་བ་དང༌། རྒྱུ་གཞན་ལས་སྐྱེ་བའི་དོགས་པ་མི་ཁེགས་པའི་ཕྱིར། ཡང་དམིགས་པ་སྔོན་དུ་སོང་བའི་མ་དམིགས་པ་གཉིས་ཀྱིས་ཀྱང་རྒྱུ་འབྲས་མི་འགྲུབ་སྟེ། དེས་ཀྱང་རྒྱུ་མེད་པ་དང༌། རྒྱུ་གཞན་ལས་སྐྱེ་བའི་དོགས་པ་མི་ཁེགས་པའི་ཕྱིར་དང༌། དེ་ཙམ་ནི་སྒྲ་དང་འོད་ལ་ཡང་ཡོད་པའི་ཕྱིར། ཡང་གཉིས་པ་ལྟར་ན་ཚད་མ་གསུམ་ཁོ་ནས་རྒྱུ་འབྲས་སུ་མི་འགྲུབ་སྟེ། མ་དམིགས་པ་སྔོན་དུ་སོང་བའི་ཚད་མ་གཉིས་ལ་བཟློག་པ་མི་སྣང༌། དམིགས་པ་སྔོན་དུ་སོང་བའི་ཚད་མ་གཉིས་ལ་རྗེས་འགྲོ་མི་སྣང་བའི་ཕྱིར། གཏན་ཚིགས་ཀྱི་རྗེས་སུ་འགྲོ་ལྡོག་དང་མི་མཚུངས་ཏེ། དེ་ནི་འབྲེལ་པ་ངེས་པའི་སྟོབས་ཀྱི་རྗེས་སུ་འགྲོ་བཟློག་ངེས་པའི་ཕྱིར། དེས་ན་རང་གི་ལུགས་ལ་ཚད་མ་ཕྲུགས་ལྔ་པ་ངེས་པ་ཡིན་ཏེ། འདི་ལྟར། ཐོག་མར་མེ་དུ་གཉིས་ཀ་མ་དམིགས། དེ་ནས་མེ་དམིགས། དེ་ནས་དུ་བ་དམིགས། དེ་ནས་མེ་མ་དམིགས། དེ་ནས་དུ་བ་མ་དམིགས་པའོ། །དེ་ལྟ་བུའི་ཚད་མ་ལྔས་རྒྱུ་འབྲས་མིན་པའི་ལོག་རྟོག་གསུམ་པོ་དེ་ཁེགས་པའི་ཕྱིར་དམིགས་པ་གཉིས་དང་མ་དམིགས་པ་གཉིས་ཀྱིས་བྱེད་པ་སྡོམ་པས། རྒྱུ་མེད་པར་སྐྱེ་བ་དང་རྒྱུ་གཞན་ལས་སྐྱེ་བའི་དོགས་པ་ཁེགས་པའི་ཕྱིར་ཞེས་གསུང་ངོ༌། །དེ་ལ་ཕྱྭ་པས་དགག་པ་མཛད་པ་ནི། དེ་མི་འཐད་དེ། གནས་སྐབས་ཀྱི་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱེད་ན་ནི་ཙནྡན་གྱི་མེ་དང་དུ་བ་ལ་ཡང་ཡོད་ལ། རང་བཞིན་གྱི་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱེད་ན་ཕྲུགས་གསུམ་གྱི་ནང་དུ་འདུ་བའི་ཕྱིར་ཞེས་དགག་པ་བརྗོད་ནས། ཁོང་རང་གི་ལུགས་ལ་མ་དམིགས་པ་སྔོན་དུ་སོང་བའི་མངོན་སུམ་གཉིས་ཀྱི་རྒྱུ་འབྲས་སུ་འགྲུབ་པ་ཡིན་ཏེ། དེས་སྔར་གྱི་ལོག་རྟོག་གསུམ་ཀ་ཁེགས་པའི་ཕྱིར། མངོན་སུམ་སྔོན་དུ་སོང་བའི་མ་དམིགས་པ་གཉིས་ཀྱིས་ནི་རྒྱུ་འབྲས་མི་འགྲུབ་སྟེ། དེས་རྒྱུ་མེད་དུ་སྐྱེ་བ་དང༌། རྒྱུ་གཞན་ལ་སྐྱེ་བའི་ལོག་རྟོག་ཁེགས་ཀྱང་གཏན་མ་སྐྱེས་པའི་ལོག་རྟོག་མ་ཁེགས་པའི་ཕྱིར་ཞེས་གསུང་ངོ༌། །དེ་ལྟར་ལུགས་གཉིས་ལས། ལུགས་དང་པོ་ལ་རིགས་གཏེར་ལས་དགག་པ་མཛད་པ་ནི། ཕྲུགས་ལྔའི་གྲངས་ངེས་མི་འཐད་དེ། གནས་སྐབས་ཀྱི་རྗེས་སུ་འགྲོ་བཟློག་ནི་འཁྲུལ། རང་བཞིན་གྱི་རྗེས་སུ་འགྲོ་ལྡོག་གི་དབང་དུ་བྱེད་ན་ཕྲུགས་གསུམ་དུ་འདུས་པའི་ཕྱིར། ཞེས་པའོ། །ལུགས་གཉིས་པ་ལ་མཛད་པ་ནི། བཟློག་པ་ངེས་པའི་ཕྲུགས་གསུམ་གྱིས་དུ་བ་སྤྱིར་སྐྱེ་བ་ཙམ་འགྲུབ་པ་མི་འཐད་དེ། དེས་དུ་བ་མེ་མ་ཡིན་ལས་སྐྱེ་བ་ཁེགས་ལ། དེ་ཁེགས་པ་ན་དུ་བ་མེ་ལས་སྐྱེ་བར་འགྲུབ་པའི་ཕྱིར་ཏེ། དུ་བ་དངོས་པོ་ཡིན་པའི་ཕྱིར་ཞེས་དགག་པ་མཛད་ནས། རང་གི་ལུགས་རྣམ་པར་བཞག་པ་ནི། ཕྲུགས་གསུམ་ཁྱད་པར་ཅན་རྣམ་པ་གཉིས་གང་ཡང་རུང་བ་རེ་རེ་ཁོ་ནས་ཀྱང་མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ཡིན་ཏེ། དེ་རེ་རེ་ལ་ཡང་རྗེས་སུ་འགྲོ་བཟློག་གཉིས་ཀ་ཚང་བའི་ཕྱིར། གཉིས་ཀ་ལ་གཉིས་ཀ་ཚང་དགོས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། རྟག་ལ་བཟློག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་རྟོགས་པར་དཀའ། །ཞེས། བཟློག་པ་མ་གྲུབ་ན་རྗེས་འགྲོ་ཙམ་གྱིས་རྒྱུ་འབྲས་སུ་མི་འགྲུབ་པའི་ཕྱིར་རོ། །མདོར་ན་རྗེས་འགྲོའི་སྒོ་ནས་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཁོ་ནས་ཀྱང་རྒྱུ་འབྲས་མ་ཡིན་པར་འཛིན་པའི་ལོག་རྟོག་གསུམ་ཀ་ཁེགས་པ་ཡིན་ཏེ། དུ་བ་མེ་ལས་སྐྱེ་བར་མཐོང་བས་གཏན་མི་སྐྱེ་བ་དང༌། རྒྱུ་མེད་ལས་སྐྱེ་བའི་དོགས་པ་ཁེགས། མ་དམིགས་པ་སྔོན་དུ་སོང་བས་རྒྱུ་གཞན་ལས་སྐྱེ་བའི་དོགས་པ་ཁེགས་པའི་ཕྱིར། དེ་བཞིན་དུ་བཟློག་པའི་སྒོ་ནས་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་ཁོ་ནས་ཀྱང་མེ་དུ་རྒྱུ་འབྲས་སུ་འགྲུབ་པ་ཡིན་ཏེ། དེས་ཀྱང་དེ་འདྲའི་ལོག་པར་རྟོག་པ་གསུམ་ཀ་ཁེགས་པའི་ཕྱིར་ཏེ། དུ་བ་མེའི་རྒྱུ་ཅན་དུ་འགྲུབ་པའི་ཕྱིར། ཞེས་བྱ་བ་ནི། ཚད་མ་རིགས་པའི་གཏེར་རྩ་འགྲེལ་གྱི་དགོངས་པ་ཡིན་ནོ། །དེ་ལྟར་ན་ལུགས་རྣམ་པ་བཞི་སྣང་ཡང༌། ཕུགས་ཀྱི་བཞེད་པ་ལ་མི་འདྲ་བ་ཆེར་མི་སྣང་བས་འབྲེལ་པ་སྒྲུབ་བྱེད་ཀྱི་རིགས་པ་འདི་ལྟར་བྱ་སྟེ། དུ་བ་ཆོས་ཅན་མེའི་འབྲས་བུ་ཡིན་ཏེ། མེ་ལས་རྫས་གཞན་དེ་ལས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། དེ་ཡིན་ཏེ། མེ་ལས་སྐྱེ་བར་མཐོང༌། མེ་མིན་ལས་མི་སྐྱེ་བར་མཐོང་བའི་ཕྱིར། དེ་ཡིན་ཏེ། དང་པོར་མེ་དུ་གཉིས་ཀ་མ་མཐོང་ཞིང༌། དེ་ནས་མེ་ལས་སྐྱེ་བར་མཐོང་བ་གཉིས་ཀའི་བྱེད་པ་སྡོམ་པས་རྒྱུ་གཞན་ལས་སྐྱེ་བ་ཁེགས། མེ་ལས་སྐྱེ་བར་ནི་མངོན་སུམ་གྱིས་མཐོང་བའི་ཕྱིར། དེ་ནི་ཕྲུགས་གསུམ་དང་པོས་འགྲུབ་ཚུལ་ལོ། །གཉིས་པས་འགྲུབ་ཚུལ་ནི། ཡང་དེ་ཡིན་ཏེ། དུ་བ་མཐོང་བའི་ཚད་མ་དང༌། མེ་མ་མཐོང་བ་ན་དུ་བ་མ་མཐོང་བའི་ཚད་མ་གཉིས་ཀའི་བྱེད་པ་སྡོམ་པས་དུ་བ་སྤྱིར་མི་སྐྱེ་བ་དང་མེ་མིན་ལས་སྐྱེ་བའི་དོགས་པ་ཁེགས། དེ་ཁེགས་པ་ན་མེ་ལས་སྐྱེ་བར་གྲུབ་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་དེ་བྱུང་གི་འབྲེལ་པ་ངེས་པར་བྱེད་དོ། །གཉིས་པ་དེ་བྱུང་འབྲེལ་རྗེས་མཐུན་པའི་འབྲེལ་པ་ངེས་བྱེད་ནི་གཉིས་ཏེ། འགོག་བདེན་དང་བར་ཆད་མེད་ལམ་ལྟ་བུ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་ཡང་འབྲེལ་པ་དངོས་མ་ཡིན་པ་དང༌། ཚིག་དང་རང་གི་བརྗོད་བྱའི་དོན་ལྟ་བུ་རྗེས་སུ་འགྲོ་ལྡོག་རེས་འགའ་འཁྲུལ་ཞིང༌། སྐབས་འགའ་ཞིག་ཏུ་མི་འཁྲུལ་བའི་འབྲེལ་པ་ངེས་བྱེད་དོ། །དང་པོ་ལ་རྩ་བའི་སྦྱོར་བ་ནི། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཆོས་ཅན། རང་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་སྔོན་དུ་སོང་བ་ཡིན་ཏེ། འགོག་བདེན་ཡིན་པའི་ཕྱིར་ཞེས་པའོ། །ཁྱབ་འབྲེལ་སྒྲུབ་བྱེད་ནི། འགོག་བདེན་ཆོས་ཅན། རང་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་ལ་འབྲེལ་བ་ཡིན་ཏེ། དེས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། ཞེས་སྔར་ལྟར་སྒྲུབ་པའི་རྟགས་ལ་བརྟེན་པའི་ཚད་མས་ངེས་པར་བྱེད་དོ། །དེའི་ཚེ་ན་རྒྱུ་འབྲས་དངོས་ནི་རྣམ་པར་གྲོལ་བའི་ལམ་དང༌། དེའི་རྒྱུ་བར་ཆད་མེད་ལམ་གཉིས་ཡིན་ལ། རྣམ་པར་གྲོལ་བའི་ལམ་དང་འགོག་པ་གཉིས་ཚོགས་པ་གཅིག་པའི་རྒྱུ་མཚན་གྱིས་དེ་དེ་ལ་དེ་བྱུང་དུ་འབྲེལ་བར་བཞག་པ་ཙམ་སྟེ། དཔེར་ན་དུ་བ་ཡོད་པ་དེ་རྟག་པ་ཡིན་ཀྱང་དུ་བ་མེའི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་དུ་བ་ཡོད་པ་དེ་མེ་ལ་འབྲེལ་བར་འཇོག་པ་བཞིན་ནོ། །གཉིས་པ་ལ་རྩ་བའི་སྦྱོར་བ་ནི། སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་བ་ཡིན་ཏེ། དེ་ལས་དེ་འབྱུང་བར་རིན་ཆེན་ཕྲེང་བར་གསུངས་པའི་ཕྱིར་ཞེས་གསུངས་པའོ། །དེའི་འབྲེལ་པ་སྒྲུབ་བྱེད་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་ངེས་པར་བྱེད་དོ་ཞེས་བྱ་བ་འདིས་ནི་ཤིན་ཏུ་རྟོགས་པར་དཀའ་བ་འབྲེལ་པའི་གནས་ལེགས་པར་གྲུབ་པ་ཡིན་ནོ། །ཕྱྭ་རྔོག་གཉིས་ཀྱི་གཞུང་ཆེན་མི་ཤེས་པར། །རིགས་པའི་གཏེར་གཞུང་འཆད་པ་གད་མོའི་གནས། །གཞན་ལུགས་འགོག་པའི་ཚུལ་ལ་ལྟ་ཅི་འཚལ། །རང་གཞུང་སྒྲུབ་པའི་ཚུལ་ཡང་དེ་ལ་གསལ། །དིང་སང་ཀུན་ལ་གྲགས་པའི་རྟོག་གེ་འདི། །ཕྱྭ་རྔོག་ལུགས་མིན་པཎ་ཆེན་ལུགས་མ་ཡིན། །གཏམ་འཆོལ་སྣ་ཚོགས་རྣ་བར་གྲག་མ་ཐག །བློ་ཆུང་འགའ་ཡི་རི་མོར་བྲིས་དེ་ཡིན། །གཉིས་པ་འགལ་བ་བརྟག་པ་ལ། དོན་ལ་འགལ་བ་དགག བློ་ངོར་འགལ་བ་བསྒྲུབ། འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། འགལ་བ་ཡང་དོན་གྱི་སྟེང་ན་ཡོད་པ་མ་ཡིན་ཏེ། གནོད་བྱེད་དངོས་པོར་ཡོད་པ་ན་གནོད་བྱ་མ་སྐྱེས་ནས་དངོས་པོར་མེད། གནོད་བྱ་དངོས་པོར་གྲུབ་པ་ན་དེའི་གནོད་བྱེད་འགགས་ནས་དངོས་པོར་མེད། དུས་མཉམ་པའི་ཚ་གྲང་གཉིས་པོ་ནི་འགལ་བ་དང་འབྲེལ་པ་གཉིས་ཀ་མ་ཡིན་པའི་ཕྱིར། འགལ་བ་མ་ཡིན་ཏེ། གནོད་བྱ་གནོད་བྱེད་མ་ཡིན་པའི་ཕྱིར། སྟོབས་མཉམ་པའི་ཕྱིར། དེ་ལྟར་ན་ལྷན་ཅིག་མི་གནས་པའི་འགལ་བ་དོན་ལ་མེད་དོ། །ཕན་ཚུན་སྤངས་པའི་འགལ་བ་ཡང་དོན་ལ་ཡོད་པ་མ་ཡིན་ཏེ། འགལ་ཟླ་གཉིས་ཀ་དངོས་པོར་མེད་པ་བྱས་པ་དང་གཅིག་དང་རྟག་པ་ལྟ་བུའམ་རྟག་པ་དང་བྱས་པ་ལྟ་བུ་དང༌། བུམ་པ་མ་ཡིན་པ་དང་བུམ་པ་ལྟ་བུ། འགལ་ཟླ་གང་རུང་དངོས་པོར་མ་གྲུབ་པ་རྣམས་ལ་དོན་གྱི་སྟེང་ན་འགལ་བ་མི་འབྱུང་བའི་ཕྱིར་དང༌། དུས་མཉམ་རྫས་གཞན་ལ་ལྷན་ཅིག་མི་གནས་འགལ་ཡང་མེད་ན་ཕན་ཚུན་སྤངས་འགལ་ལྟ་ཅི་སྨོས་པའི་ཕྱིར་རོ། །གཉིས་པ་བློ་ངོར་འགལ་བ་བསྒྲུབ་པ་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བ་དང་གསུམ་མོ། །དང་པོ་ལ། རྔོག་ལོ་ཆེན་པོ་འདི་ལྟར་དུ་བཞེད་དེ། འགལ་བ་ཙམ་དང་ཕན་ཚུལ་སྤངས་འགལ་དོན་གཅིག་པས་མཚན་ཉིད་ནི་ཕན་ཚུན་ཐ་དད་པའོ། །དེའི་དོན་ཡང་གཅིག་ལ་གཅིག་མེད་པ་ཙམ་ཡིན་པས་ཕན་ཚུན་དབེན་པའོ། །དེ་ལ་ཡང་གཉིས་ཏེ། དངོས་སུ་དབེན་པ་དང༌། དེས་ཁྱབ་པའོ། །དང་པོ་ནི། དངོས་འགལ་ཡིན་ལ། གཉིས་པ་ནི་རྒྱུད་འགལ་ལོ། །དང་པོ་ནི་དོན་དམ་པར་གྲུབ་ལ། གཉིས་པ་ནི་དོན་དམ་པར་མ་གྲུབ་སྟེ། རང་ཉིད་མི་འགལ་བར་གཞན་དང་འབྲེལ་བས་འགལ་བ་ནི་དེ་ཁོ་ནར་མི་བཞེད་པའི་ཕྱིར་ཞེས་བཞེད་དོ། །དངོས་འགལ་དང་རྒྱུད་འགལ་གྱི་ཁྱད་པར་ལ་སློབ་དཔོན་ཕྱྭ་པ་ནི། ལྡོག་པ་བཀག་པའི་བཟློག་པ་དེ་ཉིད་དུ་ངེས་པར་བྱ་བ་དངོས་འགལ་གྱི་མཚན་ཉིད། བཟློག་པ་བཀག་པའི་ཁྱབ་བྱར་ངེས་པར་བྱ་བ་དེ་རྒྱུད་འགལ་གྱི་མཚན་ཉིད། །སྔ་མ་ནི་རྟག་མི་རྟག་ལྟ་བུ་དང༌། ཕྱི་མ་ནི་བྱས་པ་དང་རྟག་པ་ལྟ་བུའོ། །རྒྱུད་འགལ་ལ་དབྱེ་ན་དངོས་འགལ་གྱི་ཁྱད་པར་དུ་བྱས་པ་དང་མ་བྱས་པའོ། །དང་པོ་ནི། སྔོན་པོ་དང༌། སྔོན་མིན་གྱི་རྟག་པ་ལྟ་བུ། གཉིས་པ་ནི་སྔོན་པོ་དང་རྟག་པ་ལྟ་བུའོ། །དགག་བྱ་འགོག་པའི་ཚེ་ཡང་དངོས་འགལ་གྱི་ཁྱད་པར་དུ་བྱ་བ་རྣམས་ཁེགས་པ་ཡིན་གྱི། མ་བྱས་པ་མི་ཁེགས་ཏེ། མེར་ངེས་པ་ན་མེ་མ་ཡིན་གྱི་རྟག་པ་འཛིན་པ་ཁེགས་ཀྱང་དེས་ཁྱད་པར་དུ་མ་བྱས་པ་མི་ཁེགས་ཏེ། མེར་ངེས་པ་ན་རྟག་པ་ཙམ་མི་ཁེགས་པ་ལྟ་བུའོ། །འོ་ན་སྔོན་པོར་ངེས་པའི་ཚེ་ན་སེར་པོ་མི་ཁེགས་པར་འགྱུར་ཞེ་ན། འདི་ནི་རྒྱུད་འགལ་ངེས་པའི་ཚད་མས་འགོག་པ་མ་ཡིན་ཏེ། དངོས་འགལ་ངེས་པའི་ཚད་མས་འགོག་པའི་ཕྱིར། ཇི་ལྟར་ཞེ་ན། སྔོན་པོ་མཐོང་བའི་ཚད་མས་སྔོན་པོའི་སྟེང་གི་སེར་པོས་སྟོང་པའི་མེད་དགག་རྣམ་ལྡན་དེ་ངེས་པའི་ཕྱིར་སེར་པོ་ཁེགས་པ་ཡིན་ནོ་ཞེས་བཞེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་གཉིས་ཀྱིས་ནི་ལྷན་ཅིག་མི་གནས་འགལ་ཀྱང་ཕན་ཚུན་སྤངས་འགལ་གྱི་བྱེ་བྲག་ཏུ་བཞེད་ཅིང༌། དེ་ཡང་སློབ་དཔོན་ཆོས་མཆོག་གི་དགོངས་པར་འཆད་ལ། འབྲེ་ཆེན་པོ་ནི་དེ་ལ་དེ་འཕེན་པ་གང་ཞིག་དགག་བྱའི་རྒྱུན་ལ་གནོད་པ་བྱེད་པ་དང་མི་བྱེད་པ་དེ་འགལ་བ་གཉིས་ཀྱི་ཁྱད་པར་དུ་བཞེད་དོ། །བྱེ་བྲག་ཏུ་ལྷན་ཅིག་མི་གནས་འགལ་གྱི་རྣམ་པར་གཞག་པ་ལ་རྔོག་ལོ་ཆེན་པོ་ནི། མཚན་ཉིད། གནོད་བྱ་བཟློག་པའི་དུས། འགལ་བ་གནས་པའི་ཡུལ། ངེས་བྱེད་ཀྱི་ཚད་མ་དང་བཞིའོ། །དང་པོ་ནི། དངོས་པོ་གཉིས་ལ་བརྟེན་པའི་ཆོས་གནོད་བྱ་དང་གནོད་བྱེད་ཀྱི་རང་བཞིན་ནོ། །གནོད་པའི་དོན་ཡང་གེགས་བྱེད་པའོ། །དེའི་དོན་ཡང་ངོ་བོས་གེགས་བྱེད་པ་ནི་མ་ཡིན་ཏེ། སྐད་ཅིག་ཏུ་གནས་པ་ལ་ནི་གེགས་བྱ་བར་མི་ནུས་ལ། སྐད་ཅིག་གཉིས་པར་ནི་རང་གི་ངང་གིས་འཇིག་པས་དེར་གནས་པ་ལ་གེགས་བྱ་མི་དགོས་པའི་ཕྱིར། འོ་ན་ཅི་ཞེ་ན་རྒྱུའི་གེགས་བྱེད་པའོ། །དེ་ཡང་རྒྱུ་སྐྱེས་ཟིན་ལ་གེགས་བྱ་བར་མི་ནུས་པས་མ་སྐྱེས་པའི་གེགས་བྱེད་པའོ། །དེའི་དོན་ཡང་དེ་མེད་པར་བྱེད་པའོ། །དེ་ཡང་མེད་པར་དགག་པ་ནི་བྱས་པར་མི་འཐད་པས། དེའི་རྒྱུ་དང་མི་མཐུན་པའི་རང་བཞིན་དུ་བྱས་པའོ། །དེ་ལྟར་ན་གནོད་བྱ་གནོད་བྱེད་དང༌། རྟེན་བརྟེན་པ་དང༌། གསལ་བྱ་གསལ་བྱེད་ལ་སོགས་པ་ནི་རྒྱུ་འབྲས་ཀྱི་ཁྱད་པར་ཁོ་ན་ཡིན་ནོ། །དེས་ན་གནོད་བྱ་གནོད་བྱེད་ཀྱི་དོན་ནི་མི་མཐུན་ཕྱོགས་གཞན་མེད་ན། གདོན་མི་ཟ་བར་སྐྱེ་བའི་འབྲས་བུ་དེའི་རྒྱུ་དང་མི་མཐུན་པར་གྲུབ་པ་དང༌། དེ་ལྟར་སྒྲུབ་པར་བྱེད་པའི་རྐྱེན་ལ་བྱ་བ་ཡིན་ནོ། །དེ་ལྟར་གྲུབ་པ་ན་ནུས་པ་མེད་པའི་རྒྱུ་གནོད་བྱེད་ཡིན་ན་ཉེར་ལེན་པ་སྔ་མ་ཡང་གནོད་བྱེད་དུ་ཐལ་ལོ་ཞེས་བྱ་བ་དང༌། ས་བོན་ཡང་འོད་ཀྱི་གནོད་བྱེད་དུ་ཐལ་ཞེས་པའི་ཉེས་པ་སྤངས་པ་ཡིན་ཏེ། ཉེར་ལེན་སྔ་མ་ནི་གྲང་རེག་ནུས་མེད་ཀྱི་སྟེང་གི་གྲང་རེག་གི་ངོ་བོ་ཙམ་བསྐྱེད་པའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། ནུས་མེད་ཀྱི་ཆའི་རྒྱུ་མ་ཡིན་གྱི། ནུས་མེད་ཀྱི་ཆ་ནི་རྐྱེན་ཚ་རེག་གིས་བྱས་པ་ཡིན་པའི་ཕྱིར་དང༌། ས་བོན་ལས་འོད་སྐྱེ་བའི་ནུས་པ་ཡོད་པ་ནི་རང་བཞིན་གྱི་ནུས་པ་ཡིན་གྱི། འགལ་རྐྱེན་གྱིས་གསར་དུ་བྱས་པའི་ནུས་པ་མ་ཡིན་པའི་ཕྱིར་རོ། །ཡང་གལ་ཏེ་སྣང་བ་དང་མུན་པ་ཡང་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར། སྣང་བ་དེ་མུན་པ་ནུས་མེད་དུ་སྐྱེད་བྱེད་ཡིན་པར་འགྱུར་རོ། །དེ་ཡང་འདོད་མི་ནུས་ཏེ། སྣང་བ་སྐྱེས་པའི་དུས་སུ་མུན་པ་འགགས་ཟིན་པའི་ཕྱིར་ཞེ་ན། དེ་ལ་ལན་གཉིས་ཏེ། དང་པོ་ནི། སྣང་བའི་རྒྱུ་ནུས་པ་ཐོགས་མེད་སྒྲུབ་པར་བྱེད་པའི་རྒྱུ་ཚོགས་གང་ཡིན་པ་དེ་མུན་པའི་གནོད་བྱེད་དངོས་ཡིན་ལ། སྣང་བ་ཉིད་ནི་རང་དུས་སུ་འགགས་ཟིན་པའི་མུན་པ་དེ་ལ་གནོད་བྱེད་མིན་ནོ། །འོན་ཀྱང་འཇིག་རྟེན་ན་སྣང་བ་ཉིད་མུན་པའི་གཉེན་པོ་ཡིན་པར་གྲགས་པས་དེར་བཞག་པ་ཡིན་ནོ། །གཉིས་པ་ནི། སྣང་བ་མུན་པའི་གནོད་བྱེད་ཡིན་ཏེ། མུན་པ་མ་འོངས་པ་སྐྱེ་བའི་རྒྱུ་དང་མི་མཐུན་པའི་རང་བཞིན་དུ་བྱས་པའི་ཕྱིར། གནོད་བྱ་བཟློག་པའི་དུས་ནི་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་པ་མེད་པར་འགྱུར། གསུམ་པ་ལ་བཟློག་གོ །འོ་ན་སྐད་ཅིག་མ་གཉིས་ཀྱི་ཡུན་ལ་ལྷན་ཅིག་ཏུ་གནས་པར་ཐལ་ལོ་ཞེ་ན། དེར་མི་ཐལ་ཏེ། རྡུལ་ཕྲ་རབ་ཡུལ་ཐ་དད་པའི་ཕྱིར། ཉེ་བར་གནས་པ་ནི་འདོད་པ་ཁོ་ནའོ། །འཆོལ་བར་གནས་པར་ཡང་མི་ཐལ་ཏེ། ནུས་པ་ལ་ལྟོས་ནས་མཐར་ཡུལ་གནོན་པའི་ཕྱིར། གསུམ་པ་འགལ་བ་གནས་པའི་ཡུལ་ནི། རྒྱུན་ཡིན་གྱི། སྐད་ཅིག་མ་ཙམ་མ་ཡིན་ཏེ། སྐད་ཅིག་ལ་ཐ་སྙད་བྱ་བར་མི་ནུས་པའི་ཕྱིར། བཞི་པ་ངེས་བྱེད་ཀྱི་ཚད་མ་ནི། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་ལྔས་ངེས་པར་བྱེད་དོ། །ཞེས་གསུང་ངོ༌། །དེ་ལ་ཕྱྭ་པས་དགག་པ་མཛད་པ་ནི་མཚོན་བྱ་ལྷན་ཅིག་མི་གནས་པ་ཞེས་བྱ་བ་དེ་གནོད་བྱེད་མེ་སྟོབས་ལྡན་དང༌། གནོད་བྱ་གྲང་རེག་སྟོབས་ཆུང་གཉིས་ཀའི་ཆོས་ཡིན་པར་ཐལ། དངོས་པོ་གཉིས་ལ་གནས་པའི་ཆོས་གནོད་བྱ་གནོད་བྱེད་དེ་ལྷན་ཅིག་མི་གནས་པའི་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར། ཡང་དངོས་པོའི་ཆོས་ཞེས་པ་ལ་རྣམ་བཅད་མེད་དེ། དངོས་པོ་མ་ཡིན་པ་ལ་གནོད་བྱ་གནོད་བྱེད་མི་རུང་བའི་ཕྱིར། གཞན་ཡང་ཚ་བ་དང་གཤེར་བ་མེ་དང་ཆུའི་ཐུན་མོང་གི་མཚན་ཉིད་དུ་བཞག་ན་ཉེས་པ་ཅི་ཡོད། རེ་རེས་རེ་རེ་ལ་མ་ཁྱབ་ཅིང༌། གཉིས་ཀ་ཚོགས་པའི་སྤྱི་མི་སྲིད་པའི་ཕྱིར་མི་འཐད་དོ་ཞེ་ན། འོ་ན་སྔ་མའང་མི་འཐད་པར་ཐལ། དེ་མི་སྲིད་པའི་ཕྱིར་ཞེས་དགག་པ་བརྗོད་ནས། རང་ལུགས་ལ། ལྷན་ཅིག་མི་གནས་འགལ་ཞེས་པ་གནོད་བྱེད་མེ་སྟོབས་ལྡན་ལྟ་བུའི་ཆོས་ཡིན་གྱི། གནོད་བྱ་གྲངས་རེག་སྟོབས་ལྡན་ལྟ་བུའི་ཆོས་མ་ཡིན་ནོ་ཞེས་རང་ལུགས་བཞག་ནས། རྩོད་པ་སྤང་བ་ལའང་གསུམ་སྟེ། མི་སྲིད་པ་སྤང་བ་དང༌། མ་ཁྱབ་པ་སྤང་བ་དང༌། ཁྱབ་ཆེས་པ་སྤང་བའོ། །དང་པོ་ནི། གནོད་བྱ་ནུས་མེད་ནི་དངོས་པོར་མེད་པའི་ཕྱིར་དེ་སྐྱེད་བྱེད་མི་སྲིད་དོ། །ཞེ་ན། གནོད་བྱ་ནུས་མེད་ཀྱི་དངོས་པོ་སྐྱེ་བའི་ཕྱིར་སྐྱོན་མེད་དོ། །མ་ཁྱབ་པ་དང་ཁྱབ་ཆེས་པ་སྤོང་བའི་ཚུལ་ནི་ལོ་ཆེན་དང་མཐུན་ནོ། །གནོད་བྱ་བཟློག་པའི་དུས་ནི་ངོ་བོས་གནོད་བྱ་བཟློག་པའི་དུས་དང༌། རྒྱུའི་གནོད་བྱ་བཟློག་པའི་དུས་སོ། །དང་པོ་ནི། གཉེན་པོ་སྟོབས་ལྡན་དང༌། གནོད་བྱ་སྐད་ཅིག་དང་པོ་ལ་ཚོགས་ནས་གཉིས་པ་ལ་ནུས་པ་མེད་པར་བྱ་སྟེ་གསུམ་པ་ལ་བཟློག་པ་དང༌། གསུམ་པ་ལ་ནུས་པ་མེད་པར་བྱས་ནས་བཞི་པ་ལ་བཟློག་པ་དང༌། དེ་ལ་ནུས་པ་མེད་པར་བྱས་ནས་ལྔ་པ་ལ་བཟློག་པ་དང༌། ཤིན་ཏུ་རིང་བར་འགྲོགས་ཏེ་དུས་ནམ་ཞིག་གི་ཚེ་བཟློག་པ་ཡང་ཡོད་དོ། །དཔེར་ན་གཉེན་པོ་དང་སྤང་བྱ་བསྐལ་པ་གྲངས་མེད་པ་དུ་མར་འགྲོགས་ཏེ་ནམ་ཞིག་ན་སེལ་བ་ལྟ་བུའོ། །གཉིས་པ་ལ་དངོས་རྒྱུའི་གནོད་པ་ནི། སྐད་ཅིག་གཉིས་པར་བཟློག་སྟེ། མཐོང་ལམ་གྱི་རྒྱུ་ཆོས་མཆོག་གིས་གནོད་པ་བྱས་པའི་མཐོང་སྤངས་མཐོང་ལམ་སྐྱེས་པའི་སྐད་ཅིག་གཉིས་པ་ལ་བཟློག་པ་ལྟ་བུའོ། །རྒྱུད་པའི་རྒྱུས་གནོད་པ་བྱས་པ་ནི་དང་པོ་ནས་བཟློག་སྟེ། སྣང་བ་སྐྱེས་མ་ཐག་ཏུ་མུན་པ་བཟློག་པ་ལྟ་བུའོ། །འོ་ན་ངོ་བོས་གནོད་པ་སྐད་ཅིག་དང་པོ་གཉིས་ལ་མི་བཟློག་པའི་རྒྱུ་མཚན་ཅི་ཞེ་ན། སྤྱོད་འཇུག་ལས། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང༌། །དངོས་པོར་མེད་ལ་སྒྱུར་དུ་མེད། །ཅེས་གསུངས་པ་ལྟར་དངོས་མེད་བྱ་བའི་ཡུལ་མ་ཡིན་པས། ངོ་བོ་ཞིག་ནས་མེད་པ་གཏན་བསྐྱེད་བྱ་མ་ཡིན་ཏེ། འཇིག་ཁ་མའི་ནུས་པ་མེད་པ་དེ་བསྐྱེད་བྱ་ཡིན་ན། དང་པོར་བཟློག་པ་ལ་མེའི་སྔ་རོལ་གྱིས་གྲང་རེག་ནུས་མེད་སྔོན་དུ་འགྲོ་དགོས་ལ། དེ་ལྟ་ན་མེའི་འབྲས་བུར་མི་རུང་སྟེ། མེའི་སྔ་རོལ་དུ་འབྱུང་བའི་ཕྱིར། དུས་གཉིས་པར་བཟློག་ན་གནོད་བྱ་གྲང་རེག་ནུས་མེད་དང་གནོད་བྱེད་མེ་སྟོབས་ལྡན་གཉིས་དུས་མཉམ་དགོས་པས། རྒྱུ་འབྲས་དུས་མཉམ་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་ན་ཕྱིས་འབྱུང་དང༌། དུས་མཉམ་རྒྱུར་མི་རུང་བས། ཤིན་ཏུ་མྱུར་ན་སྐད་ཅིག་མ་གསུམ་པ་ལ་བཟློག་པ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོར་སྨྲ་བའི་ལུགས་ལ་བརྟེན་པ་ཡིན་ནོ། །གལ་ཏེ་གནོད་བྱ་དང་གནོད་བྱེད་ཡུན་རིང་པོར་ལྷན་ཅིག་ཏུ་གནས་ན། མེ་མེད་པའི་རྟགས་ཀྱིས་གྲང་རེག་འགོག་པ་མ་ངེས་པར་འགྱུར་རོ་ཞེ་ན། མེ་ཙམ་བཀོད་ན་མ་ངེས་པ་ཡིན་ཡང༌། དེ་སྟོབས་ལྡན་རྟགས་སུ་བཀོད་དགོས་པ་ཡིན་ཏེ། གནོད་པ་བྱས་པའི་དུས་ལ་མི་འཁྲུལ་བའི་མེ་རྟགས་སུ་འགོད་དགོས་པའི་ཕྱིར། གལ་ཏེ་འོ་ན་གྲང་རེག་སྣང་རུང་ཡིན་ན་རང་བཞིན་མ་དམིགས་པས་ཁེགས་ལ། སྣང་དུ་མི་རུང་ན་སྟོབས་ཆེ་བའི་ཕྱོགས་ཆོས་མི་འགྲུབ་བོ་ཞེ་ན། མེ་བས་སྟོབས་ཆེ་བ་དང༌། སྟོབས་མཉམ་པའི་གྲང་རེག་ནི་སྣང་རུང་མ་དམིགས་པས་ཁེགས་ཤིང༌། དེ་ཁེགས་པ་ན་གཉེན་པོ་མེད་དེ་སྟོབས་ལྡན་གྱི་མེར་ཡང་འགྲུབ་པ་ཡིན་ལ། དེ་འདྲའི་སྟོབས་ལྡན་གྱི་མེ་དེ་དག་སྣང་དུ་མི་རུང་བའི་གྲང་རེག་འགོག་པ་ལ་ཚུལ་གསུམ་ཚང་བ་ཡིན་ནོ། །ལྷན་ཅིག་མི་གནས་འགལ་གྱི་འགལ་བ་ངེས་བྱེད་ཀྱི་ཚད་མ་ཡང་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་བཞིན་དུ་མ་དམིགས་པ་སྔོན་དུ་འགྲོ་བའི་མངོན་སུམ་གཉིས་ཀྱིས་ངེས་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །དེ་དག་ལ་རིགས་གཏེར་ལས་དགག་སྒྲུབ་ཇི་ལྟར་མཛད་པའི་ཚུལ་ལ། ཕན་ཚུན་སྤང་འགལ་ཙམ་གྱི་རྣམ་གཞག་མཐའ་གཅིག་ཏུ་མི་མཐུན་པའི་ཚུལ། བྱེ་བྲག་དངོས་འགལ་དང་རྒྱུད་འགལ་གྱི་རྣམ་གཞག་ཕལ་ཆེར་མཐུན་པའི་ཚུལ། ལྷན་ཅིག་མི་གནས་འགལ་གྱི་རྣམ་གཞག་ལ་མཐུན་མི་མཐུན་གྱི་འདོར་ལེན་ཇི་ལྟར་མཛད་པའི་ཚུལ་ལོ། །དང་པོ་ནི། ལོ་ཙྭ་བ་ཕན་ཚུན་ཐ་དད་པ་ཙམ་འགལ་བའི་མཚན་ཉིད་དུ་བཞེད་པ་ལ། འོ་ན་བྱས་པ་དང་མི་རྟག་པ་དང་དོན་བྱེད་ནུས་པ་དང་དངོས་པོ་སོགས་ཀྱང་འགལ་བར་འགྱུར་རོ། །ཡང་ཐ་དད་པའི་དོན་ཕན་ཚུན་དབེན་པ་ལ་འཆད་ན། མེ་དུ་དང༌། བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཆུ་སྐྱར་གྱི་ལུས་ཁྱད་པར་ཅན་དང༌། ཆུ་ལ་སོགས་པ་ཡང་འགལ་བར་འགྱུར་རོ། །འདོད་ན། དེ་དང་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། དེ་དང་དེར་སྒྲུབ་པའི་འགལ་བའི་གཏན་ཚིགས་སུ་འགྱུར་རོ། །ཁྱབ་པ་ཡོད་དེ། རྣམ་པར་ངེས་པ་ལས། དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ཁོ་ན་འགལ་བ་ཡིན་ནོ། །ཞེས་གསུངས་པས་སོ། །བྱམས་པ་དང་མ་རིག་པ་དང༌། འདོད་ཆགས་དང་ཁོང་ཁྲོ་སོགས་ཀྱང་འགལ་བར་འགྱུར་ཏེ། མཚན་ཉིད་དེ་རྗེས་སུ་ཞུགས་པའི་ཕྱིར། འདོད་པར་མི་ནུས་ཏེ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །འདོད་ཆགས་ཁོང་ཁྲོ་ཕན་ཚུན་དག །ཐ་དད་ན་ཡང་གནོད་མ་ཡིན། །ཞེས་གསུངས་པས་སོ། །བདེན་པ་གཉིས་ཀྱང་འགལ་བར་འགྱུར་ཏེ། མཚན་ཉིད་དེ་ཞུགས་པའི་ཕྱིར། འདོད་ན་བདེན་གཉིས་འགལ་བར་འཛིན་པ་ལོག་རྟོག་ཏུ་འཆད་པ་དང་འགལ། གཞན་ཡང་འགལ་ན་འགོག་པ་དང༌། འབྲེལ་ན་སྒྲུབ་པའི་རྣམ་གཞག་ཁས་ལེན་པ་དང་ཡང་འགལ་ལོ། །གལ་ཏེ་མི་འགལ་ཏེ། དུ་བ་ཡིན་པའི་རྟགས་ཀྱིས་མེ་ཡིན་པ་དང༌། སྔོན་པོ་ཡིན་པའི་རྟགས་ཀྱིས་སེར་པོ་ཡིན་པར་འགོག་ནུས་ལ། དེ་ཡང་འགལ་བའི་སྟོབས་ཀྱིས་ཡིན་པས་སོ་ཞེ་ན། འོ་ན་དེས་དེ་འགོག་པ་དེ་འགལ་དམིགས་ཀྱི་གཏན་ཚིགས་སུ་འགྱུར་ལ། དེ་ལྟ་ན་དོན་སྒྲུབ་ཀྱི་གཏན་ཚིགས་སུ་འགྱུར་ལ། དེ་ལ་འདོད་ནུས་པ་མ་ཡིན་ཏེ། ཙནྡན་གྱི་དུ་བ་དེ་དུ་བར་ངེས་ནས་མེའི་དོན་ལ་རྨོངས་པ་མི་སྲིད་པའི་ཕྱིར་དང༌། བཻ་ཌཱུརྻའི་སྔོན་པོ་དེ་སྔོན་པོར་ངེས་ནས་སེར་པོའི་དོན་ལ་རྨོངས་པ་མི་སྲིད་པའི་ཕྱིར། གཞན་ཡང་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཏུ་འཇུག་པ་མི་སྲིད་པར་འགྱུར་ཏེ། ཙནྡན་གྱི་དུ་བ་མེ་ཡིན་པ་དང༌། བཻ་ཌཱུརྻའི་སྔོན་པོ་སེར་པོ་ཡིན་པ་འགོག་པ་ལ་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་འཇུག་པའི་ཕྱིར། འདིར་སྣང་རུང་མ་དམིགས་པ་ཞེས་པ་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རང་བཞིན་མི་དམིགས་པའི་གཏན་ཚིགས་ཀྱི་དངོས་མིང་ཡིན་ནོ། །འོ་ན་སྔོན་པོ་ཡིན་པའི་རྟགས་ཀྱིས་སེར་པོ་ཡིན་པ་འགོག་མི་ནུས་པར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ། གཞི་དེ་སྔོན་པོར་ངེས་པ་ཉིད་ཀྱིས་སེར་པོ་ཡིན་པའི་དོན་ཁེགས་ལ། དེ་ལྟར་ཁེགས་པ་དེ་ནི་སྔོ་སེར་གཉིས་ཕན་ཚུན་སྤངས་པའི་རྒྱུ་མཚན་གྱིས་ཡིན་གྱི། སྔོ་སེར་གཉིས་འགལ་བའི་རྒྱུ་མཚན་གྱིས་མིན་ཏེ། དེ་གཉིས་འགལ་བར་ངེས་བྱེད་ཀྱི་ཚད་མ་སྔོན་དུ་མ་སོང་བར་ཡང་དེ་དེར་ངེས་པ་ཙམ་གྱིས་དེ་ལ་དེ་ཁེགས་པའི་ཕྱིར། གཞི་དེ་ལ་སེར་པོའི་ཐ་སྙད་འབའ་ཞིག་འགོག་པ་ལ་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་འཇུག་པ་ཡིན་གྱི། སྔོན་པོ་ཡིན་པའི་གཏན་ཚིགས་མི་འཇུག་སྟེ། གཏན་ཚིགས་དེས་བསྒྲུབ་བྱ་དེ་སྒྲུབ་མི་ནུས་པའི་ཕྱིར་རོ། །ཇི་སྐད་བཤད་པ་འགལ་ན་འགོག་པའི་རྣམ་གཞག་འདི་ཡང༌། རྒྱུད་འགལ་གྱི་དབང་དུ་བྱས་པར་ཕྱོགས་སྔ་ཕྱི་གཉིས་ཀ་ཞལ་འཆམ་པ་ཡིན་གྱི། འགལ་བ་ཙམ་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དངོས་འགལ་ལ་དེ་མི་རུང་བར་ཕྱོགས་གཉིས་ཀས་ཞལ་གྱིས་བཞེས་པའི་ཕྱིར། དེ་ལ་ཁ་ཅིག་འདི་སྙམ་དུ། སྔོ་སེར་འགལ་བར་ཐལ། སྔོན་པོ་ཡིན་ན་སེར་པོ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་དགོས་པའི་ཕྱིར་ཏེ། སྔོན་པོ་ཡིན་ན་སེར་པོ་མིན་དགོས་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ཀྱི་ཕྱོགས་ལ་ཡང་མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ངོར། མཉན་བྱ་དང་རྟག་པ་འགལ་བར་ཐལ། དེ་ཡིན་ན་དེ་ཡིན་པར་འགལ་བའི་ཕྱིར་རོ། །ཚད་མས་མ་དམིགས་པ་དེས་མེད་པ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། དེ་ཡིན་ན་དེར་འགལ་བའི་ཕྱིར། འདོད་ན་དེ་དེར་ངེས་བྱེད་ཀྱི་ཚད་མ་ཡོད་པར་ཐལ་ལོ། །དེ་ལྟ་མོད་ཀྱི་སྔར་བཤད་པའི་སྔོ་སེར་མི་འགལ་བའི་ཤེས་བྱེད་དེ་དག་ནི་སྔོན་པོ་ཡིན་པའི་རྟགས་ཀྱིས་སེར་པོ་མིན་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཞེས་པ་ཤ་སྟག་ཏུ་སྣང་གི ཁྱབ་པ་མི་འགལ་བའི་ཤེས་བྱེད་མ་བཀོད་པས་དེ་འགོད་དགོས་སོ་ཞེ་ན། དེའི་ལན་ནི་འདི་ལྟར། སྔོན་པོ་ཆོས་ཅན། ཁྱོད་ཀྱིས་སེར་པོ་ལ་གནོད་པར་ཐལ། ཁྱོད་དང་སེར་པོ་གཉིས་ཀ་དངོས་པོར་གྲུབ། ཁྱོད་དང་དེ་གཉིས་འགལ་བའི་ཕྱིར། སྔོན་པོ་ཆོས་ཅན། སེར་པོ་དང་ལྷན་ཅིག་མི་གནས་འགལ་དུ་ཐལ། ཁྱེད་གཉིས་ཀ་དངོས་པོར་གྲུབ་པའི་ཕྱིར། ཁྱེད་གཉིས་གཅིག་པ་བཀག་པའི་ཐ་དད་དུ་ཐལ། ཕན་ཚུན་སྤངས་འགལ་ཡིན་པའི་ཕྱིར། དེ་བཞིན་དུ་བདག་འཛིན་ཆོས་ཅན། ཁྱོད་ཀྱིས་བདག་མེད་རྟོགས་པའི་ཤེས་རབ་ལ་གནོད་པར་ཐལ། ཁྱོད་དང་དེ་གཉིས་ཀ་དངོས་པོར་གྲུབ། ཁྱོད་དེ་དང་འགལ་བའི་ཕྱིར། དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །འདིར་འདི་དཔྱད་དགོས་ཏེ། རིགས་པའི་གཏེར་གྱི་རང་ལུགས་ལ། ཆོས་དེ་དང་འགལ་ན་ཆོས་དེ་དང་གནོད་བྱ་གནོད་བྱེད་ཡིན་དགོས་སོ་ཞེས་གསུངས་པ་དག་མང་བར་སྣང་ངོ༌། །དེ་ནི་དེའི་དགོངས་པ་མ་ཡིན་ཏེ། འོ་ན་བྱས་པ་དང་རྟག་པ་གཉིས་ཀྱང་དེར་ཐལ། དེ་གཉིས་འགལ་བའི་ཕྱིར། འདོད་ན་རྒྱུ་འབྲས་སུ་ཐལ། གནོད་བྱེད་ཡིན་ནམ་གནོད་བྱ་ཡིན། དང་པོ་ལྟར་ན་དེ་ཆོས་ཅན་རང་གི་གནོད་བྱ་ནུས་མེད་དུ་སྐྱེད་བྱེད་དུ་ཐལ། གནོད་བྱེད་ཡིན་པའི་ཕྱིར། གཉིས་པ་ལྟར་ན་རྒྱུ་མ་གཏུགས་པར་འབྱུང་བ་ཅན་གཞན་ཡོད་ན་ནུས་མེད་དུ་སྐྱེ་བར་ཐལ། གནོད་བྱ་ཡིན་པའི་ཕྱིར། དོན་དེ་དག་ནི་ཇི་སྐད་དུ། དེས་ན་གནོད་བྱ་གནོད་བྱེད་གཉིས། །རྒྱུ་འབྲས་བཞིན་དུ་ཐ་དད་ཡིན། །གང་གི་གནོད་བྱ་ནུས་མེད་དེ། །སྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར། །ཞེས་པ་རྩ་འགྲེལ་གྱི་དགོངས་པ་ལ་གྲུབ་པ་ལ་ཡིན་ནམ་ཞེས་ཁྱེད་ལ་དྲིའོ། །ཅི་སྟེ་དེ་དག་ལྷན་ཅིག་མི་གནས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། དེའི་དགོངས་པ་དེ་ལྟར་ཡིན་པའང་སྲིད་མོད། ལུགས་དེ་ལེགས་པར་མི་ཤེས་པ་ཁྱོད་ལ་འདི་ལྟར། འོ་ན་སྣང་མུན་གཉིས་ཆོས་ཅན། གནོད་བྱ་དང་གནོད་བྱེད་དུ་ཐལ། འགལ་བའི་ཕྱིར། འདོད་ན་རྒྱུ་འབྲས་སུ་ཐལ། ལྷན་གཅིག་མི་གནས་འགལ་དུ་གྱུར་པའི་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར། སྣང་མུན་འགལ་བར་ཡང་ཁྱེད་ཀྱིས་འདོད་དགོས་པ་ཡིན་ནོ། །འོ་ན། ཆོས་གང་གང་ལ་གནོད་བྱེད་པ། །དེ་ནི་དེ་ཡི་འགལ་ཟླ་ཡིན། །ཞེས་འགལ་བ་སྤྱིའི་མཚན་ཉིད་གསུངས་པ་འདི་ལས་བརྒལ་བར་ནུས་སམ་ཞེ་ན། འོ་ན་གནོད་བྱེད་ཚ་རེག་ཆོས་ཅན། རང་གི་གནོད་བྱ་ནུས་མེད་ཀྱི་གྲང་རེག་དེ་ལ་གནོད་པ་བྱེད་པར་ཐལ། དེ་དང་འགལ་བའི་ཕྱིར། རྟགས་མ་གྲུབ་ན། ལྷན་ཅིག་མི་གནས་ཇི་སྙེད་པ། །དངོས་པོ་གནོད་བྱེད་གཉིས་ལ་འཇུག །ཞེས་གསུངས་པ་དང་མི་འགལ་ལམ་ཞེས་ཁྱེད་ལ་དྲིས་སོ། །དེ་ལ་མི་གནོད་དེ། དེའི་རྒྱུ་ཡིན་པའི་ཕྱིར། དེས་ན་གཞུང་གི་དགོངས་པ་འཕྲོས་ལ་བརྟགས་ནས། ཁྱེད་འདོད་པ་ལ་གཞན་དུ་བཙལ་དགོས་ཏེ། སྒྲ་ཇི་བཞིན་པ་ཡིན་ན། འོ་ན་མེ་ཆོས་ཅན། དུ་བ་ལ་འབྲེལ་བར་ཐལ། དུ་བ་ལས་ཐ་དད། དུ་བ་ལ་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཁྱབ་པ་ནི། ཇི་སྐད་དུ། ཐ་དད་ཕན་གནོད་འབྲེལ་དང་འགལ། །ཞེས་གསུངས་པ་མ་ཡིན་ནམ་ཞེས་ཁྱེད་ལ་དྲིས་སོ། །གཞན་ཡང་ཆོས་མངོན་པ་ལས། གནོད་པ་བྱ་རུང་ཙམ་ལ་ཡང་དངོས་པོས་ཁྱབ་པར་བཤད་ན། གནོད་བྱེད་ལ་ལྟ་སྨོས་ཀྱང་ཅི་དགོས། དེར་མ་ཟད་ཀྱི་དངོས་མེད་ལ་གནོད་བྱ་གནོད་བྱེད་ཀྱི་རྣམ་གཞག་མཚན་ཉིད་པ་འཇོག་ན། དེ་ལ་གནོད་བྱ་བཟློག་པའི་དུས་ཀྱི་རྣམ་གཞག་ཀྱང་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་རིགས་པའི་གཏེར་གྱི་རྗེས་སུ་འབྲངས་ཞིང་དེའི་ལུགས་མི་ཤེས་པ་དེ་དག་ལ་དྲི་བའི་ཚུལ་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྣང་བ་ཆོས་ཅན། རང་གི་བསལ་བྱར་གྱུར་པའི་མུན་པ་དེ་ལ་གནོད་བྱེད་དུ་ཐལ། དེ་དང་འགལ་བའི་ཕྱིར། རྟགས་ནི་འགལ་བ་ཀུན་ཀྱང་རྫས་གཅིག་ཅེས་པར་དངོས་འགལ། འདོད་ན། སྣང་བ་ཆོས་ཅན། དེ་ནུས་མེད་དུ་བསྐྱེད་བྱེད་ཡིན་པར་འགྱུར་ཏེ། དེ་ལ་གནོད་བྱེད་ཡིན་པའི་ཕྱིར། ཁྱབ་པ་ནི། གནོད་བྱེད་ཀྱི་མཚན་ཉིད་དུ་ཁས་ལེན་མི་དགོས་སམ། འདོད་པར་མི་ནུས་ཏེ། དེ་ནུས་མེད་ཁྱེད་ཀྱི་སྔོན་དུ་བྱུང་ཟིན་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ། རྟགས་ནི་མུན་པ་ནུས་མེད་འགགས་པ་དང་སྣང་བ་སྐྱེས་པ་སྲང་གི་མདའི་མཐོ་དམན་བཞིན་དུ་དུས་མཉམ་པར་གསུངས་པ་མ་ཡིན་ནམ། གཞན་ཡང་གྲང་རེག་དང་དུས་མཉམ་པའི་ཚ་རེག་ཆོས་ཅན། གྲང་རེག་དང་འགལ་བར་ཐལ། དེ་ལ་གནོད་བྱེད་ཡིན་པའི་ཕྱིར། དེ་ལ་འདོད་ན། དེ་གཉིས་འགལ་འབྲེལ་གང་ཡང་མིན་པར་འགྲེལ་པ་ལས་མ་གསུངས་སམ། རྟགས་མ་གྲུབ་ན་དེར་ཐལ། རྒྱུ་མ་གཏུགས་པར་འབྱུང་བ་ཅན་གྱི་རང་དང་དུས་མཉམ་པའི་གྲང་རེག་ནུས་མེད་དུ་བསྐྱེད་པའི་ཕྱིར། ཁྱབ་པ་ནི། འགྲེལ་པར་གནོད་བྱེད་ཀྱི་མཚན་ཉིད་དེ་ལྟར་གསུངས་པས་སོ་ཞེས་དེ་ལྟར་ཐལ་བ་འཕངས་ན་ཁྱེད་ཅག་གིས་ལན་བསམ་དགོས་པ་ཡིན་ནོ། །གཉིས་པ་ལ། དངོས་འགལ་གྱི་ངོས་འཛིན་ཚུལ་ནི། ཕྱོགས་སྔ་ཕྱི་གཉིས་ཀ་མི་མཐུན་པ་མི་སྣང་ལ། རྒྱུད་འགལ་གྱི་མཚན་ཉིད། སློབ་དཔོན་ཕྱྭ་བས། རང་མིན་གྱི་ཁྱབ་བྱ་འགོག་པར་གསུངས་ལ། རིགས་གཏེར་ལས་ནི། རྒྱུད་འགལ་རང་མིན་ཁྱབ་བྱེད་འགོག །ཅེས་གསུངས་སོ། །རྒྱུད་འགལ་གྱི་དབྱེ་བ་ལ། ཕྱྭ་པ་དངོས་འགལ་གྱི་ཁྱད་པར་དུ་བྱས་པ་དང་མ་བྱས་པ་གཉིས་བཞེད་ཅིང༌། དངོས་འགལ་གྱི་ཁྱད་པར་དུ་མ་བྱས་པའི་རྒྱུད་འགལ་གྱིས་རང་གི་འགལ་ཟླ་འགོག་མི་ནུས་པར་བཞེད་དེ། རིགས་གཏེར་ལས། དངོས་འགལ་གྱི་ཁྱད་པར་དུ་བྱས་པའི་རྒྱུད་འགལ་གཅིག་པོ་བཞེད་ཀྱི། གཉིས་པ་མི་བཞེད་དོ། །གསུམ་པ་ལྷན་ཅིག་མི་གནས་འགལ་ལ་འདོར་ལེན་སོ་སོར་མཛད་པའི་ཚུལ་ནི། མཚན་ཉིད་རྔོག་ལོའི་བཞེད་པ་བཀག་ནས། ཕྱྭ་པ་དང་མཐུན་པར་བཞེད་པའི་ཚུལ། གནོད་བྱ་བཟློག་ཚུལ་ཕྱྭ་པའི་ལུགས་བཀག་ནས། རྔོག་ལོ་དང་མཐུན་པར་བཞག་པའི་ཚུལ། གནོད་བྱ་བཟློག་དུས་ལ་རྩོད་པ་སྤོང་བའི་རྣམ་གཞག ལུགས་དེ་གཉིས་ཀ་དང་མཐུན་པའི་ཚུལ། འགལ་བ་ངེས་བྱེད་ཀྱི་ཚད་མ་ལུགས་དེ་གཉིས་ཀ་དང་མི་མཐུན་པའི་ཚུལ་དེ་རྣམ་བཞིའི་སྒོ་ནས་རིགས་པའི་གཏེར་དུ་རྒྱས་པར་གསུངས་ཏེ། གཞུང་དང་སྦྱོར་བ་ནི་རྟོགས་པར་སླ་ཞིང༌། དོན་གྱི་གོ་བ་ནི། གོང་དུ་སྔ་རབས་པའི་བཞེད་པ་དཔྱིས་ཕྱིན་པར་བཀོད་པ་ལས་བདེ་བླག་ཏུ་རྟོགས་པར་ནུས་པ་ཡིན་ནོ། །གཉིས་པ་རང་གི་ལུགས་བཞག་པ། རིགས་གཏེར་རྩ་འགྲེལ་གྱི་དགོངས་པ་སྤྱིར་བཤད། སྒྲ་ཟིན་གྱི་དགོངས་དོན་སོ་སོར་ཕྱེ་བའོ། །དང་པོ་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི་དེ་ལས་ཐ་དད་དེ་ལ་རྗེས་སུ་འགྲོ་བཟློག་ཕྱིན་ཅི་ལོག་ཏུ་ངེས་པའོ། །གཉིས་པ་ནི་བི་བུདྡྷཱ་བ་བཟློག་པ་མེད་པ་ཞེས་པ་སྟེ། ལོག་ཕྱོགས་ལ་རྗེས་སུ་འགྲོ་བའོ། །གསུམ་པ་ལ་གཉིས་ཏེ། ལྷན་ཅིག་མི་གནས་འགལ་དང༌། ཕན་ཚུན་སྤང་འགལ་ལོ། །དང་པོ་ལ་མཚན་ཉིད་དང༌། མཚན་གཞི་དང༌། དབྱེ་བ། འགལ་བ་གནས་པའི་ཡུལ་ངོས་བཟུང་བ། གནོད་བྱ་བཟློག་པའི་དུས་སོ། །དང་པོ་ནི། ཁྱོད་ཆོས་དེ་ལ་གནོད་བྱེད་དུ་ཚད་མས་དམིགས་པའི་སྒོ་ནས་ཁྱོད་དང་ཆོས་དེའི་རྒྱུན་ལྷན་ཅིག་ཏུ་འགྲོགས་སུ་མི་རུང་བ་དེ། ཁྱོད་ཆོས་དེའི་རྒྱུན་དང་ལྷན་ཅིག་མི་གནས་འགལ་ཡིན་པའི་མཚན་ཉིད་དོ། །འདིར་གནོད་བྱའི་མཚན་ཉིད། རང་གི་རིགས་འདྲ་སྔ་མས་ཉེར་ལེན་གྱི་རྒྱུ་བྱས་ཤིང༌། རང་གི་གནོད་བྱེད་དེས་ལྷན་ཅིག་བྱེད་རྐྱེན་བྱས་པའི་སྒོ་ནས་རང་ནུས་མེད་དུ་སྐྱེས་པའི་དངོས་པོའི་རྒྱུན་ནོ། །གནོད་བྱེད་ཀྱི་མཚན་ཉིད་ནི། རང་གི་གནོད་བྱ་ནུས་མེད་ཀྱི་དངོས་པོར་སྐྱེད་བྱེད་དོ། །འདིར་ནུས་མེད་ཀྱི་རང་ལྡོག་ནས་འབྲས་བུར་ཁས་བླངས་པ་ལ་སྐྱོན་ཆགས་པར་མི་བསམ་སྟེ། འདི་མ་ཡིན་པར་དགག་པའི་དབང་དུ་བྱས་པས་སོ། །གཉིས་པ་མཚན་ཉིད་ནི། གནོད་བྱེད་ཚ་རེག་དེ་རང་གི་གནོད་བྱ་གྲང་རེག་ཙམ་དང་ལྷན་ཅིག་མི་གནས་པའི་འགལ་བ་མ་ཡིན་ཏེ། དེ་གཉིས་ལྷན་ཅིག་ཏུ་གནས་པ་སྲིད་པའི་ཕྱིར་ཏེ། ཕྲད་ནས་གནོད་པ་བྱེད་པའི་ཕྱིར། དེ་གཉིས་ཀྱི་རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་ཏེ། གནོད་བྱེད་དེས་གནོད་བྱའི་རྒྱུན་ལ་གནོད་པ་བྱས་པའི་སྒོ་ནས། དེའི་རྒྱུན་གཉིས་པོ་ལྷན་ཅིག་ཏུ་འགྲོགས་སུ་མི་རུང་བའི་ཕྱིར། དེ་ཡང་སྟོབས་ཆེ་ཆུང་ཡོད་ན་གང་སྟོབས་ཆེ་བ་དེ་གནོད་བྱེད་ཡིན་ཏེ། དེས་གཅིག་ཤོས་ནུས་མེད་དུ་བྱེད་པའི་ཕྱིར། སྟོབས་མཉམ་ན་གཉིས་ཀས་གཉིས་ཀ་ལ་གནོད་པ་བྱེད་ནུས་ཡིན་ཏེ། ཕན་ཚུན་དུ་གཅིག་གིས་གཅིག་ཤོས་ལ་གནོད་པ་བྱས་པའི་སྒོ་ནས། མཐར་གཉིས་ཀའི་རྒྱུན་བཟློག་པའི་ཕྱིར། སྟོབས་ཆུང་བ་ནི་གནོད་བྱ་ཁོ་ནར་རིགས་པ་ཡིན་གྱི། གནོད་བྱེད་མ་ཡིན་པས། དེའི་ཕྱིར། ལྷན་ཅིག་མི་གནས་འགལ་གྱི་མཚན་གཞིར་མི་བཟུང་ངོ༌། །འདིར་གནོད་བྱ་གནོད་བྱེད་ལ་གཉིས་ཏེ། མཚན་ཉིད་པ་དང་བཏགས་པའོ། །དང་པོ་ལ་གནོད་བྱེད་ནི། ཚ་རེག་གམ་གྲང་རེག་གོ །གནོད་བྱ་ནི་ཚ་རེག་གམ་གྲང་རེག་ནུས་མེད་ཀྱི་རྒྱུན་དེའོ། །གནོད་བྱ་གནོད་བྱེད་དུ་འཇོག་པའི་དུས་ནི་གནོད་བྱ་ནུས་མེད་དུ་བྱས་པའི་དུས་དེ་ཡིན་ཏེ། སྔ་རོལ་དུ་གནོད་བྱ་གནོད་བྱེད་ཡིན་པར་མི་ཤེས་པའི་ཕྱིར། དེའི་ཕྱིར་དུས་དེར་གནོད་བྱ་གནོད་བྱེད་མཚན་ཉིད་པ་ཡིན་གྱི། སྔ་རོལ་དུ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ཏེ། གནོད་བྱ་ནུས་མེད་དུ་བྱེད་པའི་རྒྱུ་ཚ་རེག་ལ་གནོད་བྱེད་དང༌། གནོད་བྱ་ནུས་མེད་ཀྱི་དངོས་རྒྱུ་གྲང་རེག་ལ་གནོད་བྱའི་མིང་གིས་བཏགས་པའི་ཕྱིར། འོ་ན་ཚ་རེག་དེ་གྲང་རེག་ཙམ་དང་ལྷན་ཅིག་མི་གནས་འགལ་ཡིན་ནམ། ནུས་མེད་ཀྱི་གྲང་རེག་དང་ལྷན་ཅིག་མི་གནས་འགལ་ཡིན་ཞེ་ན། དེ་ལྟར་ཕྱེ་བ་དེ་ནི་སྐད་ཅིག་སོ་སོར་ཕྱེ་བའི་རྣམ་གཞག་ཡིན་པས། དེ་གཉིས་ཀ་དང་ལྷན་ཅིག་མི་གནས་འགལ་དུ་ཁས་ལེན་གྱི། སྤྱིར་གྲང་རེག་ཙམ་གྱི་རྒྱུན་དང་ལྷན་ཅིག་མི་གནས་འགལ་ཡིན་ཏེ། ཇི་སྐད་དུ། དེ་ཡང་རྒྱུན་ཡིན་ཞེས་གསུངས་པ་ལྟར་རོ། །དེ་ལྟར་གྲུབ་པ་ན་ཕལ་ཆེ་བ་དག་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་དུ་དངོས་པོར་གྱུར་པའི་གནོད་བྱ་གནོད་བྱེད་ཅེས་ཟེར་བ་མི་འཐད་པར་གྲུབ་པ་ཡིན་ཏེ། དངོས་པོ་ཞེས་པ་ལ་རྣམ་བཅད་མེད་པའི་ཕྱིར་དང༌། གྲང་རེག་ནུས་མེད་དུ་བྱས་དུས་ཀྱི་ཚ་གྲང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་དུ་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར། འདོད་པར་མི་ནུས་ཏེ། ལྷན་ཅིག་ཏུ་མི་གནས་པའི་ཕྱིར། མ་གྲུབ་ན། གནོད་བྱ་སྐད་ཅིག་མ་དང་པོ་ལ་བཟློག་པ་དང་གཉིས་པ་ལ་བཟློག་པ་གང་རུང་དུ་ཐལ་ལོ། །ཡང་གནོད་བྱ་གྲང་རེག་ནུས་མེད་ཆོས་ཅན། རང་གི་གནོད་བྱེད་དང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར། འདོད་ན་དེ་དང་མ་འབྲེལ་བར་ཐལ་ལོ། །གཉིས་པ་ནི། སྣང་མུན་ལྟ་བུ་གནོད་བྱ་དང་གནོད་བྱེད་བཏགས་པ་བ་ཡིན་ཏེ། སྣང་བ་དང་ཉེ་བའི་རྒྱུས་མུན་པ་ལ་གནོད་པ་བྱས་པ་ལ་སྣང་བས་གནོད་པ་བྱས་པར་བཏགས་པའི་ཕྱིར་རོ། །མཐོང་ལམ་བར་ཆད་མེད་ལམ་དང་མཐོང་སྤང་རྟོག་པ་ལ་ཡང་དེ་བཞིན་ནོ། །ཡང་ན་གནོད་བྱ་དང་གནོད་བྱེད་མཚན་ཉིད་པ་ནི་ཚ་གྲང་དང་སྣང་མུན་ལྟ་བུའོ། །དེ་ཡང་གནོད་བྱེད་ནི་ད་ལྟར་བ། གནོད་པ་བྱས་པ་ནི་མ་འོངས་པའོ། །གནོད་པ་བྱས་པའི་དུས་ནི་དེ་ནུས་མེད་དུ་བྱས་པའི་དུས་དེར་རོ། །དུས་ཀྱང་ཚ་གྲང་ལྟ་བུ་ལ་སྐད་ཅིག་གསུམ་པ་སོགས་དང༌། སྣང་མུན་ལྟ་བུ་ལ་གནོད་བྱེད་སྐྱེས་པའི་དུས་དེ་ཉིད་དོ། །དེ་དང་དེ་འགལ་བའི་ཤེས་བྱེད་ནི་གནོད་བྱ་ནུས་མེད་དེ་དང་དེ་གནོད་བྱ་དེ་དང་དེའི་འབྲས་བུ་ཡིན་པ་ལ་ཐུག་གོ །ཡང་དེ་དང་དུས་མཉམ་པའི་ཚ་གྲང་གཉིས་འགལ་འབྲེལ་གང་ཡང་མ་ཡིན་པར་བཤད་པ་ནི་རང་དུས་དེ་ཉིད་ཀྱི་ཚེ་ལ་དགོངས་པའོ། །ཡང་རྟག་མི་རྟག་ལྟ་བུ་ལ་མཚོན་ན་མི་རྟག་པ་གནོད་བྱེད་དངོས་ཡིན་ཀྱང་རྟག་པ་གནོད་བྱ་རྗེས་མཐུན་པ་ཡིན་པ་དང༌། བར་ཆད་མེད་ལམ་གནོད་བྱེད་དངོས་ཡིན་ཀྱང༌། སྤངས་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གནོད་བྱ་རྗེས་མཐུན་པ་ཡིན་པ་དང༌། བྱས་པ་དེ་གནོད་བྱེད་མཚན་ཉིད་པ་ཡིན་ཀྱང་རྟག་པ་གནོད་བྱ་རྗེས་མཐུན་པ་ཡིན་པ་ལྟ་བུའོ། །དེ་ལྟར་ན་གནོད་བྱེད་ལ་དངོས་པོས་ཁྱབ་ཅིང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གནོད་བྱར་འཇོག་པ་ཡོད་པའི་ཕྱིར། གནོད་བྱ་ལ་དངོས་བཏགས་ཀྱི་དབྱེ་བས་དངོས་པོ་ཡིན་མིན་གཉིས་ཡོད་དོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཡང་དུས་མཉམ་པའི་ཚ་གྲང་དང་སྣང་མུན་འགལ་ལོ་ཞེས་བྱ་བ་འདི་ཡང་འཇིག་རྟེན་ན་གྲགས་པ་ལྟར་བཞག་པ་ཡིན་གྱི། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་རྣམ་པར་ཕྱེ་བ་ན་འགལ་བ་དང་འབྲེལ་བ་གཉིས་ཀ་ཡང་རུང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་གཟུང་བར་བྱ་བ་ཡིན་ནོ། །དེ་ལྟར་ཡང་སྣང་བ་དང་མུན་པ་མ་འོངས་པ་ལྷན་ཅིག་མི་གནས་འགལ་གྱི་རྣམ་གཞག་བྱེད་པ་དེའི་ཚེ་ནི། མཁས་པ་སྔ་མ་དག་བཞེད་པའི་མི་གནས་འགལ་གྱི་མཚན་ཉིད་དེས་ཅུང་ཞིག་མ་ཁྱབ་པའི་ཚུལ་རྒྱས་པར་འོག་ནས་འབྱུང་ངོ༌། །གསུམ་པ་དབྱེ་བ་ལ། སྤྱིར་འགལ་བ་མཚན་ཉིད་པ་ལྷན་ཅིག་མི་གནས་འགལ་དང༌། བཏགས་པ་བ་ཕན་ཚུན་སྤང་འགལ་ལོ། །དང་པོ་ལ་དངོས་པོ་སྟོབས་ཞུགས་ཀྱི་འགལ་བ་ཞེས་བྱ་སྟེ། དོན་ལ་གནོད་བྱ་གནོད་བྱེད་དུ་གནས་པའི་ཕྱིར། གཉིས་པ་ལ་སྒྲོ་བཏགས་ཀྱི་འགལ་བ་ཞེས་བྱ་སྟེ། དོན་ལ་དེར་མི་གནས་ཀྱང་སེལ་ངོར་གནོད་བྱ་གནོད་བྱེད་དུ་སྒྲོ་བཏགས་པའི་ཕྱིར་རོ། །ཅི་སྟེ་འགལ་བ་མཚན་ཉིད་པ་ནི་ཕན་ཚུན་སྤངས་པའི་དངོས་འགལ་ལ་བྱ་དགོས་སོ་ཞེ་ན། དེ་ཡང་མ་ཡིན་ཏེ། འགལ་ཟླ་གང་རུང་ཅིག་ཤེས་བྱ་ལ་མི་སྲིད་པ་ལ་ཕན་ཚུན་སྤངས་པའི་དངོས་འགལ་ཡོད་ལ། དེ་ལ་འགལ་བ་མཚན་ཉིད་པ་བཞག་པར་བྱར་མེད་པའི་ཕྱིར། དེ་ལྟར་གཉིས་ཀྱི་ནང་ནས་ལྷན་ཅིག་མི་གནས་འགལ་ལ་དོན་གྱི་དང་བློའི་འོ། །དང་པོ་ལ་ངོ་བོས་གནོད་པ་བྱེད་པ་ཚ་གྲང་ལྟ་བུ་དང༌། རྒྱུས་གནོད་པ་བྱེད་པ་སྣང་མུན་ལྟ་བུའོ། །དེ་ལ་ངོ་བོས་གནོད་པ་བྱེད་པ་རྣམས་ལ་ནི་གནོད་བྱ་གནོད་བྱེད་མཚན་ཉིད་པ་དང༌། འགལ་དམིགས་ཀྱི་གཏན་ཚིགས་ཀྱང་མཚན་ཉིད་པ་འབྱུང༌། རྒྱུན་གནོད་པ་བྱེད་པ་སྣང་མུན་ལྟ་བུ་ལ་ནི་གནོད་བྱ་གནོད་བྱེད་བཏགས་པ་བ་ཡིན་ཀྱང༌། འགལ་དམིགས་ཀྱི་གཏན་ཚིགས་མཚན་ཉིད་པ་འབྱུང༌། གྲང་རེག་དང༌། དེའི་འགལ་ཟླ་ཚ་རེག་གཉིས་གནོད་བྱ་གནོད་བྱེད་དངོས་ཡིན་ཀྱང་འགལ་དམིགས་ཀྱི་སྦྱོར་བ་མཚན་ཉིད་པ་མི་འབྱུང་སྟེ། གལ་ཏེ་འབྱུང་ན་ཚ་གྲང་ཕྲད་དུས་ཀྱི་སྐད་ཅིག་དང་པོས་མ་ངེས་པའི་ཕྱིར་རོ། །དེ་ལྟར་ན་དོན་གྱི་ལྷན་ཅིག་མི་གནས་འགལ་དང་པོའི་སྐབས་སུ་ཚ་རེག་དང་གྲང་རེག་གི་རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་ཞེས་ཁས་བླངས་པར་བྱ་བ་ཡིན་ཀྱང༌། དོན་གྱི་ལྷན་ཅིག་མི་གནས་འགལ་གཉིས་པའི་སྐབས་སུ་སྣང་བ་དང་མུན་པའི་རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་ཞེས་ནི་མི་སྦྱོར་ལ། སྣང་བའི་ཉེར་རྒྱུ་དང་པོ་དང་མུན་པའི་རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་པར་དོན་ལ་གནས་ལ། དེ་ལྟ་ན་ཡང་ཚུ་རོལ་མཐོང་བ་རྣམས་ཀྱིས་སྣང་བའི་ཉེར་རྒྱུ་མངོན་སུམ་དུ་མི་རྟོགས་པས་སྣང་མུན་ལྷན་ཅིག་མི་གནས་འགལ་དུ་སྒྲོ་བཏགས་པ་ཡིན་ནོ། །དེ་དག་གི ནང་ནས་ཀྱང་དང་པོ་ལ་ཚ་རེག་སྐོར་གསུམ་པོ་རེ་རེ་ཡང་གྲང་རེག་སྐོར་བཞི་པོའི་རྒྱུན་བཞི་ཀ་དང༌། རེ་རེ་ནས་ལྷན་ཅིག་མི་གནས་འགལ་དུ་ཕྱེ་བས་དབྱེ་བ་བཅུ་གཉིས་སོ། །ཡང་ན་འདི་ལྟར། སྣང་བ་ད་ལྟར་བ་ནི་གནོད་བྱེད་དོ། །དེའི་འགལ་ཟླར་གྱུར་བའི་མུན་པ་མ་འོངས་པ་ནི་གནོད་བྱ་མཚན་ཉིད་པའོ། །རང་གི་རིགས་རྒྱུན་མ་ཉམས་པ་དེ་སྲིད་དུ་གནོད་བྱ་དེའི་རྒྱུན་སྐྱེ་བའི་ནུས་པ་མེད་པར་བྱས་པའི་དངོས་པོ་ནི་དེའི་འབྲས་བུའོ། །དེ་གཉིས་རྒྱུ་འབྲས་ཡིན་པའི་རྒྱུ་མཚན་གྱིས་སྔ་མ་གཉིས་འགལ་བར་ངེས་སོ། །སྣང་བའི་དངོས་རྒྱུ་དང་མུན་པ་འགལ་བའི་ཚུལ་ཇི་ལྟར་ཡིན་པ་དེ་ནི་ཚ་གྲང་གཉིས་དང་འདྲའོ་ཞེས་བརྗོད་ནའང་འཇུག་པ་བདེའོ། །བཞི་པ་འགལ་བ་གནས་པའི་ཡུལ་ངོས་བཟུང་བ་ནི། དངོས་མེད་ལ་ལྷན་ཅིག་མི་གནས་འགལ་མི་གཞག་སྟེ། གནོད་བྱ་དང་གནོད་བྱེད་མཚན་ཉིད་པ་མི་རུང་བའི་ཕྱིར། དངོས་པོ་ལ་ཡང་སྐད་ཅིག་དང་རྒྱུན་གཉིས་ལས་སྐད་ཅིག་མ་གཅིག་ལ་དེ་མི་བཞག་སྟེ། སྐད་ཅིག་མ་གཅིག་ལ་གནོད་པ་བྱེད་མི་ནུས་པའི་ཕྱིར་རོ། །དེས་ན་གནོད་བྱ་དང་གནོད་བྱེད་གཉིས་ཀ་ལ་རྒྱུན་དང་ལྡན་པ་དགོས་ཏེ། གནོད་པ་བྱེད་ཚུལ་ལ་ངོ་བོས་གནོད་པ་བྱེད་པ་དང༌། རྒྱུས་གནོད་པ་བྱེད་པ་གཉིས་ལས་གཞན་མེད་ལ། དེ་གཉིས་ཀ་ལ་རྒྱུན་དགོས་པའི་ཕྱིར་རོ། །དེ་ལྟར་གྲུབ་པ་ན་གྲུབ་དོན་འདི་ལྟར་འབྱུང་བར་འགྱུར་ཏེ། ལྷན་ཅིག་མི་གནས་འགལ་གྱི་འགལ་ཟླ་གང་རུང་ཡིན་ན་རྫས་སུ་གྲུབ་དགོས་སོ་ཞེས་ཟེར་བ་འདི་ཡང་ཁེགས་པ་ཡིན་ཏེ། རྒྱུན་ཡིན་ན་རྫས་སུ་གྲུབ་དགོས་པར་འགལ་བའི་ཕྱིར། ཡང་གནོད་བྱ་གྲང་རེག་གི་རྒྱུན་དེ་གནོད་བྱེད་ཚ་རེག་དང་ལྷན་ཅིག་མི་གནས་འགལ་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་འཐད་པ་གྲུབ་སྟེ། གལ་ཏེ་འཐད་ན་རྔོག་ལོ་བཞེད་པའི་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་ལ་བརྗོད་པའི་སྐྱོན་དེ་རང་ལ་མཚུངས་པའི་ཕྱིར། ཇི་ལྟར་མཚུངས་ཞེ་ན། ཡ་གྱལ་འགོད་ན་མ་ཁྱབ་པའི་སྐྱོན་ཡོད་ཅེས་འགྲེལ་པར་གསུངས་པ་དེའི་དོན་གང་ཡིན་བཏགས་ན་འཇིག་པའི་ཕྱིར་དང༌། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་མི་སྲིད་ཅེས་འགྲེལ་པར་གསུངས་ཀྱང༌། དེ་ཚོགས་པའི་སྤྱི་རང་ལུགས་ལ་སྲིད་པར་ཐལ་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། མ་ཁྱབ་པའི་དོན་ནི་འདི་ཡིན་ཏེ། དངོས་པོ་གཉིས་ལ་གནས་པའི་ཆོས་གནོད་བྱེད་ཅེས་སམ། ཡང་ན་གནོད་བྱ་ཞེས་པ་མཚན་ཉིད་དུ་འཇོག་ན། འོ་ན་གནོད་བྱ་གྲང་རེག་ཆོས་ཅན། གནོད་བྱེད་ཚ་རེག་དང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། དེའི་གནོད་བྱ་ཡིན་པའི་ཕྱིར་ཞེས་འཕེན་རྒྱུ་མ་ཡིན་པ་ལ་དེ་ཉིད་རང་ལ་བཟློག་པའི་ཕྱིར། གཞུང་འདིའི་དོན་ཡང་གཞན་དག་གིས་ནི་ལེགས་པར་མ་བཤད་མོད། འོན་ཀྱང་སྔར་རྒྱས་པར་བཤད་ཟིན་པ་ལྟར། ཕྱྭ་པས་ལོ་ཆེན་བཀག་པའི་རིགས་པ་དེ་ཉིད་འདིར་བཀོད་པ་ཡིན་ནོ། །ཡང་ཕལ་ཆེ་བ་དག རྒྱུན་ལྷན་ཅིག་མི་གནས་འགལ་ཡིན་པས་ལྷན་ཅིག་མི་གནས་འགལ་དུ་བཞག་པ་ཡིན་གྱི། ལྷན་ཅིག་མི་གནས་འགལ་ཡང་ཡིན། ལྷན་ཅིག་ཏུ་གནས་པ་ཡང་ཡིན་པའི་གཞི་མཐུན་ཡོད་དོ་ཞེས་ཟེར་བ་དེ་ཡང་རིགས་པ་མིན་པར་གྲུབ་སྟེ། བུད་ཤིང་གི་སྟེང་གི་ཚ་གྲང་གི་རྡུལ་གཉིས་ཀྱང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ་བ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་བདག་འཛིན་གཉིས་ཀྱང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ་བ་དང༌། སེམས་ཀྱི་རང་བཞིན་དང༌། ཆགས་སོགས་དྲི་མ་རྣམས་ཀྱང་ལྷན་ཅིག་མི་གནས་འགལ་ཡིན་པར་ཐལ། དེ་ལ་འདོད་པར་ནུས་པ་མ་ཡིན་ཏེ། རང་ལུགས་ཀྱི་གནོད་བྱ་བཟློག་པའི་སྐབས་ཀྱི་བཤད་པ་དང་འགལ་བའི་ཕྱིར། ལྔ་པ་གནོད་པ་བཟློག་པའི་དུས་ལ་དོན་གྱི་དང༌། བློའིའོ། །དང་པོ་ལ། ཚ་གྲང་ལྟ་བུ་ངོ་བོས་གནོད་པ་བྱས་པའི་དང༌། སྣང་མུན་ལྟ་བུས་རྒྱུས་གནོད་པ་བྱས་པའི་ཕྱིར་རོ། །དང་པོ་ནི། ཚ་གྲང་གཉིས་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་གནོད་བྱ་ནུས་མེད་དུ་སྐྱེས། གསུམ་པ་ལ་གནོད་བྱ་བཟློག་པ་ཡིན་ནོ། །དེ་ལྟར་གནོད་བྱ་བཟློག་ཟིན་པའི་རྗེས་སུ་སྐྱེས་པའི་གནོད་བྱེད་དེ་མིང་ཇི་ལྟར་བཏགས་ཀྱང་རུང༌། དོན་ལ་སྟོབས་ལྡན་ཡིན་ཏེ། གནོད་བྱ་བས་སྟོབས་ཆེ་བར་གྲུབ་ཟིན་པའི་ཕྱིར། དེ་ལྟ་བུའི་གནོད་བྱེད་དེ་འགལ་དམིགས་ཀྱི་རྟགས་སུ་སོང་བ་ཡིན་ཅིང༌། གནོད་བྱ་ལོག་རྗེས་སུ་གནོད་བྱ་གྲང་རེག་གི་རྒྱུན་དང་མི་ལྡན་པ་དེ་བསྒྲུབ་བྱའི་ཆོས་སུ་སོང་ཚོད་དང༌། གནོད་བྱ་ལོག་རྗེས་སུ་མེས་ཁྱབ་པར་ནོན་པའི་གཞི་ཆོས་ཅན་དུ་སོང་བ་ཡིན་ནོ། །དེའི་ཕྱིར་ཆོས་ལ་རྒྱུན་དང་མི་ལྡན་པ་སྦྱོར་ཞིང༌། རྟགས་ལ་རྒྱུན་ཆགས་པ་ཞེས་མི་སྦྱོར་བ་ཡིན་ཏེ། རྟགས་རྒྱུན་ཆགས་སུ་འབྱུང་མི་འབྱུང་ཚུ་རོལ་མཐོང་བའི་མངོན་སུམ་གྱིས་མི་ཤེས་པའི་ཕྱིར་དང༌། དེ་རྟགས་ཀྱིས་སྒྲུབ་དགོས་ན་ཐུག་པ་མེད་པའི་ཕྱིར། ཅིག་ཤོས་ལ་ནི་མི་མཚུངས་ཏེ། གནོད་བྱེད་དམིགས་པའི་རྟགས་ཀྱིས་གནོད་བྱའི་རྒྱུན་མི་འབྱུང་བར་ཚུ་རོལ་མཐོང་བས་ཀྱང་འགྲུབ་པའི་ཕྱིར། དེ་ལྟར་ཤེས་ན་གྲུབ་དོན་གསུམ་འབྱུང་བར་འགྱུར་ཏེ། རང་ལུགས་ལ་སྐྱོན་མེད་པའི་ཚུལ། གཞན་ལུགས་ལ་སྐྱོན་ཆགས་པའི་ཚུལ། འགལ་དམིགས་ཀྱི་རྟགས་ཀྱི་རྣམ་གཞག་ཁོང་དུ་ཆུད་པའོ། །དང་པོ་ནི། རང་ལུགས་ཀྱི་འཇོག་ཚུལ་འདི་ལྟར་ཁོང་དུ་མ་ཆུད་ན། མི་གནས་འགལ་ལ་བརྟེན་པའི་རྟགས་ཀྱི་རྣམ་གཞག་ལ། སྤོང་མི་ནུས་པའི་ཉེས་པ་གསུམ་མཐོང་སྟེ། རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་སྒྲུབ་བྱའི་ཆོས་སུ་བྱས་པ་དང༌། གནོད་བྱེད་དང་གནོད་བྱ་ནུས་མེད་གཉིས་པོ་འབྲེལ་ཡང་འབྲེལ་འགལ་ཡང་འགལ་བར་ཁས་བླངས་པའི་ཉེས་པ་དང༌། གནོད་བྱེད་ཚ་རེག་དང་གནོད་བྱ་གྲང་རེག་ནུས་མེད་ལྷན་ཅིག་མི་གནས་འགལ་དང༌། རྒྱུ་འབྲས་ཀྱི་གཞི་མཐུན་དུ་ཁས་བླངས་པས་གཏན་ཚིགས་ཡང་དག་དང་འགལ་རྟགས་ཀྱི་གཞི་མཐུན་ཁས་བླངས་པའི་ཉེས་པ་གསུམ་མཐོང་བའི་ཕྱིར། ལུགས་འདི་ལེགས་པར་ཤེས་པ་ལ་ཉེས་པ་དེ་གསུམ་མི་འཇུག་ཏེ། འདིར་རྒྱུ་མ་དམིགས་པ་རྟགས་སུ་བཀོད་པར་སོང་བའི་ཕྱིར་དང༌། གནོད་བྱེད་ཚ་རེག་དང༌། གནོད་བྱ་གྲང་རེག་ནུས་མེད་གཉིས་རྒྱུ་འབྲས་སུ་ཁས་ལེན་ཀྱང༌། དེ་དང་ལྷན་ཅིག་མི་གནས་འགལ་དུ་ཁས་མི་ལེན། ནུས་མེད་ཀྱི་རྒྱུན་དང་ལྷན་ཅིག་མི་གནས་འགལ་དུ་ཁས་ལེན་ཀྱང་རྒྱུ་འབྲས་སུ་ཁས་མི་ལེན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གྲང་རེག་གི་རྒྱུ་ནི་གྲང་རྒྱུ་ནུས་པ་ཐོགས་མེད་ཡིན་ལ། ཚ་རེག་དང་གྲང་རེག་ནུས་མེད་གཉིས་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་སོང་བ་ན། ཚ་རེག་ཡོད་པའི་གཞིར་གྲང་རེག་གི་རྒྱུ་མེད་པར་གྲུབ་པའི་ཕྱིར་དང༌། ཚ་གྲང་འགལ་བར་ངེས་བྱེད་ཀྱི་ཚད་མ་ནི་ཚ་རེག་དང་གྲང་རེག་ནུས་མེད་ཀྱི་དངོས་པོ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་རིགས་པའི་དབང་ཕྱུག་ཕྱྭ་པའི་ལུགས་ལ་འགལ་བ་འདི་ལྟར་འབྱུང་སྟེ། ལྷན་ཅིག་མི་གནས་འགལ་གྱི་མཚན་གཞི་འཆད་པ་ན་གནོད་བྱེད་ཚ་རེག་དང༌། གནོད་བྱ་གྲང་རེག་ནུས་མེད་རྒྱུ་འབྲས་སུ་བཞེད་པ་དང༌། འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་བ་ན་རྟགས་ཆོས་གཉིས་ལ་དེ་བྱུང་གི་འབྲེལ་པ་གྲུབ་པར་བཞེད་པ་ནི་ནང་འགལ་བའི་ཕྱིར་རོ། །གསུམ་པ་ནི། མེས་ཁྱབ་པའི་ཤར་གྱི་གཞི་ཆོས་ཅན། གྲང་རེག་རྒྱུན་ལྡན་དུ་ཡོད་པའི་གཞི་མ་ཡིན་ཏེ། མེས་ཁྱབ་པའི་གཞི་ཡིན་པའི་ཕྱིར། ཞེས་བྱ་བ་ནི་རྩ་བའི་སྦྱོར་བའོ། །ཕྱོགས་ཆོས་ནི་མངོན་སུམ་གྱིས་གྲུབ། ཁྱབ་འབྲེལ་ནི་དེའི་གཞིར་དེ་མེད་དགོས་ཏེ། དེའི་གཞིར་དེ་རྒྱུན་ལྡན་དུ་འབྱུང་བའི་རྒྱུ་གྲང་རེག་ནུས་བཅས་ལོག་ཟིན་པའི་ཕྱིར། དེ་ཡིན་ཏེ། གནོད་བྱ་གྲང་རེག་ནུས་མེད་དང༌། དེའི་གནོད་བྱེད་ཚ་རེག་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར། དེ་ལྟར་ན་བཀོད་ཚོད་ལ་མེ་ཙམ་དང༌། སྒྲུབ་ཚོད་ལ་སྤྱིར་གྲང་རེག་རྒྱུན་ལྡན་དུ་མེད་པ་ཙམ་སྒྲུབས་ཀྱང༌། སོང་ཚོད་ལ་གནོད་བྱ་ལོག་རྗེས་ཀྱི་མེ་ཙམ་རྟགས་དང༌། གནོད་བྱ་ལོག་རྗེས་སུ་གྲང་རེག་རྒྱུན་ལྡན་དུ་མི་འབྱུང་བ་སྒྲུབ་བྱའི་ཆོས་སུ་སོང་བ་ཡིན་པ་དེ་ཉིད། མཚོན་བྱེད་ཀྱི་དཔེ་གཞན་གྱི་སྒོ་ནས་ཀྱང་ཤེས་པར་བྱ་སྟེ། འདི་ལྟར། སྣང་བས་ཁྱབ་པའི་རྟགས་ཀྱི་གཞི་འགའ་ཞིག་ཏུ་མུན་པ་འགོག་པ་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་གཞི་འགའ་ཞིག་ཏུ་བདག་འཛིན་འགོག་པ་ལྟ་བུ་ཡང༌། གནོད་བྱ་ལོག་རྗེས་ཀྱི་གཉེན་པོ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་ནི་སྣང་བའི་རྒྱུ་ནུས་པ་ཐོགས་མེད་ཀྱི་རྒྱུ་ཚོགས་དང༌། དེའི་གནོད་བྱར་གྱུར་པའི་མུན་པ་སྐད་ཅིག་མ་དང་པོ་ལ་ཕྲད། གཉིས་པ་ལ་གནོད་བྱ་ནུས་མེད་དུ་བྱས། གསུམ་པ་ལ་མུན་པ་འགགས་པ་དང་སྣང་བ་སྐྱེས་པ་དུས་མཉམ་པ་ཡིན་ནོ། །དེའི་ཚེ་སྣང་བ་འགལ་དམིགས་ཀྱི་གཏན་ཚིགས་སུ་སྦྱོར་བ་ཡིན་ནོ། །འོ་ན་སྣང་བ་དེའི་འགལ་ཟླར་གྱུར་པའི་མུན་པ་དེ་གང་ལ་བྱ་ཞེ་ན། ཕྱི་ནང་ཐུན་མོང་གི་རྟོག་གེ་དང༌། འཇིག་རྟེན་ན་གྲགས་པ་ལྟར་ན། བསལ་ཟིན་པའི་མུན་པ་དེ་ཡིན་ནོ། །ཐུན་མོང་མ་ཡིན་པའི་སྡེ་སྣོད་དང༌། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་རྟོག་གེ་ལྟར་ན་མུན་པ་མ་འོངས་པ་དེ་ཉིད་སྣང་བས་བསལ་བྱ་ཡིན་ལ། ཇི་སྲིད་སྣང་བའི་བྱེད་པ་མ་ཉམས་པ་དེ་སྲིད་དུ་མུན་པ་སྐྱེ་བའི་གོ་སྐབས་མ་རྙེད་པ་ལ་དེས་དེ་བསལ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་དུ་ཚ་གྲང་དང༌། ངེས་ཤེས་དང༌། སྒྲོ་འདོགས་དང༌། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང༌། དེའི་བསལ་བྱ་བདག་འཛིན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་ཤེས་པ་ན། དོན་འདི་འབྱུང་བར་འགྱུར་ཏེ། འགལ་བ་ངེས་བྱེད་ཀྱི་ཚད་མ་དང་གནོད་བྱ་བཟློག་པའི་དུས་འཆད་པ་ན། འགལ་ཡུལ་དང་འགལ་ཟླའི་རྣམ་གཞག་འཇིག་རྟེན་ན་གྲགས་པ་ལྟར་ཞལ་གྱིས་བཞེས་ལ། འགལ་དམིགས་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་སུ་སྦྱོར་བ་ན་ཕྱི་མ་དེ་ཉིད་ཞལ་གྱིས་བཞེས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ཁྱབ་འབྲེལ་གཏན་ལ་འབེབས་པ་ན་འཇིག་རྟེན་ན་གྲགས་པའི་སྒོ་ནས་བསྟན་ན་རྟོགས་པར་སླ་ལ། བསྒྲུབ་བྱ་གཏན་ལ་འབེབས་པ་ན་གང་དོན་ལ་གནས་པ་དེ་ཉིད་བསྟན་དགོས་པས་སོ། །དེས་ན་སྐབས་སོ་སོར་ཕྱེད་པའི་སྒོ་ནས་ཁས་ལེན་པའི་ཚུལ་མ་ནོར་བར་བྱའོ། །གཉིས་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་དངོས་རྒྱུའི་རྒྱུ་དང༌། དེའི་བསལ་བྱ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཕྲད། གཉིས་པ་ལ་དེ་ནུས་མེད་དུ་བྱ། གསུམ་པ་ལ་དེ་འགགས་པ་དང་རྗེས་དཔག་དེ་སྐྱེས་པ་དུས་མཉམ་པ་ཡིན་ནོ། །དེ་སྐྱེས་ཟིན་པའི་འོག་ཏུ་ཇི་སྲིད་གཉེན་པོ་དེ་ཡོད་པ་དེ་སྲིད་དུ། སྤང་བྱ་དེ་སྐྱེ་མ་ནུས་པ་ཉིད་ལ་ལྷན་ཅིག་མི་གནས་འགལ་ཞེས་བརྗོད་དོ། །དེས་ན་རང་ལུགས་ཀྱི་དགོངས་པ་ལ་དོན་འདི་འབྱུང་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་བསལ་བྱ་བཏགས་པ་བ་ནི་རྟག་འཛིན་གྱི་སྒྲོ་འདོགས་འགགས་ཟིན་པ་དེ་ཉིད་ཡིན་ལ། བསལ་བྱ་མཚན་ཉིད་པ་ནི་སྒྲོ་འདོགས་མ་འོངས་པ་མ་སྐྱེས་པ་དེ་ཉིད་ཡིན་ནོ། །དེ་གནོད་བྱ་མཚན་ཉིད་པ་ཡིན་ཀྱང་གནོད་པ་བྱས་པ་ནི་བཏགས་པ་བ་ཡིན་ཏེ། མ་སྐྱེས་པ་ལ་གནོད་པ་བྱར་མེད་པའི་ཕྱིར། དེ་བཏགས་པ་བ་ཡིན་པ་དེ་ལྟ་ན་ཡང༌། དེའི་སྟོབས་ཀྱིས་གནོད་བྱ་མ་འོངས་པ་དེ་མ་སྐྱེས་པའི་དངོས་པོ་ནི། དེའི་འབྲས་བུའི་མཚན་ཉིད་ཡིན་ལ། དེ་དེ་ཡིན་པའི་རྒྱུ་མཚན་གྱིས་གཉེན་པོ་འགལ་བར་བཤད་པ་ཡིན་ནོ། །འདི་དང་སྔར་བཤད་པའི་རྣམ་གཞག་འགལ་བར་མི་བསམ་སྟེ། བཤད་མ་ཐག་པ་ལྟར་དཔེ་དོན་གྱི་སྐབས་སོ་སོར་ཕྱེད་དགོས་པའི་ཕྱིར། ཇི་སྐད་དུ། ས་བོན་སྤངས་པའི་གཉེན་པོའང་ཡོད། །ཅེས་དང༌། ཡུན་རིང་འགྲོགས་པའི་ལྷན་ཅིག་ཏུ། །མི་གནས་པ་དེ་ངོ་མཚར་ཆེ། །ཞེས་པའི་དགོངས་པ་བཙལ་ན་བྱང་སེམས་ཀྱི་ཆོས་མཆོག་ཐ་མའི་དངོས་རྒྱུ་དང༌། མཐོང་སྤངས་རྟོག་པ་ནུས་མེད་ཀྱི་དངོས་རྒྱུ་ཕྲད། ནུས་མེད་དང་ཆོས་མཆོག་ཐ་མ་དུས་མཉམ། རྟོག་པ་འགག་པ་དང་མཐོང་ལམ་བར་ཆད་མེད་ལམ་སྐྱེས་པ་དུས་མཉམ་པ་ཡིན་ནོ། །ཡང་མཐོང་ལམ་བར་ཆད་མེད་ལམ་དང་དེའི་གནོད་བྱ་མཐོང་སྤངས་ཀྱི་ས་བོན་སྐད་ཅིག་དང་པོ་ལ་ཕྲད། གཉིས་པ་ལ་ནུས་མེད་དུ་བྱས། གསུམ་པ་ལ་དེ་འགགས་པ་དང༌། དེའི་རྣམ་གྲོལ་ལམ་སྐྱེས་པ་དུས་མཉམ་པ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བས་སྤང་གཉེན་ཡུན་རིང་པོར་ལྷན་ཅིག་ཏུ་གནས་པ་མི་སྲིད་དོ། །དེས་ན་མཐོང་སྤངས་རྟོག་པ་ནི་མཐོང་ལམ་བར་ཆད་མེད་ལམ་གྱི་གནོད་བྱ་བཏགས་པ་བ་དང༌། གནོད་པ་བྱས་པ་ཡང་བཏགས་པ་བ་ཡིན་ཏེ། དེའི་རྒྱུས་གནོད་པ་བྱས་པ་ལ་དེས་གནོད་པ་བྱས་པར་བཏགས་པའི་ཕྱིར། ཆོས་མཆོག་སྐད་ཅིག་ཐ་མའི་དངོས་ཀྱི་རྒྱུ་དང་དུས་མཉམ་པའི་མཐོང་སྤངས་རྟོག་པ་སྤོང་ཚུལ་དེ་ལྟར་ཡིན་ལ། དུས་མི་མཉམ་པ་ལམ་མ་ཞུགས་ཀྱི་མཐོང་སྤངས་རྟོག་པ་ལ་ནི་དེ་ལྟར་མི་སྦྱོར་ཏེ། སྐད་ཅིག་དང་པོ་ལ་ཕྲད་པ་མེད་པའི་ཕྱིར། གལ་ཏེ་ཡོད་ན་རྟག་པའི་དངོས་པོར་ཐལ་ལོ། །མཐོང་ལམ་གྱི་སྟོབས་ཀྱིས་སྔ་མ་དེའི་རྒྱུན་སྐྱེ་མ་ནུས་པ་ཉིད་ལ་དེས་དེ་སྤངས་པ་ཞེས་བརྗོད་དོ། །མཐོང་སྤངས་ཀྱི་ས་བོན་ནི་དེའི་གནོད་བྱ་དང་གནོད་པ་བྱས་པ་གཉིས་ཀ་མཚན་ཉིད་པ་ཡིན་ནོ། །དེའི་བསལ་བྱར་གྱུར་པའི་མཐོང་སྤངས་མ་འོངས་པ་ནི་དེའི་གནོད་བྱ་མཚན་ཉིད་པ་ཡིན་ཀྱང༌། གནོད་པ་བྱས་པ་ནི་བཏགས་པ་བ་ཡིན་ཏེ། དེའི་རྒྱུ་ལ་གནོད་པ་བྱས་པ་ལ་དེ་ལ་གནོད་པ་བྱས་པར་བཏགས་པ་ཡིན་པའི་ཕྱིར་དང༌། སྤངས་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ་གནོད་པ་བྱར་མེད་པའི་ཕྱིར་རོ། །གནོད་བྱ་བཟློག་དུས་ཀྱི་སྐད་ཅིག་དེ། ལོ་ཙྭ་བ་དང་ཕྱྭ་པ་བྱ་རྫོགས་ཀྱི་སྐད་ཅིག་མ་ལ་བཞེད། རིགས་གཏེར་ལས་དུས་མཐའི་སྐད་ཅིག་མ་ལ་བཞེད། འོ་ན་ཚ་གྲང་གཉིས་མཉམ་དུ་འགྲོགས་ནས་ཡུན་རིང་དུ་མི་བཟློག་པར་མངོན་སུམ་གྱིས་མཐོང་བ་མ་ཡིན་ནམ་ཞེ་ན། དེས་མི་གནོད་དེ། ཚ་རེག་སྐད་ཅིག་མ་བརྒྱ་དང༌། གྲང་རེག་སྐད་ཅིག་མ་བརྒྱ་མཉམ་དུ་འགྲོགས་ནས་གནོད་པ་བྱེད་པའི་ཚེ། ཚ་རེག་སྐད་ཅིག་དང་པོའི་ངོ་སྐལ་གྱི་གནོད་བྱ་སྐད་ཅིག་མ་གཅིག་པོ་དེ་དང་དུས་མཐས་བགྲངས་པའི་སྐད་ཅིག་མ་གསུམ་པ་ལ་བཟློག་པའི་དོན་ཡིན་གྱི། གྲང་རེག་གི་རྒྱུན་ཡོངས་རྫོགས་བཟློག་པའི་དོན་མ་ཡིན་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་དང་དེའི་གནོད་བྱ་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་ཕན་ཚུན་སྤངས་འགལ་ལ། མཚན་ཉིད། དབྱེ་བ། འགལ་བ་དངོས་བཏགས་ཀྱི་ཁྱད་པར་ལ་དཔྱད་པའོ། །དང་པོ་ནི། ཆོས་དེ་དང་འགལ་བ་གང་ཞིག་ཆོས་དེའི་རྒྱུན་བཟློག་པར་མི་ནུས་པའོ། །གཉིས་པ་ལ་དངོས་འགལ་དང༌། རྒྱུད་འགལ་གཉིས། དང་པོ་ནི། རྟོག་ངོར་རང་མིན་བཀག་ཙམ་གྱི་ཆོས་དེ། ཕན་ཚུན་སྤངས་པའི་དངོས་འགལ་གྱི་མཚན་ཉིད། དཔེར་ན་རྟག་མི་རྟག་དང༌། སྔོན་པོ་དང་སྔོ་མིན་ལྟ་བུའོ། །སེལ་ངོར་རང་བཀག་ཙམ་དེ་ཆོས་དེའི་ཁྱབ་བྱེད་དུ་ཞེན་པའི་རྒྱུ་མཚན་གྱིས་ཆོས་དེ་འགོག་ནུས་པ་དེ་ཆོས་དེ་དང་རྒྱུད་འགལ་གྱི་མཚན་ཉིད། དཔེར་ན་བྱས་པ་དང་རྟག་པ་ལྟ་བུའོ། །རྩ་བར་རང་མིན་ཁྱབ་བྱེད་འགོག །ཅེས་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་ཏེ། བྱས་པས་རང་མིན་མ་བྱས་པའི་ཁྱབ་བྱེད་ཀྱང་འགོག་མི་ནུས། རྟག་པའི་ཁྱབ་བྱེད་ཀྱང་འགོག་མི་ནུས་པའི་ཕྱིར། དེས་ན་དོན་ནི། རྒྱུད་འགལ་རང་མིན་ཁྱབ་བྱ་འགོག །ཅེས་པ་སྟེ་རང་གང་ལ་དངོས་འགལ་དུ་སོང་བའི་དོན་དེའི་ཁྱབ་བྱ་འགོག་ནུས་པའོ། །འདིར་དཔྱད་པ་རྣམ་པ་གསུམ་འཇུག་སྟེ། རང་མིན་གྱི་ཁྱབ་བྱ་གང་ཡིན་ཐམས་ཅད་རྒྱུད་འགལ་ཡིན་མིན་དཔྱད་པ། རྒྱུད་འགལ་ལ་ཕན་ཚུན་སྤངས་འགལ་གྱིས་ཁྱབ་མ་ཁྱབ་དཔྱད་པ། རྒྱུད་འགལ་དུ་འགྱུར་བ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་པ་དགོས་མི་དགོས་དཔྱད་པའོ། །དང་པོ་ནི། འོ་ན། རང་མིན་འགོག་པ་དངོས་འགལ་ཡིན། །རྒྱུད་འགལ་རང་མིན་ཁྱབ་བྱ་འགོག །ཅེས་གསུངས་པའི་དོན་ལ་དཔྱད་ན་སྤྱིར་ཤེས་བྱ་ཐམས་ཅད་རང་མིན་དང་དངོས་འགལ་དུ་ཁས་ལེན་ནུས་པ་བཞིན་དུ། རང་མིན་དང་ཁྱབ་བྱ་གང་ཡིན་དང༌། རྒྱུད་འགལ་དུ་ཁས་ལེན་ནུས་སམ་མི་ནུས། ནུས་ན་ནི་སྔོ་སེར་འགལ་བར་ཐལ། སེར་པོ་དེ་སྔོན་པོ་མིན་པའི་ཁྱབ་བྱ་ཡིན་པའི་ཕྱིར། མི་ནུས་ན་གཞུང་གི་སྒྲ་ཟིན་དང་འགལ་ཞིང༌། རྒྱུད་འགལ་དུ་འཇོག་བྱེད་ཀྱི་རིགས་པ་གང་ཡིན་བརྟགས་ན་འཇིག་གོ་ཞེ་ན། དེ་ལན་བཤད་པ། དེ་དང་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེའི་ཁྱབ་བྱ་དང་རྒྱུད་འགལ་ཡིན་ཞེས་འདོད་ན་ཁྱེད་བདེན་ཡང༌། རྒྱུད་འགལ་དུ་འཇོག་པའི་རིགས་པ་ནི་འདི་ཡིན་ཏེ། བྱས་པ་རྟག་པ་དང་དངོས་སུ་མི་འགལ་ཡང་བྱས་པ་གང་ཡིན་ཐམས་ཅད་མི་རྟག་པར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡོད་པའི་རྒྱུ་མཚན་གྱིས་དེ་དང་རྒྱུད་འགལ་དུ་བཞག་པ་ཡིན་ལ། རིགས་པ་དེ་ཡང་བྱས་པ་བྱས་པ་མ་ཡིན་པ་དང་དངོས་འགལ་ཡིན་པ་ལ་ཐུག་པ་ཡིན་ཏེ། བྱས་པའི་རྟགས་ཀྱིས་མི་རྟག་པར་འགྲུབ་པའི་ཕྱིར། སྔོ་སེར་ལ་ནི་དེ་མི་མཚུངས་སྟེ། སྔོན་པོ་སེར་པོ་མ་ཡིན་པར་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་མེད་པའི་ཕྱིར་དང༌། ཡོད་དུ་ཆུག་ཀྱང་རིགས་པ་དེ་སྔོན་པོ་སྔོ་མིན་དང་དངོས་འགལ་ཡིན་པ་ལ་མི་ཐུག་པའི་ཕྱིར། གལ་ཏེ་ཐུག་ན་སྔོན་པོའི་རྟགས་ཀྱིས་བཻ་ཌཱུརྻའི་སྔོན་པོ་སེར་པོ་མ་ཡིན་པར་སྒྲུབ་ནུས་པར་འགྱུར་རོ། །འདོད་ན་མི་ནུས་ཏེ། དེས་དོན་དང་ཐ་སྙད་གང་ཡང་མི་སྒྲུབ་པའི་ཕྱིར། དེ་ལྟར་ཤེས་པ་ན་དོན་འདི་འབྱུང་བ་ཡིན་ཏེ། རྟག་མི་རྟག་དངོས་འགལ་ཡིན་པ་ན་རྟག་པ་དེའི་ནང་ཚན་གང་ཡིན་ཐམས་ཅད་མི་རྟག་པ་དང་རྒྱུད་འགལ་དུ་གྲུབ་ལ། མི་རྟག་པའི་ནང་ཚན་གང་ཡིན་ཐམས་ཅད་ཀྱང་རྟག་པ་དང་རྒྱུད་འགལ་དུ་གྲུབ་པ་ཡིན་ཏེ། དེ་དང་འགལ་བར་ངེས་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཡང་དག་ཡོད་པའི་ཕྱིར། སྔོན་པོ་དང་སྔོ་མ་ཡིན་དངོས་འགལ་དུ་གྲུབ་ཀྱང༌། སྔོ་མ་ཡིན་གྱི་ནང་ཚན་ཐམས་ཅད་སྔོན་པོ་དང་རྒྱུད་འགལ་དུ་མི་འགྲུབ་ཅིང༌། སྔོན་པོའི་ནང་ཚན་ཐམས་ཅད་ཀྱང་སྔོ་མིན་དང་རྒྱུད་འགལ་དུ་མི་འགྲུབ་སྟེ། དེ་དང་དེ་འགལ་བར་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཡང་མེ་དང་མེ་མིན་དངོས་འགལ་དུ་གྲུབ་ཀྱང་མེ་མིན་ཐམས་ཅད་མེ་དང་རྒྱུད་འགལ་དུ་མི་འགྲུབ་སྟེ། མེ་མིན་ལ་མེ་དང་རྒྱུད་འགལ་ཡིན་མིན་གཉིས་ཡོད་པའི་ཕྱིར། མེ་མིན་གྱི་རྟག་པ་དེ་མེ་དང་རྒྱུད་འགལ་ཡིན་ཀྱང༌། དུ་བ་མེ་དང་རྒྱུ་འགལ་མིན་པའི་ཕྱིར་ཏེ། དུ་བ་མེ་མིན་པར་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་མེད་པའི་ཕྱིར། གལ་ཏེ་སྔོ་སེར་དང་མེ་དུ་སོགས་འགལ་བར་མངོན་སུམ་གྱིས་གྲུབ་བོ་ཞེ་ན། དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་དུ་སོང་བ་ཡིན་ཏེ། སེར་པོ་གང་ཡིན་སྔོན་པོ་མ་ཡིན་པར་ཚུ་རོལ་མཐོང་བའི་མངོན་སུམ་གྱིས་གྲུབ་པ་ན། དེ་སྔོན་པོ་མ་ཡིན་པར་གྲུབ་བྱེད་ཀྱི་དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མེད་པར་གྲུབ། དེ་ལྟར་གྲུབ་པ་ན་འགལ་བར་ངེས་པ། སྔོན་པོ་དང་སྔོ་མིན་དངོས་འགལ་ཡིན་པའི་རྒྱུ་མཚན་ལ་མ་ལྟོས་པའི་ཕྱིར། སྔོ་སེར་གཉིས་རྒྱུད་འགལ་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད་དོ། །དེ་ལྟར་ན་སྔོ་སེར་དང་ཀ་བུམ་སོགས་ལ་ཕན་ཚུན་སྤངས་པ་ཞེས་བྱ་ཡི། ཕན་ཚུན་སྤངས་བའི་འགལ་བ་ཞེས་མི་བྱ་སྟེ། ཕན་ཚུན་སྤངས་པར་ནི་མངོན་སུམ་གྱིས་གྲུབ། འགལ་བར་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཏེ། དངོས་འགལ་དུ་ངེས་བྱེད་ཀྱི་ཚད་མ་ཡང་མེད། རྒྱུད་འགལ་དུ་ངེས་བྱེད་ཚད་མ་ཡང་མེད་པའི་ཕྱིར་ཞེས་བྱ་བ་ནི་གྲུབ་པའི་དོན་ཡིན་ནོ། །གཉིས་པ་ནི་ཕལ་ཆེ་བ་དག ལྷན་ཅིག་མི་གནས་འགལ་རྣམས་ཀྱང་རྒྱུད་འགལ་གྱི་ནང་ཚན་དུ་བཞེད་མོད། དེ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་པའི་འགལ་བ་ལ་དངོས་དང་རྒྱུད་འགལ་གཉིས་འབྱེད་དགོས་པ་གཞུང་གི་དགོངས་པར་གསལ་བ་དང༌། དངོས་འགལ་ལ་ཕུང་གསུམ་མི་སྲིད་པར་འཆད་པ་དེ་ནི་ཕན་ཚུན་སྤངས་པ་དངོས་ལ་ཡིན་གྱི། གཞུང་གང་ནས་ཀྱང་དངོས་འགལ་ཙམ་ལ་དེ་ལྟར་བཤད་པ་མེད་དོ། །གསུམ་པ་ནི་སློབ་དཔོན་ཕྱྭ་པ་སོགས་སྔ་རབས་པ་རྣམས་རྒྱུད་འགལ་ལ་དངོས་འགལ་གྱིས་ཁྱད་པར་དུ་བྱས་མ་བྱས་གཉིས་བཞེད་ཀྱང༌། རིགས་པའི་གཏེར་ལས་ནི་དེ་ལྟར་མི་བཞེད་ཅིང༌། རིགས་པ་ཡང་མ་ཡིན་ཏེ། དེ་དང་དེ་དངོས་ཀྱིས་ཁྱད་པར་དུ་བྱས་པ་མིན་ན་དེ་དང་དེ་རྒྱུད་འགལ་དུ་འཇོག་པའི་ཤེས་བྱེད་མེད་པའི་ཕྱིར། འོ་ན་སྔོ་སེར་རྒྱུད་འགལ་དུ་ཐལ། དེ་གཉིས་དངོས་འགལ་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་ཞེ་ན། ཁྱད་པར་དུ་བྱས་མོད་དེ་ཙམ་གྱིས་སྔོ་སེར་འགལ་བར་བཞག་པ་མ་ཡིན་ཏེ། སྔོན་པོ་སེར་པོ་མ་ཡིན་པར་མངོན་སུམ་གྱིས་མཐོང་བའི་རྒྱུ་མཚན་གྱིས་དེ་ཡིན་ན་དེར་འགལ་ལོ་ཞེས་བཞག་པ་ཡིན་པའི་ཕྱིར། དེ་ན་དངོས་འགལ་ཡིན་པའི་ཕྱིར་ཞེས་པའི་རྒྱུ་མཚན་ལ་ལྟོས་ནས་འགལ་བར་བཞག་པ་དང༌། མ་ལྟོས་པར་འགལ་བའི་ཐ་སྙད་བྱས་པ་ཞེས་བྱ་བ་འདི་ཡང་རྒྱུད་འགལ་ཡིན་མིན་གྱི་བྱེ་བྲག་ཏུ་འཇོག་བྱེད་ཡིན་ནོ། །སྒྲ་དང་རྟག་པ་ལྟ་བུ་ནི་ཕན་ཚུན་སྤངས་པའི་རྒྱུད་འགལ་དུ་འཇོག་དགོས་ཏེ། སྒྲ་རྟག་པ་མ་ཡིན་པར་མངོན་སུམ་གྱིས་མི་འགྲུབ་པས། རྟག་མི་རྟག་གི་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས། རྒྱུད་འགལ་དུ་བཞག་པའི་ཕྱིར་ཞེས་བྱ་བ་འདི་ནི་ཚིག་མཚུངས་ཀྱང་དོན་མི་མཚུངས་པའི་ཁྱད་པར་ཡིན་ནོ། །དེ་ལྟར་གྲུབ་པ་ན་འཇིག་ངེས་དེ་འཇིག་རྒྱུ་གཞན་ལ་ལྟོས་བཅས་དང་རྒྱུད་འགལ་ཡིན་ཏེ། འཇིག་པ་དང་མི་འཇིག་པ་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེ་དེར་བཞག་པའི་ཕྱིར། ཙནྡན་གྱི་མེ་ཡོད་པ་དེ་མེ་མེད་པ་དང་རྒྱུད་འགལ་ཡིན་ཏེ། ཁྱབ་བྱེད་མེ་ཡོད་མེད་གཉིས་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེར་བཞག་པའི་ཕྱིར། དེ་བཞིན་དུ་དུ་བ་ཡོད་པ་དེ་མེ་མེད་པ་དང་རྒྱུད་འགལ་ཡིན་ཏེ། དུ་བ་ཡོད་པའི་ཁྱབ་བྱེད་མེ་ཡོད་དེ་མེ་མེད་པ་དང་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེར་བཞག་པའི་ཕྱིར། ཡང་གྲུབ་དོན་ལས་གྲུབ་དོན་གཉིས་པ་འདི་འབྱུང་སྟེ། གང་རྒྱུད་འགལ་ཡིན་ན་རང་གི་ཁྱབ་བྱེད་དེ་རང་གི་འགལ་ཟླ་དངོས་དེ་དང་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེ་དང་རྒྱུད་འགལ་དུ་བཞག་པ་ཡིན་གྱི། རང་གི་རྒྱུ་དང་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དང༌། འབྲས་བུ་དང་དངོས་འགལ་ཡིན་པའི་རྒྱུ་མཚན་གྱིས་དེར་འཇོག་ནུས་པ་མ་ཡིན་ནོ། །དོན་དེ་ལ་དགོངས་ནས། དེའི་ཁྱབ་བྱར་བྱས་པ་ནི། ཁྱབ་བྱེད་འགལ་བ་དམིགས་པར་འདུས། །ཞེས་གསུངས་སོ། །འདི་ལྟར་ཡང་བཤད་ནུས་ཏེ། གཞུང་ལས་འགལ་བ་མཚན་ཉིད་པ་ནི་ལྷན་ཅིག་མི་གནས་པ་ཁོ་ན་ལ་བཤད་ཀྱི། ཕན་ཚུན་སྤངས་པ་ལ་ནི། ཕན་ཚུན་ཐ་དད་པ་ཞེས་མ་བཤད་དོ། །དེས་འགྱུར་ལྟོས་བཅས་ལྟ་བུ་ལ་ནི་ཚད་མ་གཞན་གྱིས་གནད་པ་ཞེས་བཤད་ཀྱི་དངོས་འགལ་དང༌། རྒྱུད་འགལ་གང་དུ་ཡང་བཤད་པ་མེད་དོ། །དེའི་ཕྱིར་ཀ་བུམ་དང་སྔོ་སེར་ལྟ་བུ་བརྒྱུད་འགལ་དུ་འཇོག་པ་ལ་ཤེས་བྱེད་མེད་དོ། །ཞེས་བྱ་བ་འདིས་ནི་རང་ལུགས་ཀྱི་དགོངས་པ་གྲུབ་པ་ཡིན་ནོ། །རིགས་པའི་དབང་ཕྱུག་ཕྱྭ་པ་ནི་འདི་ལྟར་བཞེད་དེ། སྤྱིར་ཕན་ཚུན་སྤངས་འགལ་གྱི་དབྱེ་བ། དེ་ལ་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་དུ་རུང་བ་དང་མི་རུང་བའི་དབྱེ་བའོ། །དང་པོ་ནི། འགལ་ཟླ་མེ་མེད་དང་མེ་མེད་འཛིན་པའི་ཤེས་པ་དང༌། མེ་མེད་ཀྱི་དངོས་པོ་དང༌། མེ་མེད་ཀྱི་རྒྱུ་ནུས་པ་ཐོགས་མེད་དང་བཞི་པོ་རེ་རེ་ལ་འགོག་བྱེད་མེ་ཡོད་དང༌། མེ་ཡོད་འཛིན་པའི་ཤེས་པ་དང༌། མེ་ཡོད་ཀྱི་དངོས་པོ་སྟེ་གསུམ་གསུམ་སྦྱར་བས་ཕན་ཚུན་སྤངས་འགལ་བཅུ་གཉིས་སོ། །ཡང་མེ་དང་ཙནྡན་གྱི་མེ་དང༌། དུ་བ་དང་མེ་རྒྱུ་ནུས་པ་ཐོགས་མེད་བཞི་ལ་འགོག་བྱེད། མེ་མེད་དང༌། དེའི་དངོས་པོ་སོགས་གསུམ་སྦྱར་རོ། །གཉིས་པ་ནི། བཅུ་གཉིས་པོ་དེ་རྟགས་སུ་སྦྱར་ན་འགལ་བའི་རང་བཞིན་དམིགས་པ་བཞི། འགལ་བའི་འབྲས་བུ་དམིགས་པ་བཞི། འགལ་བའི་ཁྱབ་བྱ་དམིགས་པ་བཞི་སྟེ་བཅུ་གཉིས་སོ། །བཅུ་གཉིས་པོ་དེའི་ནང་ནས་དྲུག་ལ་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་འབྱུང་ལ། ལྷག་མ་དྲུག་ལ་དེ་མི་འབྱུང་སྟེ། འགའ་ཞིག་ནི་གཏན་ཚིགས་ཡང་དག་མ་ཡིན་པ། འགའ་ཞིག་ནི་འབྲེལ་ཟླ་མ་དམིགས་པ་དང༌། སྒྲུབ་པའི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར། ཇི་ལྟར་ཞེ་ན་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་ནི་གཏན་ཚིགས་ཡང་དག་མ་ཡིན་ཏེ། རྟགས་དང་རྟགས་ཅན་ཐ་དད་མེད་པའི་ཕྱིར། རྒྱུ་དང་འགལ་བའི་རང་བཞིན་དམིགས་པ་ལ་འགལ་དམིགས་སུ་མི་རུང་སྟེ། རྒྱུ་མ་དམིགས་པར་འདུས་པའི་ཕྱིར། འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་ཡང་དེར་མི་རུང༌། དངོས་འབྲས་མ་དམིགས་པར་འདུས་པའི་ཕྱིར། ལྷག་མ་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ་གཅིག་པུ་རྟགས་སུ་རུང་བ་ནི་སྒྲ་རྟག་དངོས་ཀྱིས་སྟོང་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཡང་འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་ནས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་ནི་དེར་མི་རུང་སྟེ། དེ་འབྲས་བུའི་གཏན་ཚིགས་ཡང་དག་ཏུ་འདུས་པའི་ཕྱིར། འདི་མེ་ཡོད་ཀྱི་འབྲས་བུ་དུ་བ་ལྟ་བུའི་དབང་དུ་བྱས་སོ། །ལྷག་མ་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་གསུམ་འགལ་དམིགས་སུ་རུང་བ་ཡིན་ནོ། །འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་ནང་ནས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་གཉིས་འགལ་དམིགས་ལོགས་པར་མི་རུང་སྟེ། ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པར་འདུས་པའི་ཕྱིར། དེའི་ལྷག་མ་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་དང་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་གཉིས་ཏེ་དྲུག་གོ །མདོར་ན་ཕན་ཚུན་སྤངས་འགལ་ལ་བརྟེན་པ་དྲུག ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུ་གཉིས། རྒྱུ་མ་དམིགས་པ། འབྲས་བུ་མ་དམིགས་པ། ཁྱབ་བྱེད་མ་དམིགས་པ་གསུམ་སྟེ་རྟགས་དང་ཐལ་འགྱུར་ཉི་ཤུ་རྩ་གཅིག་ལ་བཟློག་འབྲེལ་དེ་བྱུང་འབྲེལ་ལ་བརྟེན་པ་བཅོ་ལྔ་སྟེ། ལྷན་ཅིག་མི་གནས་འགལ་ལ་བརྟེན་པ་བཅུ་གཉིས། རྒྱུ་མ་དམིགས་པ་བཅུ་གསུམ། ཕན་ཚུན་སྤངས་ནས་འགལ་བའི་མེ་མེད་ཀྱི་དངོས་པོས་དུ་བ་འགོག་པ་དང༌། དུ་བ་ཡོད་པས་མེ་མེད་ཀྱི་དངོས་པོ་འཛིན་པའི་མིག་གི་རྣམ་ཤེས་མེད་པར་སྒྲུབ་པ་གཉིས་ཏེ་བཅོ་ལྔའོ། །བཟློག་པ་ལ་བདག་གཅིག་འབྲེལ་པ་ལ་བརྟེན་པ་དྲུག་སྟེ། ཁྱབ་བྱེད་ཀྱི་བསྐོར་གསུམ། འབྲས་བུའི་བསྐོར་གསུམ་མོ། །དང་པོ་ནི། ཁྱབ་བྱེད་མ་དམིགས་པ་དང༌། ཁྱབ་བྱེད་འགལ་བའི་ཁྱབ་བྱ་དམིགས་པ་དང༌། ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་རྣམས་སོ། །གཉིས་པ་ནི། དངོས་འབྲས་མ་དམིགས་པ་དང༌། དུ་མེད་ཀྱི་དངོས་པོ་དུ་རྒྱུ་ནུས་པ་ཐོགས་མེད་འགོག་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། དུ་བ་ཡོད་པས་མེ་མེད་ཀྱི་རྒྱུ་ནུས་པ་ཐོགས་མེད་ཅེས་པ་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་དང་གསུམ་མོ། །དེ་ལྟར་ཉེར་གཅིག་པོ་དེའི་སྟེང་དུ་འབྲས་རང་གཉིས་དང༌། རང་བཞིན་མ་དམིགས་པ་སྟེ་ཉེར་བཞིའོ། །དེ་དག་གི་ནང་ནས་དོན་འགའ་ཞིག་སྒྲུབ་པ་བཅོ་བརྒྱད་དེ། འབྲས་བུའི་རྟགས་དང༌། རྒྱུ་མ་དམིགས་པ་དང༌། ལྷན་ཅིག་མི་གནས་འགལ་ལ་བཅུ་གཉིས་དང༌། ཕན་ཚུན་སྤངས་པའི་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ། ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་རྣམས་སོ། །ཐ་སྙད་འབའ་ཞིག་སྒྲུབ་པ་གཅིག་སྟེ་རང་བཞིན་མ་དམིགས་པའོ། །གཉིས་ཀར་འགྱུར་བ་ལྔ་སྟེ། རང་བཞིན་གྱི་རྟགས་དང༌། འབྲས་བུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་དང༌། ཕན་ཚུན་སྤངས་པའི་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་རྣམས་སོ། །དེ་ཡང་རང་བཞིན་ལ་ཤ་པས་ཤིང་སྒྲུབ་པ་ལྟ་བུ་ཐ་སྙད་སྒྲུབ་པའོ། །ཡོད་པས་མི་རྟག་པ་སྒྲུབ་པ་ལྟ་བུ་དོན་བསྒྲུབ་པའོ། །འབྲས་བུ་མ་དམིགས་པ་ལ་ཡང་དུ་བ་བཀག་པས་དུ་རྒྱུ་ནུས་པ་ཐོགས་མེད་འགོག་པ་ཐ་སྙད་སྒྲུབ་པའོ། །མི་རྟག་པའི་དུ་བ་བཀག་པས་དེ་འགོག་པ་དོན་སྒྲུབ་པའོ། །ཁྱབ་བྱེད་མ་དམིགས་པའང་ཤིང་བཀག་པས་ཤ་པ་འགོག་པ་ཐ་སྙད་སྒྲུབ་པའོ། །མི་རྟག་པ་བཀག་པས་ཡོད་པ་འགོག་པ་དོན་སྒྲུབ་པའོ། །ཁྱབ་བྱེད་འགལ་བ་ལ་ཡང་ཤ་པ་ཡིན་པས་ཤིང་མིན་གྱི་དངོས་པོར་འགོག་པ་ཐ་སྙད་སྒྲུབ་པའོ། །རྩོལ་བྱུང་གི་རྟག་པའི་དངོས་པོ་འགོག་པ་དོན་སྒྲུབ་པའོ། །འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ་ལ་ཡང་དུ་བ་མེད་པའི་དངོས་པོ་དུ་རྒྱུ་ནུས་པ་ཐོགས་མེད་འགོག་པ་ཐ་སྙད་སྒྲུབ་པའོ། །མི་རྟག་པའི་དུ་བ་མེད་པའི་དངོས་པོ་དུ་རྒྱུ་ནུས་པ་ཐོགས་མེད་འགོག་པ་ན་དོན་སྒྲུབ་པའོ། །ཞེས་གསུང་ངོ༌། །ཚད་མ་རིགས་པའི་གཏེར་ལས་ནི། ཕན་ཚུན་སྤངས་འགལ་གྱི་དབྱེ་བ་འདི་དག་མི་བཞེད་དེ། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་མ་བཤད་པའི་ཕྱིར་དང༌། ཐམས་ཅད་ཀྱང་ཁྱབ་བྱེད་འགལ་པ་དམིགས་པའི་ནང་དུ་འདུས་པའི་ཕྱིར། ཞེས་པ་ནི་ལུང་དང་རིགས་པའོ། །དེའི་ཚེ་ན་ལུང་རིགས་དེ་ལྷན་ཅིག་མི་གནས་འགལ་བཅུ་གཉིས་པོའི་ནང་མཚན་འགའ་ཞིག་ལའང་མཚུངས་པར་མཐོང་བས། དེ་མི་མཚུངས་པའི་ཚུལ་བསམ་དགོས་སོ། །ཇི་ལྟར་མི་མཚུངས་ཤེ་ན་ཙནྡན་གྱི་མེས་གྲང་རེག་སྐོར་བཞི་འགོག་པ་ནི་གཞུང་ལས་མ་བཤད་ཅིང༌། མེ་ཙམ་གྱིས་གྲང་རེག་སྐོར་བཞི་འགོག་པའི་ནང་དུ་འདུས་པའི་ཕྱིར་ཞེས་པའོ། །གསུམ་པ་འགལ་བ་དངོས་བཏགས་ལ་དཔྱད་པ་ནི། ཕན་ཚུན་སྤངས་པའི་འགལ་པ་རྣམས་ནི་འགལ་བ་བཏགས་པ་ཡིན་ཏེ། དེ་དག་ལ་ནི་ཐ་དད་ཀྱང་བཏགས་པ་བ་ཡིན་ན་འགལ་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། དེ་དག་ཐ་དད་དུ་དོན་གྱི་སྟེང་ན་མེད་པའི་ཕྱིར། ཤེས་བྱ་དང་གཞལ་བྱའི་ཐ་དད་པ་བཞིན་ནོ། །དངོས་འགལ་ཡང་ཕུང་གསུམ་ཁེགས་པ་ཙམ་ལ་དེར་བཏགས་པ་ཡིན་གྱི། འགལ་བ་མཚན་ཉིད་པ་མ་ཡིན་ཏེ། འགལ་ཟླ་ཅིག་ཤོས་དེ་དང་གནོད་བྱ་གནོད་བྱེད་དུ་མ་དམིགས་པའི་ཕྱིར། བྱེ་བྲག་ཏུ་འགལ་ཟླ་ཅིག་ཤོས་མེད་པ་རྣམས་ལ་ནི་འགལ་བ་མཚན་ཉིད་པ་ལྟ་ཞོག ཕན་ཚུན་སྤངས་པའི་འགལ་བ་ཙམ་ཡང་མཚན་ཉིད་པར་མི་རུང་སྟེ། ཕན་ཚུན་ཐ་དད་མ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་གྱིས་རྒྱུད་འགལ་དུ་བཞག་པ་དེ་དག་ཀྱང་འགལ་བ་བཏགས་པ་བར་གྲུབ་པ་ཡིན་ནོ། །དེས་ན་སྤྱིར་འགལ་བ་མཚན་ཉིད་པ་ནི་ཚ་གྲང་ལྟ་བུ་སྟེ། རྫས་ཀྱི་སྟེང་དུ་ཐ་དད་དུ་གནས་ནས་ཕན་ཚུན་གནོད་པ་བྱེད་པའི་ཕྱིར། ཁྱད་པར་དུ་དངོས་འགལ་མཚན་ཉིད་པ་ནི། མེ་དང་གྲང་བའི་རེག་པ་དངོས་ལྟ་བུ་སྟེ། རྫས་ཀྱི་སྟེང་ནས་དངོས་སུ་འགལ་བའི་ཕྱིར། རྒྱུད་འགལ་མཚན་ཉིད་པ་ནི་དུ་བ་དང་གྲང་འབྲས་སྤུ་ལོང་བྱེད་པ་ལྟ་བུ་སྟེ། ཚ་གྲང་དངོས་སུ་འགལ་བའི་རྒྱུ་མཚན་གྱིས་དེ་གཉིས་ཀྱང་འགལ་བར་བཞག་པའི་ཕྱིར། འོན་ཀྱང་སྣང་ངོའི་རྣམ་བཞག་དེ་ལྟར་མིན་མོད། རིགས་པ་མཁྱེན་པས། དགག་སྒྲུབ་ཀྱི་རྣམ་གཞག་མཛད་པའི་ཚེ། གཞན་སེལ་གྱི་རྣམ་གཞག་གཙོ་བོར་ཞལ་གྱིས་བཞེས་པས། ཕན་ཚུན་སྤངས་འགལ་རྣམས་ཀྱང་འགལ་བ་གོ་ཆོད་པོ་དང༌། དངོས་མེད་ཁོ་ན་ལ་བརྟེན་པའི་འབྲེལ་པ་རྣམས་ཀྱང་འབྲེལ་པ་གོ་ཆོད་པོར་ཞལ་གྱིས་བཞེས་སོ། །གཉིས་པ་སྒྲ་ཟིན་གྱི་དགོངས་པ་བཤད་པ་ལ། དངོས་དང༌། འགལ་འགྲེལ་གྱི་བསྡུ་བ་བཤད་པའོ། །དང་པོ་ནི། རིགས་པའི་གཏེར་གྱི་གཞུང་དུ། འགལ་བ་གཉིས་ཀའི་མཚན་གཞི་དངོས་པོའི་སྟེང་ནས་བཟུང་བ་ཡིན་ཏེ། ལྷན་ཅིག་མི་གནས་འགལ་ཀྱང་དེར་བཟུང༌། ཕན་ཚུན་སྤངས་འགལ་ཀྱང་དེར་བཟུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ཕན་ཚུན་སྤངས་འགལ་གཅིག་པ་བཀག །ཅེས་གསུངས་ལ། དེར་འཇོག་པ་ལ་གང་རུང་གཅིག་དངོས་པོར་གྲུབ་དགོས་པའི་ཕྱིར། དེ་ལྟར་ཤེས་པ་ན་ཆོས་དེ་ལ་གནོད་པ་བྱེད་པ་དེ་ཆོས་དེ་དང་འགལ་བའི་མཚན་ཉིད། དབྱེ་ན་གཉིས། དང་པོའི་མཚན་ཉིད། ཁྱོད་ཆོས་དེ་ལ་གནོད་བྱེད་གང་ཞིག ཆོས་དེ་དངོས་པོར་གྲུབ་པའོ། །གཉིས་པའི་མཚན་ཉིད། དེ་གང་ཞིག་ཆོས་དངོས་པོར་མ་གྲུབ་པའོ། །དབྱེ་ན་དངོས་འགལ་དང་རྒྱུད་འགལ་ལོ། །མཚན་ཉིད་ནི། དེ་གང་ཞིག་ཕུང་གསུམ་ཁེགས་པ་དང་མི་ཁེགས་པའམ་རང་གི་འགལ་ཟླ་དེ་བཀག་ཙམ་མམ། རང་གི་འགལ་ཟླར་བཞག་པ་དེའི་ཁྱབ་བྱེད་ལ་གནོད་བྱེད་ཅེས་བྱའོ། །མཚན་གཞི་ནི་རྟག་པ་དང་མི་རྟག་པ་ལྟ་བུ་དང༌། བྱས་པ་དང་རྟག་པ་ལྟ་བུའོ། །རྟག་པ་ནི་མི་རྟག་པ་དང་དངོས་འགལ་མ་ཡིན་ཏེ། དེ་ལ་གནོད་བྱེད་མ་ཡིན་པའི་ཕྱིར། འོ་ན་རྟག་པ་ཆོས་ཅན། ཁྱོད་མི་རྟག་པ་ལ་གནོད་བྱར་ཐལ། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན་དེས་ཁྱོད་ལ་གནོད་པ་བྱས་པར་ཐལ། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར་ཞེ་ན། སྔ་མ་ལ་སྣང་བས་བསལ་ཟིན་པའི་མུན་པ་ཆོས་ཅན། ཁྱོད་སྣང་བས་གནོད་བྱར་ཐལ། སྣང་བ་དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར་རྟགས་ཁས་བླངས་ཏེ། དེ་ཁྱོད་དང་འགལ་བར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་ཁྱོད་ཀྱི་སྔ་རོལ་དུ་བྱུང་བའི་ཕྱིར། ཡང་གྲང་རེག་ཆོས་ཅན་དེར་ཐལ། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར། འདོད་ན་དེའི་འབྲས་བུར་ཐལ་ལོ། །ཚ་རེག་གི་སྟོབས་ཀྱིས་མ་སྐྱེས་པའི་གྲང་རེག་གི་རྒྱུན་མ་འོངས་པ་ཆོས་ཅན། དེའི་གནོད་བྱར་ཐལ། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར། འདོད་ན་དེའི་འབྲས་བུར་ཐལ་ལོ། །ཡང་གནོད་བྱ་གྲང་རེག་ནུས་མེད་ཆོས་ཅན། དེས་ཁྱོད་ལ་གནོད་པ་བྱས་པར་ཐལ། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར། དེ་ལྟར་ན། དངོས་པོ་རྣམས་གནོད་བྱེད་མཚན་ཉིད་པར་རུང་ཡང༌། དངོས་མེད་ལ་གནོད་བྱ་མཚན་ཉིད་པ་མི་རུང་ཞིང༌། གནོད་བྱ་གནོད་བྱེད་ཡིན་ན་ལྷན་ཅིག་མི་གནས་འགལ་ཡིན་པས་ཁྱབ་པ་དང༌། གཅིག་པ་བཀག་པའི་ཐ་དད་ཀྱི་འགལ་བ་ལ་གནོད་བྱེད་མཚན་ཉིད་པ་མེད་ཀྱང་གནོད་བྱ་མཚན་ཉིད་པ་ཡོད་པ་འདི་ནི་གཞུང་གི་དགོངས་པར་གྲུབ་སྟེ། ཇི་སྐད་དུ། ངེས་པ་དང་ནི་སྒྲོ་འདོགས་འདི། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་དང༌། དོན་ལ་གནོད་བྱེད་ངོ་བོ་སྟེ། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། སྤྱིར་ཤེས་བྱ་ལ་རྫས་དང་ལྡོག་པ་གཉིས་སུ་ངེས། དང་པོ་ལ་རྫས་གཅིག་དང་ཐ་དད་གཉིས་སུ་ངེས། དང་པོ་ལ་འགལ་བ་མི་སྲིད་ཅིང༌། འབྲེལ་པ་འཇོག་པའི་ཚེ་ལྡོག་པ་གཅིག་དང་ཐ་དད་གཉིས་སུ་ངེས། དང་པོ་ལ་འབྲེལ་པ་ཡང་མི་སྲིད་ཅིང༌། གཉིས་པ་ཡང་ཆོས་དང་ཆོས་ཅན་གཉིས་སུ་ཕྱེ་བས་ཆོས་ལ་ཡང་བྱས་མི་རྟག་ལྟ་བུ་ཁྱབ་མཉམ་པ་དང༌། བྱས་པ་དང་ཤེས་བྱ་ལྟ་བུ་ཁྱབ་མི་མཉམ་པའི་བདག་གཅིག་འབྲེལ་པ་གཉིས་དང༌། གཉིས་པ་ཆོས་ཅན་ལ་སྒྲ་དང་སྒྲའི་སྟེང་གི་མི་རྟག་པ་དང་བྱས་པ་ལྟ་བུ་ཆོས་ཆོས་ཅན་གྱི་འབྲེལ་པའོ། །གཉིས་པ་རྫས་ཐ་དད་ལ་ཕན་འདོགས་བྱ་བྱེད་དང༌། གནོད་པ་བྱ་བྱེད་དང༌། གཉིས་ཀ་མིན་པ་དང་གསུམ་དུ་ངེས་སོ། །དང་པོ་ལས་དེ་བྱུང་གི་འབྲེལ་པ་རྣམ་པར་བཞག་གོ །གཉིས་པ་ལས་ལྷན་ཅིག་མི་གནས་པའི་འགལ་བ་རྣམ་པར་བཞག་གོ །གསུམ་པ་ལས་ནི་ཕན་ཚུན་སྤངས་པ་ཙམ་རྣམ་པར་བཞག་གོ །འདི་ལ་མཚན་ཉིད་པ་དོན་གྱི་ཕན་ཚུན་སྤངས་པ་དང༌། རྗེས་མཐུན་པ་བློ་ངོར་ཕན་ཚུན་སྤངས་པ་གཉིས་ལས་འདིར་བཤད་པ་ནི་དང་པོ་སྟེ་སྔོ་སེར་ལྟ་བུའོ། །གཉིས་པ་ལྡོག་པ་ལ་གཅིག་དང་ཐ་དད་གཉིས་སུ་ངེས་ཏེ། དང་པོ་ལ་འབྲེལ་པ་དང་འགལ་བ་གང་ཡང་མི་སྲིད་དོ། །གཉིས་པ་ལ། བློ་ངོར་ཕན་བྱ་ཕན་བྱེད་དུ་སྣང་བ་དང༌། གནོད་བྱ་གནོད་བྱེད་དུ་སྣང་བ་དང༌། གཉིས་ཀ་མ་ཡིན་པར་སྣང་བའོ། །དང་པོ་ལ་བྱས་མི་རྟག་ལྟ་བུ་རྫས་ཁོ་ན་ལ་བརྟེན་པའི་ལྡོག་པ་དང༌། མ་བྱས་པ་དང་རྟག་པ་ལྟ་བུ་ལྡོག་པ་ཁོ་ན་ལ་བརྟེན་པའི་ལྡོག་པ་དང༌། ཤེས་བྱ་དང་གཞལ་བྱ་ལྟ་བུ་གཉིས་ཀ་ལ་བརྟེན་པའི་ལྡོག་པ་གསུམ་མོ། །དང་པོ་ལས་ནི་བདག་གཅིག་གི་འབྲེལ་པ་མཚན་ཉིད་པ་རྣམ་པར་བཞག་གོ །གཉིས་པ་ལས་ནི་དེ་རྗེས་མཐུན་པ་རྣམ་པར་བཞག་གོ །གསུམ་པ་ལས་ནི་ཆོས་ཅན་རྫས་ཀྱི་སྟེང་དུ་མཚན་ཉིད་པ་དང༌། ཆོས་ཅན་ལྡོག་པའི་སྟེང་དུ་སྒྲོ་བཏགས་པའི་བདག་གཅིག་འབྲེལ་པ་རྣམ་པར་བཞག་གོ །འོ་ན་དུ་བའི་གཞན་སེལ་དང༌། མེའི་གཞན་སེལ་ཡང་རྟོག་པ་ལ་ཕན་བྱ་ཕན་བྱེད་དུ་སྣང་བ་མ་ཡིན་ནམ་ཞེ་ན། མེ་དུ་གཉིས་ནི་རྟོག་པ་ལ་དེར་སྣང་བར་མ་ཟད། དོན་ལའང་ཕན་བྱ་ཕན་བྱེད་དུ་གནས་པའི་ཕྱིར། སྔ་མ་རྫས་ཆོས་ཀྱི་སྐབས་སུ་དེ་དེ་བྱུང་འབྲེལ་པར་བཞག་ཟིན་པ་ཡིན་ནོ། །ཕན་འདོགས་གང་ཡིན་བསྐྱེད་པ་ཡིན། །ཞེས་གསུངས་པའང་དོན་དེ་ཉིད་ལ་དགོངས་སོ། །ཡང་རྟོག་པ་ལ་ཕན་བྱ་ཕན་བྱེད་དུ་སྣང་ཚུལ་གཉིས་ཏེ། སྔ་ཕྱི་བ་མ་ཡིན་པ་དང༌། སྔ་ཕྱིར་གྱུར་པའི་ཕན་བྱ་ཕན་བྱེད་དུ་སྣང་བའོ། །དང་པོ་ནི་བཤད་མ་ཐག་པ་དེ་དག་གོ །གཉིས་པ་ནི་བར་ཆད་མེད་པའི་ལམ་དང་འགོག་པའི་བདེན་པ་ལྟ་བུའོ། །འདི་ལ་ཡང་སྒྲོ་བཏགས་པའི་དེ་བྱུང་འབྲེལ་པ་རྣམ་པར་བཞག་གོ །གཉིས་པ་གནོད་བྱ་གནོད་བྱེད་དུ་སྣང་བ་ལ། རྒྱུད་པ་གཞན་ལ་མ་ལྟོས་པར་དངོས་སུ་དེར་སྣང་བ་དང༌། ཆོས་གཞན་རྒྱུད་ནས་དེར་སྣང་བའོ། །དང་པོ་ནི་རྟག་མི་རྟག་ལྟ་བུ་གཉིས་ཀ་ཤེས་བྱ་ལ་སྲིད་པའི་ཕན་ཚུན་སྤངས་པའི་དངོས་འགལ་མཚན་ཉིད་པ་དང༌། ཤེས་བྱ་ཡིན་པ་དང་མ་ཡིན་པ་ལྟ་བུ་དངོས་འགལ་རྗེས་མཐུན་པ་གཉིས་སོ། །གཉིས་པ་ནི་མི་རྟག་པ་དེ་རྟག་པའི་དངོས་པོ་དང༌། རྟག་པའི་ཤེས་བྱ་སོགས་དང་རྒྱུད་འགལ་ཡིན་པ་ལྟ་བུའོ། །གསུམ་པ་ནི། ནམ་མཁའ་དང་འགོག་པའི་བདེན་པ་ལྟ་བུ་དང༌། རི་བོང་གི་རྭའི་དོན་སྤྱི་དང༌། མོ་གཤམ་བུའི་དོན་སྤྱི་ལྟ་བུ་ལ་བྱའོ། །དེ་དག་གིས་ནི་ཇི་སྐད་དུ། རྒྱུ་དང་ཤེས་པའི་དབྱེ་བ་ཡི། །ཐ་དད་ཐ་དད་མིན་བཞག་བྱེད། །ཐ་དད་ཕན་གནོད་འབྲེལ་དང་འགལ། །གཉིས་ཀ་མིན་ན་ཐ་དད་ཙམ། །ཞེས་གང་གསུངས་པ་དེ་ཉིད་ལེགས་པར་བཤད་པ་ཡིན་ནོ། །རྣམ་འགྲེལ་མཛད་པའི་གཞུང་གི་དངོས་བསྟན་ལ་འདི་ལྟར་བཤད་ནུས་ཏེ། འགལ་བ་ལ་ལྷན་ཅིག་མི་གནས་འགལ་དང་ཚད་མས་གནོད་འགལ་གཉིས་བཤད་ལ། ཕན་ཚུན་སྤངས་པ་ལ་འགལ་བར་བཤད་པ་མེད་དོ། །དེའི་ཕྱིར་ཕན་ཚུན་སྤངས་འགལ་རྟགས་སུ་སྦྱར་བའི་འགལ་དམིགས་མ་བཤད་དོ། །ཚད་མས་གནོད་འགལ་ངེས་བྱེད་ཀྱི་ཚད་མ་ནི་དངོས་པོ་དང་མི་རྟག་པའི་འབྲེལ་པ་ངེས་བྱེད་དོ། །གསུམ་པ་རྩོད་པ་སྤང་བ་ལ་འདི་སྙམ་དུ་དོགས་པར་གྱུར་ཏེ། སྔོ་སེར་དང༌། ཀ་བུམ་དང༌། རྟ་དང་བ་གླང་སོགས་ཀྱང་འགལ་བར་འགྱུར་ཏེ། དེ་ལས་ཐ་དད་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར་ཏེ། སྔོན་པོ་སེར་པོས་སྟོང་པར་སྒྲུབ་པའི་གཏན་ཚིགས་ཡང་དག་དང༌། སེར་པོ་མིན་པ་ལ་རྗེས་སུ་འགྲོ་བར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར་ཏེ། དེར་བསྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། ཕན་ཚུན་སྤངས་པའི་དངོས་པོ་གཉིས། །ཡིན་པ་སྣང་རུང་མེད་པས་ཁེགས། །ཞེས་གསུངས་སོ། །ཡང་སྔོན་པོ་ཆོས་ཅན། སེར་པོ་དང་འགལ་བར་ཐལ། སེར་པོ་མ་ཡིན་པ་ལ་འབྲེལ་པའི་ཕྱིར་ཏེ། སེར་པོ་མ་ཡིན་པ་དེ་ཁྱོད་ཀྱི་གཞན་སེལ་ཡིན་པའི་ཕྱིར་དང༌། ཁྱོད་སེར་པོ་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར་ཞེས་དང༌། ཡང་དུས་མཉམ་པའི་ཚ་གྲང་གཉིས་དང༌། སྣང་བ་དང་དེས་བསལ་ཟིན་པའི་མུན་པ་གཉིས་དང༌། སྣང་བ་དང་མུན་པ་མ་འོངས་པ་ཆོས་ཅན། འགལ་བར་ཐལ། རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར་སྙམ་པའི་དོགས་པ་འདི་ངེས་པར་སྐྱེ་བར་འགྱུར་རོ། །དེའི་ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའི་ལན་ནོ། །དང་པོ་ནི། དུ་བ་ཆོས་ཅན། མེ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། མེས་སྟོང་པ་དང་མེ་མིན་ལ་རྗེས་སུ་འགྲོ་བར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། ཕན་ཚུན་སྤངས་པའི་དངོས་པོ་གཉིས། །ཞེས་སོགས་གསུངས་པའི་ཕྱིར། རྩ་བར་འདོད་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ། དུ་བ་མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་དང༌། རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། དེར་མ་ཟད་མཉན་བྱ་ཆོས་ཅན། ཁྱོད་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེས་ཁྱོད་རྟག་པ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པར་ཐལ། དེའི་ངོར་ཁྱོད་རྟགས་པས་སྟོང་པ་དང༌། མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར། རྩ་བར་འདོད་ན་ཁྱོད་དེའི་ངོར་དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་མཚན་ཉིད་ཆོས་ཅན། མཚན་ཉིད་དང་འགལ་བར་ཐལ། མཚན་ཉིད་མ་ཡིན་པ་དང་འབྲེལ་བའི་ཕྱིར་ཏེ། ཁྱེད་རང་གི་སྒྲུབ་བྱེད་དེ་དག་ཞུགས་པའི་ཕྱིར། མཚོན་བྱ་མ་ཡིན་པ་ཆོས་ཅན། མཚོན་བྱ་མ་ཡིན་པ་དང་འགལ་བར་ཐལ། མཚོན་བྱ་ལ་འབྲེལ་བའི་ཕྱིར་ཏེ། དེ་ཁྱོད་ཀྱི་གཞན་སེལ་ཡིན་པའི་ཕྱིར་དང༌། ཁྱོད་དེའི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་རྣལ་མའི་ལན་ལ་ཐལ་བ་དང་པོའི་རྣལ་ལན་དང༌། གཉིས་པའི་རྣལ་ལན་ནོ། །དང་པོ་ནི། སྔོན་པོ་སེར་པོ་ལ་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་དང༌། སེར་པོ་མ་ཡིན་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་དང༌། དེའི་རྟེན་གཏན་ཚིགས་ཡང་དག་གཉིས་ཀ་ཡོད་པ་མ་ཡིན་ཏེ། སྔོན་པོ་སེར་པོས་སྟོང་པར་བསྒྲུབ་པའི་དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མི་སྲིད་པའི་ཕྱིར། ཁྱབ་པ་ཡོད་དེ། འགལ་བ་མཚན་ཉིད་པ་ནི་དོན་གྱི་སྟེང་ནས་དོན་དེ་དང་དེ་འགལ་བས་འགལ་བར་འཇོག་པ་ཡིན་གྱི། ཐ་སྙད་དེ་དང་དེ་འགལ་བ་ཙམ་གྱིས་འཇོག་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལས་གཞན་དུ་ན་བུམ་པའི་ཐ་སྙད་བྱ་རུང་དང༌། བུམ་པ་མ་ཡིན་པའི་ཐ་སྙད་བྱ་རུང་གཉིས་ཀྱང་འགལ་བར་འགྱུར་རོ། །མདོར་ན་སྔོ་སེར་འགལ་བར་ངེས་བྱེད་ཀྱི་ཚད་མ་མེད་པར་ཐལ། མངོན་སུམ་ཡང་མེད། རྗེས་དཔག་ཀྱང་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེའི་རྟེན་གཏན་ཚིགས་ཡང་དག་མེད་པའི་ཕྱིར། དེ་མེད་དེ། དེའི་དོན་སྒྲུབ་ཀྱང་མེད། ཐ་སྙད་སྒྲུབ་ཀྱང་མེད་པའི་ཕྱིར། དང་པོ་མེད་དེ། ཆོས་ཅན་སྔོན་པོ་ཚད་མས་ངེས་ནས་དེའི་སྟེང་དུ་སེར་པོ་མ་ཡིན་པའི་དོན་གྲུབ་མི་དགོས་པའི་ཕྱིར། གཉིས་པ་མེད་དེ། སྔོན་པོ་སེར་པོ་མིན་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡོད་པ་ཙམ་གྱིས་སྔོ་སེར་འགལ་བར་སྒྲུབ་མི་ནུས་པའི་ཕྱིར་དང༌། འགལ་ཟླ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་ན། དོན་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་དགོས་པའི་ཕྱིར་ཞེས་བྱ་བ་ནི་ངེས་པའི་དོན་ཡིན་པའི་ཕྱིར་དང༌། གལ་ཏེ་ནུས་ན་མཚན་ཉིད་དེ་དངོས་འགལ་གཅོད་པའི་དོན་ལྡོག་དང་འགལ་བར་ཐལ་བ་དང་ཤེས་བྱ་ཐམས་ཅད་ཀྱང་ཤེས་བྱ་ཐམས་ཅད་དང་འགལ་བར་འགྱུར་ཏེ། དེ་ལ་དེའི་ཐ་སྙད་འདོགས་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར། སྔོ་སེར་འགལ་བར་ངེས་བྱེད་ཀྱི་མངོན་སུམ་མེད་དེ། དེ་གཉིས་གནོད་བྱ་གནོད་བྱེད་དུ་མཐོང་བའི་མངོན་སུམ་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང་འགལ་འབྲེལ་སྒྲུབ་བྱེད་ཀྱི་མངོན་སུམ་ཡིན་ན། རྒྱུ་འབྲས་འགྲུབ་བྱེད་ཀྱི་ཚད་མ་ལས་གཞན་དུ་མི་འཐད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །སྔོ་སེར་མཐོང་བའི་མངོན་སུམ་གཉིས་གཅིག་གིས་ཅིག་ཤོས་མ་མཐོང་བ་དེ་ནི་ཕན་ཚུན་སྤངས་པར་སྒྲུབ་བྱེད་ཡིན་གྱི། འགལ་བར་སྒྲུབ་བྱེད་མ་ཡིན་ནོ་ཞེས་གོང་དུ་བཤད་ཟིན་ཏོ། །གཉིས་པ་ནི། དུས་མཉམ་པའི་ཚ་གྲང་དང༌། སྣང་བ་དང་འགགས་ཟིན་པའི་མུན་པ་གཉིས་ལ་ནི་འགལ་བ་ངེས་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་འགལ་ངེས་བྱེད་ཀྱི་ཚད་མ་དང༌། ཕན་ཚུན་སྤངས་འགལ་ངེས་བྱེད་ཀྱི་ཚད་མ་གང་རུང་མེད་པའི་ཕྱིར། གཉིས་པ་ལྟར་ན་ནི། དེ་དག་ཕན་ཚུན་སྤངས་འགལ་ཉིད་དུ་ཐལ་བར་འགྱུར་རོ། །དང་པོ་མེད་དེ། དེ་དག་ལ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། སྣང་བ་དང་དེའི་བསལ་བྱར་གྱུར་པའི་མུན་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དང༌། མཐོང་ལམ་བར་ཆད་མེད་ལམ་དང༌། མཐོང་སྤངས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གཉིས་འགལ་བར་ནི་འདོད་ལ། འདིར་བསྟན་གྱི་འགལ་བ་གཉིས་ཀྱི་རྣམ་གཞག་བྱེད་པའི་ཚེ། ཕན་ཚུན་སྤངས་འགལ་གྱི་རྣམ་གཞག་ཚང་བ་ལྟར་སྣང་ཡང༌། དོན་ལྷན་ཅིག་མི་གནས་འགལ་ལས་མ་འདས་ཏེ། ཇི་སྐད་དུ། ངེས་པ་སྐྱེས་པས་སྒྲོ་འདོགས་ཕྱིས། །མི་སྐྱེ་བ་ནི་བློ་ཡི་ཡིན། །ཞེས་པའི་འགྲེལ་པར། གཉེན་པོ་ཡོད་པ་ན་སྤང་བྱ་སྐྱེ་མ་ནུས་པ་ཉིད་ལ་ལྷན་ཅིག་མི་གནས་པ་ཞེས་བརྗོད། ཅེས་གསུངས་པས་སོ། །དེ་དག་གི་གནོད་བྱ་དངོས་པོར་མ་གྲུབ་ཀྱང༌། ལྷན་ཅིག་མི་གནས་འགལ་དུ་འཇོག་པའི་རྒྱུ་མཚན། དེ་དག་གི་ཉེ་བའི་རྒྱུ་གཉིས་པོ་ལྷན་ཅིག་མི་གནས་འགལ་དངོས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཞེས་བཤད་ཟིན་ཅིང༌། འཆད་པར་ཡང་འགྱུར་རོ། །འདི་ལྟར་ཡང་བཤད་ནུས་ཏེ། དངོས་འགལ་དང༌། དེས་ཁྱད་པར་དུ་བྱས་པའི་རྒྱུད་འགལ་མཚན་ཉིད་པ་ནི་ལྷན་ཅིག་མི་གནས་འགལ་ཉིད་ལ་ཡིན་གྱི་དངོས་འགལ་ལ་མ་ཡིན་ཏེ། ཅིག་ཤོས་ལ་དངོས་འགལ་ངེས་བྱེད་ཀྱི་ཚད་མ་མེད་ལ། དེའི་རྒྱུ་མཚན་གྱིས་རྒྱུད་འགལ་ངེས་བྱེད་མེད་པས་སོ། །ངེས་འགྱུར་དང་ལྟོས་བཅས་འགལ་བར་འཇོག་པ་ནི་ཕན་ཚུན་སྤངས་འགལ་ངེས་བྱེད་ཀྱི་ཚད་མས་དེར་བཞག་པ་མིན་གྱི། ཚད་མས་གནོད་པའི་འགལ་བ་ངེས་བྱེད་ལས་དེར་བཞག་པ་ཡིན་ནོ། །དེ་ཡང་གང་ཞེ་ན་སྐད་ཅིག་མ་དང་མི་རྟག་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མའི་ཆ་ཤས་ནི། རྟག་པ་ལ་འཇིག་པ་འགོག་བྱེད་ཀྱི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་ན་སྔོན་པོ་དང་སེར་པོ་མིན་པ་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། སྔོ་སེར་གཉིས་ལ་འགལ་བ་ངེས་བྱེད་མེད་དོ་ཞེས་ཤེས་པར་བྱ་ཞིང༌། རིགས་གཏེར་ལས་དངོས་འགལ་དང་རྒྱུད་འགལ་གྱི་མཚན་ཉིད་བཤད་པ་དེ་ནི་ལྷན་ཅིག་མི་གནས་འགལ་གྱིའོ། །གསུམ་པ་འགལ་བ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ། ལྷན་ཅིག་མི་གནས་འགལ་ངེས་བྱེད་ཀྱི་ཚད་མ་དང༌། ཕན་ཚུན་སྤངས་འགལ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ལ་འགལ་དམིགས་ཀྱི་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་ཚད་མ་དངོས་དང༌། དེས་རྟགས་དང་ཆོས་ལོག་གི་འགལ་བ་ངེས་བྱེད་ཀྱང་གྲུབ་པའོ། །དང་པོ་ནི། དུས་མཉམ་པའི་ཚ་གྲང་དང༌། སྣང་བ་དང་མུན་པ་ནུས་མེད་ཀྱི་དངོས་རྒྱུ་དང༌། སྣང་བའི་དངོས་རྒྱུའི་རྒྱུ་ཚོགས་དང༌། སྒྲ་རྟག་འཛིན་རྟོག་པ་ནུས་མེད་ཀྱི་དངོས་རྒྱུ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་དངོས་རྒྱུའི་རྒྱུ་ཚོགས་དང༌། མཐོང་སྤངས་རྟོག་པ་ནུས་མེད་ཀྱི་དངོས་རྒྱུ་དང༌། ཆོས་མཆོག་ཐ་མའི་དངོས་རྒྱུ་རྣམས་ལས་གཉིས་ཚན་སོ་སོ་བ་རྣམས་མཚན་གཞིར་བཟུང་ནས། དང་པོར་གནོད་བྱེད་སྟོབས་ལྡན་དང་གནོད་བྱ་ནུས་མེད་གཉིས་ཀ་མ་དམིགས། དེ་ནས་གནོད་བྱེད་ནུས་ལྡན་དམིགས། དེ་རྗེས་སུ་གནོད་བྱ་ནུས་མེད་དམིགས་པའི་ཚད་མ་སྟེ་རྗེས་འགྲོ་ངེས་བྱེད་ཀྱི་ཕྲུགས་གསུམ་ཁྱད་པར་ཅན་ནམ། ཡང་ན་ལྡོག་པ་ངེས་བྱེད་ཀྱི་ཕྲུགས་གསུམ་ཁྱད་པར་ཅན་ལ་བརྟེན་པའི་ཚད་མས་གནོད་བྱེད་མཚན་ཉིད་པ་གང་དང་གང་ཡིན་པ་དེ་དང་དེའི་གནོད་བྱ་ནུས་མེད་གང་དང་གང་ཡིན་པའི་དེ་རྒྱུ་འབྲས་སུ་ངེས་པ་འདྲེན་པར་བྱེད་དོ། །དེ་ལྟར་ན། མ་དམིགས་པ་གཅིག་དང་མངོན་སུམ་གཉིས་ཏེ་གསུམ་མམ་ཡང་ན་མངོན་སུམ་གཅིག་དང་མ་དམིགས་པ་གཉིས་ཏེ་གསུམ་ཚན་གཉིས་པོ་དེ་གང་རུང་ལ། ལྷན་ཅིག་མི་གནས་འགལ་བ་ངེས་བྱེད་ཀྱི་ཚད་མ་ཞེས་བརྗོད་པ་ཡིན་ཏེ། ཇི་སྐད་དུ། སྣང་དང་མི་སྣང་མ་གཏོགས་པ། །འགལ་བ་ངེས་བྱེད་གནོད་བྱེད་མིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་གནོད་བྱེད་མཚན་ཉིད་པ་དེ་དང༌། དེའི་གནོད་བྱའི་རྒྱུན་ལྷན་ཅིག་མི་གནས་འགལ་དུ་གྲུབ་པ་ན། འགལ་དམིགས་ཀྱི་རྟགས་སུ་བཀོད་པའི་ཚ་རེག་དེ་དེའི་ཆོས་ལོག་ཏུ་ཞེན་པའི་གྲང་རེག་གི་རྒྱུན་དེ་དང་ཡང་ལྷན་ཅིག་མི་གནས་འགལ་དུ་གྲུབ་པ་ཡིན་ཏེ། སྔ་མ་དང་རིགས་པ་མཚུངས་པའི་ཕྱིར། མཚུངས་ཚུལ་འདི་ལྟར་བྱ་སྟེ། གང་མེས་ཁྱབ་པའི་གཞི་ཡིན་ན་གྲང་རེག་རྒྱུན་ལྡན་དུ་མི་གནས་པས་ཁྱབ། དཔེར་ན། དང་པོ་གྲང་རེག་གིས་ཁྱབ་པའི་གཞི་གཅིག་ཏུ་མེ་དང་གྲང་རེག་ནུས་མེད་གཉིས་ཀ་མ་དམིགས། དེ་ནས་མེ་དམིགས། དེ་ནས་གྲང་རེག་ནུས་མེད་དམིགས། དེའི་རྗེས་སུ་གྲང་རེག་ལོག་པ་བཞིན་ནོ། །ཞེས་བྱ་བའི་ཚུལ་གྱིས་འགྲུབ་པ་ཡིན་ཏེ། དཔེར་ན་ཚང་མང་དུ་མེ་དུའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས། ལ་རྒྱབ་ཀྱི་མེ་དང༌། དུ་བའི་འབྲེལ་པ་ངེས་པར་བྱེད་པ་བཞིན་ནོ། །དེ་ལྟར་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ནི། དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ལས་གཞན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ད་ནི་འདི་དཔྱད་དགོས་ཏེ། ཚ་རེག་གིས་ཁྱབ་པའི་གཞིར་གྲང་རེག་མེད་པར་སྒྲུབ་པ་ལ། དེ་སྣང་རུང་མ་དམིགས་པ་གཏན་ཚིགས་སུ་བཀོད་པས་ཆོག་མོད། འགལ་ཟླ་རྟགས་འགོད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་ལན་ནི་འདི་ཡིན་ཏེ། རེག་བྱ་བཏང་སྙོམས་པ་དང་ལྡན་པའི་གཞིར་ནི་དེ་མེད་པར་སྒྲུབ་པ་ལ་སྣང་རུང་མ་དམིགས་པ་རྟགས་སུ་བཀོད་པས་ཆོག་པ་ཡིན་ཏེ། གཞི་དེར་གྲང་རེག་ཡོད་ན་སྣང་རུང་ཡིན་དགོས་པའི་ཕྱིར། མེས་ཁྱབ་པའི་གཞིར་ནི་དེ་བཀོད་པས་ཆོག་པ་མ་ཡིན་ཏེ། དེར་གྲང་རེག་ཡོད་ཀྱང་སྣང་རུང་མ་ཡིན་པའི་ཕྱིར་དང༌། ཡང་དེས་ཁྱབ་པའི་གཞིར་གྲང་རེག་གི་རྒྱུན་ལོག་རྗེས་སུ་ད་དུང་སྣང་མི་རུང་གི་གྲང་རེག་ཡོད་དམ་སྙམ་པའི་དོགས་པ་བཟློག་པའི་ཆེད་དུ་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་འགོད་དགོས་པའི་ཕྱིར། དེ་ལྟ་ན་འདི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་སུ་ཐལ་ལོ་སྙམ་པའི་དོགས་པ་ནི་སྔར་བཟློག་ཟིན་ཏོ། །གཉིས་པ་ཕན་ཚུན་སྤངས་འགལ་ངེས་བྱེད་ཀྱི་ཚད་མ་ནི། ཇི་ལྟ་བ་བཞིན་བཤད་པར་དཀའ་ལ། ཚད་མས་གནོད་འགལ་ཞེས་བྱ་བ་དེའི་ངེས་བྱེད་ནི། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ལས་གཞན་ཡོད་པ་མ་ཡིན་ཏེ། བྱས་པ་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་ངེས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱིས་བྱས་པ་རྟག་པ་དང་འགལ་བར་གྲུབ་པ་བཞིན་ནོ། །ཕན་ཚུན་སྤངས་པའི་དངོས་འགལ་ལ་ནི་འགལ་བ་ངེས་བྱེད་ཀྱི་ཚད་མ་ཡོད་པ་མ་ཡིན་ཏེ། དེར་ངེས་བྱེད་མངོན་སུམ་ཡང་མེད། རྗེས་དཔག་ཀྱང་མེད་པའི་ཕྱིར་མངོན་སུམ་མེད་དེ། སྔོན་པོ་སྔོ་མིན་དང་ཕན་ཚུན་སྤངས་འགལ་དུ་མངོན་སུམ་གྱིས་མི་འགྲུབ་པའི་ཕྱིར། གལ་ཏེ་འགྲུབ་ན་སྔོན་པོ་རྐྱང་པ་མཐོང་བའི་མངོན་སུམ་གྱིས་འགྲུབ་པའམ། སྔོན་པོ་དང་སྔོ་མིན་གཉིས་ཀ་མཐོང་བའི་མངོན་སུམ་གྱིས་འགྲུབ། དང་པོ་ལྟར་ན་ཤེས་བྱ་རྐྱང་པ་འཛིན་པའི་མངོན་སུམ་གྱིས་ཤེས་བྱ་དང༌། ཤེས་བྱ་མ་ཡིན་པ་ཕན་ཚུན་སྤངས་འགལ་དུ་འགྲུབ་པར་འགྱུར་ལ། ཤེས་བྱ་མ་ཡིན་པ་དེ་ཤེས་བྱ་དང་ཕན་ཚུན་སྤངས་འགལ་དུ་ཐལ་བར་འགྱུར་རོ། །གཉིས་ཀ་མཐོང་བའི་མངོན་སུམ་གྱིས་འགྲུབ་ན། ཤེས་བྱ་དང་ཤེས་བྱ་མ་ཡིན་པ་གཉིས་ཀ་འཛིན་པ་ཚད་མས་ཤེས་བྱ་དང་ཤེས་བྱ་མ་ཡིན་པ་ཕན་ཚུན་སྤངས་འགལ་དུ་ངེས་དགོས་པར་འགྱུར་རོ། །ཡང་སྔོན་པོ་མ་ཡིན་པ་རང་ལྡོག་ནས་རྣམ་མེད་ཡིན་པས་མངོན་སུམ་ལ་མི་སྣང་ཞིང༌། དེའི་ནང་ཚན་སེར་པོ་ལྟ་བུ་མཐོང་བའི་མངོན་སུམ་ལ་ནི་དེ་གཉིས་དངོས་འགལ་དུ་ངེས་པས་བྱེད་པ་མེད་དོ། །རྟགས་གཉིས་པ་རྗེས་དཔག་ཀྱང་མེད་དེ། སྔོན་པོ་སྔོ་མིན་གྱི་སྟོང་པ་དང༌། དེ་སྔོན་པོ་ལ་རྗེས་སུ་འགྲོ་བར་སྒྲུབ་པའི་སྤྱིར་གཏན་ཚིགས་ཡང་དག་དང༌། བྱེ་བྲག་ཏུ་དོན་གྲུབ་མི་སྲིད་པའི་ཕྱིར། ཡང་ཤེས་བྱ་དེ་ཤེས་བྱ་མ་ཡིན་པ་དང་དངོས་འགལ་ཡིན་ཀྱང་ཕན་ཚུན་སྤངས་འགལ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཞར་ལ་ཤེས་དགོས་སོ། གཞན་ཡང་དངོས་འགལ་ངེས་བྱེད་ཀྱི་ཚད་མ་ཡོད་ན་དངོས་འགལ་རྟགས་སུ་བཀོད་པའི་འགལ་དམིགས་ཀྱི་གཏན་ཚིགས་སྲིད་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་ཤིན་ཏུ་ཤེས་པར་དཀའ་བ་འགལ་བའི་གནས་ལེགས་པར་གྲུབ་པ་ཡིན་ནོ། །འགལ་བ་དང་ནི་འབྲེལ་བའི་གནས། །ཇི་བཞིན་ལེགས་པར་མ་ཤེས་ན། །རྟགས་ཀྱི་རྣམ་དབྱེ་མི་ཤེས་པས། །དེ་ཕྱིར་ལེགས་པར་བཤད་པ་ཡིན། །ཞེས་སྨྲས་པ་ཡིན་ནོ།།  །།གཞུང་ལུགས་ཧ་རི་ཙནྡན་གྱི། །ལྗོན་པའི་ངོས་ལས་ལེགས་བཤད་ཀྱི། །ཐང་ཆུ་དཀར་པོ་འདྲེན་བྱེད་ཀྱི། །ལྷག་པའི་ལྷ་དེར་ཕྱག་བྱེད་ཀྱིས། །ངག་གི་དབང་ཕྱུག་མགྲིན་པ་དབྱངས། །ཀུན་དགའི་དཔལ་དུ་དེང་འདིར་བྱིན། །ཞེས་མཆོད་པར་བརྗོད་ནས། གསུམ་པ་རྟགས་དང་ཐལ་འགྱུར་གྱི་བྱེད་པ་ལ་བརྟེན་ནས་ཤེས་པར་བྱ་བའི་ངོ་བོ་བསྒྲུབ་བྱ་ཉིད་འཆད་པ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ། གཞན་དོན་གྱི་བསྒྲུབ་བྱ་ཡང་དག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་དོ། །གཉིས་པ་ནི་སཱ་དྷ་ན་ཞེས་པ་སྒྲུབ་བྱེད་ཀྱི་ཐབས་ཀྱིས་བསྒྲུབ་བྱར་བྱ་བའི་དོན་གྱིས་ན་བསྒྲུབ་པར་བྱ་བ་ཞེས་སམ། པཀྵ་ཞེས་པ་ཕྱོགས་སོ་སོར་འབྱེད་པའི་དོན་གྱིས་ན་ཕྱོགས་ཞེས་ཀྱང་བྱ། པྲ་ཏིསྣ་ཞེས་པ་རབ་ཏུ་བཟུང་བའི་དོན་གྱིས་ན་དམ་བཅའ་ཞེས་ཀྱང་བྱ། ཤཱ་ས་ན་ཞེས་པ་གཞན་ལ་བསྟན་པར་བྱ་བའི་དོན་གྱིས་ན་བསྟན་བྱ་བ་ཞེས་ཀྱང་བྱ། ཨ་ནུ་མ་ན་ཡེ་ཞེས་པ་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བའི་དོན་གྱིས་ན་རྗེས་སུ་དཔག་པར་བྱ་བ་ཞེས་ཀྱང་བྱའོ། །ཕྱོགས་ལྟར་སྣང་རྣམས་ལ་ནི་སྒྲ་བཤད་པ་འདི་དག་མེད་པའི་ཕྱིར། སྔར་བཤད་པའི་མཚན་ཉིད་དེ་ཡང་ཡོད་པ་མ་ཡིན་ནོ། །གསུམ་པ་ནི་གང་ཟག་གི་སྒོ་ནས་དབྱེ་ན། རྒོལ་བ་གཞན་ལ་མི་ལྟོས་པ་རང་དོན་སྐབས་ཀྱི་བསྒྲུབ་བྱ་དང༌། དེ་གཞན་ལ་ལྟོས་པ་གཞན་དོན་སྐབས་ཀྱི་བསྒྲུབ་བྱའོ། །སྒྲུབ་བྱེད་ཀྱི་སྒོ་ནས་ཕྱེ་ན། རང་རྒྱུད་ཀྱིས་བསྒྲུབ་པར་བྱ་བ་དང༌། ཐལ་འགྱུར་གྱིས་བསྒྲུབ་པར་བྱ་བའོ། །ཕྱོགས་སྔ་ཕྱིའི་སྒོ་ནས་དབྱེ་ན། ཕྱོགས་སྔ་མ་དང་ཕྱི་མའོ། །དེ་དག་གི་མཚན་གཞི་ལ་རྔོག་ལོ་ཆེན་པོ་ནི། སྒྲ་དང་མི་རྟག་པའི་ཚོགས་དོན་རང་མཚན་སྒྲུབ་བྱའི་མཚན་གཞི་མ་ཡིན་ཏེ། དེ་ཚད་མས་མ་གྲུབ་ན་བསྒྲུབ་བྱར་མཚོན་པ་མི་འཐད། གྲུབ་ཟིན་ན་བསྒྲུབ་བྱའི་མཚན་ཉིད་མེད་པའི་ཕྱིར། མཚན་གཞིར་མི་འཐད་དོ། །ཡང་སྒྲ་རྟག་པར་སྒྲུབ་པའི་ཚེ་ན་ཡང༌། དེ་ལྟ་བུའི་ཚོགས་དོན་རང་མཚན་མེད་པའི་ཕྱིར། རྟོག་པ་ལ་སྣང་བའི་ཚོགས་དོན་ལ་ཚོགས་དོན་རང་མཚན་དུ་ཞེན་པའི་གཞན་སེལ་བསྒྲུབ་བྱའི་མཚན་གཞི་ཡིན་ནོ། །ཞེས་གསུང༌། སློབ་དཔོན་ཕྱྭ་པ་ནི་སྒྲ་མི་རྟག་པ་དང་ལ་མེ་ལྡན་དུ་དཔོག་པ་ལྟ་བུ་ལ་ཚོགས་དོན་རང་མཚན་མཚན་གཞི་ཡིན་ཅིང༌། རི་བོང་ཅན་གྱི་དོན་སྤྱི་ཟླ་བ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱར་སྒྲུབ་པ་ལྟ་བུ་ལ། དོན་སྤྱི་ཁོ་ན་མཚན་གཞི་དང༌། ཤེས་བྱ་ལ་སྟོང་ཉིད་ཀྱིས་ཁྱབ་པ་སྒྲུབ་པ་ལྟ་བུ་ལ་རང་མཚན་དང་དོན་སྤྱི་གང་ཡང་རུང་བ་བསྒྲུབ་བྱར་སོང་བ་མི་འགལ་ལོ་གསུང༌། རིགས་པའི་གཏེར་ལས། ཕྱྭ་པའི་ལུགས་འགོག་པ་ནི། བསྒྲུབ་བྱའི་མཚན་གཞི་དངོས་པོ་འམ། །བཏགས་པར་ཕྱེ་སྟེ་སྒྲུབ་པ་འཁྲུལ། །ཞེས་གསུང༌། རང་ལུགས་རྔོག་ལོ་དང་མཐུན་པར་སྨྲ་བ་ནི། སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན། །ཞེས་གསུང་ངོ༌། །དགོངས་པ་ནི་འདི་ཡིན་ཏེ། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ། སྒྲ་དང་མི་རྟག་པའི་ཚོགས་དོན་རང་མཚན་དེ། རློམ་ཚོད་ཀྱི་བསྒྲུབ་བྱ་ཡང་དག་གམ་ཞེ་འདོད་ཀྱི་དེ་ཡང་དག་ཡིན་ལ། སྒྲ་དང་མི་རྟག་པའི་ཚོགས་དོན་གྱི་གཞན་སེལ་ལམ་རྟོག་ངོར་སྒྲ་རྟག་པ་རྣམ་པར་བཅད་ཙམ་དེ། སོང་ཚོད་དང་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཏུ་བཞག་གོ །འཇུག་པའི་ཚེ་ནི་སྒྲ་དོན་དང་རང་མཚན་སོ་སོར་མ་ཕྱེ་བར་དགག་སྒྲུབ་བྱས་པས་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ཡིན་ནོ། །སྒྲ་རྟག་པར་སྒྲུབ་པ་ལྟ་བུ་ལ་རློམ་ཚོད་དང༌། ཞེ་འདོད་ཀྱི་བསྒྲུབ་བྱ་ཡང་དག་མེད་ཀྱང༌། སོང་ཚོད་དང་དངོས་ཀྱི་བསྒྲུབ་བྱ་ཡང་དག་ནི་ཡོད་པ་ཡིན་ཏེ། སྒྲ་དང་རྟག་པའི་ཚོགས་དོན་གྱི་གཞན་སེལ་ལ་མཚན་ཉིད་ཀྱི་ཟུར་ལྔ་ཀ་ཚང་བའི་སྐབས་སྲིད་པའི་ཕྱིར། དེ་ལྟ་ན་ཡང་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར། རྟགས་ཡང་དག་གི་བསྒྲུབ་བྱ་ཡང་དག་ཏུ་མ་བཞག་གོ །ཅི་སྟེ། རྟགས་ཀྱི་ནུས་ཡུལ་མིན་ན་བསྒྲུབ་བྱར་འགལ་ལོ་ཞེ་ན། དེ་ཡང་མ་ཡིན་ཏེ། བསྒྲུབ་བྱ་ཡང་དག་ཡིན་པ་དང༌། རྟགས་ཡང་དག་གིས་སྒྲུབ་མི་ནུས་པ་མི་འགལ་བའི་ཕྱིར་ཏེ། རྟགས་ཡང་དག་གིས་སྒྲུབ་མི་ནུས་པ་དེ་རྟགས་ཀྱི་སྐྱོན་ཡིན་གྱི། ཕྱོགས་ཀྱི་སྐྱོན་མ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། བདག་གིས་དོན་བཞིན་བསྒྲུབ་བྱར་འདོད། །ཅེས་དང༌། འདིས་ནི་གཉིས་བཅས་སྦྱོར་བ་ལ། །ཞེས་སོགས་དང༌། སྒྲ་དོན་ལ། བརྟེན་ནས་འདིར་ནི་བསྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་གསུངས་སོ། །དེས་ན་ལུགས་འདི་ལ་རྟགས་ཀྱིས་དཔག་བྱ་དེ་བསྒྲུབ་བྱའི་མཚན་ཉིད་དུ་འདོད་མི་རིགས་ཏེ། དེ་ཉིད་འགྲེལ་པ་ལས་རྒྱས་པར་བཀག་ཟིན་པའི་ཕྱིར། དེ་འདི་སྙམ་དུ། སྒྲ་རྟག་པ་ཡོད་པར་འགྱུར་ཏེ། དེར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡོད་པའི་ཕྱིར་ཞེ་ན། འོ་ན་མིག་སོགས་བདག་དོན་བྱེད་པ་ཡོད་པར་འགྱུར་ཏེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱ་ཡང་དག་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། རྟོག་ངོར་མིག་སོགས་བདག་དོན་མི་བྱེད་པ་རྣམ་པར་བསལ་ཙམ་དེ་ཆོས་ཅན། བསྒྲུབ་བྱ་ཡང་དག་ཡིན་ཏེ། གྲུབ་བསལ་མེད་ཅིང་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དོན་ཡིན་པའི་ཕྱིར་དང༌། ཚད་མས་བསལ་བ་མ་ཡིན་ཏེ། གཞན་སེལ་ཡིན་པའི་ཕྱིར། གཞན་ཡང་དབང་ཕྱུག་རྟག་པ་ཡོད་པར་འགྱུར་ཏེ། དབང་ཕྱུག་རྟག་པ་དངོས་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། ཆོས་ཅན་རྟག་པའི་གཞན་སེལ་ཡིན། །ཞེས་གསུངས་པས་སོ། །གཞན་ཡང་སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བ་དེའི་ཚེ་ན་སྒྲ་དང་རྟག་པའི་ཚོགས་དོན་གྱི་གཞན་སེལ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལྟར་སྣང་དུ་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡང་དག་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་པ་བསྒྲུབ་བྱའི་མཚན་གཞི་ཡིན། །ཞེས་གསུངས་སོ། །རྩ་བར་འདོད་ན། ངོ་བོའི་དོན་སོགས་ཆོས་ལྔ་གང་རུང་གིས་ལོག་ཕྱོགས་ལྔ་པོ་གང་རུང་ཞུགས་པར་ཐལ། གཞན་དོན་སྐབས་ཀྱི་བསྒྲུབ་བྱ་ལྟར་སྣང་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ་སྐབས་ཀྱི་རྒོལ་བས་གྲུབ་ཟིན་པ་ཡང་མ་ཡིན། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་ཡང་མ་ཡིན། སྐབས་ཀྱི་རྒོལ་བས་བསྒྲུབ་བྱར་ཁས་མ་བླངས་པ་ཡང་མ་ཡིན། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་ཡང་མིན་པའི་ཕྱིར། ཡང་འདི་ལྟར། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། རྟོག་ངོར་སྒྲ་མི་རྟག་པ་རྣམ་པར་བསལ་ཙམ་དེ་ཆོས་ཅན། སྒྲུབ་བྱ་ཡང་དག་ཡིན་ཏེ། སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་བསལ་མེད་ཅིང༌། དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཕྱིར། དེ་ལྟར་གྲུབ་པ་ན། བསྒྲུབ་བྱ་ཡང་དག་ཡིན་ན། རྟགས་ཡང་དག་གི་དཔག་བྱ་ཡིན་དགོས་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ལྟར་གཞུང་འགྲེལ་ལས་བཤད་པ་མེད་པའི་ཕྱིར་དང༌། རྟགས་ཡང་དག་གི་དཔག་བྱ་དེ་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ན། བསྒྲུབ་བྱ་ཡང་དག་གོ་བྱེད་དེ་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མཚུངས་པའི་ཕྱིར་དང༌། དེ་ཡང་དེ་ལྟ་ན་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའི་ཕྱིར། རི་བོང་གི་རྭ་མེད་པ་དང༌། བདག་མེད་པ་ལ་སོགས་པ་ཡང་རྟགས་ཡང་དག་གི་གོ་བྱ་དང༌། ཆོས་ཆོས་ཅན་གྱི་ཚོགས་དོན་ཡིན་པར་འགྱུར་ཏེ། བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རང་བརྗོད་པའི་སྒྲ་དེ། བསྒྲུབ་བྱ་ཡང་དག་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེ་ཆོས་ཅན་དེ་ཡིན་ཏེ། དམ་བཅའ་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་ལེན་པ་ནི་རང་གི་ལུགས་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། བསྒྲུབ་བྱ་བརྗོད་པར་དམ་བཅས་ན་ཡང༌། །སྨྲ་དེ་ལ་སྐྱོན་འཐད་མིན་ཏེ། །ཞེས་གསུངས་པས་སོ། །གཞན་ཡང་སྒྲ་མི་རྟག་པ་ལ་སྐབས་ཀྱི་རྒོལ་བས་ཤེས་འདོད་དང༌། དཔག་འདོད་གཉིས་ཀ་ཞུགས་ནས། དེ་སྒྲུབ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ། སྒྲ་དང་མི་རྟག་པའི་ཚོགས་དོན་ཆོས་ཅན། རྟགས་ཡང་དག་གི་བསྒྲུབ་བྱར་ཐལ། བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་ཕྱིར། རྩ་བར་འདོད་ན། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་དུ་ཐལ་བར་འགྱུར་རོ། །མདོར་ན་རྟགས་ཡང་དག་གི་ནུས་པ་འཇུག་པའི་ཡུལ་ཡིན་ན། བསྒྲུབ་བྱ་ཡང་དག་ཡིན་དགོས་སོ་ཞེས་བྱ་བ་འདི་ནི་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་ལས་འབྱུང་གི བསྒྲུབ་བྱ་ཡང་དག་ཡིན་ན་རྟགས་ཡང་དག་གི་ནུས་པ་འཇུག་པའི་ཡུལ་ཡིན་དགོས་སོ་ཞེས་བྱ་བ་འདི་གཞུང་ན་མེད་དོ། །དེའི་ཕྱིར་བསྒྲུབ་བྱ་ཡང་དག་ཡིན་ན་སྤྱིར་ཡོད་མི་དགོས་ཤིང༌། བྱེ་བྲག་ཏུ་དོན་ལ་གནས་པའི་ཚོགས་དོན་ཡིན་མི་དགོས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་དག་གིས་ནི་བསྒྲུབ་བྱའི་མཚན་གཞི་ལ་གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་རྣམ་པར་བཞག་པ་བཤད་ཟིན་ནས། གསུམ་པ་རྩོད་པ་སྤང་བ་ནི། ཇི་སྐད་དུ། འདི་ལ་དངོས་པོ་དངོས་མེད་དུ། །སྒྲུབ་ལ་རྩོད་པའི་གོ་སྐབས་མེད། །ཅེས་གསུངས་སོ། །དོན་ནི་ཁ་ཅིག་ན་རེ། སྒྲ་དང་མི་རྟག་པའི་ཚོགས་དོན་བསྒྲུབ་བྱར་མཚོན་པ་མི་འཐད་དེ། དེ་མ་གྲུབ་པའི་ཚེ་མཚོན་རྒྱུ་མེད། གྲུབ་པའི་ཚེ་མཚན་ཉིད་མེད་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། ཆོས་ཅན་ཚད་མས་གྲུབ་ཀྱང་དེའི་སྟེང་དུ་བསྒྲུབ་བྱའི་ཐ་སྙད་སྒྲུབ་དགོས་པ་སྲིད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། སྒྲ་རྟག་པ་ལྟ་བུ་བསྒྲུབ་བྱར་མཚོན་པ་མི་འཐད་དེ། སྒྲ་དང་རྟག་པས་སོ་སོར་བསྒྲུབ་བྱ་མ་ཡིན་ཞིང༌། ཚོགས་པ་མི་སྲིད་པའི་ཕྱིར་ཞེ་ན་ཉེས་པ་མེད་དེ། སྒྲ་རྟག་པ་ལ་དཔག་འདོད་དང་ཤེས་འདོད་ཞུགས་ནས་སྒྲུབ་བྱེད་བཀོད་པའི་དུས་ཀྱི་སྒྲ་རྟག་པའི་གཞན་སེལ་དེ་བསྒྲུབ་བྱ་ཡང་དག་ཏུ་མཚོན་པ་ལ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་མཚན་ཉིད་དུ་རུང་བའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་ལ་ཁ་ཅིག་འདི་སྙམ་དུ། ཆོས་ཅན་དང་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་མི་སྲིད་པར་འགྱུར་ཏེ། གཞན་སེལ་ལ་རྟགས་ཆོས་དོན་གསུམ་གྱི་རྣམ་གཞག་འཇོག་པའི་ཕྱིར་ཞེ་ན། ཉེས་པ་མེད་དེ། སྒྲུབ་པའི་གཏན་ཚིགས་རྣམས་ལ་རློམ་ཚོད་ཀྱི་རྟགས་དང་ཆོས་ཅན་གྱི་ངོ་བོ་མེད་པ་ལ། དེ་དང་དེར་འཇོག་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། །ཚོགས་པ་བསྒྲུབ་བྱར་མི་འགྱུར་ལ། །ཞེས་བཤད་པས་ཁྱེད་ལ་གནོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཁོ་བོ་ཅག་གི་སྒྲུབ་བྱེད་དུ་འགྱུར་བ་ཡིན་ཏེ། གཞུང་དེས། གཙོ་བོ་ཆོས་ཅན། ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་པའི་སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་ཡོད་པར་བཤད་པའི་ཕྱིར། དེ་ལྟར་ན་ཡན་ལག་ཅན་གྱི་ལ་ཆོས་ཅན། རྟག་པའི་མེ་ཡོད་དེ། དོན་དམ་པའི་དུ་བ་ཡོད་པའི་ཕྱིར། དབང་ཕྱུག་གིས་བྱས་པའི་ཚང་མང་བཞིན། ཞེས་པའི་སྦྱོར་བ་དེའི་རྟགས་ཆོས་དོན་གསུམ་ཚད་མས་གྲུབ་པར་འགྱུར་ལ། དེ་འདོད་ན་ཇི་སྐད་དུ། དེ་ལྟའི་རྟགས་ལ་ཚུལ་གསུམ་མེད། །ཅེས་བཤད་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། དེ་ཡང་རློམ་ཚོད་ཀྱི་རྟགས་དང་ཆོས་ཅན་མེད་པ་ཡིན་གྱི། གྲུབ་ཚོད་ཀྱི་རྟགས་དང་ཆོས་ཅན་ཡོད་པའི་ཕྱིར་ཏེ། དེའི་དེ་མ་ཐག་ཏུ་གྲུབ་ལ་རྟགས་ཀྱི་ཁྱད་པར་མེད། ཅེས་བཤད་པའི་ཕྱིར་རོ། །འོ་ན་གྲངས་ཅན་གྱི་ངོར་གཙོ་བོའི་སྒྲ་དོན་རྣམ་འགྱུར་ཀུན་གྱི་ཉེར་ལེན་དུ་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་མེད་ནས་མ་གྲུབ་པར་འགྱུར་ཏེ། དེའི་རློམ་ཚོད་ཀྱི་ཆོས་ཅན་མེད་པའི་ཕྱིར་ཏེ། གཙོ་བོ་ལ་དེར་རློམ་པའི་ཕྱིར་ཞེ་ན། དེ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། འོ་ན་གཙོ་བོ་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཀྱི་ཆོས་ཅན་དུ་ཐལ། རློམ་ཚོད་ཀྱི་དེ་ཡིན་པའི་ཕྱིར། འདོད་ན། དེ་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་དུ་འགྱུར་རོ། །དེས་ན་དེའི་ཚེ། གཙོ་བོའི་སྒྲ་དོན་ཁོ་ན་རློམ་ཚོད་དང་སོང་ཚོད་གཉིས་ཀ་ཡིན་ནོ། །འོ་ན་གྲངས་ཅན་གཙོ་བོའི་སྒྲ་དོན་ཞེས་པ་གཙོ་བོ་དང་མཚན་ཉིད་ལ་རློམ་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་ནི་སངས་རྒྱས་པ་དང་གྲངས་ཅན་གཙོ་བོའི་སྒྲ་དོན་གྱི་ངོས་འཛིན་མི་མཐུན་པ་ཡིན་གྱི། ཤེས་འདོད་ཆོས་ཅན་དུ་ནི་གཉིས་ཀ་ལ་མཐུན་ནང་དུ་གྲུབ་པའི་སྒྲ་དོན་དེ་ཉིད་སོང་བ་ཡིན་ནོ། །འོ་ན་ངོས་འཛིན་ཚུལ་མི་གཅིག་ན་མཐུན་ནང་དུ་ཇི་ལྟར་གྲུབ་ཅེ་ན། དེ་གྲུབ་པ་ཡིན་ཏེ། སངས་རྒྱས་པ་དང་བྱེ་བྲག་པ་སྒྲའི་ངོས་འཛིན་མི་མཐུན་ཡང༌། །སྒྲ་ཙམ་མཐུན་ནང་དུ་གྲུབ་པ་ལ་སོགས་པ་བཞིན་ནོ། །ཡང་ན་དགག་པའི་གཏན་ཚིགས་རྣམས་ཤེས་འདོད་མེད་པའི་མ་གྲུབ་པའི་རྟགས་ཀྱི་རྣམ་གཞག་མི་འཆད་དོ། །བཞི་པ་གཞན་དོན་གྱི་བསྒྲུབ་བྱ་བྱེ་བྲག་ཏུ་བཤད་པ་ལ། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། ཕྱི་རབས་པ་ཕལ་ཆེ་བ་དག་ན་རེ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་གྱི། སྤྱིར་བསྒྲུབ་བྱ་ཡང་དག་ཙམ་གྱི་མཚན་ཉིད་མིན་ཏེ། རང་དོན་སྐབས་ལ་མ་ཁྱབ་པའི་ཕྱིར་རོ་ཞེས་མཐུན་པར་སྨྲའོ། །འདི་མི་འཐད་པ་ལ་གཉིས་ཏེ། ལུང་དང་འགལ་བ་དང༌། རིགས་པས་མི་འཐད་པའོ། །དང་པོ་ལ་སྤྱིར་བཤད་པ་དང༌། བྱེ་བྲག་རིགས་པའི་གཏེར་གྱི་དགོངས་པ་མིན་པར་བསྟན་པའོ། །དང་པོ་ནི། དེ་སྐད་དུ་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། མདོ་དང་རིགས་པའི་སྒོ་དང༌། རྣམ་འགྲེལ་ངེས་ཐམས་ཅད་དུ། བསྒྲུབ་བྱའི་མཚན་ཉིད་འཆད་པའི་སྐབས་སུ་གཞན་དོན་དང་རང་དོན་སོ་སོར་ཕྱེ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། རྒྱ་བོད་ཀྱི་འགྲེལ་བྱེད་ཚད་ལྡན་སུས་ཀྱང་མཚན་ཉིད་དེ་གཞན་དོན་སྒྲུབ་བྱ་ཁོ་ནའི་དབང་དུ་བྱས་པར་བཤད་པ་མེད་པའི་ཕྱིར། ཅི་སྟེ་འདི་གཞན་དོན་རྗེས་དཔག་འཆད་པའི་སྐབས་ཡིན་པས། གཞན་དོན་གྱི་བསྒྲུབ་བྱ་ཁོ་ནའི་དབང་དུ་བྱས་སོ་སྙམ་ན། འོ་ན་རིགས་སྒོ་ནས་གསུངས་པ་དེ་ཡང་དེ་ཁོ་ནར་འགྱུར་ལ། འདོད་ན་མངོན་སུམ་གྱི་བསལ་བ་དང་གཞན་དོན་རྗེས་དཔག་འཆད་པའི་སྐབས་ནས་འབྱུང་བའི་གཏན་ཚིགས་ཀྱི་རྣམ་པར་གཞག་པ་ཐམས་ཅད་ཀྱང་གཞན་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཁོ་ནར་ཐལ་བར་འགྱུར་རོ། །གཉིས་པ་ནི། ཇི་སྐད་དུ། འདི་ལ་མ་ཁྱབ་ཁྱབ་ཆེས་དང༌། །རྟགས་ལ་མཚུངས་པའི་རྩོད་པ་མེད། །ཅེས་པའི་འགྲེལ་པར། གློ་བུར་བའི་རྟགས་ཡང་དག་གི་བསྒྲུབ་བྱ་ལ་ཡང༌། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེར་ཁྱབ་པར་གསུངས་པ་ཡིན་པའི་ཕྱིར་དང༌། ཡང་འགྲེལ་པར། རྟགས་དེར་རྟོགས་པའི་བསྒྲུབ་བྱ་ལ་གསུམ་སྟེ་ཞེས་རྟགས་ཡང་དག་གི་བསྒྲུབ་བྱ་ཙམ་གྱི་དབང་དུ་བྱས་པར་ཤིན་ཏུ་གསལ་བའི་ཕྱིར་དང༌། གཞན་དོན་བསྒྲུབ་བྱ་ཞེས་པའི་ཚིག་གི་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་ཏེ། འོན་ཀྱང་སློབ་དཔོན་ཕྱྭ་པ་ནི། གློ་བུར་བའི་རྟགས་ཡང་དག་གི་བསྒྲུབ་བྱ་གང་ཡིན་པ་དེ་ཐམས་ཅད་བསྒྲུབ་བྱ་མཚན་ཉིད་པ་མིན་པར་བཞེད་ཅིང༌། བསྒྲུབ་བྱར་བློས་བཟུང་རུང་ཙམ་རྟོགས་པ་ལ་བསྒྲུབ་བྱ་རྟོགས་པའི་ཐ་སྙད་བྱས་པར་བཞེད་དོ། །གཉིས་པ་ནི། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཏུ་སོང་བ་དེའི་ཚེ། སྒྲ་མི་རྟག་པའི་ཚོགས་དོན་ཆོས་ཅན། དེ་སྒྲུབ་ཀྱི་གཞན་དོན་གྱི་སྒྲུབ་བྱ་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རྒོལ་བས་ཚད་མས་གྲུབ་བསལ་མེད་ཅིང༌། དེ་སྒྲུབ་ཀྱི་རྒོལ་བ་རང་ཉིད་ཀྱི་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཚོགས་དོན་གང་ཞིག སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པའི་ཕྱིར། གཞན་ཡང་ཆོས་ལྔ་ལས་གང་ཞིག་མ་ཚང་བ་ཡིན་ཞེས་དྲིའོ། །བསྒྲུབ་བྱར་ཁས་བླངས་པ་དེ་མ་ཚང་ངོ་ཞེ་ན། འོ་ན་དེ་ལ་སྒྲུབ་བྱེད་མ་བཀོད་པར་ཐལ་ལོ། །ཡང་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་མ་ཚང་ངོ་ཞེ་ན། འོ་ན་མཁས་པ་མིན་པ་ཁྱེད་ཅག རང་དོན་རྟགས་ཡང་དག་གི་དཔག་བྱར་བཟུང་བ་དེ་རང་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་འདོད་པ་དང་འགལ་ལོ། །གཞན་ཡང་ཚུལ་གསུམ་ཚང་བ་དེ་གཞན་དོན་རྟགས་ཡང་དག་གི་མཚན་ཉིད་དུ་ཁས་བླངས་ན་ཉེས་པ་ཅི་ཡོད། རང་དོན་གྱི་གཏན་ཚིགས་ལ་ཁྱབ་ཆེས་སོ་ཞེ་ན། སྔ་མ་ཡང་རང་དོན་གྱི་བསྒྲུབ་བྱ་ཡང་དག་ལ་ཁྱབ་ཆེས་སོ། །སྔ་མ་ལ་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་མེད་དོ་ཞེ་ན། འོ་ན་འདི་ལ་ཡང་ཚུལ་གསུམ་རྒོལ་བའི་ཚད་མས་ངེས་པ་མེད་དོ། །དེ་ཡོད་དེ་ཚུལ་གསུམ་རྒོལ་བ་རང་ཉིད་ཀྱིས་ཚད་མས་ངེས་སོ་ཞེ་ན། སྔ་མ་ཡང་རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་སོ། །འོ་ན་རང་དོན་གྱི་སྐབས་སུ་སྒྲུབ་བྱེད་གང་དང་གང་ཡིན་པ་དེས། བསྒྲུབ་བྱ་གང་དང་གང་ཡིན་པ་དེ་འགྲུབ་པར་ཚད་མས་ཤེས་སམ་མི་ཤེས། ཤེས་ན་ནི་གྲུབ་ཟིན་པས་བྱར་མི་རུང་ལ། མི་ཤེས་ན་ནི་སྒྲུབ་བྱེད་དུ་མི་རུང་ངོ་ཞེ་ན། བརྟག་པ་དེ་ནི་རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཁས་ལེན་པ་ཐམས་ཅད་ལ་མཚུངས་པས་རང་གཞན་གཉིས་ཀས་དོགས་པ་དེ་སེལ་དགོས་སོ། །འོ་ན་ཇི་ལྟར་སེལ་ཞེ་ན། རང་དོན་སྐབས་ཀྱི་རྟགས་དང་བསྒྲུབ་བྱ་ལ་གཉིས་ཏེ། གློ་བུར་བ་དང༌། དེ་མ་ཡིན་པའོ། །དང་པོ་ལ་ནི་སྒྲུབ་བྱེད་གློ་བུར་བ་ཡིན་པའི་ཕྱིར། བསྒྲུབ་བྱ་ཡང་གློ་བུར་བ་ཡིན་པས། སྒྲུབ་བྱེད་འགོད་པ་དང་བསྒྲུབ་བྱར་ཁས་བླངས་པ་དུས་མཉམ་པར་རིགས་གཏེར་ལས་གསུངས་སོ། །གཉིས་པ་ལ་ནི། བསམ་བྱུང་གི་རིགས་པ་ཕལ་ཆེ་བ་རྣམས་ཏེ། དང་པོར་བསྒྲུབ་བྱ་ལ་ཐེ་ཚོམ་ཞུགས་པས་ཤེས་འདོད་ཚང༌། དེའི་རྗེས་སུ་རྟགས་མཐོང་ཞིང་འབྲེལ་པ་ཚད་མས་ཤེས་ནས་སྒྲུབ་བྱེད་འགོད་པར་འདོད་པའི་བློ་སྐྱེས་པ་དེའི་ཚེ་དཔག་འདོད་ཞུགས་ནས་བསྒྲུབ་བྱར་ཁས་བླངས་པ་ཚང་བ་ཡིན་ནོ། །ཅི་སྟེ་རང་དོན་སྐབས་སུ། ཚུལ་གསུམ་ཤེས་པའི་འོག་ཏུ་གཏན་ཚིགས་འགོད་པ་མེད་དོ་ཞེ་ན། འོ་ན་རང་དོན་སྐབས་སུ་ཚུལ་གསུམ་ཚད་མས་ཤེས་པ་དང་རྗེས་དཔག་སྐྱེས་པ་དུས་མཉམ་པར་འགྱུར་རོ། །དེ་ཡང་འདོད་ན་ནི་རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་མི་སྲིད་པར་འགྱུར་རོ། །ཅི་སྟེ་ཚུལ་གསུམ་ཤེས་ནས་དྲན། དེའི་འོག་ཏུ་རྗེས་དཔག་སྐྱེ་བ་ཡིན་ནོ་ཞེ་ན། འོ་ན་ཤེས་པ་དང་དྲན་པའི་ཁྱད་པར་གང་ཡིན། གཏན་ཚིགས་འགོད་པས་དྲན་པར་བྱེད་ཅེ་ན། དེ་ལྟར་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ནོ། །གཉིས་པ་ལ། མཚན་ཉིད་དངོས་དང༌། དེའི་རྣམ་བཅད་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་ལས་བཏུས་ལྟར་ན། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དང༌། རིགས་སྒོ་ལྟར་ན། གྲུབ་བསལ་མེད་ཅིང་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་དེ་བསྒྲུབ་བྱ་ཡང་དག་ཙམ་དང༌། ཕྱོགས་ཡང་དག་ཙམ་གྱི་མཚན་ཉིད་དོ། །འདིར་བསྒྲུབ་བྱར་འོས་ཤིང་ཞེས་དང༌། རྒོལ་བ་རྟོག་ལྡན་གྱིས་ཞེས་ཟེར་བ་ནི་མཁས་པ་མ་ཡིན་པ་དག་གིས་དུས་ཕྱིས་སྦྱར་བའི་ཚིག་ཡིན་པས་ཡིད་བརྟན་པར་མི་བྱའོ། །དབྱེ་ན། རང་དོན་དང༌། གཞན་དོན་གྱི་དབྱེ་བས་གཉིས་སོ། །མཚན་ཉིད་ནི། རང་དོན་སྐབས་ཀྱི་རྒོལ་བ་ལ་ལྟོས་པའི་ཆོས་ལྔ་ཚང་བ་དང༌། གཞན་དོན་སྐབས་ཀྱི་རྒོལ་བ་ལ་ལྟོས་པའི་ཆོས་ལྔ་ཚང་བའོ། །ཆོས་ལྔ་ནི་ཇི་སྐད་དུ། ངོ་བོ་ཁོ་ན་རང་ཉིད་དང༌། །འདོད་ཅིང་མ་བསལ་བསྟན་པར་བྱ། །ཞེས་གསུང་ངོ༌། །འདིར་བསྟན་བྱ་བ་ཞེས་པས་མཚོན་བྱ་བསྟན་པ་ཡིན་ཏེ། ཇི་སྐད་དུ། རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་འབྱུང་བ་ལྟར་རོ་ཞེས་རྔོག་ལོ་ཆེན་པོ་བཞེད་དོ། །བསྟན་བྱ་བ་ལས་འཕྲོས་པའི་རྩོད་ལན། རྣམ་པར་ངེས་པ་ལས་འབྱུང་བ་ནི་འདི་ཡིན་ཏེ། བསྒྲུབ་བྱ་ལ་བསྟན་བྱ་བ་ཞེས་ཟེར་བ་མི་འཐད་དེ། བསྒྲུབ་བྱ་ངག་ཏུ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་འདོད་པས་སོ་ཞེ་ན། བསྒྲུབ་བྱ་ངག་ཏུ་བསྟན་པར་བྱ་བ་མ་ཡིན་མོད། ཡིན་དུ་ཆུག་ཀྱང༌། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་བཞི་པོ་གང་རུང་མ་ཞུགས་པ་ལ་སོགས་པ་ཁྱད་ཆོས་ལྔ་དང་ལྡན་པ་གཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །ཞེས་གསུངས་སོ། །ཕྱི་རབས་པ་གཞན་དག་ན་རེ། རིགས་པ་ཅན་པ་ཁ་དྲང་བའི་ཕྱིར་དུ་བསྒྲུབ་བྱ་ལ་ཡང་བསྟན་བྱ་བའི་སྒྲ་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཤེས་པའོ། །དེ་ལྟ་མོད་ཀྱི་དགོངས་པ་ནི་འདི་ཡིན་ཏེ། ཚད་མའི་མདོར། ཕྱོགས་ཆོས་དང་ནི་འབྲེལ་པ་དང༌། །བསྒྲུབ་བྱ་བརྗོད་བྱ་གཞན་རྣམས་སྤང༌། །ཞེས། རྒོལ་བ་གཞན་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་པའི་ཡན་ལག་ཏུ་ཕྱོགས་ཆོས་དང་འབྲེལ་པ་དང་བསྒྲུབ་བྱ་གསུམ་ངག་ཏུ་བརྗོད་པར་བྱ་བ་ཡིན་ལ། ཡན་ལག་ལྷག་མ་གཞན་ཉེར་སྦྱོར་དང་མཇུག་བསྡུད་བརྗོད་པ་སྤང་དགོས་པར་གསུངས་སོ། །དེའི་དགོངས་པ་ལ་རིགས་གཏེར་ལས། ཕྱོགས་ཆོས་དང་ནི་འབྲེལ་པ་ཡིས། །བསྒྲུབ་བྱ་བརྗོད་བྱ་ཞེས་དེའི་སྐྱེས་བུས་བསྡུ་བར་འཆད་དགོས་པར་གསུང་ལ། ཡང་ན། དང་པོ་ཕྱོགས་སྔ་མ་ཁས་ལེན་པ་དང༌། རྩ་བའི་གཏན་ཚིགས་འགོད་པའི་དུས་སུ་བསྒྲུབ་བྱ་དངོས་སུ་བརྗོད་དགོས་པ་དང༌། དེའི་འོག་ཏུ་སྒྲུབ་བྱེད་གཏན་ཚིགས་ཡང་དག་འགོད་པའི་ཚེ། ཕྱོགས་ཆོས་དང་འབྲེལ་བ་བརྗོད་དགོས་པ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ལས་བཏུས་ཀྱི་འགྲེལ་པའི་དགོངས་པའོ། །དེ་ལྟར་ན་སྔར་རྒོལ་གྱིས། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར། ཞེས་བཀོད་པའི་ཚེ། སྒྲ་མི་རྟག་པ་ལ། བསྟན་བྱ་བ་དང༌། སྒྲུབ་བྱ་ཡང་དག་གཉིས་ཀ་ཡིན་ནོ། །དང་པོ་ཡིན་ཏེ། སྦྱོར་ངག་དེས་སྒྲས་ཟིན་ལ་བསྟན་བྱ་བ་ཡིན་པའི་ཕྱིར། གང་བྱས་ན་སོགས་སྒྲུབ་པའི་ངག་བཀོད་པ་དེའི་ཚེ་ནི། སྒྲ་མི་རྟག་པ་དེ་བསྒྲུབ་བྱ་ཡིན་ཀྱང་བསྟན་བྱ་མ་ཡིན་ཏེ། ཡིན་ན་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་ཐལ་བའི་ཕྱིར་རོ། །སྐབས་འདིར་གཞུང་འགྲེལ་གྱི་དགོངས་པ་ལ་རྣམ་པར་བརྟགས་པ་ན། གྲུབ་པའི་མཐའ་གཉིས་པ་ཞིག་འབྱུང་བར་འགྱུར་རོ། །དེ་ཡང་གང་ཞེ་ན། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ། སྤྱིར་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་ཡིན་པའམ། ཡང་ན་དེ་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་འཇོག་པ་དེའི་ཚེ། སྒྲ་རྟག་པ་དང༌། བུམ་པ་ཤེས་བྱ་མིན་པ་ལ་སོགས་པ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་པའོ། །དེ་ཡང་ཇི་ལྟར་ན། འདི་ལ་ལུགས་དང་པོ་བསྒྲུབ་པ་དང༌། གཉིས་པ་བསྒྲུབ་པའོ། །དང་པོ་ནི། འདི་ལྟར། དེ་དེ་ཡིན་ཏེ། ཚད་ལྡན་གྱི་གཞུང་འགྲེལ་མཐའ་དག་ལས། དེ་འདྲ་དེ་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་དུ་གསུངས་ཀྱི། གཞན་དོན་དང་རང་དོན་སོ་སོར་ཕྱེ་བ་ལྟ་ཞོག ཡང་དག་དང༌། ལྟར་སྣང་སོ་སོར་ཕྱེ་བ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ། །འོ་ན་བསྒྲུབ་བྱ་ལྟར་སྣང་རྣམས་བསྒྲུབ་བྱ་མཚན་ཉིད་པ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་འདོད་པ་ཡིན་ཏེ། མངོན་སུམ་དང་རྗེས་དཔག་ལྟར་སྣང་བཞིན་ནོ། །དེའི་ཚུལ་རྒྱས་པར་བཤད་ན། གཞུང་འགྲེལ་ལས་གསུངས་པའི་བསྒྲུབ་བྱ་ལྟར་སྣང་ནི་སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་ལ་སོགས་པ་ལྔ་ཡིན་ལ། དང་པོ་གྲུབ་ཟིན་པ་ལ་ནི་བསྒྲུབ་པར་བྱ་བའི་མིང་དོན་གཉིས་ཀ་མ་ཞུགས་པའི་ཕྱིར་དང༌། གཉིས་པ་སྒྲུབ་བྱེད་དུ་བཀོད་བཞིན་པ་ཡིན་ན་བསྒྲུབ་བྱ་མ་ཡིན་དགོས་པར། སྒྲུབ་བྱེད་དབང་དུ་བྱས་ཉིད་ཀྱི། །ཞེས་སོགས་ལས་ཤིན་ཏུ་གསལ་བའི་ཕྱིར་དང༌། རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་ན་བསྒྲུབ་བྱ་ཙམ་དུའང་འགལ་བའི་ཕྱིར་དང༌། གལ་ཏེ་མི་འགལ་ན། ཡོད་ན་བསྒྲུབ་བྱ་ཡིན་པས་ཁྱབ་པར་ཁས་བླངས་ཀྱང་ཉེས་པས་མི་གོས་པའི་ཕྱིར་དང༌། སྐབས་ཀྱི་རྒོལ་བ་དེའི་ཚད་མས་བསལ་ན་རྒོལ་བ་དེའི་ངོར་བསྒྲུབ་བྱ་མ་ཡིན་དགོས་པའི་ཕྱིར་དང༌། བསྒྲུབ་བྱ་ལྟར་སྣང་གི་མཚན་གཞི་ཡང་ལྔ་པོ་དེ་ཙམ་དུ་ངེས་པའི་ཕྱིར། ངེས་པ་ཡིན་ཏེ། བསྒྲུབ་བྱའི་མཚན་ཉིད་ཀྱི་བསལ་བྱ་ལ་ལྔ་པོ་དེར་གྲངས་ངེས་པའི་ཕྱིར་རོ། །གཉིས་པ་ནི་འདི་ལྟར། སྒྲ་རྟག་པའམ་མི་རྟག་པར་བསྒྲུབ་པ་གང་རུང་ལ་གཞལ་བྱའམ། བྱས་པ་ལྟ་བུ་གཏན་ཚིགས་སུ་བཀོད་པ་དེའི་ཚེ་ན། གཉིས་ཀ་བསྒྲུབ་བྱ་ཡང་དག་ཏུ་རུང་བ་ཡིན་ཏེ། གཉིས་ཀ་ལ་དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེའི་རྒྱུ་མཚན་འདི་ལྟར། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བ་དེའི་ཚེ་ན། སྒྲ་རྟག་པ་ཆོས་ཅན། རྒོལ་བ་དེའི་ངོར་བསྒྲུབ་བྱ་ཡང་དག་ཡིན་ཏེ། རྒོལ་བ་དེའི་ཚད་མས་གྲུབ་བསལ་མེད་ཅིང༌། རྒོལ་བ་དེ་ལ་ལྟོས་པའི་སྔར་རྒོལ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཕྱིར། ཅི་སྟེ་རྒོལ་བ་དེའི་ཚད་མས་བསལ་བ་ཞུགས་སོ་ཞེ་ན། འོ་ན་དེ་ཆོས་ཅན། རྒོལ་བ་དེའི་ངོར་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རྟེན་མ་ཡིན་པར་ཐལ། རྒོལ་བ་དེའི་ཚད་མས་བསལ་བའི་ཕྱིར། ཁྱབ་སྟེ། ཇི་སྐད་དུ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་རྟེན་མ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། རྒོལ་བ་དེ་ཆོས་ཅན། སྒྲ་རྟག་པ་ལ་ཁྱོད་ཀྱི་ཚད་མས་བསལ་བ་ཞུགས་པ་མ་ཡིན་ཏེ། གཞལ་བྱ་ཁྱོད་ཀྱི་ངོར་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་པའོ། །དེ་ལ་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེའི་ཚེ་ན་དེ་ཆོས་ཅན། བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། སྤྱིར་ཚད་མས་བསལ་བའི་ཕྱིར་ཞེས་དང༌། ཆོས་དང་ཆོས་ཅན་གྱི་ཚོགས་དོན་མ་ཡིན་པའི་ཕྱིར་ཞེས་དང༌། རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། ཕྱི་མ་ལ་ཁྱབ་པ་ཡོད་དེ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་ཀྱི་དོན་ལས་དེའི་ཁྱབ་པ་གྲུབ་པའི་ཕྱིར། ཞེས་སྒྲུབ་བྱེད་ཀྱི་རིགས་པ་གསུམ་དང༌། ཡང་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པ་དང་མི་རྟག་པར་སྒྲུབ་པ་གཉིས་ཀ་ལ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བ་དེའི་ཚེ། དེ་གཉིས་ཀ་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། ཞེས་གནོད་བྱེད་ཀྱི་རིགས་པ་གཉིས་ཏེ། ཉེས་པ་བཞི་སེལ་དགོས་པར་འགྱུར་རོ། །ཇི་ལྟར་སེལ་ཞེ་ན། རིམ་པ་བཞིན་དུ་འདི་ལྟར། སྒྲ་རྟག་པ་ཆོས་ཅན་སྤྱིར་བསྒྲུབ་བྱ་མ་ཡིན་པར་ཐལ། ཚད་མས་བསལ་བའི་ཕྱིར། ཁྱབ་པ་མེད་དོ་ཞེ་ན། འོ་ན་སྔ་མ་ལ་ཡང་མེད་དོ། །ཡོད་དེ། བསྒྲུབ་བྱ་ཡང་དག་ལ་ཚད་མས་མ་བསལ་བ་དགོས་པར་དེའི་མཚན་ཉིད་འཆད་པའི་སྐབས་ལས་ཤེས་པའི་ཕྱིར་ཞེ་ན། འོ་ན་ཕྱི་མ་ལ་ཡང་ཡོད་པར་ཐལ། དེ་ལ་དེ་དགོས་པར་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་འཆད་པའི་སྐབས་ལས་ཤེས་པའི་ཕྱིར། དེའི་མཚན་ཉིད་དུ་དེ་ལྟར་བཤད་པ་མེད་དོ་ཞེ་ན། འོ་ན་སྔ་མ་ལ་ཡང་མེད་དོ། །སྔ་མ་ལ་ཚིག་ལ་མེད་ཀྱང་དོན་གྱིས་ཐོབ་པ་ཡིན་ཏེ། གཞན་དོན་རྗེས་དཔག་འཆད་པའི་སྐབས་སུ་འབྱུང་བའི་ཕྱིར་ཞེ་ན། ཕྱི་མ་ལ་ཚིག་དོན་གཉིས་ཀ་ལས་ཐོབ་པ་ཡིན་ཏེ། ཚིག་ནི་དངོས་སུ་གསལ་ཞིང༌། དོན་ནི་གཞན་དོན་རྗེས་སུ་དཔག་པར་བཤད་པའི་བསྒྲུབ་བྱ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་འཆད་པ་ན། མདོ་དང་རྣམ་འགྲེལ་གཉིས་ཀ་ལས། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་གསུངས་པའི་ཕྱིར། དེ་ལྟར་ཤེས་པ་ན་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཐམས་ཅད་ལ། བསྒྲུབ་བྱ་ཡང་དག་ཡོད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །མ་གྲུབ་པའི་གཏན་ཚིགས་ཀྱང་འགའ་ཞིག་ལ་ནི་བསྒྲུབ་བྱ་ཡང་དག་སྲིད་ལ། ཤེས་འདོད་མེད་པའི་མ་གྲུབ་པ་རྣམས་ལ་ནི་རྣམ་པ་ཐམས་ཅད་དུ་དེ་ཡང་དག་སྲིད་པ་མ་ཡིན་ནོ། །རིགས་པ་གཉིས་པ་ཡང་འཁྲུལ་བ་ཡིན་ཏེ། བསྒྲུབ་བྱ་ཡང་དག་ལ་ཆོས་དང་ཆོས་ཅན་གྱི་ཚོགས་དོན་དགོས་སོ་ཞེས་བྱ་བ་འདི་གཞུང་འགྲེལ་ན་མི་བཞུགས་པའི་ཕྱིར་དང༌། ཚོགས་དོན་ནི་དོན་གྱི་ཆོས་ཁོ་ན་ཡིན་ལ། བསྒྲུབ་བྱ་ནི་གཞན་སེལ་གྱི་སྒོ་ནས་འཇོག་དགོས་པའི་ཕྱིར་རོ། །རྟགས་དང་པོ་གྲུབ་སྟེ། ཆོས་ཅན་གྱི་ངོ་བོ་རྐྱང་པ་བསྒྲུབ་བྱ་ཡང་དག་ཏུ་སོང་བ་དང༌། ཆོས་ཅན་གྱི་ཁྱད་པར་ཉིད་དེར་སོང་བ་དང༌། ཆོས་ཀྱི་ངོ་བོ་ཙམ་དང༌། དེའི་ཁྱད་པར་ཙམ་དེར་སོང་བ་ཡང་ཡོད་པར་གསུངས་པའི་ཕྱིར་རོ། །བྱེ་བྲག་ཏུ་ནམ་མཁའ་རྟག་པར་སྒྲུབ་པ་ལྟ་བུ་ལ་ནི་ཚོགས་དོན་མཚན་ཉིད་པ་སྲིད་པ་མ་ཡིན་ཏེ། ནམ་མཁའ་དང་རྟག་པ་ཚོགས་པའི་ཚོགས་པ་ཁྱད་པར་ཅན་མི་སྲིད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཇི་སྐད་དུ། ཆོས་ཅན་ལ་ནི་ཚོགས་པ་དག །བསལ་བས་འགལ་བ་མ་ཡིན་ཏེ། །ཞེས་དང༌། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང༌། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་གསུམ་པས་ཀྱང་མི་གནོད་དེ། མིག་སོགས་བདག་དོན་བྱེད་པ་ཆོས་ཅན། དེར་ཐལ་རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། ཅི་སྟེ་དེ་ལ་འདོད་དོ་ཞེ་ན། གཞུང་གི་དོན་མ་གོ་བར་ཟད་དེ། རྒོལ་བས་ངག་ཏུ་མ་བརྗོད་ཀྱང་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་དཔེར་བརྗོད་དུ་བདག་གི་དོན་བཞིན་ཞེས་གསུངས་པའི་ཕྱིར། གལ་ཏེ་དེ་འདྲ་དེ་གྲངས་ཅན་གྱི་བསྒྲུབ་བྱར་འདོད་དགོས་པའི་དོན་ཡིན་གྱི། རང་ལུགས་མ་ཡིན་ནོ་ཞེ་ན། དེའི་སྐབས་ཀྱི་མིག་སོགས་བདག་དོན་བྱེད་པ་གྲངས་ཅན་གྱི་རང་ལུགས་ལ་བསྒྲུབ་བྱ་ཡང་དག་ཡིན་པ་ཆོས་ཅན། སངས་རྒྱས་པ་རང་ལུགས་ལ་ཡང་ཁས་ལེན་དགོས་ཏེ། ཁྱོད་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་ལྔ་པོ་གང་རུང་གི་ཡོངས་གཅོད་ཀྱི་དོན་ཡིན་པའི་ཕྱིར། གཞན་ཡང༌། དེའི་ཟུར་གྱི་འདོད་པ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱི་བསྟན་དོན་གྱི་གཙོ་བོའི་ཁྱད་གཞིར་བཟུང་བ་དེ་ཡིན་ན་བསྒྲུབ་བྱ་ཡང་དག་ཡིན་དགོས་པ་ཡིན་ཏེ། ཁྱོད་གཞན་དོན་བསྒྲུབ་བྱ་ཡང་དག་ལ་མ་ཁྱབ་པ་སེལ་ནུས་ཀྱི་ཚིག་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་གྲངས་ཅན་གྱིས་ཞེ་འདོད་ལ་མིག་སོགས་བདག་དོན་བྱེད་པར་སྒྲུབ་འདོད་ནས་ངག་ཏུ་དེ་གཞན་དོན་བྱེད་པར་བསྒྲུབ་པ་ལ་འདུས་ཤིང་བསགས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་མིག་སོགས་བདག་དོན་བྱེད་པ་དེ་བསྒྲུབ་བྱ་ཡང་དག་ཡིན་ཏེ། དེ་བསྒྲུབ་བྱ་ཙམ་ཡིན་པ་གང་ཞིག དེའི་ཟུར་གྱི་འདོད་པ་ཞེས་པའི་ཚིག་དེས་བསྒྲུབ་བྱ་ཡང་དག་ཡིན་ངོས་ཤེས་པ་གཅིག་བསྒྲུབ་བྱ་ཡང་དག་མ་ཡིན་ནམ་སྙམ་པའི་དོགས་པ་སེལ་ནུས་པའི་ཕྱིར། དེ་ལྟ་མ་ཡིན་པར་ཚིག་དེས་མིག་སོགས་བདག་དོན་བྱེད་པ་དེ་གྲངས་ཅན་གྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡང་དག་ཡིན་གྱི། སྤྱིར་བསྒྲུབ་བྱ་ཡང་དག་མ་ཡིན་ནོ་ཞེས་བསྟན་པས། ཚིག་དེས་བསྒྲུབ་བྱ་ཡང་དག་ལ་མ་ཁྱབ་པ་ཇི་ལྟར་དུ་སེལ་ཞེས་ཁྱོད་ཀྱིས་བསམ་དགོས་པ་ཡིན་ནོ། །ཅི་སྟེ་དེ་རྣམ་གསལ་གྱི་དཔེར་བརྗོད་དམ་མཚོན་བྱེད་ཙམ་ཡིན་ལ། དེས་མཚོན་ནས་ངག་ཏུ་མ་བརྗོད་ཀྱང་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཐམས་ཅད་བསྒྲུབ་བྱ་ཡང་དག་ཏུ་སྟོན་པ་ཡིན་ཞེ་ན། དོན་ལ་དེ་ལྟར་ཡིན་མོད། ཁྱེད་ལ་མི་རུང་བའི་ཚུལ་ནི། དེ་དེའི་རྣམ་གསལ་གྱི་དཔེར་བརྗོད་དམ་མཚོན་བྱེད་མ་ཡིན་པར་ཐལ། རྣམ་གསལ་གྱི་དཔེར་བརྗོད་དུ་སྨོས་པ་དེ་བསྒྲུབ་བྱ་ཡང་དག་དངོས་མིན་པའི་ཕྱིར། དེའི་ཕྱིར་ཁྱེད་ལྟར་ན་བདག་གི་དོན་བཞིན་བསྒྲུབ་བྱར་འདོད་ཅེས་དང༌། འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་པའི་གཞུང་གཉིས་ནང་འགལ་བར་འགྱུར་རོ། །མ་གྲུབ་པ་ལ་ཡོད་ཆོས་ཞེས་སོགས་ཀྱི་དོན་ནི་གྲངས་ཅན་གྱིས་གཙོ་བོ་ཡོད་པར་སྒྲུབ་པ་ལ། གཏན་ཚིགས་རྣམ་པ་ལྔ་བཀོད་དེའི་ཚེ་ན། གཙོ་བོ་རང་མཚན་དུ་ཡོད་པ་དེ་བསྒྲུབ་བྱར་བྱས་པ་ལ་དགོས་པ་མེད་དེ། དེ་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར་ཞེས་བྱ་བའི་དོན་ཡིན་ཏེ། ཁྱད་པར་བསྒྲུབ་བྱར་བཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟ་མ་ཡིན་པར་ཁྱེད་ཀྱི་ལྟར་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ཤིང༌། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་གང་ཡང་རུང་བ་གཅིག་ཙམ་དང༌། ཡང་རྟགས་ཆོས་ཀྱི་འབྲེལ་པ་མི་ཤེས་པའི་ཕྱིར་རྒོལ་གྱི་ངོར། སྔར་རྒོལ་གྱིས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མི་རྟག་པ་ཆོས་ཅན་ཁྱོད་རྒོལ་བ་དེའི་ངོར་བསྒྲུབ་བྱ་ཡང་དག་མ་ཡིན་པར་ཐལ། རྒོལ་བ་དེའི་ངོར་ཁྱོད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་མེད་པའི་ཕྱིར། འདོད་ན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་ལྔ་ལས་གང་ཞིག་མ་ཚང་བ་ཡིན་ཞེས་དྲིའོ། །དེ་ཁོ་ནར་མ་ཟད་ཀྱི་རྒོལ་བ་དང་ཕྱིར་རྒོལ་བར་ཁས་བླངས་ནས། ཕྱིར་རྒོལ་བས་ཚུལ་གསུམ་མི་ཤེས་པའི་སྔར་རྒོལ་གྱིས་རྩ་བའི་གཏན་ཚིགས་བཀོད་ཙམ་གྱི་ཚེ་ན། སྦྱོར་བ་དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་མེད་པར་འགྱུར་ཏེ། དེ་སྐོར་གྱི་གཏན་ཚིགས་ཡང་དག་མེད་པའི་ཕྱིར། མདོར་ན། བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ། བསྒྲུབ་བྱེད་གཏན་ཚིགས་ཡང་དག་ཡོད་པ་ལ་ལྟོས་པར་འདོད་པ་འདི་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་མ་གསུངས་པ་དང་འགལ་བ་ཡིན་ནོ། །མ་བཤད་པ་ཡིན་ཏེ། དེའི་མཚན་ཉིད་ཀྱི་ཟུར་ལ་ལྔ་ལས་མ་གསུངས་ལ། ལྔ་པོ་དེས་ནི་གཏན་ཚིགས་ཡང་དག་གིས་སྒྲུབ་མི་ནུས་པ་ཕྱོགས་ཀྱི་སྐྱོན་ཡིན་པ་སེལ་མི་ནུས་པའི་ཕྱིར། འགལ་བའི་ཚུལ་ནི། སྒྲ་རྟག་པ་རྟགས་ཀྱིས་སྒྲུབ་མི་ནུས་པ་དེ་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་སྐྱོན་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་སྐྱོན་ཡིན་པའི་ཕྱིར་རོ། །གང་ཡང་བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། རྟགས་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར། ཞེས་ཟེར་བ་དེ་ནི། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་ཞེས་སོགས་ཀྱིས་བཀག་པ་དེ་ཉིད་སླར་འོངས་པ་ཡིན་པས་མི་མཛེས་སོ། །དེའི་ཕྱིར། ཁྱད་པར་བསྒྲུབ་བྱར་བཟུང་ན་འདིར། །གཏན་ཚིགས་རྗེས་འགྲོ་མེད་ཅན་འགྱུར། །ཞེས་པའི་དོན་ལ་ལེགས་པར་བསམ་དགོས་ཏེ། དེ་མ་བསམས་པར། ཡོད་པ་ཁྱད་པར་ཅན་དཔེ་ལ་རྗེས་འགྲོ་མེད་པས། བསྒྲུབ་བྱ་ཡིན་པ་ལས་ཉམས་སོ་ཞེས་ཟེར་བ་དེ་དག་གིས་ནི། རྟགས་རྗེས་འགྲོ་མེད་ཕྱིར། འདི་དེ་དག་གི་སྐྱོན་མིན་ནམ་ཞེས་པའི་དོན་དང་འགལ་བར་ཁས་བླངས་སོ། །གནོད་བྱེད་ཀྱི་རིགས་པ་བཞི་པ་ཡང་སྤང་མི་ནུས་པ་མ་ཡིན་ཏེ། འདི་ལྟར། འོ་ན་ཁྱེད་ཀྱི་ལྟར་ན་ཡང་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། སྒྲ་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་ཀྱི་དོན་མཐུན་པར་སྐབས་ཀྱི་རྒོལ་བས་ཚད་མས་ངེས་པ་ཡོད། སྒྲ་མི་རྟག་པར་སྒྲུབ་པའི་ཡང་དེ་ཡོད་པའི་ཕྱིར། དེའི་རྟགས་ནི་ཚད་མ་རིགས་པའི་གཏེར་གྱི་རྗེས་སུ་འབྲང་ཞིང་དེའི་ལུགས་དཔྱིས་ཕྱིན་པར་མི་ཤེས་པ་དག་གིས་ཁས་བླངས་སོ། །གཞན་གྱི་ཕྱོགས་ལ་ཡང་འདི་ལྟར། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། སྒྲ་རྟག་པར་སྒྲུབ་པའི་ཚེ་ཡང་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཡང་དག་ཀྱང་ཡོད། སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ཡང་དེའི་ཕྱིར། ཅི་སྟེ་སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡང་དག་མེད་དོ་ཞེ་ན། འོ་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡང་དག་ཀྱང་མེད་པར་འགྱུར་རོ། །འདོད་ན། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མེད་པར་འགྱུར་རོ། །དེའང་འདོད་ན། དེ་སྒྲུབ་ཀྱི་རྗེས་འགྲོ་མེད་པར་འགྱུར་རོ། །རྩ་བར་མ་ཁྱབ་ན་རྣམ་པར་ངེས་པ་དང་འགལ་ལོ། །ཡང་འདི་སྐད་དུ། བསྒྲུབ་བྱ་ཡང་དག་ཡིན་ན་ཡོད་མི་དགོས་པ་ངོ་མཚར་བའི་གནས་སོ་ཞེ་ན། འོ་ན་བསྒྲུབ་བྱ་ཡིན་ན་ཡོད་མི་དགོས་པ་ཡང་ངོ་མཚར་བའི་གནས་སོ། །དེ་ལ་དེ་དགོས་པར་མ་བཤད་དོ་ཞེ་ན། སྔ་མ་ཡང་མ་བཤད་དོ། །བཤད་དེ་མ་བསལ་བ་དགོས་པར་བཤད་པའི་ཕྱིར། འོ་ན་འདི་ལ་ཡང་བཤད་དེ། མ་བསལ་བ་དགོས་པར་བཤད་པའི་ཕྱིར་རོ། །འདི་སྐབས་ཀྱི་རྒོལ་བའི་ཚད་མས་མ་བསལ་བ་ལ་བྱེད་དོ་ཞེ་ན། འོ་ན་སྔ་མ་ཡང་དེ་ལ་བྱ་བ་ཡིན་པས་སྐྱོན་མེད་དོ། །འོ་ན་སྒྲ་རྟག་གོ་ཞེས་བརྗོད་པའི་ཚིག་དེ་བསྒྲུབ་བྱ་ཡང་དག་བརྗོད་པའི་ཚིག་ཏུ་ཐལ། དེ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་སྲིད་པའི་ཕྱིར། འདོད་ན་དེ་ཆོས་ཅན། དམ་བཅའ་ཡང་དག་ཏུ་ཐལ། བསྒྲུབ་བྱ་ཡང་དག་བརྗོད་པའི་ཚིག་ཡིན་པའི་ཕྱིར། དེ་ཡང་འདོད་ན། རང་གི་ཞེན་དོན་ཚད་མས་གྲུབ་པར་འགྱུར་རོ་ཞེ་ན། དེའི་ལན་ནི་འདི་ལྟར། ཕྱིར་རྒོལ་དཔྱོད་པ་པས་སྔར་རྒོལ་སངས་རྒྱས་པ་དང་གྲངས་ཅན་གཉིས་ལ་སྒྲ་རྟག་གམ་མི་རྟག་ཅེས་དྲིས་པ་ན། སངས་རྒྱས་པས་མི་རྟག་པར་དམ་བཅས་པ་དང༌། གྲངས་ཅན་གྱིས་རྟག་པར་དམ་བཅས་པ་དེའི་ཚེ་ན། གཉིས་ཀ་དམ་བཅའ་བ་པོ་རང་ལ་ལྟོས་པའི་དམ་བཅའ་ཡང་དག་ཡིན་ཏེ། དེ་གཉིས་ཀ་ལྐོག་གྱུར་གྱི་དོན་དམ་བཅའི་དམ་བཅའ་གང་ཞིག དམ་བཅའ་བ་པོ་རང་གི་ཚད་མ་དང་ཁས་བླངས་སོགས་ཀྱིས་རང་གི་ཞེན་དོན་ལ་མི་གནོད་པའི་ཕྱིར། འོ་ན་སྒྲ་རྟག་པ་ལ་སུན་འབྱིན་བརྗོད་པའི་སངས་རྒྱས་པ་ཚར་བཅད་ཀྱི་གནས་སུ་འགྱུར་རོ་ཞེ་ན། སུན་འབྱིན་བརྗོད་པ་རང་ལ་ལྟོས་པའི་དམ་བཅའ་ཡང་དག་ལ་དེ་བརྗོད་ན་དེར་འགྱུར་ཡང༌། དེ་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟ་མིན་ན་གྲངས་ཅན་གྱིས་སྒྲ་རྟག་པར་དམ་བཅས་པ་དེའི་ཚེ་ཚར་བཅད་ཀྱི་གནས་སུ་འགྱུར་ཏེ། སྔར་རྒོལ་དུ་ཁས་བླངས་ནས་དམ་བཅའ་བ་པོ་རང་ལ་ལྟོས་པའི་དམ་བཅའ་ལྟར་སྣང་དམ་བཅས་པའི་ཕྱིར། འདི་ལ་ཕྱིར་རྒོལ་གྱིས་ཀྱང་བསལ་བ་མ་ཞུགས་པ་དེའི་ཚེ་ནི་རྒོལ་བ་གཉིས་ཀ་ལ་ལྟོས་ནས་དམ་བཅའ་ཡང་དག་ཡིན་ཏེ། དམ་བཅའི་སྐྱོན་ལྔ་པོ་གང་དང་ཡང་མི་ལྡན་པའི་ཕྱིར་དང༌། ཇི་སྐད་དུ། དེ་ལྟ་ན་ཡང་དམ་བཅའ་བ། །ཙམ་དང་འབྲེལ་བ་ཕྱོགས་སྐྱོན་ཡིན། །ཞེས་དེ་གཉིས་ཀྱི་སྐྱོན་གྱི་འཇོག་ཚུལ་གཅིག་པར་བཤད་པའོ། །མདོར་ན། གྲངས་ཅན་གྱིས་སྔར་རྒོལ་བྱས་པའི་ཚེ། བསྒྲུབ་བྱ་ཡང་དག་ཏུ་འགྱུར་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་པས་ཁྱབ་ཅེས་བྱ་བ་འདི་ཡིན་ནོ། །ཡང་སྒྲ་རྟག་པ་བསྒྲུབ་བྱ་ཡང་དག་དང༌། དེ་ལྟར་དམ་བཅས་པ་དམ་བཅའ་ཡང་དག་ཏུ་སོང་བ་དེའི་ཚེ་ཕྱིར་རྒོལ་བས་དེའི་སྒྲུབ་བྱེད་དྲིས་ནས་སུན་འབྱིན་པར་རིགས་པ་ཡིན་གྱི། དམ་བཅའ་ལ་སྐྱོན་བརྗོད་ན་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་རོ། །སྒྲ་རྟག་པ་ལ་ཕྱིར་རྒོལ་བའི་ཚད་མས་བསལ་པ་ཞུགས་པའི་ཚེ་ནི་དམ་བཅའ་ལྟར་སྣང་དུ་སོང་བའི་ཕྱིར་ན། དམ་བཅའ་ལ་སྐྱོན་མ་བརྗོད་པར་སྒྲུབ་བྱེད་དྲིས་ན་ཚར་བཅད་ཀྱི་གནས་སུ་འགྱུར་རོ། །དེའི་ཕྱིར་དམ་བཅའ་ཡང་དག་ལ་ཞེན་དོན་སྤྱིར་ཚད་མས་གྲུབ་དགོས་པ་དང༌། ཁྱད་པར་རྒོལ་བ་དང་དམ་བཅའ་བ་པོའི་ཚད་མས་གྲུབ་དགོས་སོ་ཞེས་བྱ་བ་ནི་གཞུང་ན་མེད་པར་མ་ཟད་ཀྱི། གཞུང་དང་འགལ་བ་ཡིན་ཏེ། གྲུབ་ན་གྲུབ་པ་གྲུབ་པ་ཉིད། །ཅེས་བཤད་པས་གྲུབ་བྱ་བརྗོད་པའི་ཚིག་ཡིན་པའི་ཕྱིར། རྟགས་འདིའང་བསྒྲུབ་བྱ་ལྟར་སྣང་ལ་བསྒྲུབ་བྱས་ཁྱབ་པར་ཁས་བླངས་པའི་ཕྱིར་ཁྱེད་ཀྱིས་ཁས་བླངས་སོ་ཞེས་བྱ་བས་མ་ངེས་སོ། །གཉིས་པ་དེའི་རྣམ་བཅད་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚན་ཉིད་ཀྱི་ཟུར་སོ་སོས་བསལ་བྱ་སོ་སོ་སེལ་བའི་ཚུལ་དང༌། དེ་ལ་འཕྲོས་ནས་ཕྱོགས་སྐྱོན་གྱི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ལ། འོ་ན་མཚན་ཉིད་ཀྱི་ཟུར་ལྔ་པོས་བསལ་བྱ་ཅི་ཞིག་སེལ་ཞེ་ན། དེ་ལ་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ནི་གཉིས་ཏེ། རིགས་མི་མཐུན་པ་དང༌། ལོག་པར་རྟོག་པའོ། །དང་པོ་ལ་གཉིས་ཏེ། རྒོལ་བས་ཕྱོགས་སུ་མ་བཟུང་བ་དང༌། རྒོལ་བས་བཟུང་ཡང་རྒོལ་བ་གཞན་ལ་ལྟོས་ནས་ཉེས་པ་དང་འབྲེལ་བའོ། །དང་པོ་ནི། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་སྟེ། དེ་ནི་འདོད་པ་ཞེས་པའི་ཚིག་དང་དོན་གྱིས་སེལ་བར་བྱེད་དོ། །གཉིས་པ་ལ་ཡང་གཉིས་ཏེ། གྲུབ་ཟིན་པས་བསྒྲུབ་བྱ་མིན་པ་དང༌། བསལ་པ་ཞུགས་པས་བསྒྲུབ་བྱ་མིན་པའོ། །དང་པོ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་སྟེ། དེ་ནི་ངོ་བོ་ཞེས་པའི་ཚིག་དང་དོན་གྱིས་སེལ་བར་བྱེད་དོ། །གཉིས་པ་ནི། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་པ་ཞུགས་པ་སྟེ། དེ་ནི་མ་བསལ་པ་ཞེས་པའི་ཚིག་དང་དོན་གྱིས་སེལ་བར་བྱེད་དོ། །རིགས་མི་མཐུན་ནི་གསུམ་པོ་དེ་ཙམ་དུ་ངེས་པ་ཡིན་ནོ། །འོ་ན་དེར་ངེས་ན་བསྒྲུབ་བྱ་ལ་ཤེས་འདོད་མེད་པ་གང་གིས་སེལ་ཞེ་ན། དེ་ནི་རྟགས་སྐྱོན་ཡིན་གྱི་ཕྱོགས་སྐྱོན་མ་ཡིན་པས་འདིར་སེལ་མི་དགོས་སོ། །ལོ་ཙྭ་བ་ཆེན་པོ། སྒྲུབ་མི་དགོས་པ་དང༌། སྒྲུབ་མི་ནུས་པ་གཉིས་བསྒྲུབ་བྱའི་རིགས་མི་མཐུན་དུ་བཞེད་པ་ལའང་རྟགས་སྐྱོན་དང༌། ཕྱོགས་སྐྱོན་མི་འགལ་བར་ཐལ་བས་མི་རིགས་སོ། །འོ་ན་སྒྲུབ་བྱ་ལ་ཐེ་ཚོམ་དང་མི་ལྡན་པ་གང་གིས་སེལ་ཞེ་ན། གྲུབ་བསལ་མེད་པར་བསྟན་པ་ན་ཐེ་ཚོམ་དང་ལྡན་པར་གྲུབ་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ལུང་དོན་བསྒྲུབ་བྱ་ཡིན་པ་དང༌། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གང་གིས་སེལ་ཞེ་ན། དེ་གཉིས་ཀ་འདོད་པ་གཅིག་བུས་སེལ་ནུས་པ་ཡིན་ཏེ། དེ་གཉིས་ཀ་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཕྱིར། དེ་ལ་དགོངས་ནས་ཇི་སྐད་དུ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*