༼ཐ༽༄༅། །ཚད་མ་རིགས་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བའི་བསྟན་བཅོས་སྨད་བཞུགས་སོ།།
ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་རིགས་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བའི་བསྟན་བཅོས། ཀུན་ལ་ལེགས་འདོམས་སྙིང་ནས་བརྩེ་བ་ཅན། །རང་དང་འཚམ་པའི་ཆོས་ཚུལ་བརྒྱ་འཆད་ཅིང༌། །ནམ་ཡང་རིགས་པའི་གནས་རྣམས་གསལ་མཛད་པའི། །སྨྲ་མཁས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །འཕྲོག་བྱེད་དགའ་བའི་རལ་པའི་ཆུ་གཏེར་དུ། །ཞབས་སེན་ཆུ་ཤེལ་དཀར་པོའི་མདངས་འཕྲོ་ཞིང༌། །སྙན་གྲགས་འོད་ཀྱིས་ས་གསུམ་ཉེར་མཛེས་པའི། །འཇམ་དབྱངས་པཎ་ཆེན་འགྲོ་བའི་གཙུག་ན་རྒྱལ། །ཤེས་བྱའི་ཡུལ་དང་གཞལ་བྱའི་གནས་རྣམས་དང༌། །ཤེས་བྱེད་བློ་དང་འཇལ་བྱེད་ཚད་མ་དང༌། །སྤྱི་དང་བྱེ་བྲག་སྣང་སེལ་བརྗོད་བྱ་དང༌། །བརྗོད་བྱེད་ལུང་དང་རིགས་པས་འདིར་བཤད་བྱ། །གཉིས་པ་རྗེས་སུ་བཟུང་ནས་ཡང་དག་པའི་ཤེས་པས་མི་ཤེས་པ་བཟློག་པའི་ཚུལ་ལ་དོན་རྣམ་པ་གཉིས་ཏེ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་དང༌། ཤེས་བྱེད་ཚད་མའི་རང་བཞིན་གཏན་ལ་ཕབ་པའོ། །དང་པོ་ལ་ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་ཇི་ལྟར་རྟོགས་པའི་ཚུལ་ལོ། །དང་པོ་ལ་མདོ་སྡེ་པའི་ལུགས་ལ་གནས་ནས་ཡུལ་དང་གཞལ་བྱའི་རྣམ་བཞག་སྤྱིར་བཤད། སེམས་ཙམ་པའི་ལུགས་ལ་གནས་ནས་གནས་ལུགས་ཀྱི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཡུལ་གསུམ་གྱི་རྣམ་པར་བཞག་པ་སྤྱིར་བཤད། གཞལ་བྱའི་གནས་གཉིས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཚན་ཉིད་དང༌། མཚན་གཞིའི་དབྱེ་བའོ། །དང་པོ་ནི། བློས་རིག་པར་བྱ་བའོ། །འདིར་བྱ་བ་ཞེས་པའི་སྒྲ་ནི་དུས་གསུམ་ཀ་ལ་འཇུག་པ་ཡིན་ཏེ། རང་དུས་སུ་འདས་པ་གཟུང་ཡུལ་དང༌། མ་སྐྱེས་པ་འཇུག་ཡུལ་དང༌། དུས་མཉམ་པ་སྣང་ཡུལ་ཏེ་གསུམ་ཀ་ཡང་ཡུལ་གྱི་མཚན་ཉིད་དང་ལྡན་པའི་ཕྱིར། གཉིས་པ་ལ་གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ནི། སློབ་དཔོན་ཕྱྭ་པ་ན་རེ། གཟུང་ཡུལ་ཞེས་བྱ་བ་ནི་སྣང་ཡུལ་ལ་བྱ་བ་ཡིན་ཅིང༌། དེ་ཡང་ཡུལ་ཅན་གྱི་ཤེས་པ་དང་དུས་མཉམ་པ་ཁོ་ན་ཡིན་ཏེ། དུས་མི་མཉམ་པ་ཡུལ་ཡུལ་ཅན་དུ་མི་རུང་བའི་ཕྱིར། མདོ་སྡེ་པ་ཤེས་པའི་སྔ་ལོགས་སུ་བྱུང་བའི་དོན་གྱིས་ཤེས་པ་ལ་རྣམ་པ་གཏད་པར་འདོད་པ་མི་འཐད་དེ། འོ་ན་ཤ་ཟས་དོན་གྱི་རྣམ་པ་གཏད་པར་འདོད་ན་ཅི་འགོག ཤ་ཟ་མངོན་སུམ་དང་རྗེས་དཔག་གིས་མི་འགྲུབ་བོ་ཞེ་ན། དེ་ནི་སྔ་ལོགས་ན་ཡོད་པར་འདོད་པའི་དོན་ལྐོག་ན་མོ་ལ་ཡང་མཚུངས་སོ། །དེ་བས་ན་གཟུང་ཡུལ་ནི་གསུམ་སྟེ། དོན་རང་གི་མཚན་ཉིད་དང༌། དོན་སྤྱི་དང་མེད་པ་གསལ་བའོ་ཞེས་བཞེད་དོ། །འདི་མི་འཐད་པ་ལ་གཉིས་ཏེ། འཁྲུལ་ཤེས་དང༌། རང་རིག་ལ་གཟུང་ཡུལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། གཟུང་ཡུལ་དང་དེའི་ཡུལ་ཅན་གྱི་ཤེས་པ་དུས་མཉམ་པ་བཀག་ནས་མཇུག་བསྡུ་བའོ། །དང་པོ་ནི། རྟོག་པ་དང་རྟོག་མེད་འཁྲུལ་ཤེས་གཉིས་ཆོས་ཅན། མ་འཁྲུལ་པར་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཡང་དོན་སྤྱི་དང་མེད་པ་གསལ་བ་གཉིས་ཆོས་ཅན། ཡུལ་སྣང་རུང་ན་གནས་པའི་གང་ཟག་གཞན་གྱིས་ཀྱང་མཐོང་བར་ཐལ། རང་འཛིན་ཤེས་པའི་གཟུང་ཡུལ་ཡིན་པའི་ཕྱིར། གཉིས་ཀ་ལ་ཁྱབ་པ་ཡོད་དེ། ཇི་སྐད་དུ། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་དང༌། རྣམ་ངེས་ལས། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ནི་རྒྱུ་མ་ཡིན་ཞིང༌། རྒྱུ་མིན་པ་ནི་ཡུལ་མ་ཡིན་ནོ་ཞེས་གསུངས་པས་སོ། །མདོར་ན། རྟོག་པ་དང་རྟོག་མེད་འཁྲུལ་ཤེས་ཆོས་ཅན། རང་གི་གཟུང་ཡུལ་དང་སྣང་ཡུལ་གྱི་གཞི་མཐུན་མེད་པར་གྲུབ་པ་ཡིན་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར། ཞེས་པ་ནི་ཇི་སྐད་དུ། དོན་སྤྱི་དང་ནི་མེད་སྣང་གཉིས། །ཞེས་པ་ནས། གཟུང་ཡུལ་མེད་པར་གྲུབ་པ་ཡིན། །ཞེས་པའི་བར་གྱི་དགོངས་པའོ། །ཁ་ཅིག་ན་རེ་གཞུང་དེས། རྟོག་པ་ལ་སྣང་ཡུལ་མེད་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། གཞུང་གི་སྐབས་དོན་མ་ཡིན་པའི་ཕྱིར་དང༌། དེ་ལྟར་སྟོན་མི་ནུས་པའི་ཕྱིར་དང༌། མི་དགོས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། ཇི་སྐད་དུ། ཤེས་པ་གཉིས་པོ་འཁྲུལ་པར་འགལ། །ཞེས་སོགས་སུ། འཁྲུལ་ཤེས་ཐམས་ཅད་ལ་གཟུང་ཡུལ་ཡོད་པ་བཀག་ནས། སྣང་ཡུལ་ཉིད་གཟུང་ཡུལ་དུ་འདོད་པ་འགོག་པའི་དབང་དུ་བྱས་ནས། གཅིག་ཏུ་འཛིན་པ་འཁྲུལ་པའི་ཕྱིར། །གཟུང་ཡུལ་མེད་པར་གྲུབ་པ་ཡིན། །ཞེས་གསུངས་པ་ཡིན་པའི་ཕྱིར། གཉིས་པ་གྲུབ་པ་དང༌། གསུམ་པ་གྲུབ་སྟེ། སྣང་ཡུལ་ཞེས་པ་སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་ལ་བྱེད་དམ། སྣང་ནས་རིག་པར་བྱ་བ་ཙམ་ལ་བྱེད། །དང་པོ་ལྟར་ན་ཕྱོགས་སྔ་མས་གྲུབ་ཟིན་པའི་ཕྱིར་དང༌། གཉིས་པ་ལྟར་ན་རང་གིས་བསྒྲུབ་པར་མི་ནུས་པའི་ཕྱིར། གཉིས་པ་ནི། བུམ་འཛིན་རྟོག་པ་ཆོས་ཅན། བུམ་པའི་དོན་སྤྱི་དེ་ཁྱོད་ཀྱི་གཟུང་ཡུལ་མ་ཡིན་ཏེ། ཁྱོད་དང་དེ་གཉིས་ལ་འབྲེལ་བ་མེད་པའི་ཕྱིར། ཟླ་བ་གཉིས་སྣང་གི་དབང་ཤེས་དང་ཟླ་བ་གཉིས་ལ་ཡང་དེ་བཞིན་ནོ། །ཡང་སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་རང་མྱོང་རང་རིག་མངོན་སུམ་གྱི་གཟུང་ཡུལ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལ་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར། ཡང་ཕྱྭ་པ་སོགས་བོད་ཕལ་ཆེ་བ་དག་ན་རེ། སྔོར་སྣང་དབང་ཤེས་ཀྱི་སྔ་ལོགས་ཀྱི་སྔོན་པོ་དེ་དེའི་གཟུང་དོན་དང་དུས་མཉམ་པའི་སྔོན་པོ་དེ་དེའི་གཟུང་ཡུལ་ཡིན་ནོ་ཞེས་ཟེར་བ་དང༌། ཡང་ལ་ལ་དག་སྔ་ལོགས་སུ་བྱུང་བའི་སྔོན་པོ་དེ་དེའི་གཟུང་ཡུལ་དང༌། གཟུང་དོན་གཉིས་ཀ་དང་རང་དུས་སུ་སྔོན་པོར་སྣང་བ་དེ་དེའི་སྣང་ཡུལ་ཡིན་ནོ། །ཞེས་ཟེར་བ་དང༌། ཡང་ཕྱི་རབས་པ་ཁ་ཅིག སྔ་ལོགས་ཀྱི་སྔོན་པོ་དེ་གཟུང་ཡུལ། གཟུང་དོན་དང༌། སྣང་ཡུལ་གསུམ་ཀ་ཡིན་ནོ་ཞེས་ཟེར་རོ། །དང་པོ་ནི་འཐད་དེ། དེ་ལ་དུས་མཉམ་པའི་སྔོན་པོས་རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་དང༌། དེས་དེ་རྣམ་མེད་དུ་འཛིན་པར་ཐལ་བའི་ཕྱིར། ལུགས་གཉིས་པ་མི་འཐད་དེ། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བའི་རྣམ་པ་དེ། སྣང་ཡུལ་ཡིན་ན་དེ་དེ་ལ་རང་རིག་ཏུ་མ་སོང་བར་ཐལ་བའི་ཕྱིར། དེ་ལྟར་ཐལ་བ་ལ་འདོད་ན་བློ་ཚུལ་གཉིས་པ་ཅན་དུ་སྒྲུབ་པའི་རིགས་པས་རང་རིག་པར་འགྲུབ་བོ་ཞེས་གསུངས་པ་དང་འགལ་ལོ། །སྔ་མ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན། ཤེས་པ་གང་ལ་རང་རིག་ཏུ་སོང་བའི་ཤེས་པ་དེ་ཡིན་ན་ཤེས་པ་དེའི་སྣང་ཡུལ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་དེ་ལ་གཉིས་སྣང་ནུབ་དགོས་པའི་ཕྱིར། འོ་ན་སྔོར་སྣང་དབང་ཤེས་ལ་སྔོན་པོའི་རྣམ་པ་མི་སྣང་བར་འདོད་དམ་ཞེ་ན། སྔོན་པོའི་རྣམ་པ་ནི་གཉིས་ཏེ། དོན་གྱི་རྣམ་པ་དང༌། ཤེས་པའི་རྣམ་པའོ། །དང་པོ་ནི། དེ་ལ་དངོས་སུ་མི་སྣང་སྟེ། དེ་དེའི་དུས་འདས་ཟིན་པའི་ཕྱིར། གཉིས་པ་ཡང་དེ་ལ་དངོས་སུ་མི་སྣང་སྟེ། དེ་དེ་ལ་རྣམ་མེད་དུ་ཡང་མི་སྣང༌། དེ་ལ་དེའི་རྣམ་པ་ཡང་མི་སྣང་བའི་ཕྱིར། དང་པོ་མ་གྲུབ་དེ་དེ་ལ་རང་རིག་པར་གྲུབ་སྟེ། དེས་དེ་རྣམ་མེད་མྱོང་བའི་ཕྱིར། དེ་ལྟར་གྲུབ་པ་ན་དེ་དེའི་སྣང་ཡུལ་མ་ཡིན་པར་གྲུབ་བོ། །གཉིས་པ་མ་གྲུབ་ན་རྣམ་པ་ཐུག་མེད་དུ་འཆར་བར་འགྱུར་རོ། །དེས་ན་སྔོར་སྣང་དབང་ཤེས་སྔོན་པོ་དང་འདྲ་བའི་ངོ་བོར་སྐྱེས་པ་ལ། དེ་ལ་དེའི་རྣམ་པ་སྣང་ཞེས་བཏགས་པ་ཡིན་གྱི། དོན་ལ་གནས་ཚོད་ནི་དེས་དེ་མྱོང་བ་ཡིན་ཏེ། དེའི་ན་ཤེས་པ་ཐམས་ཅད་ཀྱི། དམིགས་མྱོང་དག་ནི་ཐ་དད་ཡིན། །ཞེས་གསུངས་པས་སོ། །སྐབས་དེར། དམིགས་ཤེས་པ་ཡང་ཡུལ་སྔོན་པོ་ལྟ་བུ་དམིགས་པའི་དོན་ཡིན་གྱི། རྣམ་པ་དམིགས་པའི་དོན་མ་ཡིན་ཏེ། དེས་དེ་མྱོང་བར་འཇོག་པའི་ཕྱིར། ལུགས་གསུམ་པ་མི་འཐད་པ་ནི། དེའི་སྔ་ལོགས་སུ་བྱུང་བའི་སྔོན་པོ་ཆོས་ཅན། སྔོར་སྣང་དབང་ཤེས་ཀྱི་སྣང་ཡུལ་མ་ཡིན་ཏེ། དེ་ལ་དངོས་སུ་མི་སྣང་བའི་ཕྱིར་ཏེ་དེའི་དུས་ན་མེད་པའི་ཕྱིར། དེ་ལྟ་ན་ཡང༌། དེ་ཕྱིར་དངོས་པོ་མཐོང་བ་ཡི། ཞེས་བཤད་པ་ལྟ་བུ། དེས་དེ་མཐོང་བར་བཤད་པ་དེ་ནི་འཇིག་རྟེན་ན་གྲགས་པ་དང་མཐུན་པར་བཞག་པ་ཡིན་གྱི། མདོ་སྡེ་པ་རང་གི་གྲུབ་པའི་མཐས་རྣམ་པར་བཞག་པའི་ལུགས་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང༌། །དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཕྱི་རོལ་དོན་ནི་དངོས་སུ་མིན། །དོན་ལས་སྐྱེས་པ་ཅི་དུ་ཟད། །ཅེས་གསུངས་པས་སོ། །དེ་ལྟར་སློབ་དཔོན་ཕྱྭ་པས། མདོ་སྡེ་པའི་ལུགས་བཀག་ནས་གཟུང་ཡུལ་གསུམ་གྱི་རྣམ་བཞག་མཛད་པ་དང༌། ཕྱྭ་པའི་རྗེས་འབྲང་དག་གིས། མདོ་སྡེ་པའི་ལུགས་ཁས་བླང་ནས་སྣང་ཡུལ་དང་གཟུང་ཡུལ་གྱི་རྣམ་པར་བཞག་པའི་ཕྱྭ་པའི་ལུགས་བཞིན་དུ་རང་ལུགས་སུ་འཇོག་པ་ནི་འཁྲུལ་པའི་སྟེང་དུ་ཡང་འཁྲུལ་པ་གཉིས་བརྩེགས་པ་ཡིན་ནོ། །འོ་ན་ཕྱྭ་པས་མདོ་སྡེ་པ་བཀག་པའི་རིགས་པ་དེ་མི་འཇུག་པའི་ཚུལ་ཇི་ལྟར་ཞེ་ན། དེ་ཡང་འདི་ལྟར། ལུང་དང་འགལ་བ་དང༌། རིགས་པ་དེ་ཡང་དག་པ་མ་ཡིན་པའོ། །དང་པོ་ནི། གྲགས་པའི་ཞབས་ཀྱིས་ཇི་སྐད་དུ། གལ་ཏེ་ཕྱི་རོལ་སྤྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས་པ་དང༌། སྡེ་བདུན་དུ། ཕྱི་རོལ་གྱི་དོན་ཁས་ལེན་པ་དེ་སྲིད་དུ། མདོ་སྡེ་པའི་ལུགས་དྲང་ཐད་དུ་བཞག་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། གཉིས་པ་ནི། འོ་ན་སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་ལ་ཤ་ཟའི་རྣམ་པ་ཤར་བར་ཐལ་དེ་ཁྱོད་ལ་རང་འདྲའི་རྣམ་པ་གཏད་པའི་ཕྱིར། འོ་ན་གཅིག་ཤོས་ལ་ཡང་དེར་ཐལ་ལོ་ཞེ་ན་འདོད་པ་ཡིན་ནོ། །གལ་ཏེ། དེ་ལ་སྔོན་པོར་སྣང་བ་དེ་སྔོན་པོ་དངོས་ཡིན་གྱི། སྔོན་པོའི་རྣམ་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་དེ་ཉིད་དུ་སོང་བས། བློ་ཚུལ་གཉིས་སུ་བསྒྲུབ་པའི་རིགས་པ་རྣམས་དང་འགལ་ལོ་ཞེས་བྱ་བ་འདི་ནི་ཚད་མ་རིགས་པའི་གཏེར་གྱིས། ཚད་མ་ཡིད་ཀྱི་མུན་སེལ་བཀག་པའི་རིགས་པའི་གནད་རྣམས་དམིགས་བྱེད་པར་བཤད་པ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ལ་གཞུང་ལས་གསུངས་པའི་ཡུལ་གྱི་གཙོ་བོ་ནི་གཉིས་ཏེ། གཟུང་ཡུལ་དང་འཇུག་ཡུལ་ལོ། །གཙོ་བོ་མ་ཡིན་པ་ནི་སྣང་ཡུལ་དང་ཞེན་ཡུལ་ལོ། །ཡང་ན་རང་དུས་སུ་འདས་པ་གཟུང་ཡུལ། མ་སྐྱེས་པ་འཇུག་ཡུལ། དུས་མཉམ་པ་སྣང་ཡུལ། དུས་གསུམ་ཀའི་སྟེང་ནས་ཞེན་ཡུལ་ལོ། །དང་པོ་ལ་མཚན་ཉིད་དང༌། མཚན་གཞི་ངོས་བཟུང་བ། གྲུབ་མཐའ་གང་གི་དབང་དུ་བྱས་པའོ། །དང་པོ་ནི། རང་འཛིན་གྱི་ཤེས་པ་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་གཏོད་བྱེད་དོ། །འདིར་མ་འཁྲུལ་བ་ངེས་པར་སྦྱར་དགོས་ཏེ། ཇི་སྐད་དུ། དེ་འཛིན་གྱི་ཤེས་པ་གཉིས་པོ་འཁྲུལ་པར་འགལ། །ཞེས་དང༌། འཁྲུལ་བའི་ཕྱིར། །གཟུང་ཡུལ་མེད་པར་གྲུབ་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། སྤྱིར་རང་མཚན་དང༌། ཁྱད་པར་ཕྱི་རོལ་གྱི་དོན་ལྔ་པོ་ཁོ་ན་གཟུང་ཡུལ་དུ་བཞག་དགོས་ཏེ། དོན་སྤྱི་དང་མེད་པ་གསལ་བ་གཉིས་གོང་དུ་བཀག་ཟིན་ཅིང༌། རང་རིག་ལ་བཟུང་ཡུལ་ཡོད་པ་རིགས་པས་ཁེགས་པའི་ཕྱིར། ཇི་སྐད་དུ། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་གསུངས་པས་གཞུང་འདི་དང༌། རང་གི་མཚན་ཉིད་གཅིག་ཞལ་བྱ། །ཞེས་པས་བསྟན་བྱའི་དོན་གཅིག་ཁོ་ནར་མ་ངེས་ཏེ། འདིར་ནི་གཟུང་ཡུལ་གཙོ་ཆེ་ལ། གཅིག་ཤོས་ནི་འཇུག་ཡུལ་ཁོ་ནའི་དབང་དུ་བྱས་པར་གསལ་བའི་ཕྱིར། ཡུལ་ཅན་ནི་དབང་ཡིད་ཀྱི་མངོན་སུམ་ཁོ་ན་ལ་བཞག་དགོས་པ་ཡིན་ཏེ། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ནི་དངོས་མེད་ཀྱི་ཡུལ་ཅན་ཡིན་པར་བོད་ཕལ་ཆེར་འདོད་ཅིང༌། སྣང་བཅས་ནི་འདས་ནས་ཡུན་རིང་དུ་ལོན་པ་དང༌། དུས་མཉམ་པ་དང༌། མ་འོངས་པ་གསུམ་ཀ་ལ་འཇུག་ཅིང༌། དེ་དག་ལ་གཟུང་ཡུལ་དོན་མེད་པའི་ཕྱིར་དང༌། རྣལ་འབྱོར་པའི་རྒྱུད་ཀྱི་མིག་དང་རྣ་བའི་མངོན་ཤེས་ཀྱང༌། དབང་པོའི་མངོན་སུམ་གྱི་ནང་དུ་འདུས་པའི་ཕྱིར། དེ་ཡང་དངོས་ཀྱི་གཟུང་དོན་ཁོ་ན་ལ་གཟུང་ཡུལ་དུ་བཞག་དགོས་པ་ཡིན་ཏེ། རང་གི་དངོས་རྒྱུའི་དུས་སུ་འདས་ཟིན་པའི་དོན་གྱི་རྣམ་པ་རྟོག་མེད་ཀྱི་ཤེས་པ་ལ་མི་འཆར་བའི་ཕྱིར། ཇི་སྐད་དུ། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང༌། །ཞེས་གསུངས་པས་སོ། །དེ་ལྟར་ན་གཟུང་ཡུལ་གྱི་མཚན་ཉིད་དུ་བཞག་པ་འདི་མ་དཔྱད་པའི་རྣམ་པར་བཞག་པའམ་གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པའི་གྲུབ་མཐའ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། འདིར་དོན་དེ་དང་འདྲ་བ་ཁོ་ན་ལ་དོན་དེ་གཟུང་ཡུལ་དུ་བྱས་པར་བཞག་དགོས་པ་གང་ཞིག དཔྱད་པའི་ཚེ་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་གྲུབ་མཐའ་ལ་དེ་ལྟར་བཞག་མི་ནུས་ཕྱིར། དཔེར་ན། བུའི་གཟུགས་དེ་ཕའི་གཟུགས་དང་འདྲ་བར་སྐྱེས་པ་ལ་དེ་འཛིན་ཞེས་བརྗོད་པ་བཞིན་ནོ། །དེ་ལས་གཞན་དུ་ན་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། སྐྱེས་བུ་གཅིག་གི་གཟུགས་དེས་རང་འཛིན་ཤེས་པ་ལ་ཡིད་འོང་གི་རྣམ་པ་ཡང་བཞག རང་འཛིན་ཤེས་པ་འགའ་ཞིག་ལ་ཡིད་མི་འོང་གི་རྣམ་པ་ཡང་བཞག་པ་གང་ཞིག དེའི་རྣམ་པ་ཤར་བ་ལས་དེ་དང་འདྲ་བར་འཇོག་ནུས་པའི་ཕྱིར། དོན་དེ་ཉིད་ཀྱང་ཇི་སྐད་དུ། །ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཇི་ལྟར་ཉམས་སུ་མྱོང་ཉིད་དེ། །ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་གསུངས་སོ། །འོ་ན་དཔྱད་པའི་ཚེ་གཟུགས་དེ་གཟུང་འཛིན་དབང་སྔོན་གྱི་གཟུང་ཡུལ་དུ་ཁས་མི་ལེན་ནམ་ཞེ་ན། དེ་མི་ལེན་པ་ནི་མ་ཡིན་ཏེ། དེའི་ཚེ་ཡང་དེ་དེ་ལ་རང་གི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཇི་སྐད་དུ་རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་གསུངས་སོ། །འོ་ན་ཅི་ཞེ་ན། དེས་དེ་དངོས་སུ་མ་རིག་པ་ཡིན་ཏེ། དེ་དེའི་དུས་སུ་ཞིག་ནས་མེད་པའི་ཕྱིར། འོ་ན་དེས་ཅི་ཞིག་དངོས་སུ་རིག་ཅེ་ན། དེས་དེའི་གཟུང་རྣམ་ཉིད་དངོས་སུ་རིག་པ་ཡིན་ཏེ། ཇི་སྐད་དུ། གང་ཚེ་རྣམ་བཞག་གི་ཞེས་སོགས་དང༌། །དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་གསུངས་པའི་ཕྱིར། འོ་ན་དཔྱད་པའི་ཚེ་དེའི་དངོས་ཀྱི་ཡུལ་མེད་པར་འགྱུར་རོ་ཞེ་ན། མདོ་སྡེ་པ་རང་གི་གྲུབ་པའི་མཐའ་ལ་གནས་ནས། དེ་མེད་པར་ཐལ་བ་ལ་འདོད་པ་ཡིན་ཏེ། ཕྱི་རོལ་གྱི་དོན་སྣང་གི་རྣམ་པར་ཤེས་པའི་དངོས་ཡུལ་མིན། རྣམ་པར་ཤེས་པ་རང་གི་གཟུང་རྣམ་དེ་ཡང་དེའི་དངོས་ཡུལ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། མདོ་སྡེ་པའི་གྲུབ་པའི་མཐའ་འཆད་པ་ན། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང༌། །དེ་དང་གཟུགས་བརྙན་འདྲ་བས་ན། །བཏགས་པ་ཙམ་ཞིག་ཚོར་བར་རུང༌། །ཞེས་དང༌། དབུ་མའི་རྒྱན་ལས། དོན་དང་འདྲ་བ་མྱོང་བས་ན། །དོན་མྱོང་ཞེས་ནི་གདགས་སུ་རུང༌། །ཞེས་བཤད་པ་དེ་ཡང་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་གི་ལུགས་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དོན་སྣང་གི་ཤེས་པ་ཡིན་ན་རང་གི་དངོས་ཡུལ་ལ་ཚད་མ་ཡིན་པས་ཁྱབ་པར་འགྱུར་རོ། །དེ་ལྟར་རྣམ་པར་དཔྱད་པའི་ཚེ་སྐྱེས་བུ་གཅིག་གི་གཟུགས་འཛིན་པའི་མིག་ཤེས་མ་འཁྲུལ་བ་ལ་སྤྱིར་གཟུགས་ཀྱི་རྣམ་པ་གཏོད་བྱེད་དོ། །དེའི་གཟུང་ཡུལ་གྱིས་མཚན་ཉིད་ཅེས་སྦྱར་རོ། །དེའི་ཕྱིར་རང་འདྲ་ཞེས་པ་སྦྱོར་མི་སྦྱོར་ནི་དཔྱད་མ་དཔྱད་ཀྱི་ཁྱད་པར་རོ། །དེའི་རྒྱུ་མཚན་ཡང་འབྲས་རྟོགས་དང་པོར་དོན་འདྲ་བ་དོན་རྟོགས་པའི་སྒྲུབ་བྱེད་དུ་བཤད་ལ། གསུམ་པར་དེ་བཀག་ནས་རྒྱུ་ཡིན་པ་ཙམ་གཞལ་བྱའི་སྒྲུབ་བྱེད་དུ་བཤད་པས་སོ། །བོད་ཕྱི་མ་དག་ན་རེ། དོན་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་སླུ་བའི་རིག་པ་དེ། དོན་དེ་དངོས་སུ་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་ཟེར་བ་དེ་ནི་མདོ་སྡེ་པའི་གྲུབ་པའི་མཐའ་མ་ཡིན་ཏེ། གསར་དུ་མི་བསླུ་བའི་རིག་པ་ཞེས་པའི་ཟུར་དེ་གཞུང་འགྲེལ་ལས་མ་བཤད་པས། ཁྱོད་ལ་ལུང་མེད་པ་དང་རིགས་པས་གནོད་པའི་ཕྱིར། ཇི་ལྟར་གནོད་ཅེ་ན། སྐྱེས་བུ་གཅིག་གི་གཟུགས་ལ་ལྟ་བའི་དགྲ་གཉེན་གྱི་མིག་ཤེས་གཉིས་ཀ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་ཁྱབ་ཁས་བླངས་སོ། །འདོད་ན། གཅིག་པོ་དེ་གཉིས་སུ་གནས་པར་ཐལ་ལོ། །གཉིས་པ་མ་དཔྱད་པའི་རྣམ་པར་བཞག་པ་ལ་ནི། དེས་དེ་རྟོགས་པ་ཡིན་ཏེ། འཇིག་རྟེན་ན་དེ་ལྟར་གྲགས་པའི་ཕྱིར། དཔེར་ན་བུ་ཕའི་གཟུགས་དང་ཆེས་ཤིན་དུ་འདྲ་བ་ལ་ཕའི་གཟུགས་དངོས་སུ་འཛིན་ཞེས་བརྗོད་པ་བཞིན་ནོ། །དེ་ལྟ་ན་ཡང་མ་དཔྱད་པའི་རྣམ་བཞག་འཆད་པ་ནི། དོན་རྟོགས་པ་ཞེས་བྱ་བའི་ཐ་སྙད་ཙམ་ཞིག་འབྱུང་ཞིང༌། དངོས་སུ་རྟོགས་པ་ཞེས་བྱ་བའི་ཚིག་གི་ཟུར་དང་པོ་གཞུང་འགྲེལ་ན་མེད་དོ། །གསུམ་པ་ནི་གཟུང་ཡུལ་གྱི་རྣམ་པར་བཞག་པ་བཤད་མ་ཐག་པ་འདི་ན་མདོ་སྡེ་པའི་གྲུབ་པའི་མཐའ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། འདིར་རང་ལུགས་འཇོག་པའི་གྲུབ་པའི་མཐའ་ནི་གཉིས་པོ་གང་རུང་དུ་ངེས་ལ། སེམས་ཙམ་པ་ལ་གཟུང་ཡུལ་གྱི་རྣམ་པར་བཞག་པ་མེད་པའི་ཕྱིར། ཇི་སྐད་དུ། ཇི་སྲིད་ཕྱི་རོལ་ཁས་ལེན་པ། །དེ་སྲིད་རྒྱུ་ལ་གཟུང་ཡུལ་ཟེར། །ཤེས་བྱ་ནང་གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་འཇུག་ཡུལ་ལ་མཚན་ཉིད། མཚན་གཞི་ངོས་བཟུང༌། གྲུབ་མཐའ་གང་གི་དབང་དུ་བྱས་བསམ་པའོ། །དང་པོ་ནི། བླང་དོར་བྱ་བའི་ཕྱིར་ཞུགས་པ་ན་མི་བསླུ་བའོ། །འདིར་མི་བསླུ་བའི་དོན་ནི་ཐོབ་པ་ལ་བཤད་ལ། དེ་ཡང་ཐོབ་པའི་ནུས་པ་ཡོད་པ་ལ་བྱ་ཞིང༌། དེའི་དོན་ཡང་ཐོབ་བྱའི་དོན་དེ་ལ་རྒྱུད་ནས་འབྲེལ་བ་ལ་བྱེད་པར་གཞུང་འགྲེལ་ལས་བཤད་དོ། །གཉིས་པ་ལ། གང་མི་བསླུ་བའི་ཡུལ་ཅན་ན་སྐྱེས་བུ་དང༌། སྒྲ་དོན་མཐུན་རྣམས་དང༌། རྟོག་པ་དོན་མི་མཐུན་འགའ་ཞིག་ལའང་འཇུག་ཡུལ་ཡོད་པར་སློབ་དཔོན་ཆོས་མཆོག་དང་རིགས་པའི་གཏེར་ལས་བཤད་ལ། གང་ལ་མི་བསླུའི་ཡུལ་ལ་གནས་སྐབས་དང་མཐར་ཐུག་གི་འཇུག་ཡུལ་གཉིས་ཡོད་ལ། དང་པོ་ལ་དངོས་པོ་དང༌། དངོས་མེད་གཉིས་ཡོད་པར་ལྷ་ཤཱཀ་དང༌། རིགས་པའི་གཏེར་མཛད་པ་གཉིས་ཀྱིས་གསུང་ལ། མཐར་ཐུག་གི་འཇུག་ཡུལ་ལ་ནི་རང་མཚན་གྱིས་ཁྱབ་པ་ཡིན་ཏེ། ཇི་སྐད་དུ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་དང༌། འདིར་ཡང༌། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་གསུངས་པས་སོ། །འོ་ན་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གི་གནས་སྐབས་དང་མཐར་ཐུག་གི་འཇུག་ཡུལ་རང་མཚན་ཇི་ལྟར་ཡོད་ཅེ་ན། མཐར་ཐུག་གི་འཇུག་ཡུལ་ལ་གཉིས་ཏེ། བཅད་པ་དང་མི་མཐུན་པ་དང༌། མཐུན་པའོ། །དང་པོ་ནི། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་དུས་ཀྱི་ནོར་བུ་རང་མཚན་ལྟ་བུའོ། །གཉིས་པ་ལ། སྒྲ་ཟིན་གྱི་འཇུག་ཡུལ་དང༌། ཞེ་འདོད་ཀྱི་འཇུག་ཡུལ་ལོ། །དང་པོ་ནི། སྒྲ་མི་རྟག་པ་རང་མཚན་དེ་སྒྲ་མི་རྟག་པར་རྟོགས་ཀྱི་རྗེས་དཔག་གི་དེ་ཡིན་པ་ལྟ་བུའོ། །གཉིས་པ་ནི། མེ་རང་མཚན་དེ་དུ་བ་མཐོང་བའི་མངོན་སུམ་གྱི་ལྟ་བུའོ། །འདིར་ཡང་སྒྲ་ཟིན་གྱི་འཇུག་ཡུལ་རང་མཚན་དང་མཐར་ཐུག་གི་འཇུག་ཡུལ་གྱི་གཞི་མཐུན་མེད་ཀྱང༌། ཞེ་འདོད་ཀྱི་འཇུག་ཡུལ་རང་མཚན་ནི་སྒྲ་མི་རྟག་པར་རང་མཚན་པ་ལྟ་བུ་ཡིན་པའི་སྐབས་སྲིད་དེ། ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་དེ་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་པ་འཇལ་བའི་ཚད་མར་སོང་བ་སྲིད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ཡང་དེ་དེར་སོང་བའི་དུས་ཀྱི་དེ་ཆོས་ཅན། དེ་ལ་མི་བསླུ་བ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་འཛིན་སེམས་དང༌། དེའི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཚད་མ་གང་རུང་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དངོས་གང་ཇི་ལྟ་བུར་གྱུར་པ་ནས། བསླུ་བྱེད་ཉིད་མ་ཡིན་གྱི་བར་གསུངས་སོ། །འོ་ན་འདི་ལ་བཅད་པ་དང་མཐུན་པའི་མཐར་ཐུག་གི་འཇུག་ཡུལ་མེད་དམ་ཞེ་ན་ཡོད་དེ། ནམ་མཁའ་དངོས་མེད་དུ་བཅད་པ་དང༌། དངོས་པོ་མི་རྟག་པ་ཐོབ་པ་གཉིས་ལ་བཅད་ཞུགས་ཐོབ་གསུམ་ཚང་བའི་ཕྱིར། འོ་ན་དེ་དེ་ལ་ཚད་མར་འགྱུར་ལ། དེ་ལྟ་ན་རྗེས་དཔག་ལས་འོས་མེད་པས་རང་གི་རྟེན་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ལ་བརྟེན་པར་འགྱུར་ལ། དེ་ཡང་དེ་ལྟ་ན་དེ་དེ་སྒྲུབ་ཀྱི་ལྡོག་པ་འཇལ་བའི་ཚད་མར་ཁས་བླངས་པ་འགལ་ལོ་སྙམ་ན། འདི་ལྟར་བཅད་པ་དང་མཐུན་པའི་གནས་སྐབས་ཀྱི་འཇུག་ཡུལ་རང་མཚན་དེ་ལ་མི་བསླུ་ན་དེ་ལ་ཚད་མ་ཡིན་པས་ཁྱབ་པར་ཁས་ལེན་ཀྱང༌། མཐར་ཐུག་གི་དེ་ལ་དེས་ཁྱབ་པ་མིན་པའོ། །གནས་སྐབས་ཀྱི་འཇུག་ཡུལ་ནི་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གི་ཤེས་རྣམ་དེ། དེའི་འཇུག་ཡུལ་རང་མཚན་དུ་ཁས་བླངས་པ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའ་དངོས་མེད་དུ་བཅད་པ་དང༌། དེ་ལྟར་རྟོགས་པའི་ཤེས་རྣམ་རང་མཚན་ཐོབ་པ་གཉིས་དོན་གཅིག་ལ་འདུ་བའི་ཕྱིར། ནམ་མཁའ་དངོས་པོར་མེད་པའི་ཡུལ་ཅན་གྱི་ཤེས་བརྗོད་རང་མཚན་པ་དེ། དོན་བྱེད་ནུས་སྟོང་གི་རྟགས་ཀྱིས་དེར་སྒྲུབ་པའི་རློམ་ཚོད་ཀྱི་བསྒྲུབ་བྱར་གཞུང་ལས་གསལ་བའི་ཕྱིར་རོ། །འདིར་ཕྱི་རབས་པ་དག་ན་རེ། མི་བསླུ་བའི་དོན་རྟོགས་པ་ལ་བྱེད་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། གཞུང་དུ་ཤིང་གི་སྤྱི་འཛིན་རྟོག་བློ་ཤིང་གསལ་རང་མཚན་ལ་མི་བསླུ་བ་དང༌། རྟགས་འཛིན་སེམས། རྟགས་ཅན་སྒྲུབ་བྱ་ལ་མི་བསླུ་བ་དང༌། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ནོར་བུ་རང་མཚན་ལ་མི་བསླུ་བར་གསུངས་པའི་ཕྱིར་དང༌། དོན་ལ་མེ་ཡིན་པར་གྱུར་པའི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་མིག་ཤེས་དེ་མེ་རང་མཚན་ལ་མི་བསླུ་བར་རིགས་པས་འགྲུབ་པའི་ཕྱིར། འོ་ན་གང་ཚད་མ་ཡིན་ན་རང་གི་འཇུག་ཡུལ་ལ་ཚད་མར་འགྲོ་དགོས་པ་མ་ཡིན་ནམ་ཞེ་ན། གནས་སྐབས་ཀྱི་འཇུག་ཡུལ་ལ་ནི་དགོས་པ་ཡིན་ཏེ། དེ་ཡིན་ན་བཅད་པ་དང་མཐུན་པའི་རང་གི་འཇུག་ཡུལ་ལ་མི་བསླུ་དགོས་པའི་ཕྱིར། དེ་ལྟར་ན་ཚད་མས་བཅད་པའི་འཇུག་ཡུལ་དང་ཐོབ་པའི་འཇུག་ཡུལ་གཉིས་ཡིན་ཞིང༌། དེའི་ཚེ་བཅད་ན་ཐོབ་འང་མི་དགོས་སོ། །ཤེས་བྱ་བ་འདི་ངེས་པ་ཡིན་ནོ། །ཚད་མ་ཡིན་ན་འཇུག་ཡུལ་ཅན་གྱི་ཤེས་པ་ཡིན་པས་ཁྱབ་པ་དང༌། རང་རིག་ཡུལ་མེད་ཀྱི་རྣམ་བཞག་མི་འགལ་བའི་ཚུལ་ནི་དེ་མ་ཐག་དུ་འཆད་པར་འགྱུར་རོ། །འོ་ན་གཟུང་ཡུལ་དང་འཇུག་ཡུལ་ལ་གཞི་མཐུན་སྲིད་དམ་ཞེ་ན། རིགས་པའི་རྣམ་བཞག་གམ་གཟུང་འཛིན་གྲངས་མཉམ་པའི་ལུགས་ལ་སྲིད་པ་ཡིན་ཏེ། སྔོན་པོ་དེ་སྔོན་འཛིན་དབང་པོའི་མངོན་སུམ་གྱིས་ཡུལ་གཉིས་ཀ་ཡིན་པར་བཞག་ནུས་པའི་ཕྱིར། ཞིབ་མོའི་རྣམ་བཞག་གམ་གཉིས་མེད་དུ་སྨྲ་བའི་ལུགས་ལ་གཞི་མཐུན་སྲིད་པ་མ་ཡིན་ཏེ། གཟུང་ཡུལ་འདས་ཟིན་པས་ཐོབ་པར་བྱར་མེད་པའི་ཕྱིར། དེ་སྐད་དུ། སློབ་དཔོན་ཆོས་མཆོག་གིས། དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་གཟུང་བའི་ཡུལ་གང་ཡིན་པ་དེ་ནི་ཐོབ་པར་བྱ་བ་མ་ཡིན་ཏེ། སྐད་ཅིག་མ་དེ་ནི་ཐོབ་པར་མི་ནུས་པའི་ཕྱིར་ཞེས་གསུངས་སོ། །གལ་ཏེ་དོན་རང་མཚན་ལ་དེ་ལྟར་ཡིན་ཀྱང་དངོས་མེད་ལ་ནི་བཅད་པ་དང་ཐོབ་པའི་གཞི་མཐུན་ཡོད་དེ། ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ་སྙམ་ན་འཇུག་ཡུལ་དངོས་མེད་རྣམས་ལ་བཅད་པ་ཡོད་ཀྱང་ཐོབ་པ་མེད་དེ། དོན་བྱེད་མི་ནུས་པའི་ཕྱིར། དངོས་མེད་དང་རང་ལྡོག་ནས་ནི་རྟོགས་པ་ཉིད་ལ་ཐོབ་པ་ཞེས་བརྗོད་ཀྱི། ཐོབ་པ་མཚན་ཉིད་པ་མེད་དོ། །དངོས་མེད་རྟོགས་པས་དངོས་པོ་རང་མཚན་ཐོབ་པ་ཡོད་པ་ནི་སྔར་བཤད་པ་བཞིན་ནོ། །དེ་ལྟར་ན་བཅད་པ་དང་ཐོབ་པ་ལ་མུ་བཞི་སྟེ། བཅད་ཐོབ་གཉིས་ཀ་ཡོད་པ་ནི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུའོ། །བཅད་པ་ཡོད་ལ་ཐོབ་པ་མེད་པ་ནི་དངོས་པོར་མེད་པ་རྣམས་སོ། །ཐོབ་པ་ཡོད་ལ་བཅད་པ་མེད་པ་ནི་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ལྟ་བུའོ། །བཅད་ན་རྟོགས་དགོས་པ་ཡང་མ་ཡིན་ཏེ། །རྗེས་དཔག་གིས་རང་མཚན་བཞིན་ནོ། །དེའི་ཕྱིར་ཡུལ་ལ་ལྟོས་ནས་ཚད་མར་འཇོག་པའི་ཚུལ་ལ་གཉིས་ཏེ། རྟོགས་པ་དང་མི་བསླུ་བའོ། །དང་པོ་ནི། གང་བཅད་པའི་ཡུལ་དེ་ཉིད་ལ་ལྟོས་ནས་འཇོག་ལ། གཉིས་པ་ནི། གང་ཐོབ་པར་བྱ་བའི་ཡུལ་དེ་ཉིད་ལ་ལྟོས་ནས་འཇོག་གོ །དེ་ལྟར་ན་ཚད་མ་ཡིན་ན་གང་བཅད་པ་དེ་ཚད་མར་སོང་བ་དང་མ་སོང་བ་གཉིས་ཡོད་ལ། འཇུག་པ་དེ་ལ་ཚད་མར་སོང་བས་ཁྱབ་བོ། །དེ་ལྟ་མོད་ཀྱི། ཚད་མར་འགྲོ་བ་ལ་བཅད་པ་ལྟར་ཞུགས། ཞུགས་པ་ལྟར་ཐོབ་པ་ཞིག་དགོས་ཏེ། ཚད་མ་རྣམ་པར་ངེས་པ་ལས་གསལ་ལོ། །འདི་ཡང་རྒྱུན་ལ་ལྟོས་ནས་འཇོག་དགོས་པ་ཡིན་ཏེ། སྐད་ཅིག་ནི་བཅད་པ་ལྟར་ཐོབ་མི་ནུས་པའི་ཕྱིར། དེ་ལྟར་ཤེས་པ་ན་གཟུང་ཡུལ་སྐད་ཅིག་འཇོག་པ་དང༌། འཇུག་ཡུལ་རྒྱུན་ལ་ལྟོས་ནས་འཇོག་པའི་ཁྱད་པར་གོ་བར་འགྱུར་རོ། །འོ་ན་འདིར་ཐོབ་པ་ཞེས་པ་འཇུག་ཡུལ་ལ་བྱེད་དགོས་ན། བཅད་པ་ཞེས་བྱ་བ་དེ་ཡུལ་བཞི་པོ་གང་གི་སྟེང་ནས་འཇོག་ཅེ་ན། དེ་ནི་ཡུལ་བཞི་པོ་སོ་སོར་སྐབས་སྟོབས་ཀྱི་སོ་སོ་གོ་བར་བྱ་ཞིང༌། རང་རིག་གི་སྐབས་སུ་ཡུལ་མིན་པའང་སྲིད་དོ། །གསུམ་པ་ནི། འཇུག་ཡུལ་གྱི་རྣམ་པར་བཞག་པ་འདི་ནི། མདོ་སེམས་གཉིས་ཀས་ཐུན་མོང་དུ་ཁས་ལེན་དགོས་པ་ཡིན་ཏེ། གཉིས་ཀས་ཀྱང་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་མི་བསླུ་བ་དགོས་པར་ཁས་བླངས་པའི་ཕྱིར། དེ་ཡང་རྗེས་དཔག་རྣམས་རང་གི་གཞལ་བྱ་སྤྱི་མཚན་དེ་བཅད་ཀྱང་དེ་ལ་ཚད་མ་མིན། གཞལ་བྱ་རང་མཚན་དེ་བཅད་པ་དང་དེ་ལ་ཚད་མ་གཉིས་ཀའོ། །ཕྱི་དོན་འཛིན་པའི་མངོན་སུམ་རྣམས་ནི་བཅད་པའི་དེ་ཉིད་ལ་ཚད་མའོ། །གསུམ་པ་སྣང་ཡུལ་ལ། མཚན་ཉིད་དང༌། མཚན་གཞི། ལུང་གང་ལས་བྱུང་བསམ་པའོ། །དང་པོ་ནི། སྣང་ནས་རིག་པར་བྱ་བའོ། །སྣང་ཚུལ་ལ་གཉིས་ཏེ། འཇིག་རྟེན་དང་མཐུན་པ་རགས་པའི་རྣམ་གཞག་དང༌། མདོ་སྡེ་པ་རང་གི་གྲུབ་མཐའ་ལ་གནས་ནས་ཞིབ་མོའི་རྣམ་པར་བཞག་པའོ། །དང་པོ་ནི། རྟོག་མེད་ཤེས་པའི་སྣང་ཡུལ་དོན་རང་མཚན་དང༌། རྟོག་པའི་སྣང་ཡུལ་དོན་སྤྱི་མཚན་དང༌། བྱེ་བྲག་ཏུ་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་བདག་མེད་པ་ཉིད་སོགས་དང༌། རང་རིག་མངོན་སུམ་ལ་སྣང་ཡུལ་མེད་པ་སོགས་ཁས་བླང་བར་བྱའོ། །གཉིས་པ་ལ། སྣང་བའི་མིང་ཅན་གསུམ་སྟེ། དངོས་སུ་སྣང་བ་དང༌། ལྐོག་དུ་སྣང་བ་དང༌། སྣང་བ་མེད་པའི་ཚུལ་གྱི་སྣང་བ་ཞེས་བྱ་བ་རྣམས་སོ། །དེ་ལྟར་གསུམ་ལས་ཕྱི་མ་གཉིས་ནི་སྣང་བ་མཚན་ཉིད་པ་མ་ཡིན་ཏེ། དེ་ལ་མི་སྣང་བའི་དོན་མ་གཏོགས། སྣང་བའི་མཚན་ཉིད་ཅུང་ཟད་ཀྱང་མ་ཚང་བའི་ཕྱིར། སྣང་ཚུལ་དང་པོ་ནི། དོན་རང་མཚན་ཁོ་ནའི་སྟེང་ནས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། སྣང་བ་དངོས་པོའི་ཡུལ་ཅན་ཡིན། །ཞེས་གསུངས་པས་སོ། །དེ་ལའང་དོན་དང་ཤེས་པ་གཉིས་ལས་ཕྱི་རོལ་གྱི་དོན་རང་མཚན་ནི་ཤེས་པ་ལ་དངོས་སུ་སྣང་བ་མི་སྲིད་དེ། དེས་ནི་རང་འཛིན་གྱི་ཤེས་པ་ལ་དོན་གྱི་རྣམ་པ་གཏད་ནས་ཤེས་པ་དེའི་དུས་སུ་འདས་ཟིན་པའི་ཕྱིར། དེ་ལྟ་མ་ཡིན་ན་དོན་ལྐོག་ན་མོ་ཇི་ལྟར་རུང་ཞེས་བསམ་དགོས་པ་ཡིན་ནོ། །ཤེས་པ་རང་མཚན་ནི་དེའི་ཡུལ་ཅན་གྱི་ཤེས་པ་ཤིག་ལ་སྣང་བ་མ་ཡིན་ཏེ། རང་ཉམས་སུ་མྱོང་བའི་ཤེས་པ་ལ་ཡང་མི་སྣང༌། ཤེས་པ་གཞན་ལ་ཡང་མི་སྣང་བའི་ཕྱིར། དང་པོ་མི་སྣང་སྟེ། རང་ཉིད་རང་གི་ཡུལ་དུ་འགལ་བའི་ཕྱིར། གཉིས་པ་ལའང་མི་སྣང་སྟེ། ཤེས་པ་གཞན་གྱི་རྣམ་པ་མི་འཆར་བའི་ཕྱིར། ཤེས་པ་རྣམ་མེད་ཀྱི་རྣམ་པ་ཇི་ལྟར་འཆར་ཞེས་བསམ་དགོས་པ་ཡིན་ནོ། །རྣམ་པ་ཤར་བ་ལས་རྟོགས་པར་བཤད་པའང་ཕྱི་རོལ་གྱི་དོན་རྟོགས་ཚུལ་ཁོ་ནའི་ཐབས་སུ་བཤད་ཀྱི། ཤེས་པ་དང་དངོས་མེད་ཀྱི་ཐད་ན་རྣམ་པ་འཆར་བའི་བཤད་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་ཇི་སྐད་དུ། རང་གི་ངོ་བོ་སྣང་གྱུར་ཀྱང༌། །ཞེས་སོགས་སྐབས་མང་པོར་ཤེས་པ་རང་གི་ངོ་བོ་སྣང་བར་བཤད་པ་དེ་ནི་ཅི་ཡང་མི་སྣང་བ་ལ་སྣང་བར་མིང་བཏགས་པ་ཡིན་ཏེ། དཔེར་ན། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་རྣམས་བདག་མེད་ལ་གསལ་སྣང་མཆེད་པར་བཤད་པ་བཞིན་ནོ། །དེ་ལྟར་བཤད་པ་ན་མཁས་པ་མ་ཡིན་པ་གང་དག་བདག་མེད་ཀྱི་རྣམ་པ་ཤར་ནས། དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་བདག་མེད་མངོན་སུམ་གྱིས་རྟོགས་པའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་ཟེར་བ་དེ་ནི་ཆེས་ངོ་མཚར་བའི་གནས་ཏེ། གཞན་སེལ་གྱི་སྒོ་ནས་རྟོགས་པར་བྱ་དགོས་པ་རྣམས་ལ་རྣམ་པ་འཆར་བའི་བཤད་པ་རིགས་པ་མཁྱེན་པའི་གཞུང་ན་མེད་པའི་ཕྱིར་དང༌། ཁྱེད་ལྟར་ན། གཟུང་རྣམ་གྱི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་དེ། དེ་དངོས་རྟོགས་ཀྱི་ཚད་མའི་མཚན་ཉིད་དུ་ཁས་ལེན་དགོས་པར་འགྱུར་བ་ལས། དེ་འདྲ་གཞུང་འགྲེལ་ནས་གསུངས་པ་མེད་དོ། །མདོར་ན་རྟོག་མེད་ཀྱི་ཤེས་པ་ལ་དོན་དང་ཤེས་པ་གང་ཡང་དངོས་སུ་མི་སྣང་བར་བཤད་ནས། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ལ་ནི་དོན་རང་མཚན་དངོས་སུ་མི་སྣང་སྟེ། གལ་ཏེ་སྣང་ན་དེ་ལ་སྒྲུབ་འཇུག་ཏུ་ཐལ་བའི་ཕྱིར་རོ། །དེ་ལ་དེའི་རྣམ་པ་ཡང་མི་སྣང་སྟེ། རྟོག་པ་ལ་དོན་རང་མཚན་གྱི་རྣམ་པ་འཆར་བ་གཞུང་ན་བཤད་པ་མེད་པའི་ཕྱིར་དང༌། སེར་འཛིན་རྟོག་པ་སེར་པོ་དང་འདྲ་བ་མ་ཡིན་པའི་ཕྱིར་ཏེ། སེར་པོ་མཐོང་མ་མྱོང་བའི་གང་ཟག་གི་རྒྱུད་ལ་སེར་འཛིན་རྟོག་པ་ཡོད་པའི་ཕྱིར་དང༌། དེ་ལ་དེ་གསལ་བར་མི་སྣང་བའི་ཕྱིར། འོ་ན་བུམ་འཛིན་རྟོག་པ་ལ་བུམ་པའི་དོན་སྤྱི་ཤར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད་དོན་སྤྱི་རྣམ་པར་ཁས་བླང་ན་བཞད་གད་ཀྱི་གནས་སུ་འགྱུར་རོ། །འོ་ན་རྟོག་པ་ལ་དོན་རང་མཚན་མི་སྣང་མོད་དོན་སྤྱི་ཡང་མི་སྣང་ངམ་ཞེ་ན། རྣམ་པར་ཕྱེ་ནས་བཤད་པར་བྱ་སྟེ། བུམ་པའི་དོན་སྤྱི་ཞེས་བྱ་བའི་མཚན་གཞི་གང་ཡིན། ཕྱྭ་པའི་བཞེད་པ་ལྟར། བུམ་འཛིན་རྟོག་པ་ལ་བུམ་པར་རམ། བུམ་མིན་ལས་ལོག་པར་སྣང་བ་དེ་བུམ་པའི་དོན་སྤྱིར་འདོད་པ་ནི་མི་འཐད་དེ། དེ་ནི་ཤེས་རྣམ་ཁོ་ན་ཡིན་པའི་ཕྱིར་དང༌། དེ་དོན་སྤྱི་ཡིན་དུ་ཆུག་ཀྱང་དེ་ལྟར་སྣང་བ་དེ་ཆོས་ཅན། བུམ་འཛིན་རྟོག་པའི་སྣང་ཡུལ་མིན་ཏེ། དེ་ལ་མི་སྣང་བའི་ཕྱིར། གལ་ཏེ་སྣང་ན་ལྡོག་པ་འཕར་བས་ཐུག་མེད་དུ་འགྱུར་ཏེ། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་ཞེས་པ་འདི་ཙམ་ཞིག་གཞུང་ན་ཡོད་ཀྱི། སྣང་བ་དེ་སྣང་ཞེས་པ་གཞུང་ན་མེད་པའི་ཕྱིར། རྟོག་པ་ལ་བུམ་པར་སྣང་ཞེས་པ་འདི་ཡང་མཚན་ཉིད་པ་མ་ཡིན་ཏེ། རྟོག་པ་ལ་རང་མཚན་མི་སྣང་བའི་ཕྱིར། ཡང་རྟོག་ངོར་བུམ་མིན་རྣམ་པར་བསལ་ཙམ་དེ་ལ་བུམ་པའི་དོན་སྤྱིར་འདོད་ན་ནི་དེ་བུམ་འཛིན་གྱི་རྟོག་པ་ལ་སྣང་བ་མིན་ཏེ། མེད་དགག་དེ་ལ་སྣང་བ་འཆར་རྒྱུ་ཅི་ཡང་མེད་པའི་ཕྱིར། དེ་ལྟར་ན་རྟོག་པ་ལ་དོན་སྤྱི་སྣང་ཞེས་པ་འདི་ནི་རྟོག་པས་རང་གི་བསལ་བྱ་དེའི་མཚན་མར་མི་འཛིན་པ་ལ་དེའི་དོན་སྤྱིར་སྣང་བའམ། དེར་སྣང་བ་ཞེས་པའི་མིང་གིས་བཏགས་པ་ཡིན་ནོ། །ཞིབ་མོར་ཕྱེ་བ་དེའི་ཚེ་སྣང་ཡུལ་མཚན་ཉིད་པ་མི་སྲིད་དེ། གང་ལ་སྣང་བ་མཚན་ཉིད་པ་ཡོད་པ་དེ་ལ་ཡུལ་མི་རུང༌། གང་ལ་ཡུལ་མཚན་ཉིད་པ་ཡོད་པ་དེ་ལ་སྣང་བ་མི་རུང་བའི་ཕྱིར། གཉིས་པ་ནི། བསྒྲུབས་ཟིན་ལ་དང་པོ་གྲུབ་སྟེ། རྨི་ལམ་གསལ་སྣང་དང༌། ཟླ་གཉིས་གསལ་སྣང་གི་ཤེས་པ་བཞིན་ནོ། །འོ་ནའི་རྣམ་མེད་དུ་སྣང་ངམ་ཞེ་ན་སྣང་བ་ཡིན་ནོ། །འོ་ན་མདོར་རྣམ་མེད་འགོག་པ་མིན་ནམ་ཞེ་ན། དོན་རང་མཚན་རྣམ་མེད་དུ་འཆར་བ་འགོག་པ་ཡིན་གྱི། མེད་པ་ལ་དེ་མི་འགོག་སྟེ། མེད་པ་ལ་གསལ་སྣང་སྲིད་པའི་ཕྱིར་དང༌། མེད་པ་ལ་རྣམ་པ་འཆར་རྒྱུ་མེད་པའི་ཕྱིར། འདིར་རྣམ་པ་དང་དོན་སྤྱི་མ་ནོར་བར་བྱ་དགོས་ཏེ། རྣམ་པ་ནི་དོན་དེ་ངེས་པར་འདྲ་བ་ཞིག་ལ་བཤད་ལ། དོན་སྤྱི་ལ་ནི་མི་འདྲ་བ་དང་འདྲ་བ་ཅི་རིགས་སུ་འབྱུང་ཞིང༌། གཞི་མ་གྲུབ་པ་ལ་ཡང་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་རགས་པའི་རྣམ་བཞག་ལས་སྣང་བ་བཏགས་པ་བ་དང་ཡུལ་མཚན་ཉིད་པ་ཞིག་ལ་སྣང་ཡུལ་དུ་བཞག་པ་ཡིན་ཏེ། སྔོར་སྣང་དབང་ཤེས་རང་དུས་སུ་སྔོན་པོར་སྣང་བ་དེ་སྔོར་སྣང་དབང་ཤེས་ཀྱི་སྣང་ཡུལ་ཡིན་པ་དང༌། བུམ་པའི་དོན་སྤྱི་དེ་བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པ་དང༌། བདག་མེད་དེ་རྣལ་འབྱོར་མངོན་སུམ་གྱི་སྣང་ཡུལ་ཡིན་པ་ལྟ་བུའོ། །འདིར་བདག་མེད་ཅེས་པ་བདག་གཉིས་ཀྱིས་སྟོང་པའི་རང་རིག་རང་གསལ་ལོ། །འོ་ན་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་སྔོར་སྣང་དབང་ཤེས་ཉིད་མ་ཡིན་ནམ་དེའི་ཡུལ་དུ་ཇི་ལྟར་རུང་ཞེ་ན། སྣང་བ་འདི་ལ་དོན་དང་ཤེས་པ་གཉིས་སུ་འཇོག་དགོས་པ་ཡིན་ཏེ། སྔ་ལོགས་ཀྱི་སྔོན་པོ་དེ། རང་དུས་སུ་སྔོན་པོ་མ་ཡིན་ཀྱང༌། དེར་སྣང་བ་ཡིན་ནོ་ཞེས་འཆད་དགོས་པའི་ཕྱིར། གསུམ་པ་ནི། གཟུང་ཡུལ་དང༌། འཇུག་ཡུལ་གཉིས་ཀྱི་ཁུངས་ནི་སྡེ་བདུན་མཛད་པའི་གཞུང་ཉིད་ན་གསལ་བར་བཞུགས་ལ། སྣང་ཡུལ་ཞེས་པ་ནི་བོད་རྣམས་ཀྱིས་དུས་མཉམ་པའི་ཡུལ་ལ་དེའི་ཐ་སྙད་བཏགས་པ་མ་གཏོགས་དེའི་ཁུངས་གསལ་པོ་ཡོད་པར་མ་མངོན་ནོ། །འོ་ན་ཇི་སྐད་དུ། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །ཞེས་དང༌། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན་སྣང་བ་ཐ་དད་པས། །ཞེས་སོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་གསུངས་མོད། གཞུང་དེས་ནི་དེ་ལ་དེ་སྣང་བ་ཉིད་ཀྱང་མི་འགྲུབ་ན། སྣང་ཡུལ་གྱི་ཁུངས་སུ་ཇི་ལྟར་རུང༌། མི་འགྲུབ་པ་ཅི་ཞེ་ན། གལ་ཏེ་འགྲུབ་ན་རྟོག་པ་ལ་རང་མཚན་སྣང་བར་ཐལ་བ་དང༌། མངོན་སུམ་ལ་རང་གི་གཟུང་དོན་སྣང་བར་ཐལ་ལོ། །དེ་ལྟར་བཤད་པའི་དོན་བསྡུས་ན་སྣང་ཡུལ་གྱི་རྣམ་པར་བཞག་པ་ནི། ཤེས་པས་ཡུལ་རྣམ་མེད་དུ་འཛིན་པ་བྱེ་བྲག་དུ་སྨྲ་བའི་ལུགས་དང༌། འཇིག་རྟེན་གྱི་ལུགས་སོར་བཞག་པ་དེའི་ཚེ་ན། འཐད་པར་བཞག་པ་ཡིན་གྱི། མདོ་སྡེ་པ་རང་གི་གྲུབ་པའི་མཐའ་ལ་གནས་ནས་ནི་ཇི་ལྟ་བ་བཞིན་བཞག་པར་དཀའོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །གསུམ་པ་ཞེན་ཡུལ་ལ་མཚན་ཉིད་ནི། ཞེན་ནས་རིག་པར་བྱ་བའོ། །མཚན་གཞི་ཞེན་པའི་གཞི་ལ་ཞེན་ཡུལ་དུ་བྱས་པ་དང༌། ཞེན་སྟངས་ཀྱི་གཟུང་བྱ་ལ་ཞེན་ཡུལ་དུ་བྱས་པ་དང༌། ཞེ་ཕུགས་གི་འདོད་ཡུལ་ལ་ཞེན་ཡུལ་དུ་བྱས་པ་དང་གསུམ་མོ། །འདིར་བོད་སྔ་རབས་པ་དག་སློབ་དཔོན་ཆོས་མཆོག་གི་བཞེད་པར་བྱས་ནས། ཞེན་ཡུལ་ལ་འཇུག་ཡུལ་གྱིས་ཁྱབ་པར་འཆད་ཅིང༌། ཕྱི་རབས་ཕལ་ཆེར་དེའི་རྗེས་སུ་འབྲང་ངོ༌། །བར་གྱི་མཁས་པ་ཁ་ཅིག རྟོག་པའི་ཡུལ་གང་ཡིན་ཐམས་ཅད་ཞེན་ཡུལ་དུ་བཞེད་དོ། །དང་པོ་མི་ཐད་དེ་ཁ་སང་གི་བུམ་པ་འཛིན་པའི་དེ་རིང་གི་དུས་ཀྱི་བུམ་འཛིན་རྟོག་པ་ཆོས་ཅན། དེ་ཁྱོད་ཀྱི་འཇུག་ཡུལ་དུ་ཐལ། དེ་ཁྱོད་ཀྱི་ཞེན་ཡུལ་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ཞེན་སྟངས་ཀྱི་ཡུལ་དུ་བྱེད་པའི་རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ལ་མི་བསླུ་བར་འགྱུར་ལ། དེ་ཡང་འདོད་ན་དེས་དེ་ཐོབ་ནུས་པར་འགྱུར་རོ། །འོ་ན་དེ་དེ་ལ་རྒྱུད་ནས་འབྲེལ་བར་བཤད་པ་མ་ཡིན་ནམ་ཞེ་ན། སྤྱིར་བུམ་པ་ཙམ་ལ་རྒྱུད་ནས་འབྲེལ་ན། དེ་ལ་མི་བསླུ་བར་བཤད་ནུས་ཀྱི། བྱེ་བྲག་ཁ་སང་གི་བུམ་པ་ལྟ་བུ་ལ་སྦྱར་ན་དེས་དེར་མི་འགྲུབ་སྟེ། མེད་པའི་དོན་ལ་མི་བསླུ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གཞན་ཡང་གྲངས་ཅན་གྱིས་ལ་རྟག་པ་དཔག་འདོད་ཀྱི་ཡུལ་དུ་བྱས་པ་དེའི་ཚེ། སྒྲ་རྟག་པ་ཆོས་ཅན། དེའི་འཇུག་ཡུལ་དུ་ཐལ། དེའི་ཞེན་ཡུལ་ཡིན་པའི་ཕྱིར་ཏེ། དེའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡུལ་ཅན་དང་ཡུལ་གཉིས་ཕན་ཚུལ་དུ་གཅིག་ལ་གཅིག་མི་བསླུ་བ་མེད་པའི་ཕྱིར། ལུགས་གཉིས་པ་མི་འཐད་དེ། དེ་དེ་ལ་ཞེན་བློར་སོང་བ་ཙམ་གྱི་དེ་དེའི་ཞེན་ཡུལ་དུ་བཞག་མི་ནུས་པའི་ཕྱིར། གལ་ཏེ་ནུས་ན་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་དུས་ཀྱི་གྲངས་ཅན་གྱི་ཡིད་རྟོག་ཆོས་ཅན། མིག་སོགས་གཞན་དོན་བྱེད་པ་ཁྱོད་ཀྱི་ཞེན་ཡུལ་དུ་ཐལ། ཁྱོད་དེ་ལ་ཞེན་བློ་ཡིན་པའི་ཕྱིར་འདོད་ན། དེ་ཁྱོད་ཀྱི་ཞེ་ཕུགས་ཀྱི་འདོད་ཡུལ་དུ་བྱས་པར་ཐལ་ལོ། །གཞན་ཡང༌། བུམ་པའི་དོན་སྤྱི་ཆོས་ཅན། བུམ་འཛིན་རྟོག་པའི་ཞེན་ཡུལ་དུ་ཐལ། དེ་ཁྱོད་ལ་ཞེན་བློ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཞེས་བརྗོད་པའི་སྒྲའི་ཞེན་པའི་བརྗོད་བྱར་ཐལ་ལོ། །གཞན་ཡང་སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཞེན་ཡུལ་དུ་ཐལ། དེ་ཁྱོད་ལ་ཞེན་བློ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་དང་རློམ་ཚོད་ཀྱི་བསྒྲུབ་བྱར་ཐལ། དེས་ཁྱོད་བསྒྲུབ་བྱར་བཟུང་བ་གང་ཞིག་ཁྱོད་དེའི་ཞེན་ཡུལ་ཡིན་པའི་ཕྱིར། དེ་ལྟར་གཞན་གྱི་ཕྱོགས་ལ་སུན་འབྱིན་བརྗོད་ནས། རང་གི་ལུགས་ལ་ནི། སྤྱིར་ཡུལ་རྣམ་པ་གཉིས་ཏེ། དངོས་ཀྱི་ཡུལ་དང༌། ཞེན་པའི་ཡུལ་ལོ། །དང་པོ་ལ། སྔར་ཇི་སྐད་བཤད་པའི་རིགས་པས་རྟོག་མེད་ཤེས་པའི་དངོས་ཡུལ་ནི་བཞག་པར་དཀའ་ལ་རྟོག་པའི་དངོས་ཡུལ་ནི་གཞན་སེལ་ལོ། །ཞེན་ཡུལ་ནི་གཉིས་ཏེ། བློ་དེ་ཉིད་ཀྱི་ཞེན་ཡུལ་དུ་བྱས་པ་དང༌། བློ་གཞན་གྱི་ཞེན་ཡུལ་དུ་བྱས་པའོ། །དང་པོ་ནི། སྒྲ་རང་མཚན་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང༌། སྒྲ་རྟག་འཛིན་རྟོག་པ་གཉིས་ཀའི་ཞེན་ཡུལ་དང༌། སྒྲ་མི་རྟག་པ་རང་མཚན་དེ། རྗེས་དཔག་དེའི་ཞེན་ཡུལ་ཡིན་པ་ལྟ་བུ་དང༌། སྒྲ་མི་རྟག་པ་རང་མཚན་དེ་སྒྲ་རྟག་འཛིན་རྟོག་པའི་ཞེན་ཡུལ་ཡིན་པ་ལྟ་བུའོ། །གཉིས་པ་ནི། མེ་དོན་གཉེར་གྱི་སྐྱེས་བུ་མེ་ལ་དོན་གཉེར་ཞུགས་ནས་འཇུག་པ་ན་མེ་རང་མཚན་ལྟ་བུའོ། །གསུམ་པ་ལུང་ཁུངས་བསམ་པ་ནི། སྡེ་བདུན་གྱི་གཞུང་ན་ཞེན་ཡུལ་གྱི་ལུང་ཁུངས་གསལ་པོ་མི་བཞུགས་ཤིང༌། སྔ་རབས་པ་རྣམས་ཀྱི་ནི་འཇུག་ཡུལ་སྟོན་པའི་ལུང་གང་ཡིན་པ་དེ་ཉིད་ཞེན་ཡུལ་གྱི་ཁུངས་སུ་བཞེད། ཕྱི་རབས་པ་ཁ་ཅིག་གིས་ནི། ཞེན་བློ་སྟོན་པའི་གཞུང་ཐམས་ཅད་ཞེན་ཡུལ་གྱི་ཁུངས་སུ་བཞེད། རིགས་པའི་གཏེར་ལས། ངེས་དང་སྒྲོ་འདོགས་ཞེན་ཡུལ་གཅིག །ཅེས་གསུངས་པའི་དོན་ལ་དཔྱད་དགོས་པར་སྣང་ཞིང༌། འདིར་ནི་ཞེ་ཕུགས་ཀྱི་ཡུལ་ལ་ཞེན་ཡུལ་དུ་བྱས་པ་དེ་ཉིད་ཁུངས་སུ་བྱས་ནས་བཤད་པ་ཡིན་ནོ། །མདོར་ན། གྲུབ་མཐའ་སྨྲ་བ་བཞིའི་རིམ་པས་ཡུལ་གྱི་འཇོག་ཚུལ་ནི། བྱེ་བྲག་ཏུ་སྨྲ་བས་སྣང་ཡུལ་གཙོ་བོར་འདོད་དེ། ཡུལ་ཡུལ་ཅན་དུས་མཉམ་པ་ཁོ་ནར་འདོད་པའི་ཕྱིར། མདོ་སྡེ་པས་ནི་གཙོ་བོར་གཟུང་ཡུལ་ཁས་ལེན་པ་ཡིན་ཏེ། ཕྱི་དོན་ལྐོག་ན་མོར་ཁས་ལེན་པའི་ཕྱིར། སེམས་ཙམ་པ་ནི་མ་འོངས་པའི་དོན་དུ་གཉེར་བྱ་ལ་འཇུག་ཡུལ་དུ་བཏགས་པ་ཙམ་ཞིག་མ་གཏོགས། དུས་མཉམ་པའི་ཤེས་པ་ལ་ཡུལ་ཡུལ་ཅན་ཁས་མི་ལེན་ཏེ། ཤེས་པ་ཐམས་ཅད་རང་རིག་ཏུ་འདོད་པའི་ཕྱིར། དེ་ལྟར་ན་གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུ་དང༌། མཐར་ཐུག་གི་འཇུག་ཡུལ་གི་གཙོ་བོ་ཡང་རང་མཚན་ཁོ་ན་དང༌། སྣང་བ་ཡང་རང་མཚན་ཁོ་ནའི་སྟེང་ནས་བཞག་པ་དང༌། ཞེན་ཡུལ་གྱི་གཙོ་བོ་ཡང་རང་མཚན་ཁོ་ནའི་སྟེང་ནས་བཞག་པ་འདིས་ནི། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་བྱ་བའི་གཞུང་གི་དོན་ལེགས་པར་བཤད་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤང་བ་དང༌། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་མེ་རང་མཚན་ཁོ་ན་དུ་ལྡན་གྱི་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་དང༌། མེ་རང་མཚན་མཐོང་བའི་མངོན་སུམ་གཉིས་ཀའི་འཇུག་ཡུལ་ཡིན་གྱི། མེའི་དོན་སྤྱི་དེ་འཇུག་ཡུལ་མ་ཡིན་ན་ཇི་སྐད་དུ། བདག་ཉིད་ཆེན་པོས་གཞལ་བྱ་རང་སྤྱི་གཉིས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མེའི་དོན་སྤྱི་དེ་དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་མེ་རང་མཚན་ལ་འཇུག་པའི་འཇུག་ཚུལ་གྱི་སྒོ་ནས་བཞལ་བྱར་བཞག་པ་ཡིན་གྱི། འཇུག་ཡུལ་ཡིན་པའི་རྒྱུ་མཚན་གྱིས་དེར་བཞག་པ་མ་ཡིན་པའི་ཕྱིར། དེའི་སྒོ་ནས་དེར་བཞག་པ་ཇི་ལྟར་ཞེ་ན། རྗེས་དཔག་དེས་དུ་ལྡན་ལའི་སྟེང་དུ་མེ་མ་ཡིན་རྣམ་པར་བསལ་ཙམ་དེ་བཅད། བཅད་པ་ལྟར། དེ་ལ་མེ་རང་མཚན་དུ་ཞེན་ནས་ཞུགས་པས་དེ་ཐོབ་པར་ནུས་པའི་ཕྱིར། འོ་ན་རྗེས་དཔག་དེ་མེ་རང་མཚན་ལ་མ་འཁྲུལ་པ་ཡིན་ནམ་ཞེ་ན། དེ་དེ་ལ་འཁྲུལ་པ་ཡིན་ཏེ། དེ་མ་ཡིན་ལ་དེར་ཞེན་པའི་ཕྱིར། འོ་ན་དེ་དེ་ལ་ཚད་མ་མ་ཡིན་པར་ཐལ། དེ་ལ་འཁྲུལ་བའི་ཕྱིར་ཞེ་ན། དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ལ་མེའི་ཚོགས་དོན་རང་མཚན་ལ་འཁྲུལ་ཡང་དེ་ལ་ཚད་མ་ཡིན་ཏེ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། གལ་ཏེ་ཆོས་ཅན་དེ་ལ་བསླུ་བར་ཐལ། དེ་ལ་འཁྲུལ་པའི་ཕྱིར་ཞེ་ན། དེ་ཆོས་ཅན། དེ་ལ་འཁྲུལ་ཡང་མི་བསླུ་བ་ཡིན་ཏེ། དེ་ལ་རྒྱུད་ནས་འབྲེལ་བའི་རིག་པ་ཡིན་པའི་ཕྱིར། དཔེར་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །དེ་སྐད་དུ་ཡང༌། འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད། །ཅེས་གསུངས་སོ། །དོན་འདི་ལ་བོད་ཕྱི་རབས་པ་དག་ན་རེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་སྣང་ཡུལ་ལ་འཁྲུལ་ཡང་འཇུག་ཡུལ་ལ་མ་འཁྲུལ་པ་ཡིན་ནོ། །ཞེས་ཟེར་བ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། འཇུག་ཡུལ་ལ་རྟོག་པ་ཡིན་ན་དེ་ལ་མ་འཁྲུལ་པར་འགལ་བའི་ཕྱིར་དང༌། འཇུག་ཡུལ་ལ་འཁྲུལ་ཡང་མི་བསླུ་ཞེས་པ་གཞུང་གི་སྐབས་སུ་བབ་པའི་ཕྱིར། དེ་ལས་གཞན་དུ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པ་ལ་མངོན་སུམ་དུ་ཐལ། དེ་ལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་སློབ་དཔོན་ཆོས་མཆོག་གིས། མངོན་སུམ་གྱི་མཚན་ཉིད་དུ་རྟོགས་བྲལ་སྨོས་པ་ནི་ལོག་རྟོག་སེལ་བ་ཙམ་ཡིན་གྱི། རིགས་མི་མཐུན་མཐའ་དག་ནི་མ་འཁྲུལ་པ་ཙམ་གྱིས་སེལ་ནུས་པར་བཤད་པ་དེ་ཁྱེད་ཅག་ལ་ལུང་ཚད་མ་ཡིན་པར་འགྱུར་པས་སོ། །དེ་ལྟ་ན་ཡང་དེ་ཆོས་ཅན། སྒྲ་རྟག་པ་མ་ཡིན་པ་ལ་མངོན་སུམ་དུ་ཐལ། དེ་ལ་རྟོག་པ་དང་བྲལ་ཞིང་དེ་ལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེ་ལ་རྟོག་པ་ཡིན་ན། དེ་ལ་དགག་རྟོག་ཏུ་ཐལ་བར་འགྱུར་རོ། །གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བ་ནི། གལ་ཏེ་ཕྱི་རོལ་གྱི་དོན་ལྐོག་ན་མོ་ཞེས་བྱ་བ་མདོ་སྡེ་པའི་གྲུབ་མཐའ་འཐད་པར་ཁས་ལེན་ན། འོ་ན་སྔོན་པོ་ཆོས་ཅན། སྔོ་འཛིན་མངོན་སུམ་རྒྱུད་ལ་ལྡན་པའི་གང་ཟག་ལ་ལྐོག་གྱུར་དུ་ཐལ། དེའི་ངོ་བོར་ཡོད། དེའི་ངོར་ཁྱོད་རྟོགས་པའི་མངོན་སུམ་མི་སྲིད་པའི་ཕྱིར། འདོད་པར་མི་ནུས་ཏེ། དེའི་རྒྱུད་ལ་ཁྱོད་འཛིན་མངོན་སུམ་གྲུབ་པའི་ཕྱིར། གཞན་ཡང་ཕྱི་རོལ་གྱི་དོན་དངོས་སུ་རྟོགས་པའི་ཚད་མ་མི་སྲིད་དོ་ཞེས་བྱ་བ་འདི་ནི་དོན་སྨྲ་བའི་གྲུབ་པའི་མཐའ་ལ་མི་འགྲིག་སྟེ་རྣམ་རིག་པ་དང་ཁྱད་པར་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར་ཞེས་ཟེར་རོ། །འདིའི་ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། མེ་ཆོས་ཅན། མེའི་ཁ་དོག་མཐོང་བའི་མངོན་སུམ་རྒྱུད་ལ་ལྡན། དེའི་རེག་བྱ་འཛིན་པའི་མངོན་སུམ་རྒྱུད་ལ་མི་ལྡན་པའི་གང་ཟག་དེ་ལ་ལྐོག་གྱུར་དུ་ཐལ། དེའི་ངོར་ཁྱོད་ཡོད། དེའི་ངོར་ཁྱོད་རྟོགས་པའི་མངོན་སུམ་མི་སྲིད་པའི་ཕྱིར། ཅེས་བྱ་བ་འདི་ནི་ཁྱབ་པ་དང་ཐལ་ཆོས་ཁས་བླངས། རྟགས་ཕྱི་མ་མ་གྲུབ་ན། རེག་བྱ་མངོན་སུམ་དུ་མཐོང་བའི་མིག་ཤེས་ཡོད་པར་འགྱུར་རོ། །དེ་བཞིན་དུ་འབྱུང་བ་བཞི་ཅར་ལ་སྦྱར་ཞིང༌། གཞན་ཡང་བུམ་པ་དང་ཀ་བ་སོགས་ཆོས་ཅན། བུམ་གཟུགས་སོགས་མཐོང་བའི་མིག་ཤེས་རྒྱུད་ལ་ལྡན་པའི་གང་ཟག་ལ་ལྐོག་གྱུར་དུ་ཐལ། སྒྲུབ་བྱེད་སྔ་མ་དེ་དག་གི་ཕྱིར་རོ། །འདོད་མི་ནུས་ཏེ་དེ་ལ་དེའི་རྣམ་པ་དངོས་སུ་ཤར་བའི་ཕྱིར། རྩ་བར་མ་གྲུབ་ན། བུམ་གཟུགས་མཐོང་བའི་མིག་ཤེས་ལ་བུམ་པ་དངོས་སུ་སྣང་བར་འགྱུར་ལ། དེ་ལྟ་ན་ནི་བུམ་པའི་རེག་བྱ་མཐོང་བའི་མིག་ཤེས་ལ་ཡང་བུམ་པ་དངོས་སུ་སྣང་བར་འགྱུར་ལ། དེ་ལྟ་ན་ནི་བུམ་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་གཉིས་ཀ་ཡིན་པར་འགྱུར་ཞིང༌། གཞན་ཡང་བུམ་སོགས་བཏགས་ཡོད་རྣམ་པར་ཤེས་པའི་ཚོགས་ལྔ་པོ་གང་རུང་གི་དངོས་ཡུལ་དུ་འདོད་པ་ནི་མདོ་སྡེ་པའི་གྲུབ་མཐའ་མ་ཡིན་ཏེ། གྲུབ་པའི་མཐའ་དེ་ལ་རགས་རྒྱུན་རྫས་སུ་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་དངོས་སུ་མི་སྣང་ཡང་དེ་དེ་ལ་ལྐོག་གྱུར་ཡིན་མི་དགོས་ཏེ། དེས་དེ་ལ་རང་འདྲའི་རྣམ་པ་དངོས་སུ་གཏད་པའི་ཕྱིར། དཔེར་ན་མེའི་ཁ་དོག་འཛིན་པའི་མིག་ཤེས་ལ་མེ་རང་མཚན་དངོས་སུ་མི་སྣང་ཡང་དེ་དེ་ལ་ལྐོག་གྱུར་ཡིན་མི་དགོས་པ་བཞིན་དང༌། སྐྱེས་བུ་གཅིག་གི་གཟུགས་ལ་ལྟ་བའི་གཉེན་གྱི་མིག་ཤེས་དེ་ལ། དེའི་གཟུགས་ཡིད་མི་འོང་དེ་དངོས་སུ་མི་སྣང་ཡང༌། དེ་དེ་ལ་ལྐོག་གྱུར་མ་ཡིན་པ་བཞིན་དང༌། ཆུ་ཕོར་པ་གང་ལ་ལྟ་བའི་ལྷའི་མིག་ཤེས་དེ་ལ་དེ་དངོས་སུ་མི་སྣང་ཡང་ལྐོག་གྱུར་མ་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང༌། གང་ལ་དོན་གྱི་ནུས་པ་ལ། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུང་ངོ༌། །དེའི་ཕྱིར་མདོ་སྡེ་པའི་གྲུབ་པའི་མཐའ་ལ་ཕྱི་རོལ་དོན་སྣང་གི་ཤེས་པ་ལ་ཕྱི་རོལ་གྱི་དོན་དངོས་སུ་སྣང་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཁས་ལེན་དགོས་པར་འགྱུར་རོ། །ཇི་ལྟར་ཞེ་ན་སྐྱེས་བུ་གཅིག་གི་གཟུགས་ཡིད་འོང་དུ་སྣང་བའི་ཚད་མ་དེ་ལ་ཡིད་འོང་དེ་དངོས་སུ་སྣང་ཡང༌། གཅིག་ཤོས་ཀྱི་ཚད་མ་དེ་ལ་ཡིད་མི་འོང་དེ་དངོས་སུ་སྣང་བའི་ཕྱིར་དང༌། ཆུ་ཀླུང་ལ་ལྟ་བའི་ལྷའི་མིག་ཤེས་ཚད་མ་དེས་བདུད་རྩིར་དངོས་སུ་མཐོང༌། དེ་ལ་ལྟ་བའི་མིའི་མིག་ཤེས་ཚད་མ་དེས་ཆུར་དངོས་སུ་མཐོང༌། དེ་ལ་ལྟ་བའི་ཡི་དྭགས་ཀྱི་མིག་ཤེས་ཚད་མ་དེས་རྣག་ཁྲག་དུ་དངོས་སུ་མཐོང༌། དེ་དུས་ཀྱི་མིག་ཤེས་གསུམ་པོ་དེ་ལ་ཚད་མ་ཡིན་མ་ཡིན་གྱི་རྣམ་དབྱེ་མེད་པའི་ཕྱིར། ཁོ་བོ་ཅག་གི་ཕྱོགས་ལ་ཉེས་པ་དེ་ཡོད་པ་མ་ཡིན་ཏེ། དེ་ལྟར་སྣང་བ་དེ་རྣམ་པ་ཡིན་གྱི། ཕྱི་རོལ་གྱི་དོན་དངོས་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་ན་ཡང༌། རྣམ་པར་རིག་པ་ཙམ་དང་ཁྱད་པར་མེད་པ་མ་ཡིན་ཏེ། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་ན་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། ཇི་སྐད་དུ། རྒྱུ་ནི་དོན་ཡང་ཡིན་པས་ན། །ཞེས་དང༌། ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་བཟུང་བར་ཤེས། །ཞེས་གསུངས་སོ། །དོན་གཅིག་ལ་རྣམ་པ་མི་འདྲ་བ་འཆར་བ་དེ་ཡང་ཕྱི་རོལ་གྱི་དམིགས་པའི་རྐྱེན་བྱས་ནས། ཤེས་པ་སྔ་མའི་སྟེང་ན་བག་ཆགས་སད་བྱེད་ཀྱི་རྐྱེན་ཇི་ལྟར་ཡོད་པ་བཞིན་དུ་འཆར་བ་ནི་ཇི་སྐད་དུ། དེ་ཕྱིར་དོན་རྟེན་སྐྱེ་འགྱུར་བའི། །མྱོང་བ་ཇི་ལྟའི་རྒྱུ་བཞིན་དུ། །རྣམ་པ་ཐ་དད་འཛིན་བྱེད་དེ། །ཞེས་གསུངས་སོ། །གཉིས་པ་གཞལ་བྱ་བྱེ་བྲག་ཏུ་བཤད་པ་ལ་མཚན་ཉིད་དང༌། མཚན་གཞིའི་དབྱེ་བའོ། །དང་པོ་ནི། ཚད་མས་རྟོགས་པར་བྱ་བའོ། །འདིར་ཡང་བྱ་བའི་སྒྲ་དུས་གསུམ་ཀ་ལ་འཇུག་པས་ཚད་མར་རང་དུས་སུ་འདས་ཟིན་པ་དང༌། མ་སྐྱེས་པ་དང་དུས་མཉམ་མོ། །ཚད་མ་དེའི་གཞལ་བྱ་ཡིན་ན་དེ་དེ་ལ་ཚད་མར་སོང་བས་མ་ཁྱབ་སྟེ། རྗེས་དཔག་གིས་སྤྱི་མཚན་བཞིན་ནོ། །བློ་དེའི་འཇུག་ཡུལ་དེ་ཡིན་ན། དེས་རྟོགས་པས་མ་ཁྱབ་སྟེ། རྟགས་འཛིན་གྱི་སེམས་དང་རྟགས་ཅན་བསྒྲུབ་བྱ་བཞིན་ནོ། །དེ་ལྟ་མ་ཡིན་ན་འཇུག་ཡུལ་གྱི་གཞལ་བྱ་ཇི་ལྟར་ཁས་ལེན། ཁ་ཅིག་རྗེས་དཔག་གི་གཞལ་བྱ་ཡིན་ན་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་དགོས་པར་འདོད་པ་ཡང་རིགས་པ་འདིས་བསལ་ཞིང༌། རིགས་པ་གཞན་གྱིས་ཀྱང་ཁེགས་པ་ཡིན་ཏེ། རྗེས་དཔག་གི་ཞེན་སྟངས་ཀྱི་བཟུང་བྱ་ཡིན་ན། བསྒྲུབ་བྱ་ཡིན་དགོས་ཀྱང་མཐར་ཐུག་གི་འཇུག་ཡུལ་ཡིན་ན་བསྒྲུབ་བྱ་ཡིན་མི་དགོས་པའི་ཕྱིར་རོ། །འོ་ན་བློ་དེའི་ཡུལ་ཡིན་ན་དེའི་གཞལ་བྱ་ཡིན་མི་དགོས་པ་ནི་རྟོགས་པར་སླ་མོད། ཚད་མ་དེའི་གཞལ་བྱ་ཡིན་ན་ཚད་མ་དེའི་ཡུལ་ཡིན་དགོས་སམ་ཞེ་ན། དེ་ནི་དགོས་པ་མ་ཡིན་ཏེ། འདི་ལྟར་གཟུང་རྣམ་ཆོས་ཅན། འཛིན་རྣམ་གྱི་ཡུལ་དུ་ཐལ། དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། གཟུང་རྣམ་གཞལ་བྱར་བྱས་པའི་ཚང་འབྲས་ཀྱི་རྣམ་བཞག་འདིར་ཁས་ལེན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་ལ་རང་རིག་ཡིན་པའི་ཕྱིར། འོ་ན་དེའི་གཞལ་བྱ་མ་ཡིན་པར་ཐལ་བ་མཚུངས་སོ་ཤེ་ན། མཚུངས་པ་མ་ཡིན་ཏེ། དེ་ལ་ཚད་མ་ཡིན་ན། དེ་དེའི་གཞལ་བྱ་ཡིན་དགོས་ཤིང༌། དེ་ལ་རང་རིག་ཡིན་ན་དེ་དེའི་ཡུལ་དུ་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་གཞལ་བྱ་རྟོགས་ཚུལ་ལས་ཚད་མར་བཤད་པའི་ཕྱིར། འོ་ན་ཚད་མ་དེའི་འཇུག་ཡུལ་གྱི་གཞལ་བྱ་ཡིན་ན་ཚད་མ་དེས་རྟོགས་དགོས་སམ་ཞེ་ན་མི་དགོས་པ་ཡིན་ཏེ། འཇུག་ཡུལ་ནི་གཙོ་བོར་མ་འོངས་པ་ལ་འཇོག་པའི་ཕྱིར། དཔེར་ན། སྦྱོར་བ་སྐོར་གཅིག་གི་རློམ་ཚོད་ཀྱི་རྟགས་ཅན་སྒྲུབ་བྱ་དེ་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་ཚད་མ་དེའི་འཇུག་ཡུལ་དུ་སོང་བ་བཞིན། གཉིས་པ་མཚན་གཞི་ལ། འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་རང་སྤྱི་གཉིས། ངོ་བོའི་སྒོ་ནས་དབྱེ་ན་བདེན་པ་གཉིས། རྟོགས་དཀའ་སླའི་སྒོ་ནས་དབྱེ་ན་མངོན་ལྐོག་གཉིས་སོ། །དང་པོ་ལ། མཚན་ཉིད་ནི་དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པའི་ཆོས་སོ། །མཚན་གཞི་ནི། སྐད་ཅིག་གི་ཆ་མེད་པའི་ཤེས་པ་དང༌། ཕྱོགས་ཀྱི་ཆ་མེད་ཀྱི་རྡུལ་ཕྲ་རབ་རྣམས་ནི་རང་མཚན་གྱི་མཚན་གཞི་དང༌། རང་མཚན་ཡིན་ན་རྫས་སུ་གྲུབ་པས་ཁྱབ་ཅིང༌། དེ་ཡིན་ན་བདེན་པར་གྲུབ་པ་དང༌། དོན་དམ་པའི་བདེན་པ་དང་རིགས་པས་དཔྱད་བཟོད་ཡིན་པས་ཁྱབ་ཅིང༌། དཔྱད་བཟོད་པའི་དོན་ཡང་གྲུབ་མཐའ་གོང་མ་ལ་གྲགས་པའི་རིགས་པས་མ་ཡིན་གྱི། མདོ་སྡེ་པ་རང་གི་རིགས་པས་སོ། །དེའི་ཕྱིར་མེ་རང་མཚན་ཞེས་འཇོག་པ་དེའི་ཚེ། དོན་གྱི་གནས་ཚུལ་ནི་རྡུལ་ཕྲན་དུ་གནས་ཤིང༌། སྣང་ཚུལ་ལ་རགས་པར་སྣང་བ་དང༌། སྒྲ་མི་རྟག་པ་རང་མཚན་ཞེས་འཇོག་པ་དེའི་ཚེ་ཡང༌། གནས་ཚུལ་ནི་སྐད་ཅིག་གི་ཕྲེང་བར་གནས་ལ། སྣང་ཚུལ་ནི་རྒྱུན་དུ་སྣང་བའོ། །གཉིས་པ་སྤྱི་མཚན་གྱི་མཚན་གཞི་ལ་གཉིས་ཏེ། དངོས་པོར་ཡོད་པ་དང༌། མེད་པའོ། དང་པོ་ནི། ཀུན་རྫོབ་པའི་དངོས་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། འདི་རང་མཚན་མ་ཡིན་ཏེ། དོན་དམ་པར་དོན་བྱེད་མི་ནུས་པའི་ཕྱིར། གཞན་དུ་ན་དོན་དམ་པའི་དངོས་པོར་འགྱུར་རོ། །ཀུན་རྫོབ་པའི་དངོས་པོ་ལ་གཉིས་ཏེ། ཡུལ་སྟེངས་ན་དངོས་པོར་གནས་པས་དང༌། རྟོག་པ་དོན་མཐུན་ལ་དངོས་པོར་སྣང་བའོ། །དང་པོ་ནི། རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་སོ། །གཉིས་པ་ནི། དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་མཐའ་དག་གོ །ཡང་གཉིས་པ་ནི། འདུས་མ་བྱས་གསུམ་དང༌། དེ་ལ་བརྟེན་པའི་གཞན་སེལ་རྣམས་སོ། །དེ་ལ་འདི་སྙམ་དུ། བུམ་གཟུགས་རགས་པ་མཐོང་བའི་མིག་ཤེས་དང༌། ཤེས་པའི་རྒྱུན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རྗེས་དཔག་ཏུ་ཐལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར་སྙམ་ན་ནི། དེ་ནི་རྟགས་མ་གྲུབ་པར་གོང་དུ་རིགས་པས་བསྒྲུབ་ཟིན་ལ། དངོས་ཡུལ་དུ་བྱེད་པའི་ཕྱིར་ཟེར་ན་ཡང་མ་གྲུབ་པ་ཉིད་དོ། །འོ་ན་རང་མཚན་སྣང་ཡུལ་དུ་བྱེད་པའི་ཚད་མ་ཡང་མི་སྲིད་པར་འགྱུར་ལ། དེ་ལྟ་ན་ནི། ཡུལ་ཅན་སྣང་བ་ཐ་དད་པས། །ཞེས་བཤད་པ་དང་འགལ་ལོ་སྙམ་ན་འགལ་བ་མ་ཡིན་ཏེ། སྣང་བ་ཐ་དད་ཅེས་པ་རྣམ་པ་འཆར་ཚུལ་ཐ་དད་པ་ལ་བཤད་ཀྱི། སྐབས་དེ་ན་སྣང་ཡུལ་གྱི་ཐ་སྙད་བཤད་པ་མེད་པའི་ཕྱིར། དེའི་འགྲེལ་པར་རྣམ་ངེས་ལས། ཚད་མ་གཉིས་དམིགས་ཡུལ་གཅིག་པ་དང་བྱ་བའི་ཡུལ་ཐ་དད་པར་བཤད་དོ། །འོ་ན་རིགས་པ་བརྒྱད་ཀྱི་སྤྱི་མཚན་དངོས་མེད་དུ་བསྒྲུབས་པ་མ་ཡིན་ནམ་ཞེ་ན། དེར་ནི་དོན་དམ་པའི་དངོས་མེད་དུ་བསྒྲུབ་པ་ཡིན་ཏེ། རང་མཚན་གྱི་མཚན་ཉིད་མ་ཞུགས་པར་བསྒྲུབ་པའི་སྐབས་ཡིན་པའི་ཕྱིར། འོ་ན་ས་བོན་སོགས་ནི་མྱུ་གུ་སོགས་ལ་ཞེས་པར། ས་བོན་གྱིས་དོན་དམ་པར་དོན་བྱེད་ནུས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ས་བོན་རང་མཚན་ལ་དགོངས་སོ། །འོ་ན་ས་བོན་རང་མཚན་དེ་ཅི་ལ་ཟེར་ཞེ་ན། དེ་ནི་ས་བོན་གྱི་སྣང་ཚུལ་རགས་པ་དེ་ལ་བྱ་བ་མ་ཡིན་གྱི། དེའི་གནས་ཚུལ་རྡུལ་ཕྲ་རབ་ཏུ་གནས་པ་དེ་ལ་བྱ་བ་ཡིན་ཏེ། ཕྲེང་བ་དང༌། དམག་དང༌། གཡག་རྔ་དང༌། ནེའུ་གསིང་བཞིན་ནོ། །འོ་ན་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་སྤྱི་མཚན་ཡིན་ན་སྤྱི་ཡིན་པར་ཡང་ཁས་ལེན་ནུས་སམ་ཞེ་ན། རགས་རྒྱུན་གྱི་དངོས་པོ་དོན་གྱི་སྟེང་ན་གནས་པ་རྣམས་ནི་སྤྱི་ཡིན་པར་ཁས་ལེན་མི་ནུས་ཏེ། ལྡོག་པ་དང་གཞན་སེལ་དུ་ཁས་ལེན་མི་ནུས་པའི་ཕྱིར། དེས་ན་སྤྱི་ལ་གཉིས་ཏེ། རིགས་སྤྱི་དང་ཚོགས་སྤྱིའོ། །གཉིས་ཀ་ཡང་སྤྱི་མཚན་ཡིན་ལ། སྤྱི་དང་བྱེ་བྲག་གཉིས་སུ་འབྱེད་པ་དེའི་ཚེ། ཚོགས་སྤྱི་ཡིན་ན་སྤྱི་ཡིན་པར་འགལ་ལོ། །ཡང་དེ་ལྟར་མི་འབྱེད་པར་རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་སྤྱི་ཙམ་གྱི་དབང་དུ་བྱས་ནས་དེ་སྐད་དུ་འདྲི་ན་ནི། རགས་པ་དང་རྒྱུན་རྣམས་སྤྱི་ཡིན་པར་ཁས་བླངས་པ་ལ་ཉེས་པ་མེད་དོ། །རང་ལུགས་ཀྱི་རིགས་པས་རྣམ་པར་བཞག་པའི་ཚེ། ཚོགས་སྤྱི་རང་མཚན་དུ་ཁས་ལེན་པའི་ཉན་ཐོས་སྡེ་པ་ཡོད་པ་མ་ཡིན་ཏེ། དེ་རྫས་སུ་ཁས་ལེན་པ་གྲུབ་མཐས་བློ་ཁ་མ་བསྒྱུར་བའི་འཇིག་རྟེན་རང་དགའ་བའི་ལུགས་ཡིན་པའི་ཕྱིར། དེ་སྐད་དུ་ཡང་དབུ་མ་ལ་འཇུག་པར། དངོས་སྨྲ་བའི་འདོད་པ་འཆད་པ་ན། །བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་གསུངས་པ་ལྟར་རོ། །འོ་ན་སེར་པོ་འཛིན་པའི་མིག་ཤེས་ཆོས་ཅན། རྟོག་པར་ཐལ། སྤྱི་མཚན་དངོས་ཡུལ་དུ་བྱས་ནས་འཛིན་པའི་བློ་ཡིན་པའི་ཕྱིར། ཇི་སྐད་དུ། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཅེས་བཤད་པས་སོ་ཞེ་ན། མདོ་སྡེ་པ་དང་པོས་ནི་རིགས་པ་སྤྱི་མཚན་དུ་ཁས་མི་ལེན་ལ། མདོ་སྡེ་པ་གཉིས་པ་ལྟར་ན་དེས་དེ་དངོས་ཡུལ་དུ་བྱས་པའི་གཏན་ཚིག་མ་གྲུབ་པ་ཡིན་ནོ། །གཉིས་པ་བདེན་གཉིས་ལ། མཚན་ཉིད་ནི། རིགས་པས་དཔྱད་བཟོད་དུ་གྲུབ་པ་དང༌། དེ་མ་གྲུབ་པའི་ཆོས་སོ། །མཚན་གཞི་ནི། རང་མཚན་དུ་བཤད་མ་ཐག་པ་དེ་ཐམས་ཅད་དོན་དམ་བདེན་པའི་མཚན་གཞི་དང་སྤྱི་མཚན་དུ་བཤད་མ་ཐག་པ་དེ་ཐམས་ཅད་ཀུན་རྫོབ་བདེན་པའི་མཚན་གཞིར་བཞག་གོ །འོ་ན་དེར་མ་འདུས་པ་གཞན་ཡང་ཡོད་དམ་ཞེ་ན་ཡོད་དེ། གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པ་གཉིས་ཀྱང་དོན་དམ་པའི་བདེན་པར་བཞག་དགོས་པའི་ཕྱིར། དེས་བདག་མེད་གཉིས་ཁས་ལེན་པའི་ཚུལ་ཇི་ལྟར་ཞེ་ན། གང་ཟག་གི་བདག་ཏུ་འཛིན་པ་དྲུངས་འབྱིན་པར་ནུས་པའི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཁས་མི་ལེན་པའི་རང་སྡེ་ནི་སུ་ཡང་མེད་ལ། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་བདེན་གྲུབ་ཏུ་ཞེན་པའི་བློ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང༌། དེའི་གཉེན་པོར་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་བདེན་མེད་དུ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དམ་པའི་དོན་ལ་འཇུག་པར་གསུངས་པའི་ཕྱིར། དེ་ཡང་ཇི་སྐད་དུ། དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེ་བདག་ཐ་དད་ཀྱང༌། །ཞེས་བུམ་པའི་སྤྱི་བདེན་གྲུབ་ཏུ་ཞེན་པའི་བློ་སྒྲིབ་པ་ཡིན་པ་དང༌། དེ་ཡི་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སྤྱི་དང༌། གཞན་སེལ་བདག་མེད་དུ་སྒྲུབ་པའི་རིགས་པར་རྒྱས་པར་གསུངས་པའི་ཕྱིར། མདོ་སྡེ་པས་དེ་ལྟ་བུའི་ཆོས་ཀྱི་བདག་མེད་ཁས་ལེན་མོད། ཐེག་པ་ཆེན་པོ་ལ་གྲགས་པ་ལྟར་གཟུང་བ་ཆོས་ཀྱི་བདག་མེད་དང༌། འཛིན་པ་ཆོས་ཀྱི་བདག་མེད་ཅེས་བྱ་བ་ནི་དོན་ལྟ་ཞོག མིང་ཙམ་ཡང་ཁས་ལེན་པ་མ་ཡིན་ནོ། །མཁས་པ་མ་ཡིན་པ་གང་དག མདོ་སྡེ་པས་ཆོས་ཀྱི་བདག་མེད་ཅུང་ཟད་ཀྱང་ཁས་མི་ལེན་ནོ་ཞེས་ཟེར་བ་དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། དེ་ལྟ་ན་དེས་གཞི་གྲུབ་ཚད་བདེན་གྲུབ་ཏུ་ཁས་ལེན་པར་འགྱུར་ལ། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། དེས་དངོས་པོ་ལ་ཡང་བདེན་གྲུབ་ཀྱིས་ཁྱབ་པར་ཁས་མི་ལེན་ན། དེ་ལ་དེས་ཁྱབ་པར་འདོད་པ་ལྟ་ཅི་སྨོས། གཞན་ཡང་ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་ཁས་ལེན་པ་ན་ཆོས་ཀྱི་བདག་མེད་ཁས་ལེན་པ་ཞེས་བྱ་ལ། དེ་ནི་མདོ་སྡེ་པས་ཀྱང་ཁས་ལེན་པའི་ཕྱིར། འོ་ན་བདག་མེད་གཉིས་ཀྱི་ངོ་བོ་ཇི་ལྟ་བུ་ཞེ་ན། དབུ་མ་པས་བཞེད་པ་ལྟར། དགག་བྱ་བདག་གཉིས་བཀག་ཙམ་གྱི་མེད་དགག་ལ་འཆད་པ་མ་ཡིན་ཏེ། དེ་ནི་ལྡོག་པ་གཞན་སེལ་ཡིན་པས་སྤྱི་མཚན་ལས་མ་འདས་པའི་ཕྱིར། དཔེར་ན་ནམ་མཁའ་དང་འགོག་པ་གཉིས་བཞིན་ནོ། །འོ་ན་ཅི་ཞེ་ན་དགག་གཞི་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་དགག་བྱ་གང་ཟག་གི་བདག་བཀག་པས་ཁྱད་པར་དུ་བྱས་པའི་མ་ཡིན་པར་དགག་པའི་དངོས་པོ་ཞིག་ལ་གང་ཟག་གི་བདག་མེད་དང༌། དགག་གཞི་བུམ་པ་རང་མཚན་པ་ལྟ་བུའི་སྟེང་དུ་རྟོག་པ་ལྷན་སྐྱེས་ཀྱིས་སྒྲོ་བཏགས་པའི་བུམ་སྤྱི་རང་མཚན་པ་བཀག་པས་ཁྱད་པར་དུ་བྱས་པའི་མ་ཡིན་པར་དགག་པ་ཞིག་ལ། ཆོས་ཀྱི་བདག་མེད་དུ་འཆད་དགོས་པ་ཡིན་ཏེ། དཔེར་ན་བུམ་པ་བཀག་པས་ཁྱད་པར་དུ་བྱས་པའི་ས་ཕྱོགས་ལ། བུམ་པ་ཚད་མས་མ་དམིགས་པ་ཞེས་བྱ་བའི་ཐ་སྙད་འདོགས་པ་བཞིན་ནོ། །དེ་སྐད་དུ་ཡང༌། གཅིག་དམིགས་ཉམས་སུ་མྱོང་བ་ལས། །ཞེས་སོགས་གསུངས་པ་ལྟར་རོ། །མེད་དགག་གི་ཆ་ལ་དོན་དམ་པའི་བདེན་པར་མི་འདོད་དེ། དོན་དམ་པའི་བདེན་པ་ཡིན་ན་བདེན་གྲུབ་ཡིན་དགོས་ལ། མེད་པར་དགག་པ་ནི་བདེན་གྲུབ་ཀྱི་ཆོས་ཅུང་ཟད་ཙམ་ཡང་བཀག་པའི་ཅང་མེད་ནམ་མཁའ་ལྟ་བུ་ལ་འཆད་དགོས་པའི་ཕྱིར། འོ་ན་ནམ་མཁའ་མེད་པར་འདོད་དམ་ཞེ་ན། ནམ་མཁའི་རང་ལྡོག་ནས་མེད་པར་མི་འཆད་ཀྱང༌། ནམ་མཁའ་ལ་ཡོད་པའི་ཆོས་ཅུང་ཟད་ཀྱང་ཁས་མི་ལེན་པས། མོ་གཤམ་བུ་དང་མཚུངས་པར་བཤད་པའི་ཕྱིར། ཇི་སྐད་དུ། བདེ་གཤེགས་གཞུང་གི་རབ་དབྱེ་ལས། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་བཞིན་ཏེ། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཅེས་པ་མདོ་སྡེ་པ་ཡིས་རིག །ཅེས་གསུངས་སོ། །མདོར་ན་དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་པར། བདེན་གཉིས་ཀྱི་མཚན་གཞི་དང༌། རང་སྤྱི་གཉིས་ཀྱི་མཚན་ཉིད་བསྟན་པར་གཞུང་གི་དངོས་བསྟན་ལས་གསལ་བར་ཤེས་ལ། དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད་དང༌། གཅིག་ཤོས་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་ཁས་བླང་ཀྱང་ཉེས་པ་མེད་དོ། །འདི་དང་མཛོད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་སོགས་བཤད་པ་གཉིས་མཚན་ཉིད་འཇོག་ཚུལ་ལ་ཁྱད་པར་མི་སྣང་ཡང༌། །བྱེ་མདོ་གཉིས། བདེན་པ་གཉིས་ཀྱི་མཚན་གཞི་འཛིན་ཚུལ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་དེ། བྱེ་བྲག་ཏུ་སྨྲ་བས་ནི་ལྡན་མིན་འདུ་བྱེད་རྫས་གྲུབ་དང༌། དུས་གསུམ་རྫས་གྲུབ་ཁས་ལེན་པ་ཡིན་ཅིང༌། མདོ་སྡེ་པས་ནི་དེ་དག་བཏགས་ཡོད་དུ་ཁས་ལེན་པས་ཀུན་རྫོབ་བདེན་པར་འཇོག་དགོས་པའི་ཕྱིར། གསུམ་པ་མངོན་ལྐོག་ལ་མཚན་ཉིད་ནི། གང་ཟག་དེའི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་ནུས་པ་དེ་གང་ཟག་དེའི་ངོར་མངོན་གྱུར་ཡིན་པའི་མཚན་ཉིད། གང་ཟག་དེའི་ངོར་རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བ་དེ་གང་ཟག་དེའི་ངོར་ལྐོག་གྱུར་ཡིན་པའི་མཚན་ཉིད། འདི་ལ་དབྱེ་ན། ཅུང་ཟད་ལྐོག་གྱུར་དང༌། ཤིན་ཏུ་ལྐོག་གྱུར་གཉིས། མཚན་ཉིད་ནི། གང་ཟག་དེའི་ངོར་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་རྟོགས་པར་བྱ་བ་དང༌། དེའི་ངོར་ཡིད་ཆེས་པའི་རྗེས་དཔག་ཚད་མས་རྟོགས་པར་བྱ་བ་སྟེ། དེའི་ངོར་དེ་གཉིས་ཀྱི་མཚན་ཉིད་དོ། །མཚན་གཞི་ནི། གོ་རིམ་བཞིན་དུ། ཚུར་མཐོང་ལྷ་སྦྱིན་གྱི་མིག་ཤེས་ལ་སྣང་བའི་སྔོ་སེར་ལྟ་བུ་དང༌། དེའི་ངོར་རྟགས་ཀྱིས་སྒྲུབ་དགོས་པའི་སྒྲ་མི་རྟག་པ་ལྟ་བུ་དང༌། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་ལྟ་བུའོ། །གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཤེས་པའི་ཁྱབ་པ་སྒྲུབ་བྱེད་དུ། །གཞལ་བྱ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པར་གསུང་བ་དེ་ན། འཇུག་ཡུལ་རང་མཚན་ཁོ་ན་ལ་ཕྱེ་བ་ཡིན་གྱི། སྤྱིར་གཞལ་བྱ་ཙམ་ལ་ཕྱེ་བ་མ་ཡིན་ལ། དེའི་ཡང་གོ་དོན་ནི་སྤྱི་མཚན་གཞལ་བྱར་བྱས་ནས་འཇུག་ཡུལ་རང་མཚན་ལ་མི་སླུ་བའི་ཚད་མ་ནི་རྗེས་དཔག་ཁོ་ནར་ངེས་ལ། རང་མཚན་གཞལ་བྱར་བྱས་ནས་དེ་ཉིད་ལ་མི་བསླུ་བའི་ཚད་མ་ནི་མངོན་སུམ་ཁོ་ནར་ངེས་པའོ། །དེ་ཡང་མངོན་གྱུར་མཚན་ཉིད་པ་ནི་ཤེས་པ་རང་མཚན་ཁོ་ནར་ངེས་ལ། ཕྱི་རོལ་དོན་གྱིས་ནི་རྣམ་པ་དངོས་སུ་གཏད་པ་ཙམ་ལ་མངོན་གྱུར་དུ་བཏགས་པའོ། །འོ་ན། སེར་པོ་ལྷ་སྦྱིན་གྱི་ངོར་མངོན་གྱུར་ཡིན་པ་དེའི་ཚེ། སེར་པོའི་མི་རྟག་པ་དེ་དེའི་ངོར་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན། དེའི་ངོར་དེ་རྟགས་ཀྱིས་སྒྲུབ་དགོས་པ་མི་སྲིད་པར་འགྱུར། གཉིས་པ་ལྟར་ན། དེ་དེ་ལ་སེལ་འཇུག་ཏུ་ཐལ་བའི་འགྱུར་རོ་ཞེ་ན། བཤད་པ། དེའི་མི་རྟག་པ་ནི་གཉིས་ཏེ། རྫས་ཀྱི་མི་རྟག་པ་དང༌། གཞན་སེལ་གྱི་མི་རྟག་པའོ། །དང་པོ་ནི། སེར་པོ་ཉིད་ཡིན་ཏེ། སེར་འཛིན། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། དཔེར་ན་སྒྲའི་སྟེང་གི་མི་རྟག་པ་མཉན་བྱ་ཡིན་པ་བཞིན་ནོ། །གཉིས་པ་ནི། དེའི་ངོར་ལྐོག་གྱུར་ཡིན་ཏེ། དེའི་ངོར་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར་དང༌། དེའི་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་སྒྲ་རྟག་པར་དམ་བཅས་པའི་ཞེན་དོན་ལ་སྒྲ་འཛིན་མངོན་སུམ་གྱིས་གནོད་པར་འགྱུར་རོ། །འདི་ལ་ཁ་ཅིག་ན་རེ། སྒྲ་མི་རྟག་པ་ཆོས་ཅན། ཚུར་མཐོང་གི་སྒྲ་འཛིན་མངོན་སུམ་ལ་མངོན་གྱུར་ཡིན་པར་ཐལ། དེ་ལ་མངོན་དུ་གྱུར་པའི་དང༌། །གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། །ཞེས་པའི་ཉེས་པ་འཇུག་པས་སོ་སོར་ཕྱེ་བའི་ལན་དེ་ལྟ་བུའི་དོན་མེད་དོ་ཅེ་ན། འདི་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བའི་ནུས་པ་ཆོས་ཅན། དེའི་ངོར་མངོན་གྱུར་ཡིན་པར་ཐལ། དེའི་རྒྱུད་ཀྱི་སྦྱིན་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་སྦྱིན་སོགས་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཉེས་པ་མེད་དེ། དེའི་ཐ་སྙད་སྒྲུབ་དགོས་པས་སོ། །ཞེ་ན། དེ་ལྟ་ན་ཡང་ཉེས་པ་སྔ་མ་འཇུག་པས་དོན་དང་ཐ་སྙད་སོ་སོར་ཕྱེ་བ་དོན་མེད་དོ་ཅེས་མཚུངས་སོ། །གཉིས་པ་ནི། སྒྲའི་སྟེང་གི་མི་རྟག་པ་ཆོས་ཅན། སྒྲ་དང་གྲུབ་བདེ་རྫས་གཅིག་པ་མ་ཡིན་པར་ཐལ། སྒྲ་ལ་ལྟོས་པའི་ལྡོག་ཆོས་ཡིན་པའི་ཕྱིར་ཏེ། ཁྱོད་ཅེས་བརྗོད་པའི་སྒྲ་དེ་སྒྲ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་སྐྱོན་མེད་ཡིན་པའི་ཕྱིར། འོ་ན། དེ་ཕྱིར་དངོས་པོ་མཐོང་བ་ཡི། །སོགས་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། སྒྲ་མཐོང་བའི་མངོན་སུམ་གྱིས་སྒྲ་དང་གྲུབ་བདེ་རྫས་གཅིག་པའི་ཡོན་ཏན་མཐའ་དག་མཐོང་ཞེས་པ་གཞུང་དེའི་དོན་ལ་ཡོད་ཀྱི། སྒྲའི་སྟེང་གི་བྱས་མི་རྟག་སོགས་ལྡོག་པ་སྣ་ཚོགས་པ་རྣམས་སྒྲ་དང་གྲུབ་བདེ་རྫས་གཅིག་པར་སྟོན་པའི་ལུང་མེད་དོ། །གལ་ཏེ་ཡོད་ན། གང་ཕྱིར་དངོས་ཀུན་ནས། དེས་ན་ཐ་དད་རྣམ་པར་གནས་ཀྱི་བར་དང་ཤིན་ཏུ་འགལ་ལོ། །ཡང་སྤྱད་དགོས་པའི་དོགས་པ་འདི་ཡོད་དེ། ཆུའི་ཁ་དོག་འཛིན་པའི་མིག་ཤེས་ལ་ཆུ་དང༌། མེའི་ཁ་དོག་འཛིན་པའི་མིག་ཤེས་ལ་མེ་དང༌། བུམ་པའི་གཟུགས་འཛིན་པའི་མིག་ཤེས་ལ་བུམ་པ་ལ་སོགས་པ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན། དེ་རྣམས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་དུ་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེ་དང་དེའི་གཟུགས་མངོན་སུམ་དུ་མཐོང་བ་དང་འགལ་ལོ་ཞེ་ན། དེས་དེའི་གཟུགས་མངོན་སུམ་དུ་མཐོང་ཡང༌། དེའི་ངོར་དེ་དང་དེ་ལྐོག་གྱུར་ཡིན་ཏེ། དེའི་ངོར་དེ་དང་དེ་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། བུ་རམ་གྱི་རོ་འཛིན་དབང་པོའི་མངོན་སུམ་གྱི་ངོར། བུ་རམ་གྱི་གཟུགས་ལྐོག་གྱུར་ཡིན་པ་བཞིན་ནོ། །དེ་ལྟ་ན་ཡང་དེ་འདྲའི་མིག་ཤེས་རྒྱུད་ལ་ལྡན་པའི་གང་ཟག་དེའི་ངོར། སྤྱིར་བཏང་དུ་ལྐོག་གྱུར་ཡིན་པར་བཞག་མི་ནུས་ཏེ། དེའི་རྒྱུད་ཀྱི་རེག་འཛིན་དབང་པོའི་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཁ་དོག་འཛིན་པའི་མིག་ཤེས་རྒྱུད་ལ་སྐྱེས། རེག་འཛིན་མ་སྐྱེས་པའི་ཚེ་ནི་གང་ཟག་དེའི་ངོར་ལྐོག་ཏུ་གྱུར་པ་ཁོ་ནའོ། །འདི་གཏན་ལ་འབེབས་ཚུལ་རྣམ་པ་གཉིས་ཏེ། སྐྱེ་མཆེད་ཀྱི་རྣམ་དབྱེ་ཞིབ་མོར་མི་དཔྱོད་པ་འཇིག་རྟེན་གྱི་རྣམ་བཞག་ཁས་བླངས་ནས། མདོ་སྡེ་པའི་མ་དཔྱད་པའི་རྣམ་བཞག་འཇོག་ཚུལ་དང༌། དེ་ཞིབ་མོར་དཔྱོད་པ་མདོ་སྡེ་པ་རང་ཉིད་ཀྱི་རིགས་པ་ལ་བརྟེན་ནས་དཔྱད་པའི་རྣམ་བཞག་འཇོག་ཚུལ་ལོ། །དང་པོ་ནི། མེའི་ཁ་དོག་འཛིན་པའི་མིག་ཤེས་ལ་མེ་དངོས་སུ་སྣང་བ་སོགས་དང༌། བུམ་པའི་གཟུགས་འཛིན་པའི་མིག་ཤེས་ལ་བུམ་པ་དངོས་སུ་སྣང་བ་དང༌། བུ་རམ་གྱི་རོ་འཛིན་པའི་མངོན་སུམ་ལ་བུ་རམ་དངོས་སུ་སྣང་བ་དང༌། དུང་གི་རེག་བྱ་འཛིན་པའི་མངོན་སུམ་ལ་དུང་དངོས་སུ་སྣང་བ་ལ་སོགས་པའི་རྣམ་བཞག་བྱས་པ་རྣམས་ཏེ། དེའི་ཚེ་ན་ནི་བཤད་མ་ཐག་པ་དེ་དག་མངོན་གྱུར་ཁོ་ན་ཡིན་གྱི། ལྐོག་གྱུར་མ་ཡིན་ནོ། །འོ་ན་མདོ་སྡེ་པའི་ལུགས་འཇོག་པ་ན། འཇིག་རྟེན་གྱི་ལུགས་འདི་རང་སོར་བཞག་པ་ཡོད་དམ་ཞེ་ན། མ་དཔྱད་པའི་ཚེ། ཡོད་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་དང༌། དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཞེས་དང༌། བྱ་བ་ལས་ཀྱི་རྣམ་བཞག་གི །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཞེས་གསུངས་པས་སོ། །དེའི་ཚེ་ན་ནི་སྔོར་སྣང་དབང་ཤེས་ཀྱི་བཟུང་དོན་དུ་གྱུར་པའི་སྔོན་པོ་དེ། སྔོར་སྣང་དབང་ཤེས་ལ་མངོན་གྱུར་ཡིན་ཏེ། དེ་ལ་དེའི་རྣམ་པར་ཤར་བའི་ཕྱིར། དཔེར་ན། བུས་ཕའི་གཟུགས་དངོས་སུ་འཛིན་པ་བཞིན་ནོ། །དོན་འདི་ནི་འབྲས་རྟོག་དང་པོའི་གནས་སྐབས་སུ་ཁས་ལེན་དགོས་པ་ཡིན་ཏེ། སྐབས་དེར་ཚད་མ་དང་འབྲས་བུ་གཉིས་ཀྱི་ཟླས་ཕྱེ་བའི་འབྲས་བུའི་རྣམ་པར་རྟོག་པ་དེ་མདོ་སྡེ་པ་རང་གི་རིགས་པས་མ་དཔྱད་པར་འཇིག་རྟེན་གྱི་གྲགས་པ་བཞིན་དུ་བཞག་པའི་ཕྱིར། འོ་ན་ཚད་འབྲས་ཀྱི་རྣམ་པར་བཞག་པ་འདི་མདོ་སྡེ་པ་རང་གི་ལུགས་མ་ཡིན་ནམ་ཞེ་ན། དེའི་དུས་ཀྱི་ཚད་མ་དེ་རང་གི་རིགས་པས་བཞག་པ་ཡིན་ཀྱང༌། འབྲས་བུ་འཇིག་རྟེན་གྱི་གྲགས་པ་བཞིན་དུ་བཞག་པའོ། །འོ་ན་ཚད་མ་དེ་ལ་འབྲས་བུའི་རྣམ་པར་རྟོག་པ་མདོ་སྡེ་པ་རང་གི་རིགས་པས་བཞག་ན་ཇི་ལྟ་བུ་ཞིག་སྦྱོར་ཞེ་ན། དེའི་ཚེ་རང་རིག་པ་འབྲས་བུར་འཇོག་དགོས་པ་ཡིན་ཏེ། ཇི་སྐད་དུ། རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་གསུངས་པས་སོ། །གཉིས་པ་ནི། སྐྱེ་མཆེད་ཀྱི་རྣམ་དབྱེ་ཞིབ་མོར་དཔྱོད་པ་མདོ་སྡེ་པ་རང་གི་རིགས་པས་རྣམ་པར་དཔྱད་པ་དེའི་ཚེ་ནི། མེའི་ཁ་དོག་འཛིན་པའི་མིག་ཤེས་སོགས་ལ་མེའི་རེག་བྱ་སོགས་དོན་ལ་ལྐོག་ཏུ་གྱུར་པ་ཡིན་ཀྱང༌། འཇིག་རྟེན་བླུན་པོས་མངོན་གྱུར་དུ་འཁྲུལ་པ་ཡིན་ཏེ། ཇི་སྐད་དུ། ཁ་དོག་འཛིན་པ་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལ་སྨྲ། །སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །རྒྱུ་ཆོས་མངོན་སུམ་ཡིན་པ་འཁྲུལ། །ཞེས་གསུང་ངོ༌། །འོ་ན་དཔྱད་པའི་རྣམ་བཞག་ལ། མེའི་ཁ་དོག་འཛིན་པའི་མིག་ཤེས་ལ་ཁ་དོག་ཀྱང་ལྐོག་གྱུར་དུ་ཐལ། དེ་ལ་དེ་དངོས་སུ་མི་སྣང་བའི་ཕྱིར། རེག་བྱ་བཞིན་ནོ། །ཞེ་ན། གཟུགས་འཛིན་མིག་ཤེས་རྒྱུད་ལ་ལྡན་པའི་གང་ཟག་འགའ་ཞིག་གི་ངོར་གཟུགས་དེ་ལྐོག་གྱུར་དུ་སོང་བ་སྲིད་དེ། དེའི་ངོར་དེ་རྟགས་ཡང་དག་གི་བསྒྲུབ་བྱར་སོང་བ་སྲིད་པའི་ཕྱིར་ཏེ། རྒྱུའི་ཁྱད་པར་དཔོག་པའི་འབྲས་རྟགས་ཡང་དག་གི་ཞེ་འདོད་ཀྱི་བསྒྲུབ་བྱར་སོང་བ་སྲིད་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་རྣམས་མེད་པའི་ཕྱིར། །ཐ་དད་རྒྱུ་ནི་རྗེས་དཔག་འགྱུར། །ཞེས་གསུང་ངོ༌། །གཞན་ཡང༌། གཟུགས་འཛིན་དབང་ཤེས་ལ་གཟུགས་དངོས་སུ་མི་སྣང་ན་གཟུགས་ཡོད་པར་གང་གིས་འགྲུབ་ཅེས་མདོ་སྡེ་པ་ལ་གཞན་གྱིས་དྲིས་པ་ན། གཟུགས་ཡོད་པའི་སྒྲུབ་བྱེད་དུ་གཟུགས་ཀྱི་རྣམ་པ་སྣང་བའི་ཕྱིར་ཞེས་པའམ། ཡང་ན་གཟུགས་འཛིན་མིག་ཤེས་ལ་སྣང་བའི་གཟུགས་ཀྱི་རྣམ་པ་ཆོས་ཅན། རང་རྒྱུ་གཟུགས་སྔོན་དུ་སོང་བ་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གི་འཁྲུལ་པར་མ་སྐྱེད་པའི་དབང་ཤེས་ལ་སྣང་བའི་གཟུགས་ཀྱི་རྣམ་པ་ཡིན་པའི་ཕྱིར། ཞེས་འགོད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེའི་བསྒྲུབ་བྱེད་བློ་ལ་ནི། །གནས་དོན་དེའི་བྱ་བ་སྟེ། །ཞེས་གསུངས་སོ། །གཞན་ཡང་གཟུགས་འཛིན་མིག་ཤེས་ཀྱི་གཟུགས་རིག་པའི་དོན་དང་ཐ་སྙད་གཉིས་ཀ་མདོ་སྡེ་པས་གཞན་གྱི་ངོར་རྟགས་ཀྱི་སྒྲུབ་དགོས་པ་ཡོད་དེ། ཇི་སྐད་དུ། དེ་ཕྱིར་དེ་ཉིད་དོན་རིག་འདོད། །ཅེས་དང༌། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་གསུངས་པའི་ཕྱིར་དང༌། མངོན་སུམ་གྱིས་གྲུབ་བཞིན་དུ་བསྙོན་པ་ལ་ནི་རྟགས་ཀྱིས་སྒྲུབས་ཀྱང་མི་ཕན་ཏེ། ཇི་སྐད་དུ། ཁོ་བོ་ཅག་བསྙོན་པ་དང་ལྷན་གཅིག་རྩོད་པ་ཡང་མ་ཡིན་ནོ། །ཞེས་འབྱུང་བ་ལྟར་རོ། །གཞན་ཡང་སེམས་ཙམ་པས་མདོ་སྡེ་པ་ལ། ཕྱི་རོལ་གྱི་དོན་གྲུབ་བོ་ཞེས་པའི་དམ་བཅའ་དང༌། གྲུབ་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པའི་ཚེ། མདོ་སྡེ་པས་སེམས་ཙམ་པ་ལ། དེ་མ་གྲུབ་ན་མངོན་སུམ་དང་འགལ་ཞེས་པའི་སུན་འབྱིན་དང༌། ཕྱི་རོལ་གྱི་དོན་ཡོད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། སྒྲུབ་བྱེད་གཏན་ཚིགས་ཡང་དག་འགོད་མི་དགོས་སོ། །ཞེས་པའི་ལན་འདེབས་རིགས་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་མངོན་གྱུར་ཡིན་པའི་ཕྱིར། དེ་ལ་འདོད་པར་ནུས་པ་མ་ཡིན་ཏེ། དམ་བཅའ་དེ་ལ་མདོ་སྡེ་པས། སྒྲུབ་བྱེད་འཕེན་པའི་སུན་འབྱིན་དང་ལོག་ཕྱོགས་ལ་གཏན་ཚིགས་ཡང་དག་བཀོད་པའི་ཕྱིར། ཇི་ལྟར་བཀོད་ཅེ་ན། འདྲ་བ་དང་སྐྱེས་འདྲ་བ་དང༌། ངེས་ཤེས་དང་གསུམ་ཚོགས་པ་ཞེས་བྱ་བ་བཀོད་དོ། །སུན་འབྱིན་ཇི་ལྟར་བརྗོད་ཅེ་ན། །དེ་བདག་མ་ཡིན་ལ་དེ་བདག་ཏུ། །ཞེན་པས་འཇིག་རྟེན་པ་དག་གི །ཞེས་སོགས་དང༌། ཕྱི་རོལ་གྱི་དོན་མེད་ན་ཚད་འབྲས་གཞལ་གསུམ་གྱི་རྣམ་བཞག་མི་འཐད་པར་འགྱུར་ཏེ། ཞེས་པའོ། །དེ་ལྟར་ན་དོན་སྣང་གི་རྣམ་པར་ཤེས་པ་ལ་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཤར་ཡང༌། ཕྱི་རོལ་དོན་ལྐོག་ཏུ་གྱུར་པར་མདོ་སྡེ་པས་ཁས་ལེན་དགོས་སོ། །ཞེས་བྱ་བ་འདི་ནི་ཕྱི་རོལ་གྱི་དོན་མེད་པར་ཁས་ལེན་པའི་གྲུབ་མཐའ་ལ་འཇུག་པའི་ཐབས་བླ་ན་མེད་པ་སྟེ། སྔར་མངོན་གྱུར་དུ་བཤད་པ་ལས་རྣམ་གྲངས་གཞན་གཉིས་པ་ཡིན་ནོ། །མདོ་སྡེ་པ་གཉིས་པའི་གྲུབ་པའི་མཐའ་ལ་གནས་པའི་ཚེ། ཕྱི་རོལ་གྱི་དོན་ཐམས་ཅད་དོན་ལ་ལྟ་བའི་མངོན་སུམ་ལ་ལྐོག་གྱུར་ཡིན་པ་དེ་ལྟ་ན། དེ་དག་དེ་ལ་མངོན་སུམ་གྱི་ཚད་མ་མ་ཡིན་པར་འགྱུར་ཞིང༌། དེ་ལྟ་ན་དེར་ཡང་དེའི་འཇུག་ཡུལ་མ་ཡིན་པར་འགྱུར་རོ་སྙམ་ན། དེ་དག་དེའི་འཇུག་ཡུལ་ཡིན་མོད། དེ་ལ་ངེས་པ་འདྲེན་པ་ནི་རྗེས་སུ་དཔག་པ་ལ་རག་ལས་པ་ཡིན་ཏེ། ཕྱི་རོལ་གྱི་དོན་ཡོད་པར་རྟོགས་པའི་ཐབས་ཀྱི་མཐར་ཐུག་པ་ནི་རྟགས་ཡང་དག་ལས་གཞན་མེད་པའི་ཕྱིར་རོ། །དེ་ལྟ་ན་དོན་གྱི་རྣམ་པ་ཤར་བ་ཙམ་ལས་དོན་རྟོགས་པར་འཇོག་པ་དེའི་ཚེ་དོན་མངོན་གྱུར་ཡིན་པར་བཞག་ལ། དེ་ཙམ་གྱི་དེར་བཞག་མི་ནུས་པར་རྣམ་པ་ཤར་བ་རང་རིག་གི སྒྲུབ་བྱེད་དུ་ཁས་ལེན་པ་དེའི་ཚེ། མངོན་སུམ་གྱིས་དོན་མཐོང་བ་ལ་ཤེས་བྱེད་ཅི་ཡང་མེད་པས། ཇི་སྐད་དུ། མ་མཐོང་བདག་ཉིད་ངོ་བོ་སྟེ། །རྟོགས་པའི་རྟེན་ནི་དོན་གཞན་ཡིན། །ཞེས་གསུངས་པ་ལྟར་ཁས་ལེན་དགོས་པ་ཡིན་ནོ། །འོ་ན། ཇི་སྐད་དུ། གང་ལ་དོན་གྱི་ནུས་པ་ལ། །ཞེས་སོགས་གསུངས་པས་དེའི་གཟུང་དོན་ཡིན་ན་དེ་ལ་མངོན་གྱུར་ཡིན་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ཡང་ཕྱི་དོན་རགས་པ་རང་མཚན་དང༌། དོན་འདྲ་བ་དོན་རྟོགས་ཀྱི། སྒྲུབ་བྱེད་དུ་བཞག་པ་དེའི་ཚེ་ཡིན་གྱི། ངེས་པའི་དོན་དུ་ནི་མ་ཡིན་ཏེ། གཞན་དུ་ན་སྔོ་སེར་སོགས་ཀྱི་རྡུལ་ཕྲ་རབ་མིག་ཤེས་ལ་མངོན་གྱུར་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་མདོ་སྡེ་པའི་ལུགས་འཇོག་པ་ན་རྣམ་གྲངས་གཉིས་ཡོད་པ་དེ་བཞིན་དུ། སེམས་ཙམ་པའི་གྲུབ་པའི་མཐའ་ལ་རྣམ་པར་འཇོག་པ་ན་ཡང༌། ཚུལ་རྣམ་པ་གཉིས་མཐོང་སྟེ། གང་ཞེ་ན། འཇིག་རྟེན་ན་གྲགས་པ་ལྟར་བཞག་པ་དང༌། རང་གི་ལུགས་དང་རིགས་པས་རྣམ་པར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་དང༌། རང་གི་ངོ་བོ་མྱོང་གྱུར་ཀྱང༌། །སྔོ་སོགས་མྱོང་བར་སྣང་བ་ཡིན། །ཞེས་དང༌། ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམས་བཞག་བྱས་པ། །ཞེས་དང༌། བག་ཆགས་བརྟན་དང་མི་བརྟན་ལ། །བདེན་དང་རྫུན་པའི་རྣམ་བཞག་བྱེད། །ཅེས་གསུང་ངོ༌། །འདི་ཡང་སེམས་ཙམ་པ་རང་གི་ལུགས་ནི་མ་ཡིན་ཏེ། འཇིག་རྟེན་གྱི་གྲགས་པས་གཞག་པ་ཙམ་ཡིན་པའི་ཕྱིར་དང༌། རང་གི་ལུང་རིགས་ཀྱི་དོན་དེ་ལ་གནོད་པའི་ཕྱིར། དཔེར་ན་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་བཞིན་ནོ། །ཞར་ལས་འོངས་པས་ཆོག་གོ །འོ་ན་མངོན་ལྐོག་འགལ་ལམ་ཞེ་ན། འགལ་བ་ཁོ་ན་ཡིན་ཏེ། ཇི་སྲིད་མངོན་ལྐོག་ཁས་ལེན་པ་དེ་སྲིད་དུ་བློ་དང་གང་ཟག་ལ་ལྟོས་ནས་ཡིན་ལ། བློ་དང་གང་ཟག་དེའི་ངོར། མངོན་གྱུར་ཡིན་ན་དེའི་ངོར་ལྐོག་གྱུར་མ་ཡིན་དགོས་པའི་ཕྱིར། གལ་ཏེ་ཡུལ་དང༌། དུས་དང༌། གང་ཟག་གཞན་ཞིག་ལ་ལྐོག་དུ་གྱུར་པ་དེ། གཞན་ཞིག་ཏུ་མངོན་དུ་གྱུར་པའི་རྒྱུ་མཚན་གྱིས་མངོན་ལྐོག་མི་འགལ་བར་འཇོག་ན། དངོས་པོ་དང་དངོས་མེད་དང༌། ཚད་མ་དང༌། ཚད་མིན་དང༌། སེམས་ཅན་དང་སངས་རྒྱས་ཀྱང་མི་འགལ་བར་འགྱུར་ཏེ། དེ་ལྟ་མོད་ཀྱི། གང་ཟག་གཅིག་གི་བློ་ངོར་ཆོས་དེའི་དོན་མངོན་དུ་གྱུར་པ་ཡིན་པ་ལ། ཐ་སྙད་ལྐོག་ཏུ་གྱུར་པ་ཡིན་པ་དང༌། ཡན་ལག་ཅན་མངོན་དུ་གྱུར་པ་ལ་ཡན་ལག་ལྐོག་ཏུ་གྱུར་པ་དང༌། ཡན་ལག་ཅན་ལྐོག་ཏུ་གྱུར་པ་ལ་ཡན་ལག་མངོན་དུ་གྱུར་པ་སྲིད་དོ། །དེ་ཡང་དཔེར་ན། གདུང་འདེགས་ཀྱི་དོན་བྱེད་ནུས་པ་མངོན་དུ་གྱུར་པ་ལ་ཀ་བའི་ཐ་སྙད་རྟགས་ཀྱིས་བསྒྲུབ་དགོས་པ་དང༌། བུམ་གཟུགས་མཐོང་བའི་མིག་ཤེས་ཀྱིས་བུམ་པ་རང་མཚན་མ་མཐོང་བ་དང༌། སྔོན་པོ་མཐོང་བའི་མིག་ཤེས་ལ་སྔོན་པོའི་རྡུལ་ཕྲ་བ་ལྐོག་དུ་གྱུར་པ་བཞིན་ནོ། །གཉིས་པ་སེམས་ཙམ་པའི་ལུགས་ལ་གནས་ནས་ཡིན་ལུགས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བ་དང་གསུམ་མོ། །འདིར་རང་གཞན་གྱི་ལུགས་ཁས་ལེན་པ་ནི་བྱེ་མདོ་གཉིས་ཏེ། དང་པོས་ནི། དོན་སྣང་གི་རྣམ་པར་ཤེས་པ་ལ་དོན་དུ་སྣང་བ་འདི་ཉིད་ཕྱི་རོལ་གྱི་དོན་དངོས་སུ་འདོད། མདོ་སྡེ་པས་ནི་དོན་དངོས་མ་ཡིན་ཀྱང་དེའི་སྔ་ལོགས་ན་རྣམ་པ་གཏོད་བྱེད་ཀྱི་ཕྱི་རོལ་གྱི་དོན་ཡོད་པར་འདོད་དོ། །འདིར་རང་ལུགས་འཇོག་མཁན་ནི། རྣམ་བདེན་བརྫུན་གཉིས་ཏེ། དང་པོས་ནི། དོན་དུ་སྣང་བ་ཤེས་པར་འདོད། གཉིས་པས་ནི། དེ་སྒྲོ་བཏགས་དངོས་མེད་དུ་འདོད། འདིར་རྩོད་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བས་རྩོད་པ་ཡིན་ཏེ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ཉིད་ཀྱང་བདེན་པར་མེད་དོ། །ཞེས་རྩོད་པའི་ཕྱིར། རང་ལུགས་ཀྱི་གྲུབ་མཐའ་འཇོག་ཚུལ་འདིའི་གོང་ན་དབུ་མ་པ་ཞེས་བྱ་བ་གཞན་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་ནི་ཆད་པའི་མཐར་ལྷུང་བས་དབུ་མ་པ་མ་ཡིན་ཞིང༌། རང་ལུགས་ཀྱི་ལྟ་བ་དབུ་མར་གནས་པའི་ཕྱིར་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། འདིར་དགག་བྱ་ནི་གཉིས་ཏེ། གང་ཟག་དང༌། ཆོས་ཀྱི་བདག་གོ །དང་པོ་འགོག་ཚུལ་ནི། དོན་སྨྲ་གཉིས་དང་མཐུན་པའི་ཕྱིར་འདིར་འཆད་མ་དགོས་ལ། གཉིས་པ་ལ་གཉིས་ཏེ། རྟོག་པ་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཁྱད་པར་དུ་སྣང་བ་ལ། རྣམ་གཡེང་གི་རྣམ་པར་རྟོག་པ་བཅུས་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པ་དང༌། རྟོག་མེད་ཀྱི་ཤེས་པ་ལ་ཕྱི་རོལ་དོན་དུ་སྣང་བ་ལ། གཟུང་འཛིན་རྫས་གཞན་དུ་ཞེན་པའི་རྟོག་པས་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པའོ། །དང་པོ་འགོག་བྱེད་ཀྱི་རིགས་པ་ནི་རྗེ་བཙུན་གྱི་གཞུང༌། ཐོགས་མེད་སྐུ་མཆེད་ཀྱིས་རྒྱས་པར་བཀྲལ་བ་ན་གསལ་བ་ལ་དགོངས་ནས་འདིར་མི་འཆད་ལ། གཉིས་པ་འགོག་བྱེད་ཀྱི་རིགས་པ་འཆད་པ་ལ། རྣམ་བདེན་པའི་རིགས་པས་ཕྱི་རོལ་གྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དགག རྣམ་རྫུན་པའི་རིགས་པས་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་དགག དེ་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ། དུ་མར་ཡང་མ་གྲུབ་པའི་ཕྱིར་ཞེས་རྩ་བའི་རྟགས་བཀོད་ནས། ཚུལ་བསྒྲུབས་པ་ལ་ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། བདེན་པའི་གཅིག་བྲལ་བསྒྲུབ་པ་དང༌། དུ་བྲལ་བསྒྲུབ་པའོ། །དང་པོ་ལ། རགས་པ་ཡན་ལག་ཅན་ལ་དང༌། རྡུལ་ཕྲ་རབ་ལ་བསྒྲུབ་པའོ། །དང་པོ་ནི། རིགས་པ་མཁྱེན་པ་ཉིད་ཀྱི་གཞུང་ན་གསལ་ཏེ། ཇི་སྐད་དུ། དེ་ཕྱིར་ཚོགས་པ་གཅིག་ཡོད་མིན། ཞེས་གསུང་ངོ༌། །གཉིས་པ་ནི། མཁས་མཆོག་དབྱིག་གཉེན་གྱི་གཞུང་ལས་གསལ་ཏེ། ཇི་སྐད་དུ། དྲུག་གི་གཅིག་ཆར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་སོགས་སོ། །གཉིས་པ་དུ་བྲལ་བསྒྲུབ་པ་ལ་རྡུལ་ཕྲ་རབ་ལ་དང༌། རགས་པ་ཡན་ལག་ཅན་ལའོ། །དང་པོ་ནི། དོན་སྨྲ་བས་ཆ་མེད་དུ་འདོད་པའི་རྡུལ་ཕྲ་རབ་ཆོས་ཅན། བདེན་པའི་དུ་མ་མ་ཡིན་ཏེ། དུ་མར་མ་དམིགས་པའི་ཕྱིར། ཇི་སྐད་དུ། བློ་དངོས་ཐ་དད་མེད་མཐོང་ཕྱིར། །ཐ་དད་མེད་པར་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེས་རྩམས་པའི་རགས་པ་ཡན་ལག་ཅན་ཆོས་ཅན། བདེན་པའི་དུ་མར་མེད་དེ། ཁྱོད་ཀྱི་ཆ་ཤས་སུ་གྱུར་པའི་བདེན་གྲུབ་རེ་རེ་ནས་མེད་པའི་ཕྱིར། གཉིས་པ་ནི། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་པས་ཁྱབ་པར་སྒྲུབ་བྱེད་ཀྱི་རིགས་པ་ལ་བརྟེན་པའི་ཚད་མས་འགྲུབ་བོ། །དེ་ལྟར་ཚུལ་གསུམ་ཚད་མས་གྲུབ་ཟིན་པའི་འོག་ཏུ་གཏན་ཚིགས་ཡང་དག་འདི་ལྟར་འགོད་དེ། གང་བདེན་པའི་གཅིག་དང་དུ་བྲལ་ཡིན་ན་བདེན་པར་མེད་པས་ཁྱབ། དཔེར་ན། གཟུགས་བརྙན་བཞིན། ཕྱི་རོལ་གྱི་དོན་ཡང་བདེན་པའི་གཅིག་དང་དུ་མ་དང་བྲལ་ལོ། །ཞེས་པའོ། །འདིར་རློམ་ཚོད་ཀྱི་ཆོས་ཅན་མེད་ཀྱང་སོང་ཚོད་ཀྱི་དེ་ནི། ཕྱི་རོལ་དོན་དང་རྡུལ་ཕྲ་རབ་སོགས་ཀྱི་སྒྲ་དོན་ནོ། །འོ་ན་ཕྱི་རོལ་གྱི་དོན་དུ་སྣང་བ་འདི་ཅི་ཞེ་ན། དོན་སྣང་བའི་རྣམ་པར་ཤེས་པ་ཉིད་དོ། །འོ་ན་ཤེས་པ་དེས་ཅི་ཞིག་རིག་ཅེ་ན། དོན་དུ་སྣང་བ་དེ་ཉིད་རིག་པའི་ཕྱིར་རང་རིག་པ་ཁོ་ནའོ། །དེ་སྐད་དུ་ཡང༌། དེ་ཡི་མྱོང་དེ་བདག་ཉིད་དེ། །དེ་ཡང་གཞན་འགའ་ཞིག་གིས་མིན། །ཞེས་གསུང་ངོ༌། །དོན་འདི་ཙམ་ཞིག་ཁས་ལེན་པ་ལ་མདོ་སྡེ་པ་དང་ཁྱད་པར་མེད་ལ། ཁྱད་པར་ནི་མདོ་སྡེ་པས་ཤེས་པ་དེ་མ་འཁྲུལ་བར་འདོད་ཅིང༌། འདིར་ནི་མེད་པ་གསལ་སྣང་ཅན་གྱི་ཤེས་པར་འདོད། ཕྱི་རབས་པ་གང་དག་ཡུལ་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་དང༌། གང་ལ་རང་རིག་ཏུ་སོང་བ་དེ། དེའི་ཡུལ་དང་གཞལ་བྱ་ཡིན་པར་འདོད་པ་ལྟར་ན་དོན་སྣང་གི་རྣམ་པར་ཤེས་པ་ཆོས་ཅན། ཚད་མ་དང་མ་འཁྲུལ་བའི་རིག་པར་ཐལ། རང་གི་ཡུལ་ལམ་གཞལ་བྱ་དོན་དུ་སྣང་བ་དེ་ལ་དེ་དང་དེ་ཡིན་པའི་ཕྱིར། ཞེས་བྱ་བའི་སྐྱོན་འདི་བཟློག་པར་དཀའོ། །འོ་ན་དོན་སྣང་གི་རྣམ་པར་ཤེས་པ་དེ་རང་གི་གཟུང་རྣམ་དེ་ལ་ཚད་མ་ཡིན་ན་ཚད་མར་འགྲོ་ཚུལ་ཇི་ལྟ་བུ་ཞེ་ན། དེ་དེ་ལ་ལྟོས་ཏེ་ཡུལ་གྱི་ཁ་མ་བསྒྱུར་བའི་རིག་ཅིང་གསལ་ཙམ་ཞིག་ཏུ་འགྲོ་བ་ཡིན་གྱི། དེས་དེ་ཡུལ་དུ་བྱེད་པ་མ་ཡིན་ཏེ། ཡིན་ན། དེ་ལ་དེའི་རྣམ་པའམ། དོན་སྤྱི་གང་རུང་འཆར་བར་ཐལ་བའི་ཕྱིར་རོ། །དོན་དེ་ལ་བསམས་ནས་བཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ་ཞེས་ཟེར་བ་ཡིན་ནོ། །གཉིས་པ་རྣམ་རྫུན་པའི་རིགས་པ་ལ། རྩ་བའི་རྟགས་ནི། ཕྱི་རོལ་དོན་དུ་སྣང་བའི་གཟུང་རྣམ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མེད། དུ་མར་མེད་པའི་ཕྱིར། དེ་སྐད་དུ་ཡང༌། གང་གི་དངོས་པོ་རྣམ་དཔྱད་ན། །ཞེས་གསུང་ངོ༌། །དེའི་ཕྱོགས་ཆོས་ནི། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་ཞེས་པས་སྒྲུབ་ལ། གཏན་ཚིགས་ཡང་དག་འགོད་པའི་ཚུལ་ནི་སྔ་མ་བཞིན་ནོ། །གང་དག་འདིར། གཟུང་འཛིན་རིག་གསུམ་ཐ་དད་པའི་ཆ་ཆོས་ཅན་ཞེས་ཟེར་བ་ནི། གཞུང་འཆད་ལུགས་ཀྱི་དོན་སྤྱི་མ་ཤར་བ་ཡིན་ཏེ། དེ་ཙམ་ཞིག་ནི་མདོ་སྡེ་པས་ཀྱང་བདེན་མེད་དུ་སྒྲུབ་པར་ནུས་པའི་ཕྱིར་དང༌། ཇི་སྐད་དུ། ཐ་དད་ཐ་དད་མིན་ཅི་འདྲ། །ཞེས་སོགས་གསུངས་པས་སོ། །མདོར་ན། རིགས་པ་མཁྱེན་པས་ནི། གཟུང་རྣམ་བདེན་མེད་དུ་བསྒྲུབ་པ་ལ་གཅིག་དུ་བྲལ་གྱི་གཏན་ཚིགས་དང༌། དེ་ལ་གཅིག་ནི་མེད་པས་ཀྱང༌། །ཞེས་ཕྱི་རོལ་གྱི་དོན་མེད་པའི་གཏན་ཚིགས་གཉིས་ཀ་གསུངས་ལ། གཞུང་གཞན་ལས་ནི། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་པའི་རིགས་པ་འབའ་ཞིག་གསུངས་སོ། །འོ་ན་ཤེས་པ་ལ་དོན་དུ་སྣང་བ་འདི་བདེན་པར་མེད་ན་གང་དུ་ཡོད་ཅེ་ན། རྫུན་པར་ཡོད་དེ། སྐྲ་ཤད་འཛག་སྣང་གི་ཤེས་པ་ལ་སྐྲ་ཤད་དུ་སྣང་བ་བཞིན་ནོ། །དེ་ལྟ་མོད་ཀྱི། དེའི་ཚེ་སྣང་བ་དང་ཤེས་པ་ལྡོག་ཆ་སོ་སོར་འབྱེད་དགོས་ཏེ། སྣང་ཆ་ནི་སྐྲ་ཤད་ལྟར་མེད་བཞིན་དུ་སྒྲོ་བཏགས་པ་ཡིན་ལ། ཤེས་པའི་ཆ་ནི་ཡུལ་གྱི་ཁ་མ་བསྒྱུར་བའི་གསལ་རིག་ཙམ་ལ་འདོད་དགོས་པའི་ཕྱིར། དེ་ལྟ་མ་ཡིན་པར་དོན་དུ་སྣང་བའི་ཤེས་པ་ཉིད་གཟུང་རྣམ་གྱི་མཚན་གཞིར་ཁས་ལེན་ན། དེ་ཆོས་ཅན། རང་རིག་གི་མྱོང་བྱར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མ་ཡིན་ཞེས་སོགས་དང་འགལ་ལོ། །མདོར་ན་རྣམ་བདེན་རྫུན་རྩོད་པའི་གཞིར་གྱུར་པའི་རྣམ་པ་ནི་གཟུང་རྣམ་ཁོ་ན་ཡིན་ལ། དེ་ལ་ཡང་རྟོག་པ་དང་རྟོག་མེད་ཀྱི་དབྱེ་བས་གཉིས་ཡོད་དོ། །མཚན་གཞི་ནི་ཤེས་པ་ལ་དོན་དེ་དང་དེར་སྣང་ཙམ་ལ་འཆད་པར་མདོ་སྡེ་པ་དང༌། སེམས་ཙམ་པ་གཉིས་དང་གསུམ་ཀ་མཐུན་ནོ། །དེ་ལྟ་ན་ཡང༌། མདོ་སྡེ་པ་དང་རྣམ་བདེན་པས་ནི་སྣང་བ་དེ་ཤེས་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། དེས་ན་དོན་མྱོང་བར་བཤད་དེ། ཞེས་དང་ཤེས་པ་སྔོ་སོགས་སྣ་ཚོགས་པ། །ཤེས་པའི་ཁྱད་པར་གཞན་རྟེན་མེད། །ཅེས་དང༌། དེའི་བདག་ཉིད་ཕྱིར་བདག་རིག །ཅེས་སོགས་རྒྱ་ཆེར་འབྱུང་བས་སོ། །གཉིས་པ་ནི། སྣང་བ་དེ་དོན་དང་ཤེས་པ་གང་དུ་ཡང་མ་གྲུབ་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། གཅིག་ལ་སྣ་ཚོགས་དེ་ཅི་འགྱུར། །བློ་དེ་ལ་ཡང་མི་འགྱུར་རོ། །ཅེས་དང༌། ཤེས་པ་ལ། །རགས་སྣང་ཡོད་མ་ཡིན། །ཅེས་དང༌། དེ་ལྟ་མི་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །ཞེས་སོགས་གསུངས་སོ། །དེ་ལྟར་ན་ལུགས་འདི་ལ་གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཞེས་བྱ་བ་མེད་དེ། གཟུང་རྣམ་ཤེས་པར་མེད་པའི་ཕྱིར། དོན་དེ་ལ་དགོངས་ནས་གཟུང་རྣམ་སྒྲོ་བཏགས་གཞལ་བྱ། ཞེས་དང༌། རང་རིག་བཏགས་པའི་ཐ་སྙད་འབྲས་བུ། །ཞེས་གསུངས་སོ། །དེའི་ཕྱིར། ཕྱི་རབས་པ་གང་དག གཟུང་རྣམ་གཞལ་བྱ་དེ་འཇལ་བར་བྱེད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི་རང་རིག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཀུན་ལ་སྦྱར་བར་བྱའོ། །ཞེས་ཟེར་བ་ནི་རྣམ་པར་མ་བརྟགས་པ་ཡིན་ནོ། །འོ་ན་རྣམ་རྫུན་པས་རང་རིག་ཁས་མི་ལེན་ནམ་ཞེ་ན་མ་ཡིན་ཏེ། རང་མྱོང་བའི་ཤེས་པ་འདོད་པའི་ཕྱིར། ཡང་གཟུགས་སྒྲ་ལ་སོགས་པའི་དོན་ལྔ་པོ། རྣམ་བདེན་རྫུན་རྩོད་པའི་གཞི་ཡིན་ནོ། །ཞེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། འོ་ན་ལྔ་པོ་ཆོས་ཅན། གཟུང་རྣམ་དུ་ཐལ། དེ་གཉིས་བདེན་རྫུན་རྩོད་པའི་གཞིར་གྱུར་པའི་རྣམ་པ་ཡིན་པའི་ཕྱིར། འདོད་ན་རྣམ་བདེན་པས་ཤེས་པར་ཁས་ལེན་པར་ཐལ་བ་དང༌། རྣམ་རྫུན་པའི་ལུགས་ལ་ཡོད་པར་འགྱུར་རོ། །འདིར་སློབ་དཔོན་ཕྱྭ་པ་ན་རེ། རྣམ་བདེན་པས་གཟུགས་སོགས་ཤེས་པར་ཁས་ལེན་ཞེས་ཟེར་བ་ནི་དེའི་འདོད་པ་མ་ཡིན་ཏེ། དེ་ལྟ་ན་དེའི་ལུགས་ལ་དོན་སྣང་གི་ཤེས་པ་ཐམས་ཅད་མ་འཁྲུལ་བ་དང༌། རང་རིག་མངོན་སུམ་དུ་ཁས་ལེན་པར་འགྱུར་རོ། །ཡང་མདོ་སྡེ་པ་དང་རྣམ་བདེན་པ་གཟུང་རྣམ་ཤེས་པའི་ངོར་ཁས་ལེན་ཚུལ་མཚུངས་པས། དེ་གཉིས་ཀ་ལ་དབྱེ་བ་གསུམ་གསུམ་སྟེ། གཟུང་འཛིན་གྲངས་མཉམ་པ་སྒོ་ང་ཕྱེད་ཚལ་བ་སྣ་ཚོགས་གཉིས་མེད་པ་རྣམས་སོ། །དབྱེ་བ་འདི་དག་ཀྱང་མཁས་པའི་གཞུང་ལས་འབྱུང་བ་ཡིན་ཏེ། དབུ་མ་རྒྱན་རྩ་འགྲེལ་ལས་གསལ་བར་གསུངས་པའི་ཕྱིར་རོ། །གསུམ་པ་དེ་གཉིས་ཀ་ལ་རྩོད་པ་སྤང་བ་ལ། འོ་ན། གཟུགས་སྒྲ་ལ་སོགས་པ་མེད་ན་སངས་རྒྱས་ཀྱི་མདོ་ལས། དེ་དག་ཡོད་པར་གསུངས་པ་དང༌། །འགལ་ལོ་ཅེ་ན་མ་ཡིན་ཏེ། །དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་པའི་ཕྱིར། དང་པོ་ནི། ཇི་སྐད་དུ། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེ་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་དང༌། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་སོ། །དགོས་པ་ནི། ཇི་སྐད་དུ། གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིགས་རྟེན་ཐུགས་ནི་འབའ་ཞིག་གི །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་སོ། དངོས་ལ་གནོད་བྱེད་ནི། དམྱལ་བ་ཡི་དྭགས་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །གཞུང་འདི་དག་གི་དོན་ལོག་པར་འཆད་པ་རྣམས་ན་རེ། སེམས་ཙམ་པའི་ལུགས་ལ་ཕྱི་རོལ་གྱི་དོན་མེད་ཀྱང༌། གཟུགས་སྒྲ་ལ་སོགས་པ་ཡོད་དོ་ཅེས་ཟེར་བ་དང༌། དེའི་མཚན་གཞི་ལ་ཁ་ཅིག་གཟུགས་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བ་ཉིད་གཟུགས་ཡིན་ནོ་ཞེས་ཟེར། ཡང་ཁ་ཅིག་ནི་གཟུང་འཛིན་མིག་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་སྟེང་གི་རང་ཉིད་གཟུགས་ཀྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་དེ་གཟུགས་ཡིན་ཟེར་ཞིང༌། ལུགས་དེ་གཉིས་ཀ་ཡང་དམིགས་བརྟག་ཏུ་དམིགས་རྐྱེན་གྱི་འཇོག་ཚུལ་བཤད་པ་ལས་ཐོན་པ་ཡིན་ནོ་ཞེས་ཟེར་བ་དང༌། ཡང་ཆུ་ཀླུང་གི་དངོས་པོ་གཅིག་ཉིད་ལ་རིགས་དྲུག་གི་འགྲོ་བ་ལ་སྣང་ཚུལ་མི་འདྲ་བ་ཤར་བ་དེའི་ཚེ་སྣང་ཆ་ཐ་དད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཆུ་ཀླུང་གི་དངོས་པོ་གཅིག་པོ་དེའི་སྟེང་ན་དོན་ལ་གནས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཟེར་བ་དེ་ཐམས་ཅད་ཀྱང་ཕྱི་རབས་བྱོན་པའི་གངས་ཅན་པ་དག་གི་འདོད་པ་ཐུན་མོང་བར་སྣང་བས་དགག་པ་ཕྱོགས་གཅིག་ཏུ་བརྩམ་པར་བྱ་སྟེ། འདི་ལ་གཟུགས་སྒྲ་སོགས་ཡོད་པ་སྤྱིར་བཀག མཚན་གཞིའི་འདོད་ཚུལ་སོ་སོར་དགག །ཆ་དང་ཆ་ཅན་གྱི་འདོད་ཚུལ་དགག་པའོ། །དང་པོ་ལ། ལུང་དང་འགལ་བ་ནི། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་དང༌། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །ཞེས་སོགས་དང༌། སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག ཅེས་དང༌། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །རིགས་པ་དང་འགལ་བ་ནི། གཟུགས་སྒྲ་སོགས་ཡོད་ན་དངོས་པོར་འགྱུར་ལ། དེ་ལྟ་ན་རྫས་སུ་གྲུབ་པར་འགྱུར་ཏེ། དེ་ལ་དེས་ཁྱབ་པར་ཁྱེད་ཅག་གིས་ཁས་བླངས་པའི་ཕྱིར། དེ་ཡང་འདོད་ན། དེར་སྣང་གི་ཤེས་པ་དང་རྫས་གཅིག་དང་ཐ་དད་གང་རུང་དུ་འགྱུར་ལ། དེ་ཡང་འདོད་ན། རྫས་གཅིག་པ་དེའི་ཚེ་ནི་བེམ་རིག་རྫས་གཅིག་པ་དང༌། ལུས་སེམས་རྫས་གཅིག་པ་དང་སྐྱེ་བ་སྔ་ཕྱི་མེད་པ་དང༌། ས་དང་ཤིང་སེམས་ལྡན་ཡིན་པ་དང༌། གཟུགས་སྒྲ་ལ་སོགས་པའི་ངོ་བོར་གྱུར་པའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཁས་བླངས་པས། ཇི་སྐད་དུ། གོམས་པ་ཡི་ནི་ཁྱད་པར་ལས། །བློ་ལ་དགའ་དང་ཡོངས་སུ་གདུང༌། །ཁྱད་པར་དུ་ནི་མི་འགྱུར་རོ། །ཞེས་བྱ་བའི་ཉེས་པ་དང་འབྲེལ་བར་འགྱུར་རོ། །རྫས་ཐ་དད་དུ་འདོད་པ་དེའི་ཚེ་ནི། གཟུང་འཛིན་རྫས་གཞན་ཁས་བླངས་ལ། དེ་ཡང་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱི་མ་ཡིན་པས། རྣམ་བདེན་རྫུན་གཉིས་ཀའི་ལུགས་ལས་ཉམས་སོ། །གཞན་ཡང༌། གཟུགས་སྒྲ་སོགས་འཛིན་པའི་ཚད་མ་དང༌། མངོན་སུམ་ཁྱེད་ཀྱིས་ཁས་བླངས་པས། གཟུགས་དང་དེ་འཇལ་བྱེད་ཀྱི་ཚད་མ་གྲུབ་བདེ་རྫས་གཅིག་ཏུ་ཁས་ལེན་དགོས་ལ། དེ་ལྟ་ན་གཟུགས་འཛིན་པའི་མིག་ཤེས་ཀྱིས་གཟུགས་འཛིན་ཚད་མ་དངོས་སུ་མཐོང་བ་དང༌། གཟུགས་འཛིན་ཚད་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་གཟུགས་དངོས་སུ་སྣང་བར་འགྱུར་རོ། །གཞན་ཡང༌། གཟུགས་དེ་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་དམིགས་རྐྱེན་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་གཉིས་ཀ་ཡོད་པའི་ཕྱིར། འདོད་ན་ནི། དེ་དེའི་དམིགས་རྐྱེན་དུ་སྟོན་པའི་ལུང་ཁྱེད་ལ་མེད་ཅིང༌། རིགས་པ་དང་འགལ་བ་ནི། གཟུགས་ཆོས་ཅན། དེ་དང་རྫས་གཞན་དུ་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར། གཞན་ཡང་གཟུགས་ཆོས་ཅན། དངོས་པོ་མིན་ཏེ། ཐ་ན་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་མི་རུང་བའི་ཕྱིར། མ་གྲུབ་ན། དེ་དེ་འཛིན་ཤེས་པ་དང་རྫས་གཞན་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ། སྣང་བ་མཚན་གཞིར་འདོད་པ་དགག ནུས་པ་མཚན་གཞིར་འདོད་པ་དགག་པའོ། །དང་པོ་ནི། གཟུགས་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བ་དེ་ཆོས་ཅན། གཟུགས་འཛིན་མིག་ཤེས་གཅིག་ལ་སྣང་བར་ཐལ། གཟུགས་ཡིན་པའི་ཕྱིར། འདོད་ན། རྣམ་པ་དང་བཅས་ཏེ་སྣང་ངམ། རྣམ་མེད་དུ་སྣང༌། དང་པོ་ལྟར་ན། གཟུགས་འཛིན་མིག་ཤེས་ལ་གཟུགས་ཀྱི་རྣམ་པ་སྣང་ཞེས་བྱ་བའི་ལུང་ཡོད་ཀྱི། དེ་ལ་གཟུགས་སུ་སྣང་བ་དེའི་རྣམ་པ་སྣང་ཞེས་པའི་ལུང་མེད་པ་དང༌། རིགས་པ་དང་འགལ་བ་ནི། གཟུགས་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བ་དེ་ཆོས་ཅན། ཁྱོད་རང་འཛིན་མིག་ཤེས་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་རུ་ཐལ། གཟུགས་གང་ཞིག་དེ་ལ་ཁྱོད་ཀྱི་རྣམ་པ་ཤར་བའི་ཕྱིར། འདོད་ན་དེའི་སྔ་ལོགས་སུ་ཡོད་པར་ཐལ་ལོ། །མདོར་ན་དེར་སྣང་བ་དེ་ཡིན་ཞེས་ཟེར་བ་འདི་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་རྣམ་མེད་རྗེན་ཆེར་བ་ཞེས་བྱ་བ་དེ་ཉིད་སླར་འོངས་པ་ཡིན་གྱི། རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་མ་ཡིན་ནོ། །གཞན་ཡང༌། དེ་ལྟར་འདོད་པ་འདི་ལ་སྐྱེས་བུ་ཐམས་ཅད་ཤེས་རྒྱུད་གཅིག་ཏུ་ཐལ་བ་དང༌། སངས་རྒྱས་སེམས་ཅན་ཤེས་རྒྱུད་གཅིག་ཏུ་ཐལ་བའི་ཉེས་པ་གནས་སོ། །ཇི་ལྟར་ཞེ་ན། ལྷ་སྦྱིན་གྱི་ཤེས་པ་ལ་མཆོད་སྦྱིན་དུ་སྣང་བ་དེ་མཆོད་སྦྱིན་ཡིན་པ་གང་ཞིག དེ་ལྷ་སྦྱིན་གྱི་ཤེས་པས་བསྡུས་པའི་ཕྱིར་དང༌། སེམས་ཅན་གྱི་ཤེས་རྒྱུད་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་སྣང་བ་དེ། གཟུགས་སྐུ་མཚན་ཉིད་པ་ཡིན་ཞིང༌། དེ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕྱིར་དང༌། སངས་རྒྱས་ཀྱི་མིག་ཤེས་ལ་སེམས་ཅན་དུ་སྣང་བ་དེ་སེམས་ཅན་མཚན་ཉིད་པ་ཡིན་ཞིང༌། དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་བསྡུས་པའི་ཕྱིར་རོ། །མ་བསྡུས་ན་ནི་གཟུགས་འཛིན་རྫས་གཞན་ཁས་ལེན་དགོས་པར་འགྱུར་རོ། །འོ་ན་ཅི་སྣང་བ་དེ་སེམས་སུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དགོས་སུ་ཆུག་མོད། རྒྱུ་མཚན་དེ་ཉིད་ཀྱིས་དེ་ཉིད་མིན་པར་གྲུབ་སྟེ། གཞན་དུ་ན། ཕྱི་རོལ་གྱི་དོན་དུ་སྣང་བ་ཕྱི་རོལ་གྱི་དོན་ཡིན་པ་དང༌། སྐྲ་ཤད་དུ་སྣང་བ་སྐྲ་ཤད་ཡིན་པ་དང༌། དུང་སེར་སྣང་གི་མིག་ཤེས་ལ་དེར་སྣང་བ་དེ་ཉིད་ཡིན་པ་དང༌། སྐྱེས་བུ་གཅིག་གི་གཟུགས་ལ་ལྟ་བའི་དགྲ་གཉེན་གྱི་མིག་ཤེས་ལ་ཡིད་འོང་དང་ཡིད་མི་འོང་དུ་སྣང་བ་དེ་ཉིད། དེ་དང་དེར་ཐལ་བ་དང༌། ཡི་དྭགས་ལ་ཟླ་བའི་འོད་ཟེར་ཚ་བ་དང༌། ཉི་མའི་འོད་ཟེར་གྲང་བར་སྣང་བའི་ཚེ། སྣང་བ་དེ་ཉིད་དེ་དང་དེར་ཐལ་བར་འགྱུར་རོ། །གཉིས་པ་ནི། ལུང་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། ནུས་པ་ལྡན་མིན་འདུ་བྱེད་དུ་སྟོན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གི་ལུང་ཡོད་ཀྱི། གཟུགས་ཕུང་དུ་སྟོན་པའི་ལུང་མེད་དོ། །རིགས་པ་དང་ཇི་ལྟར་འགལ་ཞེ་ན། གཟུགས་འཛིན་མིག་ཤེས་ཀྱི་དེ་མ་ཐག་རྐྱེན་གྱི་སྟེང་གི དེ་དེའི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་ཆོས་ཅན། གཟུགས་འཛིན་མིག་ཤེས་གཅིག་ལ་སྣང་བར་ཐལ། གཟུགས་ཡིན་པའི་ཕྱིར། མ་ཁྱབ་ན་ནི་དེ་ལ་མི་སྣང་བའི་གཟུགས་ཡོད་པར་ཁས་བླངས་པས། ཕྱི་དོན་ལྐོག་ན་མོ་ལས་མ་འདས་སོ། །འདོད་ན་ནི་དེ་ལ་དེའི་དེ་མ་ཐག་རྐྱེན་ཀྱང་སྣང་བར་འགྱུར་རོ། །འོ་ན་ཇི་སྐད་དུ། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་དང༌། དེའི་རིགས་པས་ནུས་པ་དེ་གཟུགས་སུ་གྲུབ་པ་མིན་ནམ་ཞེ་ན། ནུས་པའི་སྟེང་ནས་རྐྱེན་གསུམ་འཇོག་པ་འདི་ནི་སེམས་ཙམ་གྱི་གཞུང་ན་གསལ་བར་བཞུགས་མོད། དེ་ལྟ་ན་ཡང༌། ནུས་པ་གསུམ་པོ་དེ། དབང་པོ་དང༌། གཟུགས་དང༌། དེ་མ་ཐག་རྐྱེན་དུ་གྱུར་པའི་ཤེས་པར་ཁས་ལེན་པ་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ལུང་དང་རིགས་པས་གནོད་པའི་ཕྱིར། དེ་ལྟ་ན་ཡང་སྔ་ལོགས་ཀྱི་ནུས་པ་དེ་གསུམ་ལས། སྐད་ཅིག་གཉིས་པར་ཤེས་པ་གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པ་ལ། འཇིག་རྟེན་རྨོངས་པས་དེ་དེ་གསུམ་ལས་སྐྱེས་པར་མ་ཤེས་ནས། དེས་ཕྱི་རོལ་གྱི་དོན་གཟུང་བར་ཁས་ལེན་ཅིང༌། མདོ་སྡེ་པ་སོགས་གྲུབ་མཐའ་སྨྲ་བ་གཞན་དག་གིས་ཀྱང་ནུས་པ་དེ་གསུམ་ཁོ་ན་ལས་དེ་སྐྱེ་བར་མ་ཤེས་ནས་ནུས་པ་ལ་དབང་པོ་གཟུགས་ཅན་དང༌། ཕྱི་རོལ་གྱི་དོན་དུ་ཞེན་པར་བྱེད་པ་ཙམ་ཡིན་ནོ་ཞེས་སེམས་ཙམ་པ་དག་གིས་སྨྲས་པ་ཡིན་ཏེ། ཇི་སྐད་དུ། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བ་རྟོག །འདི་ན་དབང་པོ་ལས་བྱུང་རྣམ་པར་རིག །ཕྱི་གཟུང་མེད་པར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་འབྱུང་བར་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་བཟུང་བར་སེམས་ཁས་ལེན། །ཞེས་འབྱུང་བ་དེ་རྣམས་རིགས་པའི་གཞུང་ཡིན་པའི་ཕྱིར། དེ་ལྟར་བཤད་པ་དེ་ཡང༌། འཇིག་རྟེན་གྱི་ལུགས་རྣམ་པར་བཞག་པ་ཡིན་གྱི། རང་གི་ལུགས་མ་ཡིན་ཏེ། དེས་དབང་པོ་གཟུགས་ཅན་དང་གཟུགས་སོགས་ཁས་མི་ལེན་པའི་ཕྱིར། གསུམ་པ་ཆ་ཅན་གྱི་རྣམ་གཞག་མི་འཐད་པ་ནི། ཆུར་སྣང་བའི་དངོས་པོ་གཅིག་གི་སྟེང་ན་རིགས་དྲུག་སོ་སོའི་མཐོང་སྣང་ལ་ཇི་ལྟར་ཤར་བ་བཞིན། དོན་ལ་གནས་སོ་ཞེས་ཟེར་བ་འདི་ནི། སེམས་ཙམ་པའི་གྲུབ་པའི་མཐའ་ལྟ་ཞོག གྲུབ་མཐའ་སྨྲ་བ་སུས་ཀྱང་ཁས་མི་ལེན་ཏེ། གཞན་དུ་ན་འགལ་བ་ལ་མི་འཁྲུལ་པའི་ཚད་མ་ཡོད་པར་ཐལ་བ་དང༌། མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཐམས་ཅད་མ་འཁྲུལ་པར་ཐལ་བ་དང༌། ཆ་ཅན་དེ་ཆུ་ལ་སོགས་པ་རེ་རེ་ནས་ཡིན་ནམ་མིན་ཞེས་བརྟགས་ན་རྣམ་པར་བཞག་པ་ཐམས་ཅད་འཇིག་པའི་ཕྱིར་དང༌། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་ཀྱང་ཡོད་པར་ཐལ་བའི་ཕྱིར་རོ། །བྱེ་བྲག་ཏུ་སེམས་ཙམ་པའི་ལུགས་མ་ཡིན་ཏེ། གལ་ཏེ་ཡིན་ན། ཕྱི་དོན་ལྐོག་ན་མོ་ཡོད་པར་འགྱུར་ཏེ། བརླན་ཅིང་བཤེར་བར་སྣང་བའི་དངོས་པོ་གཅིག་ཉིད་ལྷ་མི་ཡི་དྭགས་གསུམ་གྱི་མིག་ཤེས་ལ། ཆུ་དང༌། རྣག་ཁྲག བདུད་རྩིར་སྣང་བ་དེའི་ཚེ། མིག་ཤེས་སོ་སོ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡང་ཡིན། མིག་ཤེས་སོ་སོ་ལ་མི་སྣང་བ་ཡང་ཡིན་པའི་གཞི་མཐུན་གྲུབ་པའི་ཕྱིར། ཡང་དེའི་སྟེང་གི་ཆུ་དང༌། རྣག་ཁྲག་ཆོས་ཅན་ལྷའི་མངོན་སུམ་ལ་སྣང་བར་ཐལ། ཁྱོད་དང་གྲུབ་བདེ་རྫས་གཅིག་པའི་བདུད་རྩི་ལྷའི་མིག་ཤེས་མངོན་སུམ་ལ་སྣང་བའི་ཕྱིར། གཞན་ཡང་ཟླ་བའི་འོད་ཟེར་གཅིག་ཉིད་ཚ་གྲང་གཉིས་ཀའི་རེག་བྱ་ཅན་དུ་ཐལ་བ་དང༌། གཟུགས་གཅིག་ཉིད་ཡིད་འོང་དང་ཡིད་མི་འོང་གཉིས་སུ་གནས་པར་ཐལ་བ་སོགས་འཇུག་གོ །ཉེས་པ་འདི་ཐམས་ཅད་གཟུགས་ཡོད་པར་ཁས་བླངས་པ་ལས་བྱུང་བ་ཡིན་ཏེ། གཟུགས་ཡོད་ཕྱིན་ཆད། དེ་ལ་ལྟ་བའི་མིའི་མིག་ཤེས་ཚད་མ་ཡིན་པ་དང༌། ལྷའི་མིག་ཤེས་ཚད་མ་མ་ཡིན་པ་ལ་སོགས་པའི་རྣམ་དབྱེ་མི་རུང་བའི་ཕྱིར། དེ་ལྟ་བས་ན་གཞི་གཅིག་པོ་དེའི་སྟེང་ན་རྣག་ཁྲག་དང་བདུད་རྩི་ལྟ་ཞོག བརླན་ཞིང་བཤེར་བ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། །མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་སེམས་ཙམ་པའི་དེ་མཐུན་དཔེ་ཡང་དག་གི་སྒོ་ནས་སྒྲུབ་པའི་ཕྱིར་རོ། །དེ་དག་གིས་ནི་ཆོས་ཀྱི་བདག་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའི་སྒོ་ནས་གཞན་གྱི་ལུགས་བཀག་ཟིན་ཏོ། །གཉིས་པ་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའི་སྒོ་ནས་རང་གི་ལུགས་བཞག་པ་ལ། སྒྲུབ་བྱེད་ཀྱི་རིགས་པ་བཤད། དེས་གྲུབ་པའི་དོན་ངོས་བཟུང་བའོ། །དང་པོ་ལ། རྣམ་བདེན་པའི་ཐུན་མོང་མིན་པའི་རིགས་པ་གསལ་རིག རྣམ་རྫུན་པའི་ཐུན་མོང་མིན་པའི་རིགས་པ་གཅིག་ལ་དུ་མར་སྣང་བ་བཤད། དེ་གཉིས་ཀའི་ཐུན་མོང་གི་རིགས་པ་ལྷན་ཅིག་དམིགས་ངེས་བཤད་པའོ། །དང་པོ་ལ། རྟགས་འགོད། གྲུབ་དོན་ངོས་བཟུང༌། ལུང་དང་སྦྱར་བའོ། །དང་པོ་ནི། བག་ཆགས་ཀྱི་དབང་གིས་སྔོན་པོ་ལ་སོགས་པར་སྣང་བ་འདི་ཐམས་ཅད་ཆོས་ཅན། ཤེས་པ་ཡིན་ཏེ། གསལ་ཞིང་རིག་པ་ཡིན་པའི་ཕྱིར། ཅེས་པའམ། ཡང་ན། ཤེས་པ་ལས་རྫས་ཐ་དད་པའི་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་སྣང་བ་འདི་ནི་ཤེས་པ་ཡིན། མི་སྣང་བའི་དོན་ནི་མ་དམིགས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། སྣང་བ་ནི་གཉིས་ཏེ། རང་སྣང་དང་གཞན་སྣང་ངོ༌། །དང་པོ་ལ་གཉིས་ཏེ། མ་དག་པའི་སྣང་བ་དང༌། དག་པའི་སྣང་བའོ། །དང་པོ་ལ་གཉིས་ཏེ། རྟོག་མེད་ཀྱི་ཤེས་པ་ལ་སྣང་བ་དང༌། རྟོག་པ་ལ་སྣང་བའོ། །གཉིས་པ་ལ་ཡང་གཉིས་ཏེ། གང་ཟག་དུ་སྣང་བ་དང༌། ཆོས་སུ་དེའོ། །དེ་ལྟར་ན་སྣང་བ་དེ་ཐམས་ཅད་ལ་ཡང་སྣང་ཙམ་གྱི་ཆ་དང༌། སྣང་བ་དེ་ལ་རྟོག་པ་གཞན་གྱི་དེ་དང་དེར་སྒྲོ་བཏགས་པའི་ཆའོ། །ཕྱི་མ་འདི་ནི་ཤེས་པ་ལྟ་ཞོག དངོས་པོ་ཙམ་དུ་ཡང་མི་རུང་སྟེ། རྟོག་པས་སྒྲོ་བཏགས་པའི་ཆོས་ཡིན་པའི་ཕྱིར། སྔ་མ་སྣང་ཙམ་གྱི་ཆ་ནི་རྟོག་མེད་ལ་སྣང་བ་ལྟ་ཅི་སྨོས། རྟོག་པ་ལ་སྣང་བ་ཐམས་ཅད་ཀྱང་ཤེས་པ་ཡིན་ཏེ། ཇི་སྐད་དུ། སུམ་ཅུ་པ་ལས། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང༌། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་དང༌། ཉི་ཤུ་པ་ལས་ཀྱང༌། འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གི །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་དང༌། དེ་དག་གི་ཡང་དེ་ལྟའི་དངོས། །བཀག་མེད་གསལ་བར་སྣང་བ་ཉིད། །ཤེས་པའི་ཞེས་དང༌། གལ་ཏེ་སྤྱི་ནི་ཤེས་ངོ་བོའམ། དོན་ཉིད་ཡིན་ན་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར། །ཞེས་གསུངས་པས་སོ། །སྣང་བ་དེ་ཐམས་ཅད་ཀྱང་བག་ཆགས་མཐུན་པར་སད་པ་ཙམ་ཡིན་གྱི། སྣང་བ་ཐུན་མོང་བ་གཅིག་དོན་སྟེང་ན་གནས་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན། ཕྱི་རོལ་དོན་ལ་རྟོག་པའི་གཟུགས་འཛིན་ཡོད་པའམ། སྐྱེས་བུ་ཐམས་ཅད་ཤེས་རྒྱུད་གཅིག་ཏུ་ཐལ་བ་གང་རུང་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་དག་པའི་སྣང་བ་ཐམས་ཅད་ཀྱང་སྣང་མཁན་རང་གི་ཤེས་པ་ཁོ་ན་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལ་འོག་མིན་ལ་སོགས་པ་རྟེན་དང་བརྟེན་པར་བཅས་པ་སྣང་བ་དེའི་ཚེ་རང་སྣང་གི་ཆ་དང༌། གཞན་སྣང་གི་ཆ་གཉིས་ཡོད་ལ། རང་སྣང་གི་ཆ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡིན་ཏེ། དེའི་རང་སྣང་ཡིན་པའི་ཕྱིར། གཉིས་པ་ནི་མ་ཡིན་ཏེ། སེམས་ཅན་གཞན་གྱི་ཤེས་རྒྱུད་སྒྲིབ་པས་མ་དག་པའི་དབང་གིས་སྣང་བའི་གཞན་སྣང་ཡིན་པའི་ཕྱིར། གཉིས་པ་གཞན་སྣང་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་དག་པའི་སྣོད་བཅུད་དུ་སྣང་བ་ཇི་སྙེད་པ་ནི། སྣང་མཁན་རང་གི་ཤེས་པ་མ་ཡིན་ཏེ། དེ་ལྟ་ན་ཧ་ཅང་ཐལ་བའི་ཕྱིར། འོ་ན་དེ་དག་ཆོས་ཅན། མེད་པར་ཐལ། སངས་རྒྱས་ཀྱི་རང་སྣང་ལ་མི་སྣང་བའི་ཕྱིར་ཞེ་ན། ཀུན་གཞིའི་སྟེང་གི་བག་ཆགས་སད་པ་ལས་བྱུང་བ་དོན་སྣང་ཐམས་ཅད་དང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་སྣང་བ་ཐམས་ཅད་དང༌། དོན་སྤྱི་དང༌། ལྐོག་གྱུར་ལ་སོགས་པ་ཐམས་ཅད་དེར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཡང་སངས་རྒྱས་ཀྱི་ས་ན་འཁྲུལ་པའི་སྣང་བ་འཆར་བར་འདོད་པ་སློབ་དཔོན་དུལ་བའི་ལྷ་ལ་སོགས་པ་ལ་དྲི་བཅས་རྣམ་རྫུན་པ་དང༌། དེ་མི་འཆར་བར་འདོད་པ་སློབ་དཔོན་ཆོས་མཆོག་ལ་སོགས་པ་ལ་དྲི་མེད་རྣམ་རྫུན་པ་ཞེས་བྱ་བའི་ཐ་སྙད་བོད་སྔ་མ་རྣམས་ཀྱིས་མཛད་དོ། །མདོར་ན་ཇི་སྲིད་སྣང་མཁན་གྱི་སེམས་སུ་ཁས་ལེན་ནུས་པ་དེ་སྲིད་དུ། དེ་དེ་ལ་མ་འཁྲུལ་བར་ཡང་ཁས་ལེན་དགོས་ཏེ། དེ་དེ་ལ་རང་རིག་ཏུ་ཁས་ལེན་དགོས་པའི་ཕྱིར། གསུམ་པ་ལུང་དང་སྦྱར་བ་ནི། རྣམ་པར་ངེས་པ་ལས། རིག་པ་དག་གིས་སྔོན་པོ་ལ་སོགས་པར་སྣང་བ་དང༌། དེ་རིག་པ་དག་ཐ་དད་པ་མེད་པར་གྲུབ་བོ་ཞེས་གསུངས་སོ། །གཉིས་པ་ལ་གཏན་ཚིགས་བཀོད་པ་ནི། ཕྱི་རོལ་གྱི་དོན་དང་དེར་སྣང་བའི་གཟུང་རྣམ་ཆོས་ཅན། བདེན་པར་མེད་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དངོས་སུ་མི་སྣང་བའི་ཕྱིར། ཞེས་པ་སྟེ། ཐེག་བསྡུས་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་སོ། །ཡང་བརླན་ཞིང་བཤེར་བར་སྣང་བ་གཅིག་ཉིད་ཆོས་ཅན། སྣང་བ་ལྟར་ཕྱི་རོལ་དོན་དུ་མ་གྲུབ་སྟེ། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་ལྷ་མི་ཡི་དྭགས་སོགས་ཀྱི་མིག་ཤེས་ལ་སྣང་ཚུལ་འགལ་བའི་ཕྱིར། ཇི་སྐད་དུ། དེ་ཉིད་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུང་ངོ༌། །ཡང་དེ་ལྟར་སྣང་བ་དེ་ཆོས་ཅན། ནང་ཤེས་པའི་ངོར་མི་བདེན་ཏེ། །ཕྱི་རོལ་དོན་དུ་སྣང་བའི་ཕྱིར། །ཇི་སྐད་དུ། ཕྱི་རོལ་ལྟར། གནས་པ་འདི་ནི་ཆ་གཞན་ཡིན། །ཞེས་གསུང་ངོ༌། །ཡང་དེ་ཆོས་ཅན། ནང་འཛིན་པ་མ་ཡིན་ཏེ། ཁྱོད་ཀྱི་བཟུང་བྱ་གྲུབ་པའི་ཕྱིར། ཇི་སྐད་དུ། གཟུང་བ་མེད་ཕྱིར་དེ་འཛིན་མེད། །ཅེས་གསུངས་སོ། །དེ་ལྟར་ན་རིགས་པ་འདི་དག་གིས་ནི་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་མི་བདེན་པར་མ་ཟད། སེམས་ཡིན་པ་ཙམ་དེ་ཡང་བཀག་པ་ཡིན་ནོ། །གསུམ་པ་ལ། རྩ་བའི་རྟགས་བཀོད། ཚུལ་བསྒྲུབ་སྒྲུབ་པའི་ངག་བཀོད་ནས་རྗེས་དཔག་སྐྱེད་པའོ། །དང་པོ་ལ། མི་འཐད་པ་དགག འཐད་པ་བཞག རྩོད་པ་སྤང་བའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། སྔོན་པོ་དང་སྔོ་འཛིན་ཚད་མ་ཆོས་ཅན། ཞེས་དང༌། སྔོན་པོ་དང་དེ་འཛིན་མངོན་སུམ་ཆོས་ཅན། རྫས་གཞན་མ་ཡིན་ཏེ་ལྷན་གཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་ཟེར་བ་དེ་དག་གིས་ནི་ཆོས་ཀྱི་གྲགས་པས་ཕྱི་རོལ་དོན་འགོག་པའི་རིགས་པ་རྒྱས་པར་འཆད་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ལྟར། སྔོན་པོ་རྟོགས་པའི་ཚད་མ་དང༌། དེ་འཛིན་པའི་མངོན་སུམ་གྱི་མཚན་གཞི་གང་ཡིན། སྔོ་འཛིན་དབང་པོའི་མངོན་སུམ་ལྟ་བུའོ་ཞེ་ན། འོ་ན་དེས་དེ་རྟོགས་པའི་སྒྲུབ་བྱེད་ཅི། འདྲ་བ་ལས་སམ། སྐྱེས་ལ་འདྲ་བས་སམ། ངེས་ཤེས་དང་གསུམ་ཚོགས་པས་སམ། དེ་མ་ཡིན་པའི་སྒྲུབ་བྱེད་གཞན་ཡོད། དང་པོ་ལྟར་ན། བདག་ཉིད་ཀུན་གྱི་འདྲ་ན་ནི་མི་སྲིད། ཆ་འགའ་ཞིག་ལས་འདྲ་ན་ནི་ཁྱབ་པ་འཁྲུལ་ལོ། །གཉིས་པ་ལྟར་ན་ཤེས་པ་ཕྱི་མས་སྔ་མ་མྱོང་བར་འགྱུར་རོ། །གསུམ་པ་ལྟར་ན་སྔོན་པོ་དེ་ངེས་པའི་ངེས་ཤེས་དོན་མཐུན་མི་སྲིད་དེ། སྔོན་པོ་དང་སྔོར་སྣང་དབང་ཤེས་ལ་འབྲེལ་བ་མ་གྲུབ་པའི་ཕྱིར། ཇི་ལྟར་ཞེ་ན། དེ་བྱུང་གི་འབྲེལ་བ་གྲུབ་ན་རྫས་གཞན་དུ་འགྱུར་ལ། བདག་གཅིག་གི་འབྲེལ་བ་གྲུབ་ན། སྔོན་པོ་མེད་ན་སྔོ་སྣང་དབང་ཤེས་མི་འབྱུང་བ་ཡིན་པར་འགྱུར་ལ། དེ་ལྟ་ན་ཤེས་པ་དེ་བག་ཆགས་ཀྱི་དབང་གིས་བྱུང་བ་ཡིན་པའམ། དེའི་དེ་མ་ཐག་རྐྱེན་གྱི་བག་ཆགས་དེ་སྔོན་པོར་ཁས་ལེན་པ་གང་རུང་ལས་མ་འདས་སོ། །གཞན་ཡང༌། དོན་སྣང་གི་ཤེས་པ་ཕྱི་མས་སྔ་མ་མྱོང་བར་ཐལ། དེ་ལའང་སྒྲུབ་བྱེད་གསུམ་ཀ་ཞུགས་པའི་ཕྱིར། ཞེས་བྱ་བ་འདི་དག་ནི་རིགས་པ་མཁྱེན་པས། མདོ་སྡེ་པ་བཀག་པའི་གཞུང་ལས་གསལ་བར་གསུངས་པ་ཡིན་ནོ། །བཞི་པ་ལྟར་ན་ནི། འབྲས་རྟོག་གཉིས་པ་སོགས་སུ་མདོ་སྡེ་པ་འགོག་བྱེད་ཀྱི་རིགས་པ་དེ་མཐའ་མ་ཆོད་པར་འགྱུར་རོ། །གཞན་ཡང༌། ས་བོན་དང༌། མྱུ་གུ་དང༌། མེ་དང༌། དུ་བ་སོགས་རང་ལུགས་ལ་ཚད་མས་གྲུབ་པ་བཞིན་དུ། རྒྱུ་འབྲས་དང་འབྲས་རྟགས་ཀྱི་རྣམ་གཞག་འཇོག་པའི་ཚེ། དུ་སྣང་དང་མེ་སྣང་སོགས་ཀྱི་རྣམ་གཞག་དཀའ་ལ་དོན་ཆུང་བ་འདིས་ཅི་ཞིག་བྱ། གཞན་ཡང་ཁྱེད་འདོད་པའི་ཕྱོགས་ཆོས་ནི་འདིའི་སྐབས་ཀྱི་རྒོལ་ཕྱིར་རྒོལ་གྱི་མཐུན་སྣང་དུ་གྲུབ་པ་མ་ཡིན་ཏེ། སྔོར་སྣང་དབང་ཤེས་དང་དུས་མཉམ་པའི་སྔོན་པོ་དེ་འཛིན་མངོན་སུམ་གཉིས་ནི། གཟུང་འཛིན་དུ་མདོ་སྡེ་པས་ཁས་བླངས། དེ་དང་དུས་མི་མཉམ་པའི་སྔོན་པོ་དང་དེ་འཛིན་མངོན་སུམ་གཉིས་ནི་ལྷན་ཅིག་དམིགས་ངེས་སུ་ཁྱོད་ཀྱིས་མི་འགྲུབ་པའི་ཕྱིར། འདི་ལ་མི་ཁས་པ་དག་ན་རེ། དུས་མཉམ་པའི་ཡུལ་ཡུལ་ཅན་གཉིས། རྫས་གཞན་མ་ཡིན་པར་སྒྲུབ་དགོས་པ་ཡིན་ཏེ། དེའི་ཕྱིར་ཤེས་དུས་སྣང་བ་ཡི། །དོན་ནི། ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཤེས་པ་ཡིན་ཏེ། མདོ་སྡེ་པའི་ངོར་སྒྲུབ་མི་དགོས་པ་དང༌། ཕྱོགས་ཆོས་མི་འགྲུབ་པའི་ཉེས་པ་གཉིས་ཡོད་པའི་ཕྱིར། ཡོད་པ་ཡིན་ཏེ། མདོ་སྡེ་པའི་ལུགས་ལ་དོན་རིག་མངོན་སུམ་གྱི་ཡུལ་ཡུལ་ཅན་དུས་མཉམ་པ་ནི་མོ་གཤམ་གྱི་བུ་དང་མཚུངས་པའི་ཕྱིར་དང༌། སྔོན་སྣང་དབང་ཤེས་ཀྱི་རང་དུས་སུ་སྔོན་པོ་རིག་པ་ཡིན་གྱི་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་མདོ་སྡེ་པའི་གྲུབ་པའི་མཐའ་ལ་གནས་པའི་ཕྱིར། དེའི་ལུགས་ལ་དེ་གཉིས་ལྷན་ཅིག་དམིགས་ངེས་སུ་ཇི་ལྟར་རུང༌། དེ་ལ་དེ་གནས་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་ངེས་པ་ལས། ཡུལ་ནི་རྣམ་པར་ཤེས་པའི་རྒྱུར་ཉེ་བར་གནས་པའི་ཕྱིར། སྔར་ནི་དམིགས་པ་ཡིན་ལ་ཕྱིས་ནི་རིག་པ་ཡིན་ནོ་ཞེས་གསུངས་པ་མདོ་སྡེ་པའི་གཞུང་ཡིན་པའི་ཕྱིར། སྔར་རྒོལ་སེམས་ཙམ་པས་ཀྱང་དེ་འདྲའི་ཕྱོགས་ཆོས་ཚད་མས་གྲུབ་པ་མ་ཡིན་ཏེ། མདོ་སྡེ་པས་སེམས་ཙམ་པའི་ངོར། སྔོན་པོ་དང་སྐྱེས་ལ་འདྲ་བའི་རྟགས་ཀྱིས་སྔོ་སྣང་དབང་ཤེས་ཀྱི་སྔོན་པོ་མྱོང་བར་བསྒྲུབ་དགོས་པའི་ཕྱིར། ཇི་སྐད་དུ། ཇི་ལྟར་སྔོ་སོགས་ངོ་བོའི་ཕྱིར། །སྔོ་སོགས་ཉམས་སུ་མྱོང་བར་འདོད། །ཅེས་གསུངས་པས་སོ། །གཉིས་པ་རང་གི་ལུགས་ལ་ཕྱིར་རྒོལ་གྱི་འདོད་པ་བསམ་པ་དང༌། དེའི་ངོར་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། བྱེ་བྲག་སྨྲ་བས། སྔོར་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་དུས་མཉམ་རྫས་གཞན་དུ་ཁས་ལེན་པ་ཡིན་ཏེ། དེས་སྣང་བ་དེ་ཉིད་སྔོན་པོར་ཁས་ལེན་པའི་ཕྱིར། མདོ་སྡེ་པས་ནི། དེ་གཉིས་རྒྱུ་འབྲས་དང་ཡུལ་ཡུལ་ཅན་མཚན་ཉིད་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ཤེས་པའི་རྣམ་པ་འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་གསུངས་པས་སོ། །གཉིས་པ་ལ། རྒོལ་བ་དང་པོའི་ངོར་ནི། སྔོར་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཆོས་ཅན་དུ་བཟུང་བས་ཆོག་ལ། རྒོལ་བ་གཉིས་པའི་ངོར་ནི་འདི་ལྟར་བརྟག་པར་བྱ་སྟེ། འོ་ན་སྔོར་སྣང་དབང་ཤེས་ལ་དེ་ལས་རྫས་གཞན་དུ་གྱུར་པའི་སྔོན་པོ་དེ་སྣང་ངམ་མི་སྣང༌། སྣང་ན། སྣང་བ་དེ་དོན་ནམ་ཤེས་པ་གང་ཡིན། དང་པོ་ལྟར་ན་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་ཆོས་ཅན། སྔོར་སྣང་དབང་ཤེས་ལས་རྫས་གཞན་པའི་དོན་དུ་ཡོད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སྔོན་པོ་ཡོད་པ་མ་ཡིན་ཏེ། སྔོན་པོར་སྣང་བ་ནི་ཤེས་པ་ཡིན། དེ་ལས་ཡན་གར་དུ་གྱུར་པའི་སྔོན་པོ་མ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་གསུངས་སོ། །གཉིས་པ་མི་སྣང་བ་ལྟར་ན། སྔོར་སྣང་དབང་ཤེས་དམིགས་པའི་ཡུལ་འདིར་ཆོས་ཅན། སྔོན་པོ་མེད་དེ། སྣང་རུང་གི་སྔོན་པོ་མ་དམིགས་པའི་ཕྱིར་ཞེས་འགོད་པར་བྱེད་དོ། །དེ་ལྟ་བུའི་རིམ་པ་གཉིས་དགོས་པར་ཡང༌། རྣམ་པར་ངེས་པ་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་འགྲུབ་མི་འགྱུར། །ཅེས་སྦྲེལ་ནས་གསུངས་ཤིང༌། དེ་དག་གི་རང་འགྲེལ་ལས་གསལ་བར་ཤེས་སོ། །དེ་ལྟར་སོ་སོར་མ་ཕྱེ་བར་མདོ་སྡེ་པའི་ངོར་སྔོར་སྣང་དབང་ཤེས་དང༌། དེ་ལ་སྔོན་པོར་སྣང་བ་རྫས་གཞན་མ་ཡིན་པར་སྒྲུབ་པ་དང༌། ཡང་སྔོར་སྣང་དབང་ཤེས་དང་དེའི་གཟུང་རྣམ་གཉིས་རྫས་གཞན་མ་ཡིན་པར་སྒྲུབ་པ་ནི་སྐབས་ཀྱི་དོན་མ་ཡིན་ཏེ། གྲུབ་ཟིན་སྒྲུབ་པའི་ཕྱིར། ཇི་ལྟར་ཞེ་ན། དང་པོ་གྲུབ་ཟིན་པ་ཡིན་ཏེ། ཇི་སྐད་དུ། ཕྱི་རོལ་དོན་བསྒྲུབ་ཅེས་བྱ་བའི་བསྟན་བཅོས་ལས། སྣང་དང་ཐ་དད་མི་སྒྲུབ་ན། །གྲུབ་པ་བསྒྲུབ་པ་ཉིད་དུ་འགྱུར། །ཤེས་པ་རྣམ་བཅས་སྨྲ་བ་དང༌། །འདི་ལ་རྩོད་པ་ཡོད་མ་ཡིན། །ཞེས་བཤད་པའི་ཕྱིར་དང༌། ཇི་སྐད་དུ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་པ་མདོ་སྡེ་པའི་གཞུང་ཡིན་པས་སོ། །གཉིས་པ་ཡང་གྲུབ་ཟིན་པ་ཡིན་ཏེ། དེ་ཉིད་ལས། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །ད་ལྟར་སྣང་བ་མྱོང་ཆ་ཉིད། །དེ་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཞེས་བཤད་པའི་ཕྱིར། རྒྱས་པར་བཤད་ན་དེ་ལྟ་ཡིན་མོད་ཀྱི། རེ་ཤིག་གོ་སླ་བར་བྱེད་ན་འདི་ལྟ་སྟེ། སྔོན་སྣང་དབང་ཤེས་དང་དེ་སྔོན་པོར་སྣང་བ་གཉིས་ཆོས་ཅན། སྣང་བ་ལྟར་རྫས་གཞན་དུ་གྲུབ་པ་མེད་དེ། དམིགས་བྱེད་རྟོག་མེད་ཀྱི་ཤེས་པ་གཅིག་གི་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་འགོད་དོ། །དེའི་རྒྱུ་མཚན་ཡང་མདོ་སྡེ་པས། སྣང་བ་འདི་ལ་གཉིས་འདོད་དེ། གཟུང་བའི་རྣམ་པ་དང༌། དོན་སྔོན་པོ་ཉིད་དོ། །དང་པོ་དང་རྫས་གཞན་མ་ཡིན་པར་བསྒྲུབ་མི་དགོས་ཀྱང་གཉིས་པ་དང་སྔོར་སྣང་དབང་ཤེས་རྫས་གཞན་མ་ཡིན་པར་བསྒྲུབ་དགོས་ལ། དེ་ལྟ་བས་ན་འདིར་ནི་སྤྱི་བཀག་པས་བྱེ་བྲག་ཁེགས་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ། གལ་ཏེ་འོ་ན། སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང༌། སྔོན་པོ་དང་དེའི་བློ་དག ཅེས་དང༌། རིགས་པའི་གཏེར་ལས་ཀྱང་དེ་ལྟར་དུ་གསུངས་པ་མིན་ནམ། ཇི་ལྟར་སྔོན་པོ་ཆོས་ཅན་དུ་མི་འཛིན་ཞེ་ན། དེ་ནི་དོན་སྨྲ་བའི་ངོར། རློམ་ཚོད་ཀྱི་ཆོས་ཅན་དུ་གཟུང་བ་ཡིན་ཏེ། སོང་ཚོད་ནི། སྔོན་པོ་ལ་སོགས་པར་སྣང་བ་ཉིད་ཡིན་ཏེ། རྣམ་པར་ངེས་པར། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོན་པོ་ལ་སོགས་པར་སྣང་བ་དང༌། དེ་རིགས་པ་དག་ཐ་དད་པ་མེད་པར་གྲུབ་བོ་ཞེས་གསུངས་སོ། །ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་གྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་དངོས་དང༌། གཞན་གྱི་ལོག་རྟོག་བསལ་བ། གྲུབ་པའི་དོན་ནོ། །དང་པོ་ནི། ཇི་སྐད་དུ། མྱོང་བ་མེད་པར་དོན་འགའ་འམ། །ཞེས་སོགས་དང༌། རིགས་གཏེར་ལས། ཕྱོགས་ཆོས་རང་གིས་གྲུབ་པར་གསུངས་པ་ནི། རྣམ་བདེན་པའི་དབང་དུ་བྱས་པ་ཡིན་ཏེ། ཅིག་ཤོས་ཀྱི་ཕྱོགས་ལ་དེ་མིང་རུང་བར་གོང་དུ་བཤད་ཟིན་པའི་ཕྱིར། དེའི་ཕྱིར་ན་རྣམ་རྫུན་པ་ལྟར་ན་སྐྲ་ཤད་འཛག་སྣང་གི་དཔེས་དང༌། སྐྲ་ཤད་ལྟར་ལྷན་ཅིག་ཏུ་དམིགས་པས་ཁྱབ་པ་ཙམ་ལ་ལྷན་ཅིག་དམིགས་ངེས་ཞེས་བྱའོ། །གཉིས་པ་ནི། ཕྱི་རབས་པ་དག ལྷན་ཅིག་དམིགས་ངེས་ལ་ཡུལ་ཡུལ་ཅན་གྱི་ཁྱད་པར་འདོད་པ་ནི་མི་འཐད་དེ། དེ་འདྲའི་བཤད་པ་གང་ནའང་མེད་པའི་ཕྱིར་དང༌། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་ལ་ལྷན་ཅིག་དམིགས་ངེས་སུ་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་ལྷན་ཅིག་དམིགས་ངེས་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་ཁྱབ་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། རྣམ་རྫུན་པ་ལྟར་ན། ཤེས་པ་གཅིག་གི་གཟུང་འཛིན་གྱི་ཚུལ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པར་ཐལ་བའི་ཕྱིར་དང༌། རྣམ་བདེན་པ་ལྟར་ན་ཆོས་ཅན་སྔོར་སྣང་དབང་ཤེས་ལྟ་བུའི་སྟེང་གི་བྱས་པ་དང་མི་རྟག་པ་ལ་སོགས་པའི་ལྡོག་པ་དུ་མ་རྣམས་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་རང་གི་ལུགས་ནི་ཕན་ཚུན་ཐ་དད་རང་འཛིན་རྟོག་མེད་ཀྱི་ཤེས་པས་ཡུལ་དུས་གཅིག་ཏུ་ཅིག་ཆར་དུ་དམིགས་པས་ཁྱབ་པ་དེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་མཚན་ཉིད། དཔེར་ན་བྱས་པ་དང་མི་རྟག་པ་གཉིས་བཞིན་ནོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ་རྗེས་འགྲོ་སྒྲུབ་པ་དང༌། ལྡོག་པ་སྒྲུབ་པའོ། །དང་པོ་ནི། བྱེ་མདོ་གཉིས་ཀས་དཔེ་ཟླ་བ་གཉིས་སྣང་གི་དབང་ཤེས་དང༌། དེ་ལ་ཟླ་བ་གཉིས་སྣང་བ་ཚོགས་པའི་ཚོགས་དོན་གྱི་སྟེང་དུ་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། བྱེ་བྲག་སྨྲ་བས་ནི། སྣང་བ་དེ་ཟླ་གཉིས་མིན་པར་མངོན་སུམ་གྱིས་གྲུབ་ཅིང༌། མདོ་སྡེ་པས་ནི། སྔ་ལོགས་ན་རྣམ་པ་གཏོད་བྱེད་ཀྱི་ཟླ་གཉིས་མེད་པར་མངོན་སུམ་གྱིས་གྲུབ་ཅིང་གྲུབ་པ་ལྟར་ཁས་བླངས་པའི་ཕྱིར། ལྡོག་པ་བསྒྲུབ་པ་ནི། རྟགས་མི་མཐུན་པའི་ཕྱོགས་ལ་ཡོད་པ་ནི་མངོན་སུམ་དང༌། གནོད་པ་ཅན་གྱི་རྟགས་གཉིས་ཀྱིས་ཁེགས་པ་ཡིན་ཏེ། རྫས་གཞན་དུས་མི་མཉམ་པ་ལ་ནི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཡོད་པ་མངོན་སུམ་གྱིས་ཁེགས། དུས་མཉམ་རྫས་གཞན་ལ་ནི་གང་འབྲེལ་བ་མེད་པ་ཡིན་ན། ལྷན་ཅིག་དམིགས་ངེས་མ་ཡིན་པས་ཁྱབ། དཔེར་ན་སྔོ་སེར་བཞིན། སྣང་གཟུགས་དང་སངས་རྒྱས་ཀྱི་ཡེ་ཤེས་དང་གཞན་སེམས་ཀྱང་དུས་མཉམ་རྫས་གཞན་ཡིན་ནོ་ཞེས་བྱ་བའི་རྟགས་ཀྱིས་ཁེགས་སོ། །གསུམ་པ་གཏན་ཚིགས་བཀོད་ནས་རྗེས་དཔག་བསྐྱེད་པ་ནི། གང་ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་མིན་པས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་དང༌། དེ་ལ་ཟླ་གཉིས་སུ་སྣང་བ་བཞིན། སྔོ་སྣང་དབང་ཤེས་དང་དེ་ལ་སྔོན་པོར་སྣང་བ་གཉིས་ཀྱང་ལྷན་ཅིག་དམིགས་ངེས་ཡིན་ནོ་ཞེས་བྱ་བ་ནི་ཕན་ཚུན་སྤངས་པའི་ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །འདིར་རྣམ་བདེན་པ་ལྟར་ན་རྫས་གཞན་བཀག་ནས། རྫས་གཅིག་འཕེན་པར་བྱེད་ལ། རྣམ་རྫུན་པ་ལྟར་ན། རྫས་གཞན་བཀག་ཙམ་གྱི་མེད་དགག་བསྒྲུབ་བྱའི་ཆོས་སོ། །གཉིས་པ་རིགས་པ་དེས་གྲུབ་པའི་དོན་ལ། དོན་དམ་པའི་བདེན་པ་འཇོག་པའི་ཚུལ་དང་ཐ་སྙད་ཀྱི་བདེན་པ་ཁས་ལེན་པའི་ཚུལ་ལོ། །དང་པོ་ནི། གོང་དུ་བཤད་པའི་རིགས་པ་དེ་དག་གིས་ཅི་ཞིག་གྲུབ་ཅེ་ན། ཆོས་ཀྱི་བདག་མེད་དང༌། དོན་དམ་པའི་བདེན་པའོ། །དེ་ཡང་གང་ཞེ་ན། འདི་ལ་ལུགས་གཉིས་ལས། རྣམ་བདེན་པ་ལྟར་ན། གོང་དུ་བཤད་པའི་རིགས་པ་དེ་དག་གིས་ཕྱི་རོལ་གྱི་དོན་བཀག་ནས་དོན་སྣང་བ་དེ་ཐམས་ཅད་སེམས་སུ་གྲུབ་པ་དེ་ཉིད་དོ། །རྣམ་རྫུན་པ་ལྟར་ན། ཕྱི་རོལ་དོན་དང་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གཉིས་ཀ་བཀག་ནས། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་དོ། །འདི་ལའང་གཉིས་ཏེ། གཉིས་སྟོང་མེད་དགག་གི་ཆ་དང༌། གཉིས་སྟོང་གསལ་རིག་གི་ཆའོ། །དང་པོ་ནི། དོན་དམ་པའི་བདེན་པ་ཡིན་ཀྱང་བདེན་པར་གྲུབ་པ་མ་ཡིན་ཏེ། གཞན་སེལ་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གཉིས་པ་ནི། དོན་དམ་པའི་བདེན་པ་དང༌། བདེན་པར་གྲུབ་པ་གཉིས་ཀ་ཡིན་ཏེ། རྣམ་དག་གི་དམིགས་པ་གང་ཞིག དངོས་པོར་ཡོད་པའི་ཕྱིར། དེས་ན་དོན་དམ་པའི་བདེན་པའི་གཙོ་བོ་ནི་འདི་ཉིད་ཡིན་ཞིང༌། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་དག་ལས། ཆོས་ཀྱི་དབྱིངས་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དང༌། ཡང་དག་པའི་མཐའ་དང༌། ཡོད་པའི་སྟོང་པ་ཉིད་ཅེས་གསུངས། དེ་དག་ཀྱང་འདི་ཁོ་ན་ལ་དགོངས་པ་ཡིན་ནོ། །འོ་ན་ལྟ་བ་དེ་དག་གིས་ལམ་གང་ཞིག་བགྲོད་ཅེ་ན། རྣམ་བདེན་གྱི་ལྟ་བ་བཤད་མ་ཐག་པ་དེ་ལ་གོམས་པར་བྱས་པས་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པའི་བར་དུ་བགྲོད་པ་དང༌། རྣམ་རྫུན་གྱི་ལྟ་བ་བཤད་མ་ཐག་པ་དེ་གོམས་པར་བྱས་པས་ཤེས་བྱའི་སྒྲིབ་པ་མ་ལུས་པའི་ས་བོན་རྩ་བ་ནས་དྲུངས་འབྱིན་ནུས་པར་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང༌། དབུས་དང་མཐའི་རྣམ་པར་འབྱེད་པར་གསུངས་ཤིང༌། གཞུང་དེ་ཉིད་ཀྱི་མཐར་ཐུག་གི་ལྟ་བ་ཡང་དེར་གནས་སོ། །དེ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་གཞིར་བྱས་པ་ལ། སེམས་ཙམ་དུ་སྨྲ་བ་དང༌། དབུ་མར་སྨྲ་བའི་བཤད་པ་གཉིས་ཡོད་ལ། དང་པོ་ནི། རྣམ་བདེན་པ་རྣམས་ལ་བྱ་བ་ཡིན་ཏེ། མདོ་ལས། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང༌། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཞེས་དང༌། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་པའི་མདོ་སྒྲ་ཇི་བཞིན་དུ་ཁས་ལེན་པའི་ཕྱིར་རོ། །མཚན་གཞི་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། བྲམ་ཟེ་བདེ་བྱེད་དགའ་བ་ལ་སོགས་པ་རྣམས་སོ། །ཞེས་བོད་སྔ་མ་རྣམས་འཆད་ལ། དེ་ལྟ་ན་ཡང༌། བརྒྱད་སྟོང་དོན་བསྡུས་ལས། སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །ཞེས་གསུངས་པས། གཞན་དབང་བདེན་མེད་དུ་བཞེད་པའི་ཕྱིར་རྣམ་པར་བརྟག་དགོས། གཉིས་པ་ནི། སྣང་བར་སེམས་སུ་ཡོད་ན་རྟག་པའི་མཐར་ལྷུང་ཞིང༌། གཉིས་སྟོང་གི་དེ་ཁོ་ན་ཉིད་མེད་ན་ཆད་པའི་མཐར་ལྷུང་བའི་ཕྱིར། གཉིས་སྟོང་གི་དེ་ཁོ་ན་ཉིད་ཡོད་དོ་ཞེས་འདོད་པའི་རྣམ་རྫུན་པར་གྲགས་པ་རྣམས་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པས་སོ། །དེའི་མཚན་གཞི་ནི། འཕགས་པ་ཐོགས་མེད་དང༌། སློབ་དཔོན་ཆོས་མཆོག་ལ་སོགས་པའོ་ཞེས་བོད་ཀྱི་སློབ་དཔོན་རྣམས་གསུང་ངོ༌། །མདོར་བསྡུ་ན། རྣམ་རིག་པ་གཞིར་བྱས་ལ། ལྟ་བ་ཁས་ལེན་ཚུལ་གྱི་ཁྱད་པར་ལས་མིང་འདོགས་སོ་སོར་འབྱེད་ཚུལ་ནི། བོད་ལ་ལ། རྣམ་བདེན་པ་དང་རྣམ་རྫུན་པ་ཞེས་ཟེར། ལ་ལ་རྣམ་བཅས་པ་དང༌། རྣམ་མེད་པ་ཞེས་ཟེར་མོད། ཚད་ལྡན་གྱི་གཞུང་དང༌། ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དག་ལས་ནི། སེམས་ཙམ་དུ་སྨྲ་བ་དང༌། སྣང་མེད་དུ་སྨྲ་བའམ། དབུ་མ་པ་ཞེས་བྱ་བའི་ཐ་སྙད་གསལ་བར་གསུངས་ཤིང༌། ཞི་འཚོ་ཡབ་སྲས་དང༌། ཚད་མ་རྒྱན་གྱི་མཁན་པོས་སྡེ་བདུན་གྱི་དགོངས་པ་དབུ་མར་གནས་སོ་ཞེས་གསུང་པ་ཡང་དོན་འདི་ལ་དགོངས་སོ། །གཉིས་པ་ཐ་སྙད་བདེན་པ་ཁས་ལེན་ཚུལ་ལ། ཐ་སྙད་ཀྱི་བདེན་པ་ནི་གཉིས་ཏེ། གཞན་གྱི་དབང་དང་ཀུན་བཏགས་པའོ། །དང་པོ་ནི། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང༌། དེ་ལའང་དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བའོ། །གཉིས་པ་ནི། ཇི་ལྟར་སྣང་བ་དེ་ལ་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུས་ཕྱི་རོལ་གྱི་དོན་ལྔ་དང༌། མིག་སོགས་དབང་པོ་ལྔ་དང༌། གང་ཟག་དང་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པའི་ཆའོ། །དེ་ལྟར་གཉིས་ཀྱི་ནང་ནས་དང་པོ་གཞན་དབང་ནི་སེམས་ཙམ་པ་རང་གི་རིག་པ་ལ་བརྟེན་ནས་ཀྱང་ཁས་ལེན་པ་ཡིན་ཏེ། རང་རིག་གིས་མྱོང་བྱ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་དང༌། །ཅེས་པ་ལྟར་རོ། །གཉིས་པ་ཀུན་བཏགས་ནི། འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་སེམས་ཙམ་པའི་གཞུང་དུ། ཐ་སྙད་ཀྱི་བདེན་པར་བཞག་པ་ཡིན་གྱི། རང་གི་གྲུབ་པའི་མཐའ་ལ་གནས་ནས་ནི་ཀུན་བཏགས་གང་ཡིན་ཀུན་རྫོབ་ཀྱི་བདེན་པར་འཇོག་པས་མ་ཁྱབ་སྟེ། ཕྱི་རོལ་གྱི་དོན་དང༌། བདག་དང༌། གཙོ་བོ་ལ་སོགས་པ་བཞིན་ནོ། །དེ་ཡང་འདི་ལྟར། ཀུན་བཏགས་པ་ནི་གཉིས་ཏེ། རློམ་ཚོད་ཀྱི་ཀུན་བཏགས་དང༌། སོང་ཚོད་ཀྱི་ཀུན་བཏགས་སོ། །དང་པོ་ནི། རྟོགས་པས་ཇི་ལྟར་བརྟགས་པ་ལྟར། གྲུབ་པར་རློམ་པ་རྣམས་ཏེ། ཕྱི་རོལ་གྱི་དོན་ལྔ་དང༌། མིག་སོགས་དབང་པོ་ལྔ་དང༌། བདག་དང་གང་ཟག་རྣམས་སོ། །གཉིས་པ་ནི་སྒྲོ་འདོགས་བྱེད་ཀྱི་རྟོག་པས། ཇི་ལྟར་རྣམ་པར་བཏགས་པའི་ཆར་གྱུར་པ་སྟེ། དོན་སྤྱིའམ་སྒྲ་དོན་ནོ། །དང་པོ་ལ་མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་ཞེས་བྱ་ཞིང༌། འདི་ཀུན་བཏགས་མཚན་ཉིད་པ་ཡིན་ཏེ་དགག་གཞི་གཞན་དབང་གི་སྟེང་དུ། དགག་བྱ་འདི་དང་འདི་སྟོང་པའི་སྟོང་ཉིད་ལ་ཡོངས་གྲུབ་མཚན་ཉིད་པར་བཞག་དགོས་པའི་ཕྱིར། དེ་ལྟ་ན་ཡང་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ལ་སོགས་པ་ཀུན་བཏགས་མཚན་ཉིད་པར་ཁས་ལེན་དགོས་པ་མིན་ཏེ། ཀུན་གཞིའི་སྟེང་དུ་དེ་དང་དེའི་བག་ཆགས་བསགས་པ་དང༌། བསགས་པ་ལྟར་སད་ནས་དེ་དང་དེར་སྣང་བ་དང༌། སྣང་བ་ལ་རྟོག་པ་ལྷན་སྐྱེས་ཀྱི་དེ་དང་དེར་སྒྲོ་འདོགས་པ་མེད་པའི་ཕྱིར། དེའི་རྒྱུ་མཚན་གྱིས་དེ་དེས་སྟོང་པ་ལ་ཡོངས་གྲུབ་ཏུ་ཡང་མི་འཇོག་གོ །གཉིས་པ་ཡང་ཀུན་བཏགས་མཚན་ཉིད་པ་ཡིན་ཏེ། རྣམ་པར་རྟོགས་པས་སྒྲོ་བཏགས་པའི་དོན་ཡིན་པའི་ཕྱིར། འདི་ལ་རྣམ་གྲངས་པའི་ཀུན་བཏགས་ཞེས་བོད་དག་གིས་ཐ་སྙད་སྦྱར་བ་ནི་ནོར་བ་ཡིན་ཏེ། ཀུན་བཏགས་མཚན་ཉིད་པ་ཡིན་པའི་ཕྱིར་དང༌། དེ་འདྲའི་ཐ་སྙད་བྱས་པ་གཞུང་ན་མེད་པའི་ཕྱིར་དང༌། དེས་ན་ཀུན་བཏགས་སུ་བཤད་པ་དེ་ཐམས་ཅད་མཚན་ཉིད་ཡོངས་སུ་འཆད་པ་ཁོ་ན་ཡིན་ཏེ། མདོ་དང་ཚད་ལྡན་གྱི་གཞུང་ལས་དེ་ལྟར་གསུངས་པའི་ཕྱིར། དེ་ལྟར་ན་ཀུན་བཏགས་སུ་བཤད་པ་སྔ་མ་ནི་ལོག་པའི་ཀུན་རྫོབ་ཁོ་ན་ཡིན་ཏེ། བློ་ལྷན་སྐྱེས་ལ་སྣང་ཞིང༌། འཇོག་བྱེད་ཀྱི་ཚད་མ་ནི་ཐ་སྙད་དུ་ཡང་མེད་པའི་ཕྱིར། ཀུན་བཏགས་གཉིས་པ་དང་གཞན་དབང་ནི་ཡང་དག་པའི་ཀུན་རྫོབ་སྟེ། གཞན་དབང་ནི་རང་རིག་མངོན་སུམ་གྱིས་འགྲུབ་པའི་ཕྱིར་དང༌། ཅིག་ཤོས་ནི་དངོས་པོར་མེད་པ་ལ་བརྟེན་པའི་གཞན་སེལ་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་པའི་ཕྱིར་རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལ་གནས་ནས་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པའི་ཚུལ་ནི་དེ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། སེམས་གསལ་རིག་བདེན་པར་གྲུབ་པ་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་རྩོད་པ་སྤང་བ་དང༌། ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་མེད་པ་ལ། འཇིག་རྟེན་གྱི་གྲགས་པ་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། སྐབས་སུ་བབ་པའི་རྩོད་པ་སྤང་དགོས་ཀྱི་གཙོ་བོ་ཡིན་ཀྱང༌། གཞུང་འགྲེལ་ལས་གསལ་བའི་ཕྱིར་འདིར་མ་བྲིས་ལ། གཉིས་པ་ནི། ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་མེད་ན་འཇིག་རྟེན་གྱི་མངོན་སུམ་དང་འགལ་ཏེ། འཇིག་རྟེན་ན་དུང་གི་ཁ་དོག་དཀར་པོར་སྣང་བའི་མིག་ཤེས་ལ་ཚད་མ་དང༌། དེ་སེར་པོར་སྣང་བའི་མིག་ཤེས་ལ་ཚད་མ་མིན་པར་སྨྲ་བའི་ཕྱིར་རོ། །ཞེ་ན། འཇིག་རྟེན་ན་དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་པ་དག་གིས་བག་ཆགས་བརྟན་བྱུང་གི་ཤེས་པ་ལ་ཚད་མའི་རྣམ་གཞག་དང་མི་བརྟན་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ལ། ཚད་མ་མིན་པའི་རྣམ་གཞག་བྱེད་པའི་ཕྱིར། དེ་ལྟ་ན་ཡང་དེ་དང་འདི་ལ་འགལ་བ་མ་ཡིན་ཏེ། གྲུབ་པའི་མཐའ་འདི་ལ་གནས་ནས་ནི་བག་ཆགས་བརྟན་བྱུང་གི་ཤེས་པ་ཚད་མ་ཡིན་པར་འགོག་པའི་ཕྱིར། ཇི་ལྟར་འགོག་ཅེ་ན། བདག་འཛིན་གཉིས་དང་ཆགས་སོགས་ཉོན་མོངས་པ་ཐམས་ཅད་ཆོས་ཅན། ཚད་མར་ཐལ། བག་ཆགས་བརྟན་བྱུང་གི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པས་སོ། །ཁ་ཅིག་ན་རེ་རིགས་པའི་གཏེར་གྱི་དགོངས་པ་ལ་སྐབས་འདིར་ཐ་སྙད་དུ་ཕྱི་དོན་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་རྫུན་པའི་རྣམ་གཞག་བྱེད། །ཅེས་གསུངས་པའི་ཕྱིར་ཅེས་ཟེར་རོ། །དེ་ནི་མ་ཤེས་པ་ཡིན་ཏེ། དེ་འདྲའི་རྣམ་གཞག་བྱེད་མཁན་དེ་འཇིག་རྟེན་པ་ཡིན་གྱི། རང་ལུགས་ཀྱི་གྲུབ་མཐའ་བྱས་པ་མ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། ཀུན་རྫོབ་འཇིག་རྟེན་གྲགས་པ་ལ། །བརྟེན་ན་ཚད་མའི་རྣམ་གཞག་འགལ། །ཞེས་པའི་གཞུང་གི་དོན་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ཅེ་ན། གཞུང་དེའི་དོན་ནི་གོང་དུ་ཕྱི་དོན་བཀག་པ་ལ་འཇིག་རྟེན་གྱི་གྲགས་པ་དང་འགལ་ལོ་སྙམ་པའི་རྩོད་པ་བྱུང་བ་ལ། མི་འགལ་ཏེ། འཇིག་རྟེན་གྱི་གྲགས་པ་དང་རང་ལུགས་ལ་ཁས་བླངས་ན། སྡེ་བདུན་ནས་བཤད་པའི་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་ཐམས་ཅད་ནུབ་པར་འགྱུར་རོ། །ཞེས་ལན་བཏབ་པའི་ཕྱིར་དང༌། བོད་སྔ་མ་དག་གིས་སེམས་ཙམ་གྱི་རང་ལུགས་ལ་ཕྱི་རོལ་གྱི་དོན་ཐ་སྙད་དུ་ཁས་བླངས་པ་ལ། ཆོས་ཀྱི་རྗེས། མཁས་པ་འཇུག་པའི་སྒོར། འདི་ལ་སེམས་ཙམ་ཕྱི་རོལ་དོན། །ཁས་ལེན་ཡིན་ཞེས་བོད་རྣམས་སྨྲ། །རྟག་དངོས་བཞིན་དུ་དེ་མི་སྲིད། །ཅེས་ཐ་སྙད་དུ་ཡང་རྟག་དངོས་མི་སྲིད་པའི་དཔེས་ཐ་སྙད་དུ་ཡང་ཕྱི་དོན་མེད་པར་བསྟན་པའི་ཕྱིར། དེ་ལྟར་ན་ཚད་མ་སྡེ་བདུན་འཆད་པའི་སྐབས་འདིར་སྐབས་སུ་བབ་ཅིང༌། ཉེ་བར་མཁོ་བའི་མདོ་སེམས་ཀྱི་གྲུབ་པའི་མཐའ་རྒྱས་པར་བཤད་པ་དེ་དག་གི་ནང་ནས་མདོ་སྡེ་པའི་གྲུབ་མཐར་བཤད་པ་དེ་དག་ནི། རང་གི་གྲུབ་མཐའ་འཇོག་པའི་སློབ་དཔོན་དེ་དག་གིས་བརྟགས་ནས་བཞག་པ་ཡིན་ཞིང༌། བརྟགས་ནས་བཞག་པ་དེ་ཉིད་མདོ་སྡེ་པའི་གྲུབ་མཐའ་ཡིན་ནོ། །ཞེས་སངས་རྒྱས་ཀྱིས་གསུངས་པ་ཡོད་མོད་ཀྱང༌། གྲུབ་པའི་མཐའ་བཤད་མ་ཐག་པ་དེ་དང་སངས་རྒྱས་ཀྱི་མདོའི་དངོས་བསྟན་སྦྱོར་རྒྱུ་མེད་དོ། །སེམས་ཙམ་པའི་གྲུབ་པའི་མཐར་བཤད་པ་དེ་དག་ནི། སྤྱིར་རྣལ་འབྱོར་སྤྱོད་པའི་མདོ་སྟོང་ཕྲག་བརྒྱ་པ་ཞེས་གྲགས་པ་དང༌། བྱེ་བྲག་ཏུ་འཕགས་པ་ལང་ཀར་གཤེགས་པ་དང༌། མདོ་སྡེ་ས་བཅུ་པ་དང༌། རྒྱན་སྟུག་པོ་བཀོད་པ་དང༌། བྱང་ཆུབ་སེམས་པའི་ས་བཅུ་པ་དང༌། སངས་རྒྱས་ཀྱི་ས་ཞེས་བྱ་བའི་མདོ་སྡེ་དང༌། དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་ལས། དོན་དམ་རྣམ་ངེས་ཀྱི་ལེའུར་ལོགས་སུ་ཕྱུང་བ་སྟེ། བོད་སྔ་མ་རྣམས་ལ་སེམས་ཙམ་མདོ་ལྔར་གྲགས་པ་དང༌། རྗེ་བཙུན་བྱམས་པའི་གཞུང་བར་པ་དག་ལས་ལེགས་པར་གསལ་བ་ཡིན་ནོ། །འདིར་སྨྲས་པ། གང་ཡང་ཆོས་ཀྱི་སྐལ་བས་མ་ཕམ་ཞིང༌། །རྣམ་དཔྱོད་མགྲིན་པ་གཞན་ལས་ཆེར་འདེགས་པའི། །དོན་གཉེར་དཔྱོད་ལྡན་དེ་དག་དེ་རིང་ནས། །གཏམ་འདི་སྨྲོས་ལ་མཁས་པའི་གྲལ་མགོར་སྡོད། །མདོ་སེམས་གྲུབ་མཐའ་རྣམ་དབྱེ་གང་ལའང༌། །ཅི་ཟེར་ཁུངས་མེད་ཅི་བྱའི་གདེང་མེད་ཀྱང༌། །ཚིག་གི་ལྷག་ཆད་བསགས་པའི་ལྟག་ཆོད་ཀྱི། །གཞུང་ལུགས་འཆད་པར་རློམ་པའི་ཁེངས་ལྡན་དག །དེ་རིང་ཆོས་ཀྱི་ཁྱམས་ཆེན་འདིར་སྤྱོན་ལ། །གཟུ་བོར་བཞུགས་པའི་སྤྱན་གཉིས་ཕྱི་མཛོད་དང༌། །ལུགས་གཉིས་གྲུབ་མཐའི་ལྟར་མོ་ཅི་ཡང་འཆར། །ཁྱོད་ཀྱི་ཁེངས་པ་སེལ་བའི་སྨན་གཅིག་ཡིན། །ཞེས་ངལ་བ་སེལ་བའི་ཚིགས་སུ་བཅད་པའོ། །བློ་གཏེར་མངའ་བ་རྗེས་བཙུན་འཇམ་དཔལ་གྱི། །བློ་མཚོའི་དཔལ་ལས་འཁྲུངས་པའི་པཎ་ཆེན་དེ། །བློ་གྲོས་མཚུངས་མེད་ཀུན་གྱི་མགོན་ཡིན་གྱི། །བློ་གསལ་ཡོངས་ཀྱིས་གུས་པས་ཕྱག་བྱོས་ཤིག །བློ་དང་ཡུལ་གྱི་གནས་ལ་རང་དགའ་ཡི། །བློ་ཡིས་བཏགས་པ་མ་ལུས་བསལ་བྱས་ནས། །བློ་རིགས་དབྱེ་བ་བདེ་བླག་རྟོགས་བྱའི་ཕྱིར། །བློ་བརྟག་རབ་དབྱེ་གུས་པས་འདིར་བཤད་བྱ། །འདི་ལ་དོན་གསུམ་སྟེ། མཚན་ཉིད་དབྱེ་བསྡུ། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ལ། གཞན་གྱི་ལུགས་དགག རང་གི་ལུགས་བཞག རྩོད་པ་སྤངས་བའོ། །དང་པོ་ནི། བོད་སྔ་མ་འགའ་ཞིག་ན་རེ། ཡུལ་རིག་པ་བློའི་མཚན་ཉིད་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། རྟོགས་པ་ཕན་ཚུན་རྟེན་པར་ཐལ་བ་དང༌། རང་རིག་ཤེས་པ་མ་ཡིན་པར་ཐལ་བའོ། །དང་པོ་ནི། ཡུལ་དང་བློ་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ། ཡུལ་རིག་པ་བླའི་མཚན་ཉིད། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས། འདོད་ན། ཡུལ་དང་བློ་གཉིས་ཀ་ངོས་ཟིན་པ་མི་སྲིད་པར་འགྱུར་རོ། །འདིས་ནི་དོན་གཞན་ཡང་མཚོན་པར་ནུས་ཏེ། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚན་ཉིད་དང༌། གཞལ་བྱ་ལ་གསར་དུ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་དང༌། མིག་དབང་གི་མཚན་ཉིད་རང་འབྲས་མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་ཞེས་སོགས་དང༌། མིག་གི་རྣམ་པར་ཤེས་པའི་མཚན་ཉིད། རང་གི་བདག་རྐྱེན་མི་དབང་ཞེས་སོགས་འདོད་པ་དང༌། དབང་ཤེས་དང་དབང་པོ་གཟུགས་ཅན་པའི་མཚན་ཉིད་གཉིས། ཡིད་དབང་དང་ཡིད་ཤེས་ཀྱི་མཚན་ཉིད་གཉིས་དང༌། གཟུགས་དང་གཟུགས་འཛིན་དབང་སྔོན་གྱི་མཚན་ཉིད་གཉིས་དང༌། གཞན་ཡང་རིགས་པས་དཔྱད་པར་བྱ་ཞིང༌། ཕྱི་རབས་ཀྱི་རྟོག་གེ་པ་རིགས་པས་ཕོངས་པར་གྱུར་པ་དག་གང་རུང་གང་ཞིག་དེ་མ་ཡིན་པ་གཅིག་ཤོས་ཀྱི་མཚན་ཉིད་ཅེས་ཟེར་བའི་རིགས་ཅན་ཐམས་ཅད་ལ། རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པ་འདི་རྗེས་སུ་ཞུགས་སོ། །གཉིས་པ་ནི། ཚུ་རོལ་མཐོང་བའི་རྒྱུད་ཀྱི་རང་རིག་ཐམས་ཅད་ཆོས་ཅན། དེར་ཐལ། ཤེས་པ་ཡིན་པའི་ཕྱིར་ཞེས་པ་དང༌། དོན་དམ་པའི་ཤེས་པ་རང་རིག་རང་གསལ་ཆོས་ཅན། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། ཡུལ་གྱི་རྣམ་པ་དང་དོན་སྤྱི་གང་རུང་ཤར་བར་ཐལ། ཡུལ་རིག་པའི་ཕྱིར། འདོད་ན། གཉིས་སྣང་ཅན་གྱི་ཤེས་པར་ཐལ་ལོ། །སྔ་མ་ལ་འདོད་ན། འདི་ལ་ལུགས་གཉིས་ཏེ། ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་ཏུ་འདོད་པ་སྔ་རབས་མཁས་པའི་ལུགས་དང༌། དེར་མི་འདོད་པར་ཤེས་པ་ཐམས་ཅད་ལ་རང་ལས་ཐ་དད་པའི་མྱོང་བྱེད་རང་རིག་རེ་རེ་ཡོད་པར་འདོད་པའི་ལུགས་གཉིས་ལས། དང་པོའི་དབང་དུ་བྱས་ནས་འགོག་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་ཁྱོད་ཀྱི་ཡུལ་ཡིན་པར་ཐལ། ཁྱོད་དེ་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། དེ་ཆོས་ཅན་རྗེས་དཔག་དེས་ཁྱོད་ངེས་པར་ཐལ། ཁྱོད་དེའི་ཡུལ་གང་ཞིག་དེས་ཁྱོད་རྟོགས་པའི་ཕྱིར། ཁྱབ་པ་ནི། ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་བྱ་བས་འགྲུབ་བོ། །འདོད་ན་རང་རིག་ཏུ་འགལ་ལོ། །ཡང་སྒྲ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། ཁྱོད་རང་ཉིད་ཀྱི་ཡུལ་དུ་ཐལ། དེ་ཁྱོད་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན་ཁྱོད་དེའི་འཇུག་ཡུལ་དུ་ཐལ། དེ་ཁྱོད་ལ་ཚད་མར་སོང་ཁྱོད་དེའི་ཡུལ་ཡིན་པའི་ཕྱིར། འདིའི་ཁྱབ་པ་ཁྱེད་ཀྱིས་ཁས་ལེན་ནོ། །འདོད་ན། དེ་ལ་འཇུག་ཡུལ་མེད་པར་གཞུང་ལས་གསུངས་པ་དང་འགལ་ལོ། །ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་དེ་རང་ཉིད་རང་གི་ཡུལ་ཡིན་ན་ཡུལ་བཞི་ལས་གང་ཡིན། སྣང་ཡུལ་ཡིན་ན། དེ་ཆོས་ཅན་མ་འཁྲུལ་པར་ཐལ། སྣང་ཡུལ་དངོས་པོར་ཡོད་པའི་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། མངོན་སུམ་དུ་ཐལ། རང་གི་སྣང་ཡུལ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། གཟུང་ཡུལ་དུ་འདོད་ནའང་ཉེས་པ་དེ་ཉིད་འཇུག་ལ། ཞེན་ཡུལ་དང་འཇུག་ཡུལ་དུ་འདོད་ནའང་རྟོག་མེད་ཀྱི་ཤེས་པ་མ་ཡིན་པར་ཐལ་བ་དང༌། ཤེས་པ་ཐམས་ཅད་འཇུག་ཡུལ་ཅན་དུ་ཁས་ལེན་དགོས་པར་འགྱུར་རོ། །གཞན་ཡང་ཁས་བླངས་ནང་འགལ་བ་འདི་ལྟ་སྟེ། ཚད་མིན་གྱི་བློ་ཐམས་ཅད་ཆོས་ཅན། ཚད་མར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར་རོ། །ལུགས་གཉིས་པ་དེའི་དབང་དུ་བྱས་ནས་འགོག་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྔོར་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་ལ་དེའི་རྣམ་པ་དང་དོན་སྤྱི་གང་རུང་ཤར་བར་ཐལ། ཁྱོད་དེ་ཡུལ་དུ་བྱེད་པའི་ཚུར་མཐོང་གི་ཚད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་ལ་དེ་སྣང་ངམ་མི་སྣང༌། གཉིས་པ་ལྟར་ན་ཡུལ་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ། དེ་མི་སྣང་ཕྱིར་དེ་ཡུལ་མིན། །ཞེས་སོ། །དང་པོ་ལྟར་ན། དེ་དེའི་སྣང་ཡུལ་དུ་འགྱུར་ཏེ། དེ་དེ་ལ་སྣང་བ་དང་ཡུལ་གྱི་གཞི་མཐུན་ཡིན་པའི་ཕྱིར། དེ་འདོད་ན། དེ་ལ་དེའི་རྣམ་པ་ཤར་བར་འགྱུར་ལ། དེ་ཡང་འདོད་ན། ཁྱོད་དེ་ལ་རང་གི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་འགྱུར་ལ། འདོད་ན་ཁྱོད་དེ་དང་དུས་མཉམ་མ་ཡིན་པར་འགྱུར་རོ། །གཞན་ཡང་ལུགས་སྔ་མ་དེ་ལ་རྟོག་པས་རང་མཚན་སྣང་ཡུལ་དུ་བྱས་ནས་འཛིན་པར་ཐལ་བའི་ཉེས་པ་གནས་སོ། །གཉིས་པ་རང་གི་ལུགས་ནི། ཇི་སྐད་དུ། བློ་ཡི་མཚན་ཉིད་རིག་པ་ཡིན། །ཞེས་པའོ། །གསུམ་པ་རྩོད་པ་སྤོང་བ་ནི། འོ་ན། རང་རིག་ཡུལ་མེད་དུ་ཁས་ལེན་ན། ཚད་མ་ཡིན་ན་འཇུག་ཡུལ་ཅན་གྱི་ཤེས་པ་ཡིན་པས་མ་ཁྱབ་པར་འགྱུར་རོ་ཞེ་ན། འགལ་བ་མ་ཡིན་ཏེ། འདིར་ནི་གང་ལ་རང་རིག་ཏུ་སོང་བ་དེ་དེའི་ཡུལ་ཡིན་པ་འགོག་པ་ཡིན་གྱི། འཇུག་ཡུལ་མ་འོངས་པ་མི་འགོག་པའི་ཕྱིར། འོ་ན་སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་སྔོར་སྣང་དབང་ཤེས་ཀྱི་འཇུག་ཡུལ་དུ་ཐལ། དེ་ཁྱོད་ལ་ཚད་མ་ཡིན་པའི་ཕྱིར་ཞེ་ན། འདོད་པ་ཡིན་ལ། དེ་ཙམ་གྱིས་ཡུལ་རིག་པ་བློའི་མཚན་ཉིད་དུ་ཕ་རོལ་པོས་ཁས་བླངས་པའི་དུས་ཀྱི་ཡུལ་དེར་མི་འགྲུབ་སྟེ། དཔེར་ན། ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་པའི་སྐབས་སུ་འཇུག་ཡུལ་ལ་ཡུལ་གྱིས་མ་ཁྱབ་པར་བཤད་པ་དང་འདྲའོ། །འོ་ན་རང་རིག་གི་འཇུག་ཡུལ་གང་ཡིན་ཞེ་ན། ཤེས་པ་རང་གི་རྒྱུན་ཕྱི་མ་རྣམས་ཡིན་ཏེ། དེ་ལ་ངེས་པ་དྲངས་པའི་དབང་གིས་འཇུག་ལྡོག་བྱེད་པའི་ཕྱིར། དེའི་ཕྱིར་རང་རིག་མངོན་སུམ་ཐམས་ཅད་ཀྱང་བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་མི་བསླུ་བ་ཡིན་ནོ། །གཉིས་པ་དབྱེ་བསྡུ་ནི། ཇི་སྐད་དུ། ཡུལ་སོགས་སྒོ་ནས་དུ་མར་འགྱུར། །ཤེས་པའི་སྒོ་ནས་རང་རིག་གཅིག །ཅེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་དེ་ཉིད་ཀྱི་དོན་གཏན་ལ་དབབ་པ་ལ། ཚད་མ་འོག་ཏུ་འཆད་ཅིང༌། འདིར་ཚད་མིན་གྱི་བློ་གཏན་ལ་འབེབས་པ་ལ། གཞན་གྱི་ལུགས་དགག རང་གི་ལུགས་བཞག རྩོད་པ་སྤང་བ་དང་གསུམ་མོ། །དང་པོ་ནི། རིགས་པའི་དབང་ཕྱུག་ཕྱྭ་པ་འདི་ལྟར་བཞེད་དོ། །སྤྱིར་བློ་ཐམས་ཅད་གཉིས་སུ་འདུས་ཏེ། དངོས་འགལ་ལས་ཐ་དད་དུ་མ་ཕྱེ་བ་ཕྱོགས་གཅིག་མ་ཡིན་པར་གཅོད་པ་དང༌། ཐ་དད་པར་གནས་པ་ཕྱོགས་གཅིག་ཏུ་གཅོད་པའོ། །དང་པོ་ནི་ཐེ་ཚོམ་མོ། །གཉིས་པ་ལ་གཉིས་ཏེ། ཤེས་བྱ་དང་མི་མཐུན་པར་གཅོད་པ་དང༌། མཐུན་པར་གཅོད་པའོ། །དང་པོ་ནི། ལོག་ཤེས་སོ། །གཉིས་པ་ལ། བཟློག་པའི་ཞེན་པ་དང་མི་འགལ་བ་དང་འགལ་བ་གཉིས། དང་པོ་ནི། སྣང་ལ་མ་ངེས་པའོ། །གཉིས་པ་ལ་སྔར་རྟོགས་ཟིན་ལ་འཇུག་པ་དང༌། སྔར་མ་རྟོགས་པ་ལ་འཇུག་པ་གཉིས། དང་པོ་ནི་བཅད་པའི་ཡུལ་ཅན་ནོ། །གཉིས་པ་ལ། རང་གི་མཚན་ཉིད་མཐོང་བས་སྒྲོ་འདོགས་ལ་གནོད་པ་དང༌། མ་མཐོང་བས་གནོད་པའོ། །དང་པོ་ནི། མངོན་སུམ་ཚད་མའོ། །གཉིས་པ་ལ་རྟགས་ཀྱི་རྗེས་སུ་འབྲང་པ་དང་མ་འབྲངས་པའོ། །དང་པོ་ནི། རྗེས་དཔག་གོ །གཉིས་པ་ནི་ཡིད་དཔྱོད་དོ། །དེ་ལྟར་ན་ཚད་མིན་གྱི་བློ་ལྔ། ཚད་མ་གཉིས་ཏེ་བདུན་དུ་གྲངས་ངེས་པ་ཡིན་ནོ། །བྱེ་བྲག་ཏུ་སྣང་ལ་མ་ངེས་པའི་མཚན་ཉིད་ནི་དོན་རང་གི་མཚན་ཉིད་གསལ་བར་སྣང་ཞིང་སྒྲོ་འདོགས་དང་མི་འགལ་བར་འཇུག་པའི་རིག་པའོ། །དབྱེ་ན་གཉིས་ཏེ། ཡུལ་གྱི་རྣམ་པ་དང་མི་འགལ་བའི་སྣང་བ་ལ་མ་ངེས་པ་དང༌། ཡིད་མ་གཏད་པའི་དེའོ། །དང་པོ་ནི། མངོན་སུམ་གྱི་སྒྲ་རང་མཚན་མཐོང་བ་ན་དེའི་སྐད་ཅིག་སྣང་ཡང་མ་ངེས་པ་ལྟ་བུའོ། །གཉིས་པ་ནི་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུའོ། །གཉིས་པ་བཅད་ཤེས་ཀྱི་མཚན་ཉིད་ནི། སྒྲོ་འདོགས་ཆོད་ཟིན་པའི་དོན་ལ་བཟློག་པའི་ཞེན་པ་དང་འགལ་བར་འཇུག་པའི་བློ། དེ་ལ་དབྱེ་ན། མངོན་སུམ་དང༌། རྟོག་པ་གཉིས་སོ། །ཕྱི་མ་ལའང་གཉིས་ཏེ། མངོན་སུམ་གྱི་དྲངས་པ་དང༌། རྗེས་དཔག་གིས་དྲངས་པ་གཉིས་སོ། །འོ་ན་མངོན་སུམ་དང༌། བཅད་ཤེས་ཀྱི་གཞི་མཐུན་སྲིད་པ་བཞིན་དུ་རྗེས་དཔག་དང་བཅས་ཤེས་ཀྱིའང་གཞི་མཐུན་སྲིད་དམ་ཞེ་ན། རྒྱ་དམར་གྱིས་དེ་བཞེད་མོད་ཀྱང་མི་འཐད་དེ། རྗེས་སུ་དཔག་པའི་སྐད་ཅིག་མ་གཉིས་པ་ཕན་ཆད་རྗེས་དཔག་མ་ཡིན་ཏེ། རྟགས་འཛིན་ལས་དངོས་སུ་མ་སྐྱེས་པའི་ཕྱིར་དང༌། རྟགས་ལས་གཞལ་བྱ་རྟོགས་པའི་བློ་མ་ཡིན་པའི་ཕྱིར་དང༌། རྗེས་དཔག་སྐད་ཅིག་དང་པོའི་རྒྱུན་གོམས་པ་ལས་གཞལ་བྱ་རྟོགས་པ་ཡིན་པའི་ཕྱིར། གསུམ་པ་ཡིད་དཔྱོད་ཀྱི་མཚན་ཉིད་ནི། མྱོང་བ་དང་རྟགས་ཡང་དག་ལ་མ་བརྟེན་པར་སྔར་མ་རྟོགས་པའི་ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་བློའོ། །དབྱེ་ན། རྟགས་ཡང་དག་དང་ལྟར་སྣང་གང་ལ་ཡང་མ་བརྟེན་པ་སྒྲ་མི་རྟག་པར་ངེས་པ་ལྟ་བུ་རྒྱུ་མཚན་མེད་པའི་ཡིད་དཔྱོད་མ་གྲུབ་པའམ། མ་ངེས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་ངེས་པ་ལྟ་བུ། རྒྱུ་མཚན་གྱི་ཕྱིན་ཅི་ལོག་གི་ཡིད་དཔྱོད་དང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་མ་ཤེས་ཀྱང་ཡིད་དཔྱོད་ཀྱིས་ཤེས་ནས། སྒྲ་མི་རྟག་པར་ངེས་པ་ལྟ་བུ། རྒྱུ་མཚན་གཏན་ལ་ཕབ་པའི་ཡིད་དཔྱད་དོ། །ཞེས་བཞེད་དོ། །དོན་དེ་དག་ལ་ཚད་མ་རིགས་པའི་གཏེར་ལས་དགག་པ་མཛད་པའི་ཚུལ་ནི། ཡིད་དཔྱོད་ལོགས་སུ་བཤད་པ་མི་འཐད་པ་དང༌། སྣང་ལ་མ་ངེས་པའི་འདོད་ཚུལ་མི་འཐད་པ་དང༌། བཅད་ཤེས་ཀྱི་འདོད་ཚུལ་མི་འཐད་པ་དང་གསུམ་མོ། །དང་པོ་ལ། སྤྱིར་དགག སོ་སོར་དགག དང་པོ་ནི། རྒྱུ་མཚན་མེད་པའི་ཡིད་དཔྱོད་ཆོས་ཅན། ཐེ་ཚོམ་དུ་ཐལ། རྟགས་ཡང་དག་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་ངེས་ལས། ཡུལ་བལྟར་མི་རུང་བའི་བདག་ཉིད་ཀྱིས་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་དང༌། ཆོས་མཆོག་ཆུང་བ་ལས། ཁྱིམ་ན་འདུག་པ་ན་ཡང་ཁྲོན་པ་ན་ཆུ་ཡོད་དེ་ཞེས་གཅིག་ཆར་ཞེན་པར་བྱེད་ཀྱང་མཐའ་གཞན་དུ་དོགས་པ་མ་བཟློག་པས་བརྟགས་ན་དེ་ནི་ཐེ་ཚོམ་མོ། །ཞེས་བཤད་པ་དང་མཐུན་ནོ། །ཡང་རྒྱུ་མཚན་མེད་པའི་ཡིད་དཔྱོད་ཆོས་ཅན། མ་རྟོགས་པའི་བློར་ཐལ། རྒྱུ་མཚན་ཡང་དག་དང་མ་འབྲེལ་བར་ཀློག་གྱུར་གྱི་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཇི་སྐད་དུ། ཡོད་ཀྱང་དངོས་དང་འབྲེལ་མེད་པའི། །རྟོག་པ་རྟོགས་པ་མེད་དང་མཚུངས། །ཞེས་གསུངས་པས་སོ། །གཞན་ཡང༌། སྒྲ་མི་རྟག་པར་ཡིད་དཔྱོད་ཀྱི་ངེས་ཤིང་ཚད་མས་མ་ངེས་པའི་ངོར། སྒྲ་མི་རྟག་པར་འཇུག་པའི་གཏན་ཚིགས་ཡང་དག་འཇུག་པ་མི་སྲིད་པར་ཐལ། དེའི་རྒྱུད་ལ་སྒྲ་མི་རྟག་པ་ལ་ཐེ་ཚོམ་མི་སྲིད་པའི་ཕྱིར། དེ་ལྟར་ཐལ་བ་ལས། དེའི་རྒྱུད་ཀྱི་སྒྲ་མི་རྟག་པར་ངེས་པའི་ཡིད་དཔྱོད་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་ཐེ་ཚོམ་ཡིན་ཏེ། སྒྲ་མི་རྟག་པ་ལ་ལྟོས་སྟེ་ཚད་མས་གྲུབ་བསལ་མེད་པའི་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཇི་སྐད་དུ། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཅེས་གསུངས་སོ། །དེ་དག་གིས་ནི་རྒྱུ་མཚན་མེད་པའི་ཡིད་དཔྱོད་སྤྱིར་བཀག་པ་ཡིན་ནོ། །རྒྱུ་མཚན་ཅན་གྱི་ཡིད་དཔྱོད་སྤྱིར་དགག་པ་ལ་གསུམ་སྟེ། རྟགས་ན་མི་འཐད་པ་ཧ་ཅང་ཐལ་བ། བཟློག་པ་དང་མཚུངས་པའོ། །དང་པོ་ནི། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དུ་འདོད་པ་དེ་གཉིས། རྟགས་སུ་བཀོད་པ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་རྒྱུ་མཚན་མེད་པའི་ཡིད་དཔྱོད་དུ་སོང་ལ། དེ་ལྟ་ན་ཐེ་ཚོམ་དུ་འགྱུར། གཉིས་པ་ལྟར་ན། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་ཆོས་ཅན། ཁྱོད་ཀྱི་རྟེན་གཏན་ཚིགས་དེ་གཏན་ཚིགས་ཡང་དག་དང༌། ལྟར་སྣང་གསུམ་པོ་གང་རུང་དུ་ཐལ། ཁྱོད་རང་གི་རྟེན་གཏན་ཚིགས་ཡོད་པ་ལ་ལྟོས་པའི་བློ་ཡིན་པའི་ཕྱིར། འདོད་ན་གང་ཡིན་རིམ་པ་བཞིན། དེ་ཆོས་ཅན་རྗེས་དཔག་ཚད་མར་ཐལ། རང་གི་རྟེན་གཏན་ཚིགས་ཡང་དག་ལ་རྟེན་པའི་རྟགས་ཅན་གྱི་བློ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་ཐེ་ཚོམ་དུ་ཐལ། མ་གྲུབ་པའི་རྟགས་ལ་རྟེན་པའི་རྟགས་ཅན་གྱི་བློ་ཡིན་པའི་ཕྱིར། མ་ངེས་པའི་རྟགས་ལ་རྟེན་པའི་རྟགས་ཅན་གྱི་བློ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་ལོག་ཤེས་སུ་ཐལ། འགལ་བའི་གཏན་ཚིགས་ལ་རྟེན་པའི་རྟགས་ཅན་གྱི་བློ་ཡིན་པའི་ཕྱིར། སྐབས་འདིར། རྟགས་སུ་བཀོད་པ་ལ་ལྟོས་མི་ལྟོས་ཀྱི་བརྟག་པ་མཛད་པ་ནི། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཞིར་བྱས་པ་ལ་ཡིན་གྱི། ཡིད་དཔྱོད་ཙམ་ལ་མ་ཡིན་ཏེ། ཕྱོགས་སྔ་མས་ཡིད་དཔྱོད་ཙམ་ལ་རྒྱུ་མཚན་ཡོད་མེད་ཀྱི་གཉིས་སུ་གསལ་བར་ཕྱེ་བཞིན་དུ། སླར་ཡང་འདྲི་དགོས་ན་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཧ་ཅང་ཐལ་བ་ལ་གཏན་ཚིགས་ལྟར་སྣང་གསུམ་གྱི་གྲངས་ངེས་ཉམས་པར་ཐལ་བ་ཚད་མ་གཉིས་ཀྱི་གྲངས་ངེས་ཉམས་པར་ཐལ་བ། རྗེས་དཔག་ཚད་མ་མ་ཡིན་པར་ཐལ་བ། སྒྲོ་འདོགས་སེལ་བྱེད་ཀྱི་གཉེན་པོ་མེད་པར་ཐལ་བ། ཐེ་ཚོམ་དེ་བློ་རིགས་ལོགས་སུ་བཞག་མི་ནུས་པར་ཐལ་བ་རྣམས་སོ། །དང་པོ་ནི། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་ཀྱི་རྟེན་གཏན་ཚིགས་དེ། ལྟར་སྣང་གསུམ་པོ་དེར་མི་འདུ་བས་སྔར་གྱི་ཉེས་པ་དེ་དག་མེད་དོ་ཞེ་ན། འོ་ན་གཏན་ཚིགས་ལྟར་སྣང་བཞི་པ་སྲིད་པར་འགྱུར་རོ། །དེ་ཡང་འདི་ལྟར་ཡིད་དཔྱོད་སྐྱེས་པར་བྱེད་པའི་གཏན་ཚིགས་གང་ཡིན་པ་དེ་ཆོས་ཅན། གཏན་ཚིགས་ལྟར་སྣང་གསུམ་པོ་གང་ཡང་མ་ཡིན་པར་ཐལ། ཁྱོད་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཡིན་པ་ཡོད། དེ་ཡིན་ན་ཡང་དག་ཤེས་པ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། ཡིད་དཔྱོད་ཆོས་ཅན། ཚད་མ་ཡིན་པར་ཐལ། ལྐོག་གྱུར་དོན་གྱི་དོན་བདེན་པ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མ་ངེས་སོ་ཞེ་ན། གསུམ་པ་ནི་འོ་ན། རྗེས་དཔག་ཀྱང་ཚད་མ་མིན་པར་སྲིད་པར་ཐལ། ལྐོག་གྱུར་གྱི་དོན་ལ་གསར་དུ་ངེས་ཀྱང་ཚད་མ་མ་ཡིན་པ་སྲིད་པའི་ཕྱིར། གལ་ཏེ་མི་མཚུངས་ཏེ། རྗེས་དཔག་གི་སྒྲོ་འདོགས་གཅོད་ནུས་ལ་འདིས་མི་ནུས་སོ་ཞེ་ན། ཚུར་མཐོང་གི་རྒྱུད་ལ་སྒྲོ་འདོགས་སེལ་བྱེད་ཀྱི་གཉེན་པོ་མི་སྲིད་པར་ཐལ། ངེས་ཤེས་དོན་མཐུན་གྱིས་རང་གི་བསལ་བྱ་སྒྲོ་འདོགས་མི་སེལ་བའི་ཕྱིར། འདི་ངེས་ཤེས་དོན་མཐུན་མ་ཡིན་ནོ། །ཞེ་ན། ལྔ་པ་ནི། འོ་ན་ཐེ་ཚོམ་ཞེས་བྱ་བའི་བློ་རིགས་ལོགས་པ་རྙེད་དཀའ་བར་ཐལ། རྒྱུ་མཚན་ཡང་དག་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་ལ་འཇུག་པའི་བློ་ལ་དོན་འགྱུར་གྱི་ཐེ་ཚོམ་དང༌། དོན་མི་བདེན་པ་ལ་འཇུག་པའི་བློ་ལ་དོན་མི་འགྱུར་གྱི་ཐེ་ཚོམ་དུ་མི་འཇོག་པར། སོ་སོར་ཡིད་དཔྱོད་དང་ལོག་ཤེས་སུ་ཁྱོད་ཅག་གི་འདོད་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། ཡིད་དཔྱོད་མ་ཡིན་པར་ཐལ། ངེས་ཤེས་དོན་མཐུན་མ་ཡིན་པའི་ཕྱིར། གསུམ་ཆར་དངོས་སོ། །གསུམ་པ་བཟློག་པ་དང་མཚུངས་པ་ནི། འོ་ན་རྟགས་ལ་མ་ལྟོས་པར་ཀློག་གྱུར་དོན་དང་མི་མཐུན་པར་ངེས་པའི་བློ་དེ་ཡིད་དཔྱོད་ཡིན་པར་ཁས་བླངས་ན་ཅིས་འགོག དེ་ཆོས་ཅན། དེ་མ་ཡིན་ཏེ། ལོག་ཤེས་ཡིན་པའི་ཕྱིར་ཞེ་ན། འོ་ན་རྟགས་ཡང་དག་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་གསར་ངེས་ཀྱི་བློ་ཆོས་ཅན། ཡིད་དཔྱོད་མ་ཡིན་ཏེ། ཚད་མར་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར། མ་གྲུབ་བོ་ཞེ་ན་སྔ་མའང་མ་གྲུབ་བོ། །འོ་ན་དེ་ཆོས་ཅན། ཚད་མ་མ་ཡིན་ཏེ། མྱོང་བ་དང་རྟགས་ཡང་དག་གང་རུང་ལ་མ་བརྟེན་པའི་ཕྱིར། ཞེ་ན། འོ་ན་སྔ་མའང་ཆོས་ཅན། ལོག་ཤེས་མ་ཡིན་པར་ཐལ། འཕྲལ་གྱི་འཁྲུལ་རྒྱུ་དང་འགལ་རྟགས་གང་རུང་ལ་མ་རྟེན་པའི་ཕྱིར་རོ། །གཉིས་པ་སོ་སོར་དགག་པ་ལ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག དེ་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་དགག་པའོ། །དང་པོ་ནི། དོན་འགྱུར་གྱི་ཐེ་ཚོམ་ཐམས་ཅད་དོན་བདེན་པ་གསར་ངེས་ཀྱི་བློར་ཐལ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དེ། དོན་བདེན་པ་གསར་ངེས་ཀྱི་བློ་ཡིན་པའི་ཕྱིར། གཉིས་པ་ནི། མ་གྲུབ་པའི་རྟགས་དང་མ་ངེས་པའི་རྟགས་གང་རུང་ལ་བརྟེན་པའི་བློ་ཡིན་ན། དོན་བདེན་པ་གསར་ངེས་ཀྱི་བློ་མ་ཡིན་དགོས་ཏེ། དེ་ཡིན་ན་མ་རྟོགས་པའི་བློ་དང༌། ཐེ་ཚོམ་གང་རུང་ཡིན་དགོས་པའི་ཕྱིར། ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉིད་དང༌། །མི་འདོད་འདོད་པས་ངེས་སྒྲུབ་བྱེད། །ཅེས་གསུངས་སོ། །གསུམ་པ་ནི། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་ལས་ལོགས་སུ་རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་ཅེས་བྱ་བ་མི་འཐད་དེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མི་ཤེས་བཞིན་དུ། དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། མ་ངེས་པ་དང་མ་གྲུབ་པའི་གཏན་ཚིགས་གང་རུང་ལས་མ་འདས་ལ། དེ་དག་ནི་རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དུ་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། འོ་ན་ཡིད་དཔྱོད་མེད་ན་ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་དེ་གང་དུ་འདུ་ཞེ་ན། དཔྱད་པ་གསུམ་གྱི་དག་པའི་ལུང་ལས། རང་གི་བསྟན་བྱའི་དོན་གསར་དུ་རྟོགས་པའི་ཤེས་རབ་ནི་རྗེས་དཔག་ཁོ་ན་ཡིན་ལ། ལུང་གཞན་ལ་རྟེན་པའི་བློ་ཡིན་ན་ཚད་མིན་གྱི་བློ་གསུམ་པོ་གང་རུང་ལས་མ་འདས་སོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ལ་སྤྱིར་དགག་པ་དང༌། སོ་སོར་དགག་པའོ། དང་པོ་ནི། འོ་ན་མངོན་སུམ་གྱི་ཚད་མ་ཐམས་ཅད་ཆོས་ཅན། ཚད་མ་མ་ཡིན་པར་འགྱུར་ཏེ། སྣང་ལ་མ་ངེས་པ་ཡིན་པའི་ཕྱིར་དང༌། དོན་རང་མཚན་གསལ་བར་སྣང་ཞིང༌། སྒྲོ་འདོགས་དང་འཛིན་སྟངས་མི་འགལ་བར་འཇུག་པའི་བློ་ཡིན་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། རིགས་པ་མཁྱེན་པས་ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། ད་ནི་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་བཟུང་བ་ཡིན་ཞེ་ན། མངོན་སུམ་ནི་གང་གི་ཡང་ངེས་པར་བྱེད་པ་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེར་སྣང་བས་སོ། །དེས་ན་ངེས་པ་དང་མ་ངེས་པའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཡུལ་གྱི་རྣམ་པ་མི་གསལ་བའི་སྣང་ལ་མ་ངེས་པ་ཞེས་བྱ་བ་མི་འཐད་དེ། རྫས་གཅིག་ཉིད་རྟོག་མེད་ཀྱི་ཤེས་པ་ལ་གསལ་མི་གསལ་གྱི་ཆ་གཉིས་ཀ་འགལ་བའི་ཕྱིར། འོ་ན་ཇི་སྐད་དུ། རྨོངས་འགྱུར་ངེས་གསལ་མེད་ཕྱིར་རོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་འཁྲུལ་པའི་རྒྱུ་མཚན་གྱི་དབང་གིས་རྟོག་པས་ངེས་ཤེས་གསལ་པོ་འདྲེན་མ་ནུས་པ་ལ་བྱ་བ་ཡིན་ཏེ། ནུས་པ་དངོས་པོའི་རང་བཞིན་དུ་གྱུར་ཀྱང་དེ་མ་ཐག་མེད་པས། རྨོངས་གྱུར་ཞེས་བཤད་པའི་ཕྱིར། དེས་ན་བློ་རྟོག་པ་གསལ་བ་དང༌། དེ་མི་གསལ་བ་ལ་ཡུལ་མི་གསལ་བ་ཞེས་པའི་ཐ་སྙད་ལོག་པར་སྦྱར་བར་མི་བྱའོ། །ཡང་ཡིད་མ་གཏད་དང་འཁྲུལ་རྒྱུ་ཅན་གྱི་སྣང་ལ་མ་ངེས་པའི་ཞེས་བྱ་བ་མི་འཐད་དེ། དེ་དག་ཚད་མིན་གྱི་བློར་བཞག་ན་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞི་མི་སྲིད་པར་འགྱུར་བའི་ཕྱིར། མདོར་ན་སྣང་ལ་མ་ངེས་པའི་བློ་ལ་ཚད་མིན་གྱི་ཁྱབ་པ་དང༌། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་པས་ཁྱབ་པར་འདོད་པ་འདི། གཞན་ལས་ངེས་ཀྱི་ཚད་མའི་རྣམ་བཞག་འཇོག་མི་ཤེས་པའི་ཐབས་བླ་ན་མེད་པ་ཡིན་ནོ། །གསུམ་པ་བཅད་ཤེས་དགག་པ་ལ་སྤྱིར་དགག བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་དགག་པའོ། །དང་པོ་ལ། མཚན་ཉིད་མི་འཐད་པ་དང་མཚན་གཞི་བློ་རིགས་ལོགས་པར་མི་འཐད་པའོ། །དང་པོ་ལ། རིགས་པས་མི་འཐད་པ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། གང་ཞིག་བདག་མེད་རྟོགས་པའི་རྗེས་དཔག་ཚད་མས་དྲངས་ནས་སྐྱེས་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་སྐད་ཅིག་དང་པོ་ཆོས་ཅན། བཅད་ཤེས་སུ་ཐལ། དེའི་མཚན་ཉིད་རྗེས་སུ་ཞུགས་པའི་ཕྱིར། དེ་ལ་དེ་མ་ཞུགས་ན་རྗེས་དཔག་དེས་དེ་མ་རྟོགས་པར་ཁས་ལེན་དགོས་པས་ཁྱེད་ལ་ཁས་བླངས་ནང་འགལ་བ་འབྱུང་ལ། ཁོ་བོ་ལྟར་ན་ནི་རྗེས་དཔག་དེས་བདག་མེད་ཀྱི་གཞན་སེལ་རྟོགས་ལ། མངོན་སུམ་གྱིས་ནི་བདག་མེད་རང་མཚན་པ་རྟོགས་པར་ཁས་ལེན་པ་ཡིན་ནོ། །དེ་སྒྲོ་འདོགས་དང་མི་འགལ་ན་ནི། ཚད་མ་མིན་པར་ཐལ་ཞེས་འཕངས་པས་གསུམ་ཆར་ཁས་ལེན་དགོས་ལ་རང་ལུགས་ལ་ཡང་འདི་སྒྲོ་འདོགས་དང་འགལ་བར་ཁས་ལེན་དགོས་ཏེ། བདག་འཛིན་གྱི་ས་བོན་ལ་གནོད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་མ་གཅིག་པོ་དེ་ལ་རང་གི་ཆ་ཤས་སུ་གྱུར་པའི་སྐད་ཅིག་མ་སྔ་ཕྱི་ཡོད་དམ་མེད། མེད་ན་ནི་དེ་དུས་མཐའི་སྐད་ཅིག་མ་གཅིག་ཏུ་འགྱུར་ལ། དེ་ལྟ་ན་ཚུར་མཐོང་གི་ཚད་མ་མིན་པར་ཐལ། དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་པ་ཡིན་ནོ། །དང་པོ་ལྟར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་གཉིས་པ་དེ་ཆོས་ཅན། བཅད་ཤེས་སུ་ཐལ། དེའི་མཚན་ཉིད་རྗེས་སུ་ཞུགས་པའི་ཕྱིར། གསུམ་ཆར། གཉིས་པ་མཚན་གཞིའི་མི་འཐད་པ་ནི། བཅད་ཤེས་ཞེས་བྱ་བའི་བློ་རིགས་ལོགས་པ་མི་འཐད་དེ། རང་གི་ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་གྱི་དོན་དེ་ཉིད་བསྣན་ནས་འཛིན་པ་ཡིན་ན་ནི། མ་རྟོགས་པའི་བློར་སོང༌། སྔར་རྟོགས་པ་དེ་ཉིད་འདིའོ་སྙམ་དུ་འཛིན་ན་ནི་ལོག་ཤེས་སུ་སོང༌། ད་ལྟ་དྲན་པའི་རྟགས་ལས་སྔར་གྱི་མྱོང་བ་དཔོག་ན། རྟགས་ཡང་དག་ལ་བརྟེན་ནས་ཚད་མར་སོང་བའི་ཕྱིར། གལ་ཏེ་ཕྱི་མ་གཉིས་ཁས་མི་ལེན་གྱི། ཉེར་ལེན་གྱི་ཚད་མ་སྔ་མས་རྟོག་ཟིན་གྱི་དོན་རྟོགས་པ་ཡིན་ན་མ་རྟོགས་པར་འགལ་བ་ཡིན་ཏེ། དཔེར་ན་ཐེག་ཆེན་སྒོམ་ལམ་གྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་བཞིན་ནོ་ཞེ་ན། རེ་ཤིག་ཐོག་མར་དཔེ་དོན་མི་མཚུངས་ཏེ། ཀུན་རྫོབ་པའི་བཅད་ཤེས་ཀྱི་དབང་དུ་བྱས་ནས་འདིར་འཆད་ལ། དོན་དམ་པའི་བཅད་ཤེས་ནི་སྐབས་མིན་པས་འདིར་མི་དཔྱོད་པའི་ཕྱིར། འོ་ན་དེའི་རང་བཞིན་ཡང་ཞར་ལ་བཤད་དགོས་སོ་ཞེ་ན། བཤད་པ། འདི་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་མཐའ་དང་མཐུན་པར་བཤད་པ་དང༌། མདོ་སེམས་ཀྱི་གྲུབ་པའི་མཐའ་ཉིད་ལ་གནས་ནས་ཇི་ལྟར་ཁས་ལེན་པའི་ཚུལ་བཤད་པའོ། །དང་པོ་ནི། ས་དང་པོའི་སྐད་ཅིག་གཉིས་པ་ཕན་ཆད་རང་བཞིན་རྣམ་དག་གི་ཆོས་ཉིད་སྔར་མ་རྟོགས་གསར་དུ་རྟོགས་པར་བྱར་མེད་པས། དེའི་ཆ་ལ་བཟུང་ཟིན་འཛིན་པ་ཞེས་བྱ་བའི་ཐ་སྙད་གཞན་གྱིས་བྱས་ལ། དེ་ལྟ་ན་ཡང་ཚད་མ་མ་ཡིན་པར་མི་འགྱུར་ཏེ། བློ་བུར་རྣམ་དག་གི་ཆོས་ཉིད་སྔར་མ་རྟོགས་གསར་དུ་རྟོགས་པའི་ཕྱིར་དང༌། རང་གི་བསལ་བྱ་སྒྲོ་འདོགས་སྔར་མ་བཅད་གསར་དུ་བཅད་པའི་ཕྱིར་དང༌། རང་གི་འཇུག་ཡུལ་ལ་ངེས་པ་འདྲེན་ཚུལ་གྱི་ཁྱད་པར་སྔར་མ་སྐྱེས་གསར་དུ་སྐྱེས་པའི་ཕྱིར་རོ། །གཉིས་པ་ནི། ལུགས་འདི་ལ་གང་ཟག་གི་བདག་མེད་དང༌། འགྱུར་མེད་ཡོངས་གྲུབ་རང་མཚན་དུ་ཁས་བླངས་པས་རྣལ་འབྱོར་མངོན་སུམ་དང༌། རང་གི་གཞལ་བྱ་རྟོགས་ཟིན་རྟོགས་པའི་གཞི་མཐུན་མི་སྲིད་དོ། །དེ་ནི་དཔེ་མི་འཐད་པའོ། །དེ་ནས་དོན་མི་འཐད་པ་ནི། རང་གི་གཞལ་བྱ་རྟོགས་ཟིན་རྟོགས་པའི་བློ་ཀུན་རྫོབ་ཡིན་ནམ་རྟོགས་པའི་བློ་ཡིན་དགོས་ཏེ། དཔེར་ན་གྲུབ་ཟིན་པའི་གཏན་ཚིགས་ཡིན་ན་མ་གྲུབ་པའི་གཏན་ཚིགས་ཡིན་དགོས་པ་བཞིན་དང༌། སྟ་རེས་ཤིང་བཅད་ཟིན་གཅོད་པ་ཡིན་ན་མ་བཅད་པ་ཡིན་དགོས་པ་བཞིན་ནོ། །འོ་ན་ཚད་མའི་མཚན་ཉིད་འཆད་པ་ན། །གསར་དུ་ཞེས་པ་དང༌། མ་ཤེས་དོན་གསལ་སྨོས་པ་ལ་རྣམ་བཅད་མེད་པར་འགྱུར་ཏེ། རྟོགས་ན་གསར་རྟོགས་ཡིན། དགོས་པའི་ཕྱིར་ཞེ་ན། འདི་ལ་སོ་སོར་འབྱེད་དགོས་ཏེ། དོན་རང་མཚན་འཛིན་པའི་མངོན་སུམ་གྱིས་རྟོགས་པ་ཡིན་ན་གསར་རྟོགས་ཡིན་དགོས་ཏེ། རང་གི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་པའི་འདོན་རང་མཚན་དང༌། དེས་རྟགས་པ་མི་སྲིད་པའི་ཕྱིར། ཡང་རྣལ་འབྱོར་མངོན་སུམ་གྱིས་མེད་དགག་ཏུ་གྱུར་པའི་བདག་མེད་པའི་དོན་རྟོགས་པ་ཡིན་ན་སྔར་མ་རྟོགས་གསར་དུ་རྟོགས་པ་ཡིན་མི་དགོས་ཏེ། རྣམ་མཁྱེན་སྐད་ཅིག་དང་པོ་བཞིན་ནོ། །དེ་ལྟར་བཤད་པ་ན་དོན་འདི་འབྱུང་སྟེ་རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན། གཞན་བྱ་རྟོགས་པ་དང་འཇུག་ཡུལ་ལ་མི་བསླུ་བའི་རིག་པ་ཙམ་གྱི་ཚད་མར་འཇོག་ནུས་ལ། ལོག་རྟོག་སེལ་བའི་ཚེ་ནི་ཟུར་གཉིས་ཀའམ་རེ་རེ་ལ་གསར་དུ་ཞེས་སྦྱོར་བ་ཡིན་ནོ། །དེ་ཡང་ཚུར་རོལ་མཐོང་བའི་མངོན་སུམ་ལ་གཉིས་ལས་དུས་ཀྱི་ཐུང་བའི་སྐད་ཅིག་མ་རྣམས་ཀྱིས་ནི་ཡུལ་གང་ལའང་ངེས་པ་རང་སྟོབས་ཀྱི་འདྲེན་པའི་མཐུ་མེད་པས་གཞན་ལས་ངེས་ཀྱི་ཚད་མ་ཁོ་ནར་འཇོག་ལ། བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་ལ་ནི་ཡུལ་འགའ་ཞིག་ལ་ངེས་པ་རང་སྟོབས་ཀྱི་འདྲེན་ནུས་པ་དེ་ལ་རང་ལས་ངེས་ཀྱི་ཚད་མར་བཞག་གོ །དེའི་ཚེ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་པོ་དེ་དང་དེའི་ཆ་ཤས་སུ་གྱུར་པའི་དུས་མཐའི་སྐད་ཅིག་མ་མང་པོ་དག་གཉིས་ཀ་ཡང༌། གཞལ་བྱ་གསར་དུ་རྟོགས་པ་དང༌། འཇུག་ཡུལ་ལ་གསར་དུ་མི་བསླུ་བ་གཉིས་ཀ་ཡིན་པར་མཚུངས་སོ། །དེའི་ཚེ་གཞལ་བྱ་ནི་སྔོན་པོ་ལྟ་བུའི་སྐད་ཅིག་སོ་སོ་བ་རྣམས་སོ། །འཇུག་ཡུལ་ནི་རྒྱུན་དང་བཅས་པའི་སྔོན་པོ་རང་མཚན་པ་དེ་ཉིད་དོ། །འོ་ན་སྐད་ཅིག་གི་ཆ་ཤས་ཕྱི་མ་རྣམས་ལ་གསར་དུ་མི་བསླུ་བ་ཇི་ལྟར་ཡོད་དེ། ཉེར་ལེན་ཚད་མ་སྔ་མས་མི་བསླུ་བར་བྱས་ཟིན་པའི་ཕྱིར་སྙམ་ན་དེ་ཙམ་གྱི་དེར་མི་འགྱུར་ཏེ། ཚད་མ་སྔ་མས་འཇུག་ཡུལ་ལ་ངེས་པ་དྲངས་ཟིན་པའི་སྒོ་ནས་མི་བསླུ་བར་བྱས་ཟིན་པ་མ་ཡིན་པའི་ཕྱིར། དེ་ལྟར་ན་བྱ་བ་རྫོགས་པའི་མངོན་སུམ་སྐད་ཅིག་མ་གཉིས་སྐྱེས་པ་དེའི་ཚེ། གཉིས་པོ་འཇུག་ཡུལ་གཅིག་ལ་འཇུག་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་ཕྱི་མ་བཅད་ཤེས་སུ་ཐལ་བའི་ཕྱིར་རོ། །རྗེས་དཔག་སྐད་ཅིག་དང་པོའི་ཆ་ཤས་ཕྱི་མ་འགའ་ཞིག་ཞིབ་མོའི་རྣམ་གཞག་ལ་གཞལ་བྱ་རྟོགས་ཟིན་རྟོགས་པ་ཡིན་ཀྱང༌། དེའི་ཚེ་འཇུག་ཡུལ་ལ་ནི་གསར་དུ་མི་བསླུ་བ་ཁོ་ནར་ངེས་སོ། །རགས་པའི་རྣམ་གཞག་ལ་ནི་དེས་གཞལ་བྱ་གསར་དུ་རྟོགས་པ་ཡང་ཡིན་ཏེ། རྗེས་སུ་དཔག་པའི་ཚད་མ་ཡིན་པའི་ཕྱིར། མ་ཤེས་དོན་གསལ་ཞེས་གསུང་བ་ནི་འཇུག་ཡུལ་གྱི་སྐབས་ཡིན་གྱི། གཞལ་བྱ་ཙམ་གྱི་སྐབས་མ་ཡིན་པར་འོག་ནས་འཆད་པར་འགྱུར་རོ། །གཉིས་པ་བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་དགག་པ་ལ། སྤྱིར་བསྟན་པ་དང༌། གཞན་གྱི་ཞེ་འདོད་ངོས་བཟུང་ནས་དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་རྫོབ་པའི་བློ་བཅད་ཤེས་དང༌། མངོན་སུམ་གྱི་གཞི་མཐུན་མི་སྲིད་དེ། ཡུལ་དུས་འཛིན་སྟངས་འགལ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན། མངོན་སུམ་གྱི་ངོ་བོ་རྟོག་བྲལ། ཡུལ་རང་མཚན། དུས་ད་ལྟར་བ། འཛིན་སྟངས་གསལ་ལ་མ་འདྲེས་པ་འཛིན། བཅད་ཤེས་ནི། ངོ་བོ་རྟོག་པ། ཡུལ་སྒྲ་དོན། འཛིན་སྟངས་མི་གསལ་ལ་འདྲེས་པ་འཛིན། དུས་འདས་པ་ཡིན་པའི་ཕྱིར་ཞེས་རིགས་གཏེར་གྱི་འགྲེལ་པར་གསུངས་ལ། འདིར་གཞི་མཐུན་མི་སྲིད་པར་སྒྲུབ་རྒྱུའི་མངོན་སུམ་ནི་དོན་རང་མཚན་ལ་མཐོང་བའི་མངོན་སུམ་ཁོ་ན་ཡིན་ཏེ། རྣལ་འབྱོར་པའི་མངོན་སུམ་འགའ་ཞིག་ལ་ཡུལ་རང་མཚན་མེད་པའི་ཕྱིར། བཅད་ཤེས་དེ་ཡང་ཚུལ་རོལ་མཐོང་བའི་རྒྱུད་ཀྱི་དབང་དུ་བྱས་པ་ཡིན་ཏེ། འཕགས་རྒྱུད་ཀྱི་བཅད་ཤེས་འགའ་ཞིག་ངོ་བོ་རྟོག་པར་མེད་པའི་ཕྱིར། དུས་འདས་པ་དང་ད་ལྟར་བ་ཞེས་པ་དེ་ཡང༌། རང་རང་གི་དེ་མ་ཐག་རྐྱེན་ལ་ལྟོས་པ་ཡིན་གྱི། རང་དུས་ལ་ལྟོས་པ་མིན་ཏེ། དོན་རིག་མངོན་སུམ་རྣམས་ལ་རང་དང་དུས་མཉམ་པའི་ཡུལ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་རང་ལུགས་ལ་བཅད་ཤེས་ཇི་ལྟར་ཁས་ལེན་པའི་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། བོད་སྔ་རབས་པ་རྣམས་ན་རེ། ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་མངོན་སྐད་ཅིག་མ་དང་པོ་དེ། སྔོ་ཙམ་དེ་ལ་ཚད་མ་ཡིན་ལ། སྔོན་པོའི་སྐད་ཅིག་སོ་སོ་བ་ལ་ཚད་མ་ནི་མིན་ཏེ། ཚུར་མཐོང་གི་ཚད་མ་རྣམས་ནི་སྐད་ཅིག་གི་ཕྲེང་བ་སོ་སོ་བ་ལ་ཚད་མར་མི་འགྲོ་བའི་ཕྱིར། དེ་ལྟར་ན་དེའི་རྒྱུད་ཀྱི་སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཀྱང༌། སྔོ་ཙམ་ལ་བཅད་ཤེས་སུ་སོང་བ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། སྔོན་པོ་སྐད་ཅིག་དང་པོ་ལ་བཅད་ཤེས་སུ་སོང་བ་མིན་ཏེ། རང་གི་ཉེར་ལེན་གྱིས་ཀྱང་དེ་མ་རྟོགས་པའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །འདི་མི་འཐད་པ་ལ། འོ་ན་སྔོ་ཙམ་དེ་གང་ལ་བྱ། རྫས་ལ་བྱེད་དམ་ལྡོག་པ་ལ་བྱེད། གཉིས་པ་ལྟར་ན་སྔོ་ཙམ་ཆོས་ཅན། ཚུར་མཐོང་གི་མངོན་སུམ་ཁྱོད་ལ་ཚད་མར་སོང་བ་མི་སྲིད་དེ། ཁྱོད་ལྡོག་པ་གཞན་སེལ་ཡིན་པའི་ཕྱིར། དང་པོ་ལྟར་ན་ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་རང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་སྔོ་འཛིན་དབང་མངོན་སྐད་ཅིག་མ་དང་པོ་གང་ལ་ཚད་མར་སོང་བའི་སྔོན་པོ་དེ་ལ་མངོན་སུམ་མིན་ཏེ། དེ་ཁྱོད་ཀྱི་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་ཟིན་པའི་ཕྱིར། དེ་ཡང་འདི་ལྟར་སྔོ་འཛིན་དབང་པོའི་མངོན་སུམ་སྐད་ཅིག་མ་གཉིས་པོ་ཆོས་ཅན། ཁྱོད་རང་གི་དེ་མ་ཐག་རྐྱེན་སྔོ་འཛིན་དབང་མངོན་སྐད་ཅིག་མ་དང་པོའི་གཟུང་དོན་དུ་གྱུར་པའི་སྔོན་པོ་དེ་ལ་མངོན་སུམ་ཡིན་པར་ཐལ། ཁྱོད་དེས་གཟུང་བཞིན་པའི་སྔོན་པོ་དེ་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། འདོད་ན་དེ་ཁྱོད་ཀྱི་དམིགས་རྐྱེན་དུ་ཐལ། ཁྱོད་དེ་ལ་དོན་རིག་མངོན་སུམ་ཡིན་པའི་ཕྱིར། འདོད་ན་དེ་ཁྱོད་ཀྱི་དངོས་རྒྱུར་ཐལ་ལོ། །གཞན་ཡང༌། གཟུགས་འཛིན་ཡིད་ཀྱི་མངོན་སུམ་དེས། རང་གི་དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་གྱི་བཟུང་ཟིན་པའི་དོན་དེ་འཛིན་པར་ཁས་བླངས་ན་ཅིས་འགོག དེ་ཆོས་ཅན། ཁྱོད་ཀྱིས་དེ་མངོན་སུམ་དུ་མཐོང་བ་མིན་ཏེ། དེ་ཁྱོད་ཀྱི་དེ་མ་ཐག་རྐྱེན་ཀྱི་དུས་སུ་འདས་ཟིན་པའི་ཕྱིར། ཇི་སྐད་དུ། སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང༌། །ཞེས་གསུངས་པས་སོ་ཞེ་ན། དེ་ལྟ་ན། ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ནོ། །གཞན་ཡང༌། སྔོན་འཛིན་དབང་མངོན་སྐད་ཅིག་མ་དང་པོས་གཟུང་ཟིན་པའི་སྔོན་པོ་དེ་ཆོས་ཅན། སྔོན་འཛིན་དབང་མངོན་སྐད་ཅིག་མ་གཉིས་པ་ལ་ཁྱོད་ཀྱི་རྣམ་པ་ཤར་བར་ཐལ། ཁྱོད་སྔོན་པོ་གང་ཞིག་དེ་ཁྱོད་ལ་མངོན་སུམ་ཡིན། དེས་ཁྱོད་ཤུགས་ལ་རྟོགས་པ་ཡང་མ་ཡིན་པའི་ཕྱིར། འདོད་ན་ཁྱོད་དེ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་དུ་ཐལ། ཁྱོད་ཕྱི་རོལ་གྱི་དོན་གང་ཞིག དེ་ལ་ཁྱོད་ཀྱི་རྣམ་པ་ཤར་བའི་ཕྱིར། འདོད་ན་ཁྱོད་དེའི་གཟུང་ཡུལ་དུ་ཐལ་ལོ། །དེ་ཡང་འདོད་ན། སྔོན་འཛིན་དབང་མངོན་སྐད་ཅིག་མ་དང་པོ་དང༌། དེའི་དེ་མ་ཐག་འབྲས་སུ་གྱུར་པའི་དེ་སྐད་ཅིག་གཉིས་པ་གཉིས་ཆོས་ཅན། ཅིག་ཆར་དུ་སྐྱེ་བར་ཐལ། གཟུང་ཡུལ་ཅིག་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་འདི་ལྟར་བརྟག་པར་བྱ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་པོའི་མངོན་སུམ་ཚད་མ་དེ་ལ། སྐད་ཅིག་གི་ཆ་ཤས་ཡོད་དམ་མེད། མེད་ན་དུས་ཀྱི་ཐུང་བའི་སྐད་ཅིག་མ་གཅིག་ཏུ་འགྱུར་བས་ཚུར་མཐོང་གི་ཚད་མར་ཇི་ལྟར་རུང་ཞེས་བརྗོད་ནི་ཁྱོད་ཀྱིས་འཁོར་གསུམ་ཁས་ལེན་མི་དགོས་སམ། དང་པོ་ལྟར་ན། དེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་མ་གཉིས་པ་དེ་གཟུགས་འཛིན་པའི་མངོན་སུམ་ཚད་མ་ཡིན་ནམ་མིན། མིན་ན་དེ་དེའི་ཆ་ཤས་སུ་ཇི་ལྟར་རུང་ཞིང༌། དེ་དུས་མཐའི་སྐད་ཅིག་ཏུ་ཐལ་བ་ཇི་ལྟར་བཟློག དང་པོ་ལྟར་ན་དེ་ཆོས་ཅན། ཚད་མ་མིན་པར་ཐལ། བཅད་ཤེས་ཡིན་པའི་ཕྱིར། དེ་དེར་མི་འདོད་ན་ཚུར་མཐོང་གི་རྒྱུད་ཀྱི་མངོན་སུམ་སྐད་ཅིག་མ་གཉིས་པ་ཕན་ཆད་བཅད་ཤེས་སུ་ཁས་བླངས་པའི་དམ་བཅའ་ཉམས་སོ། །དེ་ཡང་འདི་ལྟར་ཚུར་མཐོང་གི་རྒྱུད་ཀྱི་གཟུང་འཛིན་དབང་པོའི་མངོན་སུམ་ཚད་མ་དེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་སུ་ཐལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་སྐད་ཅིག་གཉིས་པ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་དེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་གཉིས་པ་དེས་རང་གི་དེ་མ་ཐག་རྐྱེན་གང་ལ་ཚད་མར་སོང་བའི་གཟུགས་ཙམ་དེ་འཛིན་ནམ་མི་འཛིན། འཛིན་ན་བཅད་ཤེས་སུ་ཐལ་བར་འགྱུར་ལ། མི་འཛིན་ན་རྩ་བའི་དམ་བཅའ་ཐམས་ཅད་ཉམས་སོ། །ཉེས་པ་འདི་ཐམས་ཅད་ཀྱང་གང་ལ་ཚད་མར་སོང་བའི་གཞལ་བྱ་དེ་རྟོགས་པས་ཁྱབ་པར་བཞེད་པའི་སློབ་དཔོན་ཕྱྭ་པའི་རྗེས་འབྲང་དང་བཅས་པ་ལ་འཇུག་པ་ཡིན་གྱི། དེ་ལ་དེས་ཁྱབ་པར་མི་འདོད་པ་རང་གི་ལུགས་ལ་མི་མཚུངས་པའི་ཞིབ་ཆ་ཐོན་པར་བྱའོ་ཞེས་བྱ་བ་འདིས་ནི་གཞན་གྱི་ལུགས་ལེགས་པར་བཀག་ཟིན་པ་ཡིན་ནོ། །འོ་ན་རྟོག་གེའི་གཞུང་འགྲེལ་ལས་འབྱུང་བའི་བློ་དཔྱོད་པ་ཞེས་ལན་མང་དུ་འབྱུང་བ་དེ་དང༌། བཅད་པའི་ཡུལ་ཅན་གྱི་ཤེས་པ་ཞེས་ལན་མང་དུ་འབྱུང་བ་དེ་དང༌། སྣང་ལ་མ་ངེས་པ་ཞེས་གསལ་བར་གྲགས་པ་དེ་རྣམས་རང་ལུགས་ལ་ཁས་མི་ལེན་ནམ་ཞེ་ན། འདི་ལྟར་བསམ་པར་བྱ་སྟེ། དེ་ཐམས་ཅད་ཀྱང་ཚད་མ་དང་ཚད་མིན་གྱི་བློ་གཉིས་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་བློ་ཡིན་གྱི། བློ་རིགས་སོ་སོ་བ་མ་ཡིན་ཏེ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་བཞིན་ནོ། །དེ་ཡང་འདི་ལྟར། སྣང་ལ་མ་ངེས་པ་ནི་རྟོག་མེད་ཀྱི་ཤེས་པ་སྤྱིའི་མིང་ཡིན་ལ། དེ་ལ་འཁྲུལ་བ་དང་མ་འཁྲུལ་བའི་དབྱེ་བས་གཉིས་སོ། །དང་པོ་ནི་ལོག་ཤེས་སོ། །གཉིས་པ་ནི་མངོན་སུམ་མོ། །བཅད་པའི་ཡུལ་ཅན་གྱི་ཤེས་པ་ཞེས་བྱ་བ་ནི་ཚད་མ་སྔ་མས་བཅད་པའམ་རྟོགས་ཟིན་པའི་དོན་ལ་འཇུག་པའོ། །བཅད་ཤེས་ཀྱི་འཇོག་མཚམས་ལ་གཞུང་གི་དགོངས་པ་དང༌། བོད་ཀྱི་སློབ་དཔོན་རྣམས་ལ་གྲགས་པའོ། །དང་པོ་ནི། འཇུག་ཡུལ་ལ་ལྟོས་ནས་དེར་འཇོག་པ་ཡིན་ལ། གཉིས་པ་ནི། སྣང་ཡུལ་གྱི་གཞལ་བྱ་ལ་ལྟོས་ནས་འཇོག་པའོ། །དེ་ཡང་འཇུག་ཡུལ་ལ་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་འཇུག་པ་དང༌། སྣང་ཡུལ་གྱི་གཞལ་བྱ་ལ་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་འཇུག་པའོ། །ལུགས་དེ་གཉིས་གང་ལྟར་ཡང་རང་མཚན་འཇལ་བའི་ཚད་མ་དང་བཅད་ཤེས་ཀྱི་གཞི་མཐུན་མི་སྲིད་ལ། དེ་འཇུག་ཡུལ་དུ་བྱེད་པའི་ཚད་མ་དང་བཅས་ཤེས་ཀྱི་གཞི་མཐུན་ནི་བཅད་ཤེས་ཀྱི་འཇོག་མཚམས་གཉིས་པ་ལ་སྲིད་དོ། །འཇོག་མཚམས་དང་པོའི་དབང་དུ་བྱས་ན་ནི་སྤྱིར་ཚད་མ་དང༌། བྱེ་བྲག་རྣལ་འབྱོར་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་མི་སྲིད་དེ། མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དང༌། ཀུན་འབྱུང་ལ་ཆོས་བཟོད་གཉིས་ཀྱི་འཇུག་ཡུལ་སོ་སོར་ངེས་པ་བཞིན་ནོ། །ཞེས་མདོར་བསྟན་ནས། དོན་དེ་ཉིད་རྒྱས་པར་འཆད་པ་ནི། གཞལ་བྱ་རྟོགས་ཟིན་རྟོགས་པའི་བཅད་ཤེས་འདི་ལ་གཉིས་ཏེ། རྟོག་མེད་ཀྱི་ཤེས་པ་དང་རྟོག་པའོ། །དང་པོ་ནི། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་སྐད་ཅིག་མ་གཉིས་པ་ཕན་ཆད་ཐམས་ཅད་དོ། །འོ་ན་དེ་དག་གསར་དུ་མི་སླུ་བའི་རིག་པ་མིན་པར་འགྱུར་རོ་ཞེ་ན། དེར་ཐལ་བའི་ཉེས་པ་མེད་དོ། །ས་བཅུའི་རྒྱུན་མཐའ་ཚུན་ཆད་དུ་ནི་བར་ཆད་མེད་ལམ་རྣམས་ནི་སྒྲོ་འདོགས་གསར་དུ་བཅད་པའི་རང་བཞིན་རྣམ་དག་གི་དོན་རང་མཚན་ལ་མི་སླུ་བ་ཡིན་ལ། རྣམ་གྲོལ་ལམ་རྣམས་ནི་བློ་བུར་རྣམ་དག་གི་དོན་རང་མཚན་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མདོར་ན་ཆོས་གཅིག་ལ་བཅད་པའི་ཡུལ་ཅན་གྱི་ཤེས་པ་ཡིན་པས་སྤྱིར་ཚད་མ་མ་ཡིན་པས་ཁྱབ་པ་མེད་ཅིང༌། བྱེ་བྲག་ཏུ་ཆོས་དེ་ལ་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་འཇུག་པའི་བློ་ཡིན་ན་ཆོས་དེ་ཉིད་ལ་ཚད་མ་མ་ཡིན་པས་ཀྱང་མ་ཁྱབ་སྟེ། རྣམ་མཁྱེན་སྐད་ཅིག་གཉིས་པ་བཞིན་ནོ། །དེས་ན་གཞལ་བྱ་རྟོགས་ཟིན་རྟོགས་པའི་བཅད་ཤེས་ལ་ལོག་ཤེས་དང་ཐེ་ཚོམ་ནི་མི་སྲིད་ཀྱི། ཚད་མིན་གྱི་ནང་ནས་མ་རྟོགས་པ་དང་ཚད་མ་ནི་གཉིས་ཀ་སྲིད་དོ། །དེ་ཡང་ཇི་ལྟར་ཞེ་ན། དང་པོ་ནི། མངོན་སུམ་དང་རྗེས་སུ་དཔག་པས་དྲངས་ནས་སྐྱེས་པའི་ངེས་ཤེས་དོན་མཐུན་རྣམས་སོ། །གཉིས་པ་ནི། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་སྐད་ཅིག་གཉིས་པ་ཕན་ཆད་དོ། །གསུམ་པ་ནི་རྗེས་སུ་དཔག་པའི་ཚད་མ་སྐད་ཅིག་མ་ཕྱི་མ་རྣམས་སོ། །དེའི་རྒྱུ་མཚན་འདི་ལྟར། ས་གཉིས་པའི་བསྒོམ་ལམ་མཉམ་གཞག་ཡེ་ཤེས་ཆེན་པོ་བཅད་པའི་ཡུལ་ཅན་གྱི་ཤེས་པ་ཡིན་ཏེ། རང་གི་ཉེར་ལེན་གྱི་ཚད་མ་སྔ་མས་བདག་མེད་མངོན་སུམ་དུ་མཐོང་ཟིན་བྱེད་པ་མ་ཉམས་པའི་དོན་ལ་མཉམ་པར་འཇོག་པའི་བློ་གང་ཞིག་སྒྲོ་འདོགས་དང་འཛིན་སྟངས་དང་འགལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་ལྟ་ན་ཡང་ཚད་མ་མ་ཡིན་པར་མི་འགྱུར་ཏེ། འཇུག་ཡུལ་ལ་མི་བསླུ་བ་དང༌། སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། གལ་ཏེ་འོ་ན་གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་འདོད་མ་ཡིན། །ཞེས་གསུངས་པ་དང་འགལ་བ་མིན་ནམ་ཞེ་ན། དེ་ནི་དོན་རང་མཚན་འཇུག་ཡུལ་དུ་བྱས་ཏེ། བཟུང་ཟིན་ཡིན་ན་དོན་རང་མཚན་འཇུག་ཡུལ་དུ་བྱེད་པའི་ཚད་མ་མིན་པ་ལ་དགོངས་པ་ཡིན་ཏེ། ཚད་མ་སྔ་མས་འཇུག་ཡུལ་དུ་བཅད་ཟིན་པའི་དོན་རང་མཚན་ལ་བློ་ཕྱི་མ་ཚད་མར་འགྱུར་བ་མི་སྲིད་པའི་ཕྱིར། གཞུང་དེའི་འཕྲོས་ཀྱང་ཁ་དོག་མི་རྟག་པ་རང་མཚན་ལ་སྦྱར་བས་གསལ་བར་ཤེས་སོ། །ཡང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་གཞལ་བྱ་བཅད་པའི་ཡུལ་ཅན་གྱི་ཤེས་པ་ཡིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་ལ་བརྣན་ནས་འཇུག་པའི་རིག་པ་ལ་སོགས་ཡིན་པའི་ཕྱིར། དེ་ལྟ་མིན་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ལ་སྐད་ཅིག་སྔ་ཕྱི་གཉིས་སུ་དབྱེ་རུ་མེད་པའམ། རྗེས་དཔག་སྐད་ཅིག་དང་པོ་དེས་སྒྲ་མི་རྟག་པའི་གཞན་སེལ་མ་རྟོགས་པ་གང་རུང་དུ་འགྱུར་རོ། །གལ་ཏེ་འོ་ན། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ཅེས་གསུངས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཚད་མས་དྲངས་ནས་སྐྱེས་པའི་ངེས་ཤེས་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་རྫོབ་ཅེས་པའི་ཚིག་དང་འབྲེལ་བའི་ཕྱིར་དང༌། འཇུག་ཡུལ་རང་མཚན་གཟུང་ཟིན་འཛིན་པའི་ཕྱིར་མི་བསླུ་བར་མི་འདོད་དེ་ཞེས་གཞུང་དེའི་དོན་ལ་སྣང་བའི་ཕྱིར། དེ་ལས་གཞན་དུ་གཞལ་བྱ་རྟོགས་ཟིན་རྟོགས་པ་ཙམ་གྱིས་ཚད་མ་མིན་པར་འགྱུར་ན། ཁྱོད་ལྟར་ན་སྒྲ་འཛིན་མངོན་སུམ་ཚད་མའི་དེ་མ་ཐག་འབྲས་སུ་གྱུར་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་དང་པོ་ཚད་མ་མིན་པའམ། ཡང་ན་མངོན་སུམ་དེས་སྒྲ་མི་རྟག་པར་མ་རྟོགས་པ་གང་རུང་དུ་འགྱུར་རོ། །ཞེས་དཔྱད་ན་ཁྱོད་ཀྱི་ལན་མེད་དོ། །ཁོ་བོ་ཅག་ལྟར་ན་ནི་རྗེས་སུ་དཔག་པའི་ཚད་མ་སྐད་ཅིག་དང་པོའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་སོ་སོ་བ་རྣམས་ནི་རྗེས་དཔག་ཚད་མ་མ་ཡིན་ཏེ། རང་ལས་ངེས་ཀྱི་ཚད་མ་མ་ཡིན་པའི་ཕྱིར་ཏེ། དུས་མཐའི་སྐད་ཅིག་མ་གཅིག་ཁོ་ན་ཡིན་པས་འཇུག་ཡུལ་ལ་ངེས་པ་འདྲེན་མི་ནུས་པའི་ཕྱིར། ཁྱེད་ཀྱི་ལུགས་ལ་དེ་དག་ཚད་མར་ཁས་ལེན་དགོས་ཏེ། དེར་འཇོག་པ་ལ་གཞལ་བྱ་སྔར་མ་རྟོགས་གསར་དུ་རྟོགས་པ་ཙམ་གྱིས་ཆོག་པའི་ཕྱིར། འོ་ན་མངོན་སུམ་བཅད་ཤེས་བཀག་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མིན་ཏེ། དེ་ལྟར་བཤད་པ་དེ་ནི་འཇུག་ཡུལ་རང་མཚན་དངོས་ཡུལ་དུ་བྱེད་པའི་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་མི་སྲིད་པ་ལ་དགོངས་པ་ཡིན་ནོ་ཞེས་གསལ་བར་བཤད་ཟིན་པའི་ཕྱིར། ཡང་བཅད་ཤེས་འདས་པ་དྲན་པ་ཡིན་ཞེས་གསུངས་པ་ཡང་ཚུར་རོལ་མཐོང་བའི་བཅད་ཤེས་ལ་དགོངས་པ་ཡིན་ཏེ། གཞན་དུ་ན་འཕགས་རྒྱུད་ལ་གཞལ་བྱ་བཅད་པའི་ཡུལ་ཅན་གྱི་ཤེས་པས་བདག་མེད་མངོན་སུམ་དུ་མཐོང་བ་མི་སྲིད་པར་ཐལ་ལོ། །དེ་ཡང་འདོད་ན་རྣལ་འབྱོར་མངོན་སུམ་ཡིན་ན་བདག་མེད་སྔར་མ་རྟོགས་གསར་རྟོགས་ཡིན་པས་མ་ཁྱབ་པར་འགྱུར་རོ། །དེ་ལྟར་བཤད་པ་ན་དོན་རང་མཚན་མངོན་སུམ་དུ་རྟོགས་ཟིན་རྟོགས་ན། མ་རྟོགས་པའི་བློ་ཡིན་པས་ཁྱབ་པ་དང༌། བདག་མེད་མངོན་སུམ་དུ་རྟོགས་ཟིན་རྟོགས་པ་ཡིན་ན། དེ་རྟོགས་པའི་བློ་ཡིན་པས་ཁྱབ་པ་དང༌། དེ་ལས་གཞན་པའི་སྤྱི་མཚན་རྟོགས་ཟིན་པ་ལ་རྟོགས་མ་རྟོགས་གཉིས་སུ་དབྱེ་དགོས་ཏེ། རྗེས་དཔག་སྐད་ཅིག་གཉིས་པ་དང་དེས་དྲངས་པའི་ངེས་ཤེས་གཉིས་བཞིན་ནོ། །འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། སྒྲ་མི་རྟག་པ་རང་མཚན་མ་རྟོགས་པར་ཐལ། དེ་རྟོགས་ཟིན་རྟོགས་པའི་ཕྱིར་ཞེ་ན། དེ་ལ་ནི་ཁོ་བོ་ཅག་ལྟར་ན་འདོད་པ་དང༌། མ་གྲུབ་པ་གཉིས་ཀ་ཡིན་ཏེ། རྗེས་དཔག་གིས་རང་མཚན་རྟོགས་པར་ཁས་མི་ལེན་པའི་ཕྱིར། གལ་ཏེ་རྟོགས་ན་དངོས་སུ་རྟོགས་སམ་ཤུགས་ལ་རྟོགས། དང་པོ་ལྟར་ན་རྟོག་པས་རང་མཚན་དངོས་ཡུལ་དུ་བྱེད་པར་འགྱུར་རོ། །གཉིས་པ་ལྟར་ན་དེ་དེ་ལ་ཤུགས་རྟོགས་སུ་འཇོག་པའི་དངོས་རྟོགས་དེ་གང་ཡིན་རྟགས་ན་འཇིག་པར་འགྱུར་ཞིང༌། དེ་དེ་སྒྲུབ་ཀྱི་ཤུགས་ཀྱི་བསྒྲུབ་བྱ་དང༌། དེ་དེ་ཞེས་བརྗོད་པའི་སྒྲས་ཤུགས་ཀྱི་བརྗོད་བྱར་འགྱུར་རོ། །འོ་ན་དེ་ཆོས་ཅན། སྒྲ་མི་རྟག་པ་མ་རྟོགས་པར་ཐལ། དེ་རང་མཚན་མ་རྟོགས་པའི་ཕྱིར་ཞེ་ན། དེའི་གཞན་སེལ་རྟོགས་པ་ལ་དེ་རྟོགས་པར་བཞག་པ་ཡིན་ཏེ། རྟོགས་ངོར་དེ་མིན་རྣམ་པར་བསལ་ཙམ་ལ་དེའི་ཐ་སྙད་བྱེད་པའི་ཕྱིར། རང་མཚན་ལ་ནི་མི་མཚུངས་ཏེ། རང་མཚན་གྱི་གཞན་སེལ་ལ་རང་མཚན་གྱི་བརྡ་མི་འདོགས་པའི་ཕྱིར་རོ། །དེ་ལྟ་ན་རྗེས་དཔག་གི་རང་མཚན་འཇུག་ཡུལ་དུ་བྱེད་ཀྱང་རང་མཚན་རྟོགས་པར་མ་བཞག་གོ །དེས་དེ་རྟོགས་ན་ཁྱེད་ལ་ཁས་བླངས་ནང་འགལ་བ་འབྱུང་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་དྲངས་ནས་སྐྱེས་པའི་སྒྲ་མི་རྟག་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། སྒྲ་མི་རྟག་པ་རང་མཚན་མ་རྟོགས་པར་ཐལ། དེ་རྟོགས་ཟིན་རྟོགས་པའི་ཕྱིར། ཡང་བདག་མེད་རྟོགས་པའི་རྗེས་དཔག་ཚད་མས་དྲངས་ནས་སྐྱེས་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། བདག་མེད་མངོན་སུམ་དུ་མ་རྟོགས་པར་ཐལ། དེ་རྟོགས་ཟིན་པའི་ཕྱིར། དེས་ན་འདི་ལྟར་ཡིན་ཏེ། དོན་རང་མཚན་གཅིག་འཛིན་པའི་རྟོག་མེད་ཀྱི་མངོན་སུམ་དེའི་དེ་མ་ཐག་འབྲས་སུ་གྱུར་པའི་རྟོག་མེད་ཀྱི་ཤེས་པས་དེ་ཉིད་འཛིན་པ་མི་སྲིད་ལ། དེའི་དེ་མ་ཐག་འབྲས་སུ་གྱུར་པའི་རྟོག་པས་དེའི་གཞན་སེལ་སྔར་མ་རྟོགས་གསར་དུ་རྟོགས་པ་སྲིད་ཀྱང་མ་རྟོགས་པའི་བློ་ཁོ་ནའོ། །ཡང་ཆོས་དེ་དང་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྟོག་པ་ཚད་མ་དེའི་དེ་མ་ཐག་འབྲས་སུ་གྱུར་པའི་དེ་དང་དེ་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མ་རྣམས་ནི། དོན་རང་མཚན་སྔར་མ་རྟོགས་གསར་དུ་རྟོགས་པ་ཡིན་པའི་ཕྱིར། མ་རྟོགས་པའི་བློ་མིན་གྱི་ཚད་མ་ཁོ་ན་ཡིན་ནོ། །ཡང་ཤེས་པ་སྔ་མ་དང་ཕྱི་མ་གཉིས་ཀས་དེ་དང་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ལ་ནི། ཤེས་པ་ཕྱི་མ་དེ་ཚད་མར་ཁས་ལེན་དགོས་པར་སྲིད་པ་ཙམ་ཡིན་པས་དེ་ལྟར་ན་མུ་བཞི་ཡིན་ནོ། །དེ་ལྟར་གོང་དུ་བཤད་པ་དེ་དག་ལས་རྣལ་འབྱོར་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་བཤད་པ་དེ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའ་ཁས་ལེན་པ་དེའི་ཚེ། དེ་ལྟར་དུ་ངེས་པར་འདོད་དགོས་པ་ཡིན་ཏེ། གཞན་དུ་ན་སྒོམ་པའི་ལམ་མཐའ་དག་བདག་མེད་སྔར་མ་མཐོང་གསར་མཐོང་དུ་ཐལ་བའི་ཕྱིར་རོ། །དངོས་པོར་སྨྲ་བའི་གྲུབ་པའི་མཐའ་སོར་བཞག་པ་དེའི་ཚེ་ནི་དེ་གཉིས་ཀྱི་གཞི་མཐུན་ཁས་མི་ལེན་ཏེ། དེའི་ཚེ་མངོན་སུམ་ཡིན་ན་གཞལ་བྱ་རང་མཚན་ཁོ་ན་ལ་མངོན་སུམ་དུ་འགྲོ་དགོས་པའི་ཕྱིར་ལུགས་འདི་ལ་བསྒོམ་པའི་ལམ་རྣམས་དོན་དམ་པའི་བདེན་པ་སྔར་མ་རྟོགས་གསར་རྟོགས་ཁོ་ན་དང༌། མེད་དགག་ཏུ་གྱུར་པའི་བདག་མེད་ནི་རྟོགས་ཟིན་རྟོགས་པ་ཡིན་ཀྱང༌། དེ་ལ་མངོན་སུམ་དང་བཅད་ཤེས་གང་དུ་ཡང་ཁས་མི་ལེན་ཏེ། དེས་དེ་ཡུལ་དུ་མི་བྱེད་པའི་ཕྱིར། གལ་ཏེ་བྱེད་ན་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་མོད་ཀྱི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཅི་ཡང་མ་མཐོང་བ་ལ་བདག་མེད་མཐོང་བར་མིང་བཏགས་པ་དེའི་ཚེ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོ་ནར་ཁས་ལེན་པ་ཡིན་གྱི། གཞན་རིག་པའི་མངོན་སུམ་དུ་ཁས་ལེན་པ་ལུགས་འདི་ལ་མེད་དོ། །རྗེས་སུ་དཔག་པའི་ཚད་མ་ཡང་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་ཁོ་ནར་ཁས་བླངས་ན་འཇུག་ཡུལ་ལ་ངེས་པ་འདྲེན་མི་ནུས་པར་ཐལ་བའི་སྐྱོན་ཡོད་པས། བྱ་བ་རྫོགས་པའི་སྐད་ཅིག་མར་ཁས་བླངས་དགོས་པས། དེའི་ཚེ་སྐད་ཅིག་ཕྱི་མ་རྣམས་སྤྱི་མཚན་རྟོགས་ཟིན་རྟོགས་པའི་བློ་ཡིན་ཀྱང་མ་རྟོགས་པའི་བློར་མ་བཞག་སྟེ། འཇུག་ཡུལ་རང་མཚན་ལ་མི་སླུ་བའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་ངེས་པའི་དོན་མདོར་བསྡུས་ཏེ་བཤད་པ་ཡིན་ནོ། །གསུམ་པ་བློ་དཔྱོད་པ་ཞེས་བྱ་བ་འདི་ལ། འདི་ལྟར་ཤེས་པར་བྱ་སྟེ། སྤྱིར་དཔྱོད་པ་ལ་རྟོག་པ་དང་རྟོག་མེད་གཉིས་ཀ་སྲིད་པར་མངོན་པ་ལས་གསུངས་ལ། བྱེ་བྲག་ཏུ་ཡིད་རྟོགས་ཡིན་པར་གྱུར་པའི་དཔྱོད་པ་ལ་ཡིད་དཔྱོད་ཅེས་སློབ་དཔོན་ཆོས་མཆོག་དང༌། བྲམ་ཟེ་བདེ་བྱེད་དགའ་བ་སོགས་ལ་ཡོངས་སུ་གྲགས་སོ། །འདི་ལ་ཚད་མིན་གྱི་ནང་ནས། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ཀ་སྲིད་ལ། ཚད་མ་ལས་ནི་རྗེས་སུ་དཔག་པ་ཡིན་པ་ཅིག་སྲིད་དོ། །གལ་ཏེ་ཡིད་དཔྱོད་ཡིན་ན་དེ་དང་དེར་འགལ་ལོ་ཞེ་ན། འོ་ན་འདོད་པ་ཁམས་པའི་ཐེ་ཚོམ་དང་ལོག་ལྟ་དང་མ་རིག་པ་དང་མཚུངས་པར་ལྡན་པའི་དཔྱོད་པ་ཆོས་ཅན། ཚད་མ་མིན་པའི་བློ་གསུམ་པོ་གང་རུང་དུ་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར་ཏེ། ཡིད་རྟོག་དང་མཚུངས་པར་ལྡན་པའི་དཔྱོད་པ་ཡིན་པའི་ཕྱིར། ཡང་རྗེས་དཔག་དང་མཚུངས་པར་ལྡན་པའི་དཔྱོད་པ་ཆོས་ཅན། རྗེས་དཔག་མིན་པར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བློ་དེ་གསུམ་གྱི་རྣམ་པར་བཞག་པ་ལ། བོད་སྔ་མའི་འདོད་ཚུལ་མི་འཐད་པར་བཤད་ནས། རང་གི་ལུགས་ལ་འདི་ལྟ་སྟེ། དོན་རང་མཚན་གསལ་བར་སྣང་བའི་རྟོག་མེད་ཀྱི་ཤེས་པ་དེ་སྣང་ལ་མ་ངེས་པའི་མཚན་ཉིད། དེ་ལ་ཚད་མ་དང་ཚད་མ་མིན་པ་གཉིས་སྲིད་དོ། །རང་གི་ཉེར་ལེན་ཚད་མ་སྔ་མས་འཇུག་ཡུལ་བཅད་ཟིན་མ་བརྗེད་པའི་དོན་དེ་ཉིད་འཛིན་པའི་རིགས་པ་དེ། འཇུག་ཡུལ་བཅད་པའི་ཡུལ་ཅན་གྱི་ཤེས་པའི་མཚན་ཉིད། འདི་གཞལ་བྱ་ཙམ་ལ་ལྟོས་ནས་འཇོག་པའི་ཚེ་མ་རྟོགས་པའི་བློ་དང༌། རྣལ་འབྱོར་མངོན་སུམ་དང༌། རྗེས་དཔག་གསུམ་སྲིད་དོ། །འདི་འཇུག་ཡུལ་ལ་ལྟོས་ནས་འཇོག་པའི་ཚེ་ནི་མ་རྟོགས་པའི་བློ་གཅིག་པུར་འདུའོ། །ཡིད་རྟོག་དང་མཚུངས་པར་ལྡན་པའི་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་གང་ཞིག སེམས་ཞིབ་པའི་རྣམ་པ་ཅན་དེ་ཡིད་དཔྱོད་ཀྱི་མཚན་ཉིད། འདི་ལ་ཚད་མིན་གྱི་བློ་གསུམ་དང་རྗེས་དཔག་སྟེ་བཞི་སྲིད་དོ། །ཇི་སྐད་སྨྲས་པ་དེ་དག་ནི་འཇམ་དབྱངས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་རིགས་པའི་དབང་ཕྱུག་ཕྱྭ་པའི་བཞེད་པ་ལ་དགག་པ་མཛད་པའི་ཚུལ་ལ་དཔགས་ནས་རྣམ་པར་བཞག་པ་ཡིན་ནོ། །ཡང་སློབ་དཔོན་ཆོས་མཆོག་ནི་ཚད་མིན་གྱི་བློ་ལྔ་པོ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དུ་འདུ་ལ། དེའི་ཚུལ་ཡང་ཐེ་ཚོམ་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་འཛིན་པ་ཡིན་པས་ལོག་ཤེས་སུ་འདུ། ཡིད་དཔྱོད་གསུམ་ཀ་ཡང་ཐེ་ཚོམ་དུ་འདུས་པས་ལོག་པའི་ཤེས་པ་ཡིན་ནོ། །ལོག་ཤེས་ཀྱང་མ་རྟོགས་པར་འདུས་ཤིང༌། སྣང་ལ་མ་ངེས་པ་དང་བཅད་པའི་ཡུལ་ཅན་གཉིས་ཀྱང་སྔར་མ་རྟོགས་གསར་དུ་རྟོགས་པ་མེད་པའི་ཕྱིར། མ་རྟོགས་པའི་བློ་ཁོ་ནར་འདུའོ་ཞེས་གསུང་ངོ༌། །རྔོག་ལོ་ཆེན་པོ་ནི། སྣང་ལ་མ་ངེས་པ་དང་བཅད་པའི་ཡུལ་ཅན་གཉིས་མ་རྟོགས་པའི་བློར་འདུ། ལོག་ཤེས་དང་ཡིད་དཔྱོད་གཉིས་ལོག་པར་རྟོག་པ་ཡིན། ཐ་མ་ཐེ་ཚོམ་ཁོ་ན་ཡིན་ཞེས་གསུང་ངོ༌། །དེ་དག་གིས་ནི་གཞན་ལུགས་འགོག་ཚུལ་ལ་འཕྲོས་ནས་ཉེ་བར་མཁོ་བའི་དོན་ཅུང་ཟད་ཙམ་བཤད་པ་ཡིན་ནོ། །གཉིས་པ་རང་གི་ལུགས་བཞག་པ་ལ་མཚན་ཉིད། དབྱེ་བསྡུ། དེའི་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ལ། ཁ་ཅིག་ན་རེ། རང་གི་འཇུག་ཡུལ་ལ་མི་བསླུ་བར་མ་གྲུབ་པའི་རིག་པ་དེ་ཚད་མིན་གྱི་བློའི་མཚན་ཉིད་དུ་འཇོག་པ་དང་མི་བསླུ་བའི་དོན་གསར་རྟོགས་ལ་བྱེད་པ་རིགས་པའི་གཏེར་གྱི་ལུགས་སོ་ཞེས་ཟེར་བ་ནི་མིན་ཏེ། འོ་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཆོས་ཅན། དེར་ཐལ། ཚད་མིན་གྱི་བློ་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། འཇུག་ཡུལ་ནོར་བུ་རང་མཚན་ལ་མི་བསླུ་བ་ཡིན་པར། རྟགས་པ་དོན་ལ་འཇུག་པ་དང༌། མི་འཇུག་པ་སྟེ་རྣམ་པ་གཉིས། ཞེས་པའི་འགྲེལ་པར་གསུངས་པའི་ཕྱིར། །གཞན་ཡང༌། མེ་ཆུའི་ཁ་དོག་འཛིན་པའི་མིག་ཤེས་ཚད་མ་ཆོས་ཅན། མེ་དང་ཆུ་ལ་བསླུ་བར་ཐལ། །དེ་དང་དེ་མ་རྟོག་པའི་ཕྱིར། །དེ་ལ་འདོད་ན། དེས་མེ་རང་མཚན་དང༌། ཅིག་ཤོས་ཀྱི་ཆུ་རང་མཚན་འཇུག་ཡུལ་དུ་མི་ཐོབ་པར་ཐལ་ལོ། །དེ་ལ་ཁ་ཅིག་ན་རེ། དེ་དེའི་མཚན་ཉིད་ཡིན་ཏེ། མི་བསླུ་བའི་རིག་པ་དེ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། མི་བསླུ་མ་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཞེས་གསུངས་པས་སོ། །ཞེས་ཟེར་བ་དེ་ནི་མིན་ཏེ། སློབ་དཔོན་ལྷ་དབང་བློའི་བཞེད་པ་བཀག་པ་དེ་ཉིད་སླར་འོངས་པ་ཡིན་པའི་ཕྱིར་དང༌། གཞན་ཡང་འདི་ལྟར། བུམ་པའི་སྤྱི་འཛིན་རྟོག་བློ་ཆོས་ཅན། དེར་ཐལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཇི་སྐད་དུ། དོན་ལ་མི་བསླུ་ཡོད་པར་འདོད། །ཅེས་གསུངས་པའི་ཕྱིར། ཡང་རྟགས་འཛིན་སེམས་སུ་གྱུར་པའི་ཚད་མིན་གྱི་བློ་ཆོས་ཅན། དེར་ཐལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཇི་སྐད་དུ། དེ་ལྟར་རྟགས་དང་རྟགས་ཅན་བློ། །རྒྱུད་པ་ཡི་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་བསླུ་བྱེད་ཉིད་མ་ཡིན། །ཞེས་གསུང་ངོ༌། །རང་གི་ལུགས་ནི་མི་བསླུ་བ་དང་གཞལ་བྱ་གསར་རྟོགས་ཀྱི་ཚོགས་དོན་མིན་པའི་རིག་པ་དེ་ཚད་མིན་གྱི་བློའི་མཚན་ཉིད་དོ། །འདིར་མི་བསླུ་བ། མིན་པའི་རིག་པ་ཙམ་གྱིས་མི་ཆོག་པར་ནི་བཤད་ཟིན་ལ། གཞལ་བྱ་གསར་རྟོགས་མིན་པའི་རིག་པ་ཙམ་གྱིས་ཀྱང་ཆོག་པ་མིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་མི་རྟག་པ་རང་མཚན་ལ་ཚད་མ་ཡིན་པར་ཐལ་བའི་ཕྱིར་དང༌། མངོན་སུམ་གྱིས་དྲངས་པའི་རྟོག་པ་འགའ་ཞིག་ལ་གཞལ་བྱ་སྔར་མ་རྟོགས་གསར་རྟོགས་ཡོད་པའི་ཕྱིར། དེ་ཙམ་གྱི་ཚད་མར་འགྱུར་རམ་སྙམ་པ་ལ། དེ་བཅད་པའི་ཕྱིར་དུ། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་ཞིག་དགོས་པར་གསུངས་སོ། །གཉིས་པ་དབྱེ་བསྡུ་ལ། སྤྱིར་བློ་ཡུལ་ལ་འཇུག་པའི་ཚུལ་ལ་བཞི་སྟེ། ཡུལ་དེ་ལ་ཡིན་མིན་གྱི་མཐའ་གང་དུ་ཡང་འཛིན་མི་ཤེས་པར་རྨོངས་པ་གཅིག་དང༌། ཡིན་ལུགས་དང་མཐུན་པར་འཛིན་པ་གཅིག་དང༌། མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་པ་གཅིག་དང༌། གཉིས་ཀར་འཛིན་པ་གཅིག་སྟེ་བཞིར་གྲངས་ངེས་པའི་ཕྱིར། བློ་ཐམས་ཅད་ཚད་མིན་གསུམ་དང་ཚད་མ་གཅིག་སྟེ་བཞིར་ངེས་སོ། །བསྡུ་ན། ཚད་མིན་གྱི་བློ་གསུམ་ཀ་ཁ་ཕྱིར་བལྟ་ལ་མ་རྟོགས་པ་གཅིག་པུར་འདུ་བ་ཡིན་ཏེ། ཐེ་ཚོམ་དང་ལོག་ཤེས་གཉིས་ཀྱིས་ཀྱང་རང་གི་ཕྱིར་ལྟ་ལ་ཡུལ་མ་རྟོགས་པའི་ཕྱིར་རོ། །འོ་ན་རང་གི་ཡུལ་རྟོགས་པའི་བློ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་མི་བསླུ་བ་དང་གཞལ་བྱ་གསར་རྟོགས་གཉིས་ལ་རྣམ་བཅད་སོ་སོ་བ་མེད་པར་འགྱུར་རོ་ཞེ་ན་ཉེས་པ་མེད་དེ། རྟོགས་ཟིན་རྟོགས་ན་མ་རྟོགས་པས་མ་རྟོགས་པའི་བློའི་འཇོག་མཚམས་གཞལ་བྱ་མ་རྟོགས་པ་རྐྱང་པ་ལ་བཞག་ན་ཉེས་པ་དེར་འགྱུར་ཡང༌། དེ་ཙམ་གྱིས་དེར་འཇོག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རེས་འགའ་ནི་གཞལ་བྱ་གསར་དུ་རྟོགས་ཀྱང་འཇུག་ཡུལ་མི་བསླུ་བ་མེད་ན་མ་རྟོགས་པའི་བློར་བཞག་དགོས་ཏེ། གོམས་པ་ཅན་གྱི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་སྐད་ཅིག་དང་པོ་བཞིན་ནོ། །ལ་ལར་ནི་མི་བསླུ་བ་ཡོད་ཀྱང་གཞལ་བྱ་གསར་རྟོགས་མེད་པས་དེར་བཞག་དགོས་ཏེ། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །ཁ་ཅིག་ཏུ་ནི་གཉིས་ཀ་མ་ཚང་བས་མ་རྟོགས་པའི་བློར་བཞག་སྟེ། སྒྲ་རྟག་འཛིན་གྱི་རྟོག་པ་བཞིན་ནོ། །འོ་ན་འཇུག་ཡུལ་མ་རྟོགས་པའི་བློར་བཞག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཇུག་ཡུལ་གསར་དུ་ཐོབ་པའི་ནུས་པ་མེད་པའི་བློ་ཡིན་ན་མ་རྟོགས་པའི་བློ་ཡིན་པས་ཁྱབ་པའི་ཕྱིར། མདོར་ན་གཞལ་བྱ་གསར་དུ་མ་རྟོགས་པའི་བློ་དང་འཇུག་ཡུལ་ལ་མི་བསླུ་བ་མ་ཡིན་པ་གང་རུང་དུ་གྱུར་པའི་རིག་པ་དེ་མ་རྟོགས་པའི་བློའི་མཚན་ཉིད་ཡིན་ནོ། །གསུམ་པ་དེའི་དོན་གཏན་ལ་དབབ་པ་ལ། དེ་དང་དེ་མིན་དུ་འཛིན་པའི་ནུས་པས་སྟོང་པའི་རིག་པ་དེ་མ་རྟོགས་པའི་བློའི་མཚན་ཉིད། དབྱེ་ན་གཏན་མ་ཞུགས་ནས་མ་རྟོགས་པ་དང༌། ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་ནས་མ་རྟོགས་པ་དང༌། ཚོལ་བའི་བྱ་བ་རྫོགས་ཀྱང་མ་རྙེད་ནས་མ་རྟོགས་པ་དང་གསུམ་མོ། །དེ་ལའང་རྟོགས་བྱའི་ཡུལ་མེད་ནས་མ་རྟོགས་པ་དོན་རང་མཚན་འཛིན་པའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་བཅད་ཤེས་ལྟ་བུ་དང༌། རྟོགས་བྱེད་ཀྱི་བློ་སླད་ནས་མ་རྟོགས་པ་བུམ་འཛིན་རྟོགས་པས་བུམ་པའི་སྐད་ཅིག་ལྟ་བུ་དང༌། ཤེས་བྱེད་ཀྱི་ཡུལ་མིན་ནས་མ་རྟོགས་པ་གཟུགས་འཛིན་མིག་ཤེས་ཀྱི་རང་ལ་བསྐལ་པའི་གཟུགས་ལྟ་བུའོ། །དེར་འཛིན་པ་ལ་དེ་མིན་གྱིས་གནོད་པའི་རིག་པ་དེ་ལོག་ཤེས་ཀྱི་མཚན་ཉིད། དབྱེ་ན་རྟོག་པ་ལོག་ཤེས་དང༌། རྟོག་མེད་ལོག་ཤེས་སོ། །དང་པོ་ལ། ཐག་པ་ལ་སྦྲུལ་འཛིན་ལྟ་བུ་རྣམ་པ་ལ་ལོག་པར་རྟོག་པ་དང༌། འདས་པའི་སྔོན་པོ་ལ་ད་ལྟར་གྱི་སྔོན་པོའོ་ སྙམ་དུ་རྟོག་པ་དུས་ལ་ལོག་པར་རྟོག་པ་དང༌། ཤ་པ་འདི་ཡང་ཙནྡན་དང་སྤྱི་གཅིག་པ་ཡིན་ནོ་སྙམ་དུ་འཛིན་པ་ཡུལ་ལ་ལོག་པར་རྟོག་པ་སྟེ་གསུམ་མོ། །དེར་འཛིན་ན་ཡང་དེ་མིན་དུ་འཛིན་སྲིད་པའི་རིག་པ་དེ་ཐེ་ཚོམ་གྱི་མཚན་ཉིད། དེ་ལ་དེ་ཚོམ་མངོན་གྱུར་དང་བག་ལ་ཉལ་གཉིས། དང་པོ་ལ་ཆ་མཉམ་པ་དང༌། ཤས་ཆེར་འཛིན་པའོ། །དེ་རེ་རེ་ལའང་རྟགས་སུ་བཀོད་པ་ལ་མ་ལྟོས་པ་དང༌། མ་གྲུབ་པའི་རྟགས་ལ་བརྟེན་པ་དང༌། མ་ངེས་པའི་རྟགས་ལ་བརྟེན་པ་དང༌། འགལ་བའི་རྟགས་ལ་བརྟེན་པའི་དབྱེ་བས་གསུམ་མོ། །དེ་དག་ལ་རྣམ་པར་རྟོག་པས་སྤྲོས་ན་འདི་ལྟར་འགྱུར་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་མཐའ་གཅིག་ཏུ་མ་རྟོགས་པའི་བློ་ཁོ་ན་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། འདིར་མ་རྟོགས་པ་དང༌། མ་རིག་པ་དང༌། མི་ཤེས་པ་གསུམ་མིང་གི་རྣམ་གྲངས་ཡིན་ཀྱང༌། མ་རིག་པ་ལ་ཚད་མིན་གྱི་བློས་མ་ཁྱབ་སྟེ། ཉོན་ཡིད་འཁོར་དུ་བྱུང་བའི་མ་རིག་པ་ལྟ་བུ་ལོག་ཤེས་ཀྱང་ཡོད། གཟུགས་འཛིན་མིག་གི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་མ་རིག་པ་ལྟ་བུ། ཚད་མ་ཡིན་པ་ཡང་ཡོད། ཐེ་ཚོམ་དང་མཚུངས་ལྡན་དུ་བྱུང་བ་ཡང་སྲིད་པའི་ཕྱིར། དེས་ན་འདི་ལྟར་ཡིན་ཏེ། ཡུལ་གང་ལ་ལྟོས་ཏེ་མ་རིག་པ་དང༌། མ་རྟོགས་པ་དང༌། མ་ཤེས་པར་སོང་བའི་ཡུལ་དེ་ལ་ལྟོས་ནས་ཚད་མིན་གྱི་བློ་ཡིན་པས་ཁྱབ་ལ། སྤྱིར་དེ་དང་དེ་ཡིན་ན་ཚད་མིན་གྱི་བློ་ཡིན་པས་མ་ཁྱབ་སྟེ། ཚད་མ་དང་མཚུངས་པར་ལྡན་པའི་མ་རིག་པ་བཞིན་ནོ། །ཡང་ལོག་ཤེས་དང་ལོག་རྟོག་དོན་གཅིག་མིང་གི་རྣམ་གྲངས་སུ་འཆད་པ་ནི་མི་འཐད་དེ། ལོག་པ་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་རྟོགས་པ་ཞེས་པའི་ཐ་སྙད་མི་འབྱུང་ལ། ལོག་པར་རྟོག་པ་ནི་ཡིད་རྟོག་ཁོ་ན་ཡིན་པས་རྟོག་མེད་ལོག་ཤེས་ལ་དེའི་སྒྲ་མི་འཇུག་པའི་ཕྱིར། དེས་ན་མ་རྟོགས་ལོག་རྟོག་ཐེ་ཚོམ་ཏེ་ཞེས་གསུངས་པ་ནི་གཙོ་ཆེ་བའི་དབང་དུ་བྱས་ནས་གསུངས་ཀྱི། རྟོག་མེད་ལོག་ཤེས་དེར་མ་གཏོགས་སོ། །ཡང་ཐེ་ཚོམ་ནི་ཡིད་ཀྱི་རྟོག་པ་ཁོ་ན་ཡིན་པས་དེ་དང་རྟོག་མེད་ལོག་ཤེས་འགལ་ཀྱང༌། དེ་དང་རྟོག་པ་ལོག་ཤེས་ནི་མི་འགལ་བ་ཡིན་ཏེ། སྒྲ་རྟག་འཛིན་གྱི་རྟོག་པ་དེ་ཐེ་ཚོམ་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། རྟགས་ཡང་དག་ལ་མ་བརྟེན་པར་ལྐོག་གྱུར་གྱི་དོན་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཚད་མ་མིན་པའི་འཆད་ཚུལ་མ་ཤེས་ན། །ཚད་མའི་རྣམ་བཞག་ཇི་བཞིན་མི་ཤེས་པས། །ཚད་གྲུབ་ལུང་དང་རིགས་པའི་ཕྲེང་བ་ཡིས། །ཚད་ལྡན་མཁས་པའི་གཞུང་ལུགས་གསལ་བར་བྱས། །ཞེས་སྨྲས་པ་ཡིན་ནོ། །རྫས་དང་ལྡོག་པའི་རྣམ་གཞག་ལེགས་མཁྱེན་ནས། །སྤྱི་དང་བྱེ་བྲག་འཆད་ལ་ཐོགས་མེད་ཅིང༌། །སྣང་སེལ་ཚུལ་ལུགས་གསལ་བར་སྟོན་མཛད་པའི། །འཇམ་དབྱངས་གསུང་གི་ཉི་མས་བདག་སྐྱོང་ཤིག །གཉིས་པ་བློ་དེས་ཡུལ་ཇི་ལྟར་རྟོགས་པའི་ཚུལ་ལ་བཞི་ལས། དང་པོ་སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ལ་གསུམ་སྟེ། ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན། རྫས་ལྡོག་དོན་ལ་གྲུབ་པ་དགག སྤྱི་དང་བྱེ་བྲག་ཁྱད་པར་དུ་གཏན་ལ་དབབ་པའོ། །དང་པོ་ལ། ཡུལ་དང་ཡུལ་ཅན་ནོ། །ཡུལ་ནི། རྫས་དང་ལྡོག་པ་ཞེས་བྱ་བ་དང༌། སྤྱི་དང་བྱེ་བྲག་ཅེས་བྱ་བ་དང༌། སྒྲུབ་པ་དང་གཞན་སེལ་ཞེས་བྱ་བ་རྣམས་སོ། །ཡུལ་ཅན་ནི་རྟོག་པ་དང༌། རྟོག་མེད་ཀྱི་ཤེས་པའོ། །དེས་དེ་ཡུལ་དུ་བྱེད་པའི་ཚུལ་ནི། སྣང་བ་དང་སེལ་བའི་འཛིན་སྟངས་ཀྱི་སྒོ་ནས་སོ། །དེ་དག་ལ་མིང་གི་རྣམ་གྲངས་ནི། རྫས་དང༌། ལོག་པ་དང༌། དོན་དམ་པ་དང༌། གསལ་བ། དངོས་པོ་དང༌། ཆོས་ཅན་ཞེས་བྱ་བ་རྣམས་སོ། །འདི་དག་ལའང་གཉིས་གཉིས་ཏེ། དོན་ལ་གནས་པའི་རྫས་སོགས་དང༌། སེལ་ངོའི་རྫས་ལ་སོགས་པའོ། །དང་པོ་ནི། དོན་ལ་གནས་པའི་སྒྲ་རང་མཚན་པ་ལྟ་བུའོ། །གཉིས་པ་ནི། རྟོག་པ་ལ་སྣང་བའི་སྒྲ་ལ་སོགས་པའོ། །འདི་ནི་གཞན་སེལ་ཁོ་ན་ཡིན་གྱི། རྫས་ལ་སོགས་པ་མཚན་ཉིད་པ་མིན་ཀྱང་རྟོག་པ་ལ་སྣང་བའི་སྒྲ་སོགས་ལ། དོན་རང་མཚན་གྱི་སྒྲ་སོགས་སུ་ཞེན་ནས་ཞུགས་པས། མཐར་དེ་རང་མཚན་ལ་མི་བསླུ་བའི་ཕྱིར། རྫས་ལ་སོགས་པའི་ཐ་སྙད་བྱས་པ་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ལྟར། སྒྲ་མི་རྟོག་ཞེས་དང༌། བུམ་པ་ཡོད་དོ་ཞེས་རྣམ་པར་བཞག་པ་དེའི་ཚེ། སྒྲ་དང་བུམ་པ་ནི་རྫས་དང༌། ལོག་པ་དང༌། ཆོས་ཅན་ལ་སོགས་པའོ། །དེ་ལའང་གཉིས་ཏེ། སོང་ཚོད་ཀྱི་རྫས་ལ་སོགས་པ་དང༌། རློམ་ཚོད་ཀྱི་རྫས་ལ་སོགས་པའོ། །དང་པོ་ནི། སེལ་ངོའི་སྒྲ་དང་བུམ་པ་ཞེས་སྒྲོ་བཏགས་པ་དེའོ། །གཉིས་པ་ནི་དོན་ལ་གནས་པའི་སྒྲ་དང་བུམ་པ་དེའོ། །ཡང་དེའི་ཚེ་ཡོད་པ་དང་མི་རྟག་པ་ལྟ་བུ་དེ། བུམ་པ་དང་སྒྲ་ལ་ལྟོས་པའི་ལྡོག་པ་དང་གཞན་སེལ་དང༌། སྤྱི་དང༌། ཆོས་དང༌། ཀུན་རྫོབ་ཅེས་བྱ་བ་ལ་སོགས་པ་ཡིན་ལ། དེ་དག་ལ་མིང་གི་རྣམ་གྲངས་ཀྱང་ལྔ་པོ་དེའི་སྟེང་དུ། རྣམ་གཅོད་དང༌། འདྲེས་པ་དང༌། འབྲེལ་བ་དང༌། རིགས་ལ་སོགས་པའི་མིང་གིས་བཏགས་སོ། །དེ་ཡང་སྤྱི་དང་གཞལ་སེལ་ལ་སོགས་པའི་མིང་ཅན་དེ་དག་ནི་མཐའ་གཅིག་ཏུ་དོན་ལ་མི་གནས་པ་དངོས་པོར་མ་གྲུབ་པ། དབང་པོའི་ཡུལ་མིན་པ་བློས་སྒྲོ་བཏགས་པ། བཏགས་པའི་ཆོས། དོན་དམ་པར་དོན་བྱེད་མི་ནུས་པ་ཁོ་ན་ཡིན་ཏེ། རང་གི་ཡུལ་ཅན་གྱི་རྟོག་པས་གཞན་སེལ་བའི་སྒོ་ནས་ལྐོག་ཏུ་གྱུར་པ་དང༌། དབང་པོའི་སྤྱོད་ཡུལ་ལས་འདས་པའི་ཚུལ་གྱི་ཡུལ་དུ་བྱེད་པ་ཡིན་གྱི། སྣང་བའི་སྒོ་ནས་རང་དབང་བའི་ཚུལ་གྱི་ཡུལ་དུ་བྱེད་པ་མིན་པའི་ཕྱིར། གཅིག་ཤོས་དོན་ལ་གནས་པའི་རྫས་ལ་སོགས་པའི་མིང་ཅན་བཤད་མ་ཐག་པ་དེ་དག་ནི། དོན་ལ་གནས་པ། དངོས་པོར་གྲུབ་པ་དབང་པོའི་སྤྱོད་ཡུལ་ཡིན་ལ། རྫས་ཕན་ཚུན་མ་འདྲེས་པ། རྒྱུ་དང་འབྲས་བུར་གྲུབ་པ། བླང་དོར་བྱ་བའི་ཡུལ་དུ་གྱུར་པར་དོན་གཅིག་པ་ཡིན་ཏེ། རང་འཛིན་རྟོག་མེད་ཀྱི་ཤེས་པས་སྣང་བའི་སྒོ་ནས་ཡུལ་དུ་བྱེད་པ་ཡིན་པའི་ཕྱིར། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply