གཞན་འདོད་ཐམས་ཅད་བཟློག་ན་ཡང༌། །ཞེས་དང༌། ངེས་བཟུང་དོན་ནི་རྟོགས་ན་ཡང༌། །ཅེས་གསུང་ངོ༌། །གལ་ཏེ་དེས་དེ་སེལ་བར་མི་ནུས་ཏེ། འདི་ལྟར། དཔེ་རྟགས་མ་གྲུབ་པའི་མཚན་གཞི་ནི་རིག་བྱེད་པས་སངས་རྒྱས་པ་ལ། རིག་སྒྲ་མི་རྟག་པའི་སྒྲུབ་བྱེད་དྲིས་པ་ན། སངས་རྒྱས་པས་ཐོག་མར་བྱས་པ་རྟགས་སུ་བཀོད་ནས། དེའི་ཡང་སྒྲུབ་བྱེད་འདྲི་ན། སྐྱེ་ལྡན་རྟགས་སུ་བཀོད་པར་བྱའོ་སྙམ་དུ་བསམས་ནས། སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ་ན། སྒྲ་བྱས་པ་ཡིན་པ་དེ་རྟགས་མ་གྲུབ་པའི་མཚན་གཞི་ཡིན་ལ། དེ་ནི་སྔར་རྒོལ་སངས་རྒྱས་པས་དཔག་འདོད་ཀྱི་ཡུལ་དུ་བྱས་པར་གྲུབ་པའི་ཕྱིར། དེ་ལ་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཚང་བ་ཡིན་ནོ་ཞེ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པའི་དོགས་པ་ཡིན་པས་ལན་འདི་ལྟར། རང་དོན་གྱི་སྐབས་སུ་དེ་ལྟ་བུའི་གཏན་ཚིགས་མ་གྲུབ་པ་འགོད་པ་མི་སྲིད་ལ། གཞན་དོན་གྱི་སྐབས་སུ་ནི་ཇི་སྲིད་རྒོལ་བས་སྒྲུབ་བྱེད་མ་བཀོད་པ་དེ་སྲིད་དུ་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པར་འཇོག་མི་ནུས་ཏེ། ཇི་སྐད་དུ། ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱིས། །ཅི་སྟེ་རྒོལ་འདོད་ཡིན་བརྗོད་ན། །གནས་སྐབས་འགའ་ཡི་འདོད་འགྱུར་ཞིང༌། །དེ་རྟོགས་པ་ཡང་དེ་དག་གིས། །ནན་གྱིས་ཁྱོད་འདི་འདོད་ཅེས་པ། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཅེས་པའི་ལུང་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །གཉིས་པ་ལོག་པར་རྟོག་པ་སེལ་བའི་ཚུལ་ལ། འོ་ན་བསྒྲུབ་བྱའི་མཚན་ཉིད་ཀྱི་རིགས་མི་མཐུན་ཐམས་ཅད་མཚན་ཉིད་ཀྱི་ཟུར་གསུམ་པོ་དེས་སེལ་ནུས་ན། རང་ཉིད་དང་ཁོ་ན་བ་དོན་མེད་པར་འགྱུར་རོ་ཞེ་ན། དོན་མེད་པ་མ་ཡིན་ཏེ་དེ་གཉིས་ཀྱིས་ལོག་པར་རྟོག་པ་སེལ་བའི་ཕྱིར་རོ། །འདི་ལ་ལོག་པར་རྟོག་པ་སྐྱེ་བའི་གཞི་ནི། འདོད་པ་ཞེས་པའི་ཚིག་གི་དོན་ཡིན་ནོ། །ཚུལ་ཇི་ལྟར་དུ་ལོག་པར་རྟོག་ཅེ་ན། རྒོལ་བས་ངག་ཏུ་མ་བརྗོད་ཀྱང༌། དཔག་འདོད་ཀྱིས་ཡུལ་དུ་བྱས་པ་ཙམ་བསྒྲུབ་བྱ་ཡིན་ན་ཁས་བླངས་པའི་བསྟན་ཆོས་མཁན་པོའི་འདོད་པ་ཡང་བསྒྲུབ་བྱར་འགྱུར་རོ་སྙམ་པ་ནི་ལོག་པར་རྟོག་པ་དང་པོའོ། །ཡང་འདོད་པ་དང་བསྟན་བྱ་བ་ཁྱད་གཞི་དང་ཁྱད་ཆོས་སུ་འབྲེལ་བར་བཤད་པ་ལས། ལོག་པར་རྟོག་པ་གཉིས་པ་ཞིག་ཀྱང་སྐྱེ་བ་ཡིན་ཏེ། ཇི་ལྟར་སྐྱེ་ན་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང༌། ད་ལྟར་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེར་རྟགས་མ་གྲུབ་པའི་མཚན་གཞིར་བཤད་མ་ཐག་པ་དེ་ལྟ་བུ་ཡང་བསྒྲུབ་བྱ་ཡིན་ཏེ། ངག་ཏུ་བསྒྲུབ་བྱར་མ་བརྗོད་ཀྱང་ཞེ་པས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཕྱིར་དང༌། བསྒྲུབ་བྱར་བསྟན་བྱ་བ་ཡིན་པའི་ཕྱིར། བསྟན་བྱ་བ་ཡིན་པའི་ཚུལ་ཡང་སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། སྐྱེ་ལྡན་ཡིན་པའི་ཕྱིར། ཞེས་པ་རྩ་བའི་གཏན་ཚིགས་འགོད་པ་ལ་བསམས་པའོ། །དེ་ལ་ལོག་རྟོག་དང་པོ་ནི། རང་ཉིད་ཅེས་པའི་ཚིག་གིས་སེལ་བར་བྱེད་པ་ཡིན་ཏེ། ཚིག་དེས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ། སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཞིག་དགོས་པར་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ། རང་ཉིད་འདོད་པ་བསྒྲུབ་བྱ་ཞེས། །ཞེས་འབྱུང་བ་ལྟར་རང་ཉིད་འདོད་པའི་ཁྱད་ཆོས་སུ་སྦྱར་ནས་འཆད་དགོས་པའི་ཕྱིར། ལོག་པར་རྟོག་པ་གཉིས་པ་ནི། ཁོ་ན་བ་ཞེས་པའི་ཚིག་གིས་སེལ་བར་བྱེད་པ་ཡིན་ཏེ། ཚིག་དེས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ལ་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་ཞིག་དགོས་པར་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ། བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས། །ཞེས་འབྱུང་བ་ལྟར། ཁོ་ན་བ་ངོ་བོའི་ཁྱད་ཆོས་སུ་སྦྱར་ནས་འཆད་དགོས་པའི་ཕྱིར། འདིར་ཕྱི་རབས་པ་དག ཁོ་ན་བའི་རྣམ་བཅད་ལ་དེ་སྐོར་གྱི་སྒྲུབ་བྱ་ཡང་དག་ཡིན་ན་དེ་སྐོར་གྱི་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་ཞིག་དགོས་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་ནི་ལེགས་པ་མ་ཡིན་ཏེ། དེ་འདྲའི་ལོག་པར་རྟོག་པ་སྐྱེ་བའི་གཞི་མེད་པའི་ཕྱིར། དེ་བཞིན་དུ་རང་ཉིད་དང་འདོད་པ་ཞེས་པའི་ཚིག་གི་རྣམ་བཅད་ལ་ཁས་བླངས་པའི་ལུང་དོན་ཐམས་ཅད་སྦྱོར་བ་དེ་སྐོར་གྱི་བསྒྲུབ་བྱ་ཡང་དག་ཡིན་པ་སེལ། ཞེས་ཟེར་བ་ཡང་ཞིབ་ཏུ་རེ་བ་ཡིན་ཡང་ཕུགས་ཀྱི་དོན་མ་གོ་བ་ཡིན་ཏེ། རྒོལ་བ་དེས་ཁས་བླངས་པའི་ལུང་དོན་ཐམས་ཅད་སྤྱིར་རྒོལ་བ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱར་བྱེད་དགོས་སོ་ཞེས་པ་ཕྱོགས་སྔ་མ་ལ་སྣང་གི སྦྱོར་བ་དེ་སྐོར་གྱི་བསྒྲུབ་བྱར་བྱེད་དགོས་ཅེས་པ་ཕྱོགས་སྔ་མ་ལ་མི་སྣང་བའི་ཕྱིར་དང༌། གལ་ཏེ་དེ་ལྟ་མིན་ན་གཞུང་གི་རྩོད་ལན་ཐམས་ཅད་འབྲེལ་མེད་དུ་འགྱུར་བའི་ཕྱིར་རོ། །འབྲེལ་མེད་དུ་ཇི་ལྟར་འགྱུར་ཅེ་ན་འདི་ལྟར། སྒྲ་མི་རྟག་པར་སྒྲུབ་པ་ན། དྲི་སའི་ཡོན་ཏན་བཟློག་པའི་ཕྱིར། །གཏན་ཚིགས་འགལ་འགྱུར། ཞེས་ཧ་ཅང་ཐལ་བ་འཕེན་མི་དགོས་པར་འགྱུར་ཏེ། ཕྱོགས་སྔ་མས་དྲི་རྟག་པ་སའི་ཡོན་ཏན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱར་ཁས་བླངས་ཟིན་པའི་ཕྱིར། ཡང་དངོས་སྟོབས་ཡུལ་ལ་ལུང་སྒྲུབ་བྱེད་མི་འཇུག་པའི་རྒྱུ་མཚན་གྱིས། རྟག་པ་ནམ་མཁའི་ཡོན་ཏན་བྱེ་བྲག་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་མ་ཡིན་པར་བཤད་པ་ལ་འབྲེལ་པ་མེད་པར་འགྱུར་ཏེ། ཕྱོགས་སྔ་མས་ནི། བྱེ་བྲག་པས་རྟག་པ་ནམ་མཁའི་ཡོན་ཏན་དེ་བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་བསྒྲུབ་བྱར་འདོད་དོ་ཞེས་ཁས་བླངས་ཀྱི་ལུང་གིས་བསྒྲུབ་བྱར་ཁས་མ་བླངས་པའི་ཕྱིར། ཡང༌། དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། །དམ་བཅའ་བར་ནི་ཐལ་བར་འགྱུར། །ཞེས་ཧ་ཅང་ཐལ་བར་འཕེན་པ་ཡང་མི་རུང་བར་འགྱུར་ཏེ། ཕྱོགས་སྔ་མས་ལུང་དོན་དུ་གྱུར་པའི་དཔེར་རྟགས་མ་གྲུབ་པ་དེ། སྦྱོར་བ་སྐོར་ཅིག་པོ་དེའི་བསྒྲུབ་བྱར་ཁས་བླངས་ཟིན་པའི་ཕྱིར། དེས་ན་འདི་ཡིན་ཏེ། བྱེ་བྲག་པས་སྒྲ་མི་རྟག་བསྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། དཔྱོད་པ་བ་ན་རེ། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ཡང་བྱེ་བྲག་པ་ཁྱོད་ཀྱི་བསྒྲུབ་བྱར་བྱེད་དགོས་ཏེ། བྱེ་བྲག་པ་ཁྱོད་ཀྱིས་སྒྲ་རྟག་པར་སྟོན་པའི་གཟེགས་ཟན་གྱི་ལུང་ཚད་མར་ཁས་བླངས་པའི་ཕྱིར། ཁྱབ་པ་ཡོད་དེ། ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱར་བྱེད་དགོས་པའི་ཕྱིར། དེ་ལྟར་གྲུབ་པ་ན། བྱས་པ་དེ་གཏན་ཚིགས་སྐྱོན་ཅན་ཡིན་ཏེ། གཏན་ཚིགས་འགོད་མཁན་གྱི་རྒོལ་བ་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་གནོད་པའི་ཕྱིར། དེའི་ཚེ་སྒྲ་མི་རྟག་པ་དེ་བསྒྲུབ་བྱ་སྐྱོན་ཅན་ཡིན་ཏེ། ཁས་བླངས་པའི་ལུང་གིས་གནོད་པའི་ཕྱིར། ཞེས་པ་ནི་ཕྱོགས་སྔའི་བསམ་པའོ། །དེ་འགོག་བྱེད་ཀྱི་རིགས་པ་ནི། བྱས་པས་དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པའི་ཆ་ནས་ཀྱང་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སྐྱོན་ཅན་དུ་ཐལ། བྱས་པས་དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པའི་ཆ་ནས། རྒོལ་བ་རང་གི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། འདོད་མི་ནུས་ཏེ། དྲི་རྟག་པ་དེ་བྱེ་བྲག་པས་སྒྲ་མི་རྟག་པར་སྒྲུབ་པའི་འདོད་ཕུགས་ཀྱི་ལས་མ་ཡིན། ཁས་བླངས་པའི་གྲུབ་མཐའ་མ་ཡིན་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར། ཞེས་པ་དང༌། ཡང་སྒྲ་རྟག་སྟོན་གྱི་ལུང་ཁས་བླངས་ཀྱང༌། དེས་སྒྲ་རྟག་པར་སྒྲུབ་ནུས་པ་དང༌། སྒྲ་མི་རྟག་པ་ལ་གནོད་བྱེད་པ་མ་ཡིན་ཏེ། དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་ལུང་གནོད་སྒྲུབ་ཀྱི་ཡན་ལག་མ་ཡིན་པའི་ཕྱིར། མདོར་ན་བྱེ་བྲག་པས་ཁས་བླངས་པའི་དྲི་རྟག་པ་སའི་ཡོན་ཏན་དུ་སྟོན་པའི་ལུང་གིས། སྒྲ་མི་རྟག་པ་ལ་གནོད་པར་ཐལ། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་སྟོན་པའི་ལུང་གིས་སྒྲ་མི་རྟག་པ་ལ་གནོད་པ་གང་ཞིག ལུང་དོན་དེ་གཉིས་ཀ་རྒོལ་བ་དེའི་སྤྱིར་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པར་ནི་མཚུངས། གཉིས་ཀ་དེ་སྐོར་གྱི་བསྒྲུབ་བྱ་མ་ཡིན་པར་ནི་མཚུངས་པའི་ཕྱིར། དེས་ན། ཆོས་ཅན་གཅིག་ལ་བསྟན་ཆོས་ལས། །ཞེས་དང༌། ཆོས་ཅན་ཆོས་སོགས་ཞེས་པའི་ནུས་པས་རྟག་པ་ནམ་མཁའི་ཡོན་ཏན་དེ། སྦྱོར་བ་དེ་སྐོར་གྱི་བསྒྲུབ་བྱ་ཡིན་པར་ཕ་རོལ་པོས་ཁས་བླངས་ཀྱི། ལུང་དོན་ཐམས་ཅད་དེར་ཁས་བླངས་པ་མེད་དོ། །ཡང་ཐམས་ཅད་བཟུང་ཞེས་དང༌། བསྟན་ཆོས་མཐོང་བ་མ་ལུས་སྒྲུབ་ཅེས་པའི་ནུས་པས་ཁས་བླངས་པའི་ལུང་དོན་ཐམས་ཅད། རྒོལ་བ་དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པར་ཁས་བླངས་སོ་ཞེས། སྒྲ་མི་ནས། མཚུངས་ཀྱི་བར་རོ། །གལ་ཏེ་མི་མཚུངས་ཏེ། རྟག་པ་ནམ་མཁའི་ཡོན་ཏན་དེ་སྐོར་གྱི་བསྒྲུབ་བྱ་ཡིན་ལ། ཅིག་ཤོས་མ་ཡིན་པའི་ཕྱིར་ཞེ་ན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ཆོས་ཅན། དེ་སྐོར་གྱི་བསྒྲུབ་བྱ་མ་ཡིན་ཏེ། དེ་སྐོར་གྱི་རྒོལ་བས་ཁྱོད་ལ་སྒྲུབ་བྱེད་མ་བཀོད་པའི་ཕྱིར། ཞེས་ཆོས་ཅན་ཆོས་སོགས་ནས། དབང་ཕྱུག་སྤྱོད་པ་ཡིན་གྱི་བར་རོ། །ཡང་དཔེ་རྟགས་མ་གྲུབ་པ་དམ་བཅའ་ཐལ་བའི་ཚུལ་ནི། སྒྲ་བྱས་པར་སྟོན་པའི་ལུང་དོན་ཁས་བླངས་ནས། རིག་བྱེད་པའི་ངོར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་སྒྲ་བྱས་པ་ཡིན་པ་དེ་ཆོས་ཅན། བསྒྲུབ་བྱར་ཐལ། ཁས་བླངས་པའི་ལུང་དོན་ཡིན་པའི་ཕྱིར། འདོད་ན་དེ་ལྟར་བརྗོད་པའི་ཚིག་ཆོས་ཅན། དམ་བཅར་ཐལ། བསྒྲུབ་བྱ་བརྗོད་པའི་ཚིག་ཡིན་པའི་ཕྱིར། ཞེས་འཕེན་པ་ཡིན་ནོ། །དེ་ལྟར་ཞར་ལས་བྱུང་བའི་དོན་བརྗོད་ནས། དཀྱུས་མ་ཉིད་བཤད་པ་ནི། དེ་ལྟ་མོད་ཀྱིས་རིགས་མི་མཐུན་སེལ་པའི་མཚན་ཉིད་ཀྱི་ཟུར་གསུམ་གྱི་རྣམ་བཅད་འཆད་པ་ན། སྦྱོར་བ་དེ་སྐོར་གྱི་ཞེས་སམ། དེ་སྒྲུབ་ཀྱི་ཞེས་སྦྱར་བ་ལ་སྐྱོན་མེད་ཅིང་ཡོན་ཏན་དང་བཅས་པ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། རིགས་སྒོ་ནས་བཤད་པའི་མཚན་ཉིད་འཆད་ཚུལ་ལྟར་ན་ལོག་པར་རྟོག་པ་གཉིས་པ་སྐྱེ་བའི་གཞི་མེད་པས། དེ་སེལ་མི་དགོས་ལ། ལོག་པར་རྟོག་པ་དང་པོ་སྐྱེ་བའི་གཞི་ཡོད་ཀྱང༌། དེ་སེལ་བྱེད་རང་སྒྲ་མི་སྨོས་པའི་རྒྱུ་མཚན་ཅི་ཡིན་སྙམ་པའི་དོགས་པ་འདི་གཉིས་སྐྱེ་བ་རྟོགས་ལྡན་ལ་འབྱུང་བས་སེལ་དགོས་པ་ཡིན་ནོ། །དེ་སེལ་བའི་ཚུལ་ཇི་ལྟར་ན། རིགས་པའི་སྒོར་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་རང་སྒྲ་མ་སྨོས་ཀྱང༌། མཚན་ཉིད་སྐྱོན་དང་བཅས་པ་མ་ཡིན་ཏེ། དེར་བསྒྲུབ་བྱའི་མཚན་ཉིད་འཆད་པ་ན་ངོ་བོ་དང༌། འདོད་པ་དང་མ་བསལ་བ་གསུམ་གསུངས་དེས་བསྒྲུབ་བྱའི་མཚན་ཉིད་ཀྱི་རིགས་མི་མཐུན་མཐའ་དག་སེལ་བར་ནུས་ཤིང༌། དེ་ཙམ་གྱིས་མཚན་ཉིད་སྐྱོན་མེད་དུ་འགྲུབ་པའི་ཕྱིར། འོ་ན་རིགས་སྒོར་ཡང༌། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཕྱོགས་ཡིན་ནོ། །ཞེས་ཁོ་ན་བའི་དོན་བཤད་པ་མ་ཡིན་ནམ་ཞེ་ན། དེར་ཉིད་ཅེས་པ་རྣམ་གཅོད་ཀྱི་ཚིག་མ་ཡིན་ཏེ། དངོས་པོའི་རྐྱེན་ཡིན་པའི་ཕྱིར། དེ་ཡང་དཔེར་ན། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ཞེས་དང༌། འཇིག་ལ་འབྲས་དང་ཡོད་ཉིད་བཞིན། །ཞེས་བཤད་པ་ལྟར་རོ། །དེ་ལྟར་སྒྲུབ་པ་ན་མཚན་ཉིད་ཀྱི་ཟུར་ལྔ་ལྡན་དུ་བཤད་པ་ཀུན་ལས་བཏུས་ལྟར་ན། རང་ཉིད་དང༌། ཚིག་ཕྲད་དང༌། ངོ་བོ་དང༌། མ་བསལ་བ་དང༌། འདོད་པའི་ཕྱོགས་གཅིག་སྟེ་ཕྱེད་དང་ལྔས། ཁྱབ་ཆེས་པའི་སྐྱོན་སེལ་བར་བྱེད་པ་ཡིན་ཏེ། རང་ཉིད་འདོད་པ་ལ་སྦྱར་བས་ལུང་དོན་དང་ངོ་བོས་གྲུབ་ཟིན་པ་དང༌། ཁོ་ན་བས་སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། མ་བསལ་བས་བསལ་བ་ཞུགས་པ་རྣམས་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར། ཁོ་ན་བའི་ཕྱོགས་གཅིག་དང་འདོད་པ་ཞེས་པའི་ཚིག་གིས་ནི་མ་ཁྱབ་པ་སེལ་བར་བྱེད་དེ། རྒོལ་བས་ངག་ཏུ་དངོས་སུ་མ་བརྗོད་ན་ཡང༌། ཞེས་པ་དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང༌། སྒྲུབ་བྱེད་དུ་བཀོད་པ་མ་ཡིན་པ་འགའ་ཞིག་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར་རོ། །མཚན་ཉིད་ཀྱི་ཟུར་གསུམ་ལྡན་དུ་བཤད་པ་རིགས་པའི་སྒོ་ལྟར་ན། ངོ་བོ་དང་མ་བསལ་བས་ནི་ཁྱབ་ཆེས་པ་ཁོ་ན་སེལ། འདོད་སྒྲས་ནི་མ་ཁྱབ་པ་དང་ཁྱབ་ཆེས་པ་གཉིས་ཀ་སེལ་བ་ཡིན་ཏེ། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་རྣམས་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར་དང༌། དཔག་འདོད་ཀྱི་ཡུལ་དུ་བྱས་ཤིང་ངག་ཏུ་མ་བརྗོད་པའི་དོན་འགའ་ཞིག་སྒྲུབ་བྱ་མ་ཡིན་པ་སེལ་བའི་ཕྱིར། དེ་ལྟར་ཤེས་པ་ན་རང་ཉིད་དང་འདོད་པའི་ཁྱད་པར་ཡང་གྲུབ་སྟེ། འདོད་སྒྲ་དང་མ་འབྲེལ་བའི་རང་སྒྲ་རྐྱང་པས་འདིར་ཉེ་བར་འཁོར་བའི་བརྗོད་བྱའི་དོན་མི་སྟོན་ལ། འདོད་སྒྲ་དང་སྦྲེལ་བའི་ཚེ་ན་ཁྱབ་ཆེས་པ་ཁོ་ན་སེལ་བ་ཡིན་ཏེ། ལུང་དོན་བསྒྲུབ་བྱ་ཡིན་པ་སེལ་བའི་ཕྱིར། རང་སྒྲ་དང་འབྲེལ་ལམ་མ་འབྲེལ་ཀྱང་རུང་འདོད་པ་ཞེས་པའི་སྒྲ་ནི་མ་ཁྱབ་པ་སེལ་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ། འདོད་སྒྲས་མ་ཁྱབ་སེལ་བར་བྱེད། །ཅེས་གསུངས་པའི་ཕྱིར། ཡང་ན་ནི་རང་སྒྲ་དང་འབྲེལ་བའི་འདོད་སྒྲས་མ་ཁྱབ་པ་སེལ། འདོད་སྒྲ་དང་འབྲེལ་བའི་རང་སྒྲས་ཁྱབ་ཆེས་པ་སེལ་ཞེས་བཤད་པར་བྱའོ། །དེ་དག་གིས་རྣམ་བཅད་དང་ཡོངས་གཅོད་ཀྱི་དོན་རྒྱས་པར་བཤད་ནས། ད་ནི་སྐབས་འདིར་ཉེ་བར་མཁོ་བའི་དོན་གཉིས་བཤད་པར་བྱ་སྟེ། དཔེ་རྟགས་མ་གྲུབ་པའི་མཚན་གཞི་དང༌། འདོད་རྐྱེན་ཡན་ལག་ཡིན་མིན་གྱི་དོན་བཤད་པའོ། །དང་པོ་ནི་ཕྱི་རབས་པ་དག་བསྒྲུབ་བྱ་ཡང་དག་ཡིན་ན་ཡོད་པས་ཁྱབ་པར་འདོད་བཞིན་དུ་སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ཞེས་པ་སྐབས་འདིའི་དཔེ་རྟགས་མ་གྲུབ་པའི་མཚན་གཞིར་བྱེད་པ་ནི་མི་རུང་སྟེ། འདི་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་གཞིར་གྱུར་པའི་དཔེ་རྟགས་མ་གྲུབ་པ་དེ་ལ་ནི། མ་འོངས་པ་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་རོ་ཞེས་པ་གཅིག་དགོས་ལ། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་སོགས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་ཁྱེད་ཀྱི་ལུགས་ལ་མི་སྲིད་པའི་ཕྱིར། དེས་ན་འདི་ཡིན་ཏེ། སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་ཤིང༌། སྒྲ་བུམ་གཉིས་ཀ་བྱས་པར་མི་ཤེས་པའི་ཕྱིར་རྒོལ་རིག་བྱེད་པ་དང༌། གྲངས་ཅན་ལྟ་བུའི་ངོར་དེ་གཉིས་བྱས་པ་ཡིན་པ་དེ་ཕྱིས་བསྒྲུབ་པར་བྱའོ་སྙམ་དུ་བསམས་ནས། ཐོག་མར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པའི་ཚེ་ན། སྒྲས་བྱས་པ་ཡིན་པ་དེ་རིག་བྱེད་པའི་ངོར་རྟགས་མ་གྲུབ་པའི་མཚན་གཞི་དང༌། བུམ་པ་བྱས་པ་ཡིན་པ་དེ་གྲངས་ཅན་གྱི་ངོར་དཔེ་མ་གྲུབ་པའི་མཚན་གཞིར་སློབ་དཔོན་ཆོས་མཆོག་གིས་གསུངས་སོ། །མདོའི་རང་འགྲེལ་དུ། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དང༌། བློ་རྟག་པ་ཡིན་པ་དེ་དཔེ་རྟགས་མ་གྲུབ་མཚན་གཞི་དང་བསྒྲུབ་བྱར་བསྟན་བྱ་བ་ཡིན་པར་གསུངས་པ་ལྟར་ན། འདི་ལྟར་བྱ་སྟེ། དེ་གཉིས་བསྒྲུབ་བྱར་བསྟན་བྱ་བ་ཡིན་ཏེ། དེ་གཉིས་མ་འོངས་པ་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་དུ་རུང་བའི་ཕྱིར། ཇི་ལྟར་རུང་ཞེ་ན། སྒྲ་མིག་ཤེས་ཀྱི་གཟུང་བྱར་སྒྲུབ་པ་ལ། འབྱུང་བ་ལས་གྱུར་པ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ངོར། སྒྲ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་ཡིན་ཏེ། འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་ཞེས་བཀོད་པ་དང༌། བློ་རྟག་པར་གྲུབ་པ་ལ་གཞལ་བྱ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བའི་ངོར། བློ་ཆོས་ཅན། རྟག་སྟེ་གཞལ་བྱ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ་ན། སྒྲ་མིག་ཤེས་ཀྱིས་བཟུང་བྱ་ཡིན་པ་དང༌། བློ་རྟག་པ་ཡིན་པ་ཆོས་ཅན་གཞན་དོན་གྱི་བསྒྲུབ་བྱ་ཡང་དག་ཡིན་ཏེ། གཞན་དོན་སྐབས་ཀྱི་རྒོལ་བ་དེ་དང་དེའི་ངོར། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ནོ་ཞེས་བྱ་བའི་ལུང་དང་རིགས་པ་འདིས་ཀྱང༌། སྔར་བཤད་པའི་རང་གི་འདོད་པ་དེ་ལེགས་པར་གྲུབ་པ་ཡིན་ནོ། །འཆད་ཚུལ་འདི་ལས་གཞན་དུ་ན། །བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །ཞེས་པའི་གཞུང་གི་དོན་ཇི་ལྟར་འཆད་བསམ་དགོས་པ་ཡིན་ནོ། །ཅི་སྟེ་ཤེས་བྱེད་སྐབས་ཀྱི་ཕྱིར་རྒོལ་གྱི་ཚད་མས་མ་གྲུབ་པའི་ཕྱིར་ཞེས་བཀོད་པས་ཆོག་པ་ཡིན་ནོ། །སྙམ་ན་དེ་ལྟར་གཞི་མ་གྲུབ་པ་ལ་བློ་རྩེ་གཏད་པར་སོང་བས་རིགས་པ་མ་ཡིན་ཏེ། གཞན་དུ་རི་བོང་ལ་རྭ་ལ་སོགས། །མ་གྲུབ་ཀུན་ཀྱང་བསྒྲུབ་བྱར་འགྱུར། །ཅེས་པའི་གཞུང་གི་ཕྱོགས་སྔ་མ་ཁས་བླངས་པར་འགྱུར་བའི་ཕྱིར། དེས་ན་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་ཞེས་པ་ནི། དོན་གང་ལ་སྒྲུབ་བྱེད་འགོད་པ་སྐབས་སུ་བབ་ཅིང་རྒོལ་བ་དེའི་བློ་ངོར་མ་གྲུབ་པ་ཐམས་ཅད་ལ་བྱ་བ་ཡིན་ནོ། །དེ་ལའང་གཉིས་ཏེ། བསྒྲུབ་བྱར་གཟུང་བཞིན་པ་གཅིག་དང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་གཅིག་གོ །དང་པོ་ནི། བསྒྲུབ་བྱ་ཡང་དག་ཡིན་ལ། གཉིས་པ་ནི། དེ་ལྟ་བསྒྲུབ་བྱ་ཡང་དག་མ་ཡིན་ཡང༌། ཕྱིར་རྒོལ་བས་དཔེ་རྟགས་མ་གྲུབ་པར་སྨྲས་པ་ན། སྔར་རྒོལ་གྱིས་དཔེ་དང་རྟགས་མ་གྲུབ་པ་བསྒྲུབ་བྱར་དངོས་སུ་བསྟན་ནས། སྒྲུབ་བྱེད་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་བཀོད་པ་དེའི་ཚེ་ན་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་ཡིན་ནོ། །དོན་དེ་ལ་བསམས་ནས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་དུ་རང་གི་དཔེ་རྟགས་མ་གྲུབ་པ་ཞེས་བྱའོ། །གཉིས་པ་འདོད་རྐྱེན་ཡན་ལག་ཡིན་མིན་བཤད་པ་ལ། འོ་ན་ཀུན་ལས་བཏུས་སུ་འདོད་རྐྱེན་ཡན་ལག་མ་ཡིན་ལ། རིགས་སྒོར་འདོད་རྐྱེན་ཡན་ལག་ཡིན་པར་གསུངས་པ་དེའི་ཁྱད་པར་གང་ཞེ་ན། གཞུང་དུ་ནི་བསྟན་བྱ་བ་དང་མ་འབྲེལ་བའི་ཕྱིར་ཞེས་གསུངས་ལ། དེའི་དགོངས་པ་གང་ཡིན་དཔྱད་ན། འདི་ལ་དོན་གོ་བདེ་བར་བཤད་པ་དང༌། ཚིག་སྒྲ་དང་མཐུན་པར་བཤད་པའོ། །དང་པོ་ནི། བདག་ཉིད་ཆེན་པོའི་གཞུང་གཉིས་ཀྱི་བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཟུར་གྱི་འདོད་པ་ཞེས་པའི་ཚིག་གཉིས་པོ་དེ་ལ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་མི་ནུས་ཀྱི་ཁྱད་པར་ཀུན་ལས་བཏུས་ཀྱི་འདོད་པ་ཞེས་པའི་ཚིག་གིས་དོན་གང་ལ་རྒོལ་བས་བསམས་པས་དཔག་འདོད་ཡུལ་དུ་བྱས་པ་ཙམ་ཞིག་བསྟན་གྱི། དོན་གང་ལ་རྒོལ་བའི་སྦྱོར་བས་སྒྲུབ་བྱེད་མ་བཀོད་པ་དེ་མཚོན་མི་ནུས། རིགས་སྒོའི་འདོད་པ་ཞེས་པའི་ཚིག་གིས་དེ་མཚོན་ནུས་པའི་ཕྱིར། དང་པོས་དེ་མི་ནུས་པ་ཡིན་ཏེ། འདོད་པ་ཞེས་པའི་སྤྱིར་བཏང་གི་ཚིག་ལ་བསྟན་པར་བྱ་ཞེས་པའི་དམིགས་བསལ་གྱི་ཚིག་བྱུང་བའི་ཕྱིར། གཉིས་པས་དེ་ནུས་པ་ཡིན་ཏེ། དེ་ལ་བསྟན་བྱ་བ་ཞེས་པའི་དམིགས་བསལ་གྱི་ཚིག་དང་མ་འབྲེལ་བས་མ་འོངས་པ་ན་བསྒྲུབ་བྱར་བསྟན་པས་ཆོག་སྙམ་པའི་དོགས་པ་མི་སྐྱེ་བའི་ཕྱིར་རོ། །འོ་ན་གཞུང་དེ་གཉིས་སུ་བསྟན་བྱ་བ་འབྱུང་མི་འབྱུང་གི་ཁྱད་པར་འོང་བ་ཅི་ཞེ་ན། བསྟན་བྱ་བ་དང་ཕྱོགས་གཉིས་པོ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ཀུན་ལས་བཏུས་པར་བསྟན་བྱ་བ་ཞེས་པ་མཚོན་བྱ་དང༌། རིགས་སྒོར་མ་བསལ་བ་ནི་ཕྱོགས་ཡིན་ནོ་ཞེས་ཕྱོགས་ཀྱི་སྒྲས་མཚོན་བྱ་བསྟན་པ་ཡིན་པའི་ཕྱིར། འོ་ན། ཕྱོགས་མཚན་ཉིད་པ་ཡིན་ན་བསྒྲུབ་བྱ་ཡིན་པས་ཁྱབ་མོད། བསྟན་བྱ་བ་ཡིན་ན་དེ་ཡིན་པས་ཁྱབ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ལ་ནི་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པས་མ་ངེས་པའི་ཕྱིར། འོ་ན་འཁྲུལ་གཞི་དེ་ལྟར་ཡོད་བཞིན་དུ་བསྟན་བྱ་བའི་མིང་གིས་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ཇི་སྐད་དུ་མདོར། དེ་ལ་དཔག་བྱ་བསྟན་པ་ནི། །གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་ཕྱོགས་བསྟན་པ་དེ་རྟགས་ཀྱི་ནུས་ཡུལ་དུ་བསྟན་པ་ཡིན་གྱི། སྒྲུབ་བྱེད་ཀྱི་ཡན་ལག་ཏུ་བསྟན་པ་མ་ཡིན་ནོ་ཞེས་བཤད་ནས། ཡང་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་བསྟན་པར་བྱ་བ་ཡིན་དུ་ཆུག་ན་ཡང༌། མ་བསལ་ལ་སོགས་པའི་ཆོས་ལྔ་ཚང་བ་ཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར། བསྒྲུབ་བྱ་ལ་བསྟན་བྱ་བའི་སྒྲས་བསྟན་པ་ཡིན་ནོ་ཞེས་རྣམ་པར་ངེས་པ་ལས་གསུངས་སོ། །གཉིས་པ་ཚིག་སྒྲ་དང་མཐུན་པར་བཤད་པ་ལ། བདག་ཉིད་ཆེན་པོའི་གཞུང་གཉིས་སུ། འདོད་རྐྱེན་ཡན་ལག་ཡིན་མིན་གྱི་ཁྱད་པར་གསུངས་པ་ནི་རྐྱེན་གང་དང་གང་ཡིན་པ་དེ་ཡོད་པ་དང་མེད་པའི་ཁྱད་པར་ལ་བྱ་བ་ནི་ཡིན་ཏེ། གཞུང་གཉིས་ཅར་དུ། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་དུ་འབྱུང་བའི་འདོད་པ་ཞེས་པའི་སྐད་ཀྱི་བྱིངས་ལ། རྐྱེན་བྱིན་ནས་མིང་དུ་སྒྲུབ་པའི་ཚུལ་དང༌། མིང་དུ་གྲུབ་ཟིན་ནས་རིགས་མི་མཐུན་སེལ་བའི་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར། འོ་ན། བྱིངས་ནི་གང༌། དེ་ལ་རྐྱེན་དུ་ཅི་ཞིག་སྟེར། དེ་ལས་མིང་དུ་སྒྲུབ་པ་ནི་གང༌། དེས་རིགས་མི་མཐུན་སེལ་བའི་ཁྱད་པར་ནི་ཇི་ལྟ་བུ། རིགས་མི་མཐུན་སེལ་བ་ལ་ཁྱད་པར་མེད་ན་ཡན་ལག་ཡིན་མིན་གྱི་ཁྱད་པར་ཅི་ལ་བྱ་ཞེ་ན། དང་པོ་ནི། ཨི་ཥུ། ཞེས་པ་སྟེ། བྱིངས་ཀྱི་མདོ་ལས། ཨི་ཥུ་འདོད་པ་ལའོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཏི་སོགས་ཀྱི་རྐྱེན་གྱི་ནང་ན། སྤྱིར་མིང༌། ནེཥྛ་ཞེས་པ་ལ། བྱེ་བྲག ཀཱ་ཏྭ་དང༌། ཀཱ་ཏྭ་ཝནྟུ་ཞེས་བྱ་བ་རྣམ་པ་གཉིས་ཡོད་པ་ལས་འདིར་དང་པོ་རྐྱེན་དུ་སྟེར་བ་ཡིན་ཏེ། འདོད་པར་གྱུར་ཟིན་པ་ཞེས་པའི་མིང་སྒྲུབ་པའི་རྐྱེན་ཡིན་པའི་ཕྱིར། གསུམ་པ་ནི། བྱིངས་དང་རྐྱེན་དེ་ལ་ཡི་གེ་ཕྱིས་བསྣན་གྱི་དབང་གིས། ཨིཥྛ་ཞེས་བྱ་བ་གྲུབ་ལ། དེ་ནི་བོད་སྐད་དུ། འདོད་པར་གྱུར་ཟིན་པ་ཞེས་བྱ་བ་ཡིན་ནོ། །བཞི་པ་ནི། ཚིག་དེས་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་སེལ་བ་ལ་ཁྱད་པར་མེད་དོ། །དཔག་འདོད་ཀྱི་ཡུལ་དུ་བྱས་ཚུལ་ལ་གཉིས་ཏེ། བསམས་པ་རྐྱང་པས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དང༌། སྦྱོར་བས་སྒྲུབ་བྱེད་དེ་དཔག་འདོད་ཀྱི་ཡུལ་དུ་བྱས་པའོ། །སྐབས་འདིར་གཉིས་པ་གཙོ་ཆེ་བ་ཡིན་ཏེ། ཇི་སྲིད་སྒྲུབ་བྱེད་མ་བཀོད་པ་དེ་སྲིད་དུ། དཔག་འདོད་ཡོད་པ་ངེས་པར་མི་རྟོགས་པའི་ཕྱིར་ཏེ། ཇི་སྐད་དུ། གནས་སྐབས་འགའི་འདོད་འགྱུར་ཞིང༌། །ཞེས་གསུངས་པས་སོ། །འོན་ཀྱང་དཔག་འདོད་དངོས་ནི་སྔ་མ་དེ་ཉིད་ཡིན་ལ། འདིར་འབྲས་བུ་ལ་དེའི་མིང་གིས་བཏགས་པའོ། །འོན་ཀྱང་ཇི་སྲིད་དུ་བ་ཡོད་པར་མ་ཤེས་པ་དེ་སྲིད་གཞི་འགའ་ཞིག་ཏུ་མེ་ཡོད་པར་བཞག་མི་ནུས་པ་དེ་བཞིན་དུ། འདིར་ཡང་དོན་གང་ལ་སྒྲུབ་བྱེད་མ་བཀོད་པ་དེ་སྲིད་དུ། དོན་དེ་ལ་དཔག་འདོད་ཡོད་པར་མི་ཤེས་ཤིང༌། དེ་མ་ཤེས་པ་དེ་སྲིད་དུ་དོན་དེ་བསྒྲུབ་བྱར་བཞག་མི་ནུས་པའི་ཕྱིར། འདོད་གྱུར་ཞེས་པའི་ཚིག་གིས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་དུ་རུང་གི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་སེལ་ནུས་པ་ལ་ཁྱད་པར་མེད་དོ། །ལྔ་པ་ནི། འོ་ན་ཁོ་ན་བ་ཞེས་པའི་ཚིག་གི་དོན་མེད་དོ་ཞེ་ན་འདི་ལ་རང་གི་བསམ་པ་བརྗོད་པ་དང༌། སློབ་དཔོན་ཆོས་མཆོག་གི་ལུགས་མི་འཐད་པར་བསྟན་པ། རྔོག་ལོའི་བཞེད་པ་རིགས་གཏེར་དང་མཐུན་པའོ། །དང་པོ་ནི། དེ་ལྟ་མོད་ཀྱི་ཀུན་ལས་བཏུས་པར། འདོད་པ་ཞེས་པའི་ཚིག་གིས་དེ་ལྟ་བུ་དེ་དོན་ལ་བསྒྲུབ་བྱ་ཡིན་པ་བཅད་ཀྱང༌། དེ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་གནས་ཡོད་པ་ཡིན་ཏེ། དེར་འདོད་པ་དང་བསྟན་བྱ་བ་གཉིས་ཁྱད་གཞི་དང་ཁྱད་ཆོས་སུ་འབྲེལ་བའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་དེ་དང་དེ་འབྲེལ་བ་ན། སྡེབ་སྦྱོར་གྱི་དབང་གིས་གྱུར་པ་ཞེས་པའི་སྐད་དོད། ཀཱ་ཏྭ་ཝ་ཞེས་པ་དེ་ཕྱིས་ནས་མི་མངོན་པར་བྱས་ལ། དེ་ལྟར་བྱས་པའི་ཚེ་ན། ཨིཥྛ་ཞེས་པས་འདོད་པ་ཙམ་ལས་མི་གོ་ལ། དེ་ནི་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་ལའང་ཡོད་པའི་ཕྱིར། དེ་ཡང་དཔག་འདོད་ཀྱི་ཡུལ་དུ་བྱས་ཟིན་པར་འཇོག་པ་ལ། དོན་དེ་ལ་སྒྲུབ་བྱེད་བཀོད་པ་གཅིག་དགོས་ཀྱང༌། དཔག་འདོད་ཀྱི་ཡུལ་དུ་བྱེད་པར་འགྱུར་བ་ལ། དེ་མི་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དཔེར་ན་མངོན་པར་རྟོགས་པའི་རྒྱན་དུ། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་འོང་རྒྱུ་ཡིན་པ་ལ་སྡེ་སྦྱོར་གྱི་དབང་གིས་ཉིད་ཅེས་བྱ་བའི་སྐད་དོད། ཏ་མི་མངོན་པར་བྱས་པ་ཡིན་ནོ་ཞེས་འཕགས་སེང་གཉིས་ཀྱི་བཞེད་པ་བཞིན་ནོ། །གཉིས་པ་ནི། རྒྱལ་རྔ་བདུན་པ་ཆོས་མཆོག་ནི། བསྟན་བྱ་བ་དང་འབྲེལ་བ་ན་འདོད་གྱུར་གྱི་ནུས་པ་བཅོམ་ནས། འདོད་འགྱུར་དུ་སོང༌། དེར་སོང་བ་ན་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་དུ་ནི་དོགས་པ་སྐྱེ་བས་དེ་བསལ་བའི་ཕྱིར་དུ་ཁོ་ན་བ་ཞེས་པའི་ཚིག་སྨོས་པ་ཡིན་ནོ་ཞེས་གསུང༌། འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་དེས་ཁོ་ན་བ་ཞེས་པའི་ཚིག་གི་ནུས་པ་ཡང་འཇོམས་ནུས་པར་འགྱུར་ཏེ། དེ་ཡང་བསྟན་བྱ་བ་དང་འབྲེལ་བའི་ཕྱིར། གཞན་ཡང་ཁྱེད་ཀྱི་འདོད་པ་ལྟར་ན། བསྒྲུབ་བྱ་ཡང་དག་ཡིན་ན་བསྒྲུབ་བྱ་ཁོ་ནར་བསྟན་བྱ་བ་ཡིན་དགོས་པར་འགྱུར་ལ། དེ་ལྟར་ན་ཐོག་མར་སྐྱེ་ལྡན་གྱི་རྟགས་ཀྱིས་སྒྲ་བྱས་པར་བསྒྲུབས་ནས། དེའི་འོག་ཏུ་སྒྲ་མི་རྟག་པའི་སྒྲུབ་བྱེད་འགོད་པར་བསམ་པ་དེའི་ཚེ། སྒྲ་དང་བྱས་པའི་ཚོགས་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་པར་མི་ནུས་ཏེ། སྒྲུབ་བྱེད་དུ་བསྟན་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྔོག་ལོ་ཆེན་པོས་ཆོས་མཆོག་ལ་བརྗོད་པའོ། །གསུམ་པ་ནི། རིགས་པའི་གཏེར་གྱི་དགོངས་པ་ལ་རྐྱེན་ནེཥྛ་ཆོས་ཅན། ཀུན་ལས་བཏུས་སུ་ཁྱོད་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཀྱི་ཡན་ལག་མ་ཡིན་ཏེ། མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དེ་མ་གྲུབ་པ་ལ། ཀུན་ལས་བཏུས་སུ་ཁྱོད་ཀྱི་དོན་ཚང་བའི་ཕྱིར་ཏེ། དེ་འདྲ་དེ་བསྒྲུབ་བྱར་བསྟན་བྱ་བ་ཡིན་པའི་ཕྱིར། རིགས་པའི་སྒོར་ཁྱོད་ཀྱིས་དེ་གཅོད་ནུས་པ་ཡིན་ཏེ། དེ་ལ་རིགས་སྒོར་བསྟན་པའི་ཁྱོད་ཀྱི་དོན་མ་ཚང་བའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲ་དེ་བསྒྲུབ་བྱ་ཁོ་ནར་བསྟན་བྱ་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཕྱོགས་སྐྱོན་གྱི་རྣམ་གཞག་ལ། ཕྱོགས་སྐྱོན་སྤྱིར་བསྟན་པ་དང༌། བསལ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་དངོས་དང༌། དེ་ལ་འཕྲོས་ནས་རྟགས་སྐྱོན་བཤད་པའོ། །དང་པོ་ལ་མཚན་ཉིད། མཚན་གཞིའི་དབྱེ་བ། བསལ་བྱ་སེལ་བའི་ཚུལ། དེ་ཉིད་གཞུང་དང་སྦྱར་བའོ། །དང་པོ་ནི། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་དེ་ཕྱོགས་སྐྱོན་གྱི་མཚན་ཉིད། གཉིས་པ་ལ། མཚན་ཉིད་ཀྱི་ཟུར་ལྔ་ཡོད་པའི་དབྱེ་བས་ལྔའོ། །སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་དང༌། སྒྲུབ་བྱེད་བཀོད་བཞིན་པ་དང༌། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དང༌། སྤྱིར་ཁས་བླངས་པའི་ལུང་དོན་ཡིན་པའི་ཆ་དང༌། སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་རྣམས་སོ། །ཡང་ན་རིགས་མི་མཐུན་གྱི་སྐྱོན་གསུམ་དང༌། ལོག་པར་རྟོག་པའི་སྐྱོན་གཉིས་སོ། །གཉིས་པ་གཉིས་ནི་ལུང་དོན་སྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་དང༌། སྒྲུབ་བྱེད་དུ་བཀོད་བཞིན་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པའོ། །དེ་རེ་རེ་ལ་ཡང༌། དངོས་ཀྱི་བསལ་བྱ་དང༌། རྒྱུད་པའི་བསལ་བྱ་གཉིས་གཉིས་སུ་ཕྱེའོ། །དང་པོ་ནི། སྒྲ་མི་རྟག་པར་དམ་བཅས་པའི་ཚེ་ན། སྒྲ་མི་རྟག་པ་དེ་ལ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་ལ་སོགས་པ་ལོག་ཕྱོགས་ལྔ་པ་གང་རུང་ཞུགས་པའོ། །གཉིས་པ་ནི། སྒྲ་རྟག་པའམ། མི་རྟག་པར་དམ་བཅས་པའི་ཚེ། དེ་དང་དེ་གྲུབ་ཟིན་པ་དང༌། ཚད་མས་བསལ་པ་སོགས་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའོ། །དང་པོ་དངོས་ཀྱི་བསལ་བྱ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་བྱ་ཡང་དག་ཏུ་འཇོག་པ་དེའི་ཚེ། དེ་ལ་ངོ་བོའི་དོན་ཚང་བས་དེ་སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་དེ་སེལ། དེ་ལ་ཁོ་ན་བའི་དོན་ཚང་བས། དེ་སྒྲུབ་བྱེད་དུ་བཀོད་བཞིན་པ་ཡིན་པ་དེ་སེལ། དེ་ལ་རང་ཉིད་དང་འདོད་པའི་དོན་ཚང་བས། དེ་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དང༌། དེར་བྱས་པའི་ལུང་དོན་ཡིན་པ་དེ་སེལ། དེ་ལ་མ་བསལ་བའི་དོན་ཚང་བས། དེ་ལ་སྐབས་ཀྱི་རྒོལ་བའི་ཚད་མ་བཞི་པོ་གང་རུང་གི་བསལ་པ་ཞུགས་པ་དེ་སེལ། དེ་དག་ལ་དངོས་ཀྱི་བསལ་བྱ་ཞེས་བརྗོད་པ་ཡིན་ཏེ། དངོས་ཀྱི་གནོད་བྱ་གནོད་བྱེད་དུ་དམིགས་པའི་ཕྱིར། གཉིས་པ་ནི། སྒྲ་མི་རྟག་པར་སྐབས་ཀྱི་རྒོལ་བས་ཚད་མས་གྲུབ་ཟིན་པ་ལ་སོགས་པ་བཞི་བསྒྲུབ་བྱ་ཡིན་པ་དང༌། སྒྲ་རྟག་པ་སྐབས་ཀྱི་རྒོལ་བའི་ཚད་མས་བསལ་ཟིན་པ་ལ་སོགས་པ་བཞི་བསྒྲུབ་བྱ་ཡིན་པ་དེའོ། །དེ་དང་དེ་དག་སྤྱིར་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་ཏེ། དེས་དེ་མ་བསལ་ན་མཚན་ཉིད་དེས་ཕྱོགས་ཡང་དག་མིན་པ་ཡིན་པར་རྨོངས་པ་སེལ་མི་ནུས་པའི་ཕྱིར། རྒྱུད་པའི་བསལ་བྱ་ཡང་ཡིན་ཏེ། བསྒྲུབ་བྱ་ཡང་དག་ལ་མཚན་ཉིད་ཀྱི་ཟུར་ལྔ་ཚང་དགོས་པར་བསྟན་པས། སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་ལ་སོགས་པ་ལྔ་བསྒྲུབ་བྱ་ཡང་དག་ཡིན་པ་སེལ་བའི་ཕྱིར། ཡང་སྒྲ་རྟག་པ་མཐའ་གཅིག་ཏུ་བསྒྲུབ་བྱ་ལྟར་སྣང་དུ་འདོད་པའི་ཕྱོགས་ལྟར་ན་མཚན་ཉིད་དེས། སྒྲ་རྟག་པ་བསྒྲུབ་བྱ་ཡང་དག་ཡིན་པ་རྒྱུད་ནས་སེལ་ཞེས་བརྗོད་ཀྱང་འགལ་བ་མེད་དོ། །མདོར་ན་སྒྲ་མི་རྟག་པ་སྐབས་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་པ་དང༌། གྲུབ་ཟིན་དེ་བསྒྲུབ་བྱ་ཡང་དག་ཡིན་པ་གཉིས་ཀ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་སྐྱོན་ཡིན་ཏེ། དེ་གཉིས་ཀ་དེ་སྒྲུབ་ཀྱི་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། དཔེར་ན། ལུང་དོན་རྟག་པ་ནམ་ཡོན་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ཡིན་པ་རང་ཉིད་ཅེས་པའི་ཚིག་གི་བསལ་བྱ་ཡིན་ནོ། །དོན་དེ་དག་ནི་ཇི་སྐད་དུ། གྲུབ་དང་བསྒྲུབ་པའི་ངོ་བོར་ནི། །བསྟན་པ་དག་ནི་ཡོད་ཡིན་ན། །བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས། །བྱ་བ་འདི་ནི་འབྲས་ལྡན་འགྱུར། །ཞེས་དང༌། དོགས་པའི་གནས་ནི་ཟློག་པ་སྟེ། །དུས་གཞན་བཅད་ཕྱིར་བཤད་པ་ཡིན། །ཞེས་སོགས་ཀྱི་གཞུང་དོན་ལས་ཤིན་ཏུ་གསལ་བ་ཡིན་ནོ། །ཡང་ཕྱོགས་སྐྱོན་ལ་དབྱེ་ན། རིགས་མི་མཐུན་པའི་སྐྱོན་དང༌། ལོག་པར་རྟོག་པའི་སྐྱོན་ནོ། །དང་པོ་ནི། གྲུབ་ཟིན་ལ་སོགས་པ་གསུམ་མོ། །གཉིས་པ་ནི། ལུང་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་དང༌། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པའོ། །གསུམ་པ་བསལ་བྱ་སེལ་བའི་ཚུལ་ལ། བསལ་བྱ། སེལ་བྱེད། སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ནི། དེ་སྒྲུབ་ཀྱི་རྒོལ་བའི་ཚད་མས་གྲུབ་ཟིན་སོགས་ལྔ་དང༌། དེ་ལྔ་པོ་གང་རུང་བསྒྲུབ་བྱ་ཡིན་པ་དེའོ། །གཉིས་པ་ནི། ངོ་བོའི་དོན་སོགས་ཆོས་ལྔ་པོ་དེའོ། །གསུམ་པ་ནི་དེ་དག་གནོད་བྱ་གནོད་བྱེད་དུ་མངོན་སུམ་གྱིས་དམིགས་པའི་ཕྱིར། བཞི་པ་ལུང་དང་སྦྱར་བ་ནི། ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དང༌། ཕྱོགས་སྐྱོན་གཅིག་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་དེ་ཙམ་དང་འབྲེལ་བ། །ཕྱོགས་ཀྱི་སྐྱོན་འདོད་གཞན་མིན་ཏེ། །མངོན་སུམ་ལ་སོགས་འགལ་བ་བཞིན། །ཞེས་གསུངས་ལ། འདིའི་སོགས་ཁོངས་ནས་གྲུབ་ཟིན་སོགས་བཞི་འདོན་པ་ཡིན་ལ། དེ་ལས་གཞན་པའི་ཕྱོགས་སྐྱོན་སྡེ་བདུན་དུ་བཤད་པ་མེད་པའི་ཕྱིར། ཡང་ཕྱོགས་སྐྱོན་གང་ཡིན་ཐམས་ཅད་དེའི་མཚན་ཉིད་ཀྱི་བསལ་བྱ་དང༌། དེའི་མཚན་ཉིད་ཀྱི་བསལ་བྱ་གང་ཡིན་ཐམས་ཅད་དེའི་སྐྱོན་དུ་འདོད་དགོས་པ་ཡིན་ཏེ། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །ཕྱོགས་ཀྱི་མཚན་ཉིད་བརྗོད་པ་ཡིན། །ཞེས་པའི་གཞུང་འདི་རྟགས་སྐྱོན་དང༌། ཕྱོགས་སྐྱོན་འགལ་བའི་ཤེས་བྱེད་དུ་ཚད་མ་རྣམ་པར་ངེས་པ་ལས་གསལ་བའི་ཕྱིར་དང༌། འདི་དེ་དག་གི་སྐྱོན་མ་ཡིན་ནམ། ཡན་ལག་ཅེས་སོགས་ཀྱི་འཕྲོས་ལས་ཀྱང་ཤིན་ཏུ་གསལ་བའི་ཕྱིར། ཇི་ལྟར་གསལ་ཞེ་ན་གོང་དུ་རང་སྡེ་དག་ན་རེ། མཚན་ཉིད་ཀྱི་ཟུར་དུ་རང་སྒྲ་སྨོས་པ་དེ་མ་གྲུབ་པའི་ཆོས་ཅན་ཡན་གར་བ་བསྒྲུབ་བྱ་ཡིན་པ་བསལ་བའི་ཚད་ཡིན་ཞེས་ཟེར་བ་ལ། དེ་བསྒྲུབ་བྱར་བྱས་ན་སྐྱོན་ཅི་ཡོད། རྟགས་ཀྱིས་བསྒྲུབ་མི་ནུས་སོ་ཞེ་ན། དེ་དེས་བསྒྲུབ་མི་ནུས་པ་དེ་ཆོས་ཅན། ཕྱོགས་སྐྱོན་མིན་ཏེ། རྟགས་སྐྱོན་ཡིན་པའི་ཕྱིར་ཞེས་སྦྲེལ་དགོས་པས་སོ། །དེའི་ཤེས་བྱེད་ཀྱང་གཞན་གྱིས་ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱར་ཁས་བླངས་པ་ལ། རང་གི་ཕྱོགས་སྐྱོན་མིན་ཞེས་བསྒྲུབས་པས་སོ། །དེ་ལྟར་ཕྱོགས་ཀྱི་མཚན་ཉིད་ཟུར་ལྔ་ལྡན་དུ་བཤད་པ་དེའི་ཚེ། ཕྱོགས་སྐྱོན་ཀྱང་ལྔ་ཁོ་ནར་ངེས་ལ། གསུམ་དུ་བཤད་པ་དེའི་ཚེ་སྐྱོན་ཀྱང་གསུམ་དུ་ངེས་སོ། །འོ་ན་ཡང་དག་དང་ལྟར་སྣང་གང་གི་སྐྱོན་ཡིན། དེ་གཉིས་གང་ལ་ལྡན་ཞེ་ན། ཡང་དག་གི་སྐྱོན་ཡིན་ཏེ། དེའི་བསལ་བྱ་ཡིན་པའི་ཕྱིར་དང༌། དེའི་བསལ་བྱ་དང་དེའི་སྐྱོན་གཉིས་དོན་གཅིག་པའི་ཕྱིར། ཕྱོགས་སྐྱོན་ཡིན་ན་ཕྱོགས་ཡང་དག་གི་སྐྱོན་ཡིན་དགོས་ཏེ། ཕྱོགས་མཚན་ཉིད་པ་ཡིན་ན་ཕྱོགས་ཡང་དག་ཡིན་དགོས་པའི་ཕྱིར་ཏེ། བསལ་པ་གནོད་དང་ལྷག་མ་ལ། །མཚན་ཉིད་འཇུག་པ་མེད་ཕྱིར་རོ། །ཞེས་ཕྱོགས་ལྟར་སྣང་ལ་ཕྱོགས་ཀྱི་མཚན་ཉིད་མི་འཇུག་པར་གསུངས་པའི་ཕྱིར་རོ། །སྐྱོན་དེ་དག་གང་ལ་ལྡན་པ་ནི་ལྟར་སྣང་ཁོ་ན་ལ་ལྡན་པ་ཡིན་ཏེ། ཕྱོགས་སྐྱོན་ཅན་ཡིན་ན་ཕྱོགས་ལྟར་སྣང་ཡིན་དགོས་པའི་ཕྱིར། གཞན་ཡང་བསལ་བྱ་ཐམས་ཅད་ཡང་དག་གི་བསལ་བྱ་དང༌། དེ་དག་ལ་ལྡན་པ་དེ་ལྟར་སྣང་ཁོ་ནར་བཤད་པས་ཀྱང་དོན་འདི་གྲུབ་པ་ཡིན་ནོ། །གཉིས་པ་རྟགས་སྐྱོན་ལ། མཚན་ཉིད། མཚན་གཞིའི་དབྱེ་བ། བསལ་བྱ་སེལ་བའི་ཚུལ། ལུང་དང་སྦྱར་བ། ཡང་དག་དང་ལྟར་སྣང་གང་གི་སྐྱོན་ཡིན་དཔྱད་པ། སྐྱོན་ཡོན་འགལ་བའི་ཚུལ་ལ་དོགས་པ་སྤངས་ཏེ་མཇུག་བསྡུ་བའོ། །དང་པོ་ནི། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་དེ་སྤྱིར་རྟགས་སྐྱོན་གྱི་མཚན་ཉིད་དང༌། དེ་སྐོར་དང༌། དེ་སྒྲུབ་ལ་ཡང་དེ་བཞིན་ནོ། །གཉིས་པ་ལ། རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་ཡོད་པའི་དབྱེ་བས་གསུམ་ཡོད་ལ། ཚུལ་གསུམ་པོ་རེ་རེ་ལ་ཡང༌། བསལ་བྱ་བཞི་བཞི་ཡོད་པར་ཆོས་མཆོག་གིས་བཤད་པ་ལྟར། རྟགས་ཀྱི་སྐྱོན་བཅུ་གཉིས་དང༌། དེ་ཐམས་ཅད་བསྡུ་ན་མ་ཁྱབ་པའི་སྐྱོན་དང༌། ཁྱབ་ཆེས་པའི་སྐྱོན་གཉིས་སུ་འདུ་ལ། ཡང་ན་རིགས་མི་མཐུན་གྱི་སྐྱོན་དང༌། ལོག་པར་རྟོག་པའི་དེ་གཉིས་སོ། །དང་པོ་ནི། རྟོགས་པར་སླ་ལ། གཉིས་པ་ནི། དཔེར་ན་ཐུན་མོང་མ་ཡིན་པའི་མ་ངེས་པའི་རྟགས་ཁོ་ན་ལ་ཕྱོགས་ཆོས་གྲུབ་བམ་སྙམ་པའི་ལོག་པར་རྟོག་པ་ལྟ་བུ་སྟེ། དེ་ནི་ཉིད་ཡོད་པའི་རྗེས་སུ་སྨོས་པས་སེལ་ལོ། །ཡང་དངོས་ཀྱི་བསལ་བྱ་དང༌། རྒྱུད་པའི་བསལ་བྱ་གཉིས། དང་པོ་ནི། སྤྱིར་ཚུལ་གསུམ་ཀའམ་རེ་རེ་ནས་མ་ཚང་བ་དང༌། ཁྱད་པར་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་པའི་དེ་དང་དེ་མ་ཚང་བར་འཇོག་པ་ལྟ་བུའོ། །གཉིས་པ་ནི། མིག་ཤེས་ཀྱི་གཟུང་བྱ་ལྟ་བུ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་དང༌། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བཟློག་པ་གྲུབ་པ་དང༌། བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་གྲུབ་པའི་རྗེས་འགྲོ་གྲུབ་པ་རྣམས་སོ། །དེ་ཐམས་ཅད་ཀྱང་རྟགས་སྐྱོན་ཡིན་ཏེ་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། ཇི་ལྟར་ཡིན་ཞེ་ན་སྤྱིར་ཚུལ་གསུམ་མ་ཚང་བ་ནི། དེ་ཚང་བའི་དངོས་ཀྱི་བསལ་བྱ་དང༌། བྱེ་བྲག་ཏུ་བྱས་པ་སྒྲའི་སྟེང་དུ་མ་གྲུབ་པ་དང༌། དེ་གྲུབ་པར་ཞེན་པའི་བློ་དང༌། དེ་མ་གྲུབ་ཅེས་བརྗོད་པའི་སྒྲ་རྣམས་དེར་གྲུབ་པ་དང༌། དེར་ངེས་པ་དེར་བརྗོད་པ་རྣམས་ཀྱིས་དངོས་སུ་སེལ་བའི་ཕྱིར། དེ་བཞིན་དུ་སྦྱར་བས་བྱས་པ་མི་རྟག་པ་ཁོ་ན་ལ་མེད་པ་སོགས་གསུམ་དང༌། རྟག་པ་ལ་ཡོད་པ་སོགས་གསུམ་དང་དེའི་ལོག་ཕྱོགས་གསུམ་གྱིས་གོ་རིམ་བཞིན་དུ་དངོས་སུ་སེལ་བའི་ཕྱིར། ཡང་རྒྱུད་པའི་བསལ་བྱར་བཤད་པ་དེ་དག་ཀྱང་དེར་འགྱུར་བ་ཡིན་ཏེ། ཕྱོགས་ཆོས་ཀྱི་མཚན་ཉིད་ལ་ངེས་བརྗོད་མཛད་པས་མིག་ཤེས་ཀྱིས་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པ་སེལ། རྗེས་འགྲོ་ལ་ངེས་བརྗོད་མཛད་པས་བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་རྗེས་འགྲོ་གྲུབ་པ་སེལ། ལྡོག་པ་ལ་ངེས་བརྗོད་མཛད་པས་གཞལ་བྱའི་རྟགས་ཀྱིས་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་གྲུབ་པ་སེལ་བའི་ཕྱིར་རོ། །དོན་དེ་དག་ནི་ཇི་སྐད་དུ། དེ་ཡིས་མ་གྲུབ་ལྡོག་དོན་དང༌། །ཞེས་སོགས་ཀྱི་གཞུང་དོན་ལས་གསལ་བར་བཤད་པ་ཡིན་ནོ། །རྟགས་ཀྱི་སྐྱོན་དེ་དག་ཇི་སྐད་བཤད་པ་དེ་ཙམ་དུ་གྲངས་ངེས་ཏེ། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་མཐའ་དག་དེ་ཙམ་དུ་ངེས་པའི་ཕྱིར། དེ་ལས་གཞན་དུ། གངས་ཅན་གྱི་ཕྱི་རབས་པ་དག་འདོད་པའི་མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་མ་གྲུབ་པ་དང༌། བྱས་པ་མི་རྟག་པ་ཁོ་ན་ལ་མེད་པ་དང༌། གཞལ་བྱ་རྟག་པ་ཁོ་ན་ལ་ཡོད་པ་སོགས་རྟགས་སྐྱོན་གྱི་མཚན་གཞིར་འདོད་པ་ནི་ནོར་བ་ཡིན་ནོ། །དེ་དག་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་པའི་ཕྱིར་དང༌། སེལ་བར་མི་ནུས་པའི་ཕྱིར། སེལ་བར་མི་ནུས་པའི་རྟགས་སྐྱོན་ཡོད་ན་རྟགས་ཡང་དག་མེད་དགོས་ཏེ། སེལ་བར་མི་ནུས་པའི་མཚན་ཉིད་ཀྱི་སྐྱོན་ཡོད་ན་མཚན་ཉིད་སྐྱོན་མེད་མི་སྲིད་དགོས་པ་བཞིན་ནོ། །ཡང་དེ་དག་གི་རྟགས་སྐྱོན་ཡིན་ན་ཡང་དག་གམ་ལྟར་སྣང་གང་གི་སྐྱོན་ཡིན། དང་པོ་ནི། ཁྱེད་ཅག་མི་འདོད་ལ། གཉིས་པ་ལྟར་ན། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་མ་གྲུབ་པ་དེ་མིག་ཤེས་ཀྱི་གཟུང་བྱའི་སྐྱོན་དུ་ཁས་ལེན་དགོས་ལ། དེ་ལྟ་ན་དེ་སྒྲའི་སྟེང་དུ་གྲུབ་པ་དེ་དེའི་ཡོན་ཏན་དུ་ཧ་ཅང་ཐལ་བར་འགྱུར་རོ། །བྱས་པ་རྟག་པའི་སྟེང་དུ་མ་གྲུབ་པ་དེ་ཡང་རྟགས་ཀྱི་སྐྱོན་དུ་ཐལ་བ་དང་ཡོད་པར་རི་བོང་གི་རྭའི་སྟེང་དུ་མ་གྲུབ་པ་སོགས་རྟགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ་མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་མ་གྲུབ་པ་རྟགས་ཀྱི་སྐྱོན་ཡིན་པའི་ཕྱིར། ཅི་སྟེ་ཁོ་བོ་ཅག་གིས་དེ་སྐད་དུ་མ་སྨྲས་ཀྱི་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་དུ་སྨྲས་པ་ཡིན་ནོ་ཞེ་ན། རྟགས་སྐྱོན་དང་ཕྱོགས་སྐྱོན་ཙམ་གྱི་དཔེ་བརྗོད་འཛིན་རྒྱུ་མེད་པར་འགྱུར་ཏེ། ཡོད་ན་ཇི་སྐད་བཤད་པའི་ཉེས་པ་དེ་དག་འཇུག་པའི་ཕྱིར། གཞན་ཡང༌། དེ་དག་དེ་སྒྲུབ་ཀྱི་རྟགས་སྐྱོན་མ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་སྐྱོན་མི་སྲིད་ལ། ལྟར་སྣང་གིས་དེར་སྒྲུབ་པའི་སྐྱོན་ནི་མ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་འདྲ་དེ་མ་གྲུབ་པའི་རྟགས་སྐྱོན་དུ་འདོད་དགོས་པས། འོ་ན་དོན་བྱེད་ནུས་པ་དངོས་པོའི་སྐྱོན་དུ་ཁས་བླངས་ན་ཉེས་པ་ཅི་ཡོད། དེ་ཆོས་ཅན་དེ་མ་ཡིན་པར་ཐལ། དེའི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། འོ་ན། མིག་ཤེས་ཀྱི་གཟུང་བྱ་དེར་མ་གྲུབ་པ་དེ་ཆོས་ཅན། དེ་སྐོར་གྱི་མ་གྲུབ་པའི་རྟགས་སྐྱོན་མ་ཡིན་པར་ཐལ། དེ་སྐོར་གྱི་མ་གྲུབ་པའི་རྟགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་འདི་སྙམ་དུ། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་སྐྱོན་མེད་པའི་ཕྱིར། ཞེས་སམ། དེ་སྒྲུབ་ཀྱི་རྟགས་སྐྱོན་ངོས་འཛིན་རྒྱུ་མེད་པའི་ཕྱིར་ཞེ་ན། རྟགས་གཉིས་ཀ་མ་གྲུབ་སྟེ། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་གྲུབ་བམ་སྙམ་པའི་ལོག་པར་རྟོག་པ་དེ་དེའི་སྐྱོན་ཡིན་པའི་ཕྱིར་དང༌། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བ་དེ། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་སྐྱོན་ཡིན་ནོ་ཞེས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། དེ་དག་ཇི་ལྟར་ཡིན་སྙམ་ན། དེ་དང་དེ་གཉིས་སོ། །མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སྐྱོན་ཡིན་ཏེ། དེ་སྐོར་གྱིས་མ་གྲུབ་པའི་རྟགས་སྐྱོན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྐོར་གྱི་མ་གྲུབ་པའི་གཏན་ཚིགས་ཡིན་ན་དེ་སྐོར་གྱི་གཏན་ཚིགས་ཡིན་དགོས་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། དེ་སྐོར་གྱི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར་ཏེ། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་དེས་ཁྱོད་སེལ་བའི་ཕྱིར་དང༌། རིགས་པ་འདི་ནི་འགལ་བ་དང་མ་ངེས་པའི་རྟགས་སྐྱོན་འཇོག་ཚུལ་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །གསུམ་པ་བསལ་བྱ་སེལ་བའི་ཚུལ་ལ། བསལ་བྱ། སེལ་བྱེད། སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ནི། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། རྗེས་འགྲོ་དང་ལྡོག་པ་གསུམ་མ་གྲུབ་པ་དང༌། མིག་ཤེས་ཀྱི་གཟུང་བྱ་དང༌། བྱས་པ་དང༌། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་བསྒྲུབ་པའི་རིམ་པ་བཞིན་དུ། ཕྱོགས་ཆོས་དང་རྗེས་འགྲོ་དང་བཟློག་པ་གྲུབ་པ་རྣམས་སོ། །གཉིས་པ་སེལ་བྱེད་ལ། དང་པོ་གསུམ་གྱི་དངོས་ཀྱི་སེལ་བྱེད་ནི་གོ་རིམ་བཞིན་དུ་བྱས་པའི་རྟགས་ཀྱིས་དེ་གསུམ་གྲུབ་པའོ། །གཉིས་པ་གསུམ་གྱི་དངོས་ཀྱི་སེལ་བྱེད་ནི། རིམ་པ་བཞིན་དུ། མིག་ཤེས་ཀྱི་གཟུང་བྱ་སོགས་གསུམ་པོས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་ལ་སོགས་པ་གསུམ་མ་གྲུབ་པ་དེའོ། །རྒྱུད་པའི་སེལ་བྱེད་ནི། ཚུལ་གསུམ་གྱི་མཚན་ཉིད་དོ། །སེལ་ནུས་པའི་རྒྱུ་མཚན་ནི། དེ་དག་གནོད་བྱ་གནོད་བྱེད་དུ་དམིགས་པའི་ཕྱིར་རོ། །བཞི་པ་ལུང་དང་སྦྱར་བ་ནི། རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དང༌། རྟགས་སྐྱོན་དོན་གཅིག་པ་ཡིན་ཏེ། རྒྱུ་སོགས་མཚན་ཉིད་བསལ་བྱ་ལ། །ཞེས་སོགས་རྟགས་སྐྱོན་དང་ཕྱོགས་སྐྱོན་འགལ་བའི་ཤེས་བྱེད་དུ། བསལ་བྱ་གཉིས་པོ་འགལ་བར་བཤད་པའི་ཕྱིར་དང༌། འགལ་བ་འདོད་དང་འབྲེལ་མེད་དེ། །ཞེས་དང༌། སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱི། །ཞེས་པ་དང༌། རྟེན་སོགས་མ་གྲུབ་ཅེས་སོགས་རྟགས་སྐྱོན་འཆད་པའི་སྐབས་ཐམས་ཅད་དུ། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཁོ་ན་བཤད་ཀྱི། དེ་ལས་གཞན་མ་བཤད་པའི་ཕྱིར། འོ་ན་ཇི་སྐད་དུ། རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །སྐྱོན་དང་ཡོན་ཏན་དཔྱད་ཕྱིར་རོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེས་ནི་ཁོ་བོ་ཅག་ལ་གནོད་པ་ཡོད་པ་མ་ཡིན་ཏེ། གཞུང་དེས་ནི་རང་གི་སྒྲུབ་བྱ་སྒྲུབ་མི་ནུས་པའི་རྟགས་ཐམས་ཅད་སྐྱོན་ཅན་དང༌། དེ་ལྟར་ནུས་པའི་རྟགས་ཐམས་ཅད་ཡོན་ཏན་ཅན་དུ་འཇོག་པར་བསྟན་པའི་ཕྱིར། འོ་ན། དེ་སྐོར་གྱི་བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཆ་དེ། དེ་སྐོར་གྱི་རྟགས་སྐྱོན་དང༌། དེ་ལྟར་ནུས་པའི་ཆ་དེ་དེ་སྐོར་གྱི་རྟགས་ཡོན་ཏན་དུ་བཤད་པ་མ་ཡིན་ནམ་ཞེ་ན། འདི་སོ་སོར་དབྱེ་དགོས་ཏེ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཆ་དེ་དེ་སྐོར་གྱི་རྟགས་སྐྱོན་ཡིན་ཏེ། དེ་སྐོར་གྱི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་སྒྲུབ་མི་ནུས་པའི་ཆ་ནས་དེ་དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་དུ་བཞག་པ་ནི་མ་ཡིན་ཏེ། དེས་དེ་མི་ནུས་པའི་རྒྱུ་མཚན་གྱིས། དེས་དེ་ལྟར་ནུས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་གྲུབ་པའི་ཕྱིར། དེ་ལྟར་ན་མིག་ཤེས་ཀྱི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་ནུས་པ་དེ་དེ་སྐོར་གྱི་རྟགས་སྐྱོན་ཡིན་ཏེ། དེའི་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། འོ་ན་སྐྱོན་དེ་དག་ཡང་དག་དང་ལྟར་སྣང་གང་གི་སྐྱོན་ཡིན་ཞེ་ན། འགལ་མ་ངེས་མ་གྲུབ་པ་གསུམ་ནི་ཡང་དག་གི་སྐྱོན་ཡིན་ལ། གཏན་ཚིགས་ལྟར་སྣང་གསུམ་ལ་ཕྱོགས་ཆོས་སོགས་གྲུབ་པ་ནི། རྟགས་ལྟར་སྣང་གི་སྐྱོན་ཡིན་ནོ། །དེ་ལྟ་ན་ཡང་གཉིས་པོ་འགལ་བ་མིན་ཏེ། ལྟར་སྣང་གི་སྐྱོན་རྣམས་ཀྱང་ཡང་དག་གི་སྐྱོན་ཡིན་པའི་ཕྱིར། ལྡན་པ་ནི་ལྟར་སྣང་ཁོ་ན་ལ་ལྡན་པར་ངེས་ཏེ། རྟགས་སྐྱོན་ཅན་ཡིན་ན་རྟགས་ལྟར་སྣང་ཡིན་དགོས་པའི་ཕྱིར། འོ་ན་བསྒྲུབ་བྱའི་སྐྱོན་ལ་ཡང༌། ཡང་དག་དང་ལྟར་སྣང་གི་སྐྱོན་གཉིས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཡོད་ཅིང་ཡོད་པའི་ཚུལ་ཡང་སྔ་མ་ལྟར་ཤེས་པར་བྱ་ཞིང༌། དེའི་ཚེ་ན་བསྒྲུབ་བྱ་ལྟར་སྣང་གང་ཡིན་བསྒྲུབ་བྱ་མ་ཡིན་པ་དང༌། གཏན་ཚིགས་ལྟར་སྣང་གང་ཡིན་གཏན་ཚིགས་ཡིན་པ་ནི་སྐབས་འདིའི་མི་འདྲ་བའི་ཁྱད་པར་ཡིན་ནོ། །དེ་ལྟར་ན་རྟགས་ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱར་བཤད་པ་དེ་དང་དེ་དག་ནི། རྟགས་ཕྱོགས་ཀྱི་སྐྱོན་ཡིན་ལ། སྐྱོན་དེ་དང་དེ་དག་གང་ལ་ཡོད་པར་ཞེན་པའི་རྟགས་སུ་གཟུང་བྱ་དེ་དང་ཕྱོགས་སུ་གཟུང་བྱ་གང་ཡིན་པ་དེ་རྟགས་ཕྱོགས་སྐྱོན་ཅན་ནོ། །དྲུག་པ་ལ་རང་ལུགས་བཞག་པ་དང༌། གཞན་གྱི་ལུགས་དགག་པའོ། །དང་པོ་ནི། འདི་དེ་དག་གི་སྐྱོན་ཡིན་ནམ། ཞེས་སོགས་སུ་སྦྱོར་བ་སྐོར་གཅིག་གི་རྟགས་སྐྱོན་དང་ཕྱོགས་སྐྱོན་འགལ་བར་གསུངས་པ་ནི་གཞུང་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ལ། ཕྱི་རབས་པ་དག་བསྒྲུབ་བྱ་ཡང་དག་ཡིན་ན་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་དགོས་སོ་ཞེས་ཟེར་བ་དང༌། བསྒྲུབ་བྱ་ཡང་དག་ཡིན་ན་ཡོད་དགོས་སོ་ཞེས་ཟེར་བ་དང༌། བསྒྲུབ་བྱ་ཡང་དག་ཡིན་ན་རྟགས་ཡང་དག་གིས་སྒྲུབ་ནུས་པ་ཞིག་དགོས་སོ་ཞེས་ཟེར་བ་ལ་འདི་དྲི་བར་བྱ་སྟེ། སྦྱོར་བ་སྐོར་གཅིག་གི་ཤེས་འདོད་ཆོས་ཅན་ཚད་མས་བསལ་བ་དང༌། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཚད་མས་གྲུབ་ཟིན་པ་རྣམས་ཆོས་ཅན། སྦྱོར་བ་དེ་སྐོར་གྱི་ཕྱོགས་སྐྱོན་མ་ཡིན་པར་ཐལ། རྟགས་སྐྱོན་ཡིན་པའི་ཕྱིར་ཏེ། ཚུལ་གསུམ་གང་རུང་གི་བསལ་བྱ་ཡིན་པའི་ཕྱིར། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱིས་ཤེས་འདོད་ཆོས་ཅན་མེད་པ་དང༌། གྲུབ་ཟིན་སྒྲུབ་པ་ལ་ཕྱོགས་ཆོས་གྲུབ་པ་བསལ། རྗེས་འགྲོའི་མཚན་ཉིད་ཀྱིས་བསྒྲུབ་བྱའི་ཆོས་མེད་པ་བསལ་བ་ཡིན་ཏེ། དེས་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་བར་གྲུབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར་ཏེ། དེ་གསུམ་གང་རུང་ཡིན་ན། ཕྱོགས་ཡང་དག་གི་མཚན་ཉིད་དེ་མ་ཞུགས་དགོས་པའི་ཕྱིར། ཞེས་རྣམ་པར་དཔྱད་ན་ཁྱེད་ཅག་གིས་ལན་ལྡོན་མི་ཤེས་པ་ཡིན་ནོ། །དེ་ཁོ་ནར་མ་ཟད་ཀྱི། ཚད་མ་རིགས་པའི་གཏེར་གྱི་རྗེས་སུ་འབྲང་ཞིང༌། དེའི་ལུགས་ལེགས་པར་མི་ཤེས་པ་དག་གིས། ཚིག་དེས་བསྒྲུབ་བྱ་མི་འགྲུབ་པའི་ཆ་ནས་སྐྱོན་དུ་འཇོག་པ་ཡིན། ཞེས་བྱ་བའི་དོན་ཡང་བསམ་དགོས་པ་ཡིན་ནོ། །ཁོ་བོ་ཅག་གི་ལྟར་ན་འདི་ལྟར་ཆོས་ཅན་དང་ཆོས་མེད་པ་ནི་ཕྱོགས་སྐྱོན་མ་ཡིན་ཏེ། རྟགས་སྐྱོན་ཁོ་ན་ཡིན་པའི་ཕྱིར་དང༌། ཕྱོགས་སྐྱོན་གྱི་སྐབས་སུ་དེ་འདྲ་བཤད་པ་མེད་པའི་ཕྱིར་དང༌། རྟགས་སྐྱོན་གྱི་སྐབས་སུ་དེ་གསལ་བར་གསུངས་པའི་ཕྱིར། དེ་ལྟར་གྲུབ་པ་ན་རི་བོང་གི་རྭ་མེད་པ་དང༌། རྟག་པའི་དངོས་པོ་གཞལ་བྱ་མ་ཡིན་པ་སོགས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་སྲིད་དོ། །བསྒྲུབ་བྱ་གྲུབ་ཟིན་པ་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་ཏེ། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱིས་སྤྱིར་ཤེས་འདོད་ཆོས་ཅན་མེད་པ་དེ་བསལ་བ་ཡིན་ལ། ངོ་བོ་ཞེས་པའི་ཚིག་གིས་ནི་ཤེས་འདོད་ཆོས་ཅན་ཡོད་མེད་གང་ཡིན་ཀྱང་རུང་སྟེ། དེའི་སྟེང་དུ་སྒྲུབ་པའི་ཆོས་རྒོལ་བའི་ཚད་མས་གྲུབ་ཟིན་པ་དེ་བསལ་བ་ཡིན་པས་རྒྱ་ཆེ་ཆུང་གི་ཁྱད་ཡོད་དོ། །དེ་ལྟར་ན་ཡང་སྒྲ་མི་རྟག་སྒྲུབ་ལ་བྱས་པ་གཏན་ཚིགས་ཡང་དག་ཏུ་སོང་བའི་ཚེ། ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་རྟག་པ་རྒོལ་བའི་ཚད་མས་གྲུབ་ཟིན་པ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར་ཏེ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས་པའི་ཚིག་གིས་གྲུབ་ཟིན་བསྒྲུབ་པ་ལ་ཕྱོགས་ཆོས་མི་འགྲུབ་པར་བསྟན་པའི་ཕྱིར། ཞེས་པའི་ཐལ་བ་ད་དུང་བཟློག་པར་དཀའ་བས་ལན་ཇི་ལྟར་འདེབས་ཤེ་ན། རྩ་བར་འདོད་པ་ཡིན་ཏེ། ངོ་བོ་ཞེས་པའི་ཚིག་གིས་ནི། སྤྱིར་ཆོས་ཅན་གྱི་སྟེང་དུ་ཆོས་དེ་རྒོལ་བའི་ཚད་མས་གྲུབ་པ་ཡིན་གྱི། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་གྲུབ་པ་མ་སེལ་བའི་ཕྱིར་ཏེ། སྦྱོར་བ་སྐོར་གཅིག་པོ་དེའི་ཤེས་འདོད་ཆོས་ཅན་ཡོད་པར་གྲུབ་ན། དེ་ཉིད་ཀྱིས་བསྒྲུབ་བྱ་ཡང་དག་ཀྱང་ཡོད་པར་གྲུབ་ཟིན་པས། ངོ་བོ་ལ་སོགས་པའི་ཚིག་གིས་བསལ་བྱ་སེལ་བ་ལ་མི་ལྟོས་པའི་ཕྱིར། ཁྱད་པར་ཅན་མ་གྲུབ་པ་དང༌། ཁྱད་པར་གྱི་ཆོས་མ་གྲུབ་པ་སོགས་སྐྱོན་ཡིན་པ་འགོག་པའི་དབང་དུ་བྱས་ནས། སྒྲུབ་བྱེད་སྐྱོན་ནི་ཐམས་ཅད་ཀྱི། །ཞེས་པ་ནས། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །ཞེས་གསུངས་པ་ཡིན་ལ། དེའི་ཚེ་ཁྱད་པར་ཅན་ནི་ཤེས་འདོད་ཆོས་ཅན་དང༌། ཁྱད་པར་གྱི་ཆོས་ནི་བསྒྲུབ་བྱའི་ཆོས་ལ་འཆད་དགོས་པ་ཡིན་ནོ། །མདོར་ན་ཇི་སྲིད་ཕྱོགས་ཀྱི་ཉེས་པ་རྣམས་མ་བསལ་བ་དེ་སྲིད་དུ་བསྒྲུབ་བྱ་བཞག་མ་ནུས། དེ་མ་ནུས་པ་དེ་སྲིད་ཤེས་འདོད་ཆོས་ཅན་མི་འབྱུང་བ་ཡིན་ལ། དེའི་ཕྱིར་བསྒྲུབ་བྱ་མེད་པ་ནི་ཕྱོགས་ཆོས་ཀྱི་བསལ་བྱ་ཡིན་གྱི་ཕྱོགས་ཀྱི་ཉེས་པ་མིན་པར་འཆད་དགོས་པ་ཡིན་ནོ། །འོ་ན་བསྒྲུབ་བྱ་ཡང་དག་ལ་ཤེས་འདོད་ཆོས་ཅན་ཡོད་མི་དགོས་ན། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །ཞེས་སོགས་སུ་རང་རྟེན་ལ་ཞེས་པའི་ཚིག་གིས་རྣམ་བཅད་འཆད་པ་ན་རྟེན་ཤེས་འདོད་ཆོས་ཅན་ལ་ཚད་མས་གནོད་ན། སྐབས་ཀྱི་བསྒྲུབ་བྱ་ལ་ཚད་མས་གནོད་དགོས་པར་བསྟན་པ་མ་ཡིན་ནམ་ཞེ་ན། འདིར་རྟེན་ཆོས་ཅན་ཞེས་པ་ནི་སྐབས་ཀྱི་སྒྲུབ་བྱའི་ཆོས་དེའི་རྟེན་བྱེད་པ་ལ་ཟེར་བ་ཡིན་ལ། དེ་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་མོད། དེ་ཙམ་གྱིས་ཆོས་ཅན་ཡོད་དགོས་པར་མི་འགྲུབ་སྟེ། དཔེར་ན་རི་བོང་གི་རྭ་དེ་ཤེས་བྱ་མིན་པའི་རྟེན་ཡིན་པ་ལ་ཚད་མས་གནོད་ན། དེ་ཤེས་བྱ་མ་ཡིན་པར་བསྒྲུབ་པའི་བསྒྲུབ་བྱ་ལ་ཚད་མས་གནོད་དགོས་པ་བཞིན་ནོ། །སྐབས་ཀྱི་རྟེན་ཆོས་ཅན་ལ་གནོད་ན་བསྒྲུབ་བྱ་ལ་གནོད་ཅེས་པའང༌། ཆོས་ཅན་དེས་ཆོས་ཀྱི་རྟེན་མི་བྱེད་ན་ཞེས་བྱ་བའི་དོན་ཡིན་ལ། དེའི་དོན་ཡང་དེའི་སྟེང་དུ་དེ་སྐབས་ཀྱི་རྒོལ་བའི་ཚད་མས་བསལ་བ་ལ་འཆད་དགོས་སོ། །དེ་ལས་གཞན་དུ་ན། རང་རྟེན་ལའོ་ཞེས་པའི་ཚིག་དེ་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཀྱི་ཟུར་ལྔ་པོ་དེས་མ་བསལ་བའི་བསྒྲུབ་བྱ་ཡང་དག་གི་རིགས་མི་མཐུན་སེལ་བྱེད་དུ་འགྱུར་ཏེ། རྟེན་ཤེས་འདོད་མེད་པ་རྣམས་བསྒྲུབ་བྱ་ཡང་དག་ཡིན་པ་བསལ་བའི་ཕྱིར། འདོད་ན། དེའི་མཚན་ཉིད་ཀྱི་ཟུར་ལྔ་ལས་ལྷག་པ་དགོས་པར་འགྱུར་རོ། །དེས་ན་རང་རྟེན་ལའོ་ཞེས་པའི་ཚིག་གི་རྣམ་བཅད་དང་ཡོངས་གཅོད་ཀྱི་དོན་གང་ཡིན་པ་དེ་ནི་མཚན་ཉིད་ཀྱི་ཟུར་གྱི་རང་ཉིད་ཅེས་པའི་ཚིག་གིས་བསྟན་ཟིན་པའི་དོན་ལས་ལོགས་པ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། དོན་འདི་མཚན་ཉིད་ཀྱིས་རྟོགས་ཀྱང༌། །ཞེས་གསུངས་པའི་ཕྱིར། རང་ཉིད་ཀྱི་སྒྲས་ནི། ཆོས་ཅན་གཞན་གྱི་ཆོས་དང༌། ཆོས་གཞན་གྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པར་བསྟན་པ་ཡིན་གྱི། བསྒྲུབ་བྱ་ཡང་དག་ལ་ཆོས་ཅན་ཡོད་དགོས་པར་བསྟན་པ་མེད་དོ། །དེ་བཞིན་དུ་རང་རྟེན་ལ་ཞེས་པས་ཀྱང༌། རྟེན་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་དེ་ཚད་མ་བཞིས་བསལ་བ་གཅིག་དགོས་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ། མངོན་སུམ་དོན་དང་རྗེས་དཔག་དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལ། །མ་བསལ་བ་ཞེས་གསུངས་པའི་ཕྱིར། འོ་ན་ཇི་སྐད་དུ། རྟེན་ནི་འགལ་བར་གྱུར་པ་ཡིས། །དེ་རྟེན་པ་ནི་འགལ་བའི་ཕྱིར། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཆོས་ཅན་དེ་ཆོས་ཀྱི་རྟེན་བྱེད་པ་ལ་ཚད་མས་གནོད་ན་བསྒྲུབ་བྱ་ལ་གནོད་ཅེས་པའི་དོན་ཡིན་གྱི། ཆོས་ཅན་རྐྱང་པ་ལ་བྱ་བ་མ་ཡིན་ཏེ། གལ་ཏེ་ཡིན་ན། གཞན་དུ་དེ་ལྟའི་རྣམ་ཅན་ཆོས། །ཞེས་པ་ཡང་བསྒྲུབ་བྱའི་ཆོས་རྐྱང་པ་ལ་འཆད་དགོས་པར་འགྱུར་ལ། དེ་ལྟ་ན། བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། །ཞེས་གསུངས་པ་མི་འཐད་པར་འགྱུར་བའི་ཕྱིར་དང༌། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །ཞེས་འབྱུང་བས་སོ། །དེ་ལྟར་བཤད་པ་ན་དེ་སྐོར་གྱི་ཤེས་འདོད་ཆོས་ཅན་མེད་པ་དང༌། བསྒྲུབ་བྱའི་ཆོས་མེད་པ་ཞེས་བྱ་བ་འདི་ནི་གཏན་ཚིགས་ཀྱི་སྐྱོན་ཡིན་གྱི། ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། །གཞན་དུ་ན་ཆོས་ཅན་མེད་པ་དང་བསྒྲུབ་བྱའི་ཆོས་མེད་པའི་དཔེ་རི་བོང་གི་རྭ་མེད་ལྟ་བུ་བསྒྲུབ་བྱར་བྱས་ན་སྐྱོན་ཅི་ཡོད། རྟགས་ཀྱིས་བསྒྲུབ་མི་ནུས་པའི་ཕྱིར་ཞེས་པ་ལས་གཞན་མེད་ལ། དེ་ལྟ་ན་ནི། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །ཞེས་སོགས་ཀྱི་ཕྱོགས་སྔ་མ་སླར་འོངས་པ་ཡིན་ནོ། །འོ་ན་གལ་ཏེ་ཇི་སྐད་དུ། དེར་ནི་འདོད་ལ་གནོད་བྱེད་ཡིན། །ཞེས་མིག་སོགས་བདག་དོན་བྱེད་པ་བསྒྲུབ་བྱ་ཡང་དག་མིན་པའི་ཤེས་བྱེད་དུ་རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པའི་ཕྱིར་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་སྔར་བཤད་པ་ལྟར་རྟགས་ཀྱིས་བསྒྲུབ་མི་ནུས་པའི་ཤེས་བྱེད་ཡིན་གྱི། བསྒྲུབ་བྱ་ཡང་དག་མིན་པའི་ཤེས་བྱེད་མ་ཡིན་ནོ། །བསྒྲུབ་བྱ་ཡང་དག་ཡིན་ན་རྟགས་ཀྱིས་བསྒྲུབ་མི་ནུས་པར་འགལ་ལོ་ཞེ་ན། དེ་ལྟར་ན། དམ་བཅའ་ཡང་དག་ལ་བསྒྲུབ་བྱེད་ལྟར་སྣང་འགོད་པའི་རྒོལ་བ་མི་སྲིད་པར་འགྱུར་རོ། །དེ་འདོད་ན་ནི། སྔར་རྒོལ་ཚར་བཅད་ཀྱི་གནས་མི་སྲིད་པར་འགྱུར་ལ། གལ་ཏེ་སྲིད་ན་ནི་སྒྲ་མི་རྟག་བསྒྲུབ་ལ་གཞལ་བྱ་རྟགས་སུ་བཀོད་པ་དེའི་ཚེ་སྒྲ་མི་རྟག་པ་དེ་བསྒྲུབ་བྱ་ཡང་དག་ཏུ་འགྱུར་ཏེ། བསྒྲུབ་བྱ་ཡང་དག་ལ་སྒྲུབ་བྱེད་ལྟར་སྣང་བཀོད་པ་སྲིད་པའི་ཕྱིར། འདོད་ན་དེ་ལྟར་བཀོད་པའི་ཚེ་དེ་ཆོས་ཅན། རྟགས་ཀྱིས་སྒྲུབ་ནུས་པར་ཐལ། བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་རོ། །དེ་ལྟར་རྒྱས་པར་ཤེས་པ་ན། གཞན་གྱི་ལུགས་ཇི་ལྟར་འགོག་པ་བདེ་བླག་ཏུ་རྟོགས་པས། གཉིས་པ་གཞན་གྱི་ལུགས་དགག་པ་ལ་དར་ཊཱིཀ་པ་ལ་སོགས་པ་མང་པོ་དག་མཐུན་པར། དེ་སྒྲུབ་ཀྱི་རྟགས་སུ་གཟུང་བྱ་དེ་རྟགས་སྐྱོན་ཅན་དུ་འཇོག་པར་ནུས་པའི་ཆོས་དེ་རྟགས་སྐྱོན་ཅན་གྱི་མཚན་ཉིད། དཔེར་ན། མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་ལྟ་བུའོ། །ཡང་དེ་སྒྲུབ་ཀྱི་ཕྱོགས་སུ་གཟུང་བྱ་དེ་ཕྱོགས་སྐྱོན་ཅན་དུ་འཇོག་ནུས་པའི་ཆོས་དེ། དེ་སྒྲུབ་ཀྱི་ཕྱོགས་སྐྱོན་གྱི་མཚན་ཉིད། དཔེ་ནི་སྒྲ་རྟག་པ་ཚད་མས་བསལ་བ་ལྟ་བུའོ། །ཞེས་ཟེར་རོ། །འདི་ལ་མཚན་ཉིད་མི་འཐད་པ་དང༌། མཚན་གཞི་མི་འཐད་པའོ། །དང་པོ་ནི། འོ་ན་བྱས་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཚད་མས་བསལ་བ་དང༌། བསྒྲུབ་བྱ་ལ་ཤེས་འདོད་མེད་པ་དང་བསྒྲུབ་བྱ་གྲུབ་ཟིན་པ་སོགས་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་སྐྱོན་དུ་ཐལ། མཚན་ཉིད་དེའི་ཕྱིར། ཡང་བདག་རྟག་པར་བསྒྲུབ་པའི་ཆོས་ཅན་མེད་པ་དང༌། བུམ་པ་མེད་པར་བསྒྲུབ་པའི་ཆོས་མེད་པ་དང༌། སྒྲ་རྟག་པ་རྟགས་ཀྱིས་སྒྲུབ་མི་ནུས་པ་སོགས་ཆོས་ཅན། དེ་དང་དེར་བསྒྲུབ་པའི་ཕྱོགས་སྐྱོན་ཡིན་པར་ཐལ། མཚན་ཉིད་དེ་རྗེས་སུ་ཞུགས་པའི་ཕྱིར། གཉིས་པ་ནི། རྟགས་སྐྱོན་གྱི་མཚན་གཞི་དེ་མི་འཐད་པའི་ཚུལ་སྔར་རྒྱས་པར་བཤད་ཟིན་ལ། སྒྲ་རྟག་པ་ཚད་མས་བསལ་བ་དེ་ཕྱོགས་སྐྱོན་ཡིན་ན་སྒྲ་མི་རྟག་པ་དེ་ཡང་ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ལ། ཕྱེ་བསལ་མེད་པར་སྒྲ་མི་རྟག་པ་ཕྱོགས་ཡང་དག་ཏུ་འདོད་པ་ཁྱེད་ཀྱི་ལྟར་ན་སྔ་མ་དེ་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་པར་ཐལ། ཕྱོགས་ཡང་དག་ཡིན་པའི་ཕྱིར། ཡང་སྔ་མ་དེ་ཕྱོགས་སྐྱོན་གྱི་མཚན་གཞི་མི་འཐད་དེ། དེ་སྒྲ་རྟག་པར་སྒྲུབ་པའི་ཡང་མིན། མི་རྟག་པར་སྒྲུབ་པའི་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན་སྒྲ་མི་རྟག་པ་དེ་ཡང་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་སྐྱོན་དུ་ཐལ་བར་འགྱུར་རོ། །འོ་ན་ཁྱེད་ཀྱང་རྟག་པ་ལ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་བསལ་བ་ཞུགས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་སྐྱོན་དུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ཡིན་ཏེ་དེའི་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར། ཅི་ལྟར་ཞེ་ན། སྒྲ་རྟག་པ་གང་ལ་བསྒྲུབ་བྱ་ཡང་དག་ཏུ་སོང་བའི་རྒོལ་བ་དེའི་ངོར་སྒྲ་རྟག་པ་ལ་ཚད་མའི་བསལ་པ་ཞུགས་པ་མི་སྲིད་པའི་ཕྱིར་དང༌། གཞན་དག་གི་འདོད་པ་ལྟར་ན་དེ་ལ་དེའི་བསལ་པ་མ་ཞུགས་པ་མི་སྲིད་པས། དེ་སེལ་ནུས་པ་མི་སྲིད་ལ། སེལ་མི་ནུས་པའི་ཕྱོགས་སྐྱོན་ཡོད་ན། ཕྱོགས་ཀྱི་མཚན་ཉིད་བཤད་པ་ལ་དགོས་པ་མེད་པར་འགྱུར་རོ། །རང་གི་ཕྱོགས་ལྟར་ན་ནི་དེ་ལ་དེའི་བསལ་པ་ཞུགས་པ་དེ་དེ་སྒྲུབ་ཀྱི་ཕྱོགས་སྐྱོན་དང༌། ཡང་སྒྲ་རྟག་པ་ལ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་བསལ་པ་མ་ཞུགས་པ་དེས་དེ་ལ་དེ་ཞུགས་པ་སེལ་བ་ཡིན་ནོ་ཞེས་སྔར་རྒྱས་པར་བཤད་ཟིན་ཏོ། །ཞར་ལ་དཔེའི་མཚན་ཉིད་ཀྱི་བསལ་བྱར་བཞག་པ་དེ་དཔེའི་སྐྱོན་གྱི་མཚན་ཉིད། དཔེ་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱ་དེ་དཔེ་ཡང་དག་གི་སྐྱོན་གྱི་མཚན་ཉིད། དཔེ་ལྟར་སྣང་གི་མཚན་ཉིད་ཀྱི་བསལ་བྱ་དེ་དཔེ་ལྟར་སྣང་གི་སྐྱོན་གྱི་མཚན་ཉིད། དང་པོ་ལ་རྟགས་ཡང་དག་གི་རྟགས་དཔེ་ལ་རྗེས་སུ་མི་འགྲོ་བ་དང༌། བསྒྲུབ་བྱའི་ཆོས་དེ་ལ་རྗེས་སུ་མི་འགྲོ་བའི་དབྱེ་བས་གཉིས་སོ། །གཉིས་པ་ལའང་རྟགས་ལྟར་སྣང་གི་གཏན་ཚིགས་དཔེ་ལ་རྗེས་སུ་འགྲོ་བ་དང༌། བསྒྲུབ་བྱའི་ཆོས་དེ་ལ་རྗེས་སུ་མི་འགྲོ་བའི་དབྱེ་བས་གཉིས་སོ། །གཉིས་པ་ལའང་རྟགས་ལྟར་སྣང་གི་གཏན་ཚིགས་དཔེ་ལ་རྗེས་སུ་འགྲོ་བ་དང༌། ལྟར་སྣང་གི་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་སུ་འགྲོ་བའི་དབྱེ་བས་གཉིས་སོ། །ཡང་དཔེ་ཡང་དག་གི་མཚན་ཉིད་ཀྱི་དངོས་ཀྱི་བསལ་བྱ་དང༌། རྒྱུད་པའི་བསལ་བྱ་གཉིས་སོ། །དང་པོ་ནི། །བྱས་པ་བུམ་པ་ལ་རྗེས་སུ་མི་འགྲོ་བ་ལྟ་བུའོ། །གཉིས་པ་ནི། བློ་མིག་ཤེས་ཀྱི་གཟུང་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡིན་པ་ལྟ་བུའོ། །གཉིས་པ་ཚད་མས་བསལ་པ་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །གཉིས་པ་ནི། སེལ་བྱེད་ཚད་མའི་སྒོ་ནས་དབྱེ་ན། མངོན་སུམ་གྱི་བསལ་པ་ལ་སོགས་པ་བཞི། བསལ་བྱ་ཡུལ་གྱི་སྒོ་ནས་དབྱེ་ན། ཆོས་ཀྱི་ངོ་བོ་བསལ་པ། ཁྱད་པར་བསལ་པ། ཆོས་ཅན་གྱི་ངོ་བོ་དང༌། ཆོས་ཅན་གྱི་ཁྱད་པར་ཚད་མས་བསལ་བའོ། །བསལ་པ་དེ་དག་ཞུགས་པའི་དམ་བཅའ་ལ་ཡང་ཆོས་ཀྱི་ངོ་བོ་ལ་ཚད་མས་གནོད་པའི་དམ་བཅའ་ལ་སོགས་པ་བཞིའོ། །འདི་ལ་དམ་བཅའ་དང་པོའི་ཞེན་དོན་ལ་བསལ་པ་བཞི་ཞུགས་ཚུལ་རྒྱས་པར་བཤད། ཕྱི་མ་གསུམ་གྱི་ཞེན་དོན་ལ་དེ་ཞུགས་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། ཆོས་ཀྱི་ངོ་བོ་ལ་ཡིད་ཆེས་པའི་ཚད་མས་གནོད་པའི་ཚུལ། དེ་ལ་གྲགས་པས་གནོད་པའི་ཚུལ། དེ་ལ་མངོན་སུམ་གྱིས་གནོད་པའི་ཚུལ། དེ་ལ་དངོས་སྟོབས་རྗེས་དཔག་གིས་གནོད་པའི་ཚུལ་བཤད་པའོ། །དང་པོ་ལ་ཡིད་ཆེས་བསལ་པའི་མཚན་ཉིད་ནི། །ཡིད་ཆེས་པའི་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས། འདི་ལ། སེལ་བྱེད་བསལ་བྱ་སེལ་ནུས་པའི་རྒྱུ་མཚན་གསུམ་གསུམ་གྱི་སྒོ་ནས་མདོར་བསྟན། དེ་ཉིད་རིགས་པ་མཁྱེན་པའི་ལུང་དང་སྦྱར་ནས་རྒྱས་པར་བཤད་པའོ། །དང་པོ་ལ། སེལ་བྱེད་བཏགས་པ་བ་དང༌། ཡིད་ཆེས་མཚན་ཉིད་པ་ཡུལ་ཅན་གྱི་ཡིད་ཆེས་དང༌། སེལ་བྱེད་མཚན་ཉིད་པ་དང༌། ཡིད་ཆེས་བཏགས་པ་བ་ཡུལ་གྱི་ཡིད་ཆེས་སོ། །དང་པོ་ནི། ཡིད་ཆེས་པའི་རང་ཚིག་དང༌། ལུང་ཚིག་གོ །དང་པོ་ནི། གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་མི་བསླུ་བའི་རང་གི་ཚིག་སྟེ། དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དེ་ཀླུ་སྒྲུབ་ཞབས་ལ་ལྟོས་པའི་རང་ཚིག་གོ །གཉིས་པ་ནི། རྒོལ་བ་རང་གི་ཚད་མར་ཁས་བླངས་པའི་ཤིན་ལྐོག་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་སྟེ། དཔེར་ན་སྤྱིན་པ་ལས་ལོངས་སྤྱོད་འབྱུང་ངོ་ཞེས་པའི་སངས་རྒྱས་ཀྱི་གསུང་དེ་ཀླུ་སྒྲུབ་ཞབས་ལ་ལྟོས་པའི་ཡིད་ཆེས་པའི་ལུང་ཚིག་ཡིན་པ་ལྟ་བུའོ། །མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་སྟོན་པའི་ལུང་རྣམས་ནི་སྤྱིར་རྒོལ་བ་རང་གིས་ཚད་མར་ཁས་བླངས་པའི་ལུང་ཡིན་ཀྱང་སྐབས་འདིའི་ཡིད་ཆེས་པའི་ལུང་ཚིག་ཏུ་མི་འཇོག་སྟེ། དེ་དང་དེའི་བསྟན་བྱའི་དོན་གང་ཡིན་པ་དེ་མངོན་སུམ་དང༌། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཚད་མས་གྲུབ་པའི་ཕྱིར་དང༌། དེ་དང་དེའི་ལོག་ཕྱོགས་གང་ཡིན་པ་དེ། དེ་དང་དེའི་བསལ་བར་འཇོག་དགོས་པའི་ཕྱིར། གཉིས་པ་སེལ་བྱེད་མཚན་ཉིད་པ་ནི། ཡིད་ཆེས་པའི་ཚིག་གང་དང་གང་ཡིན་པ་དེའི་བསྟན་བྱའི་དོན་གང་དང་གང་ཡིན་པ་དེའོ། །དེ་སེལ་བྱེད་མཚན་ཉིད་པ་ཡིན་ཏེ། ལོག་ཕྱོགས་ཀྱི་འགལ་ཟླ་དངོས་ཡིན་པའི་ཕྱིར། དེ་དང་འགལ་བ་ལ་ཡིད་ཆེས་པའི་ཚིག་དང་འགལ་བར་བཏགས་པ་ཙམ་མོ། །བསྟན་བྱའི་དོན་ངེས་པའི་ཚད་མ་དེ་ཡིད་ཆེས་པ་དང་སེལ་བྱེད་གཉིས་ཀ་མཚན་ཉིད་པ་ཡིན་ནོ་ཞེས་བཤད་ཀྱང་འགལ་བ་མེད་དོ། །དེའི་རྒྱུ་མཚན་ཡང་ཡིད་ཆེས་པའི་ཚད་མ་དངོས་ཡིན་པའི་ཕྱིར་དང༌། ཚད་མ་དེས་བསལ་བྱ་དངོས་སུ་སེལ་བའི་ཕྱིར། གཉིས་པ་བསལ་བྱ་ནི། ཡིད་ཆེས་པའི་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཏེ། དབྱེ་ན། སྦྱིན་སོགས་དཀར་པོའི་ཆོས་སུ་ཚད་མས་ངེས་ཟིན་པའི་རྒོལ་བས། སྦྱིན་སོགས་དཀར་ཆོས་སྤྱད་པ་ལས་མ་འོངས་པ་ན་བདེ་བ་མི་འབྱུང་བར་དམ་བཅས་པའི་ཞེན་དོན་ལྟ་བུ་ཡིད་ཆེས་པས་རང་ཚིག་གི་བསལ་བ་དང༌། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དཔྱད་པ་གསུམ་གྱིས་དག་པའི་ལུང་དུ་སྔར་ཁས་བླངས་ནས་ཕྱིས་དེ་སྤྱད་པ་ལས་བདེ་བ་མི་འབྱུང་བར་དམ་བཅས་པའི་ཞེན་དོན་ལྟ་བུ་ཡིད་ཆེས་པའི་ལུང་ཚིག་གི་བསལ་བ་གཉིས་པོས་གཞལ་བྱའི་དོན་ཅན་ཚད་མ་མེད་པ་དང༌། ངའི་མ་མོ་གཤམ་མོ་ཞེས་དམ་བཅས་པའི་ཚིག་དང༌། དེའི་བརྗོད་བྱའི་དོན་གང་ཡིན་པ་དེ་ཡང་སྤྱིར་རང་ཚིག་དངོས་ཤུགས་འགལ་བའི་རྣམ་གསལ་གྱི་དཔེ་ཡིན་གྱི། འདིར་བཤད་པའི་ཡིད་ཆེས་པའི་རང་ཚིག་དང་དེའི་བསལ་བར་མི་རུང་སྟེ། དེའི་འོག་ཕྱོགས་ཚུར་རོལ་མཐོང་བའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར། གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི། སེལ་བྱེད་དངོས་བཏགས་ཅི་རིགས་སུ་བཤད་པ་དེ་དང་དེས། བསལ་བྱ་དེ་དག་དངོས་སམ་རྒྱུད་པ་གང་རུང་གི་སྒོ་ནས་སེལ་ནུས་པ་ཡིན་ཏེ། ཤིན་ལྐོག་སྟོན་པ་ལ་ཡིད་ཆེས་པའི་ཚིག་ཏུ་བཤད་པ་གང་ཡིན་པ་དེ་དག་རང་གི་བསྟན་བྱའི་དོན་ལ་མི་བསླུ་བའི་ཕྱིར། སེལ་བའི་ཚུལ་ལ་གེགས་བྱེད་དང་གནོད་བྱེད་ཀྱི་ཚུལ་གཉིས་བཤད་ཀྱང༌། རང་ལུགས་གནོད་བྱེད་ཁོ་ནས་ཏེ། ཚད་མས་གནོད་པ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ། སེལ་བྱེད་ཡིད་ཆེས་པའི་ཚིག་ངོས་བཟུང་བ་དང༌། དེ་ཡིད་ཆེས་པའི་ཚིག་ཏུ་འགྱུར་བའི་དུས་བཤད་པ། དེས་རང་གི་བསལ་བྱ་སེལ་བའི་ཚུལ་ལོ། །དང་པོ་ལ། འདིར་ཡིད་ཆེས་པའི་ཚིག་ལ་གཉིས་ཏེ། རང་ཚིག་དང༌། ལུང་ཚིག་གོ །གཉིས་པའི་ཁྱད་པར་ལ་ཇི་སྐད་དུ། དེ་ལ་ཁས་བླངས་རང་ཚིག་གཉིས། །གཞན་དག་ལུང་དང་རང་ཚིག་ཟེར། །སློབ་དཔོན་ངག་གི་དབྱེ་བར་བཞེད། །ཀུན་ལས་བཏུས་སུ་གཉིས་ཀ་ཡང༌། །དཔེ་གཅིག་གིས་བསྟན་རིགས་པའི་སྒོར། །ལུང་ལ་དཔེར་བརྗོད་གཞན་དུ་གསུངས། །ཞེས་རྗེ་བཙུན་གྱིས་གསུངས་པ་དེ་ཉིད་ཀྱིས་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་ཡིད་ཆེས་ངོས་འཛིན་པའི་སྐབས་ཀྱི་གཞུང་གི་བརྗོད་བྱའི་དོན་མ་ལུས་པ་ལེགས་པར་བསྡུས་པས་དེའི་དོན་བཤད་པར་བྱ་སྟེ། སྤྱིར་ཚད་མར་ཁས་ལེན་དགོས་པའི་རང་ཚིག་ལ་ཡང་གཉིས་ཏེ། མངོན་ལྐོག་སྟོན་པའི་རང་ཚིག་དང༌། ཤིན་ལྐོག་སྟོན་པའི་རང་ཚིག་གོ །དང་པོ་ནི། ཇི་སྐད་དུ། བདག་གཞན་ཡིད་ཆེས་མཚུངས་པ་ཡི། །ཞེས་པའི་སྐབས་ནས་བསྟན་པའི་གང་དང་མཚུངས་རྒྱུའི་རང་ཚིག་དེ་ཡིན་པ། གཉིས་པ་ནི། གང་མཚུངས་པའི་ཡིད་ཆེས་པའི་ཚིག་ཏུ་བཞག་པ་དེ་ཡིན་ནོ། །འོ་ན་ཡིད་ཆེས་པའི་ལུང་ཚིག་དང་ཁྱད་པར་ཅི་ཡོད་ཅེ་ན། རང་དམ་བཅའ་བ་པོས་ཡིད་ཆེས་པའི་ལུང་དོན་ཚིག་གི་སྒོ་ནས་སྨྲས་པ་དང༌། ཡིད་ཆེས་ལུང་ཚིག་ཐད་སོར་བཞག་ནས་ཤིན་ཏུ་ལྐོག་གྱུར་གྱི་དོན་དམ་བཅས་པའི་ཁྱད་པར་རོ། །དེས་ན་འདི་ལྟར་འགྱུར་ཏེ། ཡིད་ཆེས་སོ། །གང་ན་ཤིན་ལྐོག་སྟོན་པའི་ལུང་དང་རང་ཚིག་གོ །གང་ལ་ན་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གནས་ཚུལ་སྟོན་པ་ལའོ། །གང་གིས་ན་གཞལ་བྱ་མངོན་ལྐོག་གཉིས་བསྟན་པའི་ཆ་ལ་མི་བསླུ་བར་མཐོང་བ་དང་མཚུངས་པའི་རྒྱུ་མཚན་གྱིས་ཡིད་ཆེས་པ་ནི་ཡིད་ཆེས་སུ་འཇོག་བྱེད་གཅིག་ཡིན་ཏེ། ཇི་སྐད་དུ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་ཞེས་གསུངས་པས་སོ། །ཡིད་ཆེས་སུ་འཇོག་བྱེད་གཉིས་པ་ནི། ཡིད་ཆེས་པའི་རང་ཚིག་ལ་སྔ་ཕྱི་མི་འགལ་ཞིང༌། སྔར་ཁས་བླངས་པའི་ལུང་གིས་ཀྱང་མི་གནོད་པའོ། །ཡིད་ཆེས་པའི་ལུང་ལ་ནི་ལུང་དེ་ཉིད་ལ་དངོས་ཤུགས་འགལ་བ་མེད་ཅིང༌། ཡིད་ཆེས་པའི་ལུང་གཞན་གྱིས་ཀྱང་གྲུབ་པའོ། །སྐབས་འདི་དག་ཏུ་སྔ་ཕྱི་དང༌། དངོས་ཤུགས་ཞེས་པ་རང་ཚིག་དང་ལུང་ཚིག་ལ་སོ་སོར་སྦྱར་ཀྱང་གཉིས་ཀ་ལ་མི་འགལ་བའི་ཚུལ་གཉིས་ཀ་ཚང་དགོས་པ་ཡིན་ཏེ། གཞན་དུ་ན་ཡིད་ཆེས་སུ་མི་འགྱུར་བའི་ཕྱིར་རོ། །འོ་ན་ཡིད་ཆེས་པའི་རང་ཚིག་དང་ལུང་ཚིག་གཉིས་གཞི་མཐུན་མི་སྲིད་དམ་ཞེ་ན། སྔར་བཤད་པ་ལྟར་ལྡོག་པས་ཕྱེ་བ་ཡིན་གྱི། གཉིས་པོ་གཞི་མཐུན་མི་སྲིད་པ་ནི་མ་ཡིན་ཏེ། ལུང་རྒྱུ་མཚན་དུ་བྱས་ནས་དམ་བཅས་པའི་ཆ་ནས་ལུང་ཚིག་དང༌། ལུང་དོན་ཡིན་ཀྱང་ལུང་སྒྲུབ་བྱེད་དུ་ཁས་བླངས་པ་ལ་མ་ལྟོས་པར་རང་གིས་དམ་བཅས་པའི་ཆ་ནས་རང་ཚིག་ཏུ་འཇོག་པའི་ཕྱིར་རོ། །གཉིས་པ་ཡིད་ཆེས་སུ་འགྱུར་བའི་དུས་བཤད་པ་ལ། འོ་ན་ཁས་བླངས་དང༌། བསྟན་ཆོས་དང༌། ལུང་ཚིག་ཅེས་བྱ་བ་གསུམ་པོ་མིང་གི་རྣམ་གྲངས་ཡིན་པ་དེ་དང༌། རང་ཚིག་ཅེས་བྱ་བ་རྣམས་དུས་ནམ་གྱི་ཚེ་ཡིད་ཆེས་སུ་འགྱུར་བ་ཡིན་ཞེ་ན། སྤྱིར་ལུང་ཚིག་དང་རང་ཚིག་གཉིས་ཀ་ལ་གཉིས་གཉིས་ཏེ། གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་དང༌། གནས་གསུམ་པ་སྟོན་པའི་ལུང་ཚིག་དང་རང་ཚིག་གོ །དང་པོ་གཉིས་སྤྱིར་ཚིག་ཚད་མར་སོང་བའི་དུས་དེར་ཡང་རང་གི་བརྗོད་བྱའི་དོན་ལ་ཡིད་ཆེས་པའི་ཚིག་མ་ཡིན་ཏེ། དངོས་སྟོབས་ཡུལ་ལ་སྤྱིར་ལུང་སྒྲུབ་བྱེད་ཚད་མར་མི་འཇོག་པའི་ཕྱིར། དེ་ལྟར་ན་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ན་སྤྱིར་ལུང་ཚད་མ་ཡིན་དགོས་ཀྱང༌། རང་གི་བརྗོད་བྱའི་དོན་ལ་ཚད་མར་གྱུར་པས་མ་ཁྱབ་པ་ཡིན་ནོ་ཞེས་པའི་ཁྱད་པར་འདི་ཤེས་པར་འགྱུར་ཞིང༌། དེ་ལྟར་ཤེས་པ་ན། ཇི་སྐད་དུ། ལུང་དུ་གྲགས་ཚད་ཚད་མ་མིན། །ཚད་མ་གྲུབ་པ་དེ་ལུང་ཡིན། །ཞེས་གསུངས་པའི་གཞུང་གི་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །གཉིས་པ་ཤིན་ལྐོག་སྟོན་པའི་ལུང་དང་རང་ཚིག་ཀྱང་ཇི་སྲིད་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པ་དེ་སྲིད་དུ་ནི་གནོད་བསྒྲུབ་ཀྱི་ཡན་ལག་ཏུ་ཁས་མི་ལེན་ལ། དེར་རྣམ་པར་དག་ནས་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཁས་བླངས་ནས་ནི་དཔྱོད་པ་བླུན། །དཔྱད་ནས་ཁས་ལེན་མཛངས་པའི་ལུགས། །ཞེས་གསུངས་པས་སོ། །འདི་ཡང་ཞིབ་མོར་དཔྱད་ན་རང་ཚིག་དང་ལུང་ཚིག་གང་ཡིན་ཀྱང་རུང༌། བརྗོད་བྱའི་དོན་ཚད་མས་ངེས་སམ་མ་ངེས་ཀྱང་རུང་སྟེ། ཚིག་གི་རང་ལྡོག་ནས་གེགས་བྱེད་ཁོ་ནར་ངེས་ལ། བརྗོད་བྱའི་དོན་དེ་ཚད་མས་ངེས་པའི་ཚེ་ནི། དོན་དེ་གནོད་བྱེད་ཁོ་ནའོ། །དེ་ཡང་ཚིག་དེས་བསྒྲུབ་བྱ་ལ་གེགས་བྱས་པའི་ཆ་ནས། སྒྲ་སྐྱོན་དུ་སོང་པ་ཡིན་གྱི་དོན་སྐྱོན་མ་ཡིན་ཏེ། དེའི་དོན་སྐྱོན་ནི་ལྔ་པོ་ཁོ་ནར་ངེས་པའི་ཕྱིར། སྒྲ་སྐྱོན་དེ་ཡང་སྒྲུབ་བྱེད་ཀྱི་སྐྱོན་ཡིན་གྱི། བསྒྲུབ་བྱའི་སྐྱོན་མིན་ཏེ། སྒྲའི་སྐྱོན་ནི་སྒྲུབ་པའི་ངག་ལ་རྩི་བར་བྱེད་ཀྱི། བསྒྲུབ་བྱ་ལ་རྩི་བའི་བཤད་པ་གཅིག་ཀྱང་མི་སྣང་བའི་ཕྱིར་ཞེས་ངེས་པར་བྱེད་པས་སོ། །དེས་ན་ལུང་དོན་གྱི་བསལ་པ་ལ་ལུང་གི་བསལ་པ་ཞེས་བརྗོད་པ་ཡིན་གྱི། ཇི་སྐད་དུ། མངོན་སུམ་སོགས་ཀྱི་གཞལ་བྱ་ལའང༌། །འཇལ་བྱེད་སྒྲས་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་སོ། །འོ་ན་དཔྱད་པ་གསུམ་པོ་དེ་གང༌། དེས་རྣམ་པར་དག་པའི་དུས་དེ་ཅི། གཞལ་བྱའི་གནས་གསུམ་པོ་གང་གི་སྒྲུབ་བྱེད་དུ་ཁས་ལེན་པ་ཡིན་ཞེ་ན། དང་པོ་ནི། བསྟན་བཅོས་རྣམ་འགྲེལ་ལྟ་བུའི་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་གྱིས་གནོད་པ་ཡོད་མེད་དཔྱོད་པ་དང༌། དེ་ནས་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་ལ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་གནོད་པ་ཡོད་མེད་དཔྱོད་པ་དང༌། དེ་ནས་ཤིན་ལྐོག་སྟོན་པའི་ཆ་ལ། ཆོས་ཀྱི་གྲགས་པ་རང་གི་ཁས་བླངས་པའི་ལུང་གཞན་གྱིས་གནོད་པ་ཡོད་མེད་དང༌། རང་གི་ཚིག་སྔ་ཕྱི་འགལ་བ་ཡོད་མེད་དཔྱོད་པར་བྱེད་པ་ནི་དཔྱད་པ་གསུམ་མོ། །གཉིས་པ་ནི། དེ་ལྟར་དཔྱད་པ་ན་གཞལ་བྱའི་གནས་དེ་དང་དེ་ལ་མངོན་སུམ་ལ་སོགས་པ་རྣམས་ཀྱིས་གནོད་པ་མེད་ཅིང་གྲུབ་པ་དེའི་ཚེ་ན་དཔྱད་པས་རྣམ་པར་དག་པ་ཞེས་བརྗོད་དོ། །གསུམ་པ་ནི། དེ་ལྟ་བུའི་ལུང་དེ་གཞལ་བྱའི་གནས་གསུམ་པ་ཁོ་ནའི་སྒྲུབ་བྱེད་དུ་ཁས་ལེན་པ་ཡིན་ཏེ། དེའི་ཚེ་ན་བསྟན་བཅོས་རྣམ་འགྲེལ་ལྟ་བུ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་གྲུབ་ཟིན་པས་གྲུབ་ཟིན་བསྒྲུབ་པ་ལ་དགོས་པ་མེད་པའི་ཕྱིར། འོ་ན་མངོན་ལྐོག་གཉིས་སྟོན་པའི་ལུང་ཚད་མར་ཁས་བླངས་པས་ཅི་ཞིག་ཅེ་ན། དགོས་པ་མེད་པ་མ་ཡིན་ཏེ། ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་དགོས་པའི་ཕྱིར། ཇི་ལྟར་དགོས་ཤེ་ན། བསྟན་བཅོས་རྣམ་འགྲེལ་ཆོས་ཅན། རང་གིས་ཤིན་ལྐོག་སྟོན་པའི་ཆ་ལ་མི་བསླུ་བ་ཡིན་ཏེ། རང་གིས་མངོན་ལྐོག་གཉིས་སྟོན་པའི་ཆ་ལ་མི་བསླུ་བ་གང་ཞིག ཤིན་ལྐོག་སྟོན་པའི་ཆ་ལ་ཁས་བླངས་དང་རང་ཚིག་གིས་མི་གནོད་པའི་ཕྱིར་ཞེས་བྱ་བའི་ཚུལ་གྱིས་བསྒྲུབ་དགོས་ཏེ། ཇི་སྐད་དུ། མཐོང་དང་མ་མཐོང་དངོས་པོ་ཡི། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར། དེ་ལྟར་ན། གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་ལུང་ནི། རང་གི་བསྟན་བྱའི་དོན་རྟོགས་ཟིན་པའི་འོག་ཏུ་ལུང་ཚད་མར་ཁས་ལེན་པ་ཡིན་ལ་ཤིན་ལྐོག་སྟོན་པའི་ལུང་ནི་རང་གི་བསྟན་བྱའི་དོན་མ་ངེས་པའི་སྔ་རོལ་དུ་ཁས་ལེན་པ་ཡིན་ཏེ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྔར་མ་རྟོགས་པ་རྟོགས་པའི་ཐབས་ནི་ལུང་ཁོ་ནར་ངེས་པས་སོ། །དེའི་ཕྱིར་གཞལ་བྱའི་གནས་གསུམ་ཀ་སྟོན་པའི་ལུང་ནི་ཤིན་ལྐོག་གཅིག་པུའི་སྒྲུབ་བྱེད་དུ་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གསུམ་པ་བསལ་བྱ་སེལ་བའི་ཚུལ་ནི། འོ་ན་ཡིད་ཆེས་པའི་ལུང་དང་རང་ཚིག་གིས་རང་གི་བསལ་བྱ་སེལ་བའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་སྔ་རབས་པ་དག་སྡེ་བདུན་གྱི་དགོངས་པ་འགྲེལ་བའི་སློབ་དཔོན་རྣམས་ལ་ལུང་གེགས་བྱེད་དུ་འདོད་པའི་ཕྱོགས་རྣམ་པ་གཉིས་ཡོད་དོ་ཞེས་གསུང་མོད། གཞུང་ལས་གེགས་བྱེད་དང་གནོད་བྱེད་གཉིས་ཀ་བཤད་ཀྱང༌། སྐབས་འདིའི་བསལ་བྱ་སེལ་བ་ལ་ནི་གནོད་བྱེད་ཁོ་ན་དགོས་པ་ཡིན་ཏེ། ཚད་མས་བསལ་བ་དགོས་པའི་ཕྱིར་དེ་སྐད་དུ་ཡང༌། གཞལ་བྱ་གཉིས་ལ་ཚད་མ་གཉིས། །སྐལ་བའི་དོན་ལ་རང་ཚིག་གིས། །མི་གནོད་གསུང་རབ་ཉིད་ཀྱི་ལུང༌། །རྗེས་སུ་དཔག་པར་བསྡུས་ཏེ་གསུངས། །དེས་ན་རིགས་པས་གྲུབ་པའི་ལུང༌། །ཚད་མ་ཉིད་ཡིན་མ་གྲུབ་ན། །རང་གི་ཚིག་དང་མཚུངས་པའི་ཕྱིར། །གེགས་བྱེད་ཉིད་དུ་བཞེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱས་པར་བཤད་ན་འདི་ཡིན་ཏེ། རང་ཚིག་ལ་གཉིས་ཏེ། རྒྱབ་རྟེན་ཚད་མ་ཡོད་པ་དང་མེད་པའོ། །ཡོད་པ་ལ་གཉིས་ཏེ། མངོན་ལྐོག་སྟོན་པ་དང་ཤིན་ལྐོག་སྟོན་པའོ། །དང་པོ་གསུམ་ནི། རང་འགལ་དམ་བཅའི་དོན་ལ་གེགས་བྱེད་ཁོ་ན་ཡིན་ཏེ། གང་རུང་གང་ཞིག་གནོད་པ་བྱེད་མི་ནུས་པའི་ཕྱིར། མི་ནུས་པ་ཡིན་ཏེ། རྒྱབ་རྟེན་ཚད་མ་མེད་པའི་ཕྱིར་དང༌། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་ཤིན་ལྐོག་སྟོན་པའི་རང་ཚིག་ནི། ལོག་ཕྱོགས་ལ་གནོད་བྱེད་ཁོ་ན་ཡིན་ཏེ། ཇི་སྐད་དུ། དེ་དག་གང་ལ་ཚད་མ་ཡོད། །དེ་ནི་གཞན་ལ་གནོད་བྱེད་འགྱུར། །ཞེས་གསུངས་པ་ལྟར་རོ། །ལུང་ཚིག་ལ་ཡང་གཉིས་ཏེ། རྒྱབ་རྟེན་ཚད་མ་མེད་པ་དང་ཡོད་པའོ། །ཡོད་པ་ལ་ཡང་གཉིས་ཏེ། མངོན་ལྐོག་སྟོན་པ་དང་ཤིན་ལྐོག་སྟོན་པའོ། །དང་པོ་གསུམ་ནི། གེགས་བྱེད་ཁོ་ན་སྟེ་སྒྲུབ་བྱེད་སྔ་མ་དང་མཚུངས་པའི་ཕྱིར། དེ་ཡང་ཇི་སྐད་དུ། དེ་ལ་བརྟེན་མིན་དངོས་པོ་ལ། །བསྟན་བཅོས་དང་འགལ་བརྗོད་ན་ཡང༌། །ཞེས་སོགས་གསུངས་པས་སོ། །གཉིས་པ་ནི། གནོད་བྱེད་ཁོ་ན་སྟེ། གནས་གསུམ་པ་ལ་ལུང་གནོད་སྒྲུབ་ཀྱི་ཡན་ལག་ཏུ་འཇོག་པའི་ཕྱིར་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པ་སྔར་གེགས་བྱེད་པར་བཤད་པ་དེ་ལས་གཞན་གཅིག་ཡིན་ནོ། །སྐབས་འདིར་གལ་ཆེ་བའི་དོན་འདི་ཤེས་དགོས་ཏེ། ཡིད་ཆེས་པའི་སྟོབས་ཀྱིས་གནོད་པ་དང༌། དངོས་པོ་སྟོབས་ཞུགས་ཀྱིས་གནོད་པ་སོ་སོར་ཤེས་དགོས་སོ། །ཇི་ལྟར་ཞེ་ན། དེ་ལྟ་མིན་ན་རིགས་བྲལ་གྱི། །དམ་བཅའ་ཇི་བཞིན་དོན་ཅན་གྱི། །རྗེས་དཔག་ལ་ནི་ཇི་ལྟར་གནོད། །ཅེས་པར་སྒྲ་མི་རྟག་པར་སྟོན་པའི་ལུང་གིས་སྒྲ་རྟག་པ་ལ་གནོད་པར་བཤད་པ་དེ་ནི། དངོས་པོ་སྟོབས་ཞུགས་ཀྱི་གནོད་ཚུལ་ཡིན་ཏེ། ལུང་དེའི་དོན་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་དེས་དེ་ལ་གནོད་པ་ཡིན་པའི་ཕྱིར། འདི་ལ་ལུང་གིས་གནོད་པ་ཞེས་མི་བྱ་སྟེ། ཇི་སྲིད་ལུང་དེའི་དོན་ཚད་མས་མ་གྲུབ་པ་དེ་སྲིད་དུ་ནི་ལུང་དེ་ཚད་མར་མི་འགྱུར་ལ། གྲུབ་ནས་ནི་ཚད་མ་སྔ་མས་གནོད་པ་བྱས་ཟིན་པའི་དོན་ལ་ལུང་གི་གནོད་པ་བྱར་མེད་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། གཞལ་བྱའི་གནས་དང་པོ་གཉིས་གང་རུང་སྟོན་པའི་ལུང་ཡིན་པའི་ཕྱིར། ཡང་གལ་ཆེ་བའི་དོན་འདི་ཤེས་དགོས་ཏེ། སྔར་སྒྲ་མི་རྟག་པར་ཁས་བླངས་ནས་ཕྱིས་སྒྲ་རྟག་པར་ཁས་བླངས་པ་དེའི་ཚེ། སྔ་མ་ལ་རྒྱབ་རྟེན་ཚད་མ་ཡོད་པ་དེའི་ཚེ་ཁས་བླངས་དངོས་འགལ་དང་གནོད་བྱེད་ཡིན་ལ། མེད་ན་ནི་ཕན་ཚུན་གེགས་བྱེད་ཙམ་ལ་རང་ཚིག་འགལ་བར་བཏགས་པ་ཡིན་གྱི། འགལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ནོ། །ཡང་སྔར་སྒྲ་རྟག་པར་ཁས་བླངས་ནས་ཕྱིས་མི་རྟག་པར་ཁས་བླངས་པ་དེའི་ཚེ། ཕྱི་མ་ལ་རྒྱབ་རྟེན་ཚད་མ་ཡོད་ན་ནི་དངོས་འགལ་ལྟ་ཞོག རང་ཚིག་འགལ་བ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཁས་བླངས་སྔ་མ་བོར་ནས་ཚད་མས་གྲུབ་པའི་དོན་ཕྱི་མ་ཁས་བླངས་པའི་ཕྱིར། དེ་ལྟ་མ་ཡིན་པར་དེའི་ཚེ། རང་ཚིག་འགལ་བ་ཡོད་ན་ནི་ཕྱིར་རྒོལ་གྱི་རྒྱུད་ལ་རྗེས་དཔག་ཚད་མ་སྐྱེས་པ་དེའི་ཚེ། བསྒྲུབ་བྱ་སྐྱོན་ཅན་དུ་འགྱུར་ཏེ། ཚད་མ་དེའི་ཞེན་དོན་དེ་རང་ཚིག་སྔ་ཕྱི་འགལ་བའི་དམ་བཅའི་ཞེན་དོན་ཡིན་པའི་ཕྱིར། དེ་དག་གིས་ནི་སེལ་བྱེད་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་བསལ་བྱ་ལ། སྤྱིར་རང་ཚིག་དང་ཁས་བླངས་ཙམ་གྱི་བསལ་པ་དང༌། སྐབས་སུ་བབ་པ་ཡིད་ཆེས་པའི་རང་ཚིག་དང་ཁས་བླངས་ཀྱི་བསལ་པའོ། །དང་པོ་ལ། ཁས་བླངས་ཀྱི་དང༌། རང་ཚིག་གིའོ། །དང་པོ་ལ། མངོན་གྱུར་གྱི་དབང་དུ་བྱས་པ་དང༌། ཅུང་ཟད་ལྐོག་གྱུར་གྱི་དབང་དུ་བྱས་པའི་ཁས་བླངས་ཀྱི་བསལ་པའོ། །དང་པོ་ནི། ངའི་མ་མོ་གཤམ་མོ་ཞེས་དམ་བཅས་པའི་ཞེན་དོན་ལྟ་བུ་དང༌། །གཉིས་པ་ནི། སྒྲ་མི་རྟག་པར་སྟོན་པའམ་རྟག་པར་སྟོན་པའི་ལུང་ཚད་མར་ཁས་བླངས་ནས། དེ་ལས་བཟློག་པའི་དོན་དམ་བཅས་པའི་ཞེན་དོན་ལྟ་བུའོ། །གཉིས་པ་ལ་ཡང༌། མངོན་གྱུར་གྱི་དབང་དུ་བྱས་པ་དང༌། ཅུང་ཟད་ལྐོག་གྱུར་གྱི་དབང་དུ་བྱས་པའོ། །དང་པོ་ནི། ངག་ཐམས་ཅད་བརྫུན་པའི་དོན་ཅན་ནོ་ཞེས་དམ་བཅས་པའི་ཞེན་དོན་ལྟ་བུ། གཉིས་པ་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་དམ་བཅས་པའི་དོན་ལྟ་བུའོ། །གཉིས་པ་ལ་རྩ་བའི་དབྱེ་བ་ནི། སྔར་བཤད་ཟིན་པ་དེ་ཉིད་ཡིན་ན། དེ་རེ་རེ་ལ་ཡང་ཆོས་དང་ཆོས་ཅན་གྱི་དབྱེ་བ་ཕྱེ་ནས་ཆོས་ཅན་མངོན་གྱུར་གྱི་སྟེང་དུ་ཆོས་ཤིན་ཏུ་ལྐོག་གྱུར་ཚད་མས་གྲུབ་པ་དང་འགལ་བའི་བསལ་བ་དང༌། ཆོས་ཅན་ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ་ཆོས་མངོན་གྱུར་ཚད་མས་གྲུབ་པ་དང་འགལ་བའི་བསལ་བ་དང༌། ཆོས་ཅན་ཤིན་ལྐོག་གི་སྟེང་དུ་ཆོས་ཀྱང་ཤིན་ལྐོག་ཚད་མས་གྲུབ་པ་དང་འགལ་བའི་བསལ་བ་རྣམས་སོ། །དང་པོ་ནི། སྦྱིན་པ་བཏང་བ་ལས་ལོངས་སྤྱོད་མི་འབྱུང་བ་ལྟ་བུའོ། །གཉིས་པ་ནི། རྣམ་མཁྱེན་མེད་པ་དང་རྟག་པ་ལྟ་བུའོ། །གསུམ་པ་ནི། ཤཱཀྱ་ཐུབ་པའི་ཡེ་ཤེས་རྣམ་མཁྱེན་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །མདོར་ན་ཆོས་ཅན་ཤིན་ལྐོག་གི་སྟེང་དུ་ཚད་མས་མ་གྲུབ་པའི་དོན་གང་དམ་བཅས་ཀྱང་ཡིད་ཆེས་ཀྱི་བསལ་པ་ལས་མ་འདས་པ་ཡིན་ཏེ། དེའི་ལོག་ཕྱོགས་ཡིད་ཆེས་པའི་ཚད་མ་ཁོ་ནས་གྲུབ་པའི་ཕྱིར། ཡང་ཆོས་ཅན་ཚད་མས་མ་གྲུབ་པའི་སྟེང་དུ་ཆོས་ཤིན་ཏུ་ལྐོག་གྱུར་གང་དམ་བཅས་ཀྱང༌། སྤྱིར་ཚད་མའི་བསལ་པ་དང༌། བྱེ་བྲག་ཡིད་ཆེས་པའི་བསལ་པར་འགྱུར་བ་ཡོད་དེ། དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །དེ་ཇི་ལྟར་ཞེ་ན། རང་རེའི་སྟོན་པ་ཐུགས་རྗེ་ཅན་ཆོས་ཅན། སྒྲུབ་བྱེད་ལ་བལྟོས་ནས་ཚད་མར་འཁྲུངས་པ་ཡིན་ཏེ། དེ་ལྟར་དུ་ཚད་མའི་མདོར་གསུངས་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའི་ཚད་མས་སེལ་ཏེ། སྟོན་པ་རང་བྱུང་གི་ཚད་མ་ཡིན་པ་དངོས་སུ་སེལ་ལ། སྤྱིར་རྟག་པ་རང་བྱུང་གི་ཚད་མ་ཡོད་པ་རྒྱུད་ནས་སེལ་བའི་ཕྱིར་རོ། །དེས་ཉེ་བར་མཚོན་ནས་ཆོས་ཅན་གཞི་མ་གྲུབ་པའི་སྟེང་དུ་ཆོས་མངོན་སུམ་གྱི་གྲུབ་པའི་དོན་དམ་བཅས་ན་མངོན་སུམ་གྱིས་བསལ་པ་དང༌། ཡང་ཆོས་ཅན་དེའི་སྟེང་དུ་དངོས་སྟོབས་ཚད་མས་གྲུབ་པའི་དོན་དམ་བཅས་ན་རྗེས་དཔག་གི་བསལ་པ་དང༌། ཡང་དེའི་སྟེང་དུ་གྲགས་པ་གྲུབ་པའི་དོན་དམ་བཅས་ན་གྲགས་པའི་བསལ་པར་བཞག་དགོས་པ་ཡིན་ཏེ། དེ་དང་དེའི་ལོག་ཕྱོགས་ཚད་མ་དེ་དང་དེས་གྲུབ་པའི་ཕྱིར། དེ་དག་གི་དཔེ་ནི་རིམ་པ་བཞིན་དུ། རི་བོང་གི་རྭ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དང༌། རི་བོང་གི་རྭ་མི་རྟག་པ་ཡིན་པ་དང༌། དེ་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །འོ་ན་ཆོས་ཅན་མེད་པ་ལ་བཟློག་ཕྱོགས་ཀྱི་རྗེས་དཔག་ཇི་ལྟར་ཡོད་ཅེ་ན། དགག་པའི་གཏན་ཚིགས་རྣམས་ལ་ནི། །ཆོས་ཅན་རྟག་པའི་གཞན་སེལ་ཡིན། །ཞེས་གསུངས་པ་ལྟར་ཁས་ལེན་ནོ། །དོན་དེ་ལ་དགོངས་ནས་བསལ་པ་འཆད་པའི་སྐབས་སུ། །རང་རྟེན་ལའོ་ཞེས་གསུངས་པ་ཡིན་ཏེ། ཆོས་ཅན་གཞི་མ་གྲུབ་པ་གཅིག་གི་སྟེང་ཏུ་ཆོས་གཞི་གྲུབ་པ་ཞིག་དམ་བཅས་ན། དེའི་ཞེན་དོན་ཚད་མས་བསལ་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་ཡང་དག་མིན་དགོས་སོ་ཞེས་བསྟན་པའི་ཕྱིར། དེ་ལྟར་བཤད་པ་ན། རྟེན་ཆོས་ཅན་མེད་ན་བསྒྲུབ་བྱ་ཡང་དག་མིན་དགོས་སོ་ཞེས་པ་རང་རྟེན་ལ་སྨོས་པའི་དགོས་པ་མིན་ཏེ། གལ་ཏེ་ཡིན་ན། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །ད་ནི་དོགས་པ་འདི་དཔྱད་པར་བྱ་སྟེ། རང་ཚིག་དང་འགལ་བ་དང༌། བསྟན་བཅོས་དང་འགལ་བ་གཉིས་ཀ་ལ། མཚན་ཉིད་པ་གནོད་བྱེད་དུ་སོང་བ་དང༌། བཏགས་པ་བ་གེགས་བྱེད་དུ་སོང་བའོ། །དང་པོ་ནི། ཕྱོགས་སྐྱོན་དངོས་ཡིན་ལ། གཉིས་པ་ནི། མ་ཡིན་ཏེ། རང་ཚིག་དང་བསྟན་བཅོས་ཀྱི་གེགས་བྱས་བསྒྲུབ་བྱ་ལ་ཐེ་ཚོམ་བསྐྱེད་པ་ཡིན་ལ། དེ་ནི་བསྒྲུབ་བྱའི་སྐྱོན་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གེགས་ཀྱི་ཐེ་ཚོམ་བསྐྱེད་པ་ཡི། །སྒོ་ནས་སྐྱོན་དུ་སོང་བ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་ན་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཚད་མར་ཁས་ལེན་བཞིན་དུ་སྒྲ་མི་རྟག་པར་དམ་བཅས་པ་དེའི་ཚེ་ན། གེགས་བྱེད་ཙམ་དུ་གྱུར་པའི་རང་ཚིག་འགལ་བ་ཡོད་ཀྱང་བསྒྲུབ་བྱ་སྐྱོན་མེད་ཡིན་ཏེ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་ཕྱིར། འོ་ན་ཇི་སྐད་དུ། ཚིག་དེས་བསྒྲུབ་བྱ་མི་འགྲུབ་པའི། །སྒོ་ནས་སྐྱོན་དུ་འཇོག་པ་ཡིན། །ཞེས་རང་ཚིག་འགལ་བའི་གེགས་བྱེད་དེ་ཕྱོགས་སྐྱོན་དུ་བཤད་པ་མིན་ནམ་ཞེ་ན། དེ་སྐད་དུ་གསུངས་པ་དེ་ནི་བརྗོད་ཚུལ་ལ་སྐྱོན་ཆགས་པའི་རྒྱུ་མཚན་གྱིས་བརྗོད་པ་སྐྱོན་ཅན་དང༌། འགལ་བ་འདུས་པའི་དམ་བཅའ་དེ་རྟགས་ཀྱིས་བསྒྲུབ་མི་ནུས་པའི་རྒྱུ་མཚན་གྱིས་རྒོལ་བ་ཚར་བཅད་ཀྱི་གནས་སུ་བཞག་པ་ཡིན་གྱི། དམ་བཅའ་སྐྱོན་ཅན་དུ་སྟོན་པ་མ་ཡིན་ཏེ། ཇི་སྐད་དུ། དམ་བཅའ་རང་གི་བསལ་པ་སྟོན། །འགལ་བ་འདུས་ན་དམ་བཅའ་འཇིག །དེས་ན་བརྗོད་པ་སྐྱོན་ཅན་གྱིས། །རྩོད་པའི་སྐབས་སུ་ཕམ་པ་བསྐྱེད། །ཅེས་གསུངས་པས་སོ། །དེ་ལས་གཞན་དུ་བསྒྲུབ་བྱ་མི་འགྲུབ་པ་ཕྱོགས་སྐྱོན་དུ་བཞག་ན་རིགས་པ་མཁྱེན་པའི་གཞུང་དང་འགལ་བ་ཡིན་ཏེ། ཇི་སྐད་དུ། དེ་ལས་ཅིར་འགྱུར་དེ་མི་ནུས། །ཞེས་སོགས་དང༌། རྟགས་ཀུན་རང་གི་བསྒྲུབ་བྱ་ལ། །ཞེས་སོགས་གསུངས་པ་དང་འགལ་བའི་ཕྱིར། ཅི་སྟེ་འགལ་བ་འདུས་ན་དམ་བཅའ་འཇིག་པར་བཤད་པས་ཕྱོགས་སྐྱོན་དུ་སོང་ངོ་ཞེ་ན། དེ་ལྟར་འདོད་ན་ཡང་རིགས་པ་མཁྱེན་པའི་གཞུང་དང་འགལ་བ་ཡིན་ཏེ། གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཞེས་སོགས་རང་སྒྲ་སྨོས་པའི་རྣམ་བཅད་ཀྱིས་བཀག་པ་དེ་ཉིད་སླར་འོངས་པ་ཡིན་པའི་ཕྱིར་རོ། །དོན་དེ་ཡང༌། ཇི་སྐད་དུ་རྣམ་པར་ངེས་པ་ལས། གེགས་བྱེད་པ་དེ་ལས་ཐེ་ཚོམ་དུ་འགྱུར་བ་ཁོ་ནར་ཟད་ལ། དེ་ནི་ཕྱོགས་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ལ་ཡང་མཚུངས་པའི་ཕྱིར། ཇི་ལྟར་ཕྱོགས་སྐྱོན་ཡིན་ཞེ་ན། དེའི་ཚིག་ལས་ངེས་པ་མི་སྐྱེ་བའི་ཕྱིར་ཚིག་སྐྱོན་ཆགས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལ། དེའི་དོན་སྒྲུབ་བྱེད་ཡང་དག་མིན་པའི་དོན་ཏེ་འོག་དེ་མ་ཐག་ཏུ། གཞན་དོན་རྗེས་སུ་དཔག་པར་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་ཅེས་གསུངས་པས་སོ། །འོ་ན་ལོག་ཕྱོགས་བསལ་པ་འཆད་པའི་སྐབས་སུ། རང་ཚིག་དང༌། བསྟན་བཅོས་ཀྱི་གེགས་བྱེད་པའི་ཚུལ་གཞུང་ལས་རྒྱས་པར་འབྱུང་བ་དེ་ཅི་ལ་དགོངས་པ་ཡིན་ཞེ་ན། དེ་ནི་སྒྲ་སྐྱོན་ལ་དགོངས་པ་ཡིན་གྱི། དོན་སྐྱོན་མ་ཡིན་ཏེ། ཚད་མ་རྣམ་པར་ངེས་པ་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ནི་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མ་ཡིན་པ་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར། ཞེས་གསུངས་པས་སོ། །དོན་འདི་དག་ནི་ཚད་མ་རྣམ་པར་ངེས་པ་ལས་རྒྱས་པར་འབྱུང་སྟེ། ཤེས་བྱེད་ཀྱི་ལུང་ནི་ཡི་གེ་མངས་པས་མ་བྲིས་སོ། །འོ་ན་གཞུང་དེ་ལས་ལུང་གེགས་བྱེད་པའི་ཕྱོགས་གསལ་བར་བཤད་པ་མ་ཡིན་ནམ་ཞེ་ན། དེའི་དོན་ནི་སྔར་རྒྱས་པར་བཤད་ཟིན་ལ། དེ་ལས་ཀྱང་ཅུང་ཟད་ཞིབ་ཏུ་ཕྱེ་ན། ཁས་བླངས་དང་རང་ཚིག་གཉིས་ལ་གེགས་གནོད་ཀྱི་དབྱེ་བ་ཅུང་ཟད་ཀྱང་མེད་ཀྱི། ངག་གི་དབྱེ་བ་ཁོ་ནའོ། །ཇི་ལྟར་ཞེ་ན། ཤིན་ལྐོག་སྟོན་པའི་ཚིག་ཏུ་ཁྱད་པར་མེད་ཀྱང་སྔ་ཕྱི་དང་དངོས་ཤུགས་ཀྱི་ཁྱད་པར་ལས་དེར་བཞག་པ་ཡིན་ནོ། །དེ་ཡང་ཆོས་ཅན་ཤིན་ལྐོག་དེ་ཚད་མས་གྲུབ་ལ། དེའི་སྟེང་གི་ཁྱད་པར་གྱི་ཆོས་ཚད་མས་མ་གྲུབ་ན་གེགས་བྱེད་ཁོ་ན་དང༌། དེ་ཡང་ཚད་མས་གྲུབ་པའི་ཚེ་ན་གནོད་བྱེད་ཁོ་ན་དང༌། གཞི་ཆོས་ཅན་ཚད་མས་མ་གྲུབ་ན་ནི་གེགས་བྱེད་དང་གནོད་བྱེད་གཉིས་ཀ་མ་ཡིན་གེགས་གནོད་སྒྲུབ་འཇུག་པའི་སྐབས་མེད་པའི་ཕྱིར། ཞེས་བྱ་བ་འདི་ཙམ་ཞིག་བཤད་པས། འདི་དང་གོང་གི་རང་རྟེན་འཆད་པའི་སྐབས་མི་འགལ་བའི་ཚུལ་དཔྱད་པར་བྱའོ། །དར་ཊཱིཀ་པ་སྒྲ་མི་རྟག་པར་སྟོན་པའི་ལུང་གིས་སྒྲ་རྟག་པ་ལ་མི་གནོད་པའི་རྒྱུ་མཚན་གྱིས་ལུང་གེགས་བྱེད་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་ཚད་མ་རྣམ་པར་ངེས་པའི་དོན་རགས་པ་ཙམ་ཞིག་རྒྱུ་མཚན་དུ་བྱས་པ་ཡིན་མོད། ཞིབ་ཏུ་མ་དཔྱད་པ་དང༌། གནས་གསུམ་པར་ནི་འཕོ་བ་ན། །ཞེས་སོགས་ཀྱི་དོན་མ་མཁྱེན་པ་དང༌། སྒྲ་མི་རྟག་པར་སྟོན་པའི་ལུང་སྒྲ་རྟག་པ་ལ་གེགས་བྱེད་ཡིན་ཞིང༌། རྣམ་མཁྱེན་མི་རྟག་པར་སྟོན་པའི་ལུང་རྣམ་མཁྱེན་རྟག་པ་ལ་གནོད་བྱེད་ཡིན་པའི་ཁྱད་པར་གཞུང་ལས་ཤིན་ཏུ་གསལ་བར་གསུངས་ཀྱང་མ་མཁྱེན་པར་ཟད་དོ། །ཞིབ་ཏུ་དཔྱད་ན་ཅིར་འགྱུར་ཞེ་ན། དེ་ལྟར་དཔྱད་ནས་གེགས་ཀྱིས་ཐེ་ཚོམ་ཙམ་བསྐྱེད་པ་དེ་ནི་རང་ཚིག་འགལ་བ་བརྗོད་པའི་བྱེད་པ་ཡིན་ལ། དེ་བརྗོད་པ་ཡང་གཞན་དོན་རྗེས་དཔག་གི་སྐྱོན་ཡིན་པས་འདིར་འཆད་ཀྱི་བསྒྲུབ་བྱའི་སྐྱོན་མིན་པ་ཤིན་ཏུ་གསལ་བའི་ཕྱིར། གསུམ་པ། སེལ་ནུས་པའི་རྒྱུ་མཚན་རྒྱས་པར་བཤད་པ་ནི། སེལ་བྱེད་སྦྱིན་པ་སྤྱད་པ་ལས་བདེ་བ་འབྱུང་བ་དང༌། རྣམ་མཁྱེན་མི་རྟག་པ་དེས་བསལ་བྱ་དེ་དང་དེའི་དངོས་ཀྱི་འགལ་ཟླ་དེ་སེལ་ནུས་པ་ཡིན་ཏེ། དེས་དེ་ལ་གནོད་པ་བྱེད་པའི་ཕྱིར། དེ་ཡིན་ཏེ། དེ་དང་དེ་ཚད་མས་གྲུབ། ཅིག་ཤོས་མ་གྲུབ་པའི་ཕྱིར། ཚད་མ་གང་གིས་གྲུབ་ཅེ་ན། རྗེས་སུ་དཔག་པའི་ཚད་མས་སོ། །འོ་ན་རྗེས་དཔག་དེའི་རྟེན་གཏན་ཚིགས་གང་ཡིན་ཞེ་ན། རྩ་བའི་སྦྱོར་བ་ནི། སྦྱིན་སོགས་ཆོས་ཅན། སྤྱད་པ་ལས་བདེ་བ་འབྱུང་སྟེ། དེ་འབྱུང་བར་དབུ་མ་རིན་ཆེན་ཕྲེང་བ་ལས་གསུངས་པའི་ཕྱིར། ཞེས་བཀོད་ནས། ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ལ། ཁྱབ་པ་ནི། སྦྱིན་པས་ལོངས་སྤྱོད་ཅེས་པའི་འཕགས་ཆེན་ཀླུ་སྒྲུབ་ཀྱི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ཤིན་ལྐོག་སྟོན་པའི་ལུང་ཡིན་པའི་ཕྱིར། ཞེས་སམ། ཡང་ན་དེ་ཆོས་ཅན་དེ་ལ་མི་བསླུ་བ་ཡིན་ཏེ། ཁྱོད་ཀྱི་ཁྱབ་བྱེད་གཏམ་བྱ་རིན་ཆེན་ཕྲེང་བ་དེ་དཔྱད་པ་གསུམ་གྱིས་རྣམ་པར་དག་པ་གང་ཞིག ཁྱོད་དེའི་ཁྱབ་བྱར་གྱུར་པའི་ཤིན་ལྐོག་སྟོན་པའི་ལུང་ཡིན་པའི་ཕྱིར། ཞེས་བསྒྲུབས་ནས་གཏན་ཚིགས་འདི་ལྟར་འགོད་དེ། སྤྱད་པ་ལས་བདེ་བ་འབྱུང་བར་རིན་ཆེན་ཕྲེང་བ་ལས་གསུངས་པ་ན། དེ་ལས་དེ་འབྱུང་བས་ཁྱབ། དཔེར་ན་གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་རིན་ཆེན་ཕྲེང་བའི་ལུང་བཞིན། སྦྱིན་སོགས་ཀྱང་སྤྱད་པ་ལས་བདེ་བ་འབྱུང་བར་རིན་ཆེན་ཕྲེང་བ་ལས་གསུངས་སོ་ཞེས་པའི་རྟགས་ལས་ཚུལ་གསུམ་དྲན་ལམ་དུ་འཕེན་པ་ཡིན་ནོ། །འོ་ན་སྒྲ་ཆོས་ཅན་མི་རྟག་སྟེ། མི་རྟག་པར་དེ་ལས་གསུངས་པའི་ཕྱིར། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ། ཁྱབ་པ་ནི། དེ་དེར་སྟོན་པའི་ལུང་ཆོས་ཅན། རང་གི་དེ་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པའི་རྟགས་ལས་དེ་དེར་རྟོགས་པའི་རྗེས་དཔག་བསྐྱེད་པར་མཚུངས་པ་མ་ཡིན་ནམ་ཞེ་ན། དེའི་དོན་མི་མཚུངས་པའི་ཚུལ་ནི། ཡོངས་རྟགས་ཡོངས་སུ་ལེན་པའི་ཕྱིར། །ཞེས་གསུངས་ལ། ཚིག་མི་མཚུངས་པའི་ཕྱིར་དུ་ནི་ཤིན་ལྐོག་སྟོན་པའི་ལུང་ཡིན་པའི་ཕྱིར་ཞེས་སྦྱོར་བ་ཡིན་ནོ། །འོ་ན་ཚད་མ་སྔ་མས་དམ་བཅའ་ཕྱི་མའི་ཞེན་དོན་སེལ་བ་ཡིན་ནམ། ཕྱི་མས་སྔ་མའི་ཞེན་དོན་སེལ་བ་ཡིན་ཞེ་ན། དང་པོ་ཡིན་ཏེ། ཇི་སྐད་དུ། ངེས་པ་སྐྱེས་པ་སྒྲོ་འདོགས་ཕྱིས། །མི་སྐྱེ་བ་ནི་བློ་ཡི་ཡིན། །ཞེས་གསུངས་སོ། །ཕྱི་མ་ནི་མ་ཡིན་ཏེ། ཚད་མ་ཕྱི་མ་ནི་དམ་བཅའ་སྔ་མའི་ཞེན་དོན་དང་འགལ་བ་མེད་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་ཤིན་ཏུ་ཤེས་པར་དཀའ་བ་ཡིད་ཆེས་པའི་བསལ་པ་ལེགས་པར་བཤད་པ་ཡིན་ནོ།། །།གཉིས་པ་གྲགས་པའི་བསལ་པ་ལ་མཚན་ཉིད་ནི། གྲགས་པའི་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །གཉིས་པ་རྣམ་གཞག་ལ། སེལ་བྱེད་བསལ་བྱ་སེལ་ནུས་པའི་རྒྱུ་མཚན་གསུམ་གྱི་སྒོ་ནས་གྲགས་བསལ་གྱི་རང་བཞིན་མདོར་བསྟན་པ་དང༌། དེ་ཉིད་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་ལུང་དང་སྦྱར་བའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ། གྲགས་པ་མཚན་ཉིད་པ་ཡིན་ཅིང༌། སེལ་བྱེད་བཏགས་པར་གྱུར་པ་ཡུལ་ཅན་གྱི་གྲགས་པ་དང༌། གྲགས་པ་བཏགས་པ་བ་ཡིན་ཞིང༌། སེལ་བྱེད་མཚན་ཉིད་པར་གྱུར་པ་ཡུལ་གྱི་གྲགས་པའོ། །དང་པོ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་འཛིན་པའི་རྟོག་པ་དང༌། དེར་བརྗོད་པའི་སྒྲའོ། །གཉིས་པ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །དང་པོ་ནི། གྲགས་པ་མཚན་ཉིད་པ་ཡིན་ཏེ། གྲགས་པ་དག་ཀྱང་མི་རྣམས་ཚིག །ཅེས་དང༌། ཆོས་མཆོག་གིས། གྲགས་པ་ནི་རྣམ་པར་རྟོག་པ་བཏིང་ཚུགས་པའོ། །ཞེས་བཤད་པ་ལྟར་སེལ་བྱེད་ནི་བཏགས་པ་བ་ཡིན་ཏེ། ཡུལ་གྱི་བསལ་པ་ལ་ཡུལ་ཅན་གྱི་བསལ་པར་བཏགས་པའི་ཕྱིར། ཇི་སྐད་དུ། འཇལ་བྱེད་སྒྲ་སྒྲོགས་བཏགས་ནས་བརྗོད། །ཅེས་གསུངས་པས་སོ། །གཉིས་པ་ནི། གྲགས་པ་བཏགས་པ་བ་ཡིན་ཏེ། ཇི་སྐད་དུ། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད། །ཅེས་གསུངས་པས་སོ། །སེལ་བྱེད་མཚན་ཉིད་པ་ཡིན་ཏེ། བསལ་བྱ་དེའི་དངོས་ཀྱི་འགལ་ཟླ་གང་ཞིག་ཚད་མས་གྲུབ་པའི་ཕྱིར། ཡང་སེལ་བྱེད་མཚན་ཉིད་པ་དེ་ལ་དབྱེ་ན། བརྗོད་རུང་གི་གྲགས་པ་དང༌། སྒྲ་བྱུང་གི་གྲགས་པའོ། །དང་པོ་ནི། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །གཉིས་པ་ནི། རི་བོང་ཅན་ལྟ་བུ་འཇིག་རྟེན་ན་ཟླ་བར་གྲགས་ཟིན་པའི་དོན་འགའ་ཞིག་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེའོ། །གྲགས་པ་འདི་གཉིས་ལ་ཐ་སྙད་དེ་ལྟར་བཏགས་པ་ནི་རིགས་གཏེར་མཛད་པའི་ལུགས་ཡིན་ལ། རྔོག་ལོ་ཆེན་པོ་ནི། བརྡའི་རུང་བ་དང་སྐྱེས་བུའི་ངེས་པ་ཞེས་བྱ་བའི་ཐ་སྙད་མཛད་དོ། །ཡང་ན་འདི་སྙམ་དུ་སེམས་ཏེ། དོན་ཐམས་ཅད་དངོས་པོའི་ཐ་སྙད་བྱ་རུང་ཡིན་པ་ལྟ་བུ་བརྡ་དུས་ཀྱི་གྲགས་པ་དང༌། དོན་བྱེད་ནུས་པ་ཁོ་ན་དངོས་པོའི་ཐ་སྙད་བྱ་རུང་ཡིན་པ་ལྟ་བུ་ཐ་སྙད་དུས་ཀྱི་གྲགས་པ་གཉིས་སོ། །འདི་ནི་རིགས་གཏེར་མཛད་པས་བཀག་པ་མིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། སྒྲའི་དོན་ལ་གཅིག་ཉིད་དུ། །འཁྲུལ་པས་ཐ་སྙད་སྦྱོར་བ་ནི། །འཇིག་རྟེན་དོན་ལ་མི་བསླུའི་ཕྱིར། །གྲགས་པའི་རྗེས་དཔག་ག་ལ་འགལ། །ཞེས་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པ་གྲགས་པའི་གཏན་ཚིགས་སུ་གསུངས་པའི་ཕྱིར། གཉིས་པ་བསལ་བྱ་ནི། རྟོག་ཡུལ་ན་ཡོད་པའི་དོན་ཐམས་ཅད་དམ་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་ལྟ་བུ་དང༌། བུམ་པ་དངོས་པོའི་ཐ་སྙད་བྱ་རུང་མིན་པ་དང༌། ཡང་བུམ་པ་དོན་བྱེད་ནུས་པར་ཚད་མས་ངེས་ནས། བུམ་པ་དངོས་པོ་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །དེ་དང༌། གྲགས་བསལ་ཡིན་ཏེ། གྲགས་པས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཡིན་པའི་ཕྱིར། ཡང་རི་བོང་གི་རྭ་ལ་སོགས་པ་ཤེས་བྱ་ལ་མི་སྲིད་པའི་དོན་རྣམས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་ཡིན་པ་དེ་ཡང་གྲགས་པའི་བསལ་བ་ཡིན་ཏེ། རྟེན་ཆོས་ཅན་གྲགས་པས་བསལ་ན་དེ་ལ་བརྟེན་པའི་བསྒྲུབ་པའི་ཆོས་ཀྱང་གྲགས་པས་བསལ་དགོས་པའི་ཕྱིར། དཔེར་ན་ཆོས་ཅན་དབང་ཕྱུག་རྟག་པ་ཡིད་ཆེས་པའི་ཚད་མས་བསལ་ན། དེ་ཚད་མའི་སྐྱེས་བུ་ཡིན་པ་དེ་ཡང་དེས་བསལ་དགོས་པ་བཞིན་ནོ། །དོན་དེ་དག་ནི་ཇི་སྐད་དུ། ཆོས་ཅན་ལ་ནི་གནོད་པས་ཀྱང༌། །གནོད་འགྱུར་ཞེས་ནི་གྲུབ་དོན་ཏེ། །ཞེས་གསུངས་པའི་དགོངས་པའོ། །གསུམ་པ་ནི། དེས་དེ་སེལ་ནུས་པ་ཡིན་ཏེ། ཟླ་བ་ཞེས་པའི་སྒྲ་དེ་སྐྱེས་བུའི་འདོད་པ་ཙམ་གྱིས་འཇུག་པས་དོན་གང་ལ་བརྡའ་སྦྱར་ཡང་འཇུག་ཏུ་རུང་བའི་ཕྱིར། ཇི་སྐད་དུ། འདོད་པས་འཇུག་ཕྱིར་དགག་མེད་པ། །ཞེས་དང༌། རིགས་པའི་གཏེར་ལས། བརྗོད་འདོད་དབང་གིས་འཇུག་པ་ཡང༌། །བསྒྲུབས་ཟིན་དེས་ན་གྲགས་པའང་འགྲུབ། །ཅེས་གསུངས་པས་སོ། །དེ་བཞིན་རི་བོང་གི་རྭ་ཚད་མས་བསལ་པའི་རྒོལ་བའི་ངོར་རྭ་མི་རྟག་པར་དམ་བཅས་པའི་ཚེ་ཡང་ཆོས་ཅན་ཚད་མས་བསལ་བའི་ཚེ་བསྒྲུབ་བྱ་ལ་བསལ་པ་ཞུགས་པར་བཞག་ནུས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རིག་པ་མཁྱེན་པའི་ལུང་དང་སྦྱར་བ་དང༌། བདག་ཉིད་ཆེན་པོའི་ལུང་སྦྱར་བ། དེ་དག་གི་དགོངས་པ་དཔྱད་པའོ། །དང་པོ་ནི། །སེལ་བྱེད་བརྗོད་རུང་གི་གྲགས་པ། དེའི་ལོག་ཕྱོགས་གྲགས་བསལ་ཡིན་པའི་རྒྱུ་མཚན། དེས་དེ་སེལ་ནུས་པའི་ཚུལ་དང་བཅས་པ་རྣམས་ནི་རིགས་པ་མཁྱེན་པའི་གཞུང་ཁོ་ན་ལས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། སྐྱེས་བུའི་འདོད་དང་རྗེས་འབྲེལ་བ། །ཞེས་པ་ནས། དེ་ལ་དེ་ནི་གྲུབ་པ་ཡིན། །ཞེས་པའི་བར་གྱིས་དོན་དེ་དག་གསལ་བར་གསུངས་པའི་ཕྱིར། གཉིས་པ་ནི། སེལ་བྱེད་སྒྲ་བྱུང་གི་གྲགས་པ། དེའི་ལོག་ཕྱོགས་གྲགས་བསལ་ཡིན་པའི་རྒྱུ་མཚན་དེས་དེ་སེལ་ནུས་པའི་ཚུལ་དང་བཅས་པ་རྣམས་ནི་བདག་ཉིད་ཆེན་པོའི་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་རིགས་པ་མཁྱེན་པས་བཀྲལ་བ་ཡིན་ཏེ། ཇི་སྐད་དུ། སྒྲ་དོན་ལ་དབང་འཇུག་མེད་ཕྱིར། །ཞེས་པ་ནས། རུང་བ་ཡུལ་ཅན་གྱིས་གནོད་བྱེད། །ཅེས་པའི་བར་གྱིས་དོན་དེ་དག་གསལ་བར་བཤད་པའི་ཕྱིར། ཡང་གྲགས་པ་སྔ་མ་སེལ་བྱེད་དང་བཅས་པ་བདག་ཉིད་ཆེན་པོའི་དགོངས་པ་མིན་ནོ་སྙམ་པའི་དོགས་པ་འགོག་པའི་དབང་དུ་བྱས་ནས། གཞན་དུ་འདིར་ནི་གནོད་པ་ཡི། །གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། །ཞེས་པའི་རྐང་པ་གཉིས་གསུངས་སོ། །འདི་དག་གི་དོན་ངེས་པར་བྱ་བ་ལ་བསལ་བྱ་རྒྱས་པར་བཤད་པ་དང༌། སེལ་བྱེད་རྒྱས་པར་བཤད་པ། སེལ་ནུས་པའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་གྲགས་པའི་བསལ་བ་ཁས་ལེན་པའི་རྒོལ་བ་ཇི་ལྟ་བུ། དེས་ཁས་བླངས་པའི་གྲགས་བསལ་གང་ཞེ་ན། འདི་ལ་གཞུང་གིས་བསྟན་ཚུལ་དང༌། དེས་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ནི། གྲགས་པ་ལ་ལོག་པར་ཞུགས་པ་བརྡ་སྤྲོས་པ་དག་ན་རེ། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་སྟེ། ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་སྐད་ཟེར་བའི་རྒྱུ་མཚན་ཡང༌། མིང་ལ་རྣམ་པ་གཉིས་ཏེ། རྒྱུ་མཚན་ཅན་གྱི་མིང་དང༌། རྒྱུ་མཚན་ལ་མ་ལྟོས་པར་འདོད་རྒྱལ་བའི་སྒྲ་གཉིས་སོ། །དང་པོ་ནི། རི་བོང་ཅན་ལ་རྒྱུ་སྐར་གྱི་རྒྱལ་པོ་ཞེས་དང༌། བསིལ་ཟེར་ཅན་དང༌། མཚན་མོའི་མགོན་ལ་སོགས་པའི་མིང་གིས་བཏགས་ཤིང༌། འཇིགས་རྟེན་ན་གྲགས་པ་དེ་ནི་གྲགས་པ་དོན་མཐུན་དང་དེའི་ལོག་ཕྱོགས་གྲགས་པའི་བསལ་བ་ཡིན་ཏེ། མིང་དེ་དག་དོན་དེ་ལ་འཇུག་ཏུ་རུང་བའི་ཕྱིར། དེའི་རྒྱུ་མཚན་ཡང་མིང་དོན་ལ་དངོས་པོའི་འབྲེལ་པ་གྲུབ་པའི་ཕྱིར། བཤད་པ་རྒྱུ་མཚན་ཅན་གྱི་མིང་ཡིན་པའི་ཕྱིར། དཔེར་ན། མཚོ་ལས་སྐྱེས་པའི་པདྨོ་ལ་མཚོ་སྐྱེས་ཞེས་བརྗོད་པ་དང༌། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པ་དང༌། གླང་པོ་ཆེ་ལ་ལག་ལྡན་ཞེས་བརྗོད་པ་དང༌། ཉིན་མོར་བྱེད་པ་ལ་ཚ་ཟེར་ཅན་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། རི་བོང་ཅན་ལ་ཟླ་བ་ཞེས་བརྗོད་པ་དང༌། ནོག་སོགས་འདུས་པའི་གོང་བུ་ལ་བ་ལང་ཞེས་བརྗོད་པ་དང༌། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལ་ཤིང་ཞེས་བརྗོད་པ་དང༌། མི་བླུན་པོ་ལ་བ་གླང་ཞེས་བརྗོད་པ་དང༌། མཁས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བརྗོད་པ་དང༌། ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་དང༌། བྲམ་ཟེའི་ཁྱེའུ་ལ་སྐར་མ་ཞེས་བརྗོད་པ་དང༌། ཁྱིམ་བདག་ལ་སེང་གེ་ཞེས་བརྗོད་པ་དང༌། འཇིག་རྟེན་རྒན་པོ་ལ་གཙོ་བོ་ཞེས་བརྗོད་པ་ལ་སོགས་པ་སྐྱེས་བུའི་འདོད་པ་ཙམ་གྱིས་སྦྱར་ཞིང༌། སྦྱར་བ་ལྟར་འཇིག་རྟེན་ན་གྲགས་པ་དེ་དག་ནི་གྲགས་པ་མཚན་ཉིད་པ་མ་ཡིན་ཏེ། སྒྲ་དོན་ལ་དངོས་པོའི་འབྲེལ་བ་མེད་པའི་ཕྱིར། སྒྲ་དེ་དག་སྐྱེས་བུའི་འདོད་པ་ཙམ་གྱིས་སྦྱར་བའི་ཕྱིར་དང༌། བཤད་པ་རྒྱུ་མཚན་ཅན་གྱི་སྒྲ་མིན་པའི་ཕྱིར། དེ་དག་གི་ལོག་ཕྱོགས་གང་དང་གང་ཡིན་པ་དེ་ཡང་གྲགས་པའི་བསལ་བ་མ་ཡིན་ཏེ། ལོག་ཕྱོགས་ཀྱི་དོན་དེ་དག་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར་དང༌། དེ་ལ་བརྟེན་པའི་རྗེས་དཔག་ཡོད་པའི་ཕྱིར་ཇི་ལྟར་ཡོད་ཅེ་ན། ནོག་སོགས་འདུས་པའི་གོང་བུ་ཆོས་ཅན། བ་གླང་ཞེས་པའི་སྒྲས་བརྗོད་དུ་རུང་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་དང༌། ཁྱི་ནག་པོ་ཆོས་ཅན། དུང་ཞེས་བརྗོད་པའི་སྒྲས་བརྗོད་དུ་རུང་བ་མ་ཡིན་ཏེ། ཁྱོད་དང་དེ་ལ་མིང་དོན་གྱི་འབྲེལ་པ་མེད་པའི་ཕྱིར། ཞེས་པའི་རྟགས་དང༌། དེ་ལ་བརྟེན་པའི་ཚད་མ་ཡོད་པས་སོ། །དེ་བཞིན་དུ་གཞན་ཡང༌། རིག་བྱེད་པ་དག ཚིག་རྣམས་དོན་གཅིག་ལ་ངེས་ན། ཞེས་འབྱུང་བ་ལྟར། རིག་བྱེད་ཀྱི་ཚིག་རྣམས་བརྗོད་བྱའི་དོན་གཅིག་ཁོ་ན་དང༌། འབྲེལ་པ་གྲུབ་ཅིང་དོན་གཅིག་པུ་དེ་ལ་གྲགས་པས་གྲུབ་པ་དང༌། ལོག་ཕྱོགས་གྲགས་པས་བསལ་བར་ཁས་ལེན་པ་ཡིན་ཏེ། དཔེར་ན། ཨགྣེ་ཧོ་ཊ་ཞེས་པའི་རིག་བྱེད་ཀྱི་ཚིག་དེ་སྦྱིན་སྲེག་ཁོ་ན་ལ་འཇུག་ཏུ་རུང་ཞིང༌། ཁྱི་ཤ་ཟ་བ་ལ་མི་འཇུག་པ་བཞིན་ནོ་ཞེས་ཟེར་བ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ཚིག་རབ་གྲགས་ཤེ་ན། །ཞེས་སོགས་དང༌། གལ་ཏེ་གྲགས་པ་ལས་རྒལ་བའི། །རྟོག་ལ་རྒྱུ་གཅིག་ཡོད་ཅེ་ན། །ཞེས་བཤད་པ་ལས་ཤེས་པ་ཡིན་ནོ། །དོན་དེ་དག་ནི་གྲགས་བསལ་འཆད་སྐབས་སུ། འདིས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་ནམ་སྒྲ་རྣམས་ཀྱི་ནི་དོན། །དོན་དམ་པ་ཉིད་འགོག་པ་ལ། །གནོད་པ་མེད་པར་བསྟན་པ་ཡིན། །ཞེས་གསུངས་པ་ལས་ཤེས་པ་ཡིན་ཏེ། བརྡའ་སྤྲོད་པ་བཤད་པ་རྒྱུ་མཚན་ཅན་གྱི་སྒྲའི་དོན་དོན་དམ་པ་ཡིན་པ་ལ་གྲགས་པས་མི་གནོད་པ་དང༌། འཇུག་པ་རྒྱུ་མཚན་གྱི་སྒྲའི་དོན་དོན་དམ་པ་ཡིན་པ་ལ་གྲགས་པས་གནོད་པའི་ཁྱད་པར་ཁས་བླངས་པའི་རྒྱུ་མཚན་གྱིས་གཞུང་དེ་གསུངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བུམ་པ་ལ་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པའི་ཞེན་དོན་ནི་གྲགས་པ་དང་འགལ་བ་ལྟ་ཞོག གྲགས་པ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། འཇིག་རྟེན་ན་དེ་མེད་པར་གྲགས་པའི་ཕྱིར་དང༌། བུམ་པ་ལ་ཟླ་བ་ཞེས་པའི་སྒྲ་བཤད་པ་ལྟ་ཞོག འཇུག་པ་ཅི་ཡང་མེད་པའི་ཕྱིར་ཞེས་ཟེར་བ་ཡིན་ནོ། །དོན་དེ་དག་ཁོང་དུ་མ་ཆུད་པར་ཕྱི་རབས་ཀྱི་རྟོག་གེ་པ་མཁས་པ་མ་ཡིན་པ་དག བརྡའ་སྤྲོད་པའི་ངོར། རི་བོང་ཅན་ཆོས་ཅན་བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་སྒྲུབ་པའི་གཏན་ཚིགས་དང༌། དེ་ཆོས་ཅན། དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པ་གྲགས་པའི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་དགག་པའི་གཏན་ཚིགས་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །འདི་ནི་རིགས་པ་མ་ཡིན་ཏེ། ཁྱེད་ཀྱིས་ཇི་སྐད་འདོད་པ་དེ་དག་ནི་ཚད་ལྡན་གྱི་གཞུང་འགྲེལ་གང་ནས་ཀྱང་མ་བཤད་པས། ལུང་ལས་མ་བཤད་པའི་ཉེས་པ་ཡོད་པའི་ཕྱིར་དང༌། གལ་ཏེ་ལ་ལར་དེ་གྲུབ་ན་ཞེས་སོགས་བརྡའ་སྤྲོད་པའི་འདོད་པ་འགོག་པའི་གཞུང་དང་འགལ་བའི་ཕྱིར་དང༌། །རི་བོང་ཅན་བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མིན་པ་གཉིས་པོ་ཡང་གྲགས་པའི་སྒྲུབ་བྱེད་ཡིན་གྱི། བསྒྲུབ་བྱ་གྲགས་པ་དངོས་མིན་པའི་ཕྱིར་དང༌། ལོག་ཕྱོགས་གཉིས་པོ་ཡང་དངོས་པོ་སྟོབས་ཞུགས་ཀྱི་བསལ་པ་ཡིན་གྱི། གྲགས་པའི་བསལ་པ་མིན་པའི་ཕྱིར་གཞུང་དང་ཇི་ལྟར་འགལ་ཞེ་ན། བརྡའ་སྤྲོད་པས། གལ་ཏེ་ལ་ལར་དེ་གྲུབ་ན། །ཞེས་སྨྲས་པ་ལ། དེ་ནི་དངོས་སྟོབས་ལས་གྲུབ་ཡིན། །ཞེས་དང༌། རི་བོང་ཅན་ལའང་བཟློག་མེད་ཕྱིར། །ཞེས་ཐལ་བ་འཕེན་པ་ཡིན་པ། ཁྱེད་ལྟར་ན་དེ་སྐད་འཕངས་པ་དེ་མི་འདོད་པ་ཐལ་བར་འཕངས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །གྲགས་པའི་སྒྲུབ་བྱེད་ཡིན་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། འདོད་པས་འཇུག་ཕྱིར་དགག་མེད་པ། །གྲགས་པའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་བྱེད་དུ་བཤད་པས་སོ། །དེ་ལྟར་ཞར་ལས་བྱུང་བ་བརྗོད་ནས། སྐབས་སུ་བབ་པ་བསལ་བྱ་མཚན་ཉིད་པ་ངོས་བཟུང་ནི་འདི་ཡིན་ཏེ། ཕྱི་ནང་གི་སྡེ་པ་གཉིས་ཀས་ཐུན་མོང་དུ་འདོད་པའི་གྲགས་བསལ་དང༌། ཐུན་མོང་མ་ཡིན་པ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་བཞེད་པའི་གྲགས་བསལ་ལོ། །དང་པོ་ནི། རི་བོང་ཅན་རྒྱུ་སྐར་གྱི་རྒྱལ་པོ་མ་ཡིན་པར་དམ་བཅས་པ་དང༌། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལྟ་བུ་དང༌། མེ་ཏོག་པདྨ་དེ་མཚོ་སྐྱེས་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པ་ལྟ་བུའོ། །གཉིས་པ་ལ། རིགས་པ་མཁྱེན་པའི་གཞུང་ལས་བྱུང་བ་དང༌། བདག་ཉིད་ཆེན་པོའི་དེ་ལས་བྱུང་བ། དེས་གཞན་ཡང་མཚོན་པར་ནུས་པའོ། །དང་པོ་ནི། དོན་ཐམས་ཅད་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཀྱིས་བརྗོད་དུ་མི་རུང་བའོ། །གཉིས་པ་ནི། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་དང༌། ལྟོ་ལྡིར་བ་བུམ་པ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་དང༌། དོན་བྱེད་ནུས་པ་དངོས་པོ་ཞེས་པའི་སྒྲས་བརྗོད་དུ་མི་རུང་བ་ལྟ་བུའོ། །གསུམ་པ་ནི། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱའི་ལོག་ཕྱོགས་ཐམས་ཅད་དོ། །ཡང་ན། རྗོད་རུང་གི་གྲགས་པ་དེ་ལ། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་པའི་གཞུང་གིས་བསྟན་པའི་གྲགས་པ་དང༌། སྒྲ་བྱུང་གིས་གྲགས་པ་ལ། སྒྲ་ལས་བྱུང་བའི་གྲགས་པ་དང༌། ཞེས་གཞུང་གིས་བསྟན་པའི་གྲགས་པ་ཞེས་པའི་ཐ་སྙད་བྱ་ཞིང༌། གྲགས་པ་དེ་གཉིས་ཀྱི་བསལ་པ་དེ་གཉིས་ལ་ཡང་ཐ་སྙད་དེ་བཞིན་སྦྱར་བར་བྱའོ། །གྲགས་པ་གཉིས་པོའི་ཁྱད་པར་གྲགས་རུང་དང་གྲགས་ཟིན་ལ་བྱེད་དགོས་པ་ནི་ཇི་སྐད་དུ། གྲགས་རུང་དོན་ལ་གྲུབ་ན་ཡང༌། །བརྡའ་དང་བརྗོད་འདོད་ལ་བརྟེན་པའི། །སྒྲ་གྲུབ་ན་ནི་གྲུབ་བོ་ཞེས། །བསྟན་ཕྱིར་སྒྲ་བྱུང་གྲགས་པ་གསུངས། །ཞེས་བཤད་པ་ལས་ཤེས་སོ། །དེ་ལྟར་གྲགས་པ་དང་གྲགས་བསལ་ལ་གཉིས་སུ་འབྱེད་པའི་རྒྱུ་མཚན་ཡང༌། གཅིག་ནི་སྐབས་སུ་བབ་པའི་རྩོད་གཞི་ཡིན་ལ། གཅིག་ནི་དེའི་སྒྲུབ་བྱེད་དུ་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ཇི་ལྟར་ཞེ་ན་བརྡའ་སྤྲོད་པ་ན་རེ། རི་བོང་ཅན་ལ་ཟླ་བར་འཇིག་རྟེན་ན་གྲགས་ཟིན་མོད། དེ་དེས་བརྗོད་མི་རུང་དུ་དམ་བཅས་པ་གྲགས་པ་དང་འགལ་བ་མ་ཡིན་ཏེ། དེ་ལ་དེས་བརྗོད་དུ་མི་རུང་བའི་ཕྱིར་ཞེས་ཟེར་བ་ལ། དེ་ལ་དེས་བརྗོད་དུ་མི་རུང་བར་དམ་བཅས་པ་ལ་གྲགས་པས་གནོད་པ་ཡིན་ཏེ། རྟོག་ཡུལ་ན་ཡོད་པའི་དོན་གང་ཡིན་ཀྱང་དེས་བརྗོད་མི་རུང་དུ་དམ་བཅས་པ་ལ་གྲགས་པས་གནོད་པའི་ཕྱིར་ཏེ། དོན་ཐམས་ཅད་དེས་བརྗོད་དུ་རུང་པའི་ཕྱིར་ཞེས་ཤེས་པར་བྱ་བའི་ཕྱིར་དུ་གྲགས་པ་དང༌། གྲགས་བསལ་སྔ་མ་གསུངས་ལ། ཡང་རི་བོང་ཅན་དེར་དམ་བཅས་པ་ལ་གྲགས་པས་གནོད་དེ། དེ་ལ་དེར་འཇིག་རྟེན་ན་གྲགས་ཟིན་པའི་ཕྱིར་ཁྱབ་པ་ཡོད་དེ། འཇིག་རྟེན་གྱི་གྲགས་པ་ནི་བརྡའ་ཙམ་གྱིས་བཞག་པའི་ཕྱིར། ཞེས་ཤེས་པར་བྱ་བའི་ཕྱིར་དུ་གྲགས་བསལ་ཕྱི་མ་གསུངས་པ་ཡིན་ནོ། །འོ་ན་གཉིས་པོ་གྲགས་བསལ་དུ་འཇོག་པའི་དུས་ལ་ཁྱད་པར་མེད་དམ་ཞེ་ན། ཡོད་པའི་ཚུལ་འདི་ལྟར། ཀ་བ་ལ་སོགས་པའི་དོན་ཐམས་ཅད་བུམ་པ་ཞེས་བརྗོད་པའི་སྒྲས་བརྗོད་རུང་མིན་པ་གྲགས་བསལ་དུ་འཇོག་པའི་དུས་ནི། ལྟོ་ལྡིར་བ་ཁོ་ན་ལ་བུམ་པའི་བརྡའ་མ་སྦྱར་བའི་གོང་རོལ་དུ་ཡིན་ཏེ། དུས་དེར་བུམ་པ་ཞེས་པའི་སྒྲ་དོན་ཐམས་ཅད་ལ་ཉེ་རིང་མེད་པར་གནས་པའི་ཕྱིར་དང༌། གྲགས་མ་གྲགས་ཀྱི་ཁྱད་པར་ཡང་མེད་པའི་ཕྱིར། དུས་དེར་དེ་འདྲ་དེ་བརྗོད་རུང་གྲགས་པའི་བསལ་བ་ཁོ་ན་ཡིན་གྱི། སྒྲ་བྱུང་གི་གྲགས་པའི་བསལ་བ་གཏན་མ་ཡིན་པས་ངེས་སོ། །གྲགས་བསལ་གཉིས་པ་ནི། ལྟོ་ལྡིར་བ་ཁོ་ན་ལ་བུམ་པ་ཞེས་པའི་བརྡའ་སྦྱར་ཟིན་པའི་འོག་རོལ་དུ་ལྟོ་ལྡིར་བ་དེས་བརྗོད་དུ་མི་རུང་བ་དེ་སྒྲ་བྱུང་གྲགས་པའི་བསལ་པ་ཡིན་ཏེ། དེ་ལ་དེ་གྲགས་ཟིན་པའི་ཕྱིར། བརྗོད་རུང་གྲགས་པའི་བསལ་པ་ཡང་ཡིན་ཏེ། དེ་ལ་དེས་བརྗོད་དུ་རུང་བའི་ཕྱིར། དུས་དེར་ཀ་བ་ལ་སོགས་པ་བུམ་པ་ཞེས་བརྗོད་པའི་སྒྲས་བརྗོད་རུང་མ་ཡིན་པ་ནི་གྲགས་བསལ་སྔ་མ་ཁོ་ན་ཡིན་གྱི། །ཕྱི་མ་མ་ཡིན་ནོ། །དེའི་ཕྱིར་མཚོན་སྦྱོར་འགོད་པ་ན་བུམ་པའི་ཐ་སྙད་བྱ་རུང་དེ་ལྟོ་ལྡིར་པའི་མཚོན་བྱར་བཞག་པ་དེའི་ཚེ། བརྗོད་རུང་གྲགས་པའི་དབང་དུ་བྱས་ན་མ་ཁྱབ་པའི་སྐྱོན་ཡོད་ཀྱང༌། སྒྲ་བྱུང་གྲགས་པའི་དབང་དུ་བྱས་པ་ཡིན་པས་མཚོན་སྦྱོར་སྐྱོན་མེད་དོ། །དེས་ན་མཚོན་བྱ་ལ་ཐ་སྙད་བྱ་རུང་གི་སྒྲ་སྦྱར་བ་དེ་དང༌། བརྗོད་རུང་གི་གྲགས་པ་དོན་མི་གཅིག་པ་ཡིན་ཏེ། སྔ་མ་ནི་ཐ་སྙད་སྦྱར་ཟིན་པའི་དབང་དུ་བྱས་ལ། ཕྱི་མ་ནི་དོན་དེ་ལ་མིང་དེའི་ཐ་སྙད་སྦྱར་མ་ཟིན་པའི་དབང་དུ་བྱས་པའི་ཕྱིར། དེ་སྐད་དུ་ཡང༌། བརྡའ་ལས་འཇུག་པ་ཐ་སྙད་དུ། །གསུངས་ཕྱིར་མཚོན་བྱའི་མཚན་གཞི་མིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སེལ་བྱེད་རྒྱས་པར་བཤད་པ་ལ། གྲགས་བསལ་དང་པོའི་སེལ་བྱེད་དང༌། གཉིས་པའི་དང༌། གསུམ་པའི་སེལ་བྱེད་དོ། །དང་པོ་ནི། ཤེས་བྱ་ཐམས་ཅད་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་དང༌། གཉིས་པ་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། ཞེས་སམ། ལྟོ་ལྡིར་བ་ཆོས་ཅན་བུམ་པ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་ལྟ་བུ་དང༌། གསུམ་པ་ནི། ནོག་སོགས་འདུས་པའི་དཀར་ཟལ་ཆོས་ཅན། བ་གླང་ཡིན་ཏེ། ནོག་སོགས་འདུས་པའི་གོང་བུ་ཡིན་པའི་ཕྱིར་ཞེས་སམ། ཤར་ཕྱོགས་ཀྱི་ཤ་པ་ཆོས་ཅན། ཤིང་གི་ཐ་སྙད་བྱ་རུང་སྟེ། ཤ་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་པའི་རྗེས་སུ་དཔག་པ་ལྟ་བུའོ། །གྲགས་པ་སྔ་མ་གཉིས་ནི་གྲགས་བསལ་འཆད་པའི་སྐབས་ཀྱི་སྐབས་དོན་གྱི་གཙོ་བོ་ཡིན་ཏེ། བསྒྲུབ་བྱ་ཡུལ་གྱི་གྲགས་པ་མཚན་ཉིད་པ་ལ་སྒྲུབ་བྱེད་ཡུལ་ཅན་གྱི་གྲགས་པ་རྟགས་སུ་བཀོད་ནས་བསྒྲུབས་པའི་གྲགས་པ་ཡིན་པའི་ཕྱིར། དཔེར་ན། བསྒྲུབ་བྱ་ཡུལ་གྱི་ཡིད་ཆེས་མཚན་ཉིད་པ་སྒྲུབ་པ་ལ་སྒྲུབ་བྱེད་ཡུལ་ཅན་གྱི་ཡིད་ཆེས་མཚན་ཉིད་པ་རྟགས་སུ་བཀོད་ནས་བསྒྲུབས་པའི་ཡིད་ཆེས་རྗེས་དཔག་དེ། སེལ་བྱེད་འཆད་པའི་སྐབས་ཀྱི་ཡིད་ཆེས་ཡུལ་ཅན་གྱི་མཚན་ཉིད་པ་ཡིན་པ་བཞིན་ནོ། །གསུམ་པ་ནི། བསྒྲུབ་བྱ་གྲགས་པ་ཡུལ་གྱི་མཚན་ཉིད་པ་དང༌། ལོག་ཕྱོགས་གྲགས་བསལ་མཚན་ཉིད་པ་ཡིན་ཀྱང་སྐབས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་གྲགས་པ་མ་ཡིན་ཏེ། སྒྲུབ་བྱེད་ཡུལ་ཅན་གྱི་གྲགས་པས་མ་བསྒྲུབས་པའི་ཕྱིར། དཔེར་ན། རྣམ་མཁྱེན་མི་རྟག་པར་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། བསྒྲུབ་བྱ་ཡུལ་གྱི་ཡིད་ཆེས་དངོས་ཡིན་ཀྱང་སྒྲུབ་བྱེད་ཡུལ་ཅན་གྱི་ཡིད་ཆེས་མ་ཡིན་པའི་ཕྱིར། སེལ་བྱེད་འཆད་པའི་སྐབས་སུ་ཡིད་ཆེས་པའི་རྗེས་དཔག་ཏུ་མི་འཇོག་པ་བཞིན་ནོ། །གྲགས་པ་སྔ་མ་གཉིས་ཀ་འདིར་བསྟན་གྱི་གཙོ་བོ་ཡིན་ཏེ། གྲགས་པ་བར་བ་ནི་མདོའི་གཞུང་གིས་དངོས་སུ་བསྟན་ལ། གྲགས་པ་སྔ་མ་ནི་བར་པའི་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་རིགས་པར་དགོས་པ་ལ་དགོངས་ནས་རིགས་པ་མཁྱེན་པའི་གཞུང་དུ་གསལ་བར་གསུངས་པའི་ཕྱིར། གསུམ་པ་དེ་ནི་གྲགས་བསལ་འཆད་པའི་སྐབས་ཀྱི་མདོ་འགྲེལ་ན་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པར་གསལ་ལོ། །འོ་ན་གྲགས་པའི་གཏན་ཚིགས་ཡང་དག་གིས་ཚུལ་གསུམ་གྲགས་པས་གྲུབ་པའམ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ། དང་པོ་ལྟར་ན་གྲགས་པ་ཐུག་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། གཉིས་པ་ལྟར་ཁས་ལེན་པ་ཡིན་ཏེ། གཏན་ཚིགས་གོང་དུ་བཤད་པ་དེ་དག་གི་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ལ། ཁྱབ་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། གཅིག་ལ་སྒྲུབ་ན་ཀུན་ལ་འགྲུབ། །འདི་ནི་དངོས་པོ་སྟོབས་ཞུགས་ཡིན། །ཞེས་གསུངས་པས། དེ་ལྟ་ན་ཡང་དེར་ཐལ་བ་མེད་དེ། གཏན་ཚིགས་ཡང་དག་གསུམ་པོ་དེ། བསྒྲུབ་བྱ་དང་གནོད་ཡུལ་སྒོ་ནས་ཐ་དད་དུ་ཕྱེ་བའི་ཕྱིར། དེ་སྐད་དུ་ཡང༌། ཡུལ་གྱི་ཁྱད་པར་བསྟན་པ་ཡིས། །ཕྱིར་ན་ཐ་དད་བྱས་པ་ཡིན། །ཞེས་གསུངས་སོ། །གསུམ་པ་སེལ་ནུས་པའི་རྒྱུ་མཚན་རྒྱས་པར་བཤད་པ་ནི། དོན་གང་དང་གང་ཡིན་པ་དེ་རྗོད་བྱེད་ཀྱི་སྒྲ་གང་དང་གང་ཡིན་པ་དེ་བརྗོད་དུ་རུང་བ་དེས་དེ་ལྟར་མི་རུང་བ་དེ་སེལ་ནུས་པ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཡུལ་ལ་སྐྱེས་བུའི་བརྗོད་འདོད་ཙམ་གྱིས་འཇུག་པར་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། རུང་བ་དོན་རྣམས་ཉིད་ཡིན་ཏེ། །འདོད་ལ་གེགས་བྱེད་མེད་ཕྱིར་རོ། །ཞེས་གསུངས་པས་སོ། །གོང་གི་རྟགས་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་ཡུལ་ལ་འཇུག་པ་གང་ཞིག དངོས་པོའི་དབང་གིས་མི་འཇུག་པའི་ཕྱིར། དེ་ལ་འཇུག་ན་ཉེས་པ་ཅི་ཡོད་ཅེ་ན། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བ་དང༌། སྒྲ་བློ་རྣམ་གྲངས་པར་ཐལ་བ་སོགས་ཀྱི་སྐྱོན་ཡོད་དོ། །དེས་ན་གྲགས་པའི་སྒྲུབ་བྱེད་ནི་མཐར་དངོས་པོ་སྟོབས་ཞུགས་ལ་ཐུག་པར་གདོན་མི་ཟའོ། །དོན་དེ་ལ་དགོངས་ནས་ཇི་སྐད་དུ། བརྗོད་འདོད་དབང་གིས་འགག་པ་ཡང༌། །སྒྲུབ་ཟིན་དེས་ན་གྲགས་པའང་འགྲུབ། །ཅེས་གསུངས་པས་སོ། །གསུམ་པ་དེ་དག་གི་དགོངས་པ་དཔྱད་པ་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། རིགས་པའི་གཏེར་ལས། ལ་ལ་བརྡ་དང་ཐ་སྙད་ཀྱི། །གྲགས་པ་གཉིས་སུ་འབྱེད་པ་ཡོད། །ཐ་སྙད་འདི་ཡི་སྐབས་དོན་མིན། །མཚན་ཉིད་དེ་འདྲ་སྔར་བཀག་ཟིན། །དངོས་དང་ཞེན་པའི་བརྗོད་རུང་གི །བརྡ་ཡི་གྲགས་པའང་གཉིས་ཞེས་ཟེར། །འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་རྣམ་དབྱེ་མེད། །དེས་ན་བཤད་ཚུལ་རྣམ་པ་གཉིས། །དངོས་དང་ཞེན་པར་འཆད་པ་འཁྲུལ། །ཞེས་གསུངས་ལ། འདིའི་ཕྱོགས་སྔ་མ་ནི་སློབ་དཔོན་ཕྱྭ་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། གྲགས་བསལ་གཉིས་ཏེ། གཞན་སེལ་ཕྱིན་ཅི་མ་ལོག་པའི་སྒྲས་ཞེན་རུང་ཙམ་ཐ་སྙད་ཀྱི་གྲགས་པ་དང༌། དེས་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་གྱིས་བརྗོད་རུང་བརྡའི་གྲགས་པའོ། །དང་པོ་ནི། ནོག་ལྐོག་ཤལ་དང་ལྡན་པས་བ་ལང་གི་ཐ་སྙད་སྒྲུབ་པ་དང༌། ཤ་པས་ཤིང་གི་ཐ་སྙད་སྒྲུབ་པ་ལྟ་བུའོ། །གཉིས་པ་ལ་ཡང་གཉིས་ཏེ། རྟོག་པའི་གཟུང་ཡུལ་ཡིན་པའི་རྟགས་ཀྱིས། རི་བོང་ཅན་གྱི་དོན་སྤྱི་ཟླ་བ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱར་སྒྲུབ་པ་ལྟ་བུ། དངོས་ཀྱི་བརྗོད་རུང་གི་གྲགས་པ་དང༌། ཡོད་པའི་རྟགས་ཀྱིས་རི་བོང་ཅན་རང་མཚན་ཟླ་བ་ཞེས་པའི་སྒྲ་ཞེན་པའི་བརྗོད་རུང་དུ་སྒྲུབ་པ་ལྟ་བུ། ཞེན་པའི་བརྗོད་རུང་གི་གྲགས་པའོ་ཞེས་གསུངས་ཤིང༌། སློབ་དཔོན་དེས་མཛད་པའི་རྣམ་ངེས་ཀྱི་ཊཱིཀྐ་དེ་དེའི་དངོས་ཀྱི་བརྗོད་བྱར་སྒྲུབ་པ་ལ་ནི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་མི་སྲིད་དེ། དེས་དོན་ཅུང་ཟད་ཀྱང་མི་སྒྲུབ་པའི་ཕྱིར། དེ་ལ་དགོངས་ནས་བཤད་ཚུལ་གཉིས་པ་མཛད་ལ། རི་བོང་ཅན་ཟླ་བ་ཞེས་པའི་བརྗོད་རུང་མ་ཡིན་པར་སྒྲུབ་པ་ལ་ནི་མཐུན་དཔེ་ཡོད་པ་མ་ཡིན་ཏེ། དོན་ཐམས་ཅད་དེའི་ཞེན་པའི་བརྗོད་བྱར་རུང་བའི་ཕྱིར། དེ་ལ་དགོངས་ནས་བཤད་ཚུལ་དང་པོ་མཛད་དོ་ཞེས་གསུང་ངོ༌། །འདི་འགོག་པའི་ཚུལ་ལ། ཐ་སྙད་ཀྱི་གྲགས་པ་དེ་གྲགས་བསལ་འཆད་པའི་སྐབས་ཀྱི་མདོའི་དོན་མ་ཡིན་པར་བསྟན་པ་ཡིན་དུ་ཆུག་ཀྱང་ཐ་སྙད་ཀྱི་མཚན་ཉིད་མི་འཐད་པར་བསྟན་པའོ། །དང་པོ་ནི། ཐ་སྙད་ཀྱི་གྲགས་པ་དེ། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་གྲགས་པར་མི་རུང་སྟེ། འདིའི་གྲགས་པ་ནི་བརྡའ་དང་བརྗོད་འདོད་ཀྱིས་བསྒྲུབས་པ་ཡིན་ལ། གཅིག་ཤོས་ནི་རྒྱུ་མཚན་ཅན་གྱིས་བསྒྲུབས་པའི་ཕྱིར་རོ། །གཉིས་པ་ནི། དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་པའི་ཞེན་རུང་དེ་ཐ་སྙད་ཀྱི་མཚན་ཉིད་དུ་མི་འཐད་དེ། དེ་ལས་གཞན་དུ་ན་ལྟོ་ལྡིར་བ་ལ་བུམ་པའི་བརྡའ་མ་སྦྱར་བའི་གོང་དུ་དེ་ལ་དེའི་ཐ་སྙད་ཡོད་པར་འགྱུར་ཏེ། དུས་དེར་དེ་ལ་དེས་ཞེན་རུང་ཡོད་པའི་ཕྱིར། ཡང་སེལ་བྱེད་བརྡའི་གྲགས་པ་ལ་གཉིས་སུ་དབྱེ་བ་མི་འཐད་དེ། གྲགས་པའི་གཏན་ཚིགས་ཡང་དག་གི་རྣམ་པར་བཞག་པ་འདི་ཡང་འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་བཞག་གི་དབང་དུ་བྱས་པ་ཡིན་ལ། དངོས་ཀྱི་བརྗོད་བྱ་དང་ཞེན་པའི་བརྗོད་བྱ་སོ་སོར་བྱས་པ་ནི་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་རང་གི་ལུགས་རྣམ་པར་གཞག་པ་ནི། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་སོགས་བདག་ཉིད་ཆེན་པོའི་མདོ་ཚིག་གཅིག་ཉིད་ལ་རྣམ་འགྲེལ་མཛད་པས་བཤད་ཚུལ་རྣམ་པ་གཉིས་མཛད་པ་ལས། བཤད་ཚུལ་དང་པོའི་དགོངས་པ་ནི་བརྗོད་རུང་གི་གྲགས་པ་དང་སྦྱོར་ལ། བཤད་ཚུལ་གཉིས་པ་ནི་སྒྲ་བྱུང་གི་གྲགས་པ་དང་སྦྱོར་རོ། །ཇི་ལྟར་ཞེ་ན། རི་བོང་ཅན་ལ་སོགས་པ་རྟོག་ཡུལ་ན་ཡོད་པའི་དོན་གང་ཡིན་ཀྱང་རུང༌། ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པར་སྒྲུབ་པ་ལ་གཏན་ཚིགས་སུ་གང་བཀོད་ཀྱང་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་ཏེ། མཐུན་དཔེ་མེད་པའི་ཕྱིར་དང༌། ཕྱོགས་ཆོས་གྲུབ་ཅིང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་སྐབས་ཀྱི་རྒོལ་བས་མ་མཐོང་བའི་ཕྱིར། ཡང་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་པ་ཡིན་ཏེ་ཞེས་སམ། སྒྲ་གྲགས་པར་བསྒྲུབ་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་ཡོད་པ་མ་ཡིན་ཏེ། དོན་མི་སྒྲུབ་པའི་དངོས་པོ་སྟོབས་ཞུགས་མི་སྲིད་པའི་ཕྱིར་རོ། །ཚད་མའི་མདོར། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། གྲགས་དངོས་གཉིས་ཀྱི་ཡུལ་གྱི་ཁྱད་པར་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཞེས་པའོ། །དེ་སྐད་དུ་ཡང་རིགས་གཏེར་ལས། སྔ་མ་བརྗོད་རུང་གྲགས་པ་ལ། །རྗེས་དཔག་མེད་ཕྱིར་མི་ཁེགས་པའམ། །ཕྱི་མ་གྲགས་པ་རྗེས་དཔག་ལས། །ཡུལ་གྱི་དབྱེ་བ་བསྟན་པ་ཡིན། །དེ་ལྟར་ཤེས་ན་གྲགས་པ་ཡི། །བསལ་པ་མཁས་པའི་དགོངས་པ་འགྲུབ། །ཅེས་གསུངས་སོ། །འདིར། སྔ་མ་སྒྲ་བྱུང་གྲགས་པ་ལ། །ཞེས་པ་གཞུང་མ་དག་པར་མངོན་ཏེ། རྣམ་འགྲེལ་ངེས་གཉིས་ཀ་དང་མི་མཐུན་ཅིང༌། རིགས་པའི་གཏེར་ཉིད་ལས་ཀྱང༌། གོང་དུ་བཤད་ཚུལ་གཉིས་རྒྱས་པར་བསྟན་པ་དང་མི་མཐུན་པའི་ཕྱིར། ཇི་ལྟར་མི་མཐུན་ཞེ་ན། གང་ལ་ཡོད་རྗེས་འགྲོ་མེད་དང༌། །རྟགས་རྣམས་ཐུན་མོང་ཉིད་མིན་ཅེས། །ཞེས་དེ་དེས་བརྗོད་མི་རུང་དུ་བསྒྲུབ་པ་ལ། མཐུན་དཔེ་མེད་པ། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་པའི་དོན་དེ་བཤད་ནས། འོ་ན་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་དང་འགལ་ཞེ་ན། སྒྲ་ནི་བརྡའ་ལ་བརྟེན་པ་ཅན། །ཞེས་སོགས་གསུངས་ལ། ཡང་ན་སྒྲ་བྱུང་གྲགས་པའི་དབང་དུ་བྱས་བྱེད་ན། བརྗོད་པ་ལ་དངོས་སྟོབས་རྗེས་དཔག་མེད་པ་མདོ་དེའི་དོན་ཡིན་ནོ་ཞེས། ཡང་ན་འཇིག་རྟེན་སོགས་གསུངས་པ་དང༌། རིགས་པའི་གཏེར་དུ་བཤད་ཚུལ་དང་པོའི་དོན་འཆད་པ་ན། འདི་ལ་དཔེ་མེད་ཡོད་རྣམས་ལ། །སྒྲ་ཀུན་བརྗོད་དུ་རུང་ཕྱིར་རོ། །ཞེས་གསུང་ལ། སྒྲ་བྱུང་གྲགས་པའི་ལོག་ཕྱོགས་བསྒྲུབ་པ་ལ་མཐུན་དཔེ་ཤིན་ཏུའང་ཡོད་པའི་ཕྱིར་རོ། །བརྗོད་དུ་རུང་ལ་གྲགས་པར་འཇོག་པ་དེ་ལྟ་ན་རིགས་པ་དང་འགལ་བའི་རྩོད་པ་དང༌། ལུང་དང་འགལ་བའི་དེ་གཉིས་སྤང་བའི་དབང་དུ་བྱས་ནས། མ་གྲགས་པ་ལ་གྲགས་པའི་སྒྲ། །ཞེས་སོགས་དང༌། བརྡའ་དང་བརྗོད་འདོད་ལ་བརྟེན་པའི། །ཞེས་སོགས་གསུངས་སོ། །བཤད་ཚུལ་གཉིས་པའི་དོན་འཆད་པ་ན། གྲགས་པ་དངོས་པོས་བསྐྱེད་ན་ནི། །རྗེས་དཔག་བཞིན་དུ་ཡུལ་ངེས་འགྱུར། །ཞེས་སོགས་གསུངས་པས་སོ། །སྐབས་འདིར་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཞེས་པ་ལ། ཐུན་མོང་མ་ཡིན་པའི་འགལ་བར་འགྱུར་ཚུལ་དང༌། དེའི་མ་ངེས་པར་འགྱུར་ཚུལ་གཉིས་རིགས་པའི་གཏེར་དུ་གསུངས་ལ། དེའི་དགོངས་པ་ཡང་གཏན་ཚིགས་དེ་འགོད་མཁན་སངས་རྒྱས་པ་ཡིན་པ་དང༌། བརྡའ་སྤྲོད་པ་ཡིན་པའི་དབང་དུ་བྱས་སོ། །འོ་ན་གྲགས་དངོས་གཉིས་ཀྱི་ཡུལ་གྱི་ཁྱད་པར་གང་ཡིན་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་ཡུལ་དོན་ལ་གནས་པ་ཡིན་ལ། གྲགས་པའི་ཡུལ་ནི་སྒྲོ་བཏགས་ཡིན་ནོ་ཞེས་བྱ་བ་ནི་རིགས་པའི་གཏེར་གྱི་དགོངས་པའོ། །རྔོག་ལོ་ཆེན་པོ་ནི། གྲགས་པའི་རྗེས་དཔག་ཀྱང་ཡུལ་དོན་དམ་པ་ལ་འཇུག་པ་ཡིན་ཏེ། དེ་ལས་གཞན་དུ་ན་དེ་ཆོས་ཅན། རྗེས་དཔག་ཚད་མ་མ་ཡིན་པར་ཐལ། ཞེན་པའི་ཡུལ་དོན་དམ་པར་མེད་པའི་ཕྱིར། བདག་ཏུ་ལྟ་བ་བཞིན་ནོ། །དེས་ན། མི་མཐུན་བཀག་པའི་དོན་ཆོས་ཉིད། །རྟོགས་པ་གྲགས་པའི་རྗེས་དཔག་ཡིན། །གཞན་དུ་དོན་ཆོས་འགོག་པ་ཡི། །ཚད་མས་འདི་ལ་གནོད་པར་འགྱུར། །ཞེས་གསུང་ངོ༌། །འོ་ན་དངོས་པོ་སྟོབས་ཞུགས་དང་ཁྱད་པར་ཅི་ཡོད་ཅེ་ན། དོན་སྒྲུབ་པ་དང་ཐ་སྙད་འབའ་ཞིག་བསྒྲུབ་པའི་ཁྱད་པར་ཡོད་དོ་ཞེས་རྣམ་པར་ངེས་པའི་ཊཱིཀ་ལས་གསུངས་སོ། །འོ་ན་གྲགས་པ་དང་དེའི་གཞལ་བྱ་ལ་དངོས་སྟོབས་ཀྱིས་འོངས་པའི་འབྲེལ་པ་ཡོད་དམ། སྒྲོ་བཏགས་པའི་འབྲེལ་པ་ཡོད་ཅེ་ན། རྔོག་ལོ་ཆེན་པོ་ནི་དང་པོ་ལྟར་བཞེད་པ་ཡིན་ཏེ། ཕྱི་མ་ལྟར་ཡིན་པ་ལ། གྲགས་པ་གནོད་བྱེད་དུ་མི་རུང་བ་དང༌། འགལ་བ་ལ་མི་འཁྲུལ་བ་མི་སྲིད་པར་ཐལ་བ་དང༌། གྲགས་པ་གནོད་བྱར་ཐལ་བའི་ཉེས་པ་གསུམ་བརྗོད་པར་མཛད་པའོ། །རིགས་པའི་གཏེར་ལས་ནི་ལུགས་གཉིས་པ་ལྟར་བཞེད་པ་ཡིན་ཏེ། ཇི་སྐད་དུ། སྒྲོ་བཏགས་ཡིན་ཕྱིར་ཁོངས་སུ་བསྡུ། །ཞེས་གསུངས་སོ། །དེ་དག་གིས་ནི་གྲགས་པའི་བསལ་པ་མཐའ་ཆོད་པར་བཤད་ཟིན་ཏོ། །གསུམ་པ་མངོན་སུམ་གྱི་བསལ་པ་ལ། མཚན་ཉིད་ནི། མངོན་སུམ་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །འདིའི་རྣམ་གཞག་ལ། སེལ་བྱེད། བསལ་བྱ། སེལ་ནུས་པའི་རྒྱུ་མཚན། རྩོད་པ་སྤང་བ་དང་བཞིའི་སྒོ་ནས་བཤད་པར་བྱའོ། །དང་པོ་ལ། སེལ་བྱེད་བཏགས་པ་བ་ཡུལ་ཅན་གྱི་མངོན་སུམ་དང༌། མཚན་ཉིད་པ་ཡུལ་གྱི་མངོན་སུམ་མོ། །དང་པོ་ནི། ཉན་ཤེས་དབང་པོའི་མངོན་སུམ་ལྟ་བུའོ། །དེས་དྲངས་པའི་ངེས་ཤེས་ནི། འདིར་སེལ་བྱེད་དུ་མི་གཟུང་སྟེ། སེལ་འཇུག་ཡིན་པའི་ཕྱིར། གཉིས་པ་ནི། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་གྲུབ་པའི་སྒྲ་རང་མཚན་མཉན་བྱ་ཡིན་པ་ལྟ་བུའོ། །སྒྲ་དང་རྟོག་པས་གྲུབ་པ་ནི་འདིར་སེལ་བྱེད་དུ་མི་གཟུང་སྟེ། དེ་ནི་སྤྱི་མཚན་ཡིན་པའི་ཕྱིར། གཉིས་པ་བསལ་བྱ་ནི། སྒྲ་རང་མཚན་མཉན་བྱ་མིན་པ་དང༌། གཟུགས་ཀྱི་སྐྱེ་མཆེད་རང་མཚན་མིག་ཤེས་ཀྱི་གཟུང་བྱ་མིན་པ་ལྟ་བུའོ། །འོ་ན་སྒྲ་རང་མཚན་མི་རྟག་པ་དང་བྱས་པ་དང༌། དངོས་པོ་སོགས་ཡིན་པ་དེ་སེལ་བྱེད་མཚན་ཉིད་པ་དང༌། དེའི་ལོག་ཕྱོགས་རྣམས་མངོན་སུམ་གྱི་བསལ་པ་མཚན་ཉིད་པ་ཡིན་ནམ་མིན། དང་པོ་ལྟར་ན། དེས་ན་སྤྱི་ཡི་ཆོས་རྣམས་ནི། །མངོན་སུམ་མིན་པར་གྲུབ་པའི་ཕྱིར། །ཞེས་སོགས་དང་འགལ་ཞིང༌། དངོས་སྟོབས་རྗེས་དཔག་གི་བསལ་པ་དང་ཁྱད་པར་མེད་པར་འགྱུར་རོ། །གཉིས་པ་ལྟར་ན། དོན་གྱི་རང་གི་ངོ་བོ་གཅིག །ཅེས་སོགས་རྒྱས་པར་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པས་ལན་འདི་ལྟར། སྒྲའི་སྟེང་ན་རྫས་ཀྱི་ངོ་བོར་གྱུར་པའི་བྱས་པ་དང་མི་རྟག་པ་ལ་སོགས་པ་དང༌། ལྡོག་པའི་ཆོས་སུ་གྱུར་པའི་བྱས་པ་དང་མི་རྟག་པ་སོགས་རྣམ་པ་གཉིས་སུ་ཕྱེ་བ་ལས། དང་པོ་ནི། དོན་ལ་མཉན་བྱའི་ངོ་བོར་གནས་ཤིང་ཐ་སྙད་སྦྱོར་བ་ན་ཡང༌། སྒྲ་ཞེས་བྱ་བའི་ཐ་སྙད་སྦྱོར་བ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། ལུང་དང་རིགས་པ་ལས་སོ། །དང་པོ་ནི། དེ་ཕྱིར་དངོས་པོ་མཐོང་བ་ཡི། །ཞེས་སོགས་དང༌། དོན་ལ་གནས་པའི་དངོས་པོ་རྣམས། །ཞེས་པ་ནས། མངོན་སུམ་ཐམས་ཅད་དོན་བཞིན་སྣང༌། །ཞེས་བྱ་བའི་བར་གྱིས་རྒྱས་པར་གསུངས་ཤིང༌། དེའི་འགྲེལ་པར། སྒྲ་དང་དེ་ཉིད་ཀྱི་སྟེང་གི་བྱས་མི་རྟག་རྣམས་དོན་གྱི་གནས་ཚོད་ལ་ཐ་དད་གཏན་མེད་དུ་གསུངས་པའི་ཕྱིར། རིགས་པ་ནི། དེ་རྣམས་ཆོས་ཅན་མཉན་བྱ་ཡིན་ཏེ། ཉན་ཤེས་དབང་པོའི་མངོན་སུམ་ལ་དངོས་སུ་སྣང་བའི་ཕྱིར། ཚུ་རོལ་མཐོང་བའི་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་བཞིན་ནོ། །དེས་མཚོན་ནས་སྔོན་པོ་དང་རྫས་གཅིག་པའི་བྱས་མི་རྟག་ལྟ་བུ་སྔོན་པོ་ཉིད་ཡིན་པ་དང༌། དེ་བཞིན་དུ་དྲི་རོ་རེག་བྱའི་བར་ལ་སྦྱར་བར་བྱའོ། །གལ་ཏེ་འོ་ན་སྔོན་པོའི་རྡུལ་རྫས་བརྒྱད་ཀྱང་སྔོན་པོར་འགྱུར་ཏེ། དེ་དང་དེ་རྫས་གཅིག་པའི་ཕྱིར། འདོད་ན་ནི། འབྱུང་བ་བཞི་དང་དྲི་རོ་རེག་བྱ་རྣམས་ཁ་དོག་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། སྔོན་པོ་དང་དེའི་འབྱུང་བ་བཞི་པོ་ནི་རྫས་ཐ་དད་པ་ཡིན་ཞིང༌། ཚོགས་པ་གཅིག་པའི་འབྱུང་གྱུར་ནང་ཕན་ཚུན་རྫས་ཐ་དད་པའི་ཕྱིར་རོ། །རྟགས་དང་པོ་གྲུབ་སྟེ། གཟུགས་སོགས་འབྱུང་འགྱུར་བཞི་པོ་དེ་རང་གི་ཚོགས་པ་ན་ཡོད་པའི་འབྱུང་བ་བཞི་དང༌། རྒྱུ་འབྲས་སུ་ཁས་ལེན་དགོས་པའི་ཕྱིར་དང༌། དེ་ལས་གཞན་དུ་ན་ཚོགས་པ་གཅིག་པའི་རྡུལ་རྫས་བརྒྱད་པོ་དེ་བདག་གཅིག་ཏུ་འབྲེལ་བར་ཐལ་བའི་ཕྱིར། དེ་ཙམ་གྱིས་ཡན་ལག་ཅན་རྫས་གཞན་ཡོད་པར་ཐལ་བ་མ་ཡིན་ཏེ། སེར་པོ་དང༌། དེའི་ཚོགས་པ་ན་ཡོད་པའི་རྡུལ་རྫས་བརྒྱད་པ་ཡན་ལག་དང༌། ཡན་ལག་ཅན་དུ་མི་རུང་བའི་ཕྱིར། གལ་ཏེ་རུང་ན་ཚོགས་པའི་ས་ཆུ་དང་དྲི་རོ་གཉིས་ཀྱང་དེར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་བུམ་པ་དང་རྫས་གཅིག་པར་གྱུར་པའི་རྡུལ་རྫས་བརྒྱད་དང༌། བུམ་པའི་སྟེང་གི་རྫས་ཀྱི་ངོ་བོར་གྱུར་པའི་བྱས་མི་རྟག་སོགས་ཀྱང་བུམ་པ་ཡིན་པ་ཧ་ཅང་ཐལ་ཏེ། སྒྲའི་སྟེང་གི་དེ་དང་དེ་དག་མཉན་བྱ་ཡིན་པའི་ཕྱིར་དང༌། བུམ་པ་དང་དེ་དག་རྫས་གཅིག་པའི་ཕྱིར་ཞེ་ན། བུམ་པ་དང་དེ་དག་རྫས་གཅིག་པ་མ་ཡིན་ཏེ། བུམ་པ་ནི་བཏགས་ཡོད་ཡིན་པས་རྫས་སུ་མ་གྲུབ་པའི་ཕྱིར་ཏེ། དེ་ལས་གཞན་དུ་ན། བུམ་པའི་ཁ་དོག་མཐོང་བའི་མིག་ཤེས་ཀྱིས་དེའི་རྡུལ་རྫས་བརྒྱད་ཀ་མཐོང་བར་འགྱུར་རོ། །ཡང་གལ་ཏེ། སྒྲའི་རྫས་སུ་གྱུར་པའི་མི་རྟག་པ་ཆོས་ཅན། སྒྲ་མ་ཡིན་པར་ཐལ། ལྡན་པ་མིན་པའི་འདུ་བྱེད་ཡིན་པའི་ཕྱིར། དེ་ནི་རྟགས་མ་གྲུབ་པ་ཡིན་ཏེ། འདི་ལྟར། འོ་ན་དེ་ཆོས་ཅན། ཉན་ཤེས་དབང་པོའི་མངོན་སུམ་གྱི་སྣང་ཡུལ་དུ་གྱུར་པའི་དོན་མ་ཡིན་པར་ཐལ། ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ་མི་ལྡན་པའི་འདུ་བྱེད་ཡིན་པའི་ཕྱིར། དེ་ལྟར་ན་ལྡན་མིན་བྱེད་ཡིན་ན་སྒྲའི་རྫས་སུ་འགལ་བ་ཡིན་ཏེ། དེ་ཡིན་ན་བཏགས་ཡོད་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་སྒྲའི་སྟེང་གི་ལྡོག་པར་གྱུར་པའི་བྱས་པ་དང་མི་རྟག་པ་ལ་སོགས་པ་རྣམས་ནི་སྒྲ་དང་རྫས་གཅིག་པ་མིན་ཞིང༌། ཉན་ཤེས་དབང་པོའི་མངོན་སུམ་ལ་སྣང་བ་ཡང་མ་ཡིན་ཏེ། ལྡོག་པ་ཡིན་པའི་རྒྱུ་མཚན་གྱིས་རྫས་སུ་མ་གྲུབ་པའི་ཕྱིར་དང༌། གཞན་སེལ་ཡིན་པའི་རྒྱུ་མཚན་གྱིས་ཚུ་རོལ་མཐོང་བའི་མངོན་སུམ་ལ་མི་སྣང་བའི་ཕྱིར་དང༌། ཤེས་འདོད་ཆོས་ཅན་སྒྲའི་སྟེང་དུ་རྟགས་ཀྱིས་བསྒྲུབ་དགོས་པ་སྲིད་པའི་ཕྱིར་རོ། །གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི་དེས་དེ་སེལ་ནུས་པ་ཡིན་ཏེ། སྒྲ་རང་མཚན་མཉན་བྱ་ཡིན་པར་ཉན་ཤེས་དབང་པོའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། འོ་ན་སྒྲ་རྟག་པ་ཡང་མངོན་སུམ་གྱིས་བསལ་བར་འགྱུར་ཏེ། སྒྲ་མི་རྟག་པ་ཡིན་པར་ཉན་ཤེས་ཀྱི་དབང་པོའི་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་པ་ཡིན་ཏེ། དེ་རྟགས་ཀྱིས་སྒྲུབ་དགོས་པ་ཡིན་པའི་ཕྱིར་དང༌། དེས་དེ་ལ་མི་རྟག་པའི་ཐ་སྙད་མ་མཐོང་བའི་ཕྱིར་རོ། །འདིར་མངོན་སུམ་གྱིས་བསལ་བར་བཤད་པ་དེ་ཡང་ཚུར་རོལ་མཐོང་བའི་མངོན་སུམ་གྱི་དབང་དུ་བྱས་པ་ཡིན་གྱི། རྣལ་འབྱོར་མངོན་སུམ་གྱི་བསལ་བ་ནི་འདིར་མི་གཟུང་སྟེ། དེ་ལས་གཞན་དུ་ན་ཉེར་ལེན་གྱི་ཕུང་པོ་བདག་ཡོད་ཡིན་པ་དང༌། དེ་རྟག་པ་ཡིན་པ་སོགས་ཀྱང་དེར་ཐལ་བར་འགྱུར་ལ། དེ་ལྟར་ན་ལོག་ཕྱོགས་རྟགས་ཀྱིས་བསྒྲུབ་བྱ་མིན་པར་འགྱུར་རོ། །དེ་བཞིན་དུ་སེར་པོ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པ་དང༌། བདེ་སོགས་བསལ་རིག་མིན་པ་སོགས་མངོན་སུམ་གྱི་བསལ་པར་ནི་འཇོག་ལ། དེ་གཟུགས་མ་ཡིན་པ་དང་དེ་ཤེས་པ་མ་ཡིན་པ་རྣམས་ནི་མངོན་སུམ་གྱི་བསལ་པར་མི་འཇོག་སྟེ། དེའི་ལོག་ཕྱོགས་རྟགས་ཡང་དག་གིས་བསྒྲུབ་དགོས་པ་མཐོང་བའི་ཕྱིར། དེ་བཞིན་དུ་སྒྲ་མ་བྱས་པ་དང༌། རྟག་པ་ལ་སོགས་པ་ཡང་མཚོན་ཏེ་ཤེས་པར་བྱའོ། །བཞི་པ་རྩོད་པ་སྤོང་བ་ནི། འོ་ན་སྒྲ་སྒྲ་མིན་པར་དམ་བཅས་པའི་ཞེན་དོན་ལ་ཡང་མངོན་སུམ་གྱིས་གནོད་པར་འགྱུར་ཏེ། སྒྲ་མཉན་བྱ་མ་ཡིན་པར་དམ་བཅས་པའི་ཞེན་དོན་ལ་མངོན་སུམ་གྱི་གནོད་པའི་ཕྱིར་རོ། །དེ་འདོད་ན་ནི་སློབ་དཔོན་བདག་ཉིད་ཆེན་པོས་མངོན་སུམ་གྱིས་བསལ་བ་འཆད་པའི་སྐབས་སུ། སྒྲ་ནི་སྒྲ་མ་ཡིན་པར་དམ་བཅས་པ་ལྟ་བུའོ་ཞེས་མི་གསུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་ལན་དུ་རིགས་པ་མཁྱེན་པས། རྣམ་ཀུན་བརྗོད་བྱའི་དངོས་མིན་ཕྱིར། །ཞེས་གསུངས་སོ། །དེའི་དོན་ཤེས་པར་དཀའ་བ་ནི་འདི་ཡིན་ཏེ། དུང་སྒྲ་རང་མཚན་མཉན་བྱ་ཡིན་པ་དེ་ཉན་ཤེས་དབང་པོའི་མངོན་སུམ་གྱི་སྣང་ཡུལ་ཡིན་ཀྱང༌། དེ་དག་སྒྲ་ཡིན་པ་དེ་དེའི་སྤྱོད་ཡུལ་མ་ཡིན་ཏེ། དེ་འདྲ་དེ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། དེའི་འབྲེལ་ཡང་གང་ཉན་ཤེས་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ན་རང་མཚན་ཡིན་པས་ཁྱབ། དེ་ཡིན་ན་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མིན་པས་ཁྱབ། དེ་ཡིན་ན་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་མིན་དགོས་པའི་ཕྱིར། ཞེས་བྱ་བ་འདི་ཡིན་ནོ། །བཞི་པ་དངོས་སྟོབས་རྗེས་དཔག་གི་བསལ་པ་ལ་མཚན་ཉིད་ནི། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་སོ། །དེའི་རྣམ་གཞག་ལ། སེལ་བྱེད་དངོས་བཏགས་ཀྱིས་དབྱེ་བ་ནི་གོང་དུ་བཤད་པའི་རིགས་པས་ཤེས་པར་བྱ་ཞིང༌། བསལ་བྱ་ནི་སྒྲ་རྟག་པར་དམ་བཅས་པའི་ཞེན་དོན་ལྟ་བུའོ། །འདི་རྣལ་འབྱོར་མངོན་སུམ་གྱི་བསལ་པར་སོང་བའི་སྐབས་སྲིད་ཀྱང༌། བསལ་པ་བཞིའི་ཟླས་ཕྱེ་བའི་མངོན་སུམ་གྱི་བསལ་པར་ནི་མི་བཞག་སྟེ། སྒྲ་མི་རྟག་པ་ཡིན་པར་རྟགས་ཀྱིས་བསྒྲུབ་དགོས་པའི་ཕྱིར། འོ་ན་འདི་མངོན་སུམ་གྱིས་གྲུབ་པར་ཁྱེད་ཀྱིས་འདོད་པ་ཡིན་ནམ། རྟགས་ཀྱིས་སྒྲུབ་དགོས་པ་ཇི་ལྟར་ཞེ་ན། དེའི་ལན་དུ་རིགས་པ་མཁྱེན་པས། མངོན་སུམ་གྱིས་ནི་བཟུང་བ་ལ། །ཞེས་གསུངས་སོ། །དེའི་དོན་འདི་ཡིན་ཏེ། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་སྒྲ་མི་རྟག་པར་འགྲུབ་པ་མ་ཡིན་ཏེ། དེས་དེའི་དོན་ཡང་མི་འགྲུབ། ཐ་སྙད་ཀྱང་མི་འགྲུབ་པའི་ཕྱིར། དང་པོ་མི་འགྲུབ་སྟེ། དེས་སྐད་ཅིག་གིས་འཇིག་པར་མི་འགྲུབ་པའི་ཕྱིར་ཏེ། དུས་མཐའི་སྐད་ཅིག་མ་མཐོང་བའི་མངོན་སུམ་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་དགོས་པའི་ཕྱིར། གཉིས་པ་མི་འགྲུབ་སྟེ། ཐ་སྙད་ཚུ་རོལ་མཐོང་བའི་མངོན་སུམ་མི་སྣང་བའི་ཕྱིར། འོ་ན། ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་སྒྲའི་རྫས་སུ་གྱུར་པའི་མི་རྟག་པ་ལ་བསལ་པ་ཡིན་ལ། དེ་ནི་སྒྲ་ཉིད་ཡིན་ཏེ། མཉན་བྱ་ཡིན་པའི་ཕྱིར། ཇི་སྐད་དུ། ཉན་ལ་གཉིས་མེད་སྣང་གྱུར་པ། །ཞེས་བཤད་པས་སོ། །དེ་ལས་གཞན་དུ་ན་ཆོས་ཀྱི་སྐྱེ་མཆེད་དང་མཉན་བྱའི་གཞི་མཐུན་ཁས་ལེན་དགོས་པ་ལས། དེ་ལྟར་ཁས་ལེན་པ་དེ་ནི་སྔོན་ཆད་གྲགས་པའི་ཚད་ལྡན་གྱི་གཞུང་འགྲེལ་གང་ནས་ཀྱང་འབྱུང་བ་མ་ཡིན་ནོ། །གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི། དེས་དེ་སེལ་ནུས་པ་ཡིན་ཏེ། སྒྲ་མི་རྟག་པ་ཡིན་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ཕྱིར་ཞེས་བྱ་བ་འདིས་ནི་ཆོས་ཅན་གྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་ཞེན་དོན་ལ། སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པ་འབབ་པའི་ཚུལ་རྒྱས་པར་བཤད་ཟིན་པ་ཡིན་ནོ། །འདིར་སྨྲས་པ། བསྒྲུབ་བྱའི་མཚན་ཉིད་དེ་ཡི་བསལ་བྱ་དང༌། །བསྒྲུབ་བྱའི་མཚན་གཞིའང་གང་ཡིན་མི་ཤེས་པར། །བསྒྲུབ་བྱའི་གནས་འདིར་བློ་ཆུང་གྱ་གྱུའི་ཚིག །བསྒྲུབ་བྱའི་གཙོ་བོར་བྱེད་པ་གད་མོའི་གནས། །ཡིད་ཆེས་རྟགས་ཀྱི་རྣམ་གཞག་སྨྲ་འོ་སྐད། །ཡིད་ལ་དྲན་ཚད་རི་མོར་བྲིས་གང་ལ། །ཡིད་རྟོན་བྱེད་པའི་དཔྱོད་ལྡན་སུ་ཞིག་ཡོད། །ཡིད་འབབ་རྣ་བར་མཉན་པར་འདི་ཟུངས་ཤིག །གྲགས་པའི་རྣམ་གཞག་བྱེད་པ་མང་ཡོད་ཀྱང༌། །གྲགས་པ་ཇི་བཞིན་བཤད་པ་འགའ་མ་མཐོང༌། །གྲགས་པ་ཆེ་ལྡན་དག་གིས་གང་བཤད་པ། །གྲགས་པ་མིན་པ་ངེས་པར་འཕེལ་བའི་རྒྱུ། །མངོན་སུམ་ཡུལ་ལ་འཇུག་ཚུལ་མི་ཤེས་པར། །མངོན་རྗེས་བསལ་པ་རྟོགས་པར་སླ་འོ་སྐད། །མངོན་པའི་ང་རྒྱལ་སྒྲོག་པ་དེས་ཅི་བྱ། །མངོན་པར་གསལ་བའི་གཏན་འདི་ཡིད་ལ་ཞོག །ཅེས་སྨྲས་པ་ཡིན་ནོ། །གཉིས་པ་དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་ལ། སེལ་བྱེད་ཀྱི་ཚད་མ་བཞིའི་གནོད་པའི་ཚུལ་འཆད་པ་ལ། བཤད་བྱའི་མདོ་བཀོད། མདོ་དོན་བསྟན་བཅོས་སུ་ཇི་ལྟར་བཀྲལ་བའི་ཚུལ། དམ་བཅའ་གསུམ་གྱི་ཞེན་དོན་ངོས་བཟུང་ནས། དེ་ལ་ཚད་མ་བཞིས་ཇི་ལྟར་གནོད་པའི་ཚུལ་བཤད་པའོ། །དང་པོ་ནི། ཇི་སྐད་དུ། ཚད་མའི་མདོར། ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་དང་འགལ་བ་སེལ་བ་ཡང་རིག་པར་བྱ་སྟེ། དཔེར་ན་ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མིན་ཏེ། མངོན་སུམ་ཉིད་མིན་པར་ཐལ་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མིན་པར་ཐལ་བའི་ཕྱིར་རོ་ཞེས་གསུང་ངོ༌། །གཉིས་པ་ནི། མདོ་དེའི་དོན་རྣམ་འགྲེལ་མཛད་པས། མདོར་བསྟན། རྒྱས་པར་བཤད། དོན་བསྡུས་པ་གསུམ་གྱིས་བསྟན་ཏེ། ཇི་སྐད་དུ། འདིས་སྒྲུབ་ཅེས་སོགས་དང༌། ལྡན་དོན་ཞེས་སོགས་དང༌། ཁས་བླངས་ཞེས་སོགས་ཀྱི་གཞུང་དང་སྦྱར་རོ། །དེ་ཡང་མདོར་བསྟན་དང༌། དོན་བསྡུའི་གཞུང་གཉིས་ཀྱི་ཚིག་དོན་ནི་འདི་ཡིན་ཏེ། བདག་ཉིད་ཆེན་པོས་ཚད་མའི་མདོར། ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་ཚུལ་རྒྱས་པར་བསྟན་པ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞི་ཅར་གྱིས་གནོད་པའི་ཚུལ་མཚོན་པར་ནུས་པའི་ཕྱིར་ཞེས་པའོ། །འོ་ན་དེ་གསུམ་གྱི་ཞེན་དོན་གང་ཡིན། དེ་ལ་དེ་བཞི་ཅར་གྱིས་ཇི་ལྟར་དུ་གནོད་ཅེ་ན། གཉིས་པ་རྒྱས་པར་བཤད་པ་ལ། དམ་བཅའ་གསུམ་གྱི་ཞེན་དོན་ངོས་བཟུང༌། དེ་ལ་ཚད་མ་བཞིས་ཇི་ལྟར་གནོད་པའི་ཚུལ་ལོ། །དང་པོ་ནི། བྱེ་བྲག་པའི་དམ་བཅའ་དེ་གསུམ་ཅར་གྱི་ཞེ་འདོད་ལ། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན། གཉིས་པ་ཚུན་ཆད་རང་གི་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་དུ་དམ་བཅས་པ་ཡིན་ཏེ། མངོན་སུམ་ལ་སྣང་རུང་དང་ཆོས་གསུམ་གྱི་ཁྱད་པར་དུ་བྱས་པ་ཅན་མིན་པའི་ཡན་ལག་ཅན། རང་གི་ཡན་ལག་ལས་རྫས་གཞན་དུ་དམ་བཅས་པ་ལ་དཔག་འདོད་དང༌། ཤེས་འདོད་གཉིས་ཀ་མེད་པའི་ཕྱིར་ཞེས་འཆད་པ་ནི། ལྡན་དོན་ཞེས་པ་ནས། གྲུབ་པ་བསྒྲུབ་པ་ཉིད་ཀྱི་བར་རོ། །གཉིས་པ་སེལ་བྱེད་ལ། མདོ་དང་པོའི་དོན་བཤད་པའི་སྒོ་ནས་རྗེས་དཔག་གིས་གནོད་ཚུལ་འཆད་པ་ནི། གལ་ཏེ་འདི་ལྕི་ཞེས་སོགས་སོ། །མདོ་གཉིས་པའི་དོན་བཤད་པའི་སྒོ་ནས་མངོན་སུམ་གྱིས་གནོད་ཚུལ་འཆད་པ་ནི། གཟུགས་སོགས་ལྷག་དང་ལྷག་ཇི་བཞིན། །རང་གི་དབང་པོས་མཐོང་མེད་ཕྱིར། །ཞེས་པ་མདོ་ཚིག་གསུམ་པའི་དོན་བཤད་པའི་སྒོ་ནས་ཁས་བླངས་ཀྱིས་གནོད་ཚུལ་ནི། ལེའུ་གཉིས་པར། ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། ཞེས་བཤད་ཟིན་པ་ལས་ཤེས་པར་ནུས་པས་འདིར་མ་བཤད་དོ། །དེ་ལྟར་ཤེས་པ་ན་དར་ཊཱིཀ་པ་དག་གི་འདོད་པ་ཡན་ལག་ཅན་ཆོས་ཅན་དུ་བཞག་པ་ན་མངོན་སུམ་ལ་སྣང་རུང་ཆོས་ཅན་གྱི་ཁྱད་པར་དུ་བྱེ་བྲག་པས་འདོད་དོ། །ཞེས་ཟེར་བ་དེ་བྱེ་བྲག་པས་མི་འདོད་པར་གྲུབ་པ་དང༌། འདོད་དུ་ཆུག་ཀྱང་སངས་རྒྱས་པས་དེ་འགོག་པར་མི་ནུས་པར་གྲུབ་པ་ཡིན་ནོ། །དང་པོ་གྲུབ་པ་ཡིན་ཏེ། བྱེ་བྲག་པས་ཡན་ལག་ཅན་ལ་མངོན་སུམ་གྱིས་མཐོང་དུ་རུང་མི་རུང་གཉིས་ཁས་ལེན་པའི་ཕྱིར། གཉིས་པ་གྲུབ་སྟེ། སངས་རྒྱས་པ་རང་གི་ལུགས་ལ་ཡན་ལག་ཅན་མངོན་སུམ་ལ་སྣང་དུ་རུང་བའི་ཕྱིར་རོ། །ཡང་ཡན་ལག་ཆོས་ཅན་དུ་བཞག་ནས་མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཆོས་ཅན་གྱི་ཁྱད་པར་དུ་འཇོག་པ་བྱེ་བྲག་པའི་འདོད་པ་མ་ཡིན་པར་གྲུབ་ཅིང༌། བྱེ་བྲག་པའི་འདོད་པ་ཡིན་དུ་ཆུག་ཀྱང་སངས་རྒྱས་པས་དེ་ལ་གནོད་པ་སྟོན་མི་ནུས་པར་གྲུབ་པ་ཡིན་ནོ། །དང་པོ་གྲུབ་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་རང་གི་ཡན་ལག་བཅས། །གཅིག་ཆར་ཡན་ལག་ཅན་གཟུང་ཡིན། །ཞེས་དང༌། ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཞེས་དང༌། ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཇི་ལྟར་སྣང་བ་ཡིན། །ཞེས་བྱེ་བྲག་པས་མི་འདོད་པ་ཐལ་བར་འཕངས་པའི་ཕྱིར་དང༌། གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་མཐོང་ཞེ་ན། །ཞེས་ཀྱང་ཁས་བླངས་པས་སོ། །གཉིས་པ་ཡང་གྲུབ་པ་ཡིན་ཏེ། རང་ལུགས་ལ་ཡན་ལག་གང་ཡིན་ཐམས་ཅད་སྣང་རུང་དུ་ཁས་མི་ལེན་པའི་ཕྱིར་ཏེ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར་དང༌། མི་སྣང་བ་མ་དམིགས་པའི་གཏན་ཚིགས་གང་ལ་འཇུག་པའི་གཞི་མེད་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ཞིབ་ཏུ་དཔྱད་ན་བྱེ་བྲག་པས་ཡན་ལག་གི་རྫས་ནི་མངོན་སུམ་ལ་སྣང་དུ་མི་རུང་བར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང༌། །གཅིག་ཅར་དུ་མ་འཛིན་མ་ཡིན། །ཞེས་དང༌། དུ་བ་ཉིད་ནའང་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོགས་མིན་ཞེ་ན། ཞེས་བཤད་པ་དེ་བྱེ་བྲག་པའི་འདོད་པ་ཡིན་པས་སོ། །དེ་ལྟར་ན་བྱེ་བྲག་པའི་ལུགས་ལ་ཡན་ལག་ཙམ་དང་ཡན་ལག་གི་རྫས་གཉིས་ལ་རྒྱ་མཚོ་དང་རྨིག་རྗེས་ཀྱི་ཆུའི་ཁྱད་པར་ཙམ་ཡོད་པ་གང་ཡིན་པ་དེ་ཡང་ཤེས་པར་བྱ་དགོས་སོ། །དེའི་རྒྱུ་མཚན་ཡང༌། ལག་སོགས་གཡོ་ན་ཐམས་ཅད་དག ཅེས་པར། རྐང་ལག་དང་མགོ་ལ་སོགས་པ་སྐྱེས་བུའི་ལུས་ཀྱི་ཡན་ལག་ཡིན་པར་ཁས་ལེན་དགོས་པའི་ཕྱིར་དང༌། ཡན་ལག་ཉིད་དུ་ཉེར་བཟུང་གང༌། །དེ་ཉིད་ཀྱིས་ནི་དེ་འཛིན། ཞེས་པའང་བྱེ་བྲག་པས་ཁས་ལེན་དགོས་པའི་ཕྱིར་དང༌། མ་བསྲེས་པའི་འཇིམ་རིལ་བཅུ་པོ་དེ་བསྲེས་པའི་འཇིམ་གོང་གི་ཡན་ལག་ཏུ་བྱེ་བྲག་པས་ཁས་ལེན་དགོས་པའི་ཕྱིར་ཏེ། བ་ལང་ཞེས་བྱའི་ཡན་ལག་ནི། །གཅིག་ཆར་ཡན་ལག་རྫོགས་འཛིན་མིན། །ཞེས་པར་ནོག་ལྐོག་ཤལ་དང་རྭ་ལ་སོགས་པ་བ་ལང་གི་ཡན་ལག་ཏུ་ཁས་ལེན་དགོས་པས་སོ། །དེ་ལྟར་ཞར་ལས་བྱུང་བ་བརྗོད་ནས། སྐབས་སུ་བབ་པ་ནི། བྱེ་བྲག་པས་ཡན་ལག་ཅན་ཆོས་ཅན་དུ་འཇོག་པ་དང་ཆོས་སུ་འཇོག་པའི་སྐབས་གཉིས་ཡོད་ཅིང༌། དེའི་རྒྱུ་མཚན་གྱིས་ཆོས་གསུམ་པོ་དེ་ཡང་ཆོས་ཅན་གྱི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་དུ་འགྱུར་བའི་སྐབས་རྣམ་པ་གཉིས་ཡོད་དོ། །རྫས་ནི་ཡོད་དོ་ཞེས་དམ་བཅས་པ་དེའི་ཚེ། ཡན་ལག་ཅན་གྱི་རྫས་ཁོ་ན་ཆོས་ཅན་གྱི་ངོ་བོར་ཞེན་པ་ཡིན་གྱི། ཆོས་གསུམ་པོ་ཆོས་ཅན་གྱི་ངོ་བོར་བྱེ་བྲག་པས་ཞེན་པ་དང༌། སངས་རྒྱས་པས་དེ་ལ་གནོད་པ་སྟོན་པའི་ཚུལ་གཉིས་ཀ་མེད་ཅིང༌། ཡན་ལག་ཅན་རྫས་གྲུབ་ཏུ་ཁས་ལེན་པའི་སངས་རྒྱས་པ་སུ་ཡང་མེད་དོ། །ཞེས་བཤད་ན་ལེགས་པར་བཤད་པ་སྔ་མ་ལས་གཞན་ནོ། །དེའི་རྒྱུ་མཚན་ཡང་བྱེ་བྲག་པས་རྫས་ཆོས་ཅན་གྱི་ངོ་བོར་ཞེན་པ་ཡིན་ལ། ཆོས་གསུམ་པོ་དེའི་ནང་ན་རྫས་ཡིན་པ་གཅིག་ཀྱང་མེད་པའི་ཕྱིར། སྔ་མ་གྲུབ་སྟེ། ཇི་སྐད་དུ། ལྡན་དོན་རྫས་ཀྱི་མཚན་ཉིད་ཅན། །ཞེས་གསུངས་སོ། །དམ་བཅའ་འདི་ཞེན་དོན་འགོག་བྱེད་ཀྱི་རིགས་པ་འཆད་པ་ན་བདག་ཉིད་ཆེན་པོས། ཡན་ལག་རྫས་གཞན་ཁོ་ན་ལ་ནང་འགལ་གྱི་གནོད་བྱེད་སྟོན་པར་མཛད་ཀྱི། ཆོས་གསུམ་པོ་འགོག་བྱེད་ཀྱི་རིགས་པ་མ་གསུངས་སོ། །གཉིས་པ་གྲུབ་སྟེ། ཆོས་གསུམ་ནི། ཡོན་ཏན་དང༌། འདུ་བ་དང༌། ལས་གསུམ་ལ་འཇོག་པའི་ཕྱིར། མདོར་བསྡུ་ན་དམ་བཅའ་གསུམ་ཀའི་སྐབས་སུ་བྱེ་བྲག་པས་ཆོས་ཅན་གྱི་ངོ་བོར་ཞེན་པ་ནི་རྫས་ཁོ་ནའོ། །དེ་ལའང་ཡན་ལག་དང་ཡན་ལག་ཅན་གྱི་དབྱེ་བ་གཉིས་སོ། །ཆོས་ཀྱི་ངོ་བོར་ཞེན་པའང་རྫས་ཁོ་ནའོ། །དེ་ལའང་ཡན་ལག་དང་ཡན་ལག་ཅན་གྱི་དབྱེ་བས་གཉིས་སོ། །བྱེ་བྲག་པས་ཆོས་ཅན་དང་ཆོས་ཅན་གྱི་ཁྱད་པར་དུ་ཞེན་པ་ནི་ཆོས་གསུམ་པོ་ཁོ་ན་ཡིན་གྱི། རྫས་ལ་དེར་ཞེན་པ་མེད་དོ། །ཆོས་གསུམ་པོ་ཡང་ཡན་ལག་ཅན་ཁོ་ནའི་ཁྱད་པར་དུ་ཞེན་པ་ཡིན་གྱི། ཡན་ལག་གི་རྫས་ཀྱི་ཁྱད་པར་དུ་འདོད་པ་མིན་ཏེ། བྱེ་བྲག་པས་ཡན་ལག་གི་རྫས་ཡོན་ཏན་ལ་སོགས་པའི་རྟེན་དུ་མི་འདོད་པའི་ཕྱིར་ཏེ། གྲངས་སོགས་ཡོན་ཏན་གྱི་རྟེན་བྱེད་པ་དེ་ཡན་ལག་ཅན་རྫས་གཞན་ཡོད་པའི་སྒྲུབ་བྱེད་དུ་འདོད་པའི་ཕྱིར། འོ་ན་ཆོས་གསུམ་པོ་དེ་གང་ཞེ་ན། ཡོན་ཏན་ནི་ཉི་ཤུ་རྩ་བཞི་སྟེ། གཟུགས་དྲི་རོ་དང་རེག་པ་དང༌། །གྲངས་དང་བོངས་ཚོད་སོ་སོ་ཕྲད། །བྱ་བ་གཞན་དང་གཞན་མ་ཡིན། །མིག་རྣ་སྣ་ལྕེ་ལུས་ཀྱི་བློ། །བདེ་སྡུག་འདོད་སྡང་ཆོས་མ་ཡིན། །ཆོས་དང་འབད་པ་བྱ་བའི་ཤུགས། །ལྕི་བ་གཤེར་བ་སྣུམ་པ་དང༌། །སྒྲ་དང་ཉི་ཤུ་རྩ་བཞི་འོ། །དེ་དག་གི་ནང་ནས་གཟུགས་ནི། ས་དང༌། ཆུ་དང༌། མེའི་ཡོན་ཏན་ནོ། །མིག་གི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་དྲི་ནི་སའི་ཡོན་ཏན་ཏེ། སྣའི་དབང་པོའི་གཟུང་བར་བྱ་བ་ཡིན་པའི་ཕྱིར། རོ་ནི་ས་དང་ཆུའི་ཡོན་ཏན་ཏེ། ལྕེའི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར། རེག་བྱ་ནི་འབྱུང་བ་བཞི་ཀའི་ཡོན་ཏན་ཏེ། ལུས་ཀྱི་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར། སྒྲ་ནི་ནམ་མཁའི་ཡོན་ཏན་ནོ། །ལྕི་བ་དང་གཤེར་བ་དང་སྣུམ་པ་ཆུའི་ཡོན་ཏན་ནོ། །གྲངས་ལ་སོགས་པ་བདུན་ནི་དུས་དང་ཕྱོགས་ཀྱི་ཡོན་ཏན་ནོ། །མིག་ལ་སོགས་པ་ལྷག་མ་བཅུ་གསུམ་ནི། བདག་གི་ཡོན་ཏན་ནོ། །ཆོས་དང་ཆོས་མ་ཡིན་པ་ནི་ཡིད་ཀྱི་ཡོན་ཏན་ནོ། །ཞེས་འདོད་པ་དང༌། ཡང་ལས་ནི་འདེགས་པ་དང༌། འཇོག་པ་དང༌། སྐུམ་པ་དང༌། བརྐྱང་བ་དང༌། འགྲོ་བས་ཏེ་ལྔའོ། །དེ་དག་མི་རྟག་པ་ཁོ་ནའོ་ཞེས་འདོད་ཅིང༌། ཡང་འཕྲོད་པ་འདུ་བ་ཞེས་བྱ་བ་ནི་རྫས་དང་ཡོན་ཏན་ལ་སོགས་པ་ཁྱད་པར་དང༌། ཁྱད་པར་ཅན་ནམ། རྟེན་དང་བརྟེན་པར་འབྲེལ་བ་སྟེ། ཚིག་གི་དོན་ལྔ་པོ་དག་ལས་གཞན་དུ་གྱུར་པ་ཅིག་ཡིན་པར་འདོད་དོ། །དེ་ལྟར་ཤེས་པ་ན་བྱེ་བྲག་པས་ཚིག་གི་དོན་དྲུག་ཀ་དངོས་པོར་འདོད་ཀྱང་རྫས་གྲུབ་ཏུ་འདོད་པ་ནི་གཅིག་ཁོ་ན་ཡིན་ནོ། །གཅིག་པོ་དེ་ལའང་ཡན་ལག་དང་ཡན་ལག་ཅན་གྱི་དབྱེ་བས་གསུམ་ཡོད་ཀྱང་ཚིག་གི་དོན་ལྔ་པོ་དང༌། འབྲེལ་པ་གྲུབ་པ་ནི་ཡན་ལག་ཅན་གྱི་རྫས་ཁོ་ནའོ། །ཞེས་བྱ་བ་འདིས་ནི་དམ་བཅའ་གསུམ་གྱི་ཞེན་དོན་ངོས་བཟུང་བ་ཡིན་ནོ། །དེ་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པའི་ཚུལ་ནི་འདི་ཡིན་ཏེ། དམ་བཅའ་གསུམ་ཀའི་ཞེན་དོན་གཅིག་ཁོ་ནར་འདུས་པ་དེའི་ཕྱིར། གཅིག་གི་ཞེན་དོན་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པར་ཤེས་པ་ན། གསུམ་ཀའི་ཞེན་དོན་ལ་དེས་གནོད་པར་རྟོགས་ནུས་པ་ཡིན་ནོ། །འོ་ན་ཚད་མ་བཞི་པོ་གང་ཞེ་ན། མདོ་ཚིག་དང་པོས་བསྟན་པའི་རྗེས་དཔག་གིས་གནོད་ཚུལ་དང༌། མདོ་ཚིག་གཉིས་པས་བསྟན་པའི་མངོན་སུམ་གྱིས་གནོད་ཚུལ་དང༌། དེ་གསུམ་པས་བསྟན་པའི་ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་རྣམས་ནི། ཡབ་སྲས་གཉིས་ཀའི་གཞུང་ནས་སྐབས་གཞན་དང་གཞན་དུ་བཤད་ཟིན་པ་ལ་དགོངས་ནས་སྐབས་འདིར་མ་གསུངས་པ་ཡིན་ནོ། །གསུམ་པ་ལ། དམ་བཅའ་གསུམ་གྱི་ཞེན་དོན་ནི་གང༌། དེ་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། བྱེ་བྲག་པས་ཡན་ལག་རྣམས་ནི་ཡན་ལག་ཅན་གཞན་ཡིན་ནོ་ཞེས་དང༌། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ནོ་ཞེས་དང༌། རྫས་ནི་ཡོད་དོ་ཞེས་དམ་བཅས་པ་དེའི་ཚེ་ན། ཞེས་དམ་འཆའ་ཚུལ་མི་འདྲ་བ་གསུམ་བྱས་ཀྱང་ཞེན་དོན་གཅིག་ཁོ་ན་ཡིན་ཏེ། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་དུ་དམ་བཅའ་བར་འདོད་ནས་སྨྲས་པའི་ཕྱིར་རོ། །དམ་འཆའ་ཚུལ་ནི་མི་འདྲ་བ་ཡིན་ཏེ། དམ་བཅའ་དང་པོས་ཆོས་གསུམ་པོ་དེ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་ཞེན་ནས་དམ་བཅས། གཉིས་པས་གསུམ་པོ་དེ་ཆོས་ཅན་གྱི་ཁྱད་དུ་ཞེན་ནས་དམ་བཅས། གསུམ་པས་ཆོས་གསུམ་པོ་དེ་ཆོས་ཅན་གྱི་ངོ་བོར་ཞེན་ནས་དམ་བཅས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། དམ་བཅའ་དང་པོ་ལ་ཡན་ལག་རྣམས་ནི་ཆོས་ཅན་ནོ། །ཡན་ལག་ཅན་ལས་གཞན་ཙམ་ནི་ཆོས་ཀྱི་ངོ་བོའོ། །ཆོས་གསུམ་ལྡན་ནི་ཁྱད་པར་དུ་ཞེན་ནས་དམ་བཅས་པ་ཡིན་ནོ། །དམ་བཅའ་གཉིས་པ་ལ་ཡན་ལག་ཅན་ནི་ཆོས་ཅན་གྱི་ངོ་བོའོ། །ཆོས་གསུམ་པོ་ནི་དེའི་ཁྱད་པར་དུ་ཞེན་ནས་དམ་བཅས་པ་ཡིན་ནོ། །དམ་བཅའ་གསུམ་པ་ལ་ནི་ཡན་ལག་ཅན་རྫས་གཞན་ཆོས་གསུམ་ལྡན་ཉིད་ཆོས་ཅན་གྱི་ངོ་བོར་ཞེན་ནས་དམ་བཅས་པ་ཡིན་ནོ། །འདིར་དར་ཊཱིཀ་པ། བྱེ་བྲག་པས་ཡན་ལག་ཅན་ཆོས་ཅན་དུ་བཞག་པའི་ཚེ། མངོན་སུམ་གྱིས་མཐོང་རུང་ཆོས་ཅན་གྱི་ཁྱད་པར་ཡིན་ལ། ཡན་ལག་ཆོས་ཅན་དུ་བཞག་པའི་ཚེ། མངོན་སུམ་གྱིས་མཐོང་དུ་མི་རུང་བ་ཆོས་ཅན་གྱི་ཁྱད་པར་ཡིན་པས་དེ་ལ་གནོད་པ་སྟོན་པ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། བྱེ་བྲག་པའི་ཞེ་ཕུགས་ཀྱི་གྲུབ་མཐའ་གང་ཡིན་དང༌། སྨྲས་ཙམ་གྱི་དམ་བཅའ་འཇོག་ཚུལ་མ་ཤེས་པས་ཀུན་ནས་བསླངས་པའི་ཕྱིར་རོ། །འོ་ན་དེ་དང་དེ་གང་ཡིན་དེ་མ་ཤེས་པ་ལས་ཅིར་འགྱུར་ཞེ་ན། དེའི་ལུགས་ལ་རྫས་ནི་གཉིས་ཏེ། རྟག་པའི་རྫས་དང་མི་རྟག་པའི་རྫས་སོ། །དང་པོ་ནི་ནམ་མཁའ་དང༌། དུས་དང༌། ཕྱོགས་དང༌། བདག་དང་ཡིད་ཅེས་བྱ་བ་ཐམས་ཅད་དུ་སོང་བའི་རྫས་ལྔ་དང༌། འབྱུང་བ་བཞིའི་རྡུལ་ཕྲ་མོ་རྣམས་ནི་ཐམས་ཅད་དུ་སོང་བ་མིན་པའི་རྫས་སོ། །གཉིས་པ་ནི། རྡུལ་དེས་བརྩམས་པའི་ཡན་ལག་ཅན་ནོ། །ཡན་ལག་ཅན་ལའང་གཉིས་ཏེ། མངོན་སུམ་ལ་སྣང་དུ་མི་རུང་བ་དང༌། རུང་བའོ། །དང་པོ་ནི། ཡན་ལག་ཅན་དང་པོ་ལ་བྱ་ལ། གཉིས་པ་ནི་ཡན་ལག་ཅན་གཉིས་པ་ཕན་ཆད་ལ་བྱ་བ་ཡིན་ནོ། །ཡན་ལག་ལའང་གཉིས་ཏེ། མངོན་སུམ་ལ་སྣང་དུ་མི་རུང་བ་རྡུལ་ཕྲ་མོའི་གནས་སྐབས་དང༌། མངོན་སུམ་ལ་སྣང་དུ་རུང་བ་རགས་པའི་གནས་སྐབས་སོ། །བྱེ་བྲག་པས་ཡན་ལག་རྣམས་མཐའ་གཅིག་ཏུ་མངོན་སུམ་ལ་སྣང་མི་རུང་དུ་ཁས་ལེན་པ་མ་ཡིན་ཏེ། ཇི་སྐད་དུ། ལག་སོགས་གཡོ་ན་ཐམས་ཅད་དག །ཅེས་སོགས་དང༌། མཐོང་འགྱུར་གཅིག་ཚོན་གྱིས་བསྒྱུར་ན་ཞེས་པར། སྐྱེས་བུའི་ལུས་ཀྱི་ཆ་ཤས་རྣམས་ཡན་ལག་ཏུ་ཁས་ལེན་དགོས་པའི་ཕྱིར་དང༌། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ལྷན་ཅིག་ཏུ་སྡོམ་པ་དེའི་ཚེ་ན། འཇིམ་རིལ་བཅུ་པོ་ཡན་ལག་དང༌། དེས་སྡོམ་པའི་ཚེ་ཡན་ལག་རྣམས་ལ་མེད་པའི་ཡན་ལག་ཅན་གཅིག་སྐྱེས་པར་བྱེ་བྲག་པས་ཁས་ལེན་དགོས་པའི་ཕྱིར། རྫས་ལ་ཡན་ལག་གི་རྫས་དང༌། ཡན་ལག་ཅན་གྱི་རྫས་གཉིས་སུ་འབྱེད་ལ། དེ་ལྟར་འབྱེད་པ་དེ་ཡང་འབྱུང་བ་བཞིའི་རྡུལ་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། ནམ་མཁའ་དང་བདག་ཡིད་ཕྱོགས་དུས་རྣམས་ཡན་ལག་དང༌། ཡན་ལག་ཅན་གྱི་དབྱེ་བ་མི་འདོད་ཅིང༌། ཡན་ལག་གང་ཡིན་ཐམས་ཅད་རྫས་སུ་འདོད་པའང་མ་ཡིན་ཞིང༌། ཡན་ལག་ཅན་གང་ཡིན་ཀྱང་རྫས་སུ་འདོད་པ་མ་ཡིན་ཏེ། འགའ་ཞིག་རིམ་ལྡན་དོན་མང་དང༌། །གཅིག་ནི་རིམ་མིན་དོན་གཅིག་གིས། །ཞེས་པར་ཡན་ལག་གི་ཁྲ་བོ་དང་ཡན་ལག་ཅན་གྱི་ཁྲ་བོ་གཉིས་འདོད་པ་གང་ཞིག ཁྲ་བོ་ནི་ཡོན་ཏན་ཁོ་ནར་འདོད་པའི་ཕྱིར་རོ། །ཡན་ལག་ཅན་གྱི་རྫས་རྩོམ་པའི་ཚུལ་ནི་འདི་ལྟ་སྟེ། འབྱུང་བ་བཞིའི་རྡུལ་ཕྲ་མོ་རྣམས་ནང་ཕན་ཚུན་དུ་ཕྲད་པས། ལྡན་པ་དོན་གཞན་ཙམ་ཞིག་བསྐྱེད་པར་བྱེད་ཀྱི། ཡན་ལག་ཅན་གྱི་རྫས་བསྐྱེད་པར་མི་ནུས་ཏེ། མ་ཕྲད་པའི་རྡུལ་ཕྲ་མོ་རེ་རེ་བས་ཡན་ལག་ཅན་གྱི་རྫས་རྩོམ་པར་མི་ནུས་པའི་ཕྱིར། དེ་ལྟ་བུའི་ལྡན་པ་དོན་གཞན་དང་བཅས་པའི་རྡུལ་གཉིས་ལྷན་ཅིག་ཏུ་ཚོགས་པ་ལས། ཡན་ལག་ཅན་གྱི་རྫས་དང་པོ་རྩོམ་པ་ཡིན་ཏེ། དེར་ཡན་ལག་ཅན་རྫས་གཞན་སྐྱེས་པའི་ཕྱིར། དེ་ཡང་ཆོས་གསུམ་ལྡན་ཡིན་མོད། མངོན་སུམ་ལ་སྣང་དུ་རུང་བ་ནི་མ་ཡིན་ཏེ། དུས་དེར་འབྱུང་བ་གཞན་དང་མ་ཕྲད་པས། གཟུགས་སྒྲ་དྲི་རོའི་ཡོན་ཏན་རྣམས་མ་སྐྱེས་པའི་ཕྱིར་དང༌། རེག་བྱ་ནི་ཡོད་ཀྱང་རས་བལ་གྱི་འདབ་མའི་ལྕིད་བཞིན་དུ་མངོན་སུམ་ལ་སྣང་དུ་མི་རུང་བའི་ཕྱིར། དེ་ལྟ་བུའི་ཡན་ལག་ཅན་རྫས་གཞན་དང་པོས་ཁྱབ་པའི་འབྱུང་བ་བཞིའི་ཡན་ལག་གི་རྫས་རྣམས་ཕྲད་ནས་ཡན་ལག་ཅན་གཉིས་པ་སོགས་རྩོམ་པ་ཡིན་ལ། དེའི་ཚེ་ཡན་ལག་ཅན་དེ་མངོན་སུམ་ལ་སྣང་དུ་རུང་བ་ཡིན་ཏེ། དེའི་ཚེ་གཟུགས་ནས་རེག་བྱའི་བར་གྱི་ཡོན་ཏན་རྣམས་གསར་དུ་སྐྱེས་པའི་ཕྱིར། རེག་བྱ་སྔར་ནས་ཡོད་པ་མ་ཡིན་ནམ་གསར་དུ་ཇི་ལྟར་སྐྱེས་ཞེ་ན། འབྱུང་བའི་ངོ་བོར་གྱུར་པའི་རེག་བྱ་སྔར་ནས་ཡོད་ཀྱང་ལྕི་ཡང་དང་འཇམ་རྩུབ་ལ་སོགས་པའི་འབྱུང་བ་ལས་གྱུར་པའི་རེག་བྱ་རྫས་ཀྱི་ངོ་བོ་མིན་པ་ཡོན་ཏན་གྱི་ངོ་བོར་གྱུར་པ་རྣམས་གསར་དུ་སྐྱེས་པའི་ཕྱིར་རོ། །དེ་ནི་ཞེ་ཕུགས་ཀྱི་འདོད་པའོ། །གཉིས་པ་དམ་བཅའ་འཇོག་པའི་ཚུལ་ལ། རྒྱུ་མཚན། དགོས་པ། དེ་དང་ལྡན་པའི་དམ་བཅའ་དངོས་སོ། །དང་པོ་ནི། ཡན་ལག་ཅན་རྫས་གཞན་ཡོད་པ་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་ཞིག་པའི་ཚེ་རྡུལ་ཕྲ་རབ་མངོན་སུམ་གྱི་ཡུལ་ལས་འདས་ཤིང༌། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ཡོན་ཏན་གྱི་རྟེན་མི་བྱེད་པས་མངོན་སུམ་ལ་སྣང་དུ་མི་རུང་ཞིང༌། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་ཡང་མི་བྱེད་ལ། འཇིག་རྟེན་འཆགས་པའི་ཚེ། དེ་ལས་ལོག་པའི་ཕྱིར། དགོས་པ་ནི་ཀ་བ་དང་བུམ་པ་ལ་སོགས་ཡན་ལག་ཅན་གྱི་རྫས་ཁོ་ན་མངོན་སུམ་ལ་སྣང་བ་ཡིན་གྱི། དེ་དག་གི་ཡན་ལག་གི་རྫས་སྔར་བཤད་པ་དགུ་པོ་དེ་དག་མངོན་སུམ་ལ་སྣང་བ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །གསུམ་པ་ནི། དེ་ལྟ་བུའི་རྒྱུ་མཚན་དང་དགོས་པ་དེས། དེ་ཡང་སྣང་རུང་གི་ཡན་ལག་ཅན་རང་གི་ཡན་ལག་ལས་རྫས་གཞན་དུ་དམ་བཅས་པ་ལ་ཡོད་པ་ཡིན་གྱི། གཅིག་ཤོས་དམ་བཅས་པ་ལ་ཡོད་པ་མ་ཡིན་ཏེ། གཅིག་ཤོས་དེས་གཟུགས་སོགས་ཡོན་ཏན་གྱི་རྟེན་མི་བྱེད་པའི་ཕྱིར་དང༌། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་མི་བྱེད་པའི་ཕྱིར་ཏེ། ཇི་སྐད་དུ། མ་མཐོང་བ་དམ་བཅས་པ་ལ་དགོས་པ་མེད་ཅེས་པས་སོ། །དེས་ན་བྱེ་བྲག་པས་སངས་རྒྱས་པའི་ངོར་མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་དེ་ཆོས་ཅན་ནམ་ཆོས་སུ་བཟུང་ནས། དེའི་སྟེང་དུ་རྫས་གཞན་ཆོས་གསུམ་ལྡན་དེ་དམ་བཅའ་བ་ཡིན་ཏེ། ཇི་སྐད་དུ། མཐོང་ནས་ཡན་ལག་ཅན་སྒྲུབ་འདོད། །ཅེས་གསུངས་པས་སོ། །དེ་ལྟར་དམ་བཅས་པ་ལ་ཚད་མས་གནོད་ཚུལ་བཞི་ལས། གྲགས་པས་གནོད་ཚུལ་ནི་གཞུང་ན་མེད་ཀྱང༌། ཊཱིཀྐ་བྱེད་པ་ལྔ་དང༌། རྒྱན་གྱི་སྦྱར་བས་རུང་བ་ཙམ་ཡིན་ནོ། །དང་པོ་ནི། གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་སྟེ། དེའི་གཏན་ཚིགས་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་སོ། །དེ་ཡང་མདོར་རང་རྒྱུད་གཏན་ཚིགས་སུ་བཤད་ཅིང༌། རྣམ་འགྲེལ་མཛད་པས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་མཛད་དོ། །དེ་ཡང་རང་རྒྱུད་དུ་བྱེད་ན་ཡན་ལག་ཏུ་གྱུར་པའི་འཇིམ་རིལ་བཅུ་ཚན་གཅིག་ཆོས་ཅན། ཁྱོད་ལ་མེད་པའི་ལྕིད་ཀྱི་ཡོན་ཏན་ཁྱོད་ཀྱི་ཡན་ལག་ཅན་ལ་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་སྲང་གིས་རྟོགས་དགོས་པ་ལས། སྲང་གིས་མི་རྟོགས་པའི་ཕྱིར། ཞེས་པ་རྩ་བའི་གཏན་ཚིགས་སོ། །རྟགས་དང་པོ་གྲུབ་སྟེ། དེ་ཡོད་ན་སྣང་དུ་རུང་དགོས་པའི་ཕྱིར། དེ་ཡོད་ན་དེ་སྣང་རུང་གི་ཡན་ལག་ཅན་གྱི་ཁྱད་པར་ཡིན་དགོས་པའི་ཕྱིར་ཏེ། སྣང་མི་རུང་གི་ཡན་ལག་ཅན་ལ་རྒོལ་ཕྱིར་རྒོལ་གཉིས་ཀའི་དཔྱད་པ་བོར་བས་སོ། །འདིར་གཞན་དག་ཡན་ལག་ཅན་ཆོས་ཅན་དུ་འཛིན་པ་ནི་ནོར་བ་ཡིན་ཏེ། མདོ་དང་འགལ་བའི་ཕྱིར་དང༌། ཆོས་ཀྱི་ཁྱད་པར་འགོག་བྱེད་ཀྱི་རིགས་པར་མི་རུང་བའི་ཕྱིར། གཉིས་པ་ཐལ་འགྱུར་དུ་བྱེད་ན་ཁས་བླངས་བརྗོད་པ་དང༌། སུན་འབྱིན་བཤད་པའོ། །དང་པོ་ནི། བྱེ་བྲག་པས་འབྱུང་བ་བཞིའི་ཡན་ལག་གི་རྫས་ནི་རྡུལ་ཕྲ་རབ་ཁོ་ནའི་ངོ་བོར་གནས་པ་ཡིན་ལ། དེ་ལས་རྫས་གཞན་དུ་གྱུར་པའི་ཡན་ལག་ནི་རྡུལ་ཕྲན་དང་རགས་པའོ། །དང་པོ་ལ་དཔྱད་པ་བོར་ནས། གཉིས་པ་ཡན་ལག་ལས་རང་གི་ཡན་ལག་ཅན་རྫས་གཞན་དུ་ཡོད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་རགས་པའི་སྣང་རུང་གི་ཡན་ལག་ཅན་ཆོས་ཅན། རང་གི་ཡན་ལག་ལས་རྫས་གཞན་དུ་ཡོད་པ་ཡིན་ཏེ། ཡོན་ཏན་དང་ལས་ཀྱི་རྟེན་བྱེད་པའི་ཕྱིར། དེ་བྱེད་པ་ཡིན་ཏེ། དེ་གཉིས་ཁྱོད་ལ་འདུ་བའི་ཕྱིར། ཡོན་ཏན་དང་ལས་གཉིས་ཆོས་ཅན། རང་གི་རྟེན་དུ་གྱུར་པའི་རྫས་ལས་དོན་གཞན་དུ་ཡོད་པ་ཡིན་ཏེ། ཁྱོད་གསུམ་ལ་སྒྲ་རྟོག་ཐ་དད་འཇུག་པའི་ཕྱིར་དང༌། དྲུག་པའི་སྒྲས་ཐ་དད་དུ་དབྱེ་བའི་ཕྱིར་ཞེས་ཁས་ལེན་པར་བྱེད་དོ། །འདིར་གྲགས་ཚོད་ལ་བྱེ་བྲག་པས། ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་འོག་ཏུ་འགྲོ་བའི་བྱ་བ་ཡོད་པར་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་ནི་དེའི་འདོད་པ་མ་ཡིན་ཏེ། གལ་ཏེ་འདི་ལྕི་འོག་འགྲོར་འགྱུར། །ཞེས་མི་འདོད་པ་ཐལ་བར་འཕེན་པ་མི་རུང་བའི་ཕྱིར་དང༌། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་ཞེས་པའི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། དེས་ན་ཡོན་ཏན་དང༌། བྱ་བ་དང༌། དེ་གཉིས་ཀྱི་འཕྲོད་པ་འདུ་བ་དང་གསུམ་པོ་འདི་དང་ལྡན་པ་ལ་ཆོས་གསུམ་ལྡན་དུ་ཁས་ལེན་པ་ཡིན་ནོ། །གཉིས་པ་སུན་འབྱིན་བཤད་པ་ལ། རྩ་བའི་ཁས་བླངས་དེ་ལ་ཐོག་མར་ཐལ་བ་འདི་འཕེན་དགོས་ཏེ། འཇིམ་རིལ་བཅུ་ཚན་གཅིག་སྔར་སོ་སོར་གནས་པ་ཕྱིས་སྡོམ་པའི་ཚེ་ན་སྔར་གྱི་བཅུ་ཚན་དེ་ལ་མེད་པའི་ལྕིད་ལྷག་པོར་ཡོད་པར་ཐལ། འབྱུང་བ་བཞིའི་རྡུལ་བསགས་པའི་ཡན་ལག་ཅན་རྣམས་ལ། རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ལྷག་པོར་ཡོད་པའི་ཕྱིར། དེའི་ཁྱབ་འབྲེལ་ནི་བཅུ་པོ་མ་བསྲེས་པ་ཡན་ལག་དང༌། བསྲེས་པ་ཡན་ལག་ཅན་དུ་འཇོག་པའི་རྒྱུ་མཚན་གྱིས་མ་ཡིན་ཏེ། བྱེ་བྲག་པས་བཅུ་པོ་མ་བསྲེས་པའི་གནས་སྐབས་ཀྱི་འཇིམ་རིལ་སོ་སོ་བ་དེ། བཅུ་པོ་བསྲེས་པ་ལ་ལྟོས་པའི་ཡན་ལག་ཅན་དངོས་པོར་ཁས་ལེན་པ་ཡིན་གྱི། ཡན་ལག་གི་རྫས་སུ་ཁས་མི་ལེན་པའི་ཕྱིར། འོ་ན་ཁྱབ་པའི་འབྲེལ་པ་ཇི་ལྟར་ཡིན་ཞེ་ན། མ་བསྲེས་པའི་གནས་སྐབས་ཀྱི་འཇིམ་རིལ་བཅུ་ཆར་གྱི་རྡུལ་ཕྲ་རབ་སོ་སོ་བ་རྣམས་ཡན་ལག་གི་རྫས་དང༌། བཅུ་པོ་བསྲེས་པའི་འཇིམ་གོང་དེ་ཡན་ལག་ཅན་གྱི་རྫས་སུ་ཁས་ལེན་པའི་རྒྱུ་མཚན་གྱིས་ཡིན་ནོ། །རྩ་བར་འདོད་ན་ཉེས་པ་ཅིར་འགྱུར་ཞེ་ན། གང་སྲང་ལ་གཞལ་རུང་གི་ལྕིད་དང་ལྡན་ན་ལྕིད་དེ་སྲང་གིས་རྟོགས་པས་ཁྱབ། དཔེར་ན་འཇིམ་རིལ་བཅུ་ཚན་གཅིག་མ་བསྲེས་པར་སྲང་ལ་བཅལ་བ་བཞིན། བསྲེས་པའི་འཇིམ་གོང་འདི་ལ་ཡང་རང་གི་ཡན་ལག་ལ་མེད་པའི་ལྕིད་ཀྱི་ཡོན་ཏེ་ལྷག་པོ་ཡོད་པར་བྱེ་བྲག་པས་ཁས་བླངས་སོ། །ཞེས་སྒྲུབ་པའི་ཐལ་འགྱུར་གྱི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་འཕེན་པར་བྱེད་དོ། །འོ་ན་ཐལ་འགྱུར་དེའི་ཁྱབ་འབྲེལ་གང་གིས་འགྲུབ། དམ་བཅའ་ལ་ཚད་མས་བསལ་པ་ཞུགས་པའི་རྒྱུ་མཚན་ཅི་ཞེ་ན། སྲང་ལ་བཅལ་རུང་གི་ལྕིད་ཡིན་ན་སྲང་གིས་རྟོགས་དགོས་ཏེ། དེ་ཡིན་ན་འོག་ཏུ་འགྲོ་བའི་བྱ་བ་དང་བཅས་དགོས་པའི་ཕྱིར། བསལ་པ་ཞུགས་པའི་རྒྱུ་མཚན་ནི། དེ་སྲང་གིས་རྟོགས་ན་སྲང་མགོ་དམའ་བའི་ཁྱད་པར་མངོན་སུམ་གྱིས་མཐོང་དགོས་པ་ལས། དེ་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །གཉིས་པ་མངོན་སུམ་གྱིས་གནོད་ཚུལ་ནི། མངོན་སུམ་ལ་སྣང་རུང་གི་ཡན་ལག་ཅན་ཆོས་ཅན། རང་གི་ཡན་ལག་ལས་རྫས་གཞན་དུ་མེད་དེ། དེར་མངོན་སུམ་གྱིས་མ་དམིགས་པའི་ཕྱིར། རྣམ་འགྲེལ་ལྟར་ན་འདི་ཙམ་གྱིས་ཆོག་ལ། མདོའི་ཚིག་ཟིན་ལ་ཐལ་འགྱུར་དུ་ཡོད་པ་ལྟར་ན་སྔ་མ་ལ་ཁྱབ་པ་མེད་དོ་ཞེ་ན། དེ་ཆོས་ཅན། མངོན་སུམ་ལ་སྣང་དུ་རུང་བ་མ་ཡིན་པར་ཐལ། རང་གི་ཡན་ལག་ལས་རྫས་གཞན་ཡོད་ཀྱང་དེར་མངོན་སུམ་ལ་མི་སྣང་བའི་ཕྱིར། འོ་ན་དེ་དེ་ལས་རྫས་གཞན་མ་ཡིན་པར་མངོན་སུམ་གྱིས་འགྲུབ་ན། དེ་ལས་རྫས་གཞན་མ་ཡིན་པར་རྟགས་ཀྱིས་སྒྲུབ་དགོས་པ་འགལ་ལོ་ཞེ་ན་མི་འགལ་ཏེ། དེའི་དོན་མངོན་སུམ་གྱིས་འགྲུབ་པ་དང༌། ཐ་སྙད་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར་ཞེས་པའམ། ཡང་ན་ཆོས་གསུམ་པོ་ལ་རྗེས་དཔག་གིས་གནོད་པ་དང་རྫས་གཞན་ཙམ་ལ་མངོན་སུམ་གྱིས་གནོད་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་མེད་ན་མི་འབྱུང་བའི། །ཁྱད་པར་གཞན་ལ་གནོད་པ་ཡི། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁས་བླངས་དང་རང་ཚིག་གིས་གནོད་ཚུལ་ལ། ཡོན་ཏན་རྫས་སུ་ཐལ་བ་དང༌། །རྫས་རྫས་མ་ཡིན་པར་ཐལ་བའོ། །དང་པོ་ནི། ཡོན་ཏན་ལྕིད་ཆོས་ཅན། རྫས་སུ་ཐལ། གྲངས་ལ་སོགས་པའི་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པའི་ཕྱིར་དང༌། འོག་ཏུ་འགྲོ་བའི་བྱ་བ་དོན་གཞན་རྟེན་པའི་ཕྱིར། ཁྱབ་པ་ནི། གལ་ཏེ་དེ་ལའང་དོན་གཞན་ན། །ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །ཞེས་པ་ལྟར་རྟགས་སྔ་མ་ནི་ལྕིད་ཀྱི་གྲངས་ཞེས་དྲུག་པའི་སྒྲ་མི་འཇུག་པར་ཐལ། ཡོན་ཏན་ལྕིད་དེ་གྲངས་སོགས་དོན་གཞན་དང་མི་ལྡན་པའི་ཕྱིར། ཇི་སྐད་དུ། དཀར་ལ་སོགས་པ་གྲངས་སོགས་དང༌། །ལྡན་པའི་སྒྲ་ནི་རྣམ་གྲངས་མིན། །ཞེས་གསུངས་པ་ལྟར་རོ། །རྟགས་གཉིས་པ་ནི། ཡོན་ཏན་ལྕིད་ཆོས་ཅན། ཁྱོད་དང་འོག་ཏུ་འགྲོ་བའི་བྱ་བ་གཉིས་ལ་འཕྲོད་པ་འདུ་བ་མ་གྲུབ་པར་ཐལ། ཁྱོད་བྱ་བ་དེ་དང་མི་ལྡན་པའི་ཕྱིར། ཇི་སྐད་དུ། དེས་ན་ཡོན་ཏན་བྱ་མེད་པ། །དེ་ཕྱིར་འདུ་བ་ཅན་རྒྱུ་མིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་དེ་ཁོ་ནར་མ་ཟད་ཀྱི། ཡང་ཡོན་ཏན་ཆོས་ཅན་རྫས་སུ་ཐལ། ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པའི་ཕྱིར། ཁྱབ་པ་ནི་སྔ་མ་ལྟར་རོ། །རྟགས་མ་གྲུབ་ན་ཡོན་ཏན་ཆོས་ཅན། ཁྱོད་ལ་ཡོན་ཏན་ཞེས་པའི་སྒྲ་དངོས་མིང་དུ་མི་འཇུག་པར་ཐལ། ཁྱོད་ལ་དེ་འཇུག་པའི་རྒྱུ་ཡོན་ཏན་དོན་གཞན་མེད་པའི་ཕྱིར། ཇི་སྐད་དུ། དྲུག་རྣམས་ལ་ནི་ཚིག་དོན་སྒྲ། །རྒྱུ་གཞན་གང་ལ་ལྟོས་པར་མཐོང༌། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྫས་ཆོས་ཅན། ཁྱོད་ལ་རྫས་ཞེས་པའི་སྒྲ་འཇུག་པའི་རྒྱུ་རྫས་གཉིས་པ་ཞིག་ཡོད་པར་ཐལ། ཁྱོད་ལ་རྫས་ཞེས་པའི་སྒྲ་དངོས་མིང་དུ་འཇུག་པའི་ཕྱིར། ཁྱབ་པ་ནི། དངོས་པོ་ཁང་བཟང་ཕྲེང་སོགས་ཀྱི། །སྒྲ་ཡང་གཞན་ལ་ལྟོས་པ་མིན། །ཞེས་པའི་འཕྲོས་ལས་ཁས་བླངས་སོ། །འདོད་ན། རྫས་དོན་གཞན་གཉིས་པ་དེ་ཆོས་ཅན། རྫས་མ་ཡིན་པར་ཐལ་བའམ། ཚིག་དོན་ཕྱི་མ་ལྔ་པོ་གང་རུང་དུ་ཐལ། རང་ལས་དོན་གཞན་པའི་རྫས་ལ་བརྟེན་པའི་དངོས་པོ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །ཡང་དེར་མ་ཟད་ཡན་ལག་གི་རྫས་ཞེས་དང༌། ཡན་ལག་ཅན་གྱི་རྫས་ཞེས་པའི་དྲུག་པའི་སྒྲ་མི་འཇུག་པར་ཐལ། ཡན་ལག་དང་རྫས་གཉིས་དོན་གཞན་དུ་མེད་པའི་ཕྱིར། ཡན་ལག་ཅན་དང་ཡང་རྫས་གཉིས་དོན་གཞན་དུ་མེད་པའི་ཕྱིར། ཁྱབ་པ་རྩ་བའི་གྲུབ་མཐའ་ལ་ཁས་བླངས་སོ། །རྟགས་མ་གྲུབ་ན། ཡན་ལག་གི་རྫས་ཞེས་བརྗོད་པའི་ཚེ་ན། ཡན་ལག་དང་རྫས་གཉིས་དོན་གཅིག་པ་མ་ཡིན་པར་ཐལ་བ་དང༌། ཡན་ལག་ཅན་གྱི་རྫས་ཞེས་བརྗོད་པའི་ཚེ། ཡན་ལག་ཅན་དེ་ཉིད་རྫས་མ་ཡིན་པར་ཐལ། དེ་དང་དེ་དོན་གཞན་ཡིན་པའི་ཕྱིར། ཡང་ཡན་ལག་ཅན་རྫས་གཞན་ཆོས་གསུམ་ལྡན་དེ་ཆོས་ཅན། རྫས་མ་ཡིན་པར་ཐལ། རང་ལས་དོན་གཞན་དུ་གྱུར་པའི་རྫས་ལ་བརྟེན་པའི་དངོས་པོ་ཡིན་པའི་ཕྱིར། དེའི་ཁྱབ་པ་ཁས་བླངས་པའི་རྒྱུ་མཚན་ཡང་དེ་ཆོས་ཅན། ཡོན་ཏན་དུ་ཐལ། རང་ལས་དོན་གཞན་དུ་གྱུར་པའི་རྫས་ལ་བརྟེན་པའི་དངོས་པོ་གང་ཞིག ལས་དང་སྤྱི་དང་བྱེ་བྲག་དང༌། འདུ་བ་བཞི་པོ་གང་རུང་མ་ཡིན་པའི་ཕྱིར། ཁྱབ་པ་ནི་གྲུབ་པའི་མཐའ་ལ་ཁས་བླངས་སོ། །རྟགས་སྔ་མ་ནི། ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་ཁས་བླངས་ཤིང༌། ཡན་ལག་ཅན་རང་གི་ཡན་ལག་ལ་བརྟེན་པར་འདོད་དགོས་པས་སོ། །འདི་དག་ནི་ཁས་བླངས་འགལ་བའི་ཚུལ་མདོ་ཙམ་ཞིག་བརྗོད་པ་སྟེ། འགལ་བ་དེ་ཡང་གེགས་བྱེད་པའི་ཚུལ་གྱིས་ཡིན་གྱི། གནོད་པ་བྱེད་པ་མ་ཡིན་ཏེ། གནོད་པ་བྱེད་མི་ནུས་པའི་ཕྱིར་ཏེ། འདིའི་སྐབས་ཀྱི་ཁས་བླངས་དང་རང་ཚིག་དེ་ཡིད་ཆེས་སུ་མི་རུང་བའི་ཕྱིར། དེ་ལྟར་ཤེས་པ་ན་སེལ་བྱེད་ཀྱི་ཚད་མ་བཞི་ལ་གནོད་ཡུལ་གྱི་ཁྱད་པར་མི་འདྲ་བའི་ཚུལ་གསུངས་པ་དང༌། འདིར་གནོད་ཡུལ་གྱི་དམ་བཅའ་གཅིག་ལ་སེལ་བྱེད་ཀྱི་ཚད་མ་བཞི་ཀས་གནོད་པར་གསུངས་པ་མི་འགལ་བའི་ཚུལ་བདེ་བླག་ཏུ་རྟོགས་པར་ནུས་པ་ཡིན་ནོ། །དར་ཊཱིཀ་པ་བྱེ་བྲག་པ་ལ་ཁས་བླངས་ནང་འགལ་སྟོན་པའི་ཚུལ་ལ། སྔོན་པོ་ལའང་མཛེས་པའི་ཡོན་ཏན་དོན་གཞན་དང་ལྡན་པར་ཐལ། སྔོན་པོ་མཛེས་སོ་སྙམ་པའི་བློ་སྐྱེས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རྫས་ཡོན་ཏན་དོན་གཞན་བརྟེན་པའི་རྒྱུ་མཚན། བུམ་པ་སྔོན་པོའོ་སྙམ་པའི་བློ་སྐྱེ་བ་ཙམ་ཞིག་ལ་ཁས་བླངས་པའི་ཕྱིར། འདོད་ན། ཡོན་ཏན་རྫས་སུ་ཐལ་བ་དང་རྫས་རྫས་མིན་པར་ཐལ། ཡོན་ཏན་གྱི་རྟེན་མི་བྱེད་པའི་ཕྱིར་ཞེས་ཁས་བླངས་ནང་འགལ་གྱི་ཐལ་བ་དངོས་སུ་འཕངས་ནས། རང་རྒྱུད་ཤུགས་ལ་འཕེན་པར་བྱེད་དོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། ཡོན་ཏན་རྫས་སུ་ཐལ་བ་འཕེན་ཚུལ་མི་རིགས་པ་དང་རྫས་རྫས་མིན་པར་ཐལ་བ་འཕེན་ཚུལ་མི་རིགས་པའི་ཕྱིར། རང་རྒྱུད་འཕེན་པར་རིགས་པའི་ཕྱིར། དང་པོ་ནི། བྱེ་བྲག་པའི་འདོད་པ་མ་ཤེས་པ་དང་ཁྱབ་པ་མ་ངེས་པ་ཡིན་ནོ། །ཇི་ལྟར་ཞེ་ན། བྱེ་བྲག་པས་རྫས་བུམ་པ་ལ་སྔོན་པོ་དོན་གཞན་ཡོད་པའི་སྒྲུབ་བྱེད་དུ། བུམ་པ་སྔོན་པོའོ་སྙམ་པའི་བློ་སྐྱེ་བ་སྒྲུབ་བྱེད་དུ་འགོད་པ་མ་ཡིན་ཏེ། དེའི་ལུགས་ལ་དེ་འདྲ་དེ་གཞི་མཐུན་གྱི་ཡུལ་ཅན་ཡིན་པས་རྫས་བུམ་པ། སྔོན་པོ་དོན་གཞན་དང་མི་ལྡན་པའི་ཤེས་བྱེད་དུ་སོང་བའི་ཕྱིར་དང༌། བུམ་པ་སྔོན་པོ་ཞེས་བརྗོད་པའི་སྒྲ་དང་རྟོག་པ་ནི་ཐ་དད་དུ་དབྱེ་བའི་སྒྲ་དང་རྟོག་པ་ཡིན་པས། སྒྲ་རྟོག་དེ་ལྟ་བུས་དེ་གཉིས་དོན་གཞན་དུ་དབྱེ་དགོས་པར་འདོད་པའི་ཕྱིར། དེ་སྐད་དུ་ཡང༌། དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཞེས་དང༌། ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་བརྗོད་པར་བྱེད། །ཅེས་དང༌། རྣམ་དབྱེ་ཐ་དད་འབྱེད་པ་ཡི། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། །ཅེས་པས་སོ། །དེས་ན་ཐ་དད་དུ་དབྱེ་བ་དྲུག་པའི་སྒྲ་དང༌། གཅིག་ཏུ་བསྡུད་པ་གཞི་མཐུན་བརྗོད་པའི་སྒྲ་གཉིས་ཀྱི་ཁྱད་པར་མི་ཤེས་པ་དེ་དག་གིས་ནི་བྱེ་བྲག་པའི་གྲུབ་མཐའི་ཁྱད་པར་ཕྲ་མོ་ལྟ་ཞོག རགས་པ་ཙམ་ཡང་ཁོང་དུ་ཆུད་པ་ལྟ་ཅི་སྨོས། གཞན་མཛེས་པ་དང་ལྡན་པ་ཙམ་གྱིས་ཡོན་ཏན་དོན་གཞན་དང་ལྡན་པའི་ཁྱབ་པའང་བྱེ་བྲག་པའི་བློ་ངོར་ངེས་པ་མ་ཡིན་ཏེ། བྱེ་བྲག་པས་མཛེས་པ་ཞེས་བྱ་བ་ཡོན་ཏན་གྱི་གྲངས་སུ་མི་འདོད་པའི་ཕྱིར། གཉིས་པ་ནི། ཡོན་ཏན་ཆོས་ཅན་རྫས་སུ་ཐལ། །ཡོན་ཏན་དོན་གཞན་དང་ལྡན་པའི་ཕྱིར། །ཞེས་བྱ་བའི་ཐལ་འགྱུར་གྱི་ཁྱབ་པ་ཡང་བྱེ་བྲག་པའི་བློ་ངོར་ངེས་པ་མ་ཡིན་ཏེ། བྱེ་བྲག་པས་འོག་ཏུ་འགྲོ་བའི་བྱ་བ་དེ་ལྕིད་ཀྱི་ཡོན་ཏན་དོན་གཞན་དང་ལྡན་པར་གྲུབ་པའི་མཐའ་ལ་ཁས་ལེན་ཀྱང༌། དེ་རྗེས་སུ་ཁས་མི་ལེན་པའི་ཕྱིར། དང་པོ་ཁས་ལེན་ཏེ། དེ་གཉིས་འཕྲོད་འདུའི་འབྲེལ་པ་གྲུབ་པར་ཁས་ལེན་པའི་ཕྱིར། གཉིས་པ་ཁས་མི་ལེན་ཏེ། ལས་རྫས་མིན་པའི་སྒྲ་བཞིན་ནོ་ཞེས་བཤད་པ་ལྟར་རོ། །གཉིས་པ་ལ། བྱེ་བྲག་པའི་བསམ་མ་ཤེས་པ་དང༌། ཁྱབ་པ་མ་ངེས་པའོ། །དང་པོ་ནི། རྫས་ཆོས་ཅན་རྫས་མ་ཡིན་པར་ཐལ། ཡོན་ཏན་གྱི་རྟེན་མི་བྱེད་པའི་ཕྱིར་ཞེས་འཕེན་པའི་ཚེ་ན། རྟགས་གང་དུ་ཁས་བླངས་པ་ཡིན་ཞེས་འདྲིའོ། །རྩ་བའི་གྲུབ་མཐའ་ལ་ཁས་མ་བླངས་ཀྱང་རྫས་དང་ཡོན་ཏན་གཉིས་དུས་མཉམ་དང་རྫས་གཞན་དུ་ཁས་བླངས་པས། འབྲེལ་མེད་དུ་ཁས་ལེན་དགོས། དེ་ལྟ་ན་རྟེན་མི་བྱེད་པར་ཁས་ལེན་དགོས་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མ་འོངས་པ་ན་ཁས་ལེན་དགོས་པའི་གཏན་ཚིགས་བཀོད་ནས། ཐལ་འགྱུར་འཕེན་པ་མི་རིགས་པའི་ཕྱིར་དང༌། དུས་མཉམ་རྫས་གཞན་ཡིན་པ་ཙམ་གྱི་འབྲེལ་མེད་དུ་ཐལ་བའི་ཁྱབ་པ་བྱེ་བྲག་པའི་བློ་ངོར་མི་འགྲུབ་པའི་ཕྱིར་ཏེ། བྱེ་བྲག་པས་སྤྱི་གསལ་རྫས་གཞན་དུས་མཉམ་དང༌། འདུ་བའི་འགྲེལ་པ་འགྲུབ་པའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། གཉིས་པ་ནི། རྩ་བའི་ཁྱབ་པ་དེ་བྱེ་བྲག་པའི་བློ་ངོར་མི་འགྲུབ་པ་ཡིན་ཏེ། བྱེ་བྲག་པས་ཡན་ལག་གི་རྫས་སུ་འདོད་ཀྱང་ཡོན་ཏན་གྱི་རྟེན་བྱེད་པར་མི་འདོད་པའི་ཕྱིར། གལ་ཏེ། དེར་འདོད་ན་འབྱུང་བ་བཞིའི་རྡུལ་ཕྲ་རབ་རགས་པ་མི་རྩོམ་པའི་གནས་སྐབས་ན་ཡོད་པར་དེ་རྣམས་ཆོས་ཅན། རང་འཛིན་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱེ་བྲག་པས་ཁས་བླངས་པར་ཐལ། ཁྱོད་ལ་གཟུགས་དང་དྲི་རོ་རེག་བྱའི་ཡོན་ཏན་རྣམས་ལྡན་པར་བྱེ་བྲག་པས་ཁས་བླངས་པའི་ཕྱིར། གཞན་ཡང་དེ་རྣམས་ཀྱི་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པར་བྱེ་བྲག་པས་ཁས་བླངས་པར་ཐལ། གཟུགས་ལ་སོགས་པའི་ཡོན་ཏན་དོན་གཞན་དང་ལྡན་པར་ཁས་བླངས་པའི་ཕྱིར། ཇི་སྐད་དུ། མཐོང་ནས་ཡན་ལག་ཅན་སྒྲུབ་འདོད། །ཅེས་གསུངས་པས་སོ། །གཞན་ཡང༌། བྱེ་བྲག་པས་ཡན་ལག་གི་རྫས་ཀྱང་ཆོས་གསུམ་ལྡན་དུ་ཁས་ལེན་པར་ཐལ། དེ་ལ་ལྕིད་ལ་སོགས་པའི་ཆོས་གསུམ་པོ་ལྡན་པར་ཁས་ལེན་པའི་ཕྱིར་རོ། །འདོད་དོ་ཞེ་ན། འདི་ནི་སྔོན་ཆད་མ་བྱུང་བ་ཡིན་ནོ། །དེ་ལྟར་ཤེས་པ་ན་རྣམ་པར་དཔྱོད་པ་འདི་འབྱུང་སྟེ། ཡོན་ཏན་གྱི་རྟེན་མི་བྱེད་པའི་རྟགས་ཀྱིས་རྫས་རྫས་མ་ཡིན་པར་ཐལ་བ་འཕེན་ཚུལ་འདི། བོད་ཀྱི་ཊཱིཀྐ་བྱེད་པ་ཀུན་ལ་གྲགས་ཀྱང་རྣམ་པར་དཔྱད་པ་གཉིས་འཇུག་སྟེ། ཡོན་ཏན་གྱི་རྟེན་མི་བྱེད་པ་རྟགས་སུ་འགོད་མི་རིགས་པ་དང༌། རིགས་ཀྱང་ཐལ་བ་འཕེན་ཚུལ་གཞན་དུ་བྱེད་དགོས་པའོ། །དང་པོ་ནི། བྱེ་བྲག་པས་རྟགས་ཁས་མི་ལེན་ཅིང༌། ཁྱབ་པ་དེའི་བློ་ངོར་མི་འགྲུབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །ཁས་མི་ལེན་པའི་ཚུལ་ནི། རྫས་ནི་ཡོད་དོ་ཞེས་དམ་བཅས་པ་དེའི་ཞེན་དོན་ལ་ཁས་བླངས་པ་ཞིག་དགོས་པ་ལས་དེ་ལ་དེ་ལྟར་མེད་པའི་ཕྱིར་རོ། །གཉིས་པ་ནི། བྱེ་བྲག་པས་ཐལ་འགྱུར་དེའི་རྟགས་ཁས་ལེན་པའི་སྐབས་གཅིག་ཡོད་ན། དེའི་ཚེ་ཡན་ལག་ཅན་གྱི་རྫས་མ་ཡིན་པར་ཐལ་བ་འཕེན་དགོས་པ་ཡིན་ཏེ། དེ་ལྟར་འཕངས་ན་རྟགས་དང་ཁྱབ་པ་གཉིས་ཀ་ཁས་བླངས། ཐལ་བ་ལ་ཁས་བླངས་ཀྱི་བསལ་པ་འཇུག་པའི་ཕྱིར། ཡང་ཡོན་ཏན་གྱི་རྟེན་མི་བྱེད་ན་རྫས་མ་ཡིན་པས་ཁྱབ་པ་བྱེ་བྲག་པས་ཁས་ལེན་པའི་སྐབས་གཅིག་ཡོད་ན། དེའི་ཚེ་ཡན་ལག་གི་རྫས་ཆོས་ཅན་དུ་བཟུང་ནས་ཐལ་བ་འཕེན་དགོས་པ་ཡིན་ཏེ། དེ་ལྟར་འཕངས་ན་འཁོར་གསུམ་ཀ་ཁས་བླངས་སུ་འགྲོ་བའི་ཕྱིར། གཞན་ཡང་ཡོན་ཏན་གྱི་རྟེན་བྱེད་པའི་དངོས་པོ་ཡིན་ན་སྤྱིར་རྫས་ཡིན་པ་དང༌། ཁྱད་པར་ཡན་ལག་ཅན་གྱི་རྫས་ཡིན་པའི་ཁྱབ་པ་ནི་བྱེ་བྲག་པའི་འདོད་པ་ལ་གསལ་བར་སྣང་ཡང༌། དེའི་རྟེན་མི་བྱེད་ན་རྫས་མ་ཡིན་པའི་ཁྱབ་པ་ནི་དེའི་གཞུང་ན་གཅིག་ཀྱང་མེད་དོ། །ཇི་ལྟར་ཞེ་ན། བྱེ་བྲག་པའི་ལུགས་ཀྱིས་ཐར་པ་ཐོབ་པའི་གནས་སྐབས་ཀྱི་བདག་རྟག་པ་དེ། རྫས་སུ་འདོད་ཀྱང་ཡོན་ཏན་གྱི་རྟེན་དུ་མི་འདོད་པའི་ཕྱིར་ཏེ། ཇི་སྐད་དུ། དེའི་གཞུང་ལས། དབང་སོགས་བདག་ཡོད་ཡོན་ཏན་བཅས། །དྲུང་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་བསམ་པ་ནི། །བྱེ་བྲག་པ་ཡི་ཐར་པ་བཤད། །ཅེས་དང༌། དོན་དེ་ཉིད་འགོག་པ་ན་རིགས་པ་མཁྱེན་པས། བདག་ནི་འདོད་པ་གང་ཡིན་ཏེ། །ཇི་ལྟར་དེ་ནི་འཇིག་པར་འདོད། །མྱོང་བ་དང་ནི་ཐ་སྙད་དང༌། །ཡོན་ཏན་ཀུན་གྱི་རྟེན་ལོག་པ། །ཇི་ལྟར་ཞེན་པ་ཡིན་འདོད་དེ། །ཞེན་པའི་རང་བཞིན་དེ་འདྲ་མིན། །ཞེས་གསུངས་པས་སོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས། དོན་གསུམ་པ་རང་རྒྱུད་མི་འཐད་པ་ནི། ཡོན་ཏན་རྫས་སུ་ཐལ་བ་དང༌། རྫས་རྫས་མ་ཡིན་པར་ཐལ་བ་གཉིས་ཀྱི་རང་རྒྱུད་འཕེན་ན། ཡོན་ཏན་ཆོས་ཅན་ཡོན་ཏན་དོན་གཞན་དང་མི་ལྡན་ཏེ། རྫས་མ་ཡིན་པའི་ཕྱིར་ཞེས་དང༌། རྫས་ཆོས་ཅན་ཡོན་ཏན་གྱི་རྟེན་བྱེད་དེ་རྫས་ཡིན་པའི་ཕྱིར་ཞེས་རང་ལུགས་ལ་ཁས་ལེན་དགོས་པ་ལས། དེ་ལྟ་བུའི་རང་རྒྱུད་ཀྱི་གཏན་ཚིགས་ནི་ཚངས་པས་ཀྱང་མི་འགྲུབ་པའི་ཕྱིར་དང༌། ཁས་བླངས་ནང་འགལ་བརྗོད་པའི་ཐལ་འགྱུར་གྱིས་རང་རྒྱུད་བརྗོད་པ་ནི་རིགས་པའི་གཞུང་མ་ཡིན་ཏེ། ཐལ་བ་ལ་ཚད་མས་བསལ་བ་མ་ཞུགས་ན་ཁས་བླངས་ནང་འགལ་ཙམ་གྱི་རང་རྒྱུད་འཕེན་པ་མི་རུང་བའི་ཕྱིར། ཅི་སྟེ་ཁས་བླངས་འགལ་བ་དང་ཚད་མས་གནོད་པ་གཉིས་ཀ་ཅིག་ཅར་དུ་ཡོད་པ་ལ་མི་རིགས་པ་ཅི་ཞིག་ཡོད་ཅེ་ན། དེ་ལྟ་བུ་སྲིད་མོད་དེ་ལྟ་བུ་དེ་ལ་ནི་ཚད་མས་གནོད་པ་ཞེས་བྱ་བའི་མིང་གིས་འདོགས་པ་ཡིན་གྱི། གཅིག་ཤོས་ཀྱི་མིང་མི་འདོགས་ཏེ། གནོད་ཚུལ་གཉིས་ཀྱི་ནང་ནས་ཚད་མས་གནོད་པ་དབང་བཙན་པའི་ཕྱིར། བཞི་པ་གྲགས་པས་གནོད་ཚུལ་ནི། ཡན་ལག་ཅན་རང་གི་ཡན་ལག་རྫས་གཞན་ཡིན་པ་དེ་ལ་གྲགས་པས་གནོད་པ་ཡིན་ཏེ། འཇིག་རྟེན་ན་ཡན་ལག་ཅན་རང་གི་ཡན་ལག་ལ་བརྟེན་ནས་འདོགས་པར་གྲགས་པའི་ཕྱིར། དཔེར་ན། ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟ་ཞེས་པའི་ཐ་སྙད་འཇིག་རྟེན་པས་འདོགས་པ་བཞིན་ནོ། །ཞེས་བྱ་བ་འདིས་ནི་ཤིན་ཏུ་ཤེས་པར་དཀའ་བ་དམ་བཅའ་ཕྱི་མ་གསུམ་གྱི་ཞེན་དོན་འགོག་བྱེད་ཀྱི་རིགས་པ་གཞན་ལ་གྲགས་པ་དག་དང་མ་འདྲེས་པར་གཞུང་ཇི་ལྟ་བའི་དོན་ལ་ལེགས་པར་བརྟགས་ནས་བཤད་པ་ཡིན་ནོ། །དམ་བཅའ་གསུམ་གྱི་ཞེན་དོན་འགོག་ཚུལ་ལ། །རྒྱན་དང་རྒྱལ་དབང་ཡ་མ་རི་གསུམ་གྱི། །དོན་མེད་ཚིག་གི་ངལ་བས་ཅི་ཞིག་བྱ། །ཕྱོགས་གླང་གྲགས་པའི་དགོངས་པ་འདི་གཅིག་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་བསྒྲུབ་བྱའི་མཚན་ཉིད་ལོག་ཕྱོགས་དང་བཅས་པ་རྒྱས་པར་བཤད་ཟིན་ནས། དེའི་འོག་དེ་མ་ཐག་ཏུ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་གསུངས་སོ། །འོ་ན་དེར་དེ་གསུང་བའི་རྒྱུ་མཚན་ནི་གང༌། དགོས་པ་ནི་ཅི་ཞེ་ན། རྒྱུ་མཚན་ནི་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཁོ་ན་ཡིན་པ་དང༌། གང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ན་བསྒྲུབ་པར་བྱ་བ་ཡང་དག་དང་ལྡན་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ཡང་ཇི་ལྟར་ཞེ་ན། གང་ཤེས་འདོད་མེད་པའི་མ་གྲུབ་པའི་གཏན་ཚིགས་ཡིན་ན་བསྒྲུབ་བྱ་དང་ལྡན་པར་འགལ་བ་ཡིན་ཏེ། བསྒྲུབ་བྱ་ཡིན་ན་ངོ་བོ་དོན་སོགས་ཆོས་ལྔ་ཚང་དགོས་པའི་ཕྱིར། དགོས་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བདེ་བླག་ཏུ་རྟོགས་པའི་དོན་དུའོ། །དེ་ལྟར་རྟོགས་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཡང་དགོས་པ་ཆད་པ་ནི་ཇི་སྐད་དུ། རང་བཞིན་འབྲས་བུ་གྲུབ་དོན་དུ། །ཞེས་དང༌། རྩོད་ཕྱིར་ཞེས་དང༌། ལྡོག་པའི་སྒྲུབ་བྱེད་ཡིན་ཞེས་གསུང་ངོ༌། །འོ་ན་དེའི་དགོངས་པ་ཅི་ཞེ་ན། རྔོག་ལོ་ཆེན་པོ་འདི་ལྟར་བཞེད་དེ། གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་ངེས་པར་ཤེས་པའི་དོན་དུ་ཡང་དག་གཉིས་དང༌། འགལ་བ་གཉིས་གསུངས་སོ། །གཏན་ཚིགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་ཁོ་ནར་གྲངས་ངེས་པ་ཤེས་པའི་དོན་དུ། སྤྱི་དང་ཁྱད་པར་གཉིས་གསུངས་སོ། །གཏན་ཚིགས་ཡང་དག་གི་ཡུལ་ངེས་པར་གྲུབ་པའི་དོན་དུ་ལྷག་མ་ལྔ་གསུངས་སོ། །མདོར་ན་དགོས་པ་དེ་དག་སྒྲུབ་པའི་ཕྱིར་དུ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་དགུར་གྲངས་ངེས་པ་ཡིན་ནོ། །འོ་ན་རང་བཞིན་འབྲས་བུ་ཞེས་གཉིས་ཁོ་ན་བཤད་པའི་ཕྱིར། གསུམ་གྱི་གྲངས་ངེས་མི་འགྲུབ་བོ་ཞེ་ན། མི་འགྲུབ་པ་མ་ཡིན་ཏེ། རང་བཞིན་དང་འབྲས་བུ་གཉིས་གཏན་ཚིགས་ཡང་དག་ཏུ་གྲུབ་པ་ན། དེའི་ཤུགས་ལ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་བདེ་བླག་ཏུ་འགྲུབ་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །དོན་ལྡོག་པར་ནི་བརྗོད་པ་ལས། །མི་དམིགས་དཔེ་ནི་འགྲུབ་པའི་ཕྱིར། །ཐ་དད་པར་ནི་མ་བཤད་དོ། །ཞེས་གསུངས་པས་སོ། །འོ་ན་འབྲས་རང་གི་གཏན་ཚིགས་ཀྱི་དཔེར་བརྗོད་བསྟན་པའི་ཤུགས་ལ། རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་ཀྱི་དཔེར་བརྗོད་རྟོགས་པར་ནུས་མོད། སྣང་རུང་མ་དམིགས་པའི་རྟགས་ཀྱིས་གཙོ་བོར་རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་ཡོད་པར་གང་གིས་འགྲུབ། གཉིས་པོ་དེ་ཡང་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན་པར་གང་གིས་འགྲུབ། ཅེ་ན། རང་བཞིན་རྟགས་ཀྱི་དཔེར་བརྗོད་དང་མཉན་བྱ་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཀྱི་དཔེར་བརྗོད་སྨོས་པས། དེ་དང་དེ་དག་རྟོགས་ནུས་པ་ཡིན་ཏེ། ཇི་སྐད་དུ། དེ་ལའང་སྐྱེས་བུ་མཐོང་མེད་ལ། །སྲོག་སོགས་ལྡོག་པ་མེད་པའི་ཕྱིར། །གཏན་ཚིགས་ཐེ་ཚོམ་ཟ་བཤད་པས། །ལྟ་རུང་དོན་ལ་དེ་ཞེས་བསྟན། །ཞེས་གསུངས་པས་སོ། །གཉིས་པ་ནི། གཞལ་བྱ་དང་མཉན་བྱ་གཉིས་མ་ངེས་པའི་གཏན་ཚིགས་ཀྱི་དཔེར་སྨོས་པ་ལ་བརྟེན་ནས། གཏན་ཚིགས་ཡང་དག་གི་མཚན་ཉིད་ཀྱི་ཟུར་གསུམ་དུ་གྲངས་ངེས་པར་འགྲུབ་པ་ཡིན་ཏེ། གཏན་ཚིགས་ཡང་དག་ལ་ཕྱོགས་ཆོས་གྲུབ་དགོས་པ་ལ་ནི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ཡང་མི་མཐུན་པ་མེད་ལ། རྗེས་འགྲོ་རྐྱང་པ་ཅན་དང༌། བཟློག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡོད་དམ་སྙམ་པའི་ལོག་པར་རྟོག་པ་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་དབྱེ་བ་གཉིས་པོ་དེས་སེལ་བར་ནུས་པའི་ཕྱིར། འོ་ན་ལོག་པར་རྟོག་པ་སྐྱེ་བའི་ཚུལ་ཇི་ལྟ་བུ། དེས་དེ་སེལ་ནུས་པའི་རྒྱུ་མཚན་གང་ཞེ་ན། དང་པོ་ནི། རྗེས་འགྲོ་དང་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡོད་ན་གཞལ་བྱ་ཡང་སྒྲ་རྟག་པའམ་མི་རྟག་པར་གྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཕྱོགས་ཆོས་དང་རྗེས་འགྲོ་གྲུབ་པའི་ཕྱིར་སྙམ་པ་དང༌། མཉན་བྱ་ཡང་སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་ལས་བཟློག་པའི་ཕྱིར་སྙམ་དུ་དོགས་པ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། དེས་དེ་སེལ་བར་ནུས་པ་ཡིན་ཏེ། གཞལ་བྱ་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་སུ་བཤད་པས་རྟགས་ཡང་དག་ཡིན་ན། མི་མཐུན་པའི་ཕྱོགས་ལས་བཟློག་པ་གཅིག་དགོས་པར་གྲུབ་ཅིང༌། མཉན་བྱ་དེ་སྒྲུབ་ཀྱི་དེར་བཤད་པས་གཏན་ཚིགས་ཡང་དག་ཡིན་ན་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་དགོས་པར་གྲུབ་པའི་ཕྱིར། གསུམ་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་དབྱེ་བ་ལྷག་མ་གསུམ་མ་ངེས་པའི་གཏན་ཚིགས་སུ་བཤད་པས། གཏན་ཚིགས་ཡང་དག་ཡིན་ན་མི་མཐུན་པའི་ཕྱོགས་མཐའ་དག་ལས་བཟློག་དགོས་པར་གྲུབ་པ་ཡིན་ཏེ། གལ་ཏེ་རྟགས་ཡང་དག་ཏུ་འགྱུར་བ་ལ་ཕྱོགས་ཆོས་དང༌། རྗེས་འགྲོ་དང་མི་མཐུན་ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ལས་བཟློག་པ་ཙམ་གྱིས་ཆོག་ན། མི་རྟག་པའི་རྟགས་ཀྱིས་དུང་སྒྲ་རྩོལ་བྱུང་དང་རྩོལ་བ་མ་བྱུང་དུ་བསྒྲུབ་པ་དང༌། རེག་བྱ་ཅན་མ་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པར་བསྒྲུབ་པ་ཡང་གཏན་ཚིགས་ཡང་དག་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར་རོ། །དེ་དག་གིས་ནི། རང་བཞིན་འབྲས་བུ་གྲུབ་དོན་དུ། །ཞེས་སོགས་ཀྱི་དོན་ལེགས་པར་བཤད་པ་ཡིན་ནོ། །དེ་ལྟར་ཤེས་པ་ན། གཏན་ཚིགས་བརྗོད་བྱས་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་དེ། །ཞེས་གསུངས་པའི་དོན་ཡང་ལེགས་པར་གོ་ནུས་པ་ཡིན་ནོ། །ཇི་ལྟར་ཞེ་ན། བདག་ཉིད་ཆེན་པོས། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་དགུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་ངག་ཡང་དག་གི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་བརྗོད་བྱའམ་བསྟན་བྱའི་གཙོ་བོར་བྱས་སོ་ཞེས་རྟོགས་པར་ནུས་པའི་ཆེད་ཡིན་པའི་ཕྱིར། དེས་དེ་ནུས་པའི་རྒྱུ་མཚན་ཡང༌། བཤད་མ་ཐག་པའི་ཚུལ་གྱིས་དེ་ལ་བརྟེན་ནས་གཏན་ཚིགས་ཡང་དག་གི་མཚན་གཞིའི་གྲངས་ངེས་པ་དང༌། མཚན་ཉིད་ཀྱི་ཟུར་ངེས་པ་དང༌། མི་མཐུན་ཕྱོགས་ལས་བཟློག་པའི་ཡུལ་ངེས་པར་གྲུབ་པའི་ཕྱིར། དེ་ལྟར་ཤེས་པ་ན་དཔྱད་དགོས་པའི་དོགས་པ་འདི་ཡོད་དེ། སྔར་རང་དོན་རྗེས་དཔག་ཏུ་ཚུལ་གསུམ་ལ་ངེས་བརྗོད་མཛད་པས། འགལ་མ་ངེས་མ་གྲུབ་པའི་རྟགས་རྣམས་གཏན་ཚིགས་ཡང་དག་ཡིན་པ་སེལ་ནུས་པར་བཤད། དེ་བསལ་བ་ན་ཡང་བཤད་མ་ཐག་པའི་དོགས་པ་གསུམ་པོ་དེ་འགྲུབ་པ་དང༌། གཞན་དོན་རྗེས་སུ་དཔག་པར་འགལ་བ་དང་མ་ངེས་པ་དང༌། ཤུགས་ལ་མ་གྲུབ་པའི་གཏན་ཚིགས་ཀྱང་བཤད་པས་ཚུལ་གསུམ་གྱི་གྲངས་ངེས་འགྲུབ་པར་བཤད་པས། ཟློས་པའམ་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་ཡོད་དོ་ཞེ་ན། དོགས་པ་སེལ་ནུས་པའི་དབང་དུ་བྱས་ནས། མཚན་ཉིད་ལ་ནི་ཐ་དད་མེད། །རྗེས་སུ་དཔག་པར་བཤད་ཟིན་དོན། །ཞེས་གསུངས་པ་ཡིན་ནོ། །དེའི་དོན་ཡང་ལེའུ་གཉིས་སུ་རྟགས་ཡང་དག་གི་མཚན་ཉིད་དང་མཚན་གཞིའི་དབྱེ་བ་སྟོན་ཚུལ་མི་འདྲ་བ་ཡིན་ནོ། །རང་དོན་དུ་ནི་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་བསྟན་ལ། གཞན་དོན་དུ་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རྣམ་བཅད་ཀྱི་ཤུགས་ལ་བསྟན་པའི་ཕྱིར། དེ་ལྟར་བསྟན་པའི་མཚན་ཉིད་དང་དབྱེ་བ་ནི་གཅིག་ཁོ་ན་ཡིན་པས་མི་འདྲ་བ་མེད་དོ། །དགོས་པའི་ཁྱད་པར་མི་འདྲ་བ་གཉིས་ཡོད་པ་ནི་ཇི་སྐད་དུ། དེ་ཡིས་མ་གྲུབ་བཟློག་དོན་དང༌། །ཞེས་སོགས་དང༌། གཏན་ཚིགས་བརྗོད་བྱ་རྟོགས་དོན་དུ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ན་ཡང་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་མེད་པ་ནི་གང་རུང་གཅིག་གིས་ཆོག་པ་ཡིན་གྱི། གཉིས་པ་མི་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟ་ན་ཡང་མི་ཟློས་པ་ནི་དགོས་པའི་ཁྱད་པར་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་གྱིས་སོ། །ཞེས་པ་འདིས་ནི་དགོས་པའི་ཁྱད་པར་བཤད་པ་ཡིན་ནོ། །གཉིས་པ་དགོས་པ་དེ་དང་ལྡན་པའི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ལ་གསུམ་སྟེ། གཞུང་ལས་ཇི་ལྟར་གསུངས་པའི་ཚུལ། འགྲེལ་པ་བྱེད་པས་ཇི་ལྟར་བཀྲལ་བའི་ཚུལ། རང་གི་བློ་ལ་ཤར་བའི་དོན་བརྗོད་པའོ། །དང་པོ་ནི། ཇི་སྐད་དུ། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་རྣམ་པར་ངེས་པ་ལས་གསུངས་ལ། དོན་དེ་ཉིད་ཇི་སྐད་དུ། ཚད་མའི་མདོར། མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས། །ཕྱོགས་ཀྱི་ཆོས་ལའང་རྣམ་པ་གསུམ། །མི་མཐུན་ཕྱོགས་ལའང་སོ་སོ་ནི། །ཡོད་མེད་གཉིས་ཀའི་བྱེ་བྲག་ཕྱིར། །ཞེས་དང༌། འགྲེལ་པར་ཕྱོགས་ཀྱི་ཆོས་དེ་ཉིད་རྣམ་པ་གསུམ་དུ་དབྱེ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་གཉིས་ཀའོ། །དེ་དག་རེ་རེ་ལ་ཡང་གསུམ་གསུམ་དུ་དབྱེ་བར་བྱ་སྟེ། མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉིས་ཀའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་འདིར་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་བྱ་བ་ནི་ཁྱབ་བྱེད་དུ་ཡོད་པའོ། །མེད་པ་ཞེས་བྱ་བ་ནི་གཏན་མེད་པའོ། །རྣམ་གཉིས་པ་ཞེས་བྱ་བ་ནི་ཡོད་མེད་རྣམ་པ་གཉིས་ཀའོ། །དེའི་ཚུལ་ཡང་མཐུན་ཕྱོགས་སམ་མི་མཐུན་ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ལ་ཡོད་འགའ་ཞིག་ལ་མེད་པའོ། །དེ་དག་ཀྱང་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་པའི་ཚུལ། རྫས་ཀྱི་སྒོ་ནས་དགུ་ཡིན་པའི་ཚུལ། རིགས་ཀྱི་སྒོ་ནས་གསུམ་དུ་འདུས་པའི་ཚུལ་ལོ། །དང་པོ་ནི་མཐུན་པའི་ཕྱོགས་གཞིར་བཞག་པ་ལ་དགུ། མི་མཐུན་པའི་ཕྱོགས་གཞིར་བཞག་པ་ལ་དགུའོ། །དང་པོ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་པའོ། །མཐུན་པའི་ཕྱོགས་ལ་ཡོད་པ་གཞིར་བྱས་པ་ལ་ཡང༌། མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་པའོ། །དེ་ལ་མེད་པ་གཞིར་བྱས་ལ་དེ་གསུམ་མོ། །དེ་ལ་རྣམ་གཉིས་པ་ལ་ཡང་དེ་གསུམ་མོ། །གཉིས་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལ་གསུམ་སྟེ། མི་མཐུན་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་པའོ། །དེ་རེ་རེ་ལ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་དང་གསུམ་གསུམ་དུ་ཕྱེ་བས་དགུའོ། །གཉིས་པ་ནི། བཅོ་བརྒྱད་པོ་དེ་ཡང་རྫས་དགུར་འདུ་བ་ཡིན་ཏེ། དཔེར་བརྗོད་དགུའི་སྒོ་ནས་གཏན་ལ་དབབ་ཏུ་རུང་བའི་ཕྱིར། ཇི་ལྟར་རུང་ཞེ་ན་མཐུན་པའི་ཕྱོགས་ལ་ཡོད་པ་གཞིར་བྱས་པ་ལ། མི་མཐུན་པའི་ཕྱོགས་ལ་མེད་པ་དེ་དང༌། མི་མཐུན་ཕྱོགས་ལ་མེད་པ་གཞིར་བྱས་པའི་མཐུན་ཕྱོགས་ལ་ཡོད་པ་གཉིས་པོ་དོན་གཅིག་ལ་འདུ་བའི་ཕྱིར། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །གསུམ་པ་ནི། དགུ་པོ་དེ་ཐམས་ཅད་གཏན་ཚིགས་ཡང་དག་དང༌། འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་རྣམ་པ་གསུམ་དུ་འདུ་བ་ཡིན་ནོ། །འོ་ན་འདིར་མ་དམིགས་པའི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་མི་སྨོས་པའི་རྒྱུ་མཚན་ནི་གཞུང་དུ་གསལ་ལ། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལ་ཕྱོགས་ཆོས་གྲུབ་པར་ནི་གཞུང་ལས་གསུངས་ཤིང༌། ཕྱོགས་ཆོས་ཅན་གྱི་རབ་ཏུ་དབྱེ་བར་མི་འཆད་པའི་རྒྱུ་མཚན་ནི་མ་གསུངས་པས། དེ་འཆད་དགོས་ཞེ་ན། དེའི་རྒྱུ་མཚན་ནི་འདི་ཡིན་ཏེ། རབ་ཏུ་དབྱེ་བ་འདི་ནི་དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ལ། ལྷག་ལྡན་གཉིས་སྨོས་པ་ལ། སྔར་བཤད་པའི་དགོས་པ་དེ་དག་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ། །གཉིས་པ་འགྲེལ་པ་མཛད་པས་བཀྲལ་བའི་ཚུལ་ལ་མདོའི་རང་འགྲེལ་དུ། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་བྱ་མིན། །དེ་དགུ་རྟག་པ་ལ་སོགས་པའོ། །ཞེས་པས་གཏན་ཚིགས་དགུ་བསྟན་པ་ཡིན་ནོ། །བསྒྲུབ་བྱའི་ཆོས་དགུ་ནི་ཚད་མ་རྒྱན་ལས། རྟག་དང་མི་རྟག་རྩོལ་བྱུང་དང༌། །རབ་ཏུ་རྟག་པ་གསུམ་དག་དང༌། །རྩོལ་བྱུང་མིན་དང་མི་རྟག་རྟག །ཅེས་གསུང་ངོ༌། །ཤེས་འདོད་ཆོས་ཅན་ནི་ཚད་མའི་མདོར། སྒྲ་ཙམ་ལས་དབྱེ་བ་གཞན་མ་གསུངས་ཀྱང༌། རྩོལ་བྱུང་རྟགས་སུ་བཀོད་པའི་ཚེ། དུང་སྒྲ་ལྟ་བུ་ཆོས་ཅན་དུ་བཟུང་ན་ལེགས་པ་ཡིན་ནོ། །འདི་ལ་བོད་དག རིག་བྱེད་ཀྱི་སྒྲ་ཆོས་ཅན་དུ་འཛིན་པ་ནི་མ་ཤེས་པ་ཡིན་ཏེ། རིག་སྒྲ་རྟག་པར་འདོད་པའི་རྒོལ་བ་རིག་བྱེད་ཀྱི་གྲུབ་པའི་མཐའ་སྨྲ་བ་དེ་དག་གིས་ནི། རིག་སྒྲ་མ་བྱས་པར་ཡང་འདོད་པས་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། ཡང་གཞན་དག རྩོལ་བྱུང་ཆོས་སུ་བྱས་པའི་ཚེ། དུང་སྒྲའམ་རིག་སྒྲ་ལྟ་བུ་ཆོས་ཅན་དུ་འཛིན་པ་ཡང་མ་གོ་བ་ཡིན་ཏེ། དེ་ལ་རྒྱུ་མཚན་མེད་པའི་ཕྱིར་དང༌། རྩོལ་བྱུང་གི་རྟགས་ཀྱིས་རིག་སྒྲའམ་དུང་སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པར་ཁས་ལེན་པ་དང་འགལ་བའི་ཕྱིར་དང༌། རིག་སྒྲ་རྩོལ་བྱུང་དང་མི་རྟག་པར་བསྒྲུབ་པའི་རྒོལ་བའི་ཁྱད་པར་སོ་སོ་བ་ཡང་མི་རྙེད་པའི་ཕྱིར་རོ། །ནམ་མཁའ་དང་བུམ་པ་དང༌། གློག་དང་རྡུལ་ཕྲན་ལ་སོགས་པ་མཐུན་ཕྱོགས་དགུ་དང༌། མི་མཐུན་ཕྱོགས་དགུའི་བཤད་པ་ནི་ཡ་མ་རི་ནས་བྱུང་ཞེས་ཟེར་མོད་ཀྱང༌། ལེགས་ཆ་མེད་ཅིང༌། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་ན་མེད་དོ། །ལེགས་ཆ་མེད་པའི་རྒྱུ་མཚན་ཅི་ཞེ་ན། འདིར་བསྟན་བྱའི་གཙོ་བོ་ནི་ཕྱོགས་ཆོས་ཡིན་པས་དེ་འགྲུབ་པ་ལ་མཐུན་དཔེ་དང་མི་མཐུན་པའི་དཔེ་བཀོད་པ་ལ་དགོས་པ་མེད་པའི་ཕྱིར་དང༌། ཁྱད་པར་གཏན་ཚིགས་ཡང་དག་གི་སྦྱོར་བ་འགོད་པའི་ཚེ། དཔེ་གཉིས་འགོད་པ་རིགས་པའི་གཞུང་ན་ཡོད་ཀྱི། འགལ་བའི་གཏན་ཚིགས་དང་མ་ངེས་པའི་གཏན་ཚིགས་ལ་མཐུན་པ་དང༌། མི་མཐུན་པའི་དཔེ་འགོད་པ་ནི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ལ་ཡང་མི་སྣང་བའི་ཕྱིར། ལུགས་དེ་ཡང་དག་པ་མ་ཡིན་ནོ། །འོན་ཀྱང་དགོས་པའི་ཁྱད་པར་ཅུང་ཟད་ཡོད་པར་རློམ་པ་ནི་རྟགས་མཐུན་ཕྱོགས་དང་གཅིག་ཤོས་ལ་འཇུག་ཚུལ་ཤེས་པ་ལ། ཕྱོགས་གཉིས་ཀྱི་མཚན་གཞི་ངོས་ཟིན་དགོས་པས། དེ་ཤེས་པའི་ཕྱིར་དུ་དཔེ་དེ་དག་སྨོས་པ་ཡིན་ནོ་སྙམ་དུ་བསམ་པ་ཡིན་མོད། དེ་ལྟ་ན་རྟོག་གེའི་འཇུག་པ་མ་ཤར་བ་ཡིན་ཏེ། དཔེར་འགོད་པ་ནི། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ངོ་ཤེས་ཟིན་པའི་འོག་རོལ་དུ་འགོད་དགོས་པ་ཡིན་གྱི། དེ་ངོ་མི་ཤེས་པ་ལ་དཔེར་བཀོད་ཀྱང་ལྟར་སྣང་འབའ་ཞིག་ཏུ་འགྱུར་བའི་ཕྱིར་དང༌། དཔེ་ནམ་མཁའ་ལྟ་བུ་རྟག་པར་མི་ཤེས་པའི་རྒོལ་བའི་ངོར། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མ་ཡིན་པས། དཔེར་བཀོད་པ་ལ་དགོས་པ་མེད་ལ། དེ་དེར་ཤེས་པ་ལ་ནི་དཔེར་འགོད་མི་དགོས་པའི་ཕྱིར། དེ་ལྟ་བུའི་གཏན་ཚིགས་དགུ་པོ་དེ་ལ་མིང་འདོགས་ཁྱད་པར་ནི། དྲངས་མ་ཐག་པའི་གཞུང་གི་ཁྱད་པར་ལ་རྣམ་པར་བརྟགས་པ་ན་འདི་ལྟར་འབྱུང་སྟེ། ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང༌། གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པ་དང༌། གཅིག་ལ་ཁྱབ་བྱེད། གཅིག་ཤོས་ལ་རྣམ་གཉིས་དང༌། ཡང་ཅིག་ཤོས་ལ་ཁྱབ་བྱེད། གཅིག་ལ་རྣམ་གཉིས་སུ་འཇུག་པ་སྟེ། དངོས་མ་ངེས་ཀྱི་གཏན་ཚིགས་བཞི་དང་ཕྱོགས་གཉིས་ཀ་ལ་མི་འཇུག་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་གཅིག་སྟེ། མ་ངེས་པ་ལྔའོ། །ཡང་མཐུན་ཕྱོགས་ལ་ཡོད། མི་མཐུན་ཕྱོགས་ལ་མེད་པ་ལ་ཡོད་ཚུལ་གཉིས་སུ་ཕྱེ་བ་དང༌། ཡང་མི་མཐུན་ཕྱོགས་ལ་ཡོད། མཐུན་ཕྱོགས་ལ་མེད་པ་ལ་ཡོད་ཚུལ་གཉིས་སུ་ཕྱེ་བས་དགུའོ། །དགུ་པོ་དེ་དཔེར་དང་ཇི་ལྟར་སྦྱོར་བའི་ཚུལ་ནི་མདོའི་རང་འགྲེལ་དུ། དགུ་པོ་འདི་བང་མིག་དགུ་ལ་རིམ་པ་བཞིན་བྲིས་ནས་ཕྲེང་གི་གྱེན་ཐུར་ལ་མཐུན་ཕྱོགས་ཀྱི་གསུམ་མོ། །འཕྲེད་ལ་ནི་མི་མཐུན་ཕྱོགས་ཀྱི་གསུམ་མོ། །ཕྱོགས་བཞིར་རང་བཞིན་དང་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །འདིའི་དོན་ལ་བརྟགས་པ་ན་རིའུ་མིག་གི་འགོད་ཚུལ་འདི་ལྟར་སྣང་སྟེ། ཟུར་བཞི་དངོས་ཀྱི་མ་ངེས་པ། །སྟེང་འོག་གཉིས་ལ་འགལ་བ་གནས། །ལོག་གཉིས་ཡང་དག་རྟགས་ཡིན་ཏེ། །དབུས་སུ་ཐུན་མོང་མ་ཡིན་པའོ། །ཞེས་བྱ་བར་འགྱུར་རོ། །ཇི་ལྟར་འགྱུར་བའི་ཚུལ་ནི་རིའུ་མིག་ཏུ་བྲིས་ལ་བརྟགས་པར་བྱའོ། །ཡི་གེ་གཞན་ལས། ཟུར་བཞི་དངོས་ཀྱི་མ་ངེས་པ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་གཉིས་འགལ་བའི་རྟགས་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་བྲིས་པའི་གཞུང་དང་རིའུ་མིག་ཏུ་བཀོད་པ་དེ་ནི། དོན་ཕྱིན་ཅི་ལོག་ཏུ་སོང་བ་ཆེར་མེད་མོད་ཀྱང་བདག་ཉིད་ཆེན་པོས་མཛད་པ་ནི་མ་ཡིན་ཏེ། གཞུང་རྩ་བར་དེར་ནི། མདོའི་གཞུང་དང༌། རྣམ་པར་ངེས་པའི་གཞུང་དང༌། རྒྱན་གྱི་གཞུང་གསུམ་བསྲེས་ནས་བྲིས་པའི་ཕྱིར་དང༌། རིའུ་མིག་གི་འགོད་ཚུལ་མདོའི་འགྲེལ་པ་དང་མི་མཐུན་པའི་ཕྱིར་དང༌། ཡ་མ་རི་ནས་འབྱུང་ཟེར་བའི་མཐུན་དཔེ་དང་མི་མཐུན་དཔེའི་རྣམ་གཞག་འཁྲུལ་པ་དེ་ཡང་གཞུང་དེར་བྲིས་པའི་ཕྱིར་རོ། །འོན་ཀྱང་མི་ཤེས་པ་ལ་རྟོགས་པ་བསྐྱེད་པའི་ཡན་ལག་ཏུ། གཞན་གྱིས་བྱས་པའི་རེའུ་མིག་འགོད་ཚུལ་དེ་ཉིད་གྲགས་ཆེ་ཞིང་གོ་བར་སླ་བས་དེ་ཉིད་བཤད་པར་བྱའོ། །ཇི་ལྟར་ཞེ་ན། མཐུན་ཕྱོགས་ལ་ཡོད་པ་གསུམ་ནི་རིའུ་མིག་གོང་མ་གསུམ་ལ་འགོད་པར་བྱའོ། །མཐུན་ཕྱོགས་ལ་མེད་པ་གསུམ་ནི་རིའུ་མིག་བར་མ་ལ་འགོད་པར་བྱའོ། །མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་ནི་རིའུ་མིག་འོག་མ་གསུམ་ལ་འགོད་པར་བྱའོ། །དེ་ཡང་གོ་རིམ་བཞིན་དུ་རྟགས་གསུམ་ཆོས་ཅན་གསུམ་དང༌། ཆོས་གསུམ་ཚན་གསུམ་སྦྱར་ནས་འགོད་པར་བྱའོ། །དེ་ལྟར་བཀོད་པ་ནི་གྱེན་ཐུར་ལ་བལྟས་པས་མི་མཐུན་ཕྱོགས་ཀྱི་གསུམ་ཚན་གསུམ་པོ་དེ་རང་ཤུགས་ཀྱིས་འབྱུང་བ་ཡིན་ནོ། །དེ་ཡང་འདི་ལྟར། གྱེན་ཐུར་གྱི་རིའུ་མིག་དང་པོ་ལ་མི་མཐུན་ཕྱོགས་ལ་ཡོད་པ་གསུམ་བྲི་བར་བྱའོ། །རིའུ་མིག་བར་པ་ལ་མི་མཐུན་ཕྱོགས་ལ་མེད་པ་གསུམ་བྲི་བར་བྱའོ། །རིའུ་མིག་ཐ་མ་ལ་མི་མཐུན་ཕྱོགས་ལ་རྣམ་གཉིས་པ་གསུམ་བྲི་བར་བྱའོ། །འདི་ལ་རིའུ་མིག་ཅེས་དང༌། བང་མིག་ཅེས་བྱ་བའི་ཐ་སྙད་ནི་གཞུང་འགྲེལ་ལས་འབྱུང་ལ། འཁོར་ལོ་ཞེས་བྱ་བའི་ཐ་སྙད་འདོགས་པ་ནི་འཁྲུལ་པ་ཡིན་ཏེ། འདི་ལ་འཁོར་ལོའི་སྒྲ་དོན་མ་ཚང་བའི་ཕྱིར་དང༌། གཞུང་འགྲེལ་ལས་དེའི་ཐ་སྙད་བཏགས་པ་གཅིག་ཀྱང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། འཁོར་ལོའི་དོན་ནི་འཁོར་ཡུག་ཏུ་བསྐོར་བས་དོན་ལོག་པར་མི་སྟོན་པ་གཅིག་ལ་ཟེར་རྒྱུ་ཡིན་པ་ལ། འདི་ལ་ནི་ཤར་ནས་ནུབ་ཏུ་བགྲོད་ཚུལ་གཅིག་དང༌། སྟེང་ནས་འོག་ཏུ་བགྲོད་ཚུལ་གཅིག་གཉིས་ཁོ་ན་སྣང་གི འཁོར་ལོ་བཞིན་དུ་བསྐོར་ན་དོན་སྟོན་རྒྱུ་མེད་པའམ་ཕྱིན་ཅི་ལོག་ཏུ་སྟོན་པའི་ཕྱིར་རོ། །གསུམ་པ་རང་གི་བློ་ལ་ཤར་བ་ལ། ཕྱོགས་ཆོས་ཅན་གྱི་བསྡུ་བ་དང༌། རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། སྤྱིར་རྟགས་སུ་བཀོད་པ་ལ་གཉིས་ཏེ། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་མ་གྲུབ་པ་དང༌། གྲུབ་པའོ། །དང་པོ་ནི། མ་གྲུབ་པའི་གཏན་ཚིགས་ཏེ། འདི་ནི་གཏན་ཚིགས་ཙམ་དུ་བཞག་པ་ཡང་བཏགས་པ་བ་ཡིན་པས་ལོགས་སུ་བཞག་པར་བྱའོ། །གཉིས་པ་ལ་གཉིས་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པའོ། །དང་པོ་ལ་གཉིས་ཏེ། མི་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པའོ། །དང་པོ་ལ་ཡོད་ཚུལ་རྣམ་པ་བཞི་ཁོ་ནར་གྲངས་ངེས་པ་ཡིན་ཏེ། གཉིས་ཀ་ལ་ཁྱབ་བྱེད་དུ་ཡོད་པ། གཉིས་ཀ་ལ་རྣམ་གཉིས་སུ་ཡོད་པ། གཅིག་ལ་ཁྱབ་བྱེད་ཅིག་ཤོས་ལ་རྣམ་གཉིས་སུ་ཡོད་པ། ཅིག་ཤོས་ལ་ཁྱབ་བྱེད་གཅིག་ལ་རྣམ་གཉིས་སུ་ཡོད་པའོ། །གཉིས་པ་མཐུན་ཕྱོགས་ལ་ཡོད། མི་མཐུན་ཕྱོགས་ལ་ཡོད་པ་དེ་ལ་ཡོད་ཚུལ་གཉིས་ཏེ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་རྣམ་གཉིས་སུ་ཡོད་པའོ། །གཉིས་པ་མཐུན་ཕྱོགས་ལ་མེད་པ་ལ་མི་མཐུན་ཕྱོགས་ལ་ཡོད་པ་དང་མེད་པའོ། །དང་པོ་ལ་ཡོད་ཚུལ་གཉིས་ཏེ། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང༌། རྣམ་གཉིས་སུ་ཡོད་པའོ། །དེ་ལྟར་ན་ཕྱོགས་གཉིས་ཀ་ལ་ཡོད་ཚུལ་བཞི་དང༌། མཐུན་ཕྱོགས་ཁོ་ན་ལ་ཡོད་ཚུལ་གཉིས་དང༌། མི་མཐུན་ཕྱོགས་ཁོ་ན་ལ་ཡོད་ཚུལ་གཉིས་དང༌། ཕྱོགས་གཉིས་ཀ་ལ་མེད་ཚུལ་གཅིག་སྟེ། རིགས་ཀྱི་དབྱེ་བ་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ། དངོས་ཀྱི་མ་ངེས་པའི་གཏན་ཚིགས་བཞི་དང༌། འབྲས་རང་གི་གཏན་ཚིགས་ཡང་དག་གཉིས་དང༌། འབྲས་རང་གི་འགལ་བ་གཉིས་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པ་སྟེ་དགུ་དང་སྦྱར་རོ། །ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པ་ལ་དེ་དག་གི་ནང་དུ་མ་འདུས་པ་ནི་འདི་ལྟ་སྟེ། མཐུན་ཕྱོགས་ལ་ཡོད། མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བ། མི་མཐུན་ཕྱོགས་ལ་ཡོད་པར་ངེས། མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བ་ཞེས་བྱ་བའི་གཏན་ཚིགས་གཉིས་ཏེ། ཡང་དག་ལྷག་ལྡན་དང་འགལ་བ་ལྷག་ལྡན་ཞེས་བྱ་བའི་ཐ་སྙད་བྱས་པ་དེ་གཉིས་སོ། །གཉིས་པོ་དེ་མ་གཏོགས་པ་འདིར་མ་བསྡུས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཞེས་བྱ་བ་གཅིག་ཀྱང་མེད་དོ། །འདི་ལ་དོགས་པ་གསུམ་འཇུག་སྟེ། འོ་ན་མ་དམིགས་པའི་གཏན་ཚིགས་རྣམས་འདིར་མ་བསྡུས་པར་བཤད་པ་མ་ཡིན་ནམ་སྙམ་པའི་དོགས་པ་དང༌། ཕྱོགས་གཉིས་ཀ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཅིའི་ཕྱིར་མེད་སྙམ་པ་དང༌། ལྷག་ལྡན་གཉིས་པོ་འདིར་མི་བསྡུད་པའི་རྒྱུ་མཚན་ཅི་ཡིན་སྙམ་པའི་དོགས་པ་གསུམ་སྐྱེ་བ་ཡིན་ནོ། །དང་པོའི་ལན་ནི། དེར་དེ་མ་བསྡུས་པ་ནི་མ་ཡིན་ཏེ། མ་དམིགས་པའི་གཏན་ཚིགས་ཡང་དག་ཐམས་ཅད་མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་མེད་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །འོ་ན་རིགས་པ་མཁྱེན་པས་དེར་དེ་མི་འཆད་པའི་རྒྱུ་མཚན་རྒྱས་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། གཞལ་བྱ་བྱས་དང་ཞེས་སོགས་ཕྱོགས་ཆོས་ཅན་གྱི་དཔེར་བརྗོད་ཀྱི་དབྱེ་བར་དེ་མ་གསུངས་པའི་རྒྱུ་མཚན་བཤད་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། མི་དམིགས་དཔེ་ནི་འགྲུབ་པའི་ཕྱིར། །ཞེས་དང༌། མི་དམིགས་དཔེ་གཅིག་བཞེད་པ་ཡིན། །ཞེས་དང༌། ཐ་དད་པར་ནི་དཔེར་མ་བསྟན། །ཞེས་བཤད་པས་སོ། །འོ་ན་དེར་དེའི་དཔེ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེར་དེ་མ་བསྟན་ཀྱང་མི་རྟོགས་པའི་སྐྱོན་མེད་དེ། འབྲས་རང་གི་དཔེ་ལས་དེ་རྟོགས་ནུས་པའི་ཕྱིར། ནུས་ཏེ། དུ་བ་ལ་མེ་ལྡན་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་བསྟན་པས། མེ་མེད་པ་དེས་རྒྱ་མཚོར་དུ་བ་མེད་པ་ལ་སོགས་པ་རྟོགས་ནུས་པའི་ཕྱིར་རོ། །འོ་ན་རང་བཞིན་མ་དམིགས་པའི་དཔེ་ཇི་ལྟར་གོ་ཞེ་ན། རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུ་བའི་ཕྱིར་རོ། །འོ་ན་མི་སྣང་བ་མ་དམིགས་པ་ཇི་ལྟར་རྟོགས་ཞེ་ན། དེ་ཡང་རྒྱུ་མ་དམིགས་པར་འདུ་བའི་ཕྱིར་རོ། །ཅི་སྟེ་རྟོགས་ནུས་ཀྱང་ལོགས་སུ་དཔེར་བརྗོད་པ་མི་འགལ་ལོ་ཞེ་ན། མ་ངེས་པའི་གཏན་ཚིགས་ཕྱི་མ་རྣམས་བཞིན་ནོ་ཞེ་ན་མཚུངས་པ་མ་ཡིན་ཏེ། ཕྱོགས་ཆོས་ཅན་དགུའི་གྲངས་ངེས་ཉམས་པར་ཐལ་བའི་ཕྱིར་རོ། །དོགས་པ་གཉིས་པའི་ལན་ནི། ཕྱོགས་གཉིས་ཀ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཞེས་བྱ་བ་ནི་ཡོད་མོད། དེ་འདིར་ལོགས་སུ་མ་བཤད་པ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་འདུས་པ་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང་ཕྱོགས་གཉིས་ཀ་ལ་སྐབས་ཀྱི་རྒོལ་བའི་ཚད་མས་མ་མཐོང་བའི་ཕྱིར་རོ། །དེའི་མཚན་གཞི་ནི་གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་སྲོག་ལྡན་རྟགས་སུ་བཀོད་པ་ལྟ་བུའོ། །དོགས་པ་གསུམ་པའི་ལན་ནི། ལྷག་ལྡན་གཉིས་པོ་འདིར་མ་བསྡུས་པ་ཡིན་ཏེ། དགུ་པོ་དེ་དག་གང་དུ་ཡང་མི་འདུ་བའི་ཕྱིར་ཏེ། མཐུན་ཕྱོགས་ལ་ཡོད་པ་གསུམ་དུ་ཡང་མི་འདུ། མེད་པ་གསུམ་དུ་ཡང་མི་འདུ། རྣམ་གཉིས་གསུམ་དུ་ཡང་མི་འདུ་བའི་ཕྱིར་ཞེས་བྱ་བ་འདི་ནི་ལེགས་པར་བཤད་པའི་རྣམ་གྲངས་གཅིག་ཡིན་ནོ། །གཉིས་པའི་རྣམ་གཞག་ལ། འདིར་ཕྱོགས་དཔྱད་པ་གཙོ་བོ་ཡིན་ཀྱང་རྒྱས་པར་བསྟན་ཟིན་པའི་ཕྱིར་རེ་ཤིག་བཞག་ནས། འདིར་ནི་ཕྱོགས་གཉིས་ལ་འཇུག་ཚུལ་ཙམ་ཞིག་དཔྱད་པར་བྱའོ། །གཞལ་བྱ་སྒྲ་རྟག་པར་བསྒྲུབ་པའི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་དོན་ནི་གང་ལ་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་དེའི་ངོར་ཁྱབ་བྱེད་དུ་འཇུག་པ་ལ་བྱ་དགོས་པ་ཡིན་ཏེ། གཞན་དུ་ན་རྟགས་ཀྱི་འཇུག་པ་འཆོལ་བར་འགྱུར་བའི་ཕྱིར་རོ། །དེའི་དོན་ཡང་སྒྲ་རྟག་པར་བསྒྲུབ་པའི་མཐུན་ཕྱོགས་ཡིན་ན་གཞལ་བྱ་ཡིན་པས་ཁྱབ་པ་ཚད་མས་ངེས་པ་ལ་བྱེད་པ་ཡིན་གྱི། སྤྱིར་རྟག་པ་ཡིན་ན་གཞལ་བྱ་ཡིན་པའི་ཁྱབ་པ་ལ་བྱ་བ་ནི་མ་ཡིན་ཏེ། རང་གི་སྡེ་པ་དག་གི་རྟག་པའི་འཇོག་ཚུལ་གཉིས་ལས་གཅིག་ནི་མི་རྟག་པ་བཀག་ཙམ་གྱི་མེད་དགག་ལ་བྱ་བ་ཡིན་ལ། གཅིག་ནི་མ་ཡིན་པར་དགག་པ་སྟེ། དེ་ཡང་མི་རྟག་པ་བཀག་པའི་དངོས་པོའོ། །གཉིས་པ་ནི་ཉན་ཐོས་སྡེ་པའི་འདོད་ཚུལ་ཡིན་ལ། འདིར་དང་པོ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་གྲགས་པ་མི་རྟག་པ། །ལོག་ལ་རྟག་པའི་ཐ་སྙད་འདོགས། །ཞེས་བཤད་པས་སོ། །དེ་ལྟར་གྲུབ་པ་ན། མོ་གཤམ་གྱི་བུ་ཆོས་ཅན། གཞལ་བྱར་ཐལ། རྟག་པའི་ཕྱིར་ཞེས་པའི་ཉེས་པ་འདི་འཇུག་པ་ཡིན་ནོ། །འོ་ན་ཁྱེད་ལ་ཡང་དེར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཞེ་ན། མ་གྲུབ་པ་ཡིན་ཏེ། དེར་འཇོག་པ་ལ་དེ་སྒྲུབ་ཀྱི་བཟློག་པ་གཏན་ལ་འབེབས་གཞིར་རུང་དགོས་པའི་ཕྱིར། ཡང་རྟག་མི་རྟག་དངོས་འགལ་དུ་བཤད་པས་ཀྱང་དེ་དེར་གྲུབ་པ་ཡིན་ནོ། །རྟག་པའི་འདོད་ཚུལ་གཉིས་པ་དེ་ཡང་ཇི་སྐད་དུ། བརྟན་དངོས་དང་ནི་འཇིག་པ་བཞིན། །ཞེས་རང་ལུགས་ལྟ་བུར་བཤད་ཀྱང༌། གཞན་གྱི་བསམ་པ་ལ་ལྟོས་པ་ཡིན་པར་སློབ་དཔོན་ཤཱཀྱ་བློ་འཆད་དོ། །འོ་ན་བདག་རྟག་པ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་བཞེད་པ་ཡིན་ཏེ། དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་འདི་ནི་རྟག་པར་སྨྲོས། །ཞེས་གསུངས་སོ། །འོ་ན་བདག་རྟག་པ་འགོག་པར་མི་བྱེད་དམ་ཞེ་ན། སྐབས་དེར་ནི་རྟག་པའི་འདོད་ཚུལ་གཉིས་པ་དེའི་དབང་དུ་བྱས་པ་ཡིན་ཏེ། ཕྱི་རོལ་པ་དང་ཉན་ཐོས་སྡེ་པས་བདག་དངོས་པོར་ཁས་བླངས་ནས། རྟག་པའམ་བརྗོད་དུ་མེད་པར་ཁས་ལེན་པའི་ཕྱིར། ཡང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་དོན་ཡང་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡིན་ན་གཞལ་བྱ་ཡིན་པས་ཁྱབ་པའི་དོན་ཡིན་གྱི། མི་རྟག་པ་ལ་ཁྱབ་བྱེད་དུ་འཇུག་པའི་དོན་མ་ཡིན་ཏེ། དེ་དེའི་མི་མཐུན་ཕྱོགས་སུ་མི་རུང་བའི་ཕྱིར། གལ་ཏེ་རུང་ན་འགལ་བ་མི་མཐུན་ཕྱོགས་ཀྱིས་མི་མཐུན་ཕྱོགས་ཀྱི་གོ་ཆོད་པར་འགྱུར་ལ། འདོད་ན་ནི་རྣམ་པར་ངེས་པ་ལས། ཇི་ལྟར་མེད་པ་ལ་ཡོད་དོ་ཞེས་བརྗོད་ཅེ་ན། དེ་བཀག་པ་ཙམ་ནི་མི་མཐུན་ཕྱོགས་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་མི་རྟག་པ་ལ་ཁྱབ་བྱེད་དུ་འཇུག་པ་ཙམ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་འཇུག་པའི་གོ་ཆོད་ན། སྐད་ཅིག་མ་དེ་མི་རྟག་པ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་འགྱུར་ཏེ། དེ་མི་རྟག་པ་ལ་ཁྱབ་བྱེད་དུ་འཇུག་པའི་ཕྱིར་རོ། །འདོད་པར་མི་ནུས་སྟེ། དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཡང་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པར་ཐལ། མི་རྟག་པ་ལ་ཡོད་པའི་ཕྱིར་ཏེ། འདོད་ན་གཞུང་དང་འགལ་ལོ། །སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་རྒོལ་བའི་ངོར། སྒྲ་མི་རྟག་བསྒྲུབ་ལ་སྒྲ་ཉིད་རྟགས་སུ་བཀོད་པའི་ཚེ་སྒྲ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ཐལ། མི་རྟག་པ་ལ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་གྱི་མཐུན་པའི་ཕྱོགས་ཉིད་དུ་ཐལ་བར་འགྱུར་ལ། འདོད་ན་རྒོལ་བ་དེས་དེ་མི་རྟག་པ་ཉིད་དུ་ཚད་མས་ངེས་པར་འགྱུར་རོ། །གཉིས་པ་རེག་བྱ་ཅན་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀ་ལ་རྣམ་གཉིས་སུ་འཇུག་པའི་དོན། བྱེ་བྲག་པའི་བསམ་པ་ལ་ལྟོས་ནས་འཇོག་པ་ཡིན་ཏེ། གཏན་ཚིགས་འདི་བྱེ་བྲག་པས་སངས་རྒྱས་པའི་ངོར། སྒྲ་རྟག་པར་སྒྲུབ་འདོད་ནས་བཀོད་པ་ཡིན་པའི་ཕྱིར། བྱེ་བྲག་པའི་བསམ་པ་ཇི་ལྟར་ཡིན། དེས་དེའི་ངོར་གཏན་ཚིགས་འགོད་པའི་རྒྱུ་མཚན་ཅི་ཞེ་ན། དེའི་བསམ་པ་ལ་ཚིག་གི་དོན་དྲུག་པོ་ནི་གཉིས་སུ་ངེས་ཏེ། རྟག་པ་དང་མི་རྟག་པའོ། །གང་རེག་བྱ་ཅན་དུ་གྱུར་པའི་རྫས་དང༌། ཡོན་ཏན་དང༌། དེ་དག་གི་འདུ་བ་དང་བཅས་པ་ནི་མི་རྟག་པའོ། །གང་རེག་བྱ་ཅན་མ་ཡིན་པར་གྱུར་པའི་རྫས་དང༌། ཡོན་ཏན་དང༌། འདུ་བ་དང་བཅས་པ་རྣམས་ནི་རྟག་པའོ། །ལས་ནི་མཐའ་གཅིག་ཏུ་མི་རྟག་པའོ། །སྤྱི་ནི་མཐའ་གཅིག་ཏུ་རྟག་པའོ་ཞེས་གྲུབ་པའི་མཐའ་ལ་འདོད་ཅིང༌། དེ་ལྟར་ཡིད་ལ་བསམས་ནས་སངས་རྒྱས་པའི་ངོར། སྒྲ་ཆོས་ཅན་རྟག་སྟེ་རེག་བྱ་ཅན་མ་ཡིན་པའི་ཕྱིར་ཞེས་ངག་ཏུ་བཀོད་ཀྱང༌། བསམ་དོན་ནི་རེག་བྱ་ཅན་མིན་པ་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་ཞེས་བཀོད་པར་རློམ་པ་ཡིན་ལ། སངས་རྒྱས་པ་དེ་ལ་སྐྱོན་འཛིན་པའི་ཚེ་གཏན་ཚིགས་འདི་ཡང་དག་པ་མ་ཡིན་ཏེ། རྟགས་དེ་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར། ཇི་ལྟར་ཞུགས་ཞེ་ན་ཁྱེད་རང་འདོད་པའི་ཚིག་གི་དོན་དྲུག་གི་ནང་ཚན་དུ་གྱུར་པའི་ལས་ཆོས་ཅན། རྟག་པར་ཐལ། རེག་བྱ་ཅན་མ་ཡིན་པའི་ཕྱིར་ཞེས་འཕེན་པའོ། །འདི་ན་མི་མཁས་པ་ཁ་ཅིག སངས་རྒྱས་པས་བྱེ་བྲག་པའི་ངོར་སྒྲ་ཆོས་ཅན། རྟག་སྟེ་རེག་བྱ་ཅན་མ་ཡིན་པའི་ཕྱིར། ནམ་མཁའ་བཞིན་ལས་བཞིན་རྡུལ་ཕྲན་བཞིན་བུམ་པ་བཞིན་ཞེས་འགོད་པ་ནི་ཕྱོགས་ཆོས་ཅན་གྱི་འཁོར་ལོ་འཁྲུལ་པ་དེ་ལ་བརྟེན་པ་ཡིན་མོད་ཀྱི། དེ་ནི་ཅིར་ཡང་མི་རུང་སྟེ། སངས་རྒྱས་པས་ནི་དེ་འདྲའི་གཏན་ཚིགས་དང་དཔེ་མི་འགོད་ལ། བྱེ་བྲག་པས་ཀྱང་དཔེ་དེ་ལྟར་དུ་འགོད་པ་མ་ཡིན་ཏེ། དེས་ལས་རྟག་པར་མི་འདོད་པའི་ཕྱིར་རོ། །འོ་ན་གཏན་ཚིགས་དེ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དོན་གང་ཡིན་ཞེ་ན། སངས་རྒྱས་པ་རང་ལུགས་ལ་དེ་ལྟར་དུ་འཇུག་པ་མེད་ཅིང༌། ཡོད་ཀྱང་གཏན་ཚིགས་ཀྱི་སྐྱོན་མིན་མོད། འོན་ཀྱང་ཕྱོགས་ཆོས་ཅན་གྱི་རབ་དབྱེ་དེ་དེ་ལ་རྣམ་གཉིས་པར་བཤད་པའི་དགོངས་པ་ནི་འདི་ཡིན་ཏེ། བྱེ་བྲག་པས་རྟག་པ་ལ་རེག་བྱ་ཅན་ཡིན་མིན་གཉིས་ཁས་ལེན་པའི་ཕྱིར་རོ། །དེ་ཡང་དང་པོ་ནི་འབྱུང་བ་བཞིའི་རྡུལ་ཕྲ་རབ་ལ་བྱ་བ་ཡིན་ནོ། །གཉིས་པ་ནི། བདག་ཡིད་ཕྱོགས་དུས་ནམ་མཁའ་རྣམས་སོ། །ཕྱོགས་ཆོས་འཁོར་ལོར་རྡུལ་ཕྲན་རྟག་པའི་མཚན་གཞིར་བཤད་པ་ནི་བྱེ་བྲག་པའི་བསམ་པ་མ་ཤེས་པ་ཡིན་ཏེ། དེས་དེ་མི་རྟག་པར་འདོད་པའི་ཕྱིར་དང༌། རེག་བྱ་ཅན་དུ་འདོད་པའི་ཕྱིར། ཇི་ལྟར་འདོད་ཅེ་ན། རྡུལ་ཕྲན་ཞེས་པ་ནི་རྡུལ་ཕྲ་རབ་གཉིས་ཡན་ཆད་ཕྲད་པའི་ཡན་ལག་ཅན་དང་པོ་ལ་བྱ་བ་ཡིན་ལ། དེ་འདྲ་དེ་ནི་མི་རྟག་པ་ཡིན་ཏེ། རྡུལ་ཕྲ་རབ་ཀྱིས་བརྩམས་པའི་ཡན་ལག་ཅན་ཡིན་པའི་ཕྱིར། རེག་བྱ་ཅན་ཡང་ཡིན་ཏེ། རྡུལ་ཕྲ་མོ་གཉིས་ཡན་ཆད་ཕྲད་ཅིང་རེག་པའི་ཕྱིར་ཞེས་འདོད་པ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་དང་རྡུལ་ཕྲན་གྱི་ཁྱད་པར་མ་ཕྱེད་པས་ནོངས་པ་ཡིན་ཏེ། འུག་པ་པ་ལ་སངས་རྒྱས་པས། ལུས་སོགས་ཞེས་པའི་འགྲེལ་པར། འབྱུང་བའི་རྡུལ་ཕྲ་རབ་ཆོས་ཅན་དུ་བཟུང་བ་ཡིན་གྱི། རྡུལ་ཕྲན་ལ་བཤད་པ་མེད་པའི་ཕྱིར་རོ། །ཡང་གཞུང་གི་འགྱུར་འགའ་ཞིག་ཏུ། རྡུལ་ཕྲན་རྟག་པ་མིན་པར་བྱེ་བྲག་པས་འདོད་དོ་ཞེས་པའི་བཤད་པ་ཅུང་ཟད་ཡོད་ཀྱང༌། དེའི་ཚེ་རྡུལ་ཕྲན་རེག་བྱ་ཅན་མིན་པར་དེས་འདོད་པ་མིན་ཏེ། དེས་དེའི་སྟེང་དུ་ལུས་ཅན་གྱི་དོན་གྲུབ་པར་ཁས་ལེན་དགོས་པའི་ཕྱིར། འོ་ན་སངས་རྒྱས་པ་རང་གི་ལུགས་ལ་མཐུན་ཕྱོགས་པ་རྣམ་གཉིས་སུ་འཇུག་པའི་དཔེ་ཇི་ལྟ་བུ་ཞེ་ན། སྒྲ་ཆོས་ཅན་རྟག་པ་ཡིན་ཏེ། ནམ་མཁའ་དང་མཉན་བྱ་གང་རུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དང༌། ཡང་ན། དུ་བ་དང་ལྡན་པའི་ལ་ཆོས་ཅན། ཙནྡན་གྱི་མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུའོ། །གསུམ་པ་མི་རྟག་པ་དེ་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་དོན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་དང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མི་རྟག་པ་ཡིན་མིན་གཉིས་ཡོད་པའི་དོན་ཡིན་གྱི། དེ་ལས་གཞན་དུ་རྩོལ་བྱུང་ཡིན་ན་མི་རྟག་པས་ཁྱབ་པ་དང༌། རྩོལ་མ་བྱུང་ལ་མི་རྟག་པ་ཡིན་མིན་གཉིས་ཡོད་པའི་རྒྱུ་མཚན་གྱིས་དེར་འཇོག་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པར་ཐལ། མི་རྟག་པ་ལ་མཉན་བྱ་ཡིན་མིན་གཉིས་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་གཞུང་དང་འགལ་ལོ། །འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མི་འཇུག་གམ་ཞེ་ན། འཇུག་པ་མ་ཡིན་ཏེ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་གཉིས་པོ་གང་རུང་ཡིན་ན་མཉན་བྱ་མིན་དགོས་པའི་ཕྱིར་རོ། །དེ་ཡང་མཉན་བྱ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་བའི་དབང་དུ་བྱས་པ་ཡིན་ཏེ། དེའི་ཚེ་སྦྱོར་བ་སྐོར་གཅིག་པོ་དེའི་ཁྱབ་འབྲེལ་གཏན་ལ་ཕེབས་པའི་གཞི་ཤེས་བྱ་ལ་མི་སྲིད་པའི་ཕྱིར། འོ་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡོད་པར་ཁྱོད་ཀྱིས་ཁས་བླངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་མཐུན་དཔེ་ཡོད་པར་བཤད་པ་དེ་མཉན་བྱས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་གྲུབ་ཅིང་ཕྱོགས་ཆོས་མ་གྲུབ་པ་དེའི་དབང་དུ་བྱས་པའི་ཕྱིར། ཡང་ན་སྦྱོར་བ་དེ་སྐོར་གྱི་མཐུན་དཔེ་ཡིན་ན་དེ་སྐོར་གྱི་མཐུན་ཕྱོགས་ཡིན་མི་དགོས་པའི་ཕྱིར། གལ་ཏེ་དགོས་ན་གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡོད་པར་ཐལ་བ་དང༌། མཉན་བྱའི་རྟགས་ཀྱིས་སྒྲ་ཙམ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡོད་པར་ཐལ་ལོ། །དང་པོ་ལ་འདོད་མི་ནུས་ཏེ། དེ་སྐོར་གྱི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞི་མེད་པའི་ཕྱིར། གཉིས་པ་ལ་འདོད་མི་ནུས་ཏེ། དེ་སྐོར་གྱི་མཐུན་ཕྱོགས་མེད་པའི་ཕྱིར་ཏེ། དེ་སྐོར་གྱི་སྒྲུབ་བྱའི་ཆོས་མེད་པའི་ཕྱིར། དེ་སྐོར་གྱི་ཤེས་འདོད་ཆོས་ཅན་མེད་པའི་ཕྱིར། དེ་ལས་གྲུབ་པའི་དོན་འདི་འབྱུང་སྟེ། གང་ཤེས་འདོད་མེད་པའི་མ་གྲུབ་པའི་གཏན་ཚིགས་ཡིན་ན་དེ་ལ་མཐུན་ཕྱོགས་མེད་པས་ཁྱབ། དེ་མེད་པ་ན་དེ་ལ་ལྟོས་པའི་མི་མཐུན་ཕྱོགས་ཀྱང་མེད་པས་ཁྱབ་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པའི་གཞུང་ཡིན་ནོ། །དེ་ལྟར་གྲུབ་པ་ན། མ་གྲུབ་པའི་གཏན་ཚིགས་རྣམས་ཕྱོགས་གཉིས་ལ་འཇུག་ཚུལ་གྱི་རྣམ་དབྱེ་ཅུང་ཟད་ཀྱང་གཞུང་ལས་གསུངས་པ་མེད་པ་དེའི་དགོངས་པ་གྲུབ་པ་ཡིན་ནོ། །ཡང་དག་ཅེས་པའི་དོན་འདི་ཡང་ཤེས་དགོས་ཏེ། སྤྱིར་སྒྲ་རྩོལ་བྱུང་དང་རྩོལ་མ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཡོད་ཀྱང༌། མི་རྟག་པའི་རྟགས་ཀྱིས་དེ་དང་དེར་སྒྲུབ་པའི་ཕྱོགས་གཉིས་ཀ་ཡོད་པ་མ་ཡིན་ཏེ། དེའི་རྟགས་ཀྱིས་དེ་དང་དེར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མེད་པའི་ཕྱིར། འོ་ན་གང་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་དེ་ལ་མཐུན་ཕྱོགས་ཀྱང་ཡོད་པས་ཁྱབ་བམ་ཞེ་ན། དེ་སྒྲུབ་ལ་ཁྱབ་ཀྱང་དེ་སྐོར་ལ་མ་ཁྱབ་པ་ཡིན་ཏེ། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་བཞིན་ནོ། །དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ནི་ཡོད་པ་ཡིན་ཏེ། དེ་སྐོར་གྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། བཞི་པ་མི་རྟག་པ་དེ་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཚུལ་ལ། དེའི་མཐུན་ཕྱོགས་དེ་གང༌། དེ་དེ་ལ་རྣམ་གཉིས་སུ་འཇུག་པའི་ཚུལ་ཇི་ལྟར་ཞེ་ན། དང་པོ་ནི། ནགས་ཀྱི་མེ་ཏོག་དང་ནམ་མཁའ་ལྟ་བུ་སྐབས་ཀྱི་རྒོལ་བས་རྩོལ་བྱུང་དང༌། རྩོལ་མ་བྱུང་དུ་ངེས་པ་རྣམས་སོ། །དེ་དག་དེ་ཡིན་ཏེ། དེ་དག་སྐབས་ཀྱི་རྒོལ་བས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པར་ངེས་ཤིང༌། ངེས་པ་ལྟར་དེ་སྒྲུབ་ཀྱི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞིར་རུང་བའི་ཕྱིར། གཉིས་པ་ནི། དེ་ལ་རྣམ་གཉིས་སུ་འཇུག་པ་ཡིན་ཏེ། དེ་ནགས་ཀྱི་མེ་ཏོག་ལ་འཇུག ནམ་མཁའ་ལ་མི་འཇུག་པའི་ཕྱིར། འོ་ན་མི་རྟག་པའི་རྟགས་ཀྱིས་སྒྲ་རྩོལ་བྱུང་དུ་བསྒྲུབ་པའི་མཐུན་ཕྱོགས་ཡོད་པར་ཐལ། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡོད་པར་ཐལ། དེ་ལ་ཁྱབ་བྱེད་དུ་འཇུག་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་གྲུབ་སྟེ། སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་པོ་དེ་གཞལ་བྱའི་ཁྱབ་བྱ་ཡིན་པའི་ཕྱིར། ཡང་སྐབས་འདི་དག་ཏུ། རྗེས་འགྲོ་གཏན་ལ་འབེབས་པའི་གཞིར་རུང་བ་དང༌། རྗེས་འགྲོའི་ཁྱབ་པ་གཏན་ལ་འབེབས་པའི་གཞིར་རུང་བ་གཉིས་མ་འདྲེས་པར་དགོས་ཏེ། དང་པོ་ལ་མཐུན་དཔེ་ཙམ་གྱིས་ཆོག་ལ། གཉིས་པ་ལ་མཐུན་ཕྱོགས་སུ་སོང་བ་གཅིག་དགོས་པའི་ཕྱིར། ལྔ་པ་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཕྱོགས་གཉིས་ཀ་ལ་མི་འཇུག་པའི་ཚུལ་ལ། དེའི་ཕྱོགས་གཉིས་ནི་གང༌། དེ་དེ་ལ་མི་འཇུག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དང་པོ་ནི། སྐབས་ཀྱི་རྒོལ་བས་ཆོས་ལྡན་དུ་ཚད་མས་ངེས་པའི་ནམ་མཁའ་ལྟ་བུ་དང༌། དེ་མིན་དུ་ངེས་པའི་བུམ་པ་ལྟ་བུའོ། །དེ་དག་ཆོས་ཅན། དེ་སྒྲུབ་ཀྱི་དེ་དང་དེ་ཡིན་ཏེ། དེ་དང་དེའི་མཚན་ཉིད་ཚང་བའི་ཕྱིར། གཉིས་པ་ནི། དེ་གཉིས་ཀ་ལ་མི་འཇུག་པ་ཡིན་ཏེ། མཉན་བྱ་ཡིན་ན་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་མིན་དགོས་པའི་ཕྱིར། འོ་ན་དུང་སྒྲ་ཆོས་ཅན། དེར་ཐལ། མཉན་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེའི་མཐུན་དཔེ་ཡིན་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་དང༌། དེ་སྒྲུབ་ཀྱི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞིར་རུང་བའི་ཕྱིར་ཏེ། བྱས་པའི་རྟགས་ཀྱིས་སྒྲ་ཙམ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞིར་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར་སྙམ་ན། དེ་ཁས་ལེན་དགོས་པ་མིན་ཏེ། གཞན་དུ་སྒྲ་ཙམ་མི་རྟག་པར་སྒྲུབ་པའི་སྔ་རོལ་དུ་དུང་སྒྲ་མི་རྟག་པར་སྒྲུབ་དགོས་པར་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ། དུང་སྒྲ་མི་རྟག་པར་ཚད་མས་གྲུབ་པ་ན་ཚད་མ་དེ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས། ཚད་མ་གཞན་ལ་མ་ལྟོས་པར་སྒྲ་ཐམས་ཅད་མི་རྟག་པར་འགྲུབ་པའི་ཕྱིར། ཇི་སྐད་དུ། སྐྱེས་བུ་དང་ནི་ཡི་གེ་རྣམས། །རྒྱུ་འབྲས་ཉིད་དུ་གྲུབ་པའི་ཕྱིར། །ཡི་གེའི་རིམ་ཀུན་སྐྱེས་བུ་ལས། །ཞེས་དང༌། མེ་དང་ཤིང་གི་རིགས་པ་བཞིན། །ཞེས་གསུངས་པས་སོ། །དེ་དེའི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞིར་རུང་ན་སྒྲ་ཙམ་མི་རྟག་པར་བསྒྲུབ་པའི་སྔ་རོལ་དུ་དུང་སྒྲའི་སྟེང་དུ་བྱས་པ་དང་མི་རྟག་པའི་འབྲེལ་པ་ཚད་མས་གཏན་ལ་འབེབས་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི། དུང་སྒྲ་དང་སྒྲ་ཙམ་ལ་མི་རྟག་པར་ངེས་དཀའ་སླའི་ཁྱད་པར་ཡོད་པས་དུང་སྒྲ་དེ། སྒྲ་ཙམ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་རུང་བ་ཡིན་ནོ། །དེའི་ཚེ་ན་མཐུན་དཔེ་མི་རྟག་པར་ངེས་བྱེད་ཀྱི་ཚད་མ་དང༌། ཤེས་འདོད་ཆོས་ཅན་མི་རྟག་པར་ངེས་བྱེད་ཀྱི་ཚད་མ་གཉིས་རྫས་སོ་སོ་བ་མ་ཡིན་ཏེ། ཚད་མ་གཅིག་གི་བྱེད་པ་ལས་བྱུང་བའི་ཕྱིར། འདི་ལ་ཁ་ཅིག་ན་རེ། མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཚད་མས་མཐོང་བར་ཐལ། མི་རྟག་པ་ལ་ཚད་མས་མཐོང་བའི་ཕྱིར་ཞེས་པའི་སུན་འབྱིན་བརྗོད་ནས། རང་ལུགས་ལ་དེ་སྒྲུབ་ཀྱི་རྒོལ་པའི་ཚད་མས་མཉན་བྱ་དེ་རྟག་མི་རྟག་གང་དུ་ཡང་མ་ངེས་པ་དེ་ཕྱོགས་གཉིས་ཀ་ལ་མ་མཐོང་བའི་དོན་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། སུན་འབྱིན་བརྗོད་ཚུལ་མི་འཐད་པ་དང༌། རང་ལུགས་འཇོག་ཚུལ་མི་འཐད་པའོ། །དང་པོ་ནི། འོ་ན་མི་རྟག་པ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་སུ་འགྱུར་ལ། དེ་འདོད་ན། མི་རྟག་པ་དེ་སྒྲ་རྟག་པར་སྒྲུབ་པའི་བཟློག་པའི་ཚུལ་གྱི་ལྟོས་གཞིར་འགྱུར་ལ། དེ་ཡང་འདོད་ནུས་པ་མ་ཡིན་ཏེ། མི་རྟག་པ་དེ་དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་འདོད་དགོས་པ་གང་ཞིག འགལ་བ་མི་མཐུན་ཕྱོགས་ཡིན་ན་བཟློག་ཚུལ་གྱི་ལྟོས་གཞི་མིན་དགོས་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། ཇི་སྐད་དུ། ཚད་མའི་མདོར། མེད་ཉིད་ལ་མེད་པའོ། །ཞེས་པའི་རང་འགྲེལ་དུ། མེད་པ་ཉིད་ལ་མེད་པ་ཉིད་ཡིན་གྱི། དོན་ལ་ཡང་མིན་ལ། འགལ་བ་ལ་ཡང་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཞེས་བཟློག་ཚུལ་གྱི་ལྟོས་གཞིར་གྱུར་པའི་མི་མཐུན་ཕྱོགས་ཡིན་ན་མཚན་ཉིད་པ་མེད་པ་མི་མཐུན་ཕྱོགས་ཡིན་དགོས་པར་བཤད་པའི་ཕྱིར་རོ། །དོན་འདི་རྣམ་ངེས་སུ་བཀག་པ་མ་ཡིན་ནམ་ཞེ་ན། དེ་མིན་པའི་རྒྱུ་མཚན་གོང་དུ་རྒྱས་པར་བསྟན་ཟིན་ཏོ། །གཉིས་པ་ནི། འོ་ན་བྱས་པ་དེ་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀ་ལ་མེད་པའི་ཐུན་མོང་མ་ཡིན་པའི་དཔེར་བརྗོད་དུ་རིགས་སོ་ཞེས་བརྗོད་ན་ཉེས་པ་ཅི་ཡོད། དེ་དེར་མི་རིགས་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མཐོང་བའི་ཕྱིར་ཞེ་ན། འོ་ན་མཉན་བྱ་ཡང་དེར་མི་རིགས་པར་ཐལ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མཐོང་བའི་ཕྱིར། གལ་ཏེ་དེ་མཐོང་མོད། གཉིས་ཀ་ལ་མ་མཐོང་བའི་རྒོལ་བ་སྲིད་པའི་དབང་དུ་བྱས་སོ་ཞེ་ན། སྔ་མ་ཡང་དེའི་དབང་དུ་བྱས་སོ། །དེ་འདྲ་མི་སྲིད་དོ་ཞེ་ན། འོ་ན་ཁྱོད་ཀྱི་དེ་ཡང་མི་སྲིད་དོ། །གལ་ཏེ་མཉན་བྱ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་མ་མཐོང་བའི་རྒོལ་བ་སྲིད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བ་སྲིད་པའི་ཕྱིར། འོ་ན་བྱས་པ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་དེ་ལ་སྲིད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བ་སྲིད་པའི་ཕྱིར། དེས་ན་སྤྱིར་རྟགས་ཀྱི་ཚུལ་ལམ་རྣམ་གཞག་རྒོལ་བ་ལ་ལྟོས་པ་ཡིན་མོད། །འདིར་མཐུན་ཕྱོགས་ལ་ཡོད་མེད་ཀྱི་རྣམ་གཞག་ནི་གཅིག་མ་གཏོགས་པ་བཅུ་གཅིག་པོ་ཐམས་ཅད་དོན་ལ་གནས་ཚོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། བློ་ངོ་ལ་ལྟོས་པ་མིན་ན་ཕན་ཚུན་འཆོལ་བར་འགྱུར་བའི་ཕྱིར། ཡང་དར་ཊཱིཀ་པ་ན་རེ། མཉན་བྱ་ཕྱོགས་གཉིས་ཀ་ལ་མེད་པར་བཤད་པ་འདི་ནི་སྤྱིར་མེད་པའི་དོན་མིན་གྱི། ཁྱབ་བྱེད་དུ་མེད་པའི་དོན་ཡིན་ཏེ། ཡོད་པར་བཤད་པ་དེ་དག་ཁྱབ་བྱེད་དུ་འཆད་དགོས་པའི་ཕྱིར་ཞེས་ཟེར་བ་དེ་ནི་རིགས་པ་མིན་ཏེ། དེ་ལྟ་ན་མེད་པ་དྲུག་ཀ་ཁྱབ་བྱེད་དུ་མེད་པ་ལ་འཆད་དགོས་པར་འགྱུར་ཏེ། ཡོད་པ་དྲུག་པོ་དེ་ཐམས་ཅད་ཁྱབ་བྱེད་དུ་ཡོད་པ་ཁོ་ན་ལ་འཆད་དགོས་པའི་ཕྱིར། རྟགས་ཚད་མས་གྲུབ་ཅིང་ཁྱབ་པ་ཁས་བླངས་སོ། །འདོད་ན་ཡང་དག་གི་གཏན་ཚིགས་གཉིས་མི་མཐུན་ཕྱོགས་ལ་མེད་ཅེས་པའི་དོན་ཡང༌། སྤྱིར་མེད་ཙམ་ལ་བྱར་མི་རུང་བར་ཁྱབ་བྱེད་དུ་མེད་པ་ལ་འཆད་དགོས་པར་འགྱུར་ལ། དེ་ལྟ་ན། དེ་དག་གི་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པར་འགྱུར་ཏེ། ཁྱབ་བྱེད་དུ་ཞེས་པའི་ཚིག་གི་ནུས་པ་ལས་དེ་ལྟར་ཐོན་པའི་ཕྱིར། ཡང་འགལ་བའི་གཏན་ཚིགས་གཉིས་ཀྱང་མཐུན་ཕྱོགས་ལ་རྣམ་གཉིས་སུ་ཡོད་པར་འགྱུར་ཏེ། སྤྱིར་མཐུན་ཕྱོགས་ལ་མེད་ཅེས་ཟེར་མི་ནུས་པར། རྣམ་གཉིས་སུ་ཞེས་ངེས་པར་བསྣན་དགོས་པའི་ཕྱིར། དྲུག་པ་བྱས་པ་སྒྲ་མི་རྟག་པ་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་ཤེས་བྱེད་ཀྱང༌། མི་རྟག་པ་ཡིན་ན་བྱས་པ་ཡིན་པས་ཁྱབ་པ་ལ་བྱ་བ་མིན་ཏེ། གལ་ཏེ་ཡིན་ན་རེག་བྱ་ཅན་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་ཐལ། རྟག་ན་རེག་བྱ་ཅན་མིན་པས་ཁྱབ་པའི་ཕྱིར་རོ། །འོ་ན་ཁྱབ་བྱེད་ལ་ཡང་དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་རེག་བྱ་ཅན་མིན་དགོས་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་པ་ཡིན་ཏེ། འོ་ན་འབྱུང་བཞིའི་རྡུལ་ཕྲ་རབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་སྔར་རྒོལ་གྱི་ཞེ་འདོད་ཀྱི་མཐུན་ཕྱོགས་ཡིན་པའི་ཕྱིར། གཞན་ཡང་མདུན་གྱི་གཞི་འདིར་ཤེས་པའི་ཉེར་ལེན་ཡོད་པར་སྒྲུབ་པ་ལ་ཤེས་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། དངོས་པོའི་རྒྱུ་སྒྲུབ་པ་ལ་དངོས་པོ་རྟགས་སུ་བཀོད་པ་ལྟ་བུ་དང༌། བུ་རམ་གྱི་རོ་ལས་གཟུགས་དཔོག་པ་ལྟ་བུ་ཡང་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་འགྱུར་ཏེ། ཤེས་པའི་ཉེར་ལེན་ཡོད་ན་ཤེས་པ་ཡོད་པ་ཁྱབ་པ་ལ་སོགས་པའི་སྒྲུབ་བྱེད་དེ་དག་གི་ཕྱིར་རོ། །འདོད་ནུས་པ་མིན་ཏེ། རྒྱུ་འབྲས་བུའི་ཁྱབ་བྱ་ཡིན་པར་དེ་འདྲ་གཞུང་ན་མེད་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བཤད་ཟིན་པ་ཡིན་ནོ། །མདོ་རྩ་འགྲེལ་ནས་འབྱུང་བའི་རིའུ་མིག་འགོད་ཚུལ་འདི་ལྟ་སྟེ། མཐུན་ཕྱོགས་ལ་ཡོད་རྣམ་པ་གསུམ། །སྟེང་ནས་འོག་ཏུ་འགོད་པར་བྱ། །མི་མཐུན་ཕྱོགས་ཡོད་རྣམ་པ་གསུམ། །གཡས་ནས་གཡོན་དུ་འགོད་པར་བྱ། །མཐུན་ཕྱོགས་ལ་མེད་རྣམ་པ་གསུམ། །སྟེང་ནས་འོག་ཏུ་བགོད་པར་བྱ། །མི་མཐུན་ཕྱོགས་མེད་རྣམ་པ་གསུམ། །གཡས་ནས་གཡོན་དུ་འགྲོ་བར་གྱིས། །མཐུན་ཕྱོགས་རྣམ་གཉིས་རྣམ་པ་གསུམ། །སྟེང་ནས་འོག་ཏུ་མི་མཐུན་ཕྱོགས། །རྣམ་གཉིས་རྣམ་གསུམ་གཡས་ནས་ནི། །གཡོན་དུ་བདེ་བར་འགྲོ་བ་ཡིན། །ཟུར་བཞི་དངོས་ཀྱི་མ་ངེས་པ། །སྟེང་འོག་གཉིས་ལ་འགལ་བ་གནས། །ལོགས་གཉིས་ཡང་དག་རྟགས་ཡིན་ཏེ། །དབུས་ན་ཐུན་མོང་མིན་པ་བཞུགས། །གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་ལས་བྱུང༌། །མི་རྟག་རྩོལ་བྱུང་རེག་མིན་པ། །དེ་དགུ་རྟག་པ་ལ་སོགས་པའོ། །སོགས་ཀྱི་ཁོངས་ནས་བྱུང་བ་ནི། །མི་རྟག་པ་དང་རྩོལ་བྱུང་དང༌། །བར་དུ་རྟག་པ་གསུམ་དག་དང༌། །རྩོལ་ལས་བྱུང་མིན་མི་རྟག་རྟག །ཆོས་ཅན་སྒྲ་དང་དུང་སྒྲ་སྦྱར། །མཐུན་དང་མི་མཐུན་དཔེར་བརྗོད་པ། །གཞུང་གི་དགོངས་པ་མ་ཡིན་ཞིང༌། །ཕྱོགས་ཆོས་འཁོར་ལོར་གྲགས་པ་དེར། །ཐུན་མོང་མིན་པ་མ་ཡིན་པའི། །ཐེ་ཚོམ་ཟ་བའི་མ་ངེས་པ། །བཤད་ཀྱང་དགོངས་པ་མ་ཡིན་ཏེ། །ཕྱོགས་ཆོས་ཅན་གྱི་དབྱེ་བ་ཡི། །སྡོམ་གྱིས་དེ་མ་བསྡུས་ཕྱིར་རོ། །རྟོགས་དཀའ་བ་རྩོལ་བྱུང་དང༌། མཉན་བྱའི་དཔེར་བརྗོད་ལས་འཕྲོས་པའི་དོན་བཤད་པར་བྱ་སྟེ། འདིར་གཞན་དག རྩོལ་བྱུང་གིས་ནི་འབྲས་བུའི་རྟགས་ཀྱི་དཔེར་བརྗོད་ཁོ་༼«འདི་ནར་ནར་བཟོས་ནས་གྲུ་བཞི་ནང་བཅུགས་འདུག་་་་་»༼སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར།༽ ༼སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར།༽ ༼སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར།༽ ༼སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར།༽ ༼སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར།༽ ༼དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར།༽ ༼སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར།༽ ༼དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར།༽ ༼སྒྲ་ཆོས་ཅན། རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར།༽ ན་བསྟན་པ་ཡིན་ནོ། །སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དེས་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་རྟགས་ཀྱང་མཚོན་པའི་ཕྱིར་ཏེ། ཇི་སྐད་དུ། འདི་ཉིད་ཀྱིས་ནི་རང་བཞིན་ཉིད། །གྲུབ་ཀྱང༌། །ཞེས་དང༌། རང་བཞིན་ཕྱོགས་གཅིག་བརྟེན་པའང་བཤད། །ཅེས་འབྱུང་བའི་ཕྱིར་རོ། །འོ་ན་རྩོལ་བྱུང་གིས་འབྲས་བུའི་གཏན་ཚིགས་མཚོན་པར་མི་ནུས་ཏེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་གཏན་ཚིགས་ཁོ་ན་ཡིན་པའི་ཕྱིར་སྙམ་ན། མ་ཡིན་ཏེ། རྩོལ་ལས་བྱུང་ཞེས་པའི་བདག་ཉིད་ཆེན་པོའི་གཞུང་དེས་འབྲས་བུའི་གཏན་ཚིགས་ཡིན་ངེས་པ་གཅིག་ཀྱང་མཚོན་ནུས་པའི་ཕྱིར། དེ་གང་ཞེ་ན། རིག་བྱེད་ཀྱི་སྒྲ་འཛིན་ཉན་ཤེས་མ་འཁྲུལ་བ་ཆོས་ཅན། རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་སྟེ། རྩོལ་བྱུང་ཉན་ཤེས་ཡིན་པའི་ཕྱིར་ཞེས་པའོ། །གཏན་ཚིགས་འདི་ལ་བརྟེན་ནས་རིག་བྱེད་པའི་ངོར། རིག་སྒྲ་མི་རྟག་པར་ཞར་ལ་སྒྲུབ་ནུས་པ་ཡིན་གྱི། རིག་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་འབྱུང་རྟགས་སུ་བགོད་པ་སྐབས་ཀྱི་དོན་མ་ཡིན་ཏེ། ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་ཏེ། མི་རྟག་ན་ནི་རྩོལ་བྱུང་ཕྱིར། །ཞེས་པའི་འཕྲོས་ལས་གསལ་བའི་ཕྱིར་དང༌། རྩོལ་འབྱུང་ཞེས་པ་སྐྱེས་བུའི་རྩོལ་འབྱུང་ལས་འོས་མེད་པའི་ཕྱིར། འོ་ན་དུ་བ་ལྟ་བུ་འབྲས་བུའི་རྟགས་ལས་གཞན་དུ་མི་འཁྲུལ་བ་ཞིག་དཔེར་མི་སྨོས་པར། རྩོལ་བྱུང་དེར་འཆད་པའི་རྒྱུ་མཚན་དང་དགོས་པ་ཅི་ཞེ་ན། རྒྱུ་མཚན་ནི། དེས་འབྲས་བུའི་རྟགས་ཀྱི་མཚོན་ནུས་པའི་ཕྱིར་རོ། །དགོས་པ་ནི་གཉིས་ཏེ། འབྲས་བུའི་གཏན་ཚིགས་ཐམས་ཅད་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་པ་དང་འདྲ་བར། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ཤ་སྟག་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དང༌། དུ་བ་ལྟ་བུ་འབྲས་རྟགས་ལས་གཞན་དུ་འཁྲུལ་པ་མེད་པ་ཞིག་གིས། རང་བཞིན་རྟགས་ཀྱི་ཕྱོགས་གཅིག་པོ་དེ་ཡང་མཚོན་པར་མི་ནུས་པས། དེ་མཚོན་པར་ནུས་པའི་ཕྱིར་དུ་ཡང་མ་ཡིན་ནོ། །དེས་ན་རྩོལ་འབྱུང་གིས་དངོས་སུ་མཚོན་ནུས་པའི་གཏན་ཚིགས་ནི་གཉིས་ཏེ། དུང་སྒྲ་མི་རྟག་པར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་པ་མཐུན་ཕྱོགས་ལ་རྣམ་གཉིས་པའི་རང་བཞིན་གྱི་རྟགས་དང༌། དུང་སྒྲ་ཐོས་པའི་ཉན་ཤེས་རང་རྒྱུ་སྒྲའི་མི་རྟག་པ་སྔོན་སོང་དུ་བསྒྲུབ་པ་ལ་རྩོལ་བྱུང་ཉན་ཤེས་རྟགས་སུ་བཀོད་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་སོ། །ཤུགས་ལ་མཚོན་པ་ནི་གཉིས་ཏེ། རྒྱུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པའོ། །དེ་གཉིས་སྣང་རུང་མ་དམིགས་པར་མཚོན་བྱེད་ནི། ཐུན་མོང་མ་ཡིན་པའི་གཏན་ཚིགས་ལ་རག་ལས་པ་ཡིན་ནོ། །འོ་ན་རང་བཞིན་རྟགས་ལ་དཔེར་བརྗོད་གཉིས་དགོས་ལ། འབྲས་རྟགས་ལ་གཅིག་གིས་ཆོག་པའི་རྒྱུ་མཚན་ཅི་ཞེ་ན། རང་བཞིན་གྱི་གཏན་ཚིགས་ལ་ནི་མཐུན་ཕྱོགས་ལ་འཇུག་ཚུལ་གཉིས་ཡོད་ལ། འབྲས་བུའི་གཏན་ཚིགས་ལ་ནི་མཐུན་ཕྱོགས་ལ་འཇུག་ཚུལ་རྣམ་གཉིས་པ་ཁོ་ནར་ངེས་པའི་ཕྱིར་རོ། །ཡང་འགལ་བའི་གཏན་ཚིགས་ཀྱི་དཔེར་བརྗོད་ལ་གཉིས་ལས་མེད་པར། མ་ངེས་པའི་གཏན་ཚིགས་ལ་ལྔ་སྨོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འགལ་བའི་གཏན་ཚིགས་ལ་ནི་མི་མཐུན་ཕྱོགས་ལ་འཇུག་ཚུལ་གཉིས་ཁོ་ནར་ངེས་ལ། གཅིག་ཤོས་ལ་ནི་ཕྱོགས་གཉིས་ལ་འཇུག་ཚུལ་བཞི་དང༌། གཉིས་ཀ་ལ་མི་འཇུག་པ་གཅིག་སྟེ་ལྔ་ཁོ་ན་ཡོད་པའི་ཕྱིར། ཡང་མ་དམིགས་པའི་འགལ་རྟགས་འདིར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། ཕྱོགས་ཆོས་ཅན་དགུའི་སྡོམ་གྱིས་བསྡུས་པས་སྤྱིར་མ་བཤད་པ་མིན་ལ། དཔེར་བརྗོད་ནི་དངོས་སུ་མ་བཤད་ཀྱང་རྟོགས་པར་ནུས་ཏེ། འབྲས་རང་གི་འགལ་རྟགས་གཉིས་ཀྱི་ཤུགས་ལ་གོ་ནུས་པའི་ཕྱིར། དཔེར་ན་ཡང་དག་གི་གཏན་ཚིགས་བཞིན་ནོ། །གཉིས་པ་མཉན་བྱ་ལ་འཕྲོས་པའི་དོན་ནི། འོ་ན་ཟློག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡོད་པ་བཟློག་པའི་དོན་དུ་མཉན་བྱ་སྨད་ན། དེས་དེ་བཟློག་ནུས་པའི་ཚུལ་ཇི་ལྟ་བུ་ཞེ་ན། བདག་ཉིད་ཆེན་པོས་མཉན་བྱ་སྒྲ་རྟག་པར་བསྒྲུབ་པའི་ཕྱོགས་གཉིས་ཀ་ལ་མི་འཇུག་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རིགས་པ་ཅན་པས་བཟློག་པ་རྐྱང་པ་ཅན་དུ་འདོད་པའི་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་ཕྱོགས་གཉིས་ཀ་ལ་མི་འཇུག་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་ཡིན་པའི་ཕྱིར། ཇི་སྐད་དུ། འཁྲུལ་པ་ཉིད་ཀྱི་མཉན་བྱ་དང༌། །སྲོག་སོགས་འདི་ནི་མཚུངས་པར་འགྱུར། །ཞེས་གསུངས་པས་སོ། །དེ་དེའི་མི་མཐུན་ཕྱོགས་ལ་མི་འཇུག་པའི་ཚུལ་ཤེས་པར་དཀའ་བས། དེའི་ཤེས་བྱེད་གང་ཞེ་ན། དེ་ལ་མི་འཇུག་སྟེ། དེ་ཡིན་ན་དེའི་མི་མཐུན་ཕྱོགས་མིན་དགོས་པའི་ཕྱིར། དེ་ཡང་གསོན་པོའི་ལུས་ནི་ཤེས་འདོད་ཆོས་ཅན་ཡིན་པས་མི་མཐུན་ཕྱོགས་སུ་མི་རུང་བའི་ཕྱིར་དང༌། བདག་མེད་རང་ལྡོག་ནས་ནི་དེ་སྒྲུབ་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་ཀྱང་བཟློག་པའི་ལྟོས་གཞིར་མི་རུང་བའི་ཕྱིར་རོ། །འདི་ལ་དོགས་པ་གཉིས་འཇུག་སྟེ། འོ་ན་དེ་གསོན་ལུས་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ལ་མི་འཇུག་པར་ཐལ་ལོ། །དེ་ཡང་འདོད་ན། སྐབས་ཀྱི་རྒོལ་བས་བདག་མེད་དུ་ཚད་མས་ངེས་པའི་སྲོག་ལྡན་གྱི་ལུས་ལྟ་བུ་ལ་མི་འཇུག་པར་ཐལ་ལོ། །འདོད་ན་དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་མ་ཡིན་པར་འགྱུར་རོ་སྙམ་པ་དང༌། དེ་ཆོས་ཅན། གསོན་ལུས་བདག་བཅས་སུ་བསྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་བཟློག་པའི་ཕྱིར་ཏེ། དེ་དེ་ལ་མེད་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། གང་ལ་བསྒྲུབ་བྱའི་མི་མཐུན་ཕྱོགས། །བཟློག་པ་ཉིད་བརྗོད་དེ་ཉིད་ནི། །འདིའི་ཆོས་མཐུན་འགྱུར་དེས་ན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། །ཞེས་གསུངས་སོ་སྙམ་པའོ། །དེའི་ལན་ནི། ཉེས་པ་དང་པོས་མི་གནོད་དེ། མཐུན་དཔེ་ཡིན་ན་མཐུན་ཕྱོགས་ཡིན་མི་དགོས་པའི་ཕྱིར་དང༌། ལྷ་སྦྱིན་གྱི་ལུས་བདག་མེད་དུ་རྟོགས་པའི་ཚད་མ་དེ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས་གསོན་པོའི་ལུས་ཙམ་བདག་མེད་དུ་རྟོགས་ནུས་པའི་ཕྱིར། དེ་ལྟར་ན་དེ་དེའི་མཐུན་ཕྱོགས་སུ་བཞག་པ་ལ་དགོས་པ་མེད་དོ། །འོ་ན་དེ་དེའི་མཐུན་དཔེར་བཞག་པ་ལ་ཉེས་པ་དེ་མཚུངས་སོ་ཞེ་ན། མཚུངས་པ་མིན་ཏེ། དེ་དེའི་མཐུན་དཔེར་འཇོག་པའི་དུས་ཀྱི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་མིན་པས་དེ་ལ་བརྟེན་པའི་ཚད་མ་མེད་པའི་ཕྱིར། འོ་ན་ལྷ་སྦྱིན་གྱིས་ལུས་དེ་བདག་ཚད་མས་མ་དམིགས་པའི་རྟགས་ཀྱིས་གསོན་ལུས་བདག་མེད་དུ་སྒྲུབ་པའི་མཐུན་དཔེ་ཡང་དག་ཏུ་རུང་བར་ཐལ། དེ་སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པའི་རྟགས་ཀྱིས་གསོན་ལུས་བདག་མེད་དུ་སྒྲུབ་པའི་མཐུན་དཔེ་ཡང་དག་ཏུ་རུང་བའི་ཕྱིར། འདོད་ན། རྟགས་ཡང་དག་གི་མཐུན་དཔེ་ལ་མཐུན་ཕྱོགས་ཀྱིས་མ་ཁྱབ་པ་བཞད་གད་ཀྱི་གནས་སོ་ཞེ་ན། དུང་སྒྲ་དེ་བྱས་པའི་རྟགས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཏུ་རུང་བར་ཐལ། མཉན་བྱའི་རྟགས་ཀྱིས་དེར་བསྒྲུབ་པའི་དེར་རུང་བའི་ཕྱིར། དེ་འདོད་པར་མི་ནུས་ཏེ། དུང་སྒྲ་མི་རྟག་པར་གཏན་ཚིགས་གང་ལ་བརྟེན་ནས་རྟོགས་པའི་གཏན་ཚིགས་དེ་ཉིད་ཀྱི་སྒྲ་ཙམ་མི་རྟག་པར་རྟོགས་ནུས་པས། སླར་ཡང་གཏན་ཚིགས་ཡང་དག་གཉིས་པ་ལ་མི་ལྟོས་པས་དེ་དེའི་མཐུན་དཔེར་གཟུང་མི་དགོས་པའི་ཕྱིར་མཉན་བྱ་ལ་མི་མཚུངས་ཏེ། དེ་ནི་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་ལ། དཔེ་ལ་བརྟེན་ནས་སྔར་གྱི་གཏན་ཚིགས་ཡང་དག་ཡིན་པ་དྲན་པར་ནུས་ལ། དེས་སྒྲ་མི་རྟག་པར་རྟོགས་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་མཉན་བྱ་དེ་མི་རྟག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ནམ་མིན། དང་པོ་ལྟར་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་ཡོད་པར་གྲུབ་ལ། དེ་གྲུབ་པ་ན་དེས་དེ་ལྟར་སྒྲུབ་པའི་མཐུན་ཕྱོགས་གཅིག་ཀྱང་ཡོད་པར་གྲུབ་ལ། དེ་གྲུབ་པ་ན་དུང་སྒྲ་ལྟ་བུ་ལས་གཞན་མེད་པའི་ཕྱིར། གཉིས་པ་ལྟར་ན་དེ་ལ་མ་འབྲེལ་བར་འགྱུར་རོ། །འོ་ན་མཉན་བྱ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མི་འཇུག་པར་འདོད་པ་དང་འགལ་ལོ་ཞེ་ན། དེ་ལྟར་འདོད་པ་དེ་ནི། དེ་ཕྱོགས་ཆོས་ཅན་དུ་སོང་བ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཡང་ཡང་བཤད་ཟིན་པས་ཞིབ་ཆ་ཐོན་པར་བྱའོ། །དེ་ཡང་མཉན་བྱ་ཕྱོགས་ཆོས་ཅན་དུ་སོང་བའི་ཚེ། དེ་སྒྲུབ་ཀྱི་མཐུན་དཔེ་ཡོད་ཀྱང་མཐུན་ཕྱོགས་མེད། དེར་དེ་མ་སོང་བའི་ཚེ་མཐུན་དཔེ་དང་མཐུན་ཕྱོགས་གཉིས་ཀ་ཁས་བླངས་པས་ཆོག་པ་ཡིན་ནོ། །དོགས་པ་གཉིས་པའི་ལན་ནི། གཞུང་དེའི་དོན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཟློག་པའི་ཚུལ་གྲུབ། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བའི་ཚུལ་གྲུབ་དགོས་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་མཉན་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བཟློག་ཚུལ་གྲུབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་བཟློག་པ་ཁོ་ན་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། དོན་ལ་མེད་པ་ཁོ་ན་ཡིན་ཀྱང་སྐབས་ཀྱི་རྒོལ་བའི་ཚད་མས་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་མ་ངེས་པའི་ཕྱིར། དེས་ན་མི་མཐུན་པའི་ཕྱོགས་ལ་མེད་པ་ཡིན་ཀྱང༌། མི་མཐུན་པའི་ཕྱོགས་ལ་བཟློག་པའི་ཚུལ་མ་གྲུབ་པ་ཞེས་བྱ་བའི་ཁྱད་པར་འདི་ཡོད་པ་ཡིན་ནོ། །ཇི་སྐད་དུ། མཐུན་ཕྱོགས་ལས་བཟློག་ཐེ་ཚོམ་ཟ། །དེ་ལ་ཐེ་ཚོམ་ཟ་ཕྱིར་ཏེ། །མི་མཐུན་ཕྱོགས་ལས་བཟློག་པར་ཡང༌། །ཞེས་གསུངས་པས་སོ། །འོ་ན། རིགས་པ་ཅན་པས་འདི་བཟློག་པ་རྐྱང་པ་ཅན་དུ་འདོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། རིགས་པ་ཅན་པ་ན་རེ། སྲོག་ལྡན་དེ་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་བཟློག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་བཟློག མཐུན་ཕྱོགས་ལས་རྗེས་སུ་འགྲོ་བཟློག་གཉིས་ཀ་མེད་པའི་ཕྱིར་ཏེ། མཐུན་ཕྱོགས་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཤེས་བྱ་ལ་གསོན་ལུས་ཡིན་མིན་གཉིས་སུ་ངེས། གསོན་ལུས་རྣམས་ནི་ཤེས་འདོད་ཆོས་ཅན་གྱི་ཁོངས་སུ་འདུས་པའི་ཕྱིར་མཐུན་ཕྱོགས་མིན། གསོན་ལུས་མིན་པ་རྣམས་ནི་བདག་མེད་ཡིན་པས་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཞེས་ཟེར་བ་ཡིན་ནོ། །དེ་འགོག་པའི་ཚུལ་ལ་རིགས་པའི་རྣམ་གྲངས་གཉིས་ཏེ། དང་པོ་ནི། དེ་དེ་ལྟར་སྒྲུབ་པའི་ཟློག་པའི་ཚུལ་གྲུབ་ན། དེ་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་དགོས། དེ་གྲུབ་ན་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་གྲུབ་དགོས་སོ་ཞེས་བྱ་བ་ནི་གཅིག་ཡིན་ལ། གཉིས་པ་ནི། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་ན་ཟློག་པ་མེད་དགོས། ཟློག་པ་མེད་ན་རྗེས་སུ་འགྲོ་བ་མེད་དགོས་ཞེས་བྱ་བ་ནི་རིགས་པ་གཉིས་པ་ཡིན་ནོ། །དེའི་ཉེས་སྤོང་གི་ལན་ནི། དེ་དེ་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མེད། དངོས་པོར་མེད་པ་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར་ཟེར་བ་ཡིན་ནོ། །དེ་འགོག་པ་ལ། སྒྲ་དོན་ལ་བརྟེན་ནས་དགག སྒྲུབ་བྱེད་དགོས་པའི་ཚུལ་རྒྱས་པར་གསུངས་སོ། །སྐབས་འདི་དག་གི་རྣམ་འགྲེལ་ངེས་གཉིས་སུ། ཕྱོགས་གཉིས་དངོས་འགལ་དུ་གསུངས་སོ་སྙམ་དུ་དོགས་པར་མི་བྱ་སྟེ། དེ་ལྟར་བཤད་པ་མེད་ཀྱི་སྟེང་དུ་ཕུང་གསུམ་སྲིད་པ་ཁོ་ན་ར་གསུངས་པའི་ཕྱིར། ཇི་སྐད་དུ། གཅིག་གྲུབ་པ་ན་དེ་བརྟན་དང༌། །འགོག་ན་དེ་ཡིས་དབྱེན་པ་དང༌། །གཞན་རྣམས་བཏང་སྙོམས་ལྟ་བུ་དང༌། །ཞེས་དང༌། ལྡོག་ཏུ་ཆུག་པ་དེ་ལྟ་ནའང༌། །བདག་མེད་མེད་ལས་བདག་མི་འགྱུར། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་དུ་ན། སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་དེ། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཐལ། བདག་བཅས་ལ་རྗེས་སུ་འགྲོ་བའི་ཕྱིར། ཞེས་རིགས་པ་ཅན་པ་ལ་ནང་འགལ་དང༌། ཡང་དེ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བར་ཐལ། གསོན་ལུས་ལ་རྗེས་སུ་འགྲོ་བའི་ཕྱིར། ཞེས་རང་ལུགས་ཀྱི་རིགས་པ་ཡང་དག་གསུང་རིགས་པར་འགྱུར་རོ། །འོ་ན་རྣམ་པར་ངེས་པ་ལས། མི་མཐུན་ཕྱོགས་ལ་མེད་དོ་ཞེས་བྱ་བ་ལས་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་ཡིན་ཏེ། དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་ཕྱིར་རོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་མོད། དེ་ནི་ཚུལ་གཉིས་དབང་དུ་བྱས་པ་ཡིན་ཏེ། དེ་ཉིད་ཕྱིར་ན་དོན་གོ་བས། །གཅིག་གིས་གཉིས་ཀ་བསྟན་པར་བརྗོད། །ཅེས་པ་དང་སྦྲེལ་ནས་གསུངས་པས་སོ། །དེ་ལས་གཞན་དུ་ན་རིགས་པ་མཁྱེན་པས་ནང་འགལ་ཞལ་གྱིས་བཞེས་པར་འགྱུར་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་དེ་ཕྱོགས་གཉིས་ཀ་ལ་མེད་པ་དང༌། མི་མཐུན་ཕྱོགས་ལ་མེད་ན་མཐུན་ཕྱོགས་ལ་ཡོད་དགོས་པར་བཤད་པའི་ཕྱིར་རོ། །འོ་ན་མཉན་བྱ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བའི་ཚུལ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡིན་པར་བཤད་པས་སོ་ཞེ་ན། དེའི་དོན་ཡང་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ལྟར། སྐབས་ཀྱི་རྒོལ་བའི་ཚད་མས་མ་མཐོང་བ་ཙམ་ལ་ལྡོག་པ་རྐྱང་པ་ཅན་དུ་བཏགས་པ་ཡིན་ཏེ། ཇི་སྐད་དུ། མ་མཐོང་བ་ཙམ་ལ་བརྟེན་ནས། །ལྡོག་པའང་འབའ་ཞིག་ཅན་དུ་བཤད། །ཅེས་གསུངས་པས་སོ། །ཡང་ཇི་སྐད་དུ། ཕུང་པོ་གཉིས་ལས་གཅིག་ལ་ནི། །ངེས་པར་གྲུབ་ན་གཞན་ལས་ནི། །བཟློག་གྲུབ་ཅེས་པའང་བདག་ཡོད་མེད་གཉིས་ལ་ཟེར་བ་ཡིན་གྱི། ཕྱོགས་གཉིས་ཀྱི་རང་ལྡོག་ལ་ཟེར་རྒྱུ་མ་ཡིན་པར་སྐབས་ཀྱི་འཕྲོས་ལས་ཤེས་སོ། །ཡང་མཉན་བྱ་ལྟ་བུ་དེ་སྒྲུབ་ཀྱི་ཕྱོགས་གཉིས་གང་རུང་ལ་མེད་པ་ལྟར། མེད་པ་ཉིད་དུ་ཚད་མས་ངེས་པ་གཅིག་སྲིད་པ་དེའི་ཚེ་ནི་ལྡོག་པ་མཚན་ཉིད་པ་གྲུབ་ཅིང༌། དེའི་རྒྱུ་མཚན་གྱིས་རྗེས་འགྲོ་ཡང་ཁྱད་པར་ཅན་གྲུབ་མོད། དེའི་ཚེ་ཐུན་མོང་མ་ཡིན་པའི་མ་ངེས་པར་མི་འཇོག་སྟེ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཐུན་མོང་མིན་པའི་གཏན་ཚིགས་ཐམས་ཅད་ཕྱོགས་གཉིས་ལ་མེད་པ་མཚན་ཉིད་པ་དང༌། ལྡོག་པ་བཏགས་པ་བ་ཡིན་ཏེ། ལྡོག་པ་ནི་བློའི་ཆོས་ཡིན་པའི་ཕྱིར་དང༌། མེད་ཅེས་པའི་དུས་ཀྱི་མེད་པ་དེ་དང༌། ལྡོག་ཅེས་པའི་དུས་ཀྱི་ལྡོག་ཡུལ་དེ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་སྣང་བའི་ཕྱིར། ཇི་ལྟར་ཞེ་ན་མི་མཐུན་ཕྱོགས་ལ་མེད་ཅེས་པའི་དུས་སུ་ནི། གང་མི་མཐུན་པའི་ཕྱོགས་སུ་བཟུང་བ་དེ་ཉིད་ལ་མེད་པ་ཙམ་གྱིས་ཆོག་ལ། མི་མཐུན་པའི་ཕྱོགས་ལས་ལྡོག་ཅེས་པའི་དུས་སུ་ནི་གང་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ལ་ཡོད་དམ་སྙམ་པའི་དོགས་པ་མཐའ་དག་ཁེགས་པ་གཅིག་དགོས་པའི་ཕྱིར། ཡང་རྟོགས་པར་དཀའ་བ་མི་སྣང་བ་མ་དམིགས་པ་དང༌། འགལ་ཟླ་དམིགས་པ་གཉིས་ཕྱོགས་ཆོས་ཅན་གྱི་རབ་དབྱེར་མི་འཆད་པའི་རྒྱུ་མཚན་ཅི་ཡིན། དེར་དེ་མ་བསྡུས་པ་ཡིན་ནམ་ཞེ་ན། མ་བསྡུས་པ་ནི་མ་ཡིན་ཏེ། དེ་གཉིས་ཀ་མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་ཕྱོགས་ལ་མེད་པ་ཞེས་བྱ་བའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དེས་བསྡུས་པའི་ཕྱིར་རོ། །དཔེར་བརྗོད་པ་ཡང་དངོས་སུ་མ་བཤད་ཀྱང་བསྡུས་པ་ཡིན་ཏེ། གཅིག་ནི་རྒྱུ་མི་དམིགས་པ་དང༌། གཅིག་ཤོས་ནི་རང་བཞིན་མ་དམིགས་པར་འདུས་ལ། དེ་གཉིས་ཀ་ཡང་རིམ་པ་བཞིན་དུ། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཡང་དག་གི་དཔེར་བརྗོད་ལ་བརྟེན་ནས་བདེ་བླག་ཏུ་རྟོགས་པར་ནུས་པའི་ཕྱིར་རོ། །ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བ་ལས། གཞན་རྗེས་སུ་འཛིན་པའི་རིམ་པར་ཕྱེ་བ་སྟེ་དང་པོའོ། །འདིར་སྨྲས་པ། ལུང་དང་རིགས་པའི་རྣམ་འགྱུར་མི་འདྲ་བ། །བརྒྱ་ཕྲག་སྟོང་གི་མགྲིན་པའི་རྔ་སྒྲ་གང༌། །དབྱངས་ཅན་ཐུགས་མཚོའི་རྒྱུད་མངས་དང་འགྲོགས་ནས། །ཆོས་འདོད་མཛའ་བོའི་ཀུན་དགར་འདི་སྦྱིན་གྱི། །ཆོས་ཀྱི་འབེལ་གཏམ་ཡིད་འོང་པད་མོའི་ཕྲེང༌། །སྙན་གྲགས་ནོར་བུའི་མདངས་དང་ལྷན་གཅིག་ཏུ། །འཆད་རྩོད་གཞན་གྱིས་ཀུན་དགར་བརྩེ་འདོད་ན། །ལེགས་བཤད་འཛུམ་དཀར་ཕྲེང་བ་འདི་ལོངས་ཤིག །རྣམ་དཔྱོད་ཁ་གདངས་རིགས་པའི་མཆེ་བ་རྣོ། །ལུང་མང་མཐོང་བའི་མིག་གསུམ་འཕྲུལ་འཁོར་ཅན། །གཞན་སྡེ་གནོན་པའི་དཔྲལ་རིས་སུམ་འཁྱོག་གིས། །ཕྱིར་རྒོལ་དྲེགས་པ་འཕྲོག་པའི་ཁྲོ་ཆེན་འདི། །དོན་གཉེར་གྲོགས་པོའི་གཙུག་ཏུ་འབུལ་ལགས་ཀྱི། །གཟུ་བོའི་མགྲིན་པ་དུལ་བར་གུས་མཛོད་ལ། །རྣམ་དཔྱོད་རལ་པའི་ཐིག་ལེར་བསྟེན་གྱིས་དང༌། །ལེགས་བཤད་བདུད་རྩིས་སྙིང་ཁའི་ཁྱམས་བགྲོད་ནས། །ཁྱོད་བློའི་བང་མཛོད་འཕོངས་པ་ཀུན་དང་བྲལ། །འདིར་འབྱུང་སྡེ་བདུན་རིགས་པའི་ཉིང་ཁུ་ཡིན། །རྒྱ་འགྲེལ་ཀུན་དང་ཕལ་ཆེར་མཐུན་སྙམ་བྱེད། །ཅུང་ཟད་མི་མཐུན་དེ་དག་སྐྱོན་མ་ཡིན། །དེ་དག་རང་ལའང་ཡིད་རྟོན་མེད་འགའ་སྣང༌། །འགྲེལ་བྱེད་བློ་ལ་མ་ཤར་རིགས་པའི་གནད། །ཕྱྭ་རྔོག་གཉིས་ཀྱིས་ལེགས་པར་བཤད་པ་ཡིན། །དེར་བྱུང་ཉེས་པའི་ཆ་ཤས་གང་བསགས་པ། །པཎ་ཆེན་རིགས་པའི་སྒྲ་གཅན་དབང་པོས་ཟོས། །མཐུན་པའི་ལེགས་བཤད་ཉི་མས་ས་ཆེན་གསལ། །དེ་ཕྱིར་འདིར་འཆད་རིགས་པའི་གཏེར་མཛོད་དང༌། །མི་མཐུན་གང་བྱུང་ཁྱེད་ཀྱིས་དོར་བྱ་ཡིན། །འདིར་བཤད་ལུང་རིགས་ཞིབ་མོ་འདི་མེད་པར། །རིགས་པའི་གཏེར་གཞུང་འགྲེལ་པར་བཅས་པ་ཡི། །དོན་དེ་རྒྱས་པར་ཤེས་ན་གྲོགས་པོ་དག །ཁྱེད་ཅག་དཔའ་མཛངས་ཤེས་རབ་ཅན་ཡིན་ནོ། །དཔྱོད་མེད་དད་ཅན་མང་པོས་ཡུན་རིང་དུ། །ཉིན་དང་མཚན་ལ་རྣམ་པར་བསམས་བྱས་ཀྱང༌། །རྟག་ཏུ་ཉེས་པར་བཤད་པའི་ལམ་ཞུགས་པས། །ལེགས་པར་བཤད་པའི་རྒྱ་མཚོ་ག་ལ་མཐོང༌།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།