འོ་ན་རྫས་ལ་སོགས་པ་ལ་སྣང་ངོ་དང་སེལ་ངོ་གཉིས་ཡོད་པ་བཞིན་དུ། ལྡོག་པ་སོགས་ལའང་སྣང་སེལ་གཉིས་སུ་དབྱེ་བ་བྱར་ཡོད་དམ་ཞེན་ཡོད་པ་མ་ཡིན་ཏེ། ཆོས་ཅན་གང་ལ་བལྟོས་ནས་སྤྱི་དང་ལྡོག་པ་ལོགས་པར་བཞག་པ་དེའི་ཚེ། ཆོས་ཅན་དེ་ལ་བལྟོས་པའི་བློ་ཆོས་ཁོ་ན་ཡིན་གྱི། དོན་ཆོས་སུ་འགལ་བའི་ཕྱིར། དེ་ཡང་འདི་ལྟར་ཡིན་ཏེ། སྒྲ་མི་རྟག་པའོ་ཞེས་དམ་བཅས་པ་དེའི་ཚེ། ཆོས་ཅན་སྒྲ་ལ་གཉིས་སུ་ཕྱེ་བ་ལྟར། ཆོས་མི་རྟག་པ་ལ་ཡང་གཉིས་ཏེ། དོན་ལ་གནས་པའི་དང༌། སེལ་ངོའི་མི་རྟག་པའོ། །དང་པོ་ནི། ཆོས་ཅན་སྒྲ་ལ་བལྟོས་པའི་སྤྱི་དང་ལྡོག་པ་སོགས་སུ་སོང་བ་མི་སྲིད་དེ། དེའི་རྫས་ཁོ་ན་ཡིན་པའི་ཕྱིར། གཉིས་པ་སེལ་ངོའི་མི་རྟག་པ་དེ་ཆོས་ཅན། རང་གི་རྟེན་སྒྲ་ལ་བལྟོས་པའི་ལྡོག་པ་ཡིན་ཏེ། རང་གི་རྟེན་སྒྲའི་སྟེང་དུ་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པས། རྟག་པ་རྣམ་པར་བསལ་ཙམ་གྱི་བློ་ཆོས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། དེ་ལ་ལྟོས་པའི་གཞན་སེལ་ཡིན་ཏེ། དེའི་སྟེང་དུ་དེ་དང་དེས་རིགས་མི་མཐུན་བསལ་ཙམ་གྱི་བློ་ཆོས་ཡིན་པའི་ཕྱིར། དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེ་ལྟར་ན་སྒྲ་མི་རྟག་ཅེས་དང༌། སྒྲ་བྱས་སོ་ཞེས་བརྗོད་པ་དེའི་ཚེ། སེལ་ངོ་ཁོ་ནའི་བྱས་པ་དང་མི་རྟག་པ་དེ་སྣང་ངོ་དང་སེལ་ངོ་གཉིས་ཀའི་ཆོས་ཅན་སྒྲ་ལ་ལྟོས་པའི་སྤྱི་དང༌། གཞན་སེལ་དང་ལྡོག་པ་སོགས་ཡིན་ལ། དེ་དང་དེ་བརྗོད་པའི་སྒྲ་དེ་ཡང་དེ་ལ་ལྟོས་པའི་རིགས་བརྗོད་ཀྱི་སྒྲ་དང༌། ཆོས་བརྗོད་ཀྱི་སྒྲ་ཁོ་ནའོ། །སྣང་ངོ་དང་སེལ་ངོ་གཉིས་ཀའི་ཆོས་ཅན་སྒྲ་དེ་སེལ་ངོའི་བྱས་མི་རྟག་སོགས་ལ་ལྟོས་པའི་ཆོས་ཅན་དང༌། ལོག་པ་དང༌། རྫས་དང་ཁྱད་པར་གྱི་གཞི་ཡིན་ལ། དེ་དག་བརྗོད་པའི་སྒྲ་དེ་དེ་དང་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་དང༌། གསལ་བ་བརྗོད་པའི་སྒྲར་འགྱུར་བ་ཡིན་ནོ། །ཡང་འདི་ལྟར་མི་རྟག་པ་ནི་མི་རྟག་པའོ། །བྱས་པ་ནི་བྱས་སོ། །དུང་སྒྲ་ནི་སྒྲའོ། །གསེར་བུམ་ནི་བུམ་པའོ། །ཞེས་ཐ་སྙད་བྱེད་པ་དེའི་ཚེ་ནི་སྔ་མ་ཁྱད་གཞིར་གཟུང་བ་དེ་རྣམས་ཆོས་ཅན་དང༌། རྫས་དང༌། ལོག་པ་ལ་སོགས་པར་འཇོག་པ་ཡིན་ལ་དེ་ལ་རློམ་ཚོད་དང༌། སོང་ཚོད་གཉིས་ཀ་ཡོད་ཅིང༌། ཕྱི་མ་ཁྱད་ཆོས་སུ་བཟུང་བ་དེ་རྣམས་སྤྱི་དང་གཞན་སེལ་དང༌། ལྡོག་པ་ལ་སོགས་པར་འཇོག་ཅིང༌། དེ་ནི་སོང་ཚོད་ཀྱི་ཆ་ཁོ་ན་ཡིན་གྱི། རློམ་ཚོད་ཀྱི་ཆ་ནི་ཆོས་ཅན་དེའི་རྫས་སུ་འདུས་པའི་ཕྱིར། དེ་ཡང་འདི་ལྟར་སེལ་ངོ་མ་བྱས་པ་རྣམ་པར་བསལ་ཙམ་དེ་ཆོས་ཅན། ཁྱོད་རང་གི་ཁྱད་གཞིར་བཟུང་བའི་བྱས་པ་དེ་ལ་ལྟོས་པའི་སྤྱི་དང༌། གཞན་སེལ་དང༌། ལྡོག་པ་དང་ཁྱོད་ཅེས་བརྗོད་པའི་སྒྲ་དེ་དེ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་ཏེ། ཁྱོད་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ཆོས་ཅན་བྱས་པའི་སྟེང་དུ་རིགས་མི་མཐུན་རྣམ་པར་བསལ་ཙམ་གྱི་བློ་ཆོས་ཡིན་པའི་ཕྱིར། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ལྟ་བས་ན་རྫས་ལྡོག་དང༌། ལོག་ལྡོག་དང་སྤྱི་བྱེ་བྲག་སོགས་ནི་ལྟོས་པ་ཐ་དད་ལ་ལྟོས་ནས་བཞག་པ་ཡིན་གྱི། གཅིག་ཏུ་མ་ངེས་ཏེ། བུམ་པ་མི་རྟག་པའོ་ཞེས་བརྗོད་པ་དེའི་ཚེ། མི་རྟག་པ་དེ་ལྡོག་པ་དང་སྤྱི་དང་གཞན་སེལ་སོགས་ཡིན་ཀྱང་མི་རྟག་པ་ནི་གཞལ་བྱ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ། མི་རྟག་པ་དེ་རྫས་དང༌། ལོག་པ་དང་ཆོས་ཅན་དུ་བཞག་དགོས་པ་བཞིན་ནོ། །འོ་ན་མི་རྟག་པ་ཆོས་ཅན། རྫས་མ་ཡིན་པར་ཐལ། ལྡོག་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རང་གི་ཆོས་ཅན་སྒྲ་ལ་ལྟོས་པའི་ལྡོག་པ་ཡིན་པའི་ཕྱིར། རྫས་ཡིན་པར་ཐལ། རང་གི་སྤྱི་གཞལ་བྱ་ལ་ལྟོས་པའི་རྫས་ཡིན་པའི་ཕྱིར་ཞེ་ན། རྣལ་མའི་ལན་ནི། སེལ་ངོའི་མི་རྟག་པ་དང་བུམ་པ་ལྟ་བུ་ནི་མཐའ་གཅིག་ཏུ་ལྡོག་པ་ཁོ་ན་ཡིན་ཏེ། སེལ་ངོར་ཆོས་ཅན་དུ་བཟུང་ཞིང་ཞེན་པ་དེའི་ཚེ་ན་ཡང༌། རྫས་སུ་ཞེན་པ་ཙམ་ཡིན་གྱི། རྫས་སུ་གནས་པ་ཅུང་ཟད་ཀྱང་མེད་དོ། །དོན་ལ་གནས་པ་དང་སྣང་ངོའི་མི་རྟག་པ་དང་བུམ་པ་ལྟ་བུ་ནི་མཐའ་གཅིག་ཏུ་རྫས་ཁོ་ན་ཡིན་གྱི། ལྡོག་པ་ལ་སོགས་པར་འགྱུར་བ་ཅུང་ཟད་ཀྱང་མེད་དེ། དོན་བྱེད་ནུས་པའི་ཕྱིར། རྩོད་པ་བདེ་བའི་ངོར་ནི་དེ་དང་དེ་རྫས་ཀྱང་མིན་ལྡོག་པ་ཡང་མིན་ཞེས་བརྗོད་ཀྱང་འགལ་བ་མེད་དོ། །ཡང་འདི་ལྟར་ནམ་མཁའ་རྟག་པ་ཡིན་ནོ་ཞེས་དང༌། རི་བོང་གི་རྭ་མེད་དོ་ཞེས་བརྗོད་པ་དེའི་ཚེ། ཆོས་ཅན་དུ་གཟུང་བའི་དེ་དང་དེའི་སོང་ཚོད་ཀྱི་ཆ་གཞན་སེལ་ཁོ་ནར་ཡིན་པར་མ་ཟད། རློམ་ཚོད་ཀྱི་ཆ་རྫས་སུ་རློམ་ཀྱང་ལྡོག་པ་ཁོ་ན་ཡིན་ཏེ། དེ་དང་དེ་ལ་གཞན་སེལ་གྱི་ཆ་མ་རྟོགས་རྫས་སུ་གྱུར་པ་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་སྤྱིར་རྫས་ལྡོག་དང་ལོག་ལྡོག་སོགས་འགལ་ཡང༌། སེལ་ངོའི་རྫས་ལྡོག་ནི་འགལ་བ་མིན་ཏེ། སེལ་ངོའི་རྫས་ནི་ལྡོག་པ་ལས་གཞན་མེད་པའི་ཕྱིར་རོ། །གཉིས་པ་རྫས་ལྡོག་དོན་ལ་གྲུབ་པ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་སུན་ཕྱུང་བའོ། །དང་པོ་ནི། སྤྱིར་སྡེ་བདུན་མཛད་པའི་གཞུང་ན་རྫས་དང་རྫས་ཆོས་ཀྱི་གོ་དོན་སོ་སོར་བཤད་པ་མེད་ཅིང༌། ལྡོག་པ་དང་ལྡོག་ཆོས་ལ་ཡང་མེད་མོད། སློབ་དཔོན་གྲགས་པའི་དབང་ཕྱུག་གཙང་ནག་པ་ལ་སོགས་པ་རྣམས་ཀྱི་སྒྲ་དང་བུམ་པ་ལྟ་བུ་ལ་རྫས་དང་དེའི་སྟེང་དུ་བསྒྲུབ་རྒྱུ་དང་འགོག་རྒྱུའི་ཆོས་རྟག་པ་དང་མི་རྟག་པ་ལྟ་བུ་རྫས་ཆོས་ཞེས་བྱ་ཞིང༌། ཤེས་བྱ་དང་གཞལ་བྱ་ལྟ་བུ་ལ་ལྡོག་པ་ཞེས་བྱ་ཞིང༌། དེའི་སྟེང་དུ་དགག་རྒྱུ་དང་སྒྲུབ་རྒྱུའི་ཆོས་མེད་དགག་ཡིན་པ་དང༌། མིན་པ་ལྟ་བུ་ལ་ལྡོག་ཆོས་ཞེས་བྱ་ལ། དེས་ན། དངོས་འགལ་རྫས་གཅིག་ལ་མི་འདུ་བ་དེ་རྫས་ཆོས་ཀྱི་མཚན་ཉིད། དཔེར་ན་རྟག་མི་རྟག་ལྟ་བུའོ། །དེ་ཉིད་ལྡོག་པ་གཅིག་གི་སྟེང་དུ་འདུ་བ་ལ་འགལ་བ་མེད་དེ། ཤེས་བྱ་ལྟ་བུ་གཅིག་གི་སྟེང་དུ་དེ་གཉིས་ཀ་འདུ་བའི་ཕྱིར། དངོས་འགལ་ལྡོག་པ་གཅིག་ལ་མི་འདུ་བ་དེ་ལྡོག་ཆོས་ཀྱི་མཚན་ཉིད། དཔེར་ན་མེད་དགག་ཡིན་པ་དང་མིན་པ་ལྟ་བུའོ། །དེ་གཉིས་རྫས་གཅིག་ལ་ནི་འདུར་རུང་བ་ཡིན་ཏེ། རྫས་བུམ་པའི་སྟེང་དུ་མེད་དགག་ཡིན་མིན་གཉིས་ཀ་ཚང་བའི་ཕྱིར། ཡང་ལྡོག་པ་དུ་མ་འབྲེལ་མི་ཤེས་པ་དེ་རྫས་ཀྱི་མཚན་ཉིད། དཔེར་ན་ཁྲབ་ལྟ་བུའོ། །འདུས་པ་ཅན་གྱི་ཆོས་ཁ་ཡར་བ་དེ་ལྡོག་པའི་མཚན་ཉིད། དཔེར་ན་ཁྲབ་ཀྱི་བྱང་བུ་ལྟ་བུའོ། །ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། རྫས་ལྡོག་གི་ངོས་འཛིན་མི་འཐད། དེ་ལ་རྟེན་པའི་ཆོས་གཉིས་ཀྱི་ངོས་འཛིན་མི་འཐད་པའོ། །དང་པོ་ནི། འོ་ན་ལྡོག་པ་དུ་མ་ཆོས་ཅན། དོན་ལ་གནས་པའི་ཆོས་ཡིན་པར་ཐལ། རྫས་ཀྱི་སྟེང་ན་འབྲལ་མི་ཤེས་པར་གནས་པའི་ཕྱིར། འདོད་ན་བློ་ཆོས་མིན་པར་ཐལ་ལོ། །ཡང་རྡུལ་རྫས་བརྒྱད་འདུས་ཀྱི་གང་བུ་གཅིག་གི་རྡུལ་ཕྲན་སོ་སོ་བ་རྣམས་ཆོས་ཅན། ལྡོག་པ་ཡིན་པར་ཐལ། འདུས་པ་ཅན་གྱི་ཆོས་ཁ་ཡར་བ་ཡིན་པའི་ཕྱིར། ཡང་ཁྲབ་ཀྱི་བྱང་བུ་ཁྲབ་ལ་བལྟོས་པའི་ལྡོག་ཆོས་ཀྱི་མཚན་གཞིར་མི་རུང་སྟེ། གཟུགས་སོགས་རྡུལ་རྫས་བརྒྱད་པོ་དེ་བརྒྱད་འདུས་ཀྱི་གོང་བུ་ལ་ལྟོས་པའི་ཆོས་ཀྱི་མཚན་གཞིར་མི་རུང་བ་བཞིན། ཡང་ཁྲབ་ཀྱི་བྱང་བུ་ཆོས་ཅན། ཁྱོད་ཁྲབ་ལ་ལྟོས་པའི་རིགས་སྤྱིར་ཐལ། ཁྱོད་དེ་ལ་ལྟོས་པའི་ལྡོག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེ་ལ་ལྟོས་པའི་ཚོགས་སྤྱི་ཡིན་པའི་ཕྱིར་དང༌། ཁྲབ་ཀྱི་བྱང་བུ་ཞེས་བརྗོད་པའི་སྒྲ་དེ་ཁྲབ་ལ་ལྟོས་པའི་རིགས་བརྗོད་ཀྱི་སྒྲར་ཧ་ཅང་ཐལ་བའི་ཕྱིར། ཅི་སྟེ་དཔེ་དེ་ལྟར་བཤད་པ་དེ་ལྡོག་པ་དུ་མ་འབྲལ་མི་ཤེས་པའི་རྣམ་གསལ་གྱི་དཔེ་ཡིན་གྱི། རྫས་ལྡོག་གི་མཚན་གཞི་མིན་ནོ་ཞེ་ན། དེ་མིན་དུ་ཆུག་མོད། རྫས་ལྡོག་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་འགྱུར་ཏེ། རྫས་གོ་བ་ལྡོག་པ་ལ་ལྟོས། ལྡོག་པ་གོ་བ་རྫས་ལ་ལྟོས་པའི་ཕྱིར། གཉིས་པ་དེ་གཉིས་ལ་བརྟེན་པའི་ཆོས་དགག་པ་ལ། རྫས་ཆོས་ཀྱི་འདོད་ཚུལ་དགག ལྡོག་ཆོས་ཀྱི་འདོད་ཚུལ་ལ་མི་འཐད་པ་ཆེར་མེད་པས་བཏང་སྙོམས་སུ་བཞག་པའོ། །དང་པོ་ལ། རྫས་ལྡོག་གི་ཆོས་ཉིད་འཆོལ་བར་ཐལ་བ། མེད་དགག་ཀྱང་རྫས་ཆོས་སུ་ཐལ་བ། རྟགས་ཡང་དག་གིས་རྫས་ཆོས་སྒྲུབ་པར་བྱེད་ན་དགག་སྒྲུབ་གཅིག་ཆར་དུ་རྟོགས་པར་ཐལ་བ། རྗེས་དཔག་གིས་རྫས་ཆོས་གཞལ་བྱར་བྱེད་ན་སྒྲུབ་འཇུག་ཏུ་ཐལ་བའོ། །དང་པོ་ནི། འོ་ན་ཤེས་བྱ་ཙམ་ལྡོག་གི་སྟེང་དུ་རྟག་པ་སྒྲུབ་པ་དང་མི་རྟག་པ་བཀག་པའི་ཚེ། རྟག་མི་རྟག་གཉིས་ཆོས་ཅན། ལྡོག་ཆོས་སུ་ཐལ། རང་གི་ཁྱད་གཞི་ལྡོག་པར་གྱུར་པ་གཅིག་གི་སྟེང་དུ་དགག་བསྒྲུབ་བྱ་བའི་ཆོས་ཡིན་པའི་ཕྱིར། ཁྱབ་བསལ་ཁས་བླངས། གལ་ཏེ་ཤེས་བྱའི་སྟེང་དུ་མི་རྟག་པ་བསྒྲུབ་ནུས་པའི་ཕྱིར། དེ་ལྡོག་ཆོས་མིན་ནོ་ཞེ་ན། འོ་ན་མེད་དགག་དང་མ་ཡིན་དགག་ཀྱང་དེར་ཐལ་བར་འགྱུར་རོ། །ཤེས་བྱ་དེ་དེ་གཉིས་གང་རུང་གཅིག་ཏུ་བསྒྲུབ་ནུས་པའི་ཚེ། ཅིག་ཤོས་སུ་སྒྲུབ་མི་ནུས་པའི་ཕྱིར། ཡང་མེད་དགག་ཡིན་མིན་གཉིས་ཆོས་ཅན། རྫས་ཆོས་སུ་ཐལ། དངོས་འགལ་རྫས་གཅིག་ལ་མི་འདུ་བའི་ཕྱིར། རྫས་བུམ་པའི་སྟེང་དུ་དེ་གཉིས་མི་འདུ་བའི་ཕྱིར། གལ་ཏེ་བུམ་པའི་སྟེང་དུ་ཡིན་མིན་མི་འདུ་ཡང་ཡོད་མེད་འདུའོ་ཞེ་ན། དེ་ནི་རྟག་མི་རྟག་གཉིས་ལའང་མཚུངས་སོ། །བུམ་པ་ལ་རྟག་པ་ཇི་ལྟར་ཡོད་ཅེ་ན། འོ་ན་བུམ་པ་ལ་མེད་དགག་ཇི་ལྟར་ཡོད་ཅེས་མཚུངས་སོ། །ཡང་རྟག་མི་རྟག་གཉིས་ཆོས་ཅན། ལྡོག་ཆོས་སུ་ཐལ། དངོས་འགལ་ལྡོག་པ་གཅིག་ལ་མི་འདྲ་བའི་ཕྱིར། ཤེས་བྱ་ཙམ་ལྡོག་གི་སྟེང་དུ་མི་འདུ་བའི་ཕྱིར། གཉིས་པ་ནི། རྟག་པ་རྫས་ཆོས་ཡིན་ན་མེད་དགག་དང་མ་ཡིན་དགག་ཀྱང་རྫས་ཆོས་སུ་འགྱུར་ཏེ། རྟག་པ་ཡིན་ན་དེ་གཉིས་གང་རུང་ཡིན་དགོས་ཤིང༌། དེ་གཉིས་གང་རུང་ལའང་རྟག་པས་ཁྱབ་པའི་ཕྱིར་རོ། །གསུམ་པ་ནི། སྒྲ་མི་རྟག་བསྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་དང༌། ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པའི་ཚེ། ཆོས་ཅན་རྫས་ཀྱི་སྟེང་དུ་ཆོས་ཀྱང་རྫས་བསྒྲུབ་ན། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་འགྱུར་ཏེ། ཇི་སྐད་དུ། སྒྲའམ་རྟགས་ནི་གཅིག་པོ་ཡིས། །བྱ་བྱེད་དེ་ལ་བཅད་པ་ན། །དངོས་པོའི་བརྗོད་བྱ་ཅི་ཡང་མེད། །གང་གིས་བརྗོད་བྱར་བྱེད་པ་ལས། །མ་ལུས་པར་ནི་རྟོགས་འགྱུར་བ། །ཞེས་གསུངས་པ་དང༌། དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་སྒྲགས། །གཞན་དུ་ཆོས་ཅན་གྲུབ་གྱུར་ན། །དེ་ལས་མ་གྲུབ་གཞན་ཅི་ཡོད། །ཅེས་གསུངས་སོ། །དེ་དག་གི་རིགས་པ་ཡང་འདི་ལྟར། གཏན་ཚིགས་བྱས་པ་ཆོས་ཅན། སྒྲའི་སྟེང་དུ་སྐབས་ཀྱི་རྒོལ་བའི་ངོར་སྒྲུབ་པའི་རྫས་ཐམས་ཅད་སྒྲུབ་པར་ཐལ། སྒྲའི་སྟེང་དུ་རྫས་སུ་གྱུར་པའི་མི་རྟག་པ་བསྒྲུབ་བྱའི་ཆོས་སུ་བྱས། དེ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། ཅི་སྟེ་ཁྱབ་པ་མ་ངེས་པ་ཡིན་ཏེ། སྒྲའི་སྟེང་དུ་མི་རྟག་པའི་རྫས་གྲུབ་ཀྱང༌། དངོས་པོ་ལ་སོགས་པའི་རྫས་གཞན་མི་འགྲུབ་སྟེ། གཏན་ཚིགས་དེས་སྒྲའི་སྟེང་དུ་རྟག་པ་གཅོད་པ་ཡིན་གྱི། དངོས་པོ་མིན་པ་ལ་སོགས་པ་མི་གཅོད་དོ་ཞེ་ན། དེ་ལྟ་ན་ལྡོག་པ་བསྒྲུབ་བྱའི་ཆོས་སུ་སོང་སྟེ། འདི་ལྟར་གཏན་ཚིགས་བྱས་པ་ཆོས་ཅན། སྒྲའི་སྟེང་དུ་ལྡོག་པར་གྱུར་པའི་མི་རྟག་པ་བསྒྲུབ་བྱའི་ཆོས་སུ་བྱས་པར་ཐལ། དེའི་སྟེང་དུ་རྟག་པར་བསལ་ཙམ་བསྒྲུབ་བྱའི་ཆོས་བྱས་པའི་ཕྱིར། བཞི་པ་ནི། སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲའི་སྟེང་དུ་མི་རྟག་པ་ལ་སོགས་པའི་རྫས་སུ་གྱུར་པའི་ཆོས་ཐམས་ཅད་རྟོགས་པར་ཐལ། སྒྲའི་སྟེང་དུ་རྫས་སུ་གྱུར་པའི་བྱས་པ་རྟོགས་པ་གང་ཞིག སྒྲའི་སྟེང་གི་རྫས་ཀྱི་ཆོས་མཐའ་དག་ཐ་དད་པ་མེད་པའི་ཕྱིར། སྐབས་འདིར་འཆད་འཇུག་སོ་སོར་ཕྱེ་དགོས་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མས་སྒྲ་མི་རྟག་པ་རང་མཚན་རྟོགས་སོ་ཞེས་ཐ་སྙད་བྱས་པ་དེ་ནི་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ་ཡིན་གྱི། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ་མིན་ཏེ། འཆད་པའི་ཚེ་རྟོག་པས་རང་མཚན་འཛིན་ན་ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར། འདི་ལ་བོད་ཕྱི་མ་རྣམས་རྟོག་པས་རང་མཚན་དངོས་སུ་འཛིན་ན་ཞེས་པའི་ཞིབ་ཆ་སྦྱོར་མོད། གཞུང་གི་དོན་མ་ཡིན་ཏེ། རང་མཚན་འཛིན་ན་དངོས་སུ་འཛིན་དགོས་ཏེ། རང་མཚན་གྱི་གཞན་སེལ་འཛིན་པའི་བློ་ཡིན་ན་རང་མཚན་འཛིན་པར་འགལ་བའི་ཕྱིར། འོ་ན་རྟོག་པས་རང་མཚན་འཇུག་ཡུལ་དུ་བྱེད་པ་མིན་ནམ་ཞེ་ན། དེ་བྱེད་པ་ཡོད་མོད། དེ་ལྟ་ན་དེས་དེ་འཛིན་མི་དགོས་ཏེ། དུ་བ་མཐོང་བའི་མངོན་སུམ་གྱི་ལའི་སྟེང་གི་མེ་བཞིན་ནོ། །འོ་ན་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ་དགག་སྒྲུབ་གཅིག་ཆར་དུ་རྟོགས་པར་ཐལ་བ་མིན་ནམ་ཞེ་ན། མིན་ཏེ། རྣམ་གཞག་དེ་ལ་རིགས་པས་མི་དཔྱོད་པའི་ཕྱིར་ཏེ། རྣམ་གཞག་དེ་རྟོག་པ་ལྷན་སྐྱེས་ཀྱིས་བཞག་པའི་དོན་དེ་ཉིད་ཁས་བླངས་པ་ཙམ་ཡིན་པའི་ཕྱིར། དེས་ན་སྒྲས་རང་མཚན་བརྗོད་ཀྱང་དངོས་སུ་མ་བརྗོད་ཅེས་དང༌། རྟོག་པས་རང་མཚན་འཛིན་ཡང་དངོས་སུ་མི་འཛིན་ཞེས་པ་ནི་ཞིབ་ཆར་རློམ་པ་ཡིན་མོད། གཞུང་འགྲེལ་དང་མི་མཐུན་ནོ། །འོ་ན་རང་མཚན་སྒྲ་རྟོག་གི་ཞེན་པའི་བརྗོད་བྱ་དང་ཞེན་ཡུལ་དུ་བཤད་པ་མིན་ནམ་ཞེ་ན། འདིའང་སྔ་མ་དང་འདྲ་སྟེ། འཁྲུལ་པའི་རྣམ་གཞག་ལ་སྒྲས་རང་མཚན་བརྗོད་པར་ཞེན་པ་དང༌། རྟོགས་པས་རང་མཚན་ཡུལ་དུ་བྱས་པར་ཞེན་པ་ལ་ཞེན་པའི་བརྗོད་བྱ་དང༌། ཞེན་ཡུལ་དུ་མིང་བཏགས་པའི་ཕྱིར། དེས་ན་གྲུབ་པའི་དོན་ནི། འཆད་ཚེའི་རྣམ་གཞག་ལ་བརྗོད་བྱེད་སྒྲའི་བརྗོད་བྱ་དང༌། རྟོག་པས་གཟུང་བ་དང་འཛིན་པ་དང་རྟོགས་པ་ཡིན་ན་རང་མཚན་མིན་དགོས་ལ། འཇུག་པའི་ཚེ་ན་སྒྲའི་དངོས་ཀྱི་བརྗོད་བྱ་དང་རྟོག་པས་དངོས་སུ་གཟུང་བ་སོགས་ཡིན་ན་རང་མཚན་མིན་མི་དགོས་ཞེས་ཞིབ་ཆ་སྦྱར་བར་བྱའོ། །དེ་ལྟར་གཞན་གྱི་ལུགས་བཀག་ནས། རང་གི་ལུགས་བཞག་པ་ནི། དོན་དམ་པར་དོན་བྱེད་ནུས་པ་དེ་རྫས་ཀྱི་མཚན་ཉིད། འདིར་རྫས་ཆོས་གང་ཡིན་རྫས་ཡིན་མོད། ཁྱད་པར་ཞིབ་ཏུ་ཕྱེ་ན་བུམ་པའི་སྟེང་གི་རྡུལ་རྫས་བརྒྱད་པོ་དེ་རྫས་དང༌། དེ་ལ་བརྟེན་པའི་བུམ་པ་རང་མཚན་པ་དེ་རྫས་ཆོས་སོ། །རྫས་དང་རྫས་ཀྱི་ཆོས་འདི་གཉིས་ལ་ནི་ཆོས་ཅན། ཁྱད་གཞི་དང་ཁྱད་ཆོས་དང༌། སྤྱི་བྱེ་བྲག་སོགས་སུ་མི་སྦྱོར་རོ། །རྫས་ཀྱི་སྟེང་དུ་དེ་འདྲའི་རྣམ་གཞག་བྱེད་པ་རིགས་པ་མཁྱེན་པའི་ལུགས་མིན་པའི་ཕྱིར། དེ་ལྟར་ན་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཞེས་དྲུག་པའི་སྒྲ་སྦྱོར་བ་ཡོད་མོད། ཆོས་བརྗོད་པའི་སྒྲའི་བརྗོད་ཚུལ་མ་ཡིན་ནོ། །ཡང་རེས་འགའ་བུམ་པ་རང་མཚན་པ་དེ་རྫས་དང༌། དེའི་རྡུལ་རྫས་བརྒྱད་པོ་དེ་རྫས་ཀྱི་ཆོས་སུ་རྣམ་པར་བཞག་གོ །འདི་ལ་ཡང་བུམ་པའི་གཟུགས་ཞེས་དྲུག་པའི་སྒྲ་སྦྱོར་བ་ཡོད་མོད། དེའི་ཚེ་ཡང་ཆོས་དང་ཆོས་ཅན་དུ་མ་བཞག་སྟེ། ཚོགས་པ་དང་ཚོགས་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལྡོག་པའི་མཚན་ཉིད་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ལོག་ཕྱོགས་རྣམ་པར་གཅོད་ཙམ་གྱི་ཆོས་སོ། །སྤྱིར་བཏང་དུ་ལྡོག་པ་དང་དེའི་ཆོས་གཉིས་ཁྱབ་མཉམ་མོད། ཅུང་ཟད་ཞིབ་མོར་ཕྱེ་ནས་ཤེས་བྱ་བདག་མེད་དོ་ཞེས་བརྗོད་པ་དེའི་ཚེ། སྔ་མ་ལོག་པ་དང་ཕྱི་མ་དེའི་ཆོས་སོ། །དེའི་ཚེ་ན། དེ་གཉིས་ལ་ཆོས་ཆོས་ཅན་དང༌། སྤྱི་བྱེ་བྲག་དང༌། ཁྱད་གཞི་ཁྱད་ཆོས་སོགས་སུ་སྦྱོར་དགོས་ཏེ། བློས་དེར་ཞེན་ཅིང་གཉིས་ཀ་ལྡོག་པའི་ཆོས་ཡིན་པའི་ཕྱིར། འོ་ན་དེ་དག་ལ་དགག་སྒྲུབ་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། རྫས་སུ་གྱུར་པའི་སྒྲ་བྱས་མི་རྟག་པ་གསུམ་པོ་ནི་འཇུག་ཚེའི་རྣམ་གཞག་དང༌། རློམ་ཚོད་ལ་རྟགས་ཆོས་དོན་གསུམ་དུ་རློམ་ཀྱང༌། སོང་ཚོད་ལ་དེར་མ་སོང་སྟེ། སོང་ན་སྒྲ་བློ་རྣམ་གྲངས་པ་དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བའི་ཉེས་པ་འཇུག་པའི་ཕྱིར། སེལ་ངོའི་སྒྲ་བྱས་མི་རྟག་པ་གསུམ་ནི་སོང་ཚོད་ལ་དེར་སོང་བ་ཡིན་ཏེ། རྟོག་ངོར་མ་བྱས་པ་རྣམ་པར་བཅད་ཙམ་གྱི་རྟགས་ལས། རྟོག་ངོར་སྒྲ་མིན་རྣམ་པར་བཅད་ཙམ་གྱི་སྟེང་དུ། མི་རྟག་པ་མིན་པ་རྣམ་པར་བཅད་ཙམ་བསྒྲུབ་པའི་ཕྱིར། སོང་ཚོད་ལ་དེ་ལྟར་བསྒྲུབས་ཀྱང༌། རློམ་ཚོད་དང་གཅིག་ཏུ་འཁྲུལ་པའི་རྟོག་པས་བྱས་པས་མི་རྟག་པར་སྒྲུབ་སོ་མཉམ་དུ་ཞེན་ཅིང་ཐ་སྙད་བྱས་སོ། །འོ་ན་སེལ་ངོའི་བྱས་པ་དེ་སེལ་ངོའི་སྒྲ། སེལ་ངོའི་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བར་ཐལ། སོང་ཚོད་ལ་སེལ་ངོའི་བྱས་པ་སོགས་དེ་དང་དེར་སོང་བའི་ཕྱིར་ཞེ་ན། དེ་ལྟར་ཁས་མི་ལེན་ཏེ། དེ་ལྟར་བླངས་ན་བྱས་པའི་ལྡོག་པ་དེ། སྒྲའི་ལྡོག་པ་མི་རྟག་པའི་ལྡོག་པར་སྒྲུབ་པའི་གཏན་ཚིགས་སུ་ཁས་བླངས་པར་སོང་བས། དོན་ལོག་པའི་ཕྱིར། ཡང་རྫས་སུ་གྱུར་པའི་བྱས་པ་དེ། དེར་གྱུར་པའི་སྒྲའི་སྟེང་དུ། དེར་གྱུར་པའི་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་པ་མིན་ཏེ། རྫས་ལ་དགག་བསྒྲུབ་མི་བྱེད་པའི་ཕྱིར། དེ་ལྟར་སོ་སོར་མི་ཕྱེ་བར་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་ནོ། །ཅི་སྟེ་འོ་ན་དེར་སོང་ཚོད་ཀྱི་བྱས་པ་ཆོས་ཅན། དེ་བསྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། དེར་སོང་ཚོད་ཀྱི་སྒྲ་ཆོས་ཅན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གཅིག་ཤོས་ལ་ཡང་དེ་བཞིན་ནོ་ཞེ་ན། གསུམ་ཀ་ལ་འདོད་པ་ཡིན་ནོ། །འོ་ན་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མེད་པར་འགྱུར་ཏེ། སོང་ཚོད་ཀྱི་དེ་དང་དེ་ཡང་དེ་མིན། རློམ་ཚོད་ཀྱི་དེ་དང་དེ་ཡང་དེ་མིན་པའི་ཕྱིར་ཞེ་ན། འདི་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་ཁྱོད་ལྟར་ན་ཡང་བྱས་པ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་ཐལ། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་སོང་ཚོད་ཀྱི་བྱས་པ་དེ་ཡང་དེ་མིན། རློམ་ཚོད་ཀྱི་དེ་ཡང་དེ་མིན་པའི་ཕྱིར། གཉིས་པ་ནི། སོ་སོ་ནས་དེ་དང་དེ་མིན་ཀྱང༌། བྱས་ཙམ་དེ་སྒྲ་ཙམ་གྱི་སྟེང་དུ་མི་རྟག་པ་ཙམ་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཅེས་གསུངས་པས་སོ། །གལ་ཏེ་དེ་ལྟ་ན་ཡང་བྱས་པ་དང་སྒྲ་དང་མི་རྟག་པ་རྣམས་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་དང་ཆོས་ཅན་སོགས་མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཏེ། གཞན་སེལ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་ཚོད་སོགས་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་ཡང་དག་དང༌། ཤེས་འདོད་ཆོས་ཅན་དང་བསྒྲུབ་ཆོས་སྐྱོན་མེད་མིན་པའི་ཕྱིར། ཞེ་ན། འདིའི་ལན་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། རི་བོང་གི་རྭ་མེད་པར་བསྒྲུབ་པ་ལ་ཚད་མས་མ་དམིགས་པ་རྟགས་སུ་སོང་བའི་ཚེ་ན། ཚད་མས་མ་དམིགས་པ་ཆོས་ཅན། དེ་སྒྲུབ་ཀྱི་སོང་ཚོད་ཀྱི་མ་གྲུབ་པའི་གཏན་ཚིགས་སུ་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས་འདོད་ན། སོང་ཚོད་ཀྱི་གཏན་ཚིགས་སུ་ཐལ་ལོ། །དེ་ཡང་འདོད་ན་ཚད་མས་མ་དམིགས་པའི་གཞན་སེལ་དུ་ཐལ་ལོ། །ཡང་རི་བོང་གི་རྭ་ཆོས་ཅན། དེ་སྒྲུབ་ཀྱི་སོང་ཚོད་ཀྱི་ཤེས་འདོད་ཆོས་ཅན་དུ་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན་གཞན་སེལ་དུ་ཐལ་ལོ། །ཡང་གཙོ་བོ་ཆོས་ཅན། སློབ་དཔོན་ཕྱོགས་ཀྱི་གླང་པོས་གྲངས་ཅན་གྱི་ངོར་གཙོ་བོ་ཡོད་པ་མིན་པར་སྒྲུབ་པའི་སོང་ཚོད་ཀྱི་ཆོས་ཅན་དུ་ཐལ། ཁྱེད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། ཡང་སྒྲ་ཆོས་ཅན་སྒྲ་མི་རྟག་པར་སྒྲུབ་པའི་སོང་ཚོད་ཀྱི་ཤེས་འདོད་ཆོས་ཅན་དུ་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་ཕྱིར། འདོད་ན་གཞན་སེལ་དུ་ཐལ་ལོ། །དེ་བཞིན་དུ་བསྒྲུབ་བྱའི་ཆོས་ལ་ཡང་སྦྱར་རོ། །གཉིས་པ་རྣལ་མའི་ལན་ནི། སྒྲ་མི་རྟག་པར་སྒྲུབ་པ་ལྟ་ཞོག སྤྱིར་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་སོང་ཚོད་ཀྱི་གཏན་ཚིགས་ཡང་དག་མིན་དགོས་ཏེ། སྤྱིར་རྟགས་ཡང་དག་གི་རྣམ་གཞག་ནི་རློམ་ཚོད་དང་སོང་ཚོད་སོ་སོར་མ་ཕྱེ་བའི་རྣམ་པར་བཞག་པ་ཁོ་ན་ལ་འཇོག་དགོས་པ་ཡིན་པའི་ཕྱིར། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་གང་རུང་ཡིན་ན་གཞན་སེལ་དང་སྒྲ་དོན་ཡིན་དགོས་ཏེ། ཇི་སྐད་དུ། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་གསུངས་པས་སོང་ཚོད་ཀྱི་ཆོས་ཅན་ལ་གཞན་སེལ་གྱི་ཁྱབ་པར་བཤད་ཅིང༌། རྣམ་པར་ངེས་པ་ལས། དེ་མིན་རང་བཞིན་ལས་ལྡོག་པའི། །དངོས་པོ་ཙམ་ཞིག་རབ་བསྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བཤད་དེ། །ཁྱད་པར་མེད་པར་གནས་ཕྱིར་རོ། །ཞེས་གསུངས་པས་སོང་ཚོད་ཀྱི་སྒྲུབ་བྱའི་ཆོས་ལ་གཞན་སེལ་གྱིས་ཁྱབ་པ་དང༌། དེ་ཕྱིར་དེ་ལྟར་རྟགས་སེལ་བའི། །ཡུལ་ཅན་ཡིན་པར་རབ་ཏུ་སྒྲགས། །ཞེས་སོང་ཚོད་ཀྱི་གཏན་ཚིགས་ལ་གཞན་སེལ་གྱིས་ཁྱབ་པར་བཤད་པའི་ཕྱིར། ཡང་རློམ་ཚོད་ཀྱི་རྟགས་ཆོས་དོན་གསུམ་གང་རུང་ཡིན་ན་སོང་ཚོད་ཀྱི་དེ་གསུམ་གང་རུང་མིན་དགོས་ཏེ། དེ་ཡིན་ན་དེ་དང་དེའི་གཞན་སེལ་དུ་འགལ་བའི་ཕྱིར། དཔེར་ན་སྒྲ་རང་མཚན་པ་ཡིན་ན་སྒྲའི་གཞན་སེལ་དུ་འགལ་བ་བཞིན་ནོ། །འོ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ན་རློམ་ཚོད་ཀྱི་དེ་ཡིན་དགོས་པར་འགྱུར་རོ་ཞེ་ན། དེ་ཡང་དགོས་པ་མིན་ཏེ། རློམ་ཚོད་དང་སོང་ཚོད་ཀྱི་གཏན་ཚིགས་གཉིས་ཀ་མིན་པའི་བྱས་པ་ཙམ་ལྡོག་ནས་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་དུ་ཁས་ལེན་དགོས་པའི་ཕྱིར། འོ་ན་བྱས་པ་ཙམ་ཆོས་ཅན། དེ་སྒྲུབ་ཀྱི་རློམ་ཚོད་ཀྱི་གཏན་ཚིགས་སུ་ཐལ། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་གྱུར་པའི་རང་མཚན་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་མ་ངེས་ཏེ། སྒྲ་རང་མཚན་པ་དེ་དེ་སྒྲུབ་ཀྱི་རློམ་ཚོད་ཀྱི་ཤེས་འདོད་ཆོས་ཅན་ཡིན་ཀྱང༌། དེ་ལ་དེས་མ་ཁྱབ་པ་བཞིན་ནོ། །དེ་ལྟར་བཤད་པ་ལ་གྲུབ་པའི་དོན་ནི་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། དེའི་ཚེ་བྱས་པ་ལ་སོང་ཚོད་ཀྱི་བྱས་པ་དང་རློམ་ཚོད་ཀྱི་བྱས་པ་གཉིས་སུ་གྲངས་ངེས་ཤིང༌། དེ་གཉིས་པོ་རེ་རེ་ནས་དེ་མིན་པའི་ཕྱིར། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ། དེ་དེ་ཡིན་ཏེ། དེའི་ཚེ་ན་བྱས་པ་ཙམ་ལ་རློམ་ཚོད་དང་སོང་ཚོད་སོ་སོར་མི་འབྱེད་པའི་ཕྱིར། དེ་ལྟར་འབྱེད་ན་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ཏུ་འགལ་བའི་ཕྱིར། དེ་ཡང་འཇུག་ཚེའི་རྣམ་པར་བཞག་པ་ནི་སྡེ་བདུན་མཛད་པའི་རང་ལུགས་ལ་ཁས་ལེན་མོད་ཀྱང༌། རང་ལུགས་ཀྱི་རིགས་པས་བཞག་པའི་གྲུབ་མཐའ་ནི་མིན་ཏེ། ཇི་སྐད་དུ། ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་སྟེ། །ཞེས་དང༌། དེ་ཉིད་དོན་ནི་མ་རྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་བསྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །ཞེས་གསུངས་སོ། །འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ནི་རང་གི་རིགས་པས་རྣམ་པར་བཞག་པའི་གྲུབ་མཐའ་ཡིན་ཏེ། ཇི་སྐད་དུ། སྣ་ཚོགས་ཆོས་ཀྱི་གཞིར་གྱུར་པ། །ཞེས་སོགས་སུ་དོན་རང་མཚན་དག་སྒྲུབ་ཀྱི་དངོས་རྟེན་ཡིན་པ་རང་གི་རིགས་པས་རྒྱས་པར་བཀག་པའི་ཕྱིར། འོ་ན། རང་གི་རིགས་པས་དཔྱད་པའི་ཚེ་བྱས་པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་ན་རང་གི་གཞུང་ལུགས་སུ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཤད་པས་ཅི་ཞིག་བྱ་ཞེ་ན། ཇི་སྐད་དུ། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱི་བྱས་པ་ཡིན། །ཞེས་གསུངས་སོ། །ཇི་སྐད་བཤད་པ་དེ་ལས་གཞན་དུ་སྒྲ་རྟག་པ་ཡིན་ནོ་ཞེས་དང༌། བྱས་པ་སེལ་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཀྱང༌། སྤྱིར་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་ནོ་ཞེས་ཁས་བླང་བར་མི་བྱ་སྟེ། སེལ་ངོའི་སྒྲ་རྟག་ཀྱང་སྒྲའི་གོ་མི་ཆོད་ལ། སེལ་ངོར་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་ཏེ། སྣང་ངོར་རྟགས་ཡང་དག་གི་རྣམ་གཞག་ཁས་མི་ལེན་པའི་ཕྱིར། དེ་ལྟར་ཇི་སྐད་བཤད་པ་དེ་ནི་གངས་ཅན་གྱི་ལྗོངས་སུ་བྱོན་པའི་སྔ་རབས་ཀྱི་རྟོག་གེ་པ་རྣམས་ཀྱི་རྫས་ལྡོག་གི་རྣམ་བཞག་འཆད་ཚུལ་དང༌། དེ་ལ་ཚད་མ་རིགས་པའི་གཏེར་ལས་དགག་པ་ཇི་ལྟར་མཛད་པའི་ཚུལ་གྱི་སྙིང་པོ་བསྡུས་ནས། རང་ལུགས་ཇི་ལྟར་འཇོག་པའི་ཚུལ་རྒྱས་པར་བཤད་པ་ཡིན་ནོ། །ཕྱི་རབས་པ་དག་གསུང་རབ་ཀྱི་དོན་ལ་འཇུག་པའི་བློ་གྲོས་མེད་པར་ཁྱོད་ཁྱོད་རང་ཡིན་མིན་དང༌། ཁྱོད་མིན་ཁྱོད་ཡིན་མིན་གྱི་སྒོ་ནས་རྫས་ལྡོག་གི་ཆོས་གཉིས་སུ་འཇོག་པ་དང༌། ཡང་དེ་ལས་སྤྲོས་ཏེ། ལྡོག་ཆོས་ཀྱི་དབྱེ་བ་གཉིས་དང་གསུམ་ལ་སོགས་པ་དང༌། དེ་དག་གི་མཚན་གཞི་ངོས་འཛིན་པའི་ཚུལ་ལ། ཚིག་གི་ཟོལ་སྦྱོར་མང་དུ་མཐུད་པའི་ངན་རྟོག་གི་ཕྲེང་བ་མང་པོ་བསྟར་ལ་རྒྱུས་པ་དེ་དག་ནི། འཛིན་པ་དང༌། བསམ་པ་ལྟ་ཅི་སྨོས། ཐོས་པར་གྱུར་ཀྱང་རྣ་བ་དགབ་པར་བྱ་སྟེ། འཕགས་པའི་ཡུལ་ལྟ་ཞོག གངས་ཅན་དུ་སྔོན་ཆད་བྱོན་པའི་ཆེན་པོ་དེ་དག་གིས་རྟགས་ཤིང་དཔྱད་པའི་རིགས་པའི་གནས་ཀྱི་ཆ་ཤས་ཙམ་ཡང་མིན་ཞིང༌། སྡེ་བདུན་མཛད་པའི་གཞུང་ལུགས་ཕྱིན་ཅི་མ་ལོག་པར་གོ་བའི་གེགས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་སྤྱི་དང་བྱེ་བྲག་ཁྱད་པར་དུ་བཤད་པ་ལ། མཚན་ཉིད། དབྱེ་བསྡུ། དེའི་དོན་གཏན་ལ་དབབ་པ་དང་གསུམ་མོ། །དང་པོ་ནི། རིགས་མི་མཐུན་རྣམ་པར་དཔྱད་ཙམ་གྱི་ལྡོག་པ་ཆིག་རྐྱང་དེ་སྤྱིའི་མཚན་ཉིད། རང་གི་རིགས་མི་མཐུན་ལས་ལོག་ཅིང་རང་དང་རིགས་མཐུན་ནང་ལས་ཀྱང་ལྡོག་པའི་ལྡོག་པ་གཉིས་ཚོགས་དེ་བྱེ་བྲག་གི་མཚན་ཉིད་དོ། །དེ་སྐད་དུ་ཡང༌། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །ཞེས་སོགས་གསུངས་སོ། །འདིར་གཞན་གྱི་དངོས་དག་ལས། ལྡོག་པའི་ལྡོག་པས་ཞེས་པ་སྤྱི་དང༌། མཐུན་དངོས་དག་ལས། ལྡོག་པའི་ལྡོག་པ་ཞེས་པས་བྱེ་བྲག་ངོས་བཟུང་བ་ཡིན་ཏེ། ཇི་སྐད་དུ། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །ཞེས་དང༌། དེ་ཉིད་གཞན་ལས་ལྡོག་པར་ཡང༌། །ཞེས་གསུངས་སོ། །འདིར་གཞི་མཐུན་དང་བྱེ་བྲག་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དེ་གཉིས་ངོས་འཛིན་པའི་གཞུང་རྣམས་གཅིག་ཁོ་ནར་སྣང་བའི་ཕྱིར། དེ་ཡང་སྤྱི་ཡིན་ན་རྟོག་པ་ལ་སྣང་བའི་གཅིག་དང༌། བྱེ་བྲག་དང་གཞི་མཐུན་ཡིན་ན་རྟོག་པ་ལ་སྣང་བའི་དུ་མ་ཡིན་དགོས་ཏེ། ཇི་སྐད་དུ། བརྗོད་དང་ཤེས་པས་གཅིག་ཉིད་དུ། །ཐ་སྙད་རབ་ཏུ་འཇུག་པར་བྱེད། །ཅེས་དང༌། ཐ་དད་པས་ཆོས་སྣ་ཚོགས་ཤེས། །ཞེས་གསུངས་པས་སོ། །དེ་ཡང༌། གཞི་མཐུན་དང་བྱེ་བྲག་གང་རུང་ཡིན་ན་རྫས་ལྡོག་གཉིས་སུ་ཕྱེ་བའི་ལྡོག་པ་ཁོ་ན་ཡིན་ཏེ། དེ་ཡིན་ན་ལྡོག་པ་གཉིས་ཚོགས་དགོས་པར་བཤད་པའི་ཕྱིར་རོ། །ལྡོག་པ་རང་མཚན་པ་རྣམས་བྱེ་བྲག་ཏུ་འཆད་དགོས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། དེ་སྤྱི་ཁྱད་པར་ཞེས་བྱ་བའི། །བྱེ་བྲག་འདི་ནི་བློ་དོན་ལ། །ཞེས་དང༌། དེ་ཉིད་ལས་གཞན་ལས་བཟློག་པས། །ཆོས་ཀྱིས་བྱེ་བྲག་རབ་ཏུ་བརྟག །ཅེས་གསུངས་པའི་ཕྱིར་རོ། །དེ་བས་ན་བྱེ་བྲག་དང་གཞི་མཐུན་གང་རུང་ཡིན་ན་ལྡོག་པ་དང་གཞན་སེལ་གང་རུང་ཡིན་པས་ཁྱབ་པོ། །འོ་ན་སྤྱི་ཡིན་པས་ཀྱང་ཁྱབ་བམ་ཞེ་ན། འདི་ལ་སོ་སོར་ཕྱེ་དགོས་ཏེ། །རིགས་མི་མཐུན་ལས་བཟློག་ཙམ་གྱི་ཆ་ནས་སྤྱི་དང༌། རིགས་མཐུན་ནང་ལས་བཟློག་པའི་ཆ་ནས་བྱེ་བྲག་ཏུ་བཞག་དགོས་པའི་ཕྱིར། ལྡོག་པ་ཡིན་པ་ལ་ཁྱད་པར་མེད་ཀྱང་གཅིག་ཏུ་སྣང་བའི་ཆ་ནས་སྤྱི་དང༌། དུ་མར་སྣང་བའི་ཆ་ནས་བྱེ་བྲག་ཏུ་བཞག་དགོས་པ་ཡིན་ཏེ། དཔེར་ན། ཆོས་ཅན། སྒྲའི་སྟེང་གི་རིགས་མི་མཐུན་མཐའ་དག་རྣམ་པར་བསལ་ཙམ་དེ་སྤྱི་དང༌། མ་བྱས་པ་རྣམ་པར་བསལ་ཙམ་ལ་བྱས་པ་ཞེས་སྒྲོ་བཏགས་པ་དེ་དང༌། རྟག་པ་དང་དངོས་པོ་མིན་པ་སོགས་རྣམ་པ་བསལ་ཙམ་ལ་དེ་དང་དེར་སྒྲོ་བཏགས་པ་དེ་རྣམས་ནི་བྱེ་བྲག་གོ །དེ་སྐད་དུ་ཡང༌། ཆོས་ཅན་ཐམས་ཅད་ལས་བཟློག་པ། །གང་དང་གང་ལས་ལོག་དེ་ལས། །བཏགས་པའི་རང་བཞིན་ཐ་དད་པ། །དེ་ནི་དུ་མའི་ངོ་བོ་ཉིད། །ཅེས་གསུངས་པས་སོ། །དེ་ལྟར་ན་ཆོས་ཅན་སྒྲའི་སྟེང་གི་མ་བྱས་པ་རྣམ་པར་བསལ་ཙམ་དེ་སྤྱིར་ལྡོག་པ་དང་གཞན་སེལ་དང་སྤྱི་ཡིན་ཏེ། ཆོས་ཅན་སྒྲ་ལ་ལྟོས་པའི་དེ་དང་དེ་དག་ཡིན་པའི་ཕྱིར། བྱེ་བྲག་ཏུ་སྒྲའི་སྟེང་གི་རིགས་མི་མཐུན་མཐའ་དག་རྣམ་པར་བསལ་ཙམ་ལ་བལྟོས་པའི་བྱེ་བྲག་ཡིན་ཏེ། དེ་ལྟར་བཤད་པ་ན་སྒྲའི་སྟེང་གི་རིགས་མི་མཐུན་མཐའ་དག་རྣམ་པར་བཅད་ཙམ་དེ་སྤྱི་དང༌། དེའི་སྟེང་གི་ལྡོག་པའི་ཁྱད་པར་སོ་སོ་བ་རྣམས་སྤྱི་དེ་ལ་ལྟོས་པའི་བྱེ་བྲག་ཡིན་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་གཞི་མཐུན་དང་བྱེ་བྲག་གཉིས། སྔར་བཤད་པའི་ལོག་པ་དང༌། རྫས་དང་ཆོས་ཅན་རྣམས་ཀྱི་ཟླར་བགྲངས་པ་ནི་འཁྲུལ་པ་ཁོ་ནར་གོ་བར་བྱས་ནས། མ་ནོར་བར་སོ་སོར་ཕྱེད་པ་གལ་ཆེའོ། །གལ་ཏེ་འོ་ན་རྫས་གསེར་བུམ་ལྟ་བུ་ཆོས་ཅན། བྱེ་བྲག་ཡིན་པར་ཐལ། བུམ་པའི་བྱེ་བྲག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ཡིན། དེ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མིན་ཞིང་དེ་ཡིན་པ་དུ་མ་གྲུབ་པའི་ཕྱིར། ཞེ་ན། འདི་ལ་སྒྲུབ་བྱེད་འཁྲུལ་པར་བསྟན་པ་དང༌། བསྒྲུབ་བྱ་མི་འཐད་པར་བསྟན་པའོ། །དང་པོ་ནི། འདི་ལྟར་གཞན་སེལ་མིན་པ་དང༌། མཚོན་བྱ་མིན་པ་དང༌། རྟག་པ་མིན་པ་སོགས་ཆོས་ཅན། གོ་རིམ་བཞིན་དུ། གཞན་སེལ་དང་མཚོན་བྱ་དང་རྟག་པ་སོགས་ཀྱི་བྱེ་བྲག་ཏུ་ཐལ། ཁྱེད་རང་འདོད་པའི་སྒྲུབ་བྱེད་གསུམ་པོ་དེ་ཞུགས་པའི་ཕྱིར། འདོད་ན། གཞན་སེལ་ཆོས་ཅན། ཁྱོད་ཅེས་བརྗོད་པའི་སྒྲས་གཞན་སེལ་མིན་པ་བརྗོད་བྱར་མི་སྤོང་བ་དང༌། གཞན་སེལ་མིན་པ་ཞེས་བརྗོད་པའི་སྒྲས་ཀྱང་ཁྱོད་བརྗོད་བྱར་མི་སྤོང་བར་ཐལ། ཁྱོད་གཞན་སེལ་མིན་པའི་སྤྱི་དང༌། གཞན་སེལ་མིན་པ་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་རྫས་གསེར་བུམ་ཆོས་ཅན། ལྡོག་པ་གཉིས་ཚོགས་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། འདོད་ན་རྫས་མ་ཡིན་པར་ཐལ་ལོ། །ཡང་དེ་ཆོས་ཅན། གཞི་མཐུན་ཡིན་པར་ཐལ། བྱེ་བྲག་ཡིན་པའི་ཕྱིར། འདོད་ན་དོན་དམ་པར་མ་གྲུབ་པར་ཐལ་ལོ། །གཉིས་པ་དབྱེ་བསྡུ་ལ། འདིར་སྤྱི་དང་ལྡོག་པ་ནི་གཉིས་ཏེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པའི་གཞུང་གིས་བསྟན་པ་དང༌། སྤྱི་ཡི་བློ་ཡང་སླད་པ་ཡིན། །ཞེས་པའི་གཞུང་གིས་བསྟན་པའོ། །དེ་གཉིས་ཀྱི་མཚན་ཉིད་ནི་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའོ། །མཚན་གཞི་ནི། བུམ་འཛིན་རྟོག་པའི་ངོར་བུམ་མ་ཡིན་རྣམ་པར་བསལ་ཙམ་གྱི་ཆ་དང༌། ཆ་དེ་ལ་རྟོག་པ་གཞན་གྱིས་སྒྲོ་བཏགས་པའི་ཆའོ། །ཡང་ལྡོག་པ་ལ་གསུམ་སྟེ། རང་ལྡོག་དང༌། དོན་ལྡོག་དང༌། གཞི་ལྡོག་ཅེས་བོད་སྔ་མས་ཐ་སྙད་བྱས་པ་རྣམས་སོ། །དེ་དག་གི་ངོས་འཛིན་དིང་སང་ལོག་པར་སྦྱོར་བ་མང་བས་འདི་ལྟར་བཤད་པར་བྱ་སྟེ། སྒྲ་འཛིན་རྟོག་པའི་ངོར། སྒྲ་མིན་རྣམ་པར་བསལ་ཙམ་ནི་སྒྲའི་རང་ལྡོག་དང༌། སྒྲའི་སྟེང་དུ་རིགས་མི་མཐུན་མ་བྱས་པ་རྟག་པ་སོགས་བསལ་བྱ་སོ་སོ་བ་རྣམས་རྣམ་པར་བཅད་ཙམ་གྱི་ཆ་ནི། སྒྲ་ལ་ལྟོས་པའི་གཞི་ལྡོག་གོ་རྟོག་པས་མཉན་བྱ་མིན་པ་རྣམ་པར་བཅད་ཙམ་ནི་སྒྲའི་དོན་ལྡོག་གོ །དེ་ལྟར་ལྡོག་པ་དེ་གསུམ་ཀ་ཆོས་ཅན་སྒྲ་ལ་ལྟོས་པའི་སྤྱི་དང་ལྡོག་པ་སོགས་ཡིན་ལ། ཆོས་ཅན་སྒྲ་ཡང་ལྡོག་པ་དེ་གསུམ་ལ་ལྟོས་པའི་ཆོས་ཅན་དང༌། ལོག་པ་དང༌། རྫས་ལ་སོགས་པར་བཞག་གོ །དེ་ལྟ་ན་ཡང་དེ་དེའི་བྱེ་བྲག་ནི་མིན་ཏེ། རྫས་ལྡོག་པའི་བྱེ་བྲག་ཏུ་བཤད་ན་ཧ་ཅང་དུ་ཐལ་བའི་ཕྱིར་དང༌། རྫས་དང་ལྡོག་པའི་གཞི་མཐུན་སྲིད་པར་ཐལ་བའི་ཕྱིར་རོ། །ཐལ་བའི་རྒྱུ་མཚན་ཡང༌། གང་བྱེ་བྲག་ཏུ་འཇོག་པ་དེ་ཉིད་དེའི་སྤྱིར་འདོད་པ་དེ་དང་གཞི་མཐུན་དུ་ཁས་ལེན་དགོས་པ་ཡིན་ཏེ། དཔེར་ན། གསེར་བུམ་མ་ཡིན་པ་ལས་ལོག་ཙམ་དེ་བུམ་མ་ཡིན་ལས་ལོག་ཙམ་དང༌། དེའི་བྱེ་བྲག་ཏུ་ཁས་ལེན་དགོས་པ་བཞིན། དེས་ན་ཆོས་ཅན་སྒྲའི་ལྡོག་ཆོས་ནི་གཉིས་ཏེ། སྤྱི་དང་བྱེ་བྲག་ཏུ་བཤད་པ་དེ་དག་གོ །ཡང་བོད་ཕྱི་མ་དག་བུམ་པ་ཉིད་བུམ་པའི་ལྡོག་པར་འདོད་པ་མི་འཐད་དེ་བུམ་པའི་སྤྱི་དང་གཞན་སེལ་དུ་ཐལ། དེའི་ལྡོག་པ་ཡིན་པའི་ཕྱིར། འདོད་ན་དེ་ལས་ཐ་དད་དུ་ཐལ་ལོ། །འོ་ན་ཁྱོད་རང་ལྟར་ན་བུམ་པ་ཆོས་ཅན་ལྡོག་པར་ཐལ། སྤྱི་ཡིན་པའི་ཕྱིར། འདོད་ན། ཁྱོད་ཁྱོད་རང་གི་ལྡོག་པར་ཐལ། ཁྱོད་ལྡོག་པ་གང་ཞིག ཁྱོད་ལྡོག་པ་ཡིན་ན་ཁྱོད་ཀྱི་ལྡོག་པ་ཡིན་དགོས་པའི་ཕྱིར་ཞེ་ན། འདི་ལ་སོ་སོར་འབྱེད་དགོས་ཏེ། གསེར་བུམ་བུམ་པ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་ནི་བུམ་པ་ལྡོག་པ་སོགས་སུ་ཁས་ལེན་ཅིང་དེ་ལྟ་ན་ཡང་རང་གི་ལྡོག་པ་མ་ཡིན་ཏེ། གསེར་བུམ་གྱི་ལྡོག་པ་ལ་སོགས་པར་ཁས་ལེན་པའི་ཕྱིར། དེ་ཡིན་དེ། དེ་ལ་བལྟོས་པའི་སྤྱི་དང་གཞན་སེལ་ཡིན་ཞིང༌། རང་བརྗོད་པའི་སྒྲ་དེ་དེ་ལ་བལྟོས་པའི་ལྡོག་པ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཡང་བུམ་པ་དངོས་པོ་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ། ཆོས་ཅན་དུ་རློམ་ཚོད་ཀྱི་བུམ་པ་དེ་ནི་སྤྱི་དང་ལྡོག་པ་སོགས་མིན་ཏེ། རྫས་དང་དངོས་པོ་ཁོ་ན་ཡིན་པའི་ཕྱིར། སོང་ཚོད་ནི་རྟོག་ངོར་བུམ་མ་ཡིན་རྣམ་པར་བསལ་ཙམ་དེ་ཡིན་ལ། དེ་ནི་སྤྱིར་ལྡོག་པ་དང་ཁྱད་པར་བུམ་པའི་རང་ལྡོག་ཡིན་ནོ། །དེ་སྒྲུབ་པ་ནི་བུམ་པ་ཆོས་ཅན། ཁྱོད་འཛིན་རྟོག་པའི་ངོར་ཁྱོད་མིན་རྣམ་པར་བསལ་ཙམ་དེ། ཁྱོད་ཀྱི་རང་ལྡོག་ཡིན་ཏེ། ཁྱོད་རྟོག་པའི་ཡུལ་དུ་བྱ་རུང་ཡིན་པའི་ཕྱིར། དེ་ལྟར་སོ་སོར་འབྱེད་ལོང་མེད་པར་བུམ་པ་དེ་སྤྱི་དང་དངོས་པོ་གང་ཡིན་ཞེས་རྟོག་ན་ནི། རྒོལ་བ་ཁྱོད་ཤེས་འདོད་ཞུགས་པའི་བུམ་པ་དེ་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་བཞག་ལ། སྤྱི་དང་གཞན་སེལ་ཡིན་ལ། འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ལ་དངོས་པོ་ཡིན་ཞེས་ཁས་བླང་བར་བྱའོ། །དེ་ལྟར་ཡང་འབྱེད་པའི་གོ་སྐབས་མེད་པའི་བྱིས་པ་དག་གི་ངོར་ནི་བུམ་པ་དངོས་པོ་ཡིན་ཞེས་ཁས་བླང་བར་བྱའོ། །དེའི་རྒྱུ་མཚན་དངོས་པོའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞི་ཡིན་པའི་ཕྱིར། འོ་ན་བུམ་པ་ཆོས་ཅན། དངོས་པོ་མ་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར་ཏེ། རང་གི་གསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པའི་ཕྱིར་ཞེས་དང༌། གསེར་བུམ་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར་ཏེ། བྱེ་བྲག་གི་སྒྲུབ་ཚུལ་ཞུགས་པའི་ཕྱིར། ཞེ་ན། འོ་ན་མདུན་གྱི་བུམ་གཟུགས་རང་མཚན་པ་ཆོས་ཅན། སྤྱི་ཡིན་པར་ཐལ་རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར་ཏེ། རང་གི་རྡུལ་རྫས་བརྒྱད་པོ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། དེ་ལ་འབྲེལ་བའི་ཕྱིར། རྫས་ཀྱི་ངོ་བོར་གྱུར་པའི་བུམ་པ་རང་མཚན་ཆོས་ཅན། སྤྱིར་ཐལ། གསེར་བུམ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཁྱོད་རང་གི་སྒྲུབ་བྱེད་ཞུགས་པའི་ཕྱིར། དེས་ན་འདི་ཤེས་དགོས་ཏེ། གསེར་བུམ་བུམ་པའི་བྱེ་བྲག་ཡིན་ནོ་ཞེས་བྱེ་བྲག་པ་དང་འཇིག་རྟེན་པས་ཀྱང་དེ་ལྟར་ཁས་ལེན་མོད། རང་གི་ལུགས་ལ་ནི་ཁྱད་པར་གྱི་གཞིར་སོང་ཚོད་ནི་གསེར་བུམ་གྱི་གཞན་སེལ་ཡིན་ལ། དེ་ནི་བུམ་པའི་བྱེ་བྲག་ཏུ་མི་རུང་སྟེ། གཞན་སེལ་ཡིན་པའི་ཕྱིར། རློམ་ཚོད་ནི་གསེར་བུམ་རང་མཚན་པ་ཡིན་ལ། དེ་ནི་བྱེ་བྲག་ཏུ་མི་རུང་སྟེ། རང་མཚན་ཡིན་པའི་ཕྱིར། ཡང་བོད་ཕྱི་མ་དག སྤྱིར་ཤེས་བྱ་ཡིན་ན་ཁོ་ལ་ལྡོག་པ་དུ་མ་མེད་དགོས་སོ་ཞེས་དང༌། ཁོའི་ལྡོག་པ་དུ་མ་མེད་དགོས་སོ་ཞེས་མཐུན་པར་སྨྲའོ། །འདི་ཡང་གྲགས་པའི་ཞབས་ཀྱི་གཞུང་མིན་ཏེ། བུམ་པ་ཆོས་ཅན་ཁྱོད་ཀྱི་ལྡོག་པ་དུ་མ་ཡོད་ཏེ། ཁྱོད་ཀྱི་ལྡོག་པ་མེད་པར་དགག་པ་དང༌། མ་ཡིན་པར་དགག་པ་གཉིས་ཡོད་པའི་ཕྱིར་དང༌། ཁྱོད་ཀྱི་རང་ལྡོག་དང་དོན་ལྡོག་གཉིས་ཡོད་པའི་ཕྱིར་དང༌། ཁྱོད་ཀྱི་གཞན་སེལ་དུ་མ་ཡོད་པའི་ཕྱིར། ཡང་བུམ་པ་ཆོས་ཅན། ཁྱོད་ལ་ལྡོག་པ་དུ་མ་ཡོད་དེ། ཁྱོད་རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པའི་ཕྱིར་དང༌། ལྡོག་པ་སྣ་ཚོགས་པའི་གཞིར་གྱུར་པའི་ཆོས་ཅན་ཡིན་པའི་ཕྱིར། འདི་ལ་མི་མཁས་པ་དག་ན་རེ། བུམ་པ་དང་གཅིག་ཏུ་ཐལ། བུམ་པའི་ལྡོག་པ་ཡིན་པའི་ཕྱིར། ཞེས་ཟེར་རོ། །འོ་ན་ཁྱོད་རང་ལྟར་ན་ཡང༌། རྟ་མིན་པ་ཆོས་ཅན། བ་ལང་དང་གཅིག་ཏུ་ཐལ། དེའི་ལྡོག་པ་ཡིན་པའི་ཕྱིར་ཏེ། དེ་ལའང་གཞན་ལས་ལོག་པ་དང༌། ཞེས་པའི་དོན་ཁྱོད་ཀྱིས་འཆད་དགོས་པས་སོ། །ཡང་སྤྱི་ལ་དབྱེ་ན། རིགས་སྤྱི་དང་ཚོགས་སྤྱི་གཉིས། ཕྱི་མ་སྐབས་འདིར་མཚན་ཉིད་པ་མ་ཡིན་ནོ། །ཡང་མིང་སྤྱི་དང་དོན་སྤྱི་གཉིས། གཉིས་ཀ་སྐབས་འདིར་མཚན་ཉིད་པ་ཡིན་མོད། དོན་སྤྱིར་མ་འདུས་པ་ནི་མེད་དེ། མཚོན་བྱའི་ཁྱད་པར་དེ་དང་དེའི་མཚན་མ་རྟོག་པ་ལ་ཤར་བ་ལ་མིང་སྤྱི་ཞེས་བཏགས་པའི་ཕྱིར། ཡང་བྱེ་བྲག་ལ་དབྱེ་ན་མཚན་ཉིད་པ་ལྡོག་པ་གཉིས་ཚོགས་དང༌། བཏགས་པ་ལོག་པ་གཉིས་ཚོགས་སོ། །དང་པོ་ནི། རྟོག་ངོར་སྤྱིར་བུམ་པ་མིན་པ་ལས་ཀྱང་ལོག ཁྱད་པར་གསེར་བུམ་མིན་པ་ལས་ཀྱང་ལོག་ཙམ་གྱི་ལྡོག་པ་གཞན་སེལ་དེའོ། །གཉིས་པ་ནི། གསེར་བུམ་རང་མཚན་པ་ལྟ་བུའོ། །འདི་བྱེ་བྲག་མཚན་ཉིད་པ་མིན་ཏེ། ཇི་སྐད་དུ། དེ་ནི་སྤྱི་དང་ཁྱད་པར་གྱི། །རྣམ་སོགས་སྤྱིར་ཡང་གཟུང་བྱ་མིན། །ཞེས་གསུངས་པས་སོ། །རིགས་པའི་གཏེར་ལས། ཐད་ཀ་དང་ནི་གོང་མ་ཡི། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད། །ཐད་ཀའི་བྱེ་བྲག་རྫས་ཐ་དད། །གོང་མའི་བྱེ་བྲག་གཅིག་པ་བཀག །ཅེས་གསུངས་པ་ནི་ངོས་འཛིན་གྱི་ཚུལ་རྟོགས་པར་སླ་མོད། འདི་རང་གི་ལུགས་སུ་ཞལ་གྱིས་བཞེས་པ་མིན་ཏེ། ཕྱོགས་གླང་ཡབ་སྲས་གཉིས་ཀྱི་གཞུང་འགྲེལ་ལས། ཐ་སྙད་འདི་མི་འབྱུང་བའི་ཕྱིར། འོན་ཀྱང་རིགས་པ་ཅན་པའི་འདོད་པའི་ཚད་མ་རྒྱན་དུ་བཤད་པ་དེ་ཉིད་འདིར་ཞར་ལ་བཀོད་པ་ཡིན་ནོ། །ཞེས་ཕྱོགས་གླང་གསར་མར་གྲགས་པའི་སློབ་དཔོན་ཏེ་རབས་བཤད་པ་ལྟར་ལེགས་སོ། །ཡང་འདི་དཔྱད་དགོས་ཏེ། ཁྱོད་ཆོས་དེའི་སྤྱི་ཡིན་ན། །ཆོས་དེ་ཁྱོད་ཡིན་དགོས་སོ་ཞེས་པ་དང༌། ཁྱོད་ཆོས་དེའི་བྱེ་བྲག་ཡིན་ན། ཁྱོད་ཆོས་དེ་ཡིན་དགོས་སོ་ཞེས་ཕྱི་རབས་པ་ཐམས་ཅད་ལ་གྲགས་ཤིང༌། གྲགས་པ་ལྟར། མཁས་རློམ་ཐམས་ཅད་ཀྱང་འདིའི་རྗེས་སུ་འབྲང་བར་བྱེད་དོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། བདག་དང་གཙོ་བོ་དང་རི་བོང་གི་རྭ་ལ་སོགས་པའི་གཞན་སེལ་ཆོས་ཅན། དེ་དང་དེ་དག་ཁྱོད་ཡིན་པར་ཐལ། ཁྱོད་དེའི་སྤྱི་ཡིན་པའི་ཕྱིར་ཏེ། ཁྱོད་དེ་དང་དེའི་གཞན་སེལ་ཡིན་པའི་ཕྱིར་དང༌། དེའི་སྒྲ་དོན་ཡིན་པའི་ཕྱིར། མ་གྲུབ་ན་གཙོ་བོའི་སྒྲ་དོན་དེ་དངོས་པོར་མེད་པ་ལ་བརྟེན་པའི་གཞན་སེལ་དུ་བཤད་པ་ཇི་ལྟར་དྲང༌། གལ་ཏེ་དེ་དང་དེའི་གཞན་སེལ་དང་སྒྲ་དོན་གྱི་རང་ལྡོག་ནས། དེ་རྣམས་ཀྱི་གཞན་སེལ་དུ་ཁས་མི་ལེན་ནོ་ཞེ་ན། དེ་ལྟ་ནའང་གྲངས་ཅན་གྱི་བདག་དང་གཙོ་བོ་ཡོད་ཅེས་ཁས་བླངས་པ་དེའི་ཚེ། རྟོག་ངོར་ཡོད་པ་མིན་པ་རྣམ་པར་བསལ་ཙམ་ལ་ཡོད་པར་སྒྲོ་བཏགས་པའི་བཏགས་ཆ་དེ་ཆོས་ཅན། དེ་རྣམས་ཁྱོད་ཡིན་པར་ཐལ། ཁྱོད་དེའི་གཞན་སེལ་ཡིན་པའི་ཕྱིར། གཞན་ཡང་འདི་ལྟར། མི་རྟག་པའི་ལྡོག་པ་དང༌། མི་རྟག་པའི་མཚན་ཉིད་དང༌། མི་རྟག་པའི་མཚན་གཞི་དང༌། མི་རྟག་པ་དང་འགལ་བ་དང་འབྲེལ་བ་དང༌། དེ་དང་གཅིག་ཡིན་པ་དང༌། གཅིག་མིན་ལ་སོགས་པ་དང༌། མདོར་ན་ཁྱད་གཞི་མི་རྟག་པའི་སྟེང་དུ། སྒྲ་དང་རྟོག་པ་དོན་མཐུན་གྱི་བཞག་པའི་བློ་ཆོས་ཇི་སྙེད་པ་རྣམས་ཆོས་ཅན། མི་རྟག་པ་ཁྱོད་ཡིན་པར་ཐལ། ཁྱོད་དེའི་སྤྱི་དང་གཞན་སེལ་ཡིན་པའི་ཕྱིར་ཏེ། ཁྱོད་ཅེས་བརྗོད་པའི་སྒྲ་དེ་དེ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་དང༌། མི་རྟག་པ་ཞེས་བརྗོད་པའི་སྒྲ་དེ་ཁྱོད་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཡང་དམ་བཅའ་གཉིས་པ་ལ་རིགས་པ་དང་འགལ་བ་དང༌། ཁས་བླངས་ནང་འགལ་བ་གཉིས་སོ། །དང་པོ་ནི། ལྡོག་པ་གཉིས་ཚོགས་ཀྱི་ངོ་བོར་གྱུར་པའི་གསེར་བུམ་གྱི་རང་ལྡོག་ཆོས་ཅན། ཁྱོད་ལྡོག་པ་གཅིག་རྐྱང་གི་ངོ་བོར་གྱུར་པའི་གསེར་བུམ་གྱི་ལྡོག་པ་ཡིན་པར་ཐལ། ཁྱོད་དེའི་བྱེ་བྲག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ལ་ལྟོས་པའི་གཞི་མཐུན་ཡིན་པའི་ཕྱིར། བདག་དང་གཙོ་བོ་དང་མོ་གཤམ་གྱི་བུ་ལ་སོགས་པའི་སྟེང་དུ་རྟོག་པ་དོན་མཐུན་གྱི་ཤེས་བྱ་དང༌། གཞལ་བྱ་ལ་སོགས་པ་རྣམ་པར་བསལ་ཙམ་དེ་ཆོས་ཅན། ཁྱོད་བདག་དང་གཙོ་བོ་ལ་སོགས་པའི་སྟེང་དུ་རྟོག་པ་དོན་མཐུན་གྱིས་བདག་དང་གཙོ་བོ་ལ་སོགས་པ་མིན་པ་རྣམ་པར་བསལ་ཙམ་གྱི་ཆོས་སྒྲོ་བཏགས་དེར་ཐལ། ཁྱོད་དེ་དང་དེའི་བྱེ་བྲག་ཡིན་པའི་ཕྱིར་ཏེ། ཁྱོད་དེ་ལ་ལྟོས་པའི་ལྡོག་པ་གཉིས་ཚོགས་དང༌། དེ་ཁྱོད་ལ་ལྟོས་པའི་ལྡོག་པ་ཆིག་རྐྱང་ཡིན་པའི་ཕྱིར། མདོར་ན་བྱེ་བྲག་ཅེས་བྱ་བ་འདི་ནི་རྫས་སོ་སོ་བ་རྣམས་ལ་ཟེར་བ་མ་ཡིན་གྱི། རྫས་གཅིག་པ་དེའི་སྟེང་དུ་བརྗོད་བྱེད་ཀྱི་སྒྲ་དང༌། རྟོག་པ་དོན་མཐུན་གྱི་ལྡོག་པ་མང་པོར་ཕྱེ་བ་དེའི་ཚེ་ན། ལྡོག་པ་སོ་སོ་བ་དེ་རྣམས་ལ། བྱེ་བྲག་ཅེས་བྱ་ལ། རྫས་དེའི་སྟེང་དུ་དེ་མིན་རྣམ་པར་བསལ་ཙམ་གྱི་ལྡོག་པ་གཅིག་པོ་དེ་ལ་སྤྱི་ཞེས་བྱ་བ་ཡིན་ནོ། །དེ་ལས་གཞན་དུ་རྫས་ཀྱི་ཁྱད་པར་སོ་སོ་བ་རྣམས་བྱེ་བྲག་ཡིན་ནོ། །ཞེས་བྱ་བ་འདི་ནི་མུ་སྟེགས་བྱེ་བྲག་པའི་ལུགས་བླ་ན་མེད་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་གཅིག་གཞན་གནས་པའི་ཕྱིར། །མང་པོ་དག་ལའང་མཉན་པ་གཅིག །ཅེས་སོགས་རྒྱས་པར་འབྱུང་བ་བཞིན་ནོ། །གསུམ་པ་དེའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ལ། སྤྱི་གསལ་གྱི་རྣམ་གཞག་ཁས་ལེན་པའི་ཏོག་གེ་པ་ནི་གསུམ་སྟེ། བྱེ་བྲག་པ་དང༌། གྲངས་ཅན་པ་དང༌། ཆོས་འདི་པའི་རྟོག་གེ་པའོ། །དང་པོའི་འདོད་ཚུལ་ནི། ཤེས་བྱ་ཐམས་ཅད་ཚིག་གི་དོན་དྲུག་ཏུ་འདུ་བ་ཡིན་ཏེ། ཇི་སྐད་དུ། དེའི་གཞུང་ལས། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་བཤད་དོ། །དེ་ལ་རྫས་ནི་གཉིས་ཏེ། རྟག་པའི་རྫས་དང༌། མི་རྟག་པའི་རྫས་སོ། །དང་པོ་ནི། འབྱུང་བ་ལྔ་དང༌། དུས་ཕྱོགས་བདག་ཡིད་ཅེས་པའི་རྫས་དགུ་ཡོད་པའི་ནང་ནས་ནམ་མཁའ་ལ་སོགས་པ་ལྔ་དང༌། འབྱུང་བ་བཞིའི་རྡུལ་ཕྲ་མོ་ནི། རྟག་པའི་རྫས་དང་ཐམས་ཅད་དུ་སོང་བ་མིན་པ་ཞེས་བྱ། དེས་བརྩམས་པའི་རིགས་པ་ཡན་ལག་ཅན་ནི་མི་རྟག་པའི་རྫས་དང༌། རང་གི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཞེས་བྱའོ། །ཡོན་ཏན་ནི་ཉི་ཤུ་རྩ་བཞི་སྟེ། ཐམས་ཅད་ཀྱང་རྫས་ཀྱི་ཁྱད་པར་ཡིན་ནོ། །དེ་ཡང་གཟུགས་ནི་ས་དང་ཆུ་དང་མེའི་ཡོན་ཏན་ནོ། །རོ་ནི་ས་དང་ཆུ་ལ་གནས་པའི་ཡོན་ཏན་ནོ། །དྲི་ནི་སའི་ཡོན་ཏན་ནོ། །རེག་བྱ་ནི་ས་ཆུ་མེ་རླུང་བཞི་ཀའི་ཡོན་ཏན་ནོ། །སྒྲ་ནི་ནམ་མཁའི་ཡོན་ཏན་ནོ། །གྲངས་ལ་སོགས་པ་བདུན་ནི་དུས་དང་ཕྱོགས་ཀྱི་ཡོན་ཏན་ནོ། །མིག་ལ་སོགས་པ་བཅུ་གཉིས་ནི་བདག་གི་ཡོན་ཏན་ནོ། །ལས་ནི་འདེགས་འཇོག་དང་བརྐྱང་བསྐུམ་ལ་སོགས་པའོ། །དེ་ཐམས་ཅད་ཀྱང་མི་རྟག་པའོ། །སྤྱི་ནི་གཉིས་ཏེ། ཡོད་པ་ཉིད་ལ་སོགས་པ་སྤྱི་ཆེན་པོ་དང༌། བ་ལང་ཉིད་དང༌། འབྲས་འཚེད་པ་པོ་ཉིད་ལ་སོགས་པ་ཉི་ཚེ་བའི་སྤྱི་གཉིས་སོ། །གཉིས་ཀ་ཡང་རྟག་པ་དང༌། གཅིག་པུ་དང༌། གསལ་བ་ལས་ངོ་བོ་ཐ་དད་པ་དང༌། དངོས་པོ་ཡིན་པར་འདོད་དོ། །བྱེ་བྲག་པ་སྤྱི་གསལ་རྫས་ཐ་དད་དུ་འདོད་པར་གྲགས་མོད། དེས་ཁས་བླངས་པའི་གྲུབ་མཐའ་ནི་མིན་ཏེ། དེས་དེ་རྫས་སུ་མ་གྲུབ་པར་སྨྲ་བའི་ཕྱིར། སྤྱི་དེ་ཡང་གཟུགས་ཅན་མིན་པར་སྨྲ་བ་ཡིན་ཏེ། ཇི་སྐད་དུ། ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། །ཅེས་གསུངས་སོ། །དེ་ལྟ་བུའི་སྤྱི་དེ་གསལ་བ་ལས་དངོས་པོ་ཐ་དད་དུ་ཡོད་པའི་རྒྱུ་མཚན་ནི་གཉིས་ཏེ། བ་ལང་གི་བ་ལང་ཉིད་ཅེས་པ་ལྟ་བུ་དྲུག་པའི་སྒྲ་འཇུག་པ་དང༌། གསེར་བུམ་དང༌། དངུལ་བུམ་ལ་སོགས་པ་རྫས་དུ་མ་ལ་བུམ་པ་ཞེས་པའི་སྤྱི་སྒྲ་གཅིག་འཇུག་པའོ། །བྱེ་བྲག་ནི་རྫས་དང་ཡོན་ཏན་དང༌། ལས་ཏེ་གསུམ་པོའི་ཁྱད་པར་སོ་སོ་ཐ་དད་པ་རྣམས་སོ། །འདི་ལ་མིང་གི་རྣམ་གྲངས་གསལ་བ་ཞེས་ཀྱང་བྱ་སྟེ། སྤྱི་གསལ་བར་བྱེད་པའི་ཕྱིར། འདིར་ལྷ་དབང་ཕྱུག་ཆེན་པོ་གྲུབ་པའི་དྲང་སྲོང་ནི་གཉིས་ཏེ། རྐང་མིག་དང༌། གཟེགས་ཟན་ནོ། །དང་པོའི་རྗེས་སུ་འཇུག་པ་ནི་རིགས་པ་ཅན་པའོ། །གཉིས་པའི་རྗེས་སུ་འཇུག་པ་ནི་བྱེ་བྲག་པའོ། །འདི་ལ་གཉིས་ཏེ་གཟེགས་ཟན་གྱི་སློབ་མ་དཔེ་ཐར་ར་དང༌། དཔེ་ལུ་ཁའོ། །དཔེ་ཐར་ར་ནི་གསལ་བ་ཡོད་པ་ན་སྤྱི་ཡོད། མེད་པ་ན་མེད་པར་འདོད་དོ། །དཔེ་ལུ་ཁ་ནི་གསལ་བ་ཡོད་མེད་ཀྱི་ཡུལ་དུས་ཀུན་ན་སྤྱི་ཡོད་པར་འདོད་དོ། །དྲུག་པ་འདུ་བ་ནི། ཁྱད་པར་ཅན་རྫས་དང་ཁྱད་པར་ཡོན་ཏན་ལ་སོགས་པ་བཞི་པོ་ཕན་ཚུན་དུ་སྦྲེལ་བར་བྱེད་པའི་ཐག་པ་ལྟ་བུ་ཞིག་ཡིན་པར་འདོད་ལ། བྱེ་བྲག་ཏུ་སྨྲ་བའི་ཐོབ་པ་ཡང་འདོད་པ་འདི་དང་རྗེས་སུ་མཐུན་ནོ། །དེ་ཡང་རྫས་བུམ་པ་དང༌། དེའི་ཡོན་ཏན་ལ་སོགས་པ་བཞི་དོན་གཞན་དུ་ཡོད། རང་གི་ཡན་ལག་རྡུལ་རྫས་བཞི་པོ་དང༌། དོན་གཞན་དུ་ཡོད་ཀྱང་འབྲེལ་མེད་མིན་ཏེ། འདུ་བའི་ཐག་པས་སྦྲེལ་བའི་ཕྱིར། །དེའི་ཚུལ་ཡང་བུམ་པའི་གཟུགས། །ཞེས་བརྗོད་པའི་ཚེ་ཡོན་ཏན་དང་སྦྲེལ། བུམ་པའི་བུམ་པ་ཉིད་བརྗོད་པའི་ཚེ་སྤྱི་དང་སྦྲེལ། བུམ་པ་འདེགས་སོ་འཇོག་གོ་ཞེས་བརྗོད་པའི་ཚེ་ལས་དང་སྦྲེལ། ཤར་ནུབ་ཀྱི་བུམ་པ་རྫས་ཐ་དད་དོ་ཞེས་དང༌། དུས་གསུམ་གྱི་བུམ་པ་གཅིག་པ་བཀག་པའི་ཐ་དད་དོ་ཞེས་བརྗོད་པ་དེའི་ཚེ་བྱེ་བྲག་དང་སྦྲེལ་བར་བྱེད་དོ། །དེ་ཡང་རྫས་དང༌། ཡོན་ཏན་དང༌། ལས་གསུམ་གྱི་སོ་སོ་ཐ་དད་པའི་ཆ་རྣམས་བྱེ་བྲག་ཏུ་ཁས་ལེན་པ་ཡིན་གྱི། རྫས་དང་ཡོན་ཏན་ལས་གསུམ་གྱི་ངོ་བོ་སྡོམ་ནས་བྱེ་བྲག་ཏུ་ཁས་ལེན་པ་མིན་ཏེ། ཚིག་གི་དོན་དྲུག་པོ་ཕན་ཚུན་ཡིན་པར་འགལ་བའི་ཕྱིར། འོ་ན་རྫས་ཀྱི་ངོ་བོར་གྱུར་པའི་བ་ལང་དཀར་ཟལ་དེ་ཉིད་བ་ལང་གི་བྱེ་བྲག་ཏུ་ཁས་ལེན་པ་མིན་ནམ། ཇི་ལྟར་ན་རྫས་ཉིད་བྱེ་བྲག་ཏུ་མི་འདོད་ཅེ་ན། དེ་ནི་འདི་ལྟར། བ་ལང་དཀར་ཟལ་དང་བྱེ་བྲག་གཉིས་དོན་གཞན་དུ་འདོད་པ་མིན་ཏེ། དེ་དེ་ཡིན་ནོ་ཞེས་བརྗོད་པའི་སྒྲ་འཇུག་པའི་རྒྱུ་དོན་གཞན་དུ་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ན་ལུགས་འདི་ལ་ཚིག་གི་དོན་དྲུག་པོ་རྫས་དང་དངོས་པོ་གཉིས་སུ་འགྱུར་ཏེ། རྫས་ནི་ཚིག་གི་དོན་དང་པོ་ཁོ་ནའོ། །དངོས་པོ་ནི། ཚིག་གི་དོན་ལྷག་མ་བཞིའོ། །དེ་གཉིས་སྦྲེལ་བར་བྱེད་པ་ནི་འདུ་བའོ། །དེ་ལྟར་ན་རྫས་ནི་ཆོས་ཅན་ན། ཡོན་ཏན་ལ་སོགས་པ་བཞི་ནི་ཆོས་སོ། །དེ་བརྗོད་པའི་སྒྲ་གཉིས་ནི་ཆོས་དང༌། ཆོས་ཅན་བརྗོད་པའི་སྒྲའོ། །དེ་ལྟར་བཤད་པ་ནི་ལུགས་འདི་ལ་ཡང་བྱེ་བྲག་ནི་ཁྱད་པར་གྱི་ཆོས་ཁོ་ན་ཡིན་གྱི། ཁྱད་པར་ཅན་དང་ཆོས་ཅན་དུ་མ་བཤད་དོ། །དེའི་ཕྱིར་ལུགས་འདི་ལ་སྤྱི་གསལ་རྫས་ཐ་དད་ཡིན་ཞེས་པ་དང༌། བྱེ་བྲག་རྣམས་ནང་ཕན་ཚུན་རྫས་ཐ་དད་ཡིན་ནོ་ཞེས་པ་དང༌། སྤྱི་རྟག་རྫས་སུ་ཁས་ལེན་ནོ་ཞེས་དང༌། རྗོད་བྱེད་ཀྱི་སྒྲ་འཇུག་པ་བརྗོད་བྱ་རྫས་གཞན་ལ་ལྟོས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་བྱེ་བྲག་པའི་འདོད་པ་མིན་པར་གསལ་ལོ། །དེ་དགག་པ་ལ་ཡན་ལག་དང་ཡན་ལག་ཅན་རྫས་གཞན་དུ་འདོད་པ་དགག རྫས་དང་སྤྱི་སོགས་ཁྱད་པར་རྣམས་དངོས་པོ་ཐ་དད་དུ་འདོད་པ་དགག རྗོད་བྱེད་ཀྱི་སྒྲ་འཇུག་པ་བརྗོད་བྱ་དོན་གཞན་ལ་ལྟོས་པ་དགག དེ་ལྟར་བཀག་པ་ལ་ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱི་རྣམ་དབྱེ་མི་རུང་བར་ཐལ་བའི་རྩོད་པ་སྤང་བ་དང་བཞིའི་སྒོ་ནས་འཆད་པ་ནི། རྣམ་འགྲེལ་མཛད་པའི་གཞུང་ལས་རྒྱས་པར་གསལ་ཞིང༌། འདིར་སྐབས་སུ་བབ་པ་ནི་སྤྱི་བྱེ་བྲག་རྫས་ཐ་དད་པ་དང༌། སྤྱི་གསལ་རྫས་ཐ་དད་ཅེས་པ་ནི་བྱེ་བྲག་པས་ཁས་མ་བླངས་ལ། རྫས་བུམ་པ་མངོན་སུམ་ལ་སྣང་རུང་དེ་དང༌། བུམ་པ་ཉིད་ཅེས་བྱ་བ་མངོན་སུམ་ལ་སྣང་དུ་མི་རུང་བ་དབྱིབས་དང་ཁ་དོག་དང་བྲལ་བ་དེ་ངོ་བོ་ཐ་དད་འདུ་བ་ཞེས་བྱ་བའི་མིང་ཅན་ཐག་པ་ལྟ་བུས་སྦྲེལ་བར་འདོད་པ་དེ་འདིར་འགོག་པ་ཡིན་ནོ། །དེ་འགོག་བྱེད་ཀྱི་རིགས་པ་ལ་རྣམ་འགྲེལ་དུ། དེ་གཉིས་འབྲེལ་མེད་དུ་ཐལ་བས་བཀག་པར་མཛད་པ་ཤ་སྟག་ཏུ་སྣང་ལ། རིགས་པའི་གཏེར་ལས། ཐ་དད་སྣང་རུང་མེད་པས་ཁེགས། །ཞེས་གསུངས་ལ། དེའི་དོན་སྤྱི་གསལ་དངོས་པོ་ཐ་དད་དུ་ཡོད་ན། ཐ་དད་དུ་ཚད་མ་ལ་སྣང་དགོས་པ་ལས་མི་སྣང་བའི་ཕྱིར། ཞེས་པའི་དོན་ཡིན་གྱི། སྤྱི་ཆོས་ཅན། དངོས་པོར་གྲུབ་པ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་ཞེས་བཀོད་ན་བྱེ་བྲག་པའི་ངོ་བོར་ཕྱོགས་ཆོས་འགྲུབ་པར་དཀའོ། །ཡང་ཡོད་པ་ཉིད་ཅེས་བྱ་བའི་སྤྱི་དེ་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡང་བྱེ་བྲག་པའི་རྩ་བའི་འདོད་པ་མིན་ཏེ། ཇི་སྐད་དུ། ཇི་ལྟར་རིགས་ལ་རིགས་མེད་ཕྱིར། །ཞེས་པ་དེའི་འདོད་པ་འཆད་བྱེད་ཡིན་པས་སོ། །གཉིས་པ་གྲངས་ཅན་གྱི་འདོད་པ་ནི། ཤེས་བྱ་ཐམས་ཅད་བདག་དང་གཙོ་བོ་གཉིས་སུ་འདུས་སོ། །བདག་ནི་སུས་ཀྱང་བྱས་པ་མིན་ཞིང༌། དེས་ཀྱང་ཅི་ཡང་མི་བྱེད་ཀྱི། ཟབ་པོ་དང༌། རྟག་པ་གཅིག་པུ་དང་ཤེས་པ་དང་རིགས་པའི་ངོ་བོར་གནས་སོ། །གཉིས་པ་ལ་རང་བཞིན་རྒྱུའི་གཙོ་བོ་དང༌། རྣམ་འགྱུར་འབྲས་བུའི་གཙོ་བོ་གཉིས་སོ། །དང་པོ་ནི། རྡུལ་མུན་པ་སྙིང་སྟོབས་གསུམ་སྟེ་དུག་གསུམ་ཆ་མཉམ་པ་མི་གསལ་བའི་ངོ་བོར་གནས་པ། ནམ་མཁའ་ལྟ་བུ་ཞིག་ཡིན་ལ། མིང་གི་རྣམ་གྲངས་ནི་རང་བཞིན་དང༌། གཙོ་བོ་དང༌། ནུས་པ་དང༌། མི་གསལ་བ་ཞེས་བྱའོ། །དེ་ཉིད་ཁོ་ན་དོན་དམ་པའི་བདེན་པ་དང༌། གསལ་བ་རྣམས་ནི་སྒྱུ་མ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལྟ་བུའི་གཙོ་བོ་ཁུག་མ་ལྟ་བུ་དེའི་ནང་ན་བདག་ཤེས་རིག་གི་སྐྱེས་བུ་དེ། འཁོར་བ་དང་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་དུ་གནས་ལ། དེ་ཡང་འཁོར་བའི་ཚེ་རྣམ་འགྱུར་ཀུན་ལ་ལོངས་སྤྱོད་འདོད་ཀྱི་བློ་སྐྱེ་ཞིང༌། དེ་སྐྱེས་པ་ན། རྣམ་འགྱུར་སྣ་ཚོགས་སྤྲུལ་བར་བྱེད་པ་ནི་གཙོ་བོ་ཁོ་ན་ཡིན་ལ། ཟབ་པོ་ནི་བདག་ཁོ་ན་ཡིན་ཏེ། དཔེར་ན་ལོང་བས་གྲུམ་པོ་འཁུར་ནས་གཟུགས་སྣ་ཚོགས་ལ་ལྟ་བར་བྱེད་པ་བཞིན་ནོ། །དེ་ལྟར་གཙོ་བོས་རྣམ་འགྱུར་སྣ་ཚོགས་སྤྲུལ་པའི་ཚུལ་ལ་གཉིས་ཏེ། གྲངས་ཅན་ལྷག་མེད་པ་ཞེས་གྲགས་པ་རྣམས་ནི་གཙོ་བོ་ཁོ་ནས་བྱས་པར་འདོད། ལྷག་བཅས་པ་རྣམས་ནི་གཙོ་བོའི་སྟེང་ན་ནུས་པ་ཡོད་ཀྱང་དེ་ལས་མངོན་པར་གསལ་བ་ནི་དབང་ཕྱུག་གིས་བྱས་པར་འདོད། དེ་ཡང་དེ་ལས་དེ་ཇི་ལྟར་འབྱུང་བའི་ཚུལ་ནི། རང་བཞིན་ལས་ཐོག་མར་བློ་མེ་ལོང་ངོས་གཉིས་པ་ལྟ་བུ་དེ་འབྱུང་ལ། དེའི་མིང་གི་རྣམ་གྲངས་ནི། བློ་དང༌། ཆེན་པོ་དང༌། ནང་གི་བྱེད་པ་པོ་ཞེས་ཀྱང་བྱའོ། །དེ་ལ་ཕྱི་རོལ་ནས་ཡུལ་གྱི་གཟུགས་བརྙན་འཆར་ཞིང༌། ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་ལ། གཟུགས་བརྙན་གཉིས་པོ་དེར་ཚོགས་པ་དེ་ལ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་ཞེས་བྱའོ། །བློ་ལ་ཤར་བའི་ཡུལ་དེ་དག་ནི་མངོན་གྱུར་ཡིན་ལ། དེ་ལ་མ་ཤར་བར་ཕྱི་རོལ་ན་གནས་པ་དེ་དག་ནི་ལྐོག་ཏུ་གྱུར་པའི་མཚན་གཞིའོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་བློ་དེ་ལས་ངའོ་སྙམ་པའི་ང་རྒྱལ་སྐྱེའོ། །དེ་ལ་གསུམ་སྟེ། སྙིང་སྟོབས་ཤས་ཆེ་བའི་ང་རྒྱལ་རྣམ་འགྱུར་ལས་གྱུར་པ་དང༌། མུན་པ་ཤས་ཆེ་བའི་ང་རྒྱལ་འབྱུང་བ་ལས་གྱུར་པ་དང༌། གཡོ་ཤས་ཆེ་བའི་ང་རྒྱལ་རྡུལ་ལས་གྱུར་པའོ། །དེ་ལྟར་དང་པོ་དེ་ལས་དབང་པོ་བཅུ་གཅིག གཉིས་པ་ལས་དེ་ཙམ་ལྔ། དེ་ལས་འབྱུང་བ་ལྔ་སྐྱེས་ཏེ། སྒྲ་དེ་ཙམ་ལས་ནམ་མཁའ་སོགས་སྐྱེ་བའི་ཕྱིར། ང་རྒྱལ་གསུམ་པས་ནི། སྔ་མ་གཉིས་ཀའི་གྲོགས་བྱས་ནས་འབྲས་བུ་སྡེ་ཚན་གཉིས་ཀ་བསྐྱེད་དོ། །དཔེར་ན། བྲམ་ཟེ་ཞིག་ལ་ཆུ་མ་བྲམ་ཟེ་མོ་གཉིས་དང་འབངས་མོ་གཅིག་དང་གཉིས་ཡོད་ལ། དང་པོ་ལས་བུ་བཅུ་གཅིག་དང༌། གཉིས་པ་ལས་བུ་ལྔ་བཙས་པ་ལྟ་བུའོ། །དེའི་ཚེ་བྲམ་ཟེ་ལྟ་བུ་དེ་ནི་ང་རྒྱལ་གསུམ་པ་ཡིན་ལ། ང་རྒྱལ་དང་པོ་གཉིས་དང་ཆུ་མ་གཉིས་དཔེ་དོན་དུ་སྦྱར་ཞིང༌། བུ་རྣམས་དང་རྣམ་འགྱུར་དཔེ་དོན་དུ་སྦྱར་རོ། །དེ་ལས་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པ་དེའི་ཚེ། གཙོ་བོ་སྐྱེངས་ནས་རྣམ་འགྱུར་ཐམས་ཅད་རང་ལ་བསྡུས་པར་གྱུར་པ་དེའི་ཚེ་ཐར་པ་ཐོབ་པ་ཞེས་བྱ་ལ། ཐར་པ་ཡང་དེ་དུས་ཀྱི་གཙོ་བོ་ཁོ་ན་ལ་བྱ་བ་ཡིན་ཏེ། བདག་ནི་འཁོར་འདས་ཀྱི་བྱ་བ་གཉིས་ཀ་དང་མི་ལྡན་པའི་ཕྱིར་དང༌། བཅིངས་གྲོལ་གྱི་རྟེན་ཡིན་པའི་ཕྱིར། དེ་ལྟར་གཙོ་བོ་ལས་རྣམ་འགྱུར་རྣམས་གསལ་བར་བྱུང་བ་དེའི་ཚེ་ན་ནི་སྐྱེས་པ་ཞེས་ཀྱང་བྱ། སླར་ཡང་གཙོ་བོའི་ངང་དུ་ཐིམ་པ་དེའི་ཚེ་ཞིག་པ་ཞེས་བྱ་བ་ཡིན་གྱི། སྔར་མེད་གསར་དུ་སྐྱེ་བ་དང་ཡོད་པ་གཏན་ཟློག་གི་འཇིག་པ་མི་འདོད་དོ། །དེ་ལྟར་རང་བཞིན་གཙོ་བོ་གཅིག་པུ་དེ་ལ་གནས་སྐབས་གསུམ་སྟེ། རྒྱུའི་གཙོ་བོ་ནུས་པའི་ངོ་བོར་གནས་པ་དང༌། འབྲས་བུའི་གཙོ་བོ་རྣམ་འགྱུར་སྣ་ཚོགས་ཀྱི་ངོ་བོར་གནས་པ་དང༌། གྲོལ་བ་ཐོབ་པ་ཐར་པའི་ངོ་བོར་གནས་པའི་གཙོ་བོ་དང་གསུམ་མོ། །དེ་ལྟར་གསུམ་གྱི་ནང་ནས། གཙོ་བོ་དང་པོ་དེ་རྣམ་འགྱུར་སྣ་ཚོགས་པ་རྣམས་དང་དངོས་པོ་གཅིག་པ་ཡིན་ཞིང༌། གཅིག་ཤོས་ཀྱང་དེ་དང་དངོས་པོ་གཅིག་པ་ཡིན་ནོ། །རྣམ་འགྱུར་རྣམས་ཀྱང་གནས་སྐབས་ཐ་དད་ཅིང་རང་བཞིན་གཅིག་པ་ཁོ་ན་སྟེ། མེ་ཐམས་ཅད་ཚ་བའི་རང་བཞིན་ཅན་ཡིན་པ་བཞིན་ནོ། །དེ་ལྟར་ན་སྤྱི་གསལ་གཉིས་རང་བཞིན་དང་དངོས་པོ་དང་ངོ་བོ་གཅིག་པ་ཞེས་བྱ་བ་ཡིན་གྱི། རྫས་གཅིག་པ་ཞེས་བྱ་བ་ནི་ལུགས་འདི་ལ་ཡང་ཡོད་པར་དཀའ་སྟེ། རྣམ་འགྱུར་རྣམས་སྒྱུ་མ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པར་འདོད་པའི་ཕྱིར་དང༌། རྫས་གཅིག་ཡིན་ཞེས་གྲངས་ཅན་པ། ཞེས་གསུངས་པ་ནི་བོད་སྔ་མ་རྣམས་ཀྱིས་དངོས་པོ་གཅིག་པ་དང༌། རྫས་གཅིག་པ་ལ་ཁྱད་པར་མི་འབྱེད་པས་དེ་དང་ཐ་སྙད་བསྟུན་ནས་གོ་བདེ་བར་མཛད་པའོ། །གྲངས་ཅན་གྱི་གཙོ་བོ་ཡོད་པའི་སྒྲུབ་བྱེད་ནི། ཁྱད་པར་ཚད་ཡོད་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །རང་བཞིན་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བ་ནི་རྒྱུར་ཡོད་དོ། །ཞེས་གཏན་ཚིགས་ལྔ་བཀོད་ཀྱང༌། སྒྲུབ་བྱེད་ཀྱི་གཙོ་བོ་ནི་རྣམ་འགྱུར་དུ་མ་ཚོགས་ནས་འབྲས་བུ་གཅིག་བསྐྱེད་པའི་ཕྱིར་ཞེས་པ་འདི་ཡིན་ལ། གཉིས་པ་དེ་དགག་པ་ལ་ཕྱོགས་གླང་ཞབས་ཀྱིས། གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་ཞེས་གསུངས་སོ། །རྣམ་འགྲེལ་མཛད་པས། སྒྲུབ་བྱེད་ལ་གཏན་ཚིགས་ཀྱི་སྐྱོན་གསུམ་དང༌། བསྒྲུབ་བྱ་ལ་ཚད་མའི་བསལ་བ་ཞུགས་ཚུལ་བཞི་བརྗོད་པར་མཛད་དོ། །དང་པོ་ནི་ཇི་སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་གསུངས་པ་རྣམས་སོ། །གཉིས་པ་ལ་ཐམས་ཅད་ཐམས་ཅད་ཀྱི་སྐྱེད་བྱེད་དུ་ཐལ་བ་དང༌། ལྷན་ཅིག་བྱེད་རྐྱེན་དོན་མེད་དུ་ཐལ་བ། གསལ་བ་རྣམས་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ་བ་དང༌། འཇུག་པ་འཆོལ་བར་ཐལ་བའི་ཐལ་འགྱུར་རྣམས་བརྗོད་པར་མཛད་དོ། །རིགས་པའི་གཏེར་ལས་ནི། རྫས་གཅིག་ནའང་སྣང་རུང་མིན། །ཞེས་གསུངས་པ་དེའི་དོན་ནི་སྤྱི་གཙོ་བོ་དང་གསལ་བ་རྣམས་ཆོས་ཅན་ངོ་བོ་དབྱེར་མེད་ཀྱི་གཅིག་མིན་ཏེ། དེར་རང་འཛིན་རྟོག་མེད་ཀྱི་ཤེས་པ་ལ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པའོ། །གཉིས་པ་བོད་རྟོག་གེ་པའི་ལུགས་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། ཕྱཱ་གཙང་ནས་བཟུང་སྟེ་དིང་ས་གི་བར་དུ་ཐམས་ཅད་ཞལ་འཆམ་པར། དངོས་པོ་གཞིར་བཅས་ཀྱི་སྤྱི་དང་བྱེ་བྲག་རྫས་གཅིག་པ་ཡིན་ནོ། །དེ་ཡང་ལ་ལ་ནི། བུམ་པ་ལྟ་བུ་རང་གི་གསལ་བ་གསེར་བུམ་སོགས་དང་རྫས་གཅིག དེ་ཡང་དེ་དང་རྫས་གཅིག་གོ་ཞེས་ཟེར། ལ་ལ་ནི། གསེར་བུམ་བུམ་པ་དང་རྫས་གཅིག་པ་ཡིན་གྱི། བུམ་པ་གསེར་བུམ་དང་རྫས་གཅིག་པ་མིན་ནོ་ཞེས་ཟེར། གཉིས་པ་ལ། འདོད་པ་གཉིས་པ་སུན་འབྱིན་བྱེད་ཀྱི་རིགས་པ་ཁ་བཀང་བ་དང༌། འདོད་པ་དང་པོ་སུན་འབྱིན་བྱེད་ཀྱི་རིགས་པ་གཞུང་བཞིན་བཤད་པའོ། །དང་པོ་ནི། འོ་ན་བུམ་པ་དེ་གསེར་བུམ་དང་རྫས་ཐ་དད་པ་ཡིན་ནམ་རྫས་གཅིག་པ་ཡིན། དང་པོ་ལྟར་ན་སྤྱི་རྫས་གཞན་ཁས་བླངས་པར་སོང་བ་དང༌། རྩ་བའི་དམ་བཅའ་ཉམས་སོ། གཉིས་པ་ལྟར་ན་དངུལ་འབུམ་སོགས་བུམ་པ་མ་ཡིན་པར་ཐལ་བ་དང༌། བུམ་པ་དང་གསེར་བུམ་གྲུབ་བདེ་རྫས་གཅིག་ཏུ་ཐལ་བ་དང༌། རྩ་བའི་དམ་བཅའ་ཉམས་སོ། །གཞན་ཡང་བུམ་པ་ཆོས་ཅན། གསེར་བུམ་ཁྱོད་དང་འབྲེལ་མེད་དུ་ཐལ། ཁྱོད་དང་དེ་གཉིས་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན་ཁྱོད་དེ་ལ་རྗེས་སུ་མི་འགྲོ་བར་ཐལ་བ་དང༌། ཁྱོད་དང་དེ་གཉིས་སྤྱི་གསལ་མིན་པར་ཐལ་ལོ། །ཅི་སྟེ་བུམ་པའི་སྟེང་ན་གསེར་བུམ་དང་རྫས་གཅིག་པའི་ཆ་དང༌། རྫས་ཐ་དད་པའི་ཆ་གཉིས་ཡོད་དོ་ཞེ་ན། འོ་ན་ཆ་གཉིས་པོ་དང་བུམ་པ་རྫས་གཅིག་གམ་ཐ་དད། ཆ་གཉིས་པོ་དེ་ཡང་ནང་ཕན་ཚུན་དུ་རྫས་གཅིག་གམ་ཐ་དད་ཅེས་བརྟག་པར་བྱའོ། །དང་པོ་ལྟར་ན་གསེར་བུམ་དང་རྫས་ཐ་དད་པའི་བུམ་པ་ཆོས་ཅན། ཁྱོད་གསེར་བུམ་དང་རྫས་གཅིག་པར་ཐལ། གསེར་བུམ་དང་རྫས་གཅིག་པར་གྱུར་པའི་བུམ་པ་དང་རྫས་གཅིག་པའི་ཕྱིར། གཉིས་པ་ལྟར་ན་འབྲེལ་མེད་དོན་གཞན་དུ་ཐལ་ལོ། །གཉིས་པའི་དང་པོ་ལྟར་ན་ཡང་ཉེས་པ་སྔ་མ་དེ་ཉིད་དུ་ཐལ་ཞིང༌། གཉིས་པ་ལྟར་ན་བུམ་པ་གཅིག་གི་སྟེང་ན་བུམ་པ་རྫས་གཞན་མང་པོ་ཡོད་པར་འགྱུར་རོ། །གཉིས་པ་ལ། སྤྱི་གཅིག་བྱེ་བྲག་དུ་མ་དང་རྫས་གཅིག་པ་དགག དེ་དུ་མ་དང་རྫས་གཅིག་པ་དགག མཚུངས་པར་སྤྱི་གཅིག་དགག་པའོ། །དང་པོ་ལ། འདི་ལྟར་བརྟག་པར་བྱ་སྟེ། བུམ་གསལ་རྣམས་དང་རྫས་གཅིག་ཏུ་གྱུར་པའི་བུམ་པ་དེ་རྫས་གཅིག་ཡིན་ནམ། རྫས་དུ་མ་ཡིན། དང་པོ་ལྟར་ཡིན་ནོ་ཞེ་ན། དེ་དགག་པ་ལ་སྣང་རུང་མ་དམིགས་པ་རྣམ་པར་བརྟགས་པ་ཧ་ཅང་ཐལ་བའོ། །དང་པོ་ནི། བུམ་གསལ་རྣམས་དང་རྫས་གཅིག་ཏུ་གྱུར་པའི་བུམ་པ་ཆོས་ཅན། གསེར་བུམ་དང་རྫས་གཅིག་མ་ཡིན་ཏེ། གསེར་བུམ་འཛིན་པའི་རྟོག་མེད་ཀྱི་ཤེས་པ་ལ་སྣང་རུང་མ་དམིགས་པའི་ཕྱིར། ཅི་སྟེ་ཁྱབ་པ་མ་ངེས་ཏེ། དེ་ལ་གསེར་བུམ་དང་རྫས་གཅིག་ཡིན་མིན་གྱི་ཆ་གཉིས་ཡོད་དོ་ཞེ་ན། དེ་ལྟ་ན་རྫས་གཅིག་ཡིན་པར་འགལ་ལོ། །གཉིས་པ་ནི། གསེར་བུམ་སྐྱེ་བ་དང་འཇིག་པའི་ཚེ་དེ་ལ་རྗེས་སུ་འགྲོ་བའི་བུམ་པ་དེ་སྐྱེ་འཇིག་བྱེད་དམ་མི་བྱེད། བྱེད་ན། ཡུལ་དུས་ཐ་དད་ཀྱི་བུམ་གསལ་རྣམས་སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ། ཤར་ཕྱོགས་ཀྱི་གསེར་བུམ་ད་ལྟར་བ་སྐྱེ་འཇིག་བྱེད་པའི་ཚེ། དེ་ལ་རྗེས་སུ་འགྲོ་བའི་བུམ་པ་དེ་སྐྱེ་འཇིག་བྱེད། དེ་སྐྱེ་འཇིག་བྱེད་པའི་ཚེ་ནུབ་ཕྱོགས་ཀྱི་དངུལ་བུམ་མ་འོངས་པ་དེ་སྐྱེ་འཇིག་བྱེད་པའི་ཕྱིར། མི་བྱེད་ན་དེ་ཆོས་ཅན། དེ་དང་རྫས་གཅིག་མིན་པར་ཐལ། ཁྱོད་སྐྱེས་པའི་ཚེ་དེ་མ་སྐྱེས། ཁྱོད་འཇིག་པའི་ཚེ་དེ་མི་འཇིག གཅིག་ཤོས་སྐྱེས་པ་དང་འཇིག་པའི་ཚེ་ཡང༌། དེ་སྐྱེས་པ་དང་འཇིག་པ་མིན་པའི་ཕྱིར། འདིར་བོད་ཕྱི་མ་རྣམས་ན་རེ། གྲུབ་བདེ་རྫས་གཅིག་པ་ལ་སྐྱེ་འཇིག་གཅིག་ཆར་དུ་བྱེད་པས་ཁྱབ་ཀྱང༌། སྤྱིར་རྫས་གཅིག་པ་ལ་དེས་མ་ཁྱབ་པ་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་ཡང་སེར་པོ་དང་དེའི་མི་རྟག་པ་ལྟ་བུ་དང༌། སེར་པོ་དང་ཁ་དོག་ཙམ་ལྟ་བུའོ་ཞེས་མཐུན་པར་སྨྲའོ། །འདི་ནི་མ་ཤེས་པ་ཡིན་ཏེ། ལུང་མེད་པ་དང་རིགས་པ་དང་འགལ་བའི་ཕྱིར། དང་པོ་ནི། གཞུང་འགྲེལ་ལས། གྲུབ་པ་དང་བདེ་བ་ཐ་མི་དད་པ་ཞེས་པ་དང༌། རྫས་གཅིག་པ་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་ཀྱི། རྫས་གཅིག་པ་ལ་གྲུབ་བདེ་ཐ་དད་པ་བཤད་པའི་གོ་སྐབས་གཅིག་ཀྱང་མེད་པའི་ཕྱིར། དེ་ཡང་གྲུབ་བདེ་ཐ་དད་ན་རྫས་གཅིག་པར་འགལ་ཏེ། རྣམ་པར་ངེས་པ་ལས། དེ་གྲུབ་ན་མ་གྲུབ་པའམ། རྒྱུ་ཐ་དད་པ་ནི་དེའི་རང་བཞིན་དུ་རིགས་པ་མིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི་འོ་ན་སེར་པོ་དང་ཁ་དོག་ཙམ་རྒྱུ་གཅིག་ལས་སྐྱེས་སམ་ཐ་དད་ལས་སྐྱེས། དང་པོ་ལྟར་ན་ཁ་དོག་ཆོས་ཅན། སེར་པོ་དང་གྲུབ་བདེ་རྫས་གཅིག་པར་ཐལ། སེར་པོ་དང་རྒྱུ་གཅིག་ལས་སྐྱེས། རྫས་སུ་གྲུབ་པའི་ཕྱིར། ཇི་སྐད་དུ། རྒྱུ་མཚུངས་པ་ལས་སྐྱེས་པ་སྟེ། བློ་ལས་ཐ་དད་གང་ལས་ཡིན། །ཞེས་གསུངས། གཉིས་པ་ལྟར་ན་སེར་པོ་ཆོས་ཅན། དེ་དང་དངོས་པོ་ཐ་དད་དུ་ཐལ། དེ་དང་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་ངེས་ལས། དངོས་པོ་རྣམས་ཀྱི་ཐ་དད་པའམ་རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བར་གནས་པའམ་རྒྱུ་ཐ་དད་པའོ། །དེས་ཀྱང་ཐ་དད་པར་མི་འགྲུབ་ན་ནི་འགའ་ཡང་གང་ལས་ཀྱང་ཐ་དད་པ་མེད་པས་རིལ་རྫས་གཅིག་ཏུ་འགྱུར་རོ་ཞེས་གསུངས་པས་སོ། །དེས་ན་སེར་པོ་དང་རྫས་གཅིག་ཏུ་གྱུར་པའི་ཁ་དོག་ཞིག་ཡོད་ན་དེ་ཉིད་སེར་པོ་ལས་གཞན་དུ་མ་འདས་པས། སེར་པོ་དང་གྲུབ་བདེ་གཅིག་པ་ཁོ་ན་ཡིན་པར་ངེས་ཤིང༌། སེར་པོ་མིན་པའི་ཁ་དོག་གི་རྫས་ནི་སྔོན་པོ་དང་དམར་པོ་སོགས་གསལ་བའི་དབྱེ་བ་སོ་སོ་ཐ་དད་པ་རྣམས་ཁོ་ནར་ངེས་ལ། དེ་དག་གང་ཡིན་ཀྱང་སེར་པོ་དང་རྫས་གཅིག་པར་འགལ་བའི་ཕྱིར། དེས་ན་ཁ་དོག་གི་མིང་ཅན་ལ་གཉིས་ཏེ། སེར་པོ་ལ་སོགས་པ་གསལ་བའི་དབྱེ་བ་སོ་སོའི་རྫས་སུ་གྱུར་པ་དང༌། རྟོག་པ་ལ་དེར་སྣང་བ་ལ་དེར་སྒྲོ་བཏགས་པའི་ཆའོ། །དང་པོ་ནི། སེར་པོ་ལ་སོགས་པ་གང་གི་རྫས་སུ་གྱུར་པ་དེ་དང༌། གྲུབ་བདེ་རྫས་གཅིག་པ་ཁོ་ན་ཡིན་ལ། གཉིས་པ་ནི། གཞན་སེལ་ཁོ་ན་ཡིན་པའི་རྫས་སུ་མེད་ཅིང༌། དེ་གཉིས་གང་རུང་དུ་མ་གཏོགས་པའི་ཁ་དོག་རྫས་སུ་གྲུབ་པ་གང་ན་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སེར་པོའི་སྟེང་གི་མི་རྟག་པ་ཞེས་པའི་མིང་ཅན་དེ་ལ་ཡང་གཉིས་ཏེ། སེར་པོའི་དངོས་པོར་གྱུར་པ་དང་གཞན་སེལ་བའི་ཆའོ། །དང་པོ་ལའང་གཉིས་ཏེ། རྫས་ཀྱི་ཆ་སེར་པོའི་ངོ་བོར་གྱུར་པ་གཅིག་དང༌། བཏགས་ཡོད་ཀྱི་ཆ་སྐད་ཅིག་གི་ཕྲེང་བ་འཐུང་པའི་ལྡན་མིན་འདུ་བྱེད་དང་གཉིས་སོ། །དེ་ལྟར་གསུམ་ལས་གཅིག་ནི་དངོས་པོར་མེད་པའི་ཕྱིར། སེར་པོ་དང་གྲུབ་བདེ་རྫས་གཅིག་པར་མི་རུང༌། གཅིག་ནི་དངོས་པོར་གྲུབ་ཀྱང་བཏགས་ཡོད་ཡིན་པའི་ཕྱིར། དེར་མི་རུང༌། གཅིག་པོ་དེ་སེར་པོ་དང་གྲུབ་བདེ་རྫས་གཅིག་ཡིན་མོད། སེར་པོ་ཉིད་ཡིན་པའི་ཕྱིར། སེར་པོའི་མི་རྟག་པ་ཞེས་དྲུག་པའི་སྒྲ་སྟོན་པ་དོན་མེད་དེ་ཆོས་ཅན་རྫས་ཀྱི་སྟེང་དུ་རྫས་ཉིད་ཆོས་བརྗོད་ཀྱི་སྒྲས་སྟོན་པ་ནི་རྣམ་འགྲེལ་མཛད་པའི་ལུགས་མིན་པའི་ཕྱིར་རོ། །གསུམ་པ་ཧ་ཅང་ཐལ་བ་ལ། ཡན་ལག་ཅན་རྫས་གཞན་མི་ཁེགས་པར་ཐལ་བ་དང༌། དབང་ཤེས་རྟོག་བཅས་སུ་ཐལ་བ། འགལ་བ་རྫས་གཅིག་ཏུ་ཐལ་བའོ། །དང་པོ་ནི། བྱེ་བྲག་པས། ཡན་ལག་ཐམས་ཅད་ལ་ཁྱབ་པས་ཡན་ལག་ཅན་རྫས་གཞན་གཅིག་ཡོད་པར་ཁས་བླངས་པ་དང༌། བ་ལང་གི་སྤྱི་ཆ་མེད་དང༌། རང་གི་གསལ་བ་དུ་མ་ལ་འཕྲོད་འདུའི་འབྲེལ་བ་གྲུབ་པར་ཁས་བླངས་པ་ལ་འགོག་བྱེད་ཀྱི་རིགས་པ་ཅི་ཡོད། གལ་ཏེ་སྐྱེས་བུའི་ལུས་ཀྱི་ཚོགས་པ་ཆོས་ཅན། ཆ་མེད་གཅིག་ཏུ་ཡོད་པ་མིན་ཏེ། ཁྱོད་ཀྱི་ཕྱོགས་གཅིག་སྒྲིབས་ལ། ཕྱོགས་གཅིག་མ་སྒྲིབས་པ་དང༌། ཕྱོགས་གཅིག་ཁ་སྒྱུར་ལ། ཕྱོགས་གཅིག་ཁ་མ་སྒྱུར་བ་དང༌། ཕྱོགས་གཅིག་གཡོ་ལ་ཕྱོགས་གཅིག་མི་གཡོ་བའི་ཆ་དུ་མ་དང་བཅས་པའི་ཕྱིར། ཞེས་པའི་རང་རྒྱུད་དང༌། དེ་འཕེན་བྱེད་ཀྱི་ཐལ་བ་གཉིས་ཀྱི་ཡན་ལག་རྫས་གཞན་ལ་གནོད། གང་དུ་མ་དང་འབྲེལ་ན་གཅིག་མིན་པས་ཁྱབ་དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་དང་ཡན་ལག་ཅན་གྱི་རྫས་ཀྱང་གསལ་བ་དུ་མ་དང་འབྲེལ་བར་བྱེ་བྲག་པས་ཁས་བླངས་སོ་ཞེས་བྱ་བའི་ཐལ་བ་དང༌། དེས་འཕངས་པའི་རང་རྒྱུད་ཀྱིས་བ་ལང་གི་སྤྱི་རང་གི་གསལ་བ་དུ་མ་དང་འཕྲོད་འདུའི་འབྲེལ་བ་གྲུབ་པ་ལ་གནོད་པའི་ཕྱིར། རིགས་པ་དེས་དེ་དང་དེ་དག་ཁེགས་སོ་ཞེ་ན། དེ་ནི་ཁྱོད་ཀྱིས་ལེགས་པར་སྨྲས་པས་འདི་ལྟར། བུམ་གསལ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་བུམ་པ་ཆོས་ཅན། རྫས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། ཁྱོད་ཀྱི་རྫས་ལ་སྒྲིབས་མ་སྒྲིབས་དང༌། ཁ་སྒྱུར་མ་སྒྱུར་དང་གཡོ་མི་གཡོ་ལ་སོགས་པའི་ཆ་དུ་མ་དང་བཅས་པའི་ཕྱིར། ཞེས་པའི་རིགས་པས་བུམ་སྤྱི་རྫས་གྲུབ་དེ་རྫས་གཅིག་ཡིན་པར་ཁས་བླངས་པ་ལ་ཇི་ལྟར་མི་གནོད། དེ་ལྟ་བས་ན། ཡན་ལག་གི་རྫས་མང་པོ་ཚོགས་པའི་ཚོགས་པ་ཁྱད་པར་ཅན་དང༌། སྐད་ཅིག་རྒྱུན་མཐུན་པའི་རྒྱུན་ཅན་དེ་རྫས་གཅིག་ཏུ་ཁས་ལེན་པ་ལྟ་ཞོག སྤྱིར་རྫས་སུ་གྲུབ་པར་བཤད་པ་སྡེ་བདུན་མཛད་པའི་གཞུང་ན་མེད་དོ། །འོ་ན་རང་ལུགས་ལ་ཡང་ཆ་བཅས་ཡིན་ན་རྫས་གཅིག་མ་ཡིན་པས་ཁྱབ་པ་ཁས་ལེན་པར་ནུས་སམ་ཞེ་ན། སོ་སོར་ཕྱེ་དགོས་ཏེ། རྫས་ཀྱི་ཆ་དུ་མ་དང་བཅས་པ་ལ་དེས་ཁྱབ་པར་ཁས་ལེན་ནུས་ཤིང༌། ལྡོག་ཆ་དུ་མ་དང་བཅས་པ་ལ་དེར་ཁས་མི་ལེན་པའི་ཕྱིར་རོ། །འདིར་རིགས་གཏེར་ལས། ཡན་ལག་དང་ཡན་ལག་ཅན་རྫས་མི་གཅིག་པར་ཐལ་ལོ་ཞེས་གསུངས་པའི་སྒྲ་ཇི་བཞིན་པ་དེ་ལ་བྱེ་བྲག་པའི་ཁས་བླངས་མེད་པས། ཚིག་གི་ཟུར་ལ་ཕྲི་བསྣན་ཅུང་ཟད་དགོས་སོ། །རིགས་པ་གཉིས་པས་གནོད་པའི་ཚུལ་ནི། འོ་ན་བུམ་གསལ་མཐའ་དག་ལ་རྗེས་སུ་འགྲོ་བའི་རྫས་བུམ་པ་དེ་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རང་གི་གསལ་བ་དུ་མ་དང་འབྲེལ་བའི་ཕྱིར། སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན་ནོ། །དེའི་རྒྱུ་མཚན་ཡང་རྫས་དུ་མ་དང་རྫས་གཅིག་ན། རྫས་ཐ་དད་ཡིན་དགོས་པ་ལ་ཐུག་པ་ཡིན་ནོ། །འོ་ན་སྐབས་འདིར། དུ་མ་དང་འབྲེལ་ན་གཅིག་མིན་པས་ཁྱབ་པར་བཤད་པ་དང༌། གཅིག་མ་ཡིན་ལ་སྤྱི་སྒྲ་མིན། །ཞེས་པར་སྤྱི་ཡིན་ན་གཅིག་ཡིན་པས་ཁྱབ་པར་བཤད་པས། རང་གི་ལུགས་ལ་ཤེས་བྱ་གཞལ་བྱ་ལ་སོགས་པ་གསལ་བ་དུ་མ་དང་མ་འབྲེལ་བར་ཁས་ལེན་ནམ་ཞེ་ན། བཤད་པ། ཤེས་བྱ་ལྟ་བུ་ལ་རྟོག་པ་གཞན་གྱིས་ལྡོག་པ་དུ་མར་ཕྱེ་ཡང༌། རང་འཛིན་རྟོག་པ་ལ་ལྡོག་པ་གཅིག་ཁོ་ནར་སྣང་བའི་ཕྱིར། སྤྱི་དང་གཅིག་གཉིས་ཀ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཆོས་ཅན་གཅིག་མིན་པར་ཐལ། རང་གི་གསལ་བ་དུ་མ་དང་འབྲེལ་བའི་ཕྱིར། ཞེས་པའི་ཉེས་པ་མི་འཇུག་སྟེ། དེ་དེ་ལ་མ་འབྲེལ་བའི་ཕྱིར། གལ་ཏེ་ཤེས་བྱ་ལྟ་བུ་རྫས་དུ་མ་ལ་མ་འབྲེལ་དུ་ཟིན་ཀྱང༌། གཞལ་བྱ་དང་རྟག་པ་ལ་སོགས་པའི་ལྡོག་པ་དུ་མ་དང་འབྲེལ་ལོ་ཞེ་ན། དེ་ལྟར་འབྲེལ་དུ་ཆུག་མོད། རྟག་པ་དང་ལྡོག་པ་ལ་སོགས་པ་དེ་དག་ནི་གཞན་སེལ་ཁོ་ན་ཡིན་པས། ཡུལ་གང་དང་དུས་ནམ་དུ་ཡང་ལྐོག་ཏུ་གྱུར་པ་ཁོ་ན་ཡིན་པས་ལྐོག་གྱུར་ལ་གསལ་བའི་ཐ་སྙད་སྦྱར་བ་ཕྱི་ནང་གི་གཞུང་གང་ན་ཡང་མེད་དོ། །གཞན་སེལ་མིན་པའི་གསལ་བ་རང་མཚན་དུ་མ་ལ་ནི་ཤེས་བྱ་ལྟ་བུ་འབྲེལ་བ་མིན་ཏེ། དེ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར། དེ་ལྟ་ན་ཡང་བུམ་པའི་སྟེང་གི་ཤེས་བྱ་དེ། རྫས་བུམ་པ་དང་འབྲེལ་བ་ཡིན་མོད། ཀ་བ་སོགས་གཞན་དུ་འབྲེལ་བ་མིན་ཏེ། དེ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར། འོ་ན་སྤྱི་ཡིན་ན་རང་གི་བྱེ་བྲག་ཏུ་གྱུར་པའི་ལྡོག་པ་དུ་མ་དང་འབྲེལ་བས་ཁྱབ་པ་ཁས་ལེན་ནུས་སམ་ཞེ་ན། དེ་ཡང་ནུས་པ་མིན་ཏེ། དེ་ལྟ་ན་ཤེས་བྱ་དེ་རྟག་མི་རྟག་གཉིས་ཀ་དང་འབྲེལ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་འདིར་གཞུང་གི་དགོངས་པ་ནི། གང་གསལ་བ་དུ་མ་དང་འབྲེལ་བ་དང༌། རྫས་སམ་རང་མཚན་དུ་མ་དང་འབྲེལ་བ་ཡིན་ན་སྤྱིར་གཅིག་མིན་པ་དང༌། བྱེ་བྲག་རྫས་གཅིག་མིན་ནོ་ཞེས་པ་འདི་ཡིན་ནོ། །གཉིས་པ། དབང་ཤེས་རྟོག་བཅས་སུ་ཐལ་བ་ནི། ཚུར་མཐོང་གི་རྒྱུད་ཀྱི་སེར་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁ་དོག་མངོན་སུམ་དུ་མཐོང་བར་ཐལ། སེར་པོ་ལ་མངོན་སུམ་གང་ཞིག དེ་དང་ཁ་དོག་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པར་ཐལ། སྤྱི་དང་གཞན་སེལ་དང་ལྡོག་པ་ཡིན་པར་གྱུར་པའི་ཆོས་གཅིག་དངོས་ཡུལ་བྱས་ནས་འཛིན་པའི་ཚུར་མཐོང་གི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་སྔ་མ་ལ་མ་ཁྱབ་སྟེ། སེར་པོ་དང་རྫས་མི་གཅིག་པའི་ཁ་དོག་ཙམ་པོ་དེ་སེར་འཛིན་མངོན་སུམ་ལ་མི་སྣང་བས་སོ། །ཞེ་ན། འོ་ན་ཁ་དོག་ཆོས་ཅན། རྫས་གཅིག་མིན་པར་ཐལ། རྫས་དུ་མ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། སེར་པོ་དང་རྫས་གཅིག་ཏུ་གྱུར་པའི་ཁ་དོག་ཙམ་པོ་དེ་སེར་པོའི་སྤྱི་ཡིན་ནམ་མིན། ཡིན་ན་སེར་འཛིན་དབང་ཤེས་རྟོག་བཅས་སུ་ཐལ་བའི་ཉེས་པ་སོ་ན་འདུག་གོ །གཉིས་པ་ལྟར་ན་སེར་པོ་དང་རྫས་ཐ་དད་དུ་གྱུར་པའི་ཁ་དོག་ཙམ་དེ་དེའི་སྤྱིར་ཁས་ལེན་དགོས་པས། དེ་ཆོས་ཅན་ཁྱོད་སེར་པོའི་སྤྱི་མིན་པར་ཐལ། སེར་པོ་ཁྱོད་དང་མ་འབྲེལ་བའི་ཕྱིར། སེར་པོ་ཁྱོད་དང་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། གལ་ཏེ་སེར་པོ་དང་རྫས་གཅིག་དང་རྫས་ཐ་དད་གང་རུང་མིན་པའི་ཁ་དོག་ཙམ་པོ་དེ་སེར་པོའི་སྤྱིར་ཁས་ལེན་ནོ་ཞེ་ན། འོ་ན་དེ་འདྲའི་ཁ་དོག་ཙམ་པོ་དེ་ཆོས་ཅན། རྫས་སུ་མ་གྲུབ་པར་ཐལ། རྫས་གཅིག་དང་རྫས་ཐ་དད་གང་རུང་མིན་པའི་ཕྱིར། ཁྱབ་པ་འདི་ཡང་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ་རང་གི་ལུགས་ཡིན་ཞིང༌། ཕྱོགས་སྔ་མའི་ལུགས་ལ་ནི་འཆད་འཇུག་གི་རྣམ་གཞག་མེད་པས་རྣམ་པ་ཀུན་ཏུ་ཁས་ལེན་དགོས་པ་ཡིན་ནོ། །གསུམ་པ་འགལ་བ་རྫས་གཅིག་ཏུ་ཐལ་བ་ནི། མེ་ཆུ་གཉིས་རྫས་གཅིག་ཏུ་ཐལ། མེ་དེ་འབྱུང་བཞི་འདུས་པའི་རགས་པ་དེ་དང་རྫས་གཅིག རགས་པ་དེ་ཆུ་དང་རྫས་གཅིག་པའི་ཕྱིར། ཞེས་པ་ཚོགས་སྤྱི་རྫས་གྲུབ་ཏུ་ཁས་ལེན་པ་ལ་འཇུག་ལ། སྣང་མུན་གཉིས་རྫས་གཅིག་ཏུ་ཐལ། སྣང་མུན་གཉིས་དང་དེ་ལ་རྗེས་སུ་འགྲོ་བའི་དངོས་པོ་ཙམ་དང་རྫས་གཅིག་པའི་ཕྱིར། གསུམ་པ་སྤྱི་དུ་མ་བྱེ་བྲག་དུ་མ་དང་རྫས་གཅིག་པ་དགག་པ་ལ། གལ་ཏེ་རྟག་པ་དང་པོ་ལྟར་ཁས་ལེན་ན་ཉེས་པ་དེ་དག་འཇུག་ཀྱང༌། བརྟག་པ་གཉིས་པ་ལྟར་ཁས་ལེན་པས་སྔར་གྱི་ཉེས་པ་མཐའ་དག་ལས་གྲོལ་ལོ། །ཞེ་ན། འོ་ན་བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་རྫས་བུམ་པ་ཆོས་ཅན། ལྡོག་པ་ཆིག་རྐྱང་མིན་པར་ཐལ། རྫས་དུ་མ་ཡིན་པའི་ཕྱིར། འདོད་ན་སྤྱི་མིན་པར་ཐལ། དེའི་མཚན་ཉིད་མ་ཞུགས་པའི་ཕྱིར་རོ། །ཡང་དེ་ཆོས་ཅན་ལྡོག་པ་གཉིས་ཚོགས་སུ་ཐལ། གསེར་བུམ་ལ་རྗེས་སུ་འགྲོ་བའི་ལྡོག་པ་དང༌། དངུལ་བུམ་ལ་རྗེས་སུ་འགྲོ་བའི་ལྡོག་པ་དུ་མ་ཡིན་པའི་ཕྱིར། འདོད་ན་བྱེ་བྲག་ཏུ་ཐལ་ལོ། །ཡང་སྤྱི་གཅིག་བཀག་པས་བྱེ་བྲག་མཐའ་དག་ཁེགས་པ་དང༌། བྱེ་བྲག་གཅིག་བསྒྲུབ་པས་གསལ་བ་ཀུན་གྱི་སྤྱི་འགྲུབ་པའི་རྣམ་པར་བཞག་པའང་འཇིག་པར་འགྱུར་རོ། །འདི་ནི་གཙང་ནག་པ་དང༌། དན་འབག་པའི་ཁས་ལེན་ཡིན་གྱི། རང་ལུགས་ལ་འདི་འདྲ་མི་བཞེད་དེ། བཞེད་ན་ཧ་ཅང་ཐལ་བའི་ཕྱིར་ཏེ། ཇི་ལྟར་ཐལ་ཞེ་ན། ཤ་པའི་བྱེ་བྲག་གྲུབ་པས་ཤིང་གཞན་གྱི་སྤྱི་འགྲུབ་ན་ཤ་པ་གྲུབ་པ་ན། ཙནྡན་གྱི་གཞན་སེལ་འགྲུབ་པར་འགྱུར་ལ། དེ་ལྟ་ན་ཤ་པ་ངོ་ཤེས་པ་ན་ཙནྡན་ངོ་ཤེས་པར་ཐལ་ལོ། །ཡང་ཤ་པའི་སྤྱི་ཁེགས་པས་ཤིང་གཞན་གྱི་བྱེ་བྲག་ཁེགས་ན། འོ་ན་ཙནྡན་དཀར་པོ་ཆོས་ཅན། ཁྱོད་ལ་ཙནྡན་གྱི་བྱེ་བྲག་ཁེགས་པར་ཐལ། ཤ་པའི་སྤྱི་ཁེགས་པའི་ཕྱིར་ཏེ། རྟོག་ངོར་ཤ་པ་མིན་པ་རྣམ་པར་བཅད་ཙམ་དེ་ཁེགས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། དེ་ལས་མ་གཏོགས་པའི་ཤ་པའི་སྤྱི་ངོས་འཛིན་རྒྱུ་མེད་པའི་ཕྱིར། གསུམ་པ་མཚུངས་པའི་སྤྱི་དགག་པ་ལ་གྲགས་པའི་དབང་ཕྱུག་གཙང་ནག་པ་ན་རེ། ཤིང་གི་སྤྱི་དེ་རྫས་གཅིག་དང༌། རྫས་དུ་མར་ཁས་བླངས་ན་སྔར་གྱི་ཉེས་པ་དེ་དག་ཏུ་འགྱུར་ཡང༌། དེར་ཁས་མི་ལེན་གྱི། ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་མཚུངས་ཙམ་དེ་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་ལ། དེ་ཤིང་གསལ་རྣམས་དང་རྫས་གཅིག་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་མཚུངས་པ་དེ་རྫས་སུ་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་མི་འཐད་དེ། མཚུངས་པ་རྟོག་པས་སྦྱར་བའི་ཕྱིར་དང༌། མཚུངས་པ་དང་འདྲ་བ་དོན་ལ་ཡོད་ན་རྟོག་མེད་ཀྱི་ཤེས་པའི་སྣང་ཡུལ་དུ་ཐལ་བའི་ཕྱིར། གཉིས་པ་ལྟར་ན་ཤིང་གསལ་རྣམས་དང་རྫས་གཅིག་པ་ཉམས་སོ། །སྨྲ་བའི་སེང་གེ་དན་འབག་པ་ན་རེ། མཚུངས་པའམ་འདྲ་བ་རྫས་སུ་མ་གྲུབ་ཀྱང༌། དེ་སྤྱི་ཡིན་པར་ཁས་བླངས་པ་ལ་ཉེས་པ་མེད་དོ་ཞེས་ཟེར་རོ། །ཤིང་གསལ་རྣམས་མཚན་ཉིད་མཚུངས་པ་དེ་ཆོས་ཅན། ཤིང་གི་སྤྱི་མིན་ཏེ། ཤིང་འཛིན་རྟོག་པ་ལ་གཅིག་ཏུ་མ་ཤར་བའི་ཕྱིར་ཏེ། དུ་མར་ཤར་བའི་ཕྱིར་ཏེ། མཚུངས་པར་ཤར་བའི་ཕྱིར། དེ་བས་ན་མཚུངས་པ་སྤྱིར་ཁས་ལེན་པ་འདི་ནི་སྤྱི་དུ་མར་ཁས་ལེན་པའི་ཕྱོགས་དེ་ཉིད་ལས་མ་འདས་སོ། །གཉིས་པ་རང་གི་ལུགས་བཞག་པ་ལ་སྤྱི་དང་བྱེ་བྲག་ངོས་བཟུང༌། དེ་ལ་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལོ། །དང་པོ་ལ། རྟོག་པ་ལྷན་སྐྱེས་ལ་ཇི་ལྟར་སྣང་བའི་ཚུལ། སྣང་བ་དེ་ལ་རྟོག་པ་ཀུན་བཏགས་ཀྱི་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ། བཏགས་པ་དེ་ཉིད་དོན་ལ་མ་གྲུབ་པར་བཤད་པའོ། །དང་པོ་ནི་གཉིས་ཏེ། རྫས་ཐ་དད་པ་དུ་མ་ལ་གཅིག་ཏུ་འཛིན་པའི་ཚུལ་དང༌། གཅིག་ལ་དུ་མར་འཛིན་པའི་ཚུལ་ལོ། །དང་པོ་ནི། རྟོག་པ་ལྷན་སྐྱེས་ཀྱི་ཤ་པ་དང་ཙནྡན་ཤུག་པ་གསུམ་པོ་འདི་ནི་ཤིང་ངོ་ཞེས་གཅིག་ཏུ་འཛིན་པར་བྱེད་དོ། །དེ་ལྟར་གཟུང་བ་དེའི་ཚེ་གསུམ་པོ་དེ། ཁྱད་གཞི་དང་ཆོས་ཅན་དུ་གཟུང་ཞིང་སྤྱི་དང་ཆོས་སུམ་བཟུང་བས། སོ་སོ་ཐ་དད་དུ་གཟུང་ཡང་སྤྱི་དུ་མར་ཐལ་བའི་སྐྱོན་མེད། ཤིང་ཙམ་དེ་ཁྱད་ཆོས་དང་སྤྱིར་གཟུང་ཞིང༌། སོ་སོ་ཐ་དད་དུ་མ་གཟུང་བས་གཅིག་ཏུ་མ་བཟུང་བའི་ཉེས་པ་མེད་དོ། །དེའི་ཚེ་འཛིན་ཚུལ་གཉིས་ཏེ། ཤིང་ཙམ་དེ་ཤ་པ་ལ་རྗེས་སུ་འགྲོ་བར་འཛིན་པ་དང༌། ཤ་པ་མིན་པ་ལས། ལྡོག་པར་ཡང་འཛིན་པའོ། །དང་པོ་ལ་སྤྱི་འཛིན་པའི་རྟོག་པ་ལྷན་སྐྱེས་ཞེས་བྱ། གཉིས་པ་ལ་ནི། གཞི་མཐུན་འཛིན་པའི་རྟོག་པ་ལྷན་སྐྱེས་ཞེས་བྱའོ། །དེ་བས་ན་ཤིང་གི་སྤྱི་འཛིན་རྟོག་བློས་ཤིང་གི་སྤྱི་གསལ་གཉིས་ཀྱི་རྗེས་འགྲོ་འབའ་ཞིག་འཛིན་གྱི་ལྡོག་པ་མི་འཛིན། གཞི་མཐུན་འཛིན་པའི་རྟོག་པས་དེ་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་གཉིས་ཀ་འཛིན་ནོ། །དེའི་ཕྱིར་སྔ་མས་ལྡོག་པ་གཅིག་ཁོ་ན་འཛིན་ཏེ། རྗེས་འགྲོ་རྐྱང་པ་འཛིན་པའི་ཕྱིར། ཕྱི་མས་ལྡོག་པ་གཉིས་འཛིན་ཏེ། ཤིང་ཙམ་དང་ཤ་པ་ལྟ་བུའི་རྗེས་སུ་འགྲོ་ལྡོག་གཉིས་ཀ་འཛིན་པའི་ཕྱིར། དེ་ལྟར་བཤད་པ་ན་ཤིང་མིན་རྣམས་པར་བསལ་ཙམ་ལ་སྤྱི་དང་ལྡོག་པ་གཅིག་རྐྱང་ཞེས་བྱ་ཞིང༌། དེ་ཉིད་ཤིང་གསལ་ཐམས་ཅད་ཀྱི་སྤྱི་དང་ལྡོག་པའོ། །གཉིས་པ་ཙནྡན་གྱི་སྟེང་གི་ཤིང་མིན་རྣམ་པར་བསལ་ཙམ་དེ་ལ་བྱེ་བྲག་དང༌། གཞི་མཐུན་དང༌། ལྡོག་པ་གཉིས་ཚོགས་ཞེས་བྱ་ཞིང༌། དེ་ཉིད་ཙནྡན་ཁོ་ནའི་སྤྱི་དང་ལྡོག་པར་ཞག་གོ །དེ་ལྟར་ན་ཤིང་གསལ་རྣམས་ལ་ལྟོས་པའི་ལྡོག་པ་ནི་གཉིས་ཏེ། ཤིང་གསལ་མཐའ་དག་ལ་ཁྱབ་པའི་ལྡོག་པ་གཅིག་ཁོ་ན་དང༌། ཤིང་གསལ་སོ་སོ་བ་དང༌། མ་འབྲེལ་བའི་ལྡོག་པ་དུ་མའོ། །གཉིས་ཀ་ཤིང་གསལ་ལ་ལྟོས་པའི་ལྡོག་པར་ཁྱད་པར་མེད་ཀྱང༌། སྔ་མ་སྤྱི་དང་ཕྱི་མ་བྱེ་བྲག་ཏུ་སོ་སོར་ཕྱེ་ནས་འཆད་དགོས་སོ། །དེ་ལྟར་ཇི་སྐད་བཤད་པ་དེ་ཡང་འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ཡིན་ལ་འཇུག་པའི་ཚེ་ནི། ཙནྡན་ཤིང་གི་བྱེ་བྲག་ཏུ་ཁས་བླངས་པ་ལ་ཉེས་པ་མེད་དོ། །འོ་ན་དེའི་ཚེ། དེ་གཉིས་རྫས་དང་ལྡོག་པ་གང་ལ་བྱ་ཞེ་ན། འཇུག་པའི་ཚེ་ན་དེ་ལྟ་བུའི་རྣམ་པར་བཅད་པ་མི་འཇུག་གོ་ཞེས་གོང་དུ་བཤད་ཟིན་ནོ། །གཉིས་པ་གཅིག་ལ་ཐ་དད་དུ་འཛིན་པའི་ཚུལ། རྟོག་པ་ལྷན་སྐྱེས་ཀྱི་ཙནྡན་དཀར་པོའི་ལྗོན་པ་འདི་ནི། ཙནྡན་ནོ། །ཤིང་ངོ༌། དངོས་པོའོ། །སྙམ་དུ་དུ་མར་སྒྲོ་འདོགས་པར་བྱེད་དོ། །དེ་ལྟར་སྒྲོ་བཏགས་པ་དེའི་ཚེ། ལྡོག་པ་སོ་སོ་བ་རྣམས་ནི་བྱེ་བྲག་དང་གཞི་མཐུན་དུ་འཇོག་ལ། རྟོག་པ་དེ་ཡང་གཞི་མཐུན་འཛིན་པའི་རྟོག་པར་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་རྟོག་པ་ཀུན་བཏགས་ཀྱིས་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ་ནི། ཕལ་ཆེར་བཤད་མ་ཐག་པ་དེ་ཉིད་ཡིན་ལ། འོན་ཀྱང་མདོར་བསྡུས་ཏེ་བརྗོད་ན། རྟོག་པ་ལྷན་སྐྱེས་ལ་ཤར་བའི་ལྡོག་པ་ཅིག་རྐྱང་དེ་ལ་རྟོག་གེའི་རིགས་པ་ལ་བརྟེན་པའི་རྟོག་པ་ཀུན་བཏགས་ཀྱིས་སྤྱི་ཞེས་བྱ་བའི་ཐ་སྙད་འདོགས་པར་བྱེད་དོ། །དེ་ལྟ་བུའི་སྤྱི་དེ་ནི་གཅིག་ཁོ་ན་ཡིན་པ་དང༌། རང་གི་གསལ་བ་དུ་མ་དང་མ་འབྲེལ་བ་ཁོ་ནའོ། །འོ་ན། རྫས་ཆ་དུ་མ་མེད་མོད། ལྡོག་ཆ་ཡང་དུ་མ་མེད་དམ་ཞེ་ན་དེ་ལ་ཡང་རྟོག་པ་གཞན་གྱིས་རྣམ་པར་བཏགས་པའི་ཚེ་ལྡོག་པ་དུ་མར་ཡོད་མོད། རང་འཛིན་རྟོག་པས་ནི་ལྡོག་པ་གཅིག་ཁོ་ནར་འཛིན་པ་ཡིན་ལ། དེའི་ཆ་ནས་སྤྱིར་འཇོག་ཅིང་ལྡོག་པ་དུ་མར་འབྱེད་པ་དེའི་ཚེ་ནི་སྔ་མ་སྤྱིར་བཞག་པ་དེ་ཉིད་ཀྱང་བྱེ་བྲག་དང་གཞི་མཐུན་དུ་གདོན་མི་ཟ་བར་བཞག་དགོས་པ་ཡིན་ནོ། །འོ་ན་སྤྱི་དང་གཞི་མཐུན་འགལ་བ་མིན་ནམ་ཞེ་ན། སྤྱིར་ནི་འགལ་བ་མིན་ཏེ། སྤྱིར་གཞི་མཐུན་དང་བྱེ་བྲག་ཡིན་ན་སྤྱི་དང་གཞན་སེལ་ཡིན་དགོས་པའི་ཕྱིར། འོན་ཀྱང་འཇོག་ཚུལ་མི་འདྲ་སྟེ། བལྟོས་ས་ཐ་དད་ལ་བལྟོས་ནས་སོ་སོར་འཇོག་དགོས་པའི་ཕྱིར། ཇི་ལྟར་ཞེ་ན་ཤིང་ཙམ་དེ་ཤ་པ་དང་ཙནྡན་གཉིས་ཀ་ལ་བལྟོས་ནས་སྤྱིར་བཞག་པ་ཡིན་ཏེ། དེ་རང་འཛིན་རྟོག་པའི་ངོ་བོར་དེ་གཉིས་ཀ་ལ་རྗེས་སུ་འགྲོ་ཞིང་ལྡོག་པ་གཅིག་ཏུ་སྣང་བའི་ཕྱིར། ཙནྡན་ཤིང་ཡིན་པ་དེ་ཤིང་ཙམ་ལ་ལྟོས་པའི་བྱེ་བྲག་དང་གཞི་མཐུན་ཡིན་ཏེ། རང་འཛིན་རྟོག་པའི་ངོར་ཤིང་ཙམ་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མི་འཁྲུལ་ཞིང༌། དེའི་ངོར་ལྡོག་པ་དུ་མར་ཤར་བའི་ཕྱིར་རོ། །དེ་ལྟར་ན་བལྟོས་ས་གཅིག་ལ་ལྟོས་པའི་སྤྱི་ཡིན་ན་བྱེ་བྲག་ཡིན་པར་འགལ་བ་ལྟ་ཞོག ཤིང་ལ་ལྟོས་པའི་བྱེ་བྲག་ཡིན་ན་ཙནྡན་ལ་ལྟོས་པའི་སྤྱི་ཡིན་པར་འགལ་ལོ། །འོ་ན་ཙནྡན་གྱི་སྟེང་གི་ཤིང་མིན་རྣམ་པར་བསལ་ཙམ་ཆོས་ཅན། དེར་ཐལ་དེའི་ཕྱིར་ཞེ་ན། འདི་ལ་བློ་རྩེ་གཏད་མཚམས་སོ་སོར་འབྱེད་དགོས་ཏེ། ཙནྡན་གྱི་སྟེང་གི་ཤིང་མིན་རྣམ་པར་བསལ་ཙམ་གྱི་ལྡོག་རྐྱང་དེ་ཆོས་ཅན་དུ་འཛིན་ན་ཤིང་ལ་ལྟོས་པའི་བྱེ་བྲག་ཡིན་པའི་གཏན་ཚིགས་མ་གྲུབ་ལ། ཙནྡན་ཤིང་ཡིན་པ་དེ་ཆོས་ཅན་དུ་འཛིན་ན། ཙནྡན་གྱི་སྤྱི་མིན་པར་ཐལ་བ་ལ་འདོད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྔ་མ་ནི་ལྡོག་པ་ཡིན་ལ། ཕྱི་མ་ནི་དོན་རང་མཚན་ཡིན་པའི་ཕྱིར་རོ། །གསུམ་པ་དེ་དོན་དམ་དུ་མ་གྲུབ་པ་ལ་མ་གྲུབ་པའི་རྒྱུ་མཚན་དང༌། མ་གྲུབ་ཀྱང་དེར་བཞག་པའི་དགོས་པའོ། །དང་པོ་ནི་རྟོག་པ་ལྷན་སྐྱེས་ལ་ལྡོག་པ་ཆིག་རྐྱང་དུ་སྣང་བ་ལ་སྤྱི་ཞེས་བྱ་བའི་ཐ་སྙད་བཏགས་པ་དེ་དང༌། རྟོག་པ་ལྷན་སྐྱེས་ལ་ལྡོག་པ་གཉིས་ལ་སོགས་པ་བྱེ་བྲག་དུ་མ་ཚོགས་པར་སྣང་བ་དེ་ལ། བྱེ་བྲག་ཅེས་ཐ་སྙད་བྱས་པ་དེ་དང༌། དེ་ལྟ་བུའི་ལྡོག་པ་དུ་མ་དེ་ལ་གཅིག་ཏུ་སྡུད་པར་བྱེད་པའི་རྟོག་པ་ལྷན་སྐྱེས་ཀྱི་གཞི་གཅིག་གི་སྟེང་དུ་བསྡུས་ནས་ཆོས་ཅན་གཅིག་པུར་སྣང་བ་དེ་ལ་གཞི་མཐུན་ཞེས་བྱ་བའི་ཐ་སྙད་བྱས་པ་དེ་རྣམས་ཆོས་ཅན། དམ་པའི་དོན་དུ་ཡོད་པ་མིན་ཏེ། རྟོག་པ་ལྷན་སྐྱེས་ལ་ཇི་ལྟར་སྣང་བ་ལ་རྟོག་པ་ཀུན་བཏགས་ཀྱི་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར། གཉིས་པ་ནི། དེ་གསུམ་དོན་ལ་མ་གྲུབ་ཀྱང་ཐ་སྙད་དུ་དེ་གསུམ་གྱི་ཐ་སྙད་བྱས་པ་ཆོས་ཅན་དགོས་པ་ཡོད་དེ། དམ་པའི་དོན་རང་མཚན་ལ་འཇུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ལས་དེ་ལ་ཇི་ལྟར་འཇུག་ནུས་ཞེ་ན། སྤྱིའི་རྣམ་བཞག་གྲུབ་པ་ན་རྟགས་དང་སྒྲུབ་བྱའི་ཆོས་ཀྱི་རྣམ་གཞག་འགྲུབ། བྱེ་བྲག་གི་རྣམ་བཞག་གྲུབ་པ་ན། ཤེས་འདོད་ཆོས་ཅན་དང་མཐུན་པ་དཔེའི་ཆོས་ཅན་དང༌། མི་མཐུན་པ་དཔེའི་ཆོས་ཅན་གྱི་རྣམ་གཞག་འགྲུབ། གཞི་མཐུན་གྱི་རྣམ་གཞག་གྲུབ་པ་ན། རྟགས་ཆོས་ཅན་གྱི་སྟེང་དུ་གྲུབ་པ་དང༌། ཆོས་དཔེ་ལ་རྗེས་སུ་འགྲོ་བར་གྲུབ། དེ་ལྟར་གྲུབ་པ་ན་དགག་བྱ་འགོག་པ་དང༌། བསྒྲུབ་བྱ་བསྒྲུབ་པའི་རྣམ་གཞག་འགྲུབ། དེ་ལས་ལྐོག་ཏུ་གྱུར་པའི་དོན་རང་མཚན་ཐོབ་པར་ནུས་པ་ཡིན་ནོ། །དེ་ལྟར་བཤད་པའི་དོན་བསྡུས་ན་སོང་ཚོད་ཀྱི་སྤྱི་ནི་གཞན་སེལ་ཁོ་ན་ཡིན་ལ། རློམ་ཚོད་ནི་ཤིང་གསལ་ཐམས་ཅད་ལ་ཁྱབ་བྱེད་ཐུན་མོང་དུ་རྗེས་སུ་འགྲོ་བའི་ཤིང་རང་མཚན་པ་གཅིག་ཡོད་པ་རློམ་པ་ཡིན་ནོ། །དེ་ལྟར་རློམ་པ་དེ་ནི་མེད་བཞིན་དུ་སྒྲོ་བཏགས་པའི་ཕྱིར་ལོག་པའི་ཤེས་པ་ཁོ་ནའོ། །ཡང་སོང་ཚོད་ཀྱི་གཞི་མཐུན་དང་བྱེ་བྲག་ནི་ཤིང་དང་ཙནྡན་གྱི་ལྡོག་པ་གཉིས་ཚོགས་པའི་གཞན་སེལ་དེ་ཉིད་ཡིན་ལ། རློམ་ཚོད་ནི་ཙནྡན་རང་མཚན་པ་དེ་ཉིད་དོ། །དེ་ལྟར་རློམ་པ་རྟོག་པ་དེ་ཡང་ཙནྡན་གཅིག་ཉིད་དུ་མར་མེད་བཞིན་དུ་སྒྲོ་བཏགས་ནས་འཛིན་པའི་ཕྱིར་ལོག་པའི་ཤེས་པ་ཁོ་ནའོ། །དེ་ལྟ་ན་ཡང་ཤིང་ལ། ལྟོས་པའི་སྤྱི་དང་གཞི་མཐུན་འཛིན་པའི་རྟོག་པ་ཆོས་ཅན། ཤིང་གསལ་རང་མཚན་ལ་མི་བསླུ་བ་ཡིན་ཏེ། དེ་ལ་རྒྱུད་ནས་འབྲེལ་ཞིང་དེ་ཡུལ་དུ་བྱེད་པའི་ཕྱིར། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །དེ་ལྟར་ན་རློམ་ཚོད་ཀྱི་དེ་གསུམ་གང་རུང་ཡིན་ན་དེ་དང་དེར་འགལ་མོད། སོང་ཚོད་ལ་རློམ་ཚོད་དུ་འཁྲུལ་པས་འཇུག་ཡུལ་ཐོབ་པར་ནུས་པ་ཡིན་ཏེ། ནོར་བུའི་འོད་ཡིན་ན་ནོར་བུ་ཡིན་པར་འགལ་ཡང༌། དེ་ལ་དེར་ཞེན་པས་དེ་ཐོབ་པར་ནུས་པ་བཞིན་ནོ། །གཉིས་པ་དེས་དགག་སྒྲུབ་ཇི་ལྟར་བྱེད་པའི་ཚུལ་ལ། ཇི་སྐད་དུ། དེ་མིན་རང་བཞིན་ལས་ལྡོག་པ། །དངོས་པོ་ཀུན་ལ་གྲུབ་པ་དེ། །སེལ་བའི་སྤྱི་ཡིན་རང་མཚན་དུ། །འཁྲུལ་པ་དེ་ལ་དགག་སྒྲུབ་བྱེད། །ཅེས་གསུང་ངོ༌། །འདིའི་དོན་ལ་བསྒྲུབ་བྱ་སྒྲུབ་པའི་ཚུལ་དང༌། དགག་བྱ་འགོག་པའི་ཚུལ་ལོ། །དེ་ཡང་བསྒྲུབ་བྱ་སྒྲུབ་པ་ལ་རང་མཚན་དུ་འཁྲུལ་པ་དགོས་ལ། དགག་བྱ་འགོག་པ་ལ་དེ་དགོས་པའི་ངེས་པ་མེད་དེ། མེད་པར་དགག་པ་ཙམ་བསྒྲུབ་བྱའི་ཆོས་སུ་བྱས་པ་ལ་དེ་དགོས་ན་མིན་དགག་ཏུ་ཐལ་བའི་ཕྱིར། དེ་ཡང་འདི་ལྟར་གཉིས་ལས། དང་པོ་སྒྲུབ་རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་པའི་ཚུལ་ནི། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ནི་རློམ་ཚོད་དང་སོང་ཚོད་སོ་སོར་མ་ཕྱེ་བར། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་དགོས་པ་ཡིན་ཏེ། གཞན་དུ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་མི་སྲིད་པར་ཐལ་བའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན་རློམ་ཚོད་ཀྱི་བྱས་པ་རང་མཚན་དེ་ཡང་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་མི་རུང༌། སོང་ཚོད་ཀྱི་བྱས་པ་དེ་ཡང་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་མི་རུང་བའི་ཕྱིར་དང༌། རློམ་ཚོད་ཀྱི་སྒྲ་རང་མཚན་དང༌། སོང་ཚོད་ཀྱི་སྒྲའི་གཞན་སེལ་གཉིས་ཀ་ཡང༌། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་མི་རུང་བའི་ཕྱིར་རོ། །དེ་དག་གི་ཤེས་བྱེད་ཀྱང༌། ཇི་སྐད་དུ། རྗེས་དཔག་དངོས་པོ་མི་འཛིན་པས། །དེ་ལ་རྫས་ཆོས་འཐད་མ་ཡིན། །ཞེས་དང༌། བསྒྲུབ་བྱའི་མཚན་གཞི་དངོས་པོའམ། །བཏགས་པར་ཕྱེ་སྟེ་བསྒྲུབ་པ་འཁྲུལ། །སྒྲའི་དོན་ལ་རང་མཚན་དུ། །འཁྲུལ་པའི་གཞན་སེལ་ཁོ་ན་ཡིན། །ཞེས་དང༌། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། །ཞེས་གསུང་ངོ༌། །འདི་ལ་གཞན་དག་ན་རེ། དེ་སྐད་གསུངས་པའི་ཕྱིར། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་གཙོ་བོར་འཇོག་དགོས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་གཞུང་གི་དགོངས་པ་མིན་ཏེ། གལ་ཏེ་ཡིན་ན་མི་རྟག་པའི་གཞན་སེལ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། ཚུལ་གསུམ་གྲུབ་པར་འགྱུར་བའི་ཕྱིར་དང༌། རི་བོང་གི་རྭ་རྟག་པར་བསྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ་ཕྱོགས་ཆོས་གྲུབ་པར་ཐལ་བའི་ཕྱིར་རོ། །འོ་ན་ཁྱེད་ཀྱི་ལྟར་ན་ཡང་ཇི་སྐད་དུ། ཆོས་ཅན་རྟག་པའི་གཞན་སེལ་ཡིན། །ཞེས་བཤད་པས། ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཇི་ལྟར་སྲིད་ཅེ་ན། དེ་སྐད་དུ་གསུངས་པ་དེ་ནི་སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་ངོས་འཛིན་པའི་དབང་དུ་བྱས་པས་ཁོ་བོ་ཅག་ལ་སྐྱོན་མེད་ལ། དེ་ལྟ་ན་ཡང་སྐབས་འདིར་དཔྱད་པ་འདི་འཇུག་དགོས་ཏེ། གཙོ་བོ་ཆོས་ཅན། ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ། མེད་པར་དགག་པ་གཏན་ཚིགས་སུ་བཀོད་པ་རྣམས་ལ་རློམ་ཚོད་ཀྱི་ཆོས་ཅན་མེད་ཀྱང༌། ཆོས་ཅན་གྱི་ངོ་བོ་མ་གྲུབ་པར་མི་འགྱུར་ལ། ཡང་གཙོ་བོ་ཆོས་ཅན་ཡོད་དེ། ཁྱད་པར་རྣམས་རྗེས་སུ་འགྲོ་བའི་ཕྱིར། ཞེས་པ་ལྟ་བུ་སྒྲུབ་པའི་གཏན་ཚིགས་སུ་བཀོད་པ་རྣམས་ལ་སོང་ཚོད་ཀྱི་ཆོས་ཅན་ཡོད་ཀྱང༌། རློམ་ཚོད་མེད་ན་ཆོས་ཅན་གྱི་ངོ་བོ་མ་གྲུབ་པར་འཇོག་དགོས་པ་ཡིན་ཏེ། དེ་ལྟ་བུའི་ཚུལ་གཉིས་ཀ་སྡེ་བདུན་མཛད་པའི་གཞུང་ལས་གསལ་བར་གསུངས་པའི་ཕྱིར། རྟགས་ཀྱི་ངོ་བོ་མ་གྲུབ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གཉིས་པ་དགག་བྱ་འགོག་པའི་ཚུལ་ལ། ནམ་མཁའ་དངོས་མེད་དུ་སྒྲུབ་པ་ལ་དོན་བྱེད་ནུས་སྟོང་རྟགས་སུ་བཀོད་པའི་ཚེ། རློམ་སོང་སོ་སོར་མི་འབྱེད་མོད། སོ་སོར་ཕྱེ་བ་དེའི་ཚེ་ན་ཡང་རློམ་ཚོད་ཀྱང་གཞན་སེལ་ཁོ་ན་ཡིན་ཏེ། གསུམ་ཀ་དོན་ལ་གནས་ཚོད་ཀྱང་མེད་དགག་ཁོ་ན་ལས་གཞན་མེད་པའི་ཕྱིར། དེའི་ཕྱིར་དེ་ལྟ་བུའི་དེའི་ཚེ། དོན་སྤྱི་ལ་རང་མཚན་དུ་འཁྲུལ་ནས་དགག་བྱ་འགོག་དགོས་པ་མེད་དོ། །གསུམ་པ། རྩོད་པ་སྤང་བ་ལ། ཇི་སྐད་དུ། གལ་ཏེ་ཁྱེད་ཀྱི་ལྡོག་པ་དེ། །དངོས་པོ་ཡིན་ན་སྤྱི་དང་མཚུངས། །དངོས་མེད་ཡིན་ན་དགོས་ནུས་མེད། །དེས་ན་ལྡོག་པ་མི་དགོས་ལོ། །འདི་ལ་བོད་རྣམས་ཕལ་ཆེར་ནི། །དངོས་པོའི་ལྡོག་པ་དངོས་པོར་འདོད། །དེ་ལྟ་ཡིན་ན་སྤྱིའི་སྐྱོན། །བརྗོད་པ་འདི་ནི་གདོན་པར་དཀའ། །ཞེས་སོགས་རྒྱས་པར་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། གོང་དུ་སྤྱི་དང་དངོས་པོའི་གཞི་མཐུན་བཀག་ནས། སྤྱི་གང་ཡིན་ལྡོག་པ་གཞན་སེལ་དུ་ཁས་བླངས་པ་ལ་ཕྱི་རོལ་པ་དག་ན་རེ། ཤིང་གི་ལྡོག་པ་དེ་དངོས་པོ་ཡིན་ནམ་དངོས་མེད་ཡིན་ཞེས་བརྟགས་ནས་རྩོད་པའོ། །འདིའི་ལན་ལ་གཞན་གྱི་ལན་དགག་པ་དང༌། རང་གིས་ལན་གདབ་པའོ། །དང་པོ་ནི། བོད་སྔ་ཕྱི་ཐམས་ཅད་ན་རེ། ཤིང་ཙམ་དེ་ཤིང་གི་ལྡོག་པ་ཡིན་ཞིང༌། རྫས་སུ་གྲུབ་པ་ཡང་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཤིང་ཙམ་ཆོས་ཅན་ཤ་པ་དང་རྫས་གཅིག་དང་རྫས་ཐ་དད་གང་རུང་དུ་ཐལ། རྫས་སུ་གྲུབ་པའི་ཕྱིར། འདོད་ན་གང་ཡིན། དང་པོ་ལྟར་ན་ཙནྡན་དང་ཡང་རྫས་གཅིག་ཏུ་ཁས་ལེན་དགོས་པས་ཤིང་ཆོས་ཅན་ཤ་པ་དང་རྫས་གཅིག་པ་མ་ཡིན་པར་ཐལ། ཙནྡན་དང་རྫས་གཅིག་པའི་ཕྱིར། གཉིས་པ་ལྟར་ན་ཤིང་ཆོས་ཅན་ཤ་པ་དང་ཙནྡན་གཉིས་ཁྱོད་དང་འབྲེལ་མེད་དུ་ཐལ། ཁྱོད་དེ་གཉིས་དང་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། ཞེས་པའམ། ཡང་ན་ཤིང་ཆོས་ཅན་ཙནྡན་ལ་རྗེས་སུ་མི་འགྲོ་བར་ཐལ། ཤ་པ་དང་གྲུབ་བདེ་གཅིག་པའི་ཕྱིར། གཉིས་པ་ལྟར་ན་ཤ་པ་ཆོས་ཅན། ཤིང་མིན་པར་ཐལ། ཤིང་དང་འབྲེལ་མེད་རྫས་གཞན་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཁྱོད་ཤིང་དང་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། དེ་ཡང་ཁས་བླངས་ཏེ། ཤིང་དེ་ཁྱོད་དང་དུས་མཉམ་རྫས་གཞན་ཡིན་པའི་ཕྱིར་རོ། །གཞན་ཡང་རིགས་པ་འདི་ལྟར་ན་གྲངས་ངེས་ཐམས་ཅད་བཤིག་པར་འགྱུར་ཏེ། མངོན་རྗེས་གཉིས་པོ་གང་རུང་མིན་པའི་ཚད་མ་རྫས་གྲུབ་ཞིག་ཡོད་པར་འགྱུར་བ་དང༌། མངོན་སུམ་བཞི་པོ་གང་རུང་མིན་པའི་མངོན་སུམ་རྫས་གྲུབ་གཅིག་ཡོད་པར་འགྱུར་བ་དང༌། མིག་གཉིས་ལས་མེད་པའི་སྐྱེས་བུ་དེ་ལ་མིག་རང་མཚན་གསུམ་ཡོད་པར་འགྱུར་བ་དང༌། ལག་པ་གཉིས་ལས་མེད་པའི་སྐྱེས་བུ་དེ་ལ་ལག་པ་རང་མཚན་གསུམ་ཡོད་པར་ཐལ་བ་སོགས་འཇུག་གོ །འོ་ན་ཁྱོད་རང་གི་ལུགས་ལ་ཚད་མ་ཙམ་དང༌། མངོན་སུམ་ཙམ་དང༌། མིག་ཙམ་དང༌། ལག་པ་ཙམ་ཞིག་ཁས་ལེན་དགོས་པ་མིན་ནམ་ཞེ་ན། ཁས་ལེན་དགོས་མོད། དེ་རྣམས་ལ་རློམ་ཚོད་དང་སོང་ཚད་གཉིས་ལས། སོང་ཚོད་ནི་གཞན་སེལ་ཁོ་ན་ཡིན་པའི་ཕྱིར་ཚད་མ་ལ་སོགས་པ་མ་ཡིན་ལ། རློམ་ཚོད་ལ་ནི་གསལ་བའི་དབྱེ་བ་སོ་སོ་བ་ལས་མ་གཏོགས་པའི་ཚད་མ་སོགས་ཀྱི་རང་མཚན་ཙམ་ལྡོག་དེ་འདྲ་ཡོད་པ་མིན་ཏེ། དཔེར་ན་ཤིང་འོན་ཅིག་ཅེས་བརྗོད་པའི་ཚེ་ཤ་པ་དང་ཙནྡན་སོགས་ཁྱད་པར་བ་རྣམས་ཁོ་ན་ལེན་དགོས་ཀྱི། ཤིང་ཙམ་པོ་ལེན་རྒྱུ་མེད་པ་བཞིན་ནོ། །འདིར་ཚད་མ་རིགས་པའི་གཏེར་གྱི་རྗེས་སུ་འབྲང་བ་དག་ན་རེ། མིག་གཉིས་ལས་མེད་པའི་སྐྱེས་བུ་དེ་ལ། མིག་གཉིས་པོ་གང་རུང་མིན་པའི་མིག་ཙམ་པོ་མེད་པར་ཁས་ལེན་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དགོངས་པ་མིན་ཏེ། གཞན་དུ་ན་སྐྱེས་བུ་དེ་ལ་གཞན་སེལ་གྱི་མིག་མེད་པར་ཐལ། མིག་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མིག་ཙམ་མེད་པའི་ཕྱིར། འདོད་ན་སེལ་ངོའི་མིག་མེད་པར་ཐལ་ལོ། །འོ་ན་སྐྱེས་བུ་དེའི་མིག་དེ་མིག་ཡིན་ནམ་མིན། དང་པོ་ལྟར་ན་དེའི་མིག་དེ་མིག་གཉིས་པོ་གང་ཡིན། གཡས་པའོ་ཞེ་ན། གཡོན་པར་ཁས་བླངས་ན་ཉེས་པ་ཅི་ཡོད་མཚུངས་སོ་ཞེས་བྱ་བའི་ཉེས་པ་འདི་ཁྱེད་ལ་ཡང་མི་འཇུག་གམ་ཞེ་ན། མི་འཇུག་སྟེ། མིག་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མིག་དེ། གཞན་སེལ་དུ་ཁས་ལེན་གྱི་མིག་དུ་ཁས་མི་ལེན་པའི་ཕྱིར། འོ་ན་མིག་དང་ཚད་མ་ཙམ་པོ་དེ་དངོས་པོ་དང་དངོས་མེད་གང་ཡིན་ཞེ་ན། དེ་ལྟར་དཔྱོད་པའི་གཞིར་གྱུར་པའི་ཚད་མ་ཙམ་པོ་དེ་ལ་གཉིས་ཏེ། སོང་ཚོད་ནི་གཞན་སེལ་ཡིན་པའི་ཕྱིར་དངོས་པོར་མེད་ལ། རློམ་ཚོད་ནི་དངོས་པོ་ཁོ་ནའོ། །འོ་ན་རློམ་ཚོད་ཀྱི་མིག་དེ་མིག་གཉིས་ལས་གང་ཡིན་ཞེ་ན། དེ་ནི་ཐ་སྙད་ཉིད་བྱེད་པ་པོའི་བརྗོད་འདོད་ཀྱིས་སོ་སོར་འབྱེད་དགོས་ཏེ། རས་འགའ་གཡས་པ་ཁོ་ན་ལ་འཇུག་སྟེ། མིག་གཡས་པ་ཞར་བ་ལ་མིག་ཞར་ཞེས་བརྗོད་པ་བཞིན་ནོ། །རེས་འགའ་གཡོན་པ་ཁོ་ན་ལ་འཇུག་སྲིད་དེ། དཔེ་སྔ་མ་བཞིན་ནོ། །རེས་འགའ་གཉིས་ཀ་ལ་འཇུག་པ་སྲིད་དེ། མིག་ལེགས་པར་ཕྱེ་ལ། ལྟོས་ཤིག་ཅེས་བརྗོད་པ་ལྟ་བུའོ། །དེ་ལྟ་ན་ཡང་རློམ་ཚོད་ཀྱི་མིག་ཆོས་ཅན་སྐྱེས་བུ་དེའི་མིག་གཡས་པར་ཐལ། དེའི་མིག་གང་ཞིག་གཡོན་པ་མིན་པའི་ཕྱིར། ཞེ་ན་དེ་སྐད་ཟེར་བ་དེ་ནི་རྫས་སྤྱི་མར་སོང་བས་གཞན་སེལ་ལས་མ་འདས་པའི་ཕྱིར། མིག་ཡིན་པའི་གཏན་ཚིགས་མ་གྲུབ་བོ། །ཇི་སྐད་བཤད་པ་དེ་དག་ནི་རྣལ་མའི་ལན་ཡིན་ལ། ཚིག་ཙམ་གྱི་ལན་ནི། ལག་པ་གཉིས་ལས་མེད་པའི་སྐྱེས་བུ་དེའི་ལག་པ་ཡིན་ན་ལག་པ་གཡས་གཡོན་གང་རུང་ཡིན་པས་ཁྱབ་པར་ཁས་བླངས་པ་ལ། དེའི་ལག་པའམ། ལག་པ་རང་མཚན་ནམ། ལག་པ་གཉིས་ཀ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཞེ་ན་འཆད་ཚེ་རྟགས་མ་གྲུབ་ལ། འཇུག་པའི་ཚེ་ན་འདོད་ཅེས་བརྗོད་དོ། །དེ་སྐད་ཟེར་བའི་གོ་སྐབས་མེད་དེ། དེ་འདྲའི་ཁྱད་པར་མ་སྦྱར་བས་སོ། །ཞེ་ན། འོ་ན་ཚིག་ཁོ་ན་ལྷུར་བླངས་པར་སོང་བས་འདོད་དོ་ཞེས་བྱའོ། །གལ་ཏེ་མིག་ཆོས་ཅན། དེའི་མིག་གཡས་པ་མིན་པར་ཐལ། ཁྱོད་ཡིན་དུ་གྱུར་པའི་དེའི་མིག་གཡོན་པ་ཡོད་པའི་ཕྱིར་ཞེས་དང༌། གཡོན་པ་དེ་ཡང་གཡས་པར་ཐལ་གཉིས་ཀ་གཡས་པ་ཡིན་པའི་ཕྱིར། ཞེ་ན། ཞེ་འདོད་ལ་མིག་གཡས་པ་ཁོ་ན་ལ་བསམས་ནས། མིག་ཅེས་བརྗོད་པའི་ཚེ་ན་མིག་ཆོས་ཅན། མིག་གཡས་པ་མིན་པར་ཐལ། ཁྱོད་ཡིན་དུ་གྱུར་པའི་མིག་གཡོན་པ་ཡོད་པའི་ཕྱིར། འདོད་ན་དེ་ཆོས་ཅན་མིག་གཡས་པ་ཡིན་ཏེ། མིག་གཡས་པ་ཞེན་པའི་བརྗོད་བྱར་སྟོན་པའི་ཚིག་དེའི་ཞེན་པའི་བརྗོད་བྱ་ཡིན་པའི་ཕྱིར་ཡང་དངོས་པོ་དངོས་མེད་དུ་ཐལ། དེ་གཉིས་ཀ་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན་ཅིག་ཤོས་ཀྱང་དེར་ཐལ། དེ་གཉིས་ཀ་དངོས་པོ་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས། མི་རྟག་པ་རྟག་པར་ཐལ། རྟག་མི་རྟག་གཉིས་ཀ་རྟག་པ་ཡིན་པའི་ཕྱིར། དེ་ཆོས་ཅན་དེ་ཡིན་ཏེ། ཆོས་གང་ཞིག་འཇིག་མེད་ཡིན་པའི་ཕྱིར། མ་གྲུབ་ན་ཅིག་ཤོས་ཀྱང་འཇིག་པར་ཐལ་ལོ། །ཡང་རྗེས་དཔག་ཀྱང་མངོན་སུམ་དུ་ཐལ། མངོན་རྗེས་གཉིས་མངོན་སུམ་ཡིན་པའི་ཕྱིར། དེ་ཆོས་ཅན་དེ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན་མངོན་སུམ་ཀྱང་འཁྲུལ་ཤེས་སུ་ཐལ། དེ་གཉིས་ཀ་འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གལ་ཏེ་འོ་ན་ལྷ་སྦྱིན་གྱི་མིག་དེ་མིག་གཡས་པར་ཁས་ལེན་ནུས་ན། དེ་མིག་གཡོན་པར་ཁས་བླངས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་རེས་འགའ་མིག་གཡོན་པ་ཡིན་པ་ཡང་སྲིད་དོ། །དེའི་རྒྱུ་མཚན་ཅི་ཞེ་ན། དེ་ཆོས་ཅན་རེས་འགའ་དེ་ཡིན་པ་སྲིད་དེ། རེས་འགའ་མིག་གཡོན་པ་ཞེ་འདོད་ཀྱི་བརྗོད་བྱར་སྟོན་པའི་ཚིག་གི་ཞེན་པའི་བརྗོད་བྱ་ཡིན་པ་སྲིད་པའི་ཕྱིར། འོ་ན་ལྷ་སྦྱིན་གྱི་མིག་ཆོས་ཅན། དེའི་མིག་གཡས་པ་མ་ཡིན་པར་ཐལ། རེས་འགའ་དེའི་མིག་གཡོན་པ་ཡིན་པ་སྲིད་པའི་ཕྱིར་ཞེ་ན། འོ་ན་ལྷ་སྦྱིན་གྱི་ཤར་ཕྱོགས་ཀྱི་ནམ་མཁའ་ཆོས་ཅན། ལྷ་སྦྱིན་གྱི་ཤར་ཕྱོགས་མིན་པར་ཐལ། རེས་འགའ་དེའི་ནུབ་ཕྱོགས་སུ་འགྱུར་སྲིད་པའི་ཕྱིར། ཡང་གལ་ཏེ་ལྷ་སྦྱིན་གྱི་མིག་གཡས་གཡོན་གྱི་གཞི་མཐུན་སྲིད་པར་ཐལ། ལྷ་སྦྱིན་གྱི་མིག་ཙམ་པོ་དེ་དེའི་གཡས་པ་ཡིན་པའང་སྲིད། དེའི་མིག་གཡོན་པ་ཡིན་པ་ཡང་སྲིད་པའི་ཕྱིར། ཞེ་ན། འོ་ན་ལྷ་སྦྱིན་གྱི་གཡས་དང་གཡོན་གྱི་གཞི་མཐུན་སྲིད་པར་ཐལ། ལྷ་སྦྱིན་གྱི་ལག་པ་དེ་ལྷ་སྦྱིན་གྱི་གཡས་ན་ཡོད་པ་ཡང་སྲིད་གཡོན་ན་ཡོད་པ་ཡང་སྲིད་པའི་ཕྱིར། དེ་བཞིན་དུ་འདས་པ་དང་ད་ལྟར་གྱི་གཞི་མཐུན་སྲིད་པར་ཐལ། དེ་རིང་གི་དུས་ཀྱི་བུམ་པ་དེ་འདས་པ་ཡིན་པ་ཡང་སྲིད། ད་ལྟར་བ་ཡིན་པ་ཡང་སྲིད་པའི་ཕྱིར། གལ་ཏེ་དེ་ལྟ་ན་ཡང་ལྷ་སྦྱིན་གྱི་མིག་ཙམ་པོ་དེ་མིག་གཡས་གཡོན་གཉིས་ཀ་ཡིན་པ་གཅིག་སྲིད་པར་ཁས་ལེན་པ་དེའི་ཚེ། དེ་ཆོས་ཅན། དེའི་མིག་གཡས་པ་མིན་པར་ཐལ། དེའི་མིག་གཡོན་པ་ཡིན་པའི་ཕྱིར། རྟགས་ཆོས་ཁས་བླངས། ཁྱབ་པ་ཚད་མའོ་ཞེ་ན། འོ་ན། ཞེ་འདོད་ལ་ཤ་པ་དང་ཙནྡན་གཉིས་ཀ་ཁྱེར་འོང་དགོས་པར་བསམས་ནས། ཤིང་འོན་ཅིག་ཅེས་བརྗོད་པ་དེའི་ཚེ་ན། ཤིང་ཆོས་ཅན། ཤ་པ་མིན་པར་ཐལ། ཙནྡན་ཡིན་པའི་ཕྱིར། དེ་ཆོས་ཅན་ཤ་པ་ཡིན་ཏེ། ཤ་པ་ཞེ་འདོད་ཀྱི་བརྗོད་བྱའི་གཙོ་བོར་སྟོན་པའི་རྗོད་བྱེད་ཀྱི་སྒྲའི་ཞེན་པའི་བརྗོད་བྱ་ཡིན་པའི་ཕྱིར། གཅིག་ཤོས་ལ་ཡང་དེ་བཞིན་ནོ། །ཇི་སྐད་བཤད་པ་འདི་དག་ནི་ཞེ་འདོད་ལ་མི་ལྟ་བའི་རྟོག་གེ་པ་དག་གི་ངོར། འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་དབང་བཙན་པར་བྱས་ནས། ལན་འདེབས་པའི་ཚུལ་སྐྱོན་མེད་བཤད་པ་ཡིན་ལ། འདིས་ཉེ་བར་མཚོན་ནས་བུམ་པ་ཙམ་པོ་དེ་རེས་འགའ་གསེར་བུམ་ཡིན་པ་ཡང་སྲིད། རེས་འགའ་དངུལ་བུམ་ཡིན་པ་ཡང་སྲིད། རེས་འགའ་གཉིས་ཀ་ཡིན་པ་ཡང་སྲིད། དེ་འདྲ་དེ་རེས་འགའ་དེ་རིང་གི་བུམ་པ་ཡིན་པ་ཡང་སྲིད། རེས་འགའ་སང་གི་བུམ་པ་ཡིན་པ་ཡང་སྲིད་ཅེས་ཁས་བླང་བར་བྱའོ། །དེ་ལྟར་ན་འཇུག་ཚེ་གཅིག་ཏུ་འཁྲུལ་བའི་དུས་ཀྱི་བུམ་པ་ཙམ་པོ་དེ་ཆོས་ཅན། དངོས་པོ་དང་རང་མཚན་ཡིན་ཏེ། བྱས་དངོས་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡིན་པའི་ཕྱིར་དང༌། རང་གི་གནས་ཚུལ་རྡུལ་ཕྲན་སིལ་བུ་པ་རྣམས། བསྐོར་བ་བར་སྟོང་དང་བཅས་པའི་ངོ་བོར་གནས་པའི་ཕྱིར། ཡང་འཆད་ཚེ་རྣམ་པར་ཕྱེ་བའི་དུས་ཀྱི་བུམ་ཙམ་དེ་ཆོས་ཅན། རང་མཚན་ལྟ་ཞོག་དངོས་པོ་ཡང་མ་ཡིན་ཏེ། སོང་ཚོད་ཀྱི་མཐུན་དཔེ་ཡིན་པའི་ཕྱིར། དེ་བཞིན་དུ་དེ་དུས་ཀྱི་བྱས་པ་ཙམ་དང༌། མི་རྟག་པ་ཙམ་དང༌། སྒྲ་ཙམ་རྣམས་ཆོས་ཅན་དངོས་པོ་མིན་ཏེ། སོང་ཚོད་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་དང༌། ཤེས་འདོད་ཆོས་ཅན་རྣམས་ཡིན་པའི་ཕྱིར། དེའི་ཕྱིར་སོང་ཚོད་དམ་འཆད་དུས་ཀྱི་བུམ་ཙམ་དངོས་པོ་མིན་པ་དང༌། རློམ་ཚོད་དམ་འཇུག་དུས་ཀྱི་བུམ་པ་དངོས་པོ་ཡིན་པའི་ཁྱད་པར་འདི་ངེས་པར་འབྱེད་དགོས་ཏེ། གཞན་དུ་དུས་དེ་གཉིས་ཀྱི་བུམ་ཙམ་གཉིས་ཀྱི་ཁྱད་པར་མི་རྙེད་པའི་ཕྱིར། དེ་གཉིས་ལ་ཁྱད་པར་མེད་དོ་སྙམ་ན། འོ་ན་འཆད་དུས་དང་སོང་ཚོད་ཀྱི་བུམ་པ་ཆོས་ཅན། བུམ་པའི་དོན་བྱེད་ནུས་པར་ཐལ། འཇུག་དུས་ཀྱི་བུམ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ཡིན་ན་བུམ་པ་དོན་གཉེར་གྱི་སྐྱེས་བུའི་འཇུག་ཡུལ་ཡིན་དགོས་པའི་ཕྱིར། ཡང་རློམ་ཚོད་དང་འཇུག་དུས་ཀྱི་བུམ་པ་ཆོས་ཅན། བུམ་པའི་གཞན་སེལ་དུ་ཐལ། འཆད་དུས་དང་སོང་ཚོད་ཀྱི་བུམ་པ་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ཡིན་ན་བུམ་གསལ་མཐའ་དག་ལ་རྗེས་སུ་འགྲོ་བའི་བུམ་ཙམ་དེ་ཡིན་པའི་ཕྱིར། དེ་འདྲའི་བུམ་ཙམ་ཡོད་པའི་ཕྱིར། འོན་ཀྱང་དེ་འདྲ་དེ་སེལ་ངོར་བུམ་པ་ཡིན་པར་ཁས་ལེན་ལ། སྤྱིར་བུམ་པ་ཡིན་པར་ཁས་མི་ལེན། དེས་ཉེ་བར་མཚོན་ནས། སོང་ཚོད་ཀྱི་སྒྲ་བྱས་མི་རྟག་པ་གསུམ་དང༌། སེལ་ངོའི་སྒྲ་བྱས་མི་རྟག་པ་གསུམ་པོ་སེལ་ངོར་དེ་དང་དེ་ཡིན་ཀྱང༌། སྤྱིར་དེ་དང་དེ་མིན་ནོ་ཞེས་ཁས་ལེན་དགོས་པ་ཡིན་ནོ། །འོ་ན་སྒྲ་བུམ་སོགས་ལ་མི་རྟག་པས་མ་ཁྱབ་པར་འགྱུར་ལ། དེ་ལྟ་ན་ཁྱེད་ཅག་གིས་སྒྲ་རྟག་པར་ཁས་ལེན་དགོས་པ་མིན་ནམ་ཞེ་ན། མིན་ཏེ། ཁོ་བོ་ཅག་གིས་ནི་རྟགས་ཆོས་དོན་གསུམ་དུ་སོང་ཚོད་ཀྱི་སྒྲ་བྱས་མི་རྟག་པ་རྣམས་རྟག་པར་ཁས་བླངས་ཀྱང་དེ་དག་སྒྲ་སོགས་སུ་ཁས་མི་ལེན་པའི་ཕྱིར། གལ་ཏེ་ཁས་ལེན་ན་དོན་རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་རུང་བའི་ཉེས་པ་སོ་ན་འདུག་གོ །གཉིས་པ་རང་གི་ལན་ནི། ལྡོག་པ་དང༌། གཞན་སེལ། སྤྱི་དང་གཞི་མཐུན། ཆོས་ཆོས་ཅན་སོགས་དངོས་པོར་ཁས་མི་ལེན་པ་ནི་རྟོགས་པར་སླ་ལ། དངོས་མེད་ཀྱི་འཇོག་ཚུལ་ལའང་གཉིས་ལས། དང་པོ་ནི་དངོས་པོ་བཀག་ཙམ་གྱི་མེད་དགག་གི་ཆ་ནས་དངོས་མེད་དུ་བཞག་པ་ནམ་མཁའ་དང༌། དངོས་མེད་དང་བུམ་པ་ཞིག་པ་དང༌། སེམས་ཅན་ཤི་བ་ལྟ་བུའོ། །འཇོག་ཚུལ་གཉིས་པ་ནི་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དགག་བྱ་བཀག་ཤུལ་དུ་དངོས་པོ་རང་མཚན་ཡོད་པར་རློམ་པ་ལྡོག་ཆོས་སུ་གྱུར་པའི་བྱས་མི་རྟག་སོགས་དང༌། ཤེས་བྱ་གཞལ་བྱ་ལ་སོགས་པ་རྣམས་སོ། །དེ་ལྟར་དངོས་མེད་ཀྱི་འཇོག་ཚུལ་གཉིས་ལས། དང་པོ་དེ་ལ་དངོས་མེད་རྐྱང་པ་དང་སྒྲ་དོན་རྐྱང་པ་ཞེས་བྱ་ལ། གཞན་འགྲེལ་ལས་འབྱུང་བའི་གཞན་སེལ་དང་སྤྱིའི་གཙོ་བོ་ནི་འདི་ཁོ་ན་ཡིན་ཏེ། ཇི་སྐད་དུ། དེ་ལ་ངོ་བོར་སྣང་བའམ། །དོན་ལ་དེ་ཉིད་དུ་འཛིན་པ། །གང་དེ་འཁྲུལ་པ་ཐོགས་མེད་པའི། །དུས་ཅན་མཐོང་གོམས་ཀྱིས་སྤྲུལ་ཡིན། །ཞེས་དང༌། ཕྱི་རོལ་ནུས་པ་རྣམ་གཅོད་ལ། །ཞེས་སོགས་དང༌། རང་ཉིད་མཐོང་བའི་འབྲས་བུ་ཅན། །བསྟན་པའི་དོན་དང་འབྲེལ་བའི་ཕྱིར། །ཞེས་སོགས་དང༌། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོགས། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། དོན་དེ་ཉིད་ཐུགས་ལ་བཞག་ནས་རིགས་པའི་གཏེར་དུ། འཁྲུལ་པའི་བག་ཆགས་གོམས་པ་ཡིས། །བརྡའི་དུས་ནས་སྲེས་ནས་སྦྱར། །ཐ་སྙད་དུས་ན་དེ་ལྟར་གོ །ཞེས་དང༌། འདིར་ནི་རང་མཚན་གཟུགས་བརྙན་གཉིས། །གཅིག་ཏུ་འཁྲུལ་དུ་གཞུག་པའི་ཕྱིར། །རྒན་པོ་རྣམས་ཀྱི་བརྡའ་ཆད་བྱས། །འཁྲུལ་ནས་དོན་ལ་འཇུག་པར་འགྱུར། །ཞེས་དང༌། དེས་ན་སྒྲ་གཅིག་བརྗོད་ནའང༌། །དགག་སྒྲུབ་ནུས་པ་རྣམ་གཉིས་ཡོད། །ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། །ལྡོག་ལ་ངོ་བོས་མ་གྲུབ་ཀྱང༌། །ལྡོག་པ་རྗོད་པ་ཉིད་ཀྱིས་ནི། །ལོག་པའི་དངོས་པོ་གྲུབ་པར་གསུངས། །ཞེས་གསུང་ངོ༌། །དེ་ལྟ་བས་ན་རིགས་པའི་གཏེར་དུ། གཞན་སེལ་དང་སྤྱི་དང་ལྡོག་པ་སོགས་དངོས་པོ་ཡིན་པ་བཀག དངོས་མེད་ཡིན་པའང་བཀག་ནས། དོན་སྤྱི་ལ་རང་མཚན་དུ་འཁྲུལ་པའི་བློ་ཆོས་ཤིག་ལ་བྱ་དགོས་པར་ཡང་ཡང་གསུངས་པའི་དགོངས་པ་ནི་འདི་ཡིན་གྱི། དངོས་མེད་རྐྱང་པ་ཅན་གྱི་གཞན་སེལ་ཞལ་གྱིས་མི་བཞེས་པ་མིན་ཏེ། མེད་པ་གཞན་སེལ་ཞར་གྱིས་བཞེས་པའི་ཕྱིར། རིག་པ་མཁྱེན་པ་ཉིད་ཀྱི་ཡང༌། སྤྱིར་སྤྱི་འཛིན་རྟོག་བློ་རྣམས་དོན་རང་མཚན་ལས་སྐྱེ་བ་དང༌། བྱེ་བྲག་ཏུ་ནམ་མཁའ་འཛིན་པའི་རྟོག་པ་དེ་གསལ་བ་རང་མཚན་ལས་མི་སྐྱེ་ཡང༌། བག་ཆགས་ལས་སྐྱེ་བར་གསུངས་པའི་དགོངས་པ་ཡང་དེ་ཡིན་ནོ། །འོ་ན་འཆད་ཚེ་དང་འཇུག་ཚེའི་རྣམ་པར་བཞག་པ་དེ་དག་རིགས་པའི་གཏེར་མཛོད་ལས་གསུངས་མོད། རིགས་པ་མཁྱེན་པའི་ལུང་གང་དང་སྦྱོར་ཞེ་ན་ཇི་སྐད་དུ། ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པ་ལས། འཆད་པར་བྱེད་པ་ན་དེ་ལྟར་རྣམ་པར་འབྱེད་པར་བྱེད་ཀྱི། ཐ་སྙད་འདོགས་པར་བྱེད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་རང་གི་དམིགས་པ་ཁོ་ན་དོན་བྱེད་པར་རུང་བ་ཡིན་པར་སེམས་ཤིང༌། སྣང་བ་དང་རྣམ་པར་བརྟག་པར་བྱའི་དོན་དག་གཅིག་ཏུ་བྱས་ནས་འཇུག་གོ །ཞེས་གསུངས་པ་ལ་བརྟེན་པ་ཡིན་ཅིང༌། དེ་ཁོ་ནར་མ་ཟད་རྣམ་འགྲེལ་ངེས་སུ་རང་ལུགས་བཞག་པ་ན། འཇིག་རྟེན་རྒན་པོའི་ལུགས་རང་སོར་བཞག་པ་གཅིག་དང༌། རང་གི་རིགས་པས་རྣམ་པར་དཔྱད་ནས་འཇོག་པའི་ཚུལ་གཉིས་གཉིས་སྐབས་ཐམས་ཅད་དུ་གསུངས་པས་དེ་ལ་བརྟེན་པ་ཡིན་ནོ། །དེ་ཡང་ཇི་ལྟར་གསུངས་ཞེ་ན། ཇི་སྐད་དུ། གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་གསུངས་པ་དང༌། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་དང༌། རྣམ་པར་ངེས་པ་ལས། ཐ་སྙད་ལ་མི་བསླུ་བ་ལ་བལྟོས་ནས་འདིར་ཚད་མ་ཡིན་ནོ་ཞེས་གསུངས་སོ། །སྤྱི་དང་བྱེ་བྲག་གཞི་མཐུན་ལ་སོགས་ཀྱི། །སྤྱི་ཡི་རྣམ་གཞག་ཇི་བཞིན་མ་ཤེས་ན། །སྤྱི་ལྡོག་ཤེས་བྱའི་གནས་ཚུལ་མི་ཤེས་པས། །སྤྱི་དངོས་འགོག་པའི་རིགས་ཚུལ་རྒྱས་པར་བཤད། །གཞུང་རྩོམ་གཞན་དང་སྔོན་རབས་བྱོན་པ་ཡི། །འཆད་པོ་རྣམས་ཀྱི་ཐུགས་ལ་མ་ཤར་བའི། །སྤྱི་དང་སེལ་བའི་རྣམ་གཞག་ཡ་མཚན་ཅན། །ས་སྐྱའི་པཎ་ཆེན་འཇིགས་མེད་གང་དེས་གཟིགས། །མ་དག་གཞན་གྱི་ལུགས་རྣམས་ཕམ་བྱས་ནས། །མ་ལུས་ཤེས་བྱའི་སྤྱི་གསལ་འབྱེད་པ་ལ། །མ་ཕམ་གཡག་གི་དགོངས་པ་ཇི་བཞིན་དུ། །མ་ཎི་པ་ཡིས་ལེགས་བཤད་གཏམ་འདི་སྦྱར། །ཞེས་བྱ་བ་ནི་ངལ་གསོའི་ཚིགས་སུ་བཅད་པའོ།། །།མཁས་རློམ་གཞན་གྱི་དྲེགས་པའི་ཆུ་གཏེར་གྱི། །ཁེངས་པ་འཕྲོག་བྱེད་རྣམ་དཔྱོད་གཤོག་རྩལ་གྱིས། །ཕྱིར་རྒོལ་འཇིགས་པ་རྒྱ་མཚོ་འདར་བྱེད་པའི། །བསྙེངས་བྲལ་པཎ་ཆེན་མཁའ་ལྡིང་དབང་པོ་ཡི། །ཡིད་འོང་སྙན་གྲགས་གསེར་གྱི་རྔ་ཆེན་ནི། །ཐུབ་བསྟན་ལྷུན་པོའི་རྩེ་ནས་འཆར་བཞིན་དུ། །སྐྱེ་འགྲོ་ཡོངས་ཀྱི་འགྲམ་པའི་ཆུ་གཏེར་གྱི། །དད་པའི་རྣ་ལུང་ཡངས་པར་འཕྱར་བྱེད་ཤོག །ཅེས་མཆོད་པར་བརྗོད་ནས། སྣང་བ་དང་སེལ་བ་བརྟག་པ་ལ། ཡུལ་སྣང་སེལ་གྱི་རྣམ་གཞག་རྒྱས་པར་བཤད། ཡུལ་ཅན་སྣང་འཇུག་དང་སེལ་འཇུག་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྣང་བ་བཤད་པ་དང༌། སེལ་བ་བཤད་པའོ། །དང་པོ་ལ། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རྟོག་མེད་ཀྱི་ཤེས་པས་གསལ་བར་མཐོང་བའོ། །མཐོང་ཚུལ་གཉིས་ཏེ། མེད་པ་མཐོང་བ་དང༌། ཡོད་པ་མཐོང་བའོ། །དང་པོ་ནི། སྐྲ་ཤད་འཛག་སྣང་གི་དབང་ཤེས་དང༌། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །གཉིས་པ་ནི། མངོན་སུམ་གྱི་ཚད་མ་རྣམས་སོ། །དེ་ལའང་གཉིས་ཏེ། དོན་རང་མཚན་ཡོད་པ་ལ་ཇི་ལྟར་ཡོད་པ་བཞིན་དུ་མཐོང་བ་དོན་རིག་གཉིས་དང༌། རང་རིག་མངོན་སུམ་ལྟ་བུ་དང༌། བདག་གཉིས་ཀྱི་ངོ་བོ་ཅི་ཡང་མ་མཐོང་བ་ལ། བདག་མེད་མཐོང་བར་མིང་བཏགས་པ་རྣལ་འབྱོར་པའི་མངོན་སུམ་རྣམས་སོ། །འདི་ལ་རྩོད་པ་གཉིས་སྤང་དགོས་ཏེ། སྐྲ་ཤད་དང་ཟླ་གཉིས་ཆོས་ཅན། སྣང་བར་ཐལ། རྟོག་མེད་ཀྱི་ཤེས་པས་གསལ་བར་མཐོང་བའི་ཕྱིར། བདག་མེད་ཆོས་ཅན། སྣང་བར་ཐལ། དེའི་ཕྱིར་ཅེ་ན། ཉེས་པ་དང་པོས་མིག་ནོད་དེ། དེ་ལ་དེར་སྣང་བ་ཡིན་ཀྱང་དེས་དེ་མཐོང་བ་ཞེས་པ་མཚན་ཉིད་པར་མི་འཇོག་པའི་ཕྱིར། དཔེར་ན་བདག་ཏུ་འཛིན་པའི་རྟོག་པ་བཞིན་ནོ། །ཉེས་པ་གཉིས་པས་ཀྱང་མི་གནོད་དེ། མཐོང་རྒྱུ་ཅིང་ཡང་མ་བྱུང་བ་ལ་མཐོང་བར་མིང་བཏགས་པ་ཡིན་གྱི། མཐོང་བ་མཚན་ཉིད་པ་མིན་པའི་ཕྱིར། དེ་ལྟར་ན་སྣང་བ་ནི་རྫས་དང་དོན་རང་མཚན་ཁོ་ནའོ། །འོ་ན་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་སྣང་སེལ་གཉིས་ལས་གང་ཡིན། དང་པོ་ལྟར་ན། རང་མཚན་དང་རྫས་སུ་འགྱུར། གཉིས་པ་ལྟར་ན། གཞན་སེལ་ཡིན་པའི་ཕྱིར་དངོས་མེད་དུ་འགྱུར་རོ། །ཅེ་ན། འདི་ལ་གཉིས་ཏེ། གནས་ཚུལ་དང༌། སྣང་ཚུལ་ལོ། །དང་པོ་ནི། རགས་པ་དང་རྒྱུན་རྣམས་གནས་ཚུལ་རང་མཚན་ཁོ་ནར་གནས་པ་ཡིན་ཏེ། ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲན་སིལ་བུ་དང༌། སྐད་ཅིག་གི་ཆ་མེད་པའི་སྐད་ཅིག་གི་ཕྲེང་བར་གནས་པའི་ཕྱིར། གཡག་རྔ་དང་ནེའུ་གསིང་བཞིན་ནོ། །དེ་གཉིས་ཀྱི་སྣང་ཚུལ་ནི་རང་མཚན་དུ་མེད་དེ། བཏགས་ཡོད་ཡིན་པའི་ཕྱིར། དེ་ལྟར་ན་འདི་ལ་ཁས་ལེན་ཚུལ་གཉིས་ཏེ། འཇིག་རྟེན་གྱི་གྲགས་པ་དང་བསྟུན་ན་དངོས་པོ་དང་རང་མཚན་གཉིས་ཀ་ཡིན་ནོ། །རང་གི་སྡེ་པའི་གྲུབ་མཐའ་བཞག་ན་དེ་གཉིས་ཀྱི་གནས་ཚུལ་རང་མཚན་དང༌། སྣང་ཚུལ་དངོས་པོར་མེད་པའོ། །དེའི་ཤེས་བྱེད་རྒྱས་པར་འཆད་པ་ལ་གཉིས་ཏེ། གྲགས་པ་དང་མཐུན་པར་ཁས་ལེན་ཚུལ་དང༌། རིགས་པ་དང་མཐུན་པར་ཁས་ལེན་ཚུལ་ལོ། །དང་པོ་ནི། ཀ་བ་དང་བུམ་པ་ལ་སོགས་པའི་རགས་པ་རྣམས་དང༌། ལོ་དང་བསྐལ་པ་ལ་སོགས་པའི་རྒྱུན་རྣམས་དངོས་པོ་ཡིན་ཏེ། རང་རང་གི་དོན་བྱེད་པར་ནུས་པའི་ཕྱིར་རོ། །རྫས་དང་རང་མཚན་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པའི་ཆོས་ཡིན་པའི་ཕྱིར། སྤྱི་ནི་མིན་ཏེ། ལྡོག་པ་དང་སེལ་བ་མིན་པའི་ཕྱིར། གལ་ཏེ་ཡིན་ན། ཚོགས་སྤྱི་དང༌། རིགས་སྤྱི་ལ་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར། ལུགས་འདི་ལ་ཚོགས་སྤྱི་དང་སྤྱི་མཚན་ལ་ཁྱད་པར་ཡོད་དོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཚོགས་སྤྱི་རྣམས་ཀྱང་དོན་བྱེད་ནུས་པར་ཁས་ལེན་དགོས་པ་ཡིན་ཏེ། རྡུལ་ཕྲན་སོ་སོ་བའི་དེར་གནས་པའི་ཚེ། ཆུ་སྐྱོར་བ་དང་གདུང་འདེགས་པ་དང༌། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་མི་བྱེད་ལ། རགས་པར་སྐྱེས་པ་དེའི་ཚེ་དེ་དག་བྱེད་པའི་ཕྱིར་དང༌། སྐད་ཅིག་རེ་རེ་ལ་སྐྱེ་བ་དང༌། རྒས་པ་དང༌། ཞིང་འདེབས་པ་དང༌། ལོ་ཐོག་སྨིན་པ་དང་ཐོས་བསམ་ལ་སོགས་པའི་བྱ་བ་དགེ་སྡིག་གང་ཡང་མཐར་ཕྱིན་པའི་ནུས་པ་མེད་ལ། རྒྱུན་ལ་བལྟོས་ནས་དོན་དེ་དང་དེ་དག་བྱེད་པའི་ནུས་པ་ཡོད་པའི་ཕྱིར། དེ་ལ་འདི་སྙམ་དུ་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་ཆོས་ཅན། ལྐོག་གྱུར་ཡིན་པར་ཐལ་བ་དང༌། རང་དངོས་ཡུལ་དུ་བྱེད་པའི་ཚུར་མཐོང་གི་ཤེས་པ་ཡིན་ན། རྟོག་པ་ཡིན་དགོས་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར་སྙམ་ན་འདིར་ནི་འཇིག་རྟེན་གྱི་གྲགས་པ་དང་རློམ་ཚོད་དང༌། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ཁས་ལེན་པའི་སྐབས་ཡིན་པས་སྤྱི་མཚན་དུ་ཁས་མི་ལེན་པའི་ཕྱིར། དེ་ལྟ་བུའི་དཔྱད་པ་འཇུག་པའི་སྐབས་མེད་ལ། སྐབས་གཞན་དུ་འདོད་ལེན་འདེབས་པའི་ཚུལ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ལ། སྤྱིར་རགས་རྒྱུན་དངོས་པོར་མེད་པའི་རྒྱུ་མཚན། བྱེ་བྲག་རྫས་སུ་མེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རགས་པ་དང་རྒྱུན་རྣམས་ཆོས་ཅན། བློ་ཀུན་རྫོབ་པ་ལ་དངོས་པོར་སྣང་བ་ཡིན་ཀྱང་དངོས་པོར་སྨྲ་བ་རང་གི་རིགས་པས་དཔྱད་ནས་བཞག་པའི་དངོས་པོ་ནི་མིན་ཏེ། རིགས་པས་དཔྱད་མི་བཟོད་པའི་ཕྱིར་དང༌། བདེན་པར་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་དོན་དམ་དུ་རིགས་པས་དཔྱད་ནས་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་རྣམས་ལ། དངོས་པོར་སྨྲ་བ་ཞེས་མིང་བཏགས་པ་ཡིན་པའི་ཕྱིར། གདུང་འདེགས་པ་དང༌། ཆུ་སྐྱོར་བ་ལ་སོགས་པའི་དོན་བྱེད་ནུས་པར་སྣང་བ་དེ་ཡང་རྡུལ་ཕྲ་རབ་དང༌། སྐད་ཅིག་གི་ཕྲེང་བ་རེ་རེ་ནས་བྱས་པ་ཡིན་གྱི། རགས་པ་དང་རྒྱུན་དུ་གྲུབ་པ་ཁོ་ནས་བྱས་པ་མིན་ཏེ། གལ་ཏེ་ཡིན་ན་རྡུལ་ཕྲན་རེ་རེ་བ་དང༌། སྐད་ཅིག་རེ་རེ་བ་མ་ཚང་ཀྱང་དོན་བྱེད་པར་ཐལ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་ཡིན་ཏེ། ཆུ་སྐྱོར་བ་དང་གདུང་འདེགས་པ་ལྟ་བུའི་བྱ་བ་བྱེད་པའི་ནུས་པ་དེ་ནི་རེག་བྱའི་རྫས་ཀྱི་ཁྱད་པར་གང་ཡོད་པ་དེའི་ནུས་པ་ཡིན་གྱི། རྡུལ་རྫས་བརྒྱད་ཀ་ཚོགས་པའི་ནུས་པ་མིན་པའི་ཕྱིར་དང༌། རགས་པ་འཇོག་པ་ལ་བརྒྱད་ཀ་ཚང་དགོས་པའི་ཕྱིར་རོ། །རེག་བྱའི་རྫས་ལ་ཡང་འབྱུང་བ་དང༌། འབྱུང་བ་ལས་གྱུར་པ་གཉིས་ལས། ཆུ་སྐྱོར་བ་དང༌། འདེགས་པ་དང༌། གོ་ས་གནོན་པ་སོགས་ནི་འབྱུང་བ་ཁོ་ནས་བྱས་པ་ཡིན་ཏེ། འབྱུང་བ་ལས་གྱུར་པའི་རེག་བྱ་ནི་བཏགས་ཡོད་ཡིན་པའི་ཕྱིར། ཡང་བུམ་པ་དང༌། སྣམ་བུ་ལ་སོགས་པའི་དབྱིབས་མིག་ཤེས་ལ་སྣང་བ་དེའི་ཚེ། དེ་འདྲའི་རྣམ་པ་གཏོད་པའི་བྱ་བ་དེ་བུམ་པའི་གཟུགས་ཀྱི་རྫས་ཁོ་ནས་བྱས་པ་ཡིན་གྱི། རགས་པས་བྱས་པ་མིན་ཏེ། འབྱུང་བ་བཞི་ཀའི་རྡུལ་གྱི་ཚོགས་པ་མིག་ཤེས་ལ་མི་སྣང་བའི་ཕྱིར་དང༌། མ་ཚོགས་པར་ཡང་རགས་པར་བཞག་མི་ནུས་པའི་ཕྱིར། གལ་ཏེ་བུམ་པའི་གཟུགས་ཀྱི་རྫས་ཁོ་ནས་དོན་བྱེད་ནུས་ན་རགས་པས་དོན་བྱེད་ནུས་དགོས་ཏེ། གཟུགས་ཀྱི་གཅིག་རེག་བྱ་འཛིན་པའི་ཤེས་པ་ལ་སྣང་བར་མ་འབྲེལ། རྫས་གཉིས་རགས་པ་ཡིན་པའི་ཕྱིར། ཅེ་ན། དེ་ནི་ཁྱོད་ཀྱིས་མ་ཤེས་པ་ཡིན་ཏེ། ཇི་སྲིད་འབྱུང་བ་བཞི་ཚོགས་པའི་རགས་པར་མ་གྲུབ་པ་དེ་སྲིད་དུ། གཟུགས་དང་དྲི་ལ་སོགས་པ་མ་སྐྱེས་ཞེས་བྱ་བ་འདི་འཐད་པ་ཡིན་གྱི། རྡུལ་རྫས་བརྒྱད་པོ་རེ་རེ་ནས་རགས་པར་འཇོག་པ་རིགས་པ་མཁྱེན་པའི་དགོངས་པ་མིན་པའི་ཕྱིར། གལ་ཏེ་ཡིན་ན་གསེར་བུམ་གྱི་སྟེང་གི་གཟུགས་ཀྱི་རྫས་ཆོས་ཅན། ཁྱོད་ཀྱི་ཡན་ལག་ཏུ་གྱུར་པའི་ཆ་ཤས་གཅིག དྲི་འཛིན་ཤེས་པ་ལ་སྣང་བ་དང༌། གཅིག་རོ་འཛིན་ཤེས་པ་ལ་སྣང་བ་དང༌། གཅིག་རེག་བྱ་འཛིན་པའི་ཤེས་པ་ལ་སྣང་བར་ཐལ། ཁྱོད་རྡུལ་རགས་པ་ཡིན་པའི་ཕྱིར། ཡང་ཁྱོད་ཀྱི་ཡན་ལག་ཏུ་གྱུར་པའི་རྡུལ་རྫས་དྲུག་གམ་བརྒྱད་ཡོད་པར་ཐལ་བ་དང༌། ཁྱོད་རྡུལ་རྫས་དྲུག་གམ་བརྒྱད་ཀྱི་ཚོགས་པ་གཅིག་ལ་ལྟོས་པའི་ཡན་ལག་ཅན་ཡིན་པར་ཐལ། ཁྱོད་རྡུལ་རགས་པ་ཡིན་པའི་ཕྱིར། འདིར་གཟུགས་ཀྱི་རྫས་ཤེས་པ་ཡང་གཟུགས་ཉིད་ལ་མི་འདོད་ཀྱི། དེའི་བརྩོམ་གཞིར་གྱུར་པའི་འབྱུང་བ་བཞིའི་རྡུལ་ཕྲན་ཉིད་ལ་འདོད་དགོས་པ་ཡིན་ཏེ། གཟུགས་སོགས་འབྱུང་བ་ལས་གྱུར་པ་ཡིན་ན་རགས་པ་ཡིན་དགོས་པའི་ཕྱིར། རྡུལ་རྫས་བརྒྱད་འདུས་ཀྱི་མིང་བཏགས་ཀྱང་རྫས་ནི་བཞི་ཁོ་ནའོ། །འོ་ན་གཟུགས་རགས་པ་གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་མིན་ན། རྡུལ་ཕྲན་རེ་རེ་ནས་ནི། ཇི་སྐད་དུ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་བཤད་པས་དམིགས་རྐྱེན་དུ་མི་རུང་བའི་ཕྱིར། གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་མི་སྲིད་པར་འགྱུར་རོ་ཞེ་ན། དེ་སྐད་ཟེར་བ་དེ་ནི་རིགས་པ་མཁྱེན་པའི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། བསགས་པ་དག་ནི་ཚོགས་པ་ཡིན། །ཞེས་པ་ནས། སྤྱིའི་སྤྱོད་ཡུལ་ཅན་དུ་བཤད། ཅེས་པའི་གཞུང་དོན་བཤད་པ་ན་རྟོགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། རང་སྡེ་ཁ་ཅིག་ན་རེ། གཟུགས་འཛིན་དབང་ཤེས་ཆོས་ཅན་རྟོག་པ་ཡིན་ཏེ། རྡུལ་ཕྲན་གྱི་ཚོགས་པ་དངོས་ཡུལ་དུ་བྱེད་པའི་རིག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཚོགས་པ་ཡིན་ན་སྤྱི་ཡིན་དགོས་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་ལས། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའོ། །ཞེས་བཤད་པས་སོ། །ཞེས་ཕྱོགས་སྔ་མ་འགོད་པ་ནི། བསགས་པ་དག་ནི་ཞེས་སོགས་ཤླཽ་ཀ་གཅིག་གོ །ཉེས་པ་དེ་མེད་དེ། ཟླ་བོ་མེད་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་ཡུལ་མིན་གྱི། རྡུལ་ཕྲན་མང་པོ་དང་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ལ་དགོངས་ནས། མདོ་ལས་དེ་སྐད་དུ་གསུངས་པའི་ཕྱིར་ཞེས་འཆད་པ་ནི། དོན་གཞན་དང་ནི་ཞེས་སོགས་ཤླཽ་ཀ་གཉིས་སོ། །འདི་ཡང་དཔེ་ལ་བརྟེན་ནས་ཤེས་དགོས་ཏེ། ཏིལ་འབྲུ་གཅིག་ལས་ཏིལ་མར་ཁམ་ཕོར་གང་འབྱིན་པའི་ཚེ། འཇིག་རྟེན་གྱི་གྲགས་པ་དང༌། བློ་འཁྲུལ་བའི་ངོར་ཏིལ་གྱི་ཚོགས་པ་ལས་ཏིལ་མར་ཆུང་བར་རློམ་ཡང་རིགས་པས་དཔྱད་པའི་ཚེ། ཏིལ་འབྲུ་རེ་རེ་ཁོ་ནས་ཕྱུང་བ་ཡང་མིན། ཚོགས་སྤྱི་ཁོ་ནས་ཕྱུང་བ་ཡང་མིན། མང་པོ་དང་ལྷན་ཅིག་ཏུ་ཚོགས་པའི་ཏིལ་འབྲུ་རེ་རེ་ནས་ཏིལ་མར་ཕྱུང་བ་ཡིན་པ་དེ་བཞིན་ནོ། །དེས་ན་སྒོ་ལྔའི་དབང་ཤེས་ཀྱི་དམིགས་རྐྱེན་དང༌། སྒྲིབ་ཐོགས་ལ་སོགས་པའི་བྱ་བ་ནི། རྡུལ་ཕྲན་རེ་རེ་ནས་བྱས་པ་ཡིན་གྱི། རགས་པས་བྱས་པ་ལྟ་བུར་བློ་འཁྲུལ་པ་ལ་སྣང་ཡང༌། དེས་བྱས་པ་མིན་ཏེ། དེ་ནི་བཏགས་ཡོད་ཡིན་པའི་ཕྱིར། འོ་ན་བུམ་གཟུགས་ཆོས་ཅན། གཟུགས་འཛིན་མིག་ཤེས་ལ་མི་སྣང་བར་ཐལ། རྡུལ་ཕྲ་རབ་ཀྱི་ངོ་བོར་གནས་པའི་ཕྱིར། རགས་པ་མ་བརྩམས་པས་གནས་སྐབས་བཞིན་ནོ། །ཞེ་ན། དེ་ཡང་རིགས་པ་མཁྱེན་པའི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། དུ་མ་ཉིད་ནའང་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོགས་མིན་ཞེ་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པས་སོ། །དེ་ལྟར་རགས་པ་དམིགས་རྐྱེན་དུ་འཇོག་པ་འཇིག་རྟེན་གྱི་ལུགས་དང༌། རྡུལ་ཕྲ་རབ་དམིགས་རྐྱེན་དུ་འཇོག་པ་ཉན་ཐོས་དོན་སྨྲ་བ་རང་གི་རིགས་པས་དཔྱད་པའི་ལུགས་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །འོ་ན་རྡུལ་ཕྲན་མང་པོ་དང་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་རེ་རེ་བ་རྣམས་ཆོས་ཅན། ཚུར་མཐོང་དབང་ཤེས་ཀྱི་ཡུལ་མིན་པར་ཐལ། རྡུལ་ཕྲན་ཡིན་པའི་ཕྱིར་དང༌། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། ཞེ་ན། འོ་ན་མེའི་རྡུལ་ཕྲ་རབ་ཀྱི་རེག་བྱ་ཆོས་ཅན། དེར་ཐལ་དེའི་ཕྱིར། ཞེས་པ་བཟློག་པར་མི་ནུས་ཤིང༌། རྣལ་མའི་ལན་ནི། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་པའི་གཞུང་གི་དོན། རགས་པ་མ་རྩོམ་པའི་རྡུལ་ཕྲ་རབ་རེ་རེ་བ་ལ་དགོངས་པ་ཡིན་ཏེ། ཟླ་མེད་ཀྱི་རྡུལ་ཕྲན་རེ་རེ་བ་མ་ཡིན་ཏེ། དབང་ཤེས་ཀྱི་གཟུང་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ། སྔ་མ་བཞིན། ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །ཞེས་པ་དང་རྩོད་ལན་དུ་སྦྲེལ་དགོས་པས་སོ། །དེས་ན་གཟུགས་འཛིན་མིག་ཤེས་ལྟ་བུ་ལ་སྣང་བ་དང༌། དམིགས་པ་ནི་གཟུགས་བཏགས་ཡོད་དེ་ཉིད་ཡིན་ཀྱང་དེ་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ནི་རེག་བྱའི་སྐྱེ་མཆེད་དུ་གྱུར་པའི་རྡུལ་ཕྲ་རབ་ཉིད་ཡིན་ཏེ། དམིགས་བརྟག་ཏུ་དོན་སྨྲ་བའི་འདོད་པ་འཆད་པ་ན། དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །ཞེས་ཕྱོགས་སྔ་མ་བཀོད་ནས། དེ་མི་སྣང་ཕྱིར་དེ་ཡུལ་མིན། །ཅེས་འགོག་བྱེད་ཀྱི་རིགས་པར་བཤད་ལ། དེ་ལ་ནི་དོན་སྨྲ་བས། རྟགས་དང་ཁྱབ་པ་གང་རུང་མ་གྲུབ་པའི་ལེན་འདེབས་དགོས་པ་ཡིན་པའི་ཕྱིར་ཏེ། ཕྱི་རོལ་དོན་སྒྲུབ་ལས། དེ་ཕྱིར་རང་གི་མཚན་ཉིད་ཀྱི། །རྣམ་པར་ཤེས་ལ་རྡུལ་ཕྲན་རྣམས། །མི་སྣང་ཞེས་ནི་སྨྲ་བ་གང༌། །དེ་དག་ཐམས་ཅད་གྲུབ་མ་ཡིན། །ཞེས་གསུངས་པའི་ཕྱིར། དེས་ན། གསེར་བུམ་རྩོམ་བྱེད་ཀྱི་འབྱུང་བ་བཞིའི་རྡུལ་ཕྲ་རབ་རྣམས། གསེར་བུམ་གྱི་སྟེང་གི་གཟུགས་སོགས་དོན་ལྔ་འཛིན་པའི་དབང་ཤེས་ལྔ་ཆར་གྱི་དམིགས་རྐྱེན་ཡིན་པ་ལ་ཁྱད་པར་མེད་ཀྱང་ལྔ་ཆར་དམིགས་པ་ནི་མ་ཡིན་ནོ། །རེག་བྱ་འཛིན་པའི་དབང་པོའི་མངོན་སུམ་གྱི་དམིགས་པ་ཡང་འབྱུང་བ་ལས་གྱུར་པའི་རེག་བྱ་ཁོ་ན་ཡིན་གྱི། འབྱུང་བའི་ངོ་བོར་གྱུར་པའི་རེག་བྱ་ནི་མ་ཡིན་ནོ། །གལ་ཏེ་དེ་ཆོས་ཅན། གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། དེ་ལ་མི་སྣང་བའི་ཕྱིར་དང༌། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར་སྙམ་དུ་དོགས་ན་ནི། འོ་ན་གཟུགས་འཛིན་མིག་ཤེས་ཀྱི་སྔ་ལོགས་ཀྱི་གཟུགས་ལྐོག་ན་མོ་ཆོས་ཅན། དེར་ཐལ། དེ་ལ་མི་སྣང་བའི་ཕྱིར། གཟུགས་ཀྱི་མི་རྟག་པ་ཆོས་ཅན། དེར་ཐལ། ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། རྣལ་མའི་ལན་ནི། བུམ་གཟུགས་ཀྱི་རྡུལ་ཕྲ་རབ་ཚོགས་པ་དེ་ཆོས་ཅན། དེ་འཛིན་མིག་ཤེས་ཀྱི་དམིགས་པ་དང༌། དེ་ལ་མི་སྣང་ཡང་དེའི་དམིགས་རྐྱེན་དང་གཟུང་ཡུལ་ཡིན་ཏེ། དེ་ལ་བུམ་གཟུགས་ཀྱི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། ཁྱད་པར་སྐྱེས་གྱུར་མང་པོ་དག །ཅིག་ཆར་བློ་ཡི་རྒྱུར་འགྱུར་བ། །འགལ་བ་དག་ནི་ཅི་ཞིག་ཡོད། །རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་གསུང་ངོ༌། །དེ་ལྟར་བཤད་པའི་དོན་ནི། ཕྱི་རོལ་དོན་གྱི་གནས་ཚུལ་ནི། །རྡུལ་ཕྲ་རབ་ཏུ་གནས་པའི་ཕྱིར། །ཡིན་ལུགས་དོན་དམ་པའི་དམིགས་རྐྱེན་ཡང་དེ་ཁོ་ནར་ངེས་ལ། སྣང་ཚུལ་ནི། རགས་པ་དང་ལིངས་པོར་སྣང་བའི་ཕྱིར། ཀུན་རྫོབ་འཁྲུལ་པའི་དམིགས་རྐྱེན་ཀྱང་དེ་དང་དེར་བཞག་པ་ཡིན་ནོ། །ཞེས་བྱ་བ་འདི་དང༌། དངོས་པོ་སྨྲ་བ་རང་གི་རིགས་པས་དཔྱད་ནས་བཞག་པའི་དངོས་པོ་དང༌། དོན་རང་མཚན་ལ་ཁྱད་པར་མེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་རགས་རྒྱུན་རྫས་སུ་མ་གྲུབ་པའི་རྒྱུ་མཚན་ལ། དངོས་པོ་དང༌། དེས་ན་ལྐོག་གྱུར་དུ་གྲུབ་པའོ། །དང་པོ་ནི། ཀ་བུམ་ལ་སོགས་པའི་རགས་པ་རྣམས་རྫས་སུ་གྲུབ་བོ་ཞེས་མགྲིན་གཅིག་ཏུ་སྨྲ་བ་དེ་དག་ལ་འདི་འདྲི་བར་བྱ་སྟེ། ཀ་བ་དང་ཁོ་རང་གི་རྡུལ་རྫས་བརྒྱད་པོ་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། ཀ་གཟུགས་མཐོང་བའི་མིག་ཤེས་ཀྱིས་ཀ་བ་མཐོང་བར་འགྱུར་ཏེ། དེ་དེ་ལ་སྒྲུབ་འཇུག་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་པའི་ཕྱིར། ཅི་སྟེ། དེ་གཉིས་རྫས་གཅིག་པར་འདོད་ཀྱང་གྲུབ་བདེ་རྫས་གཅིག་པར་ཁས་མི་ལེན་ནོ་ཞེ་ན། དེ་གཉིས་གྲུབ་བདེ་གཅིག་པར་ཐལ། དེ་གཉིས་རྫས་གཅིག་པ་གང་ཞིག ཀ་བ་དང་རྫས་མི་གཅིག་པའི་ཀ་གཟུགས་མེད། དེ་ལས་རྫས་ཐ་དད་པའི་ཀ་བ་མེད་པའི་ཕྱིར་མ་གྲུབ་ན། ཡན་ལག་ཅན་རྫས་གཞན་སྲིད་པར་ཐལ་ལོ། །རྩ་བར་འདོད་ན། ཀ་བའི་དྲི་རོ་རེག་བྱ་གསུམ་མཐོང་བའི་མིག་ཤེས་ཀྱིས་ཀྱང་ཀ་བ་མཐོང་བར་འགྱུར་ཏེ། རིགས་པ་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཡང་འདོད་ན་ཇི་སྐད་དུ། དོན་གཅིག་ཡིན་ན་གཉིས་དོན་མེད། །ཅེས་པའི་ལུང་དང་འགལ་ཞིང༌། ཀ་བ་དེ་སྐྱེ་མཆེད་རིགས་མི་མཐུན་དུ་མར་ཐལ་བའི་རིགས་པས་གནོད་དོ། །གཉིས་པ་ལྟར་ན་ཡན་ལག་ཅན་རྫས་གཞན་གྲུབ་པར་ཐལ། ཀ་བ་དེ་རང་གི་རྡུལ་རྫས་བརྒྱད་པོ་དང་རྫས་ཐ་དད་ཡིན་པའི་ཕྱིར། གཉིས་པ་ནི། ཀ་བ་ལ་སོགས་པའི་ཚོགས་སྤྱི་རགས་པ་རྣམས་རང་གི་རྡུལ་རྫས་བརྒྱད་པོ་མཐོང་བའི་མངོན་སུམ་གྱིས་མ་མཐོང་བར་གྲུབ་པ་ན། དེ་དེ་ལ་ལྐོག་ཏུ་གྱུར་པར་གྲུབ། དེར་གྲུབ་པ་ན་དེ་དག་ཡུལ་དུ་བྱེད་པའི་ཚུར་རོལ་མཐོང་བའི་ཤེས་པ་ཐམས་ཅད་རྟོག་པར་གྲུབ། དེ་གྲུབ་པ་ན་ཀ་བ་ལྟ་བུ་རྡུལ་རྫས་བརྒྱད་ཀའི་ཚོགས་སྤྱི་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་དོན་དམ་པའི་དངོས་པོར་མེད་པ་དང༌། ཆོས་ཀྱི་སྐྱེ་མཆེད་དུ་རྟོགས་པར་གྲུབ་ལ་དེའི་ནང་ནས་ཀྱང་ཀུན་རྫོབ་པའི་དངོས་པོར་བཞག་པ་ལྟར་ན། ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གྲུབ་པ་ཡིན་ནོ། །རགས་པ་གང་ཡིན་དེར་འདོད་པ་མ་ཡིན་ཏེ། གཟུགས་སྒྲའི་སྐྱེ་མཆེད་བཞིན་ནོ། །གཉིས་པ་མཚན་གཞི་ལ། དངོས་བཏགས་མ་ཕྱེ་བའི་དབྱེ་བ་དང༌། མཚན་གཞི་ལ་མཚན་ཉིད་ངེས་པར་གྲུབ་པའོ། །དང་པོ་ནི། ཡུལ་ཅན་སྣང་འཇུག་ལ་འཁྲུལ་མ་འཁྲུལ་གཉིས་ཡོད་པའི་ཕྱིར། ཡུལ་སྣང་བ་ལ་ཡོད་པ་གསལ་བ་དང༌། མེད་པ་གསལ་བ་གཉིས་སུ་ཕྱེའོ། །གཉིས་པ་ལའང་གསལ་བར་སྣང་བའི་ཡུལ་ཅན་གྱི་ཆ་དང༌། ཡུལ་གྱི་ཆའོ། །དང་པོ་ནི། ཤེས་པ་ཡིན་པའི་ཕྱིར་སྣང་བ་དངོས་ཡིན་ལ། གཉིས་པ་ནི། མེད་པའི་ཕྱིར་སྣང་བ་བཏགས་པ་བ་ཡིན་ནོ། །འོ་ན་རི་བོང་གི་རྭ་ལ་སོགས་པ་སྣང་བ་བཏགས་པ་བར་ཅིའི་ཕྱིར་མི་འཇོག་ཅེ་ན། འདོགས་པའི་རྒྱུ་མཚན་མེད་པའི་ཕྱིར། ཡོད་མེད་མཚུངས་སོ་ཞེ་ན། མ་ཡིན་ཏེ། སྐྲ་ཤད་དང་ཟླ་བ་གཉིས་སུ་སྣང་བའི་དབང་ཤེས་ཡོད་ལ། ཅིག་ཤོས་ལ་དེ་མེད་པའི་ཕྱིར། གཉིས་པ་ལ་ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པའི་ཚུལ་ལོ། །དང་པོ་ལ། ཕྱི་རོལ་དོན་གྱི་གནས་ཚུལ། ནང་ཤེས་པའི་གནས་ཚུལ། འདུས་བྱས་སྤྱིའི་གནས་ཚུལ་ལོ། །དང་པོ་ནི། སྔར་བཤད་པ་ལྟར། ཕྱི་རོལ་གྱི་དོན་རྣམས་ནི་སྣང་ཚུལ་ལ་རགས་པར་སྣང་ཡང་གནས་ཚུལ་ལ་རྡུལ་ཕྲན་དུ་གནས་ཤིང༌། རྩོམ་བྱེད་ཀྱི་རྡུལ་ཕྲན་ཀྱང་འབྱུང་བ་བཞིའི་རྡུལ་རྣམས་ནི་རྫས་ཐ་དད་ཁོ་ནར་གནས་ཤིང༌། དེས་བརྩམས་པའི་འབྱུང་བ་ལས་གྱུར་པའི་རྡུལ་རྣམས་ནི་མ་དཔྱད་ན་རྫས་ཐ་དད་ཡིན་ཀྱང༌། དཔྱད་ན་བཏགས་ཡོད་ཡིན་པའི་ཕྱིར། དངོས་པོའམ། ངོ་བོ་ཐ་དད་དུ་བཞག་གོ །ཡན་ལག་རྡུལ་རྫས་བརྒྱད་དུ་གྲགས་པ་དེ་དང༌། དེའི་ཡན་ལག་ཅན་གཉིས་ཀྱང་བདག་ཉིད་གཅིག་པ་ཡིན་མོད། ནམ་ཡང་རྫས་གཅིག་པ་མིན་ཞིང༌། དཔྱད་པའི་ཚེ་ན་དངོས་པོ་གཅིག་པ་ཡང་མིན་ཏེ། གལ་ཏེ་ཡིན་ན་ལྷན་ཅིག་དམིགས་ངེས་སུ་ཐལ་བའི་ཕྱིར་རོ། །འོ་ན་ཕྱི་རོལ་དོན་གྱི་གནས་ཚུལ་དང༌། སྣང་ཚུལ་མི་མཐུན་ན། དོན་རིག་མངོན་སུམ་འཁྲུལ་ཤེས་སུ་ཐལ་བ་མིན་ནམ་ཞེ་ན། འདི་ནི་གྲུབ་མཐའི་སྐྱོན་ཡིན་པས་གྲུབ་མཐའ་གོང་མས་གཞལ་བའི་ཚེ་དེ་ལྟར་ཐལ་བ་འཕེན་ནུས་ཀྱང༌། རང་གི་གྲུབ་པའི་མཐའ་ལ་གནས་ནས་ནི་མིན་ཏེ། སྐྱེས་བུ་གཅིག་གཟུགས་ལ་ལྟ་བའི་དགྲ་གཉེན་གྱི་མིག་ཤེས་གཉིས་ཀ་མ་འཁྲུལ་བ་བཞིན་ནོ། །གཉིས་པ་ནི་ཤེས་པ་རྣམས་ནི་སྣང་ཚུལ་ལ་རྒྱུན་དུ་སྣང་ཡང༌། གནས་ཚུལ་ལ་སྐད་ཅིག་ཆ་མེད་པའི་ཚུལ་གྱིས་སོ་སོ་ཐ་དད་དུ་གནས་པ་ཡིན་ཏེ། དུས་གསུམ་ཅིག་ཆར་མི་སྐྱེ་བའི་ཕྱིར་རོ། །དེ་དག་ཀྱང་མ་དཔྱད་ན་རྒྱུ་འབྲས་ཡིན་པའི་ཕྱིར། རྫས་ཐ་དད་ཡིན་ཀྱང་དཔྱད་པའི་ཚེ་ན། གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། གཅིག་དངོས་པོར་གྲུབ་དུས་སུ་གཅིག་ཤོས་དངོས་པོར་མ་གྲུབ་པའི་ཕྱིར། གསུམ་པ་ནི་གཅིག་ལ་དཔེར་མཚོན་ན། སྒྲ་དང་དེའི་བྱས་མི་རྟག་ལ་སོགས་པའི་རྫས་ཆོས་རྣམས་དོན་གྱི་གནས་ཚུལ་ལ་རྫས་ཐ་དད་པ་ཕར་ཞོག ཐ་དད་ཙམ་དུ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་རང་གི་ཡུལ་ཅན་གྱི་རྟོག་མེད་ཀྱི་ཤེས་པ་ལ་ཐ་དད་དུ་སྣང་དགོས་པ་ལས་དེར་མི་སྣང་བའི་ཕྱིར། དེས་ན་དེ་གསུམ་ཀ་མཉན་བྱ་ཁོ་ན་ཡིན་ཏེ། སྒྲ་དང་རྫས་གཅིག་པའི་ཕྱིར། ཇི་སྐད་དུ། སྣ་ཚོགས་སུ་ནི་སྣང་བ་ཡི། །བློ་ནི་སྐྱེ་བ་མེད་པའི་ཕྱིར། །ཉན་ལ་གཉིས་མེད་སྣང་ཞེས་གསུངས་པས་སོ། །འདི་དང་གོང་འོག་གི་སྐབས་དུ་མར་སྒྲ་རང་མཚན་དང༌། བུམ་པ་རང་མཚན་དང༌། རྫས་ཀྱི་ངོ་བོར་གྱུར་པའི་བྱས་མི་རྟག་ལ་སོགས་པའི་རྣམ་གཞག་བྱས་པ་དེ་ཐམས་ཅད་གནས་ཚུལ་རྡུལ་ཕྲ་རབ་དང༌། སྐད་ཅིག་སོ་སོ་བ་ལ་བསམས་ནས་ཐ་སྙད་དེ་སྐད་བྱས་པ་ཡིན་གྱི། སྒྲ་བུམ་སོགས་དང་རགས་རྒྱུན་གྱི་རང་ལྡོག་ནས། རང་མཚན་དང་རྫས་སུ་མི་འཇོག་པའི་ཕྱིར་འགལ་ལོ་སྙམ་དུ་དོགས་པར་མི་བྱ་ཞིང༌། རྣམ་དབྱེ་སོ་སོར་ཕྱེད་དགོས་སོ། །འོ་ན་སྒྲའི་རྫས་ཆོས་སུ་གྱུར་པའི་མི་རྟག་པ་ཆོས་ཅན། སྒྲ་མིན་ཏེ་ལྡན་པ་མིན་པའི་འདུ་བྱེད་ཡིན་པའི་ཕྱིར་སྙམ་ན། དེ་ཆོས་ཅན། གནས་ཚུལ་ལ་ལྡན་པ་མིན་པའི་འདུ་བྱེད་ཡིན་ཏེ། གནས་ཚུལ་ལ་སྐད་ཅིག་སིལ་བུར་གནས་པའི་ཕྱིར། སྣང་ཚུལ་ལ་སྒྲར་སྣང་བ་ཡིན་ཏེ། ཉན་ཤེས་མངོན་སུམ་གྱི་བཟུང་བྱ་ཡིན་པའི་ཕྱིར། གནས་ཚུལ་ལ་ཆོས་ཀྱི་སྐྱེ་མཆེད་དུ་གནས་པ་དང༌། སྣང་ཚུལ་ལ་སྒྲའི་སྐྱེ་མཆེད་དུ་སྣང་བ་མི་འགལ་ཏེ། དཔེར་ན་ཕྱི་རོལ་གྱི་དོན་ཐམས་ཅད་གནས་ཚུལ་ལ་རྡུལ་ཕྲ་རབ་ཁོ་ནར་གནས་པས་རེག་བྱའི་སྐྱེ་མཆེད་ཡིན་ཀྱང༌། སྣང་ཚུལ་ལ་གཟུགས་སྒྲ་སོགས་དོན་ལྔ་སོ་སོར་ངེས་པར་སྣང་བ་དང༌། ཤེས་པ་རྣམས་གནས་ཚུལ་ལ་སྐད་ཅིག་ཕྲེང་བར་གནས་པའི་ཆ་མེད་དུ་གནས་ཀྱང༌། སྣང་ཚུལ་ལ་ཆ་དང་བཅས་པར་སྣང་བ་མི་འགལ་བ་བཞིན་ནོ། །དེ་ལྟར་ཤེས་པ་ན་ཕྱི་རོལ་གྱི་དོན་ཐམས་ཅད་ཀྱི་གནས་ཚུལ་རེག་བྱའི་སྐྱེ་མཆེད་ཡིན་པ་དང༌། ནང་ཤེས་པའི་གནས་ཚུལ་ཆོས་ཀྱི་སྐྱེ་མཆེད་དུ་གནས་པ་ཞེས་བྱ་བ་འདི་ཡིན་ནོ། །གོང་དུ་བཤད་པའི་ཚུལ་དེ་དག་མ་ཤེས་ན། གཟུགས་སོགས་དོན་ལྔའི་སྐྱེ་མཆེད་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་གཞི་མཐུན་ཁས་ལེན་དགོས་པ་དང༌། དངོས་པོ་དང་ལྡོག་པ་གཞན་སེལ་གྱི་གཞི་མཐུན་ཁས་ལེན་དགོས་པ་དང༌། སྒྲའི་སྟེང་གི་མི་རྟག་པ་དེ་རྫས་དང་ལྡོག་པ་གང་རུང་དུ་མ་འདུས་པར་ཁས་ལེན་དགོས་པ་ལ་སོགས་པའི་ཉེས་པ་མང་པོ་འབྱུང་བར་འགྱུར་ཏོ། །ཡང་ན་འདི་ལྟར་ཡིན་ཏེ། སྒྲའི་སྟེང་གི་མི་རྟག་པ་ལྟ་བུ་ལ་གཉིས་ཏེ། རྫས་དང་ལྡོག་པའོ། །དང་པོ་ལའང་གཉིས་ཏེ། སྐད་ཅིག་མ་ལྟ་བུ་དོན་དང༌། མི་རྟག་པ་ཞེས་པའི་མིང་ལྟ་བུ་ཐ་སྙད་དོ། །དེ་ལྟར་གསུམ་ལས་དང་པོ་ནི། སྒྲ་རང་མཚན་ཁོ་ན་དང་མངོན་གྱུར་ཡིན་ལ། གཉིས་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་དང་ལྐོག་གྱུར་དུ་བཞག་ལ། གསུམ་པ་ནི་སྤྱི་དང་དངོས་པོར་མེད་པ་དང་ལྐོག་གྱུར་ཁོ་ནའོ། །དེ་དག་ནི་ཡུལ་གྱི་གནས་ལུགས་སོ། །གཉིས་པ་བློའི་འཛིན་སྟངས་ནི། ཇི་སྐད་དུ། གཅིག་ལ་ཐ་དད་སྣང་བ་མེད། །ཐ་དད་གཅིག་ཏུ་སྣང་མི་སྲིད། །ཅེས་གསུངས་ལ། དེའི་དོན་ནི་རྫས་ཀྱི་ངོ་བོར་གྱུར་པའི་སྒྲ་བྱས་མི་རྟག་པ་ལྟ་བུ་ལྷན་ཅིག་དམིགས་ངེས་ཡིན་པ་ལ་དགོངས་ནས། གཅིག་ལ་ཐ་དད་སྣང་བ་མེད། །ཅེས་གསུང་ལ། རྫས་ཀྱི་ངོ་བོར་གྱུར་པའི་སྔོ་སེར་དཀར་དམར་གསུམ་ལ་བློ་རྟོག་པའི་ངོར་ཁ་དོག་ཙམ་གཅིག་གིས་ཁྱབ་པའི་སྒོ་ནས་འདྲེས་པ་ལྟ་བུར་སྣང་ཡང་རང་གི་ཡུལ་ཅན་གྱི་རྟོག་མེད་ཀྱི་ཤེས་པ་ལ་མ་འདྲེས་པ་སིལ་བུར་སྣང་བ་ལ་དགོངས་ནས། ཐ་དད་གཅིག་ཏུ་སྣང་མི་སྲིད། །ཅེས་གསུང་ངོ༌། །འདི་ལ་རྩོད་པ་གཉིས་སྤང་དགོས་ཏེ། གང་ཞེ་ན། སེར་པོའི་སྟེང་གི་མི་རྟག་པ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་དང༌། ཡང་དེ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་མིན་ཏེ། ལྡོག་པ་ཡིན་པའི་ཕྱིར། སེར་པོའི་ལྡོག་ཆོས་ཡིན་པའི་ཕྱིར། དེ་མིན་ན་མི་རྟག་པ་ཞེས་བརྗོད་པའི་སྒྲ་དེ། སེར་པོ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་མིན་པར་ཐལ། དེ་སེར་པོའི་རྫས་ཆོས་ཡིན་པའི་ཕྱིར་སྙམ་པའོ། །འདིའི་ལན་ནི་གོང་དུ་བསྟན་ཟིན་པ་ཡིན་ཏེ། སེར་པོའི་མི་རྟག་པ་ལ་རྫས་ལྡོག་གི་དབྱེ་བས་གཉིས་སུ་ཕྱེ་ནས་རློམ་ཚོད་དང་སོང་ཚོད་ཀྱི་ཁྱད་པར་སོ་སོར་ཕྱེ་ཟིན་པའི་ཕྱིར། གསུམ་པ་བློ་དོན་མཐུན་པའི་ཚུལ་ནི། གང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ན་རང་གི་ཡུལ་ཅན་གྱི་རྟོག་མེད་ཀྱི་ཤེས་པ་ལ་སྣང་མི་སྣང་གི་ཆ་གཉིས་མེད་པས་ཁྱབ། བཻ་ཌཱུརྻ་མཐོང་བ་ན་དེའི་སྔོན་པོ་མཐོང་བ་བཞིན་ནོ། །བུམ་པའི་བྱས་མི་རྟག་ཀྱང་ངོ་བོ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ནོ། །ཞེས་བྱ་བ་རང་བཞིན་གྱི་རྟགས་སོ། །འདི་ལ་རྩོད་པ་གསུམ་སྤང་དགོས་པ་ཡིན་ཏེ། གང་ཞེ་ན་བུམ་གཟུགས་ཀྱི་མི་རྟག་པ་ཆོས་ཅན། བུམ་གཟུགས་མཐོང་བའི་མིག་ཤེས་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྐོག་གྱུར་མིན་པར་ཐལ། དེའི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཅེས་པ་འདིའི་ལན་བཏབ་ཟིན་པ་ཡིན་ཏེ། མི་རྟག་པའི་དོན་མངོན་དུ་གྱུར་པ་དང༌། ཐ་སྙད་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར། རྩོད་པ་གཉིས་པ་ནི། འདིར་རྟགས་དང་བསྒྲུབ་བྱའི་ཆོས་གོ་ལོག་པའི་སྐྱོན་ཡོད་དེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་ངོ་བོར་དབྱེར་མེད་དུ་བསྒྲུབ་དགོས་པའི་ཕྱིར་སྙམ་ན་འདི་ཡང་སྐབས་བབ་ཀྱི་རྒོལ་བའི་བློ་རིགས་སོ་སོ་ལ་བལྟོས་ཏེ་འཇོག་དགོས་པ་ཡིན་ཏེ། རེས་འགའ་མི་རྟག་པའི་རྟགས་ཀྱིས་སྒྲ་བྱས་པར་བསྒྲུབ་དགོས་པ་དང༌། འགའ་ཞིག་ཏུ་བུ་རམ་གྱི་གཟུགས་ད་ལྟར་བའི་རྟགས་ཀྱི་བུ་རམ་གྱི་རོ་སྒྲུབ་དགོས་པ་བཞིན་ནོ། །རྩོད་པ་གསུམ་པ་ནི། སྒྲ་འཛིན་མངོན་སུམ་སྒྲ་དང་དེའི་མི་རྟག་པ་གཉིས་ཀ་ལ་མངོན་སུམ་ཡིན་པ་ལ་ཁྱད་པར་མེད་ན། དེ་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་དམ་མེད། ཡོད་ན་སེལ་འཇུག་ཏུ་འགྱུར་ལ། མེད་ན་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཐམས་ཅད་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་བ་མིན་ནམ་ཞེ་ན། མིན་ཏེ། སྒྲ་འཛིན་མངོན་སུམ་གྱིས་སྒྲ་མི་རྟག་པ་རྟོགས་ཟིན་ཀྱང་མ་གྲུབ་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན་དེས་དེ་ལ་ངེས་པ་མ་དྲངས་པའི་ཕྱིར་ཏེ། དེ་ལ་ངེས་པ་མ་དྲངས་ན་ཚད་མར་འགལ་ལོ་ཞེ་ན། དེ་ལྟ་ན་གཞན་ངེས་ཀྱི་ཚད་མ་འཇོག་མི་ཤེས་པར་འགྱུར་རོ། །གྲུབ་བདེ་རྫས་གཅིག་པ་ལ་ངེས་པ་འདྲེན་མི་འདྲེན་གྱི་ཆ་གཉིས་འགལ་ལོ་ཞེ་ན། འགལ་བ་མིན་ཏེ། ངེས་པ་འདྲེན་པའི་རྐྱེན་ཚང་མ་ཚང་གི་ཁྱད་པར་ཡོད་པའི་ཕྱིར། དེ་བས་ན་སྒྲ་འཛིན་མངོན་སུམ་ཐམས་ཅད་སྒྲ་མི་རྟག་པར་ལ་ཚད་མ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། འཕགས་རྒྱུད་ཀྱི་སྒྲ་འཛིན་མངོན་སུམ་གྱིས་སྒྲ་མི་རྟག་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར། རང་ངེས་ཀྱི་ཚད་མ་ཁོ་ན་ཡིན་ལ། བྱིས་པའི་མངོན་སུམ་གྱིས་ནི་སྒྲ་མི་རྟག་པ་ལ་རང་སྟོབས་ཀྱི་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། ངེས་པ་འདྲེན་པར་བྱེད་པའི་ཐབས་གཞན་ཞིག་ཚོལ་དགོས་པས་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་རྣམས་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་མིན་ནོ། །གཉིས་པ་སེལ་བའི་རྣམ་བཞག་ལ། འཇོག་ཚུལ་རྒྱས་པར་བཤད་པ་དང༌། །ངོས་འཛིན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ལོག་ཕྱོགས་གཞན་བསལ་བའི་ཚུལ་གྱིས་རྟོགས་པར་བྱ་བའི་བློ་ཆོས་སོ། །འདིར་སེལ་བྱེད་ནི་གཅིག་ལ་མཚོན་ན་བུམ་པ་ཞེས་བརྗོད་པའི་སྒྲ་དང༌། བུམ་པ་འཛིན་པའི་རྟོག་པའོ། །བསལ་བྱ་ནི་བུམ་མིན་མཐའ་དག་གོ །བསལ་བའི་ངོ་བོ་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ངོར་བུམ་མིན་རྣམ་པར་བསལ་ཙམ་དེའོ། །འོ་ན་དེ་དང་བུམ་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། བུམ་པའི་མིང་ཅན་ནི་གཉིས་ཏེ། སེལ་ངོའི་བུམ་པ་དང་སྣང་ངོའི་བུམ་པའོ། །དང་པོ་དང་དེ་གཉིས་ལ་ཁྱད་མེད་ལ། དེ་གཉིས་ཀྱི་མཚན་གཞི་ནི། བུམ་པ་མི་རྟག་པར་སྒྲུབ་པའི་ཆོས་ཅན་དུ་སོང་ཚོད་ཀྱི་བུམ་པ་དང༌། དཔེར་ན་བུམ་པ་བཞིན་ཞེས་བརྗོད་པའི་ཚེ་མཐུན་དཔེར་སོང་ཚོད་ཀྱི་བུམ་པ་ལྟ་བུའོ། །གཉིས་པ་ནི་དོན་ཆོས་ཁོ་ན་ཡིན་པའི་ཕྱིར། གཞན་སེལ་གྱི་དོན་མེད་དོ། །གཉིས་པ་སྒྲ་བཤད་པ་ནི། སེལ་བར་བྱེད་དོ་ཞེས་པ་བཤད་པའི་གཞི། དོན་གང་སེལ་བར་བྱེད་ན་བསལ་བྱ་རིགས་མཐུན་དང་རིགས་མི་མཐུན་མཐའ་དག་གོ །ལས་བྱ་བ་གང་ལ་སེལ་བར་བྱེད་ན་བུམ་པ་རང་མཚན་ལྟ་བུ་བསལ་གཞི་གང་དང་གང་ཡིན་པ་དེ་ལའོ། །བྱེད་པ་པོ་གང་གིས་སེལ་བར་བྱེད་ན་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པས་སོ། །དགོས་པ་ཅིའི་ཕྱིར་དུས་སེལ་བར་བྱེད་ན། དགག་བྱ་དགག་པ་དང༌། བསྒྲུབ་བྱ་བསྒྲུབ་པར་བྱ་བའི་ཕྱིར་དུའོ། །རྒྱུ་མཚན་གང་ལས་སེལ་བར་བྱེད་ན། སེལ་ངོར་གཞན་རིགས་མཐུན་དང༌། རིགས་མི་མཐུན་མཐའ་དག་ལས་ལོག་པར་སྣང་བའི་རྒྱུ་མཚན་ལས་སོ། །ཚུལ་ཇི་ལྟར་སེལ་བར་བྱེད་ཅེ་ན། སྒྲའི་མི་རྟག་པའོ། །བུམ་པའི་བྱས་པའོ། །ཞེས་ཐ་དད་དུ་རྣམ་པར་དབྱེ་བའི་ཚུལ་གྱིས་སམ། དྲུག་པའི་སྒྲ་དངོས་སུ་མེད་ཀྱང་སྒྲ་ནི་མི་རྟག་གོ །བུམ་པ་ནི་བྱས་སོ་ཞེས་ཆོས་དང་ཆོས་ཅན་དུ་སྦྱར་བའི་ཚུལ་གྱིས་སོ། །འོ་ན་དེ་ལྟ་བུའི་སེལ་བ་དེ་གཞི་གང་ལ་ཡོད་ཅེ་ན། དོན་རང་མཚན་ཐམས་ཅད་ལའོ། །འོ་ན་དེ་ལ་མིང་ཇི་སྐད་དུ་འདོགས་ཞེ་ན། གཞན་སེལ་དང༌། ལྡོག་པ་དང༌། སྤྱི་དང་བྱེ་བྲག་ལ་སོགས་པའི་མིང་གིས་འདོགས་སོ། །ཞེས་སྒྲའི་རྣམ་དབྱེ་བརྒྱད་དང་སྦྱར་ན། སྒྲ་བཤད་པའི་ཚུལ་ལ་མཁས་པར་འགྱུར་རོ། །གསུམ་པ་ལ་གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པའོ། དང་པོ་ནི། ཕྱི་རབས་བྱོན་པའི་རྟོག་གེ་པ་དག་ན་རེ། སེལ་བ་དང་དགག་པ་དོན་གཅིག་ཅིང༌། དེ་ལའང་གཉིས་ཏེ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའོ། །དང་པོ་ལ་གཉིས་ཏེ། དོན་གྱི་སེལ་བ་དང༌། བློའི་སེལ་བའོ། །དང་པོ་ནི། བུམ་མིན་ལས་ལོག་པའི་བུམ་པ་རང་མཚན་པ་ལྟ་བུའོ། །གཉིས་པ་ནི། བུམ་འཛིན་རྟོག་པ་ལ་བུམ་མིན་ལས་ལོག་པར་སྣང་བ་ལྟ་བུའོ། །གསུམ་པ་ནི། བུམ་པ་བུམ་མིན་མཐའ་དག་གིས་སྟོང་པ་ལྟ་བུའོ། །སེལ་བ་འདི་གསུམ་གྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང༌། དོན་རང་མཚན་དང་གཞན་སེལ་གྱི་གཞི་མཐུན་སྲིད་པ་ཡིན་ནོ། །དེ་ཡང་སློབ་དཔོན་ཞི་བ་འཚོས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་དང༌། སློབ་དཔོན་ཤཱཀྱ་བློས། སེལ་བ་གསུམ་གྱི་རྣམ་གཞག་གསུངས་པ་ལས་གྲུབ་པ་ཡིན་ནོ་ཞེས་ཟེར། འདི་མི་འཐད་པ་ལ་རིགས་པའི་གཏེར་ལས་དགག་པ་ཇི་ལྟར་མཛད་པའི་ཚུལ་དང༌། རིགས་པ་གཞན་ཡང་ཁ་བཀང་སྟེ་བཤད་པ། ཞི་འཚོ་དང༌། ཤཱཀྱ་བློའི་དགོངས་པ་གང་ཡིན་བསམ་པའོ། །དང་པོ་ནི་ཇི་སྐད་དུ། གཞན་སེལ་བློའི་འཇུག་ཚུལ་ཡིན། །བེམས་པོའི་དོན་ལ་གཞན་སེལ་མེད། །དོན་གྱི་གཞན་སེལ་རང་མཚན་ཕྱིར། །སྣང་ཡུལ་འགྱུར་གྱིས་སེལ་བ་ཉམས། །སྣང་བའང་དོན་ལ་ཡོད་པར་མཚུངས། །འདོད་ན་ལོང་བ་རྒྱུན་ཆད་འགྱུར། །ཞེས་གསུངས་སོ། དོན་ནི་འདི་ཡིན་ཏེ། བུམ་མ་ཡིན་ལས་ལོག་པའི་བུམ་པ་རང་མཚན་ཆོས་ཅན། ལྡོག་པ་མིན་ཏེ། ལོག་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་བློའི་ཆོས་མིན་ཏེ། དོན་གྱི་ཆོས་ཡིན་པའི་ཕྱིར། འདོད་ན་སེལ་བ་ཡིན་པ་ཉམས་སོ། །ཅི་ཏེ་དེ་མི་འགལ་ལོ་ཞེ་ན། འོ་ན་སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་དང་སེལ་བའི་གཞི་མཐུན་ཡོད་པར་འགྱུར་ཏེ། དོན་རང་མཚན་དང་སེལ་བའི་གཞི་མཐུན་ཡོད་པའི་ཕྱིར། འདོད་ན་མངོན་ལྐོག་གི་གཞི་མཐུན་དང་སྣང་འཇུག་དང་སེལ་འཇུག་གི་གཞི་མཐུན་ཡོད་པར་འགྱུར་རོ། །གལ་ཏེ་རང་མཚན་ཡིན་ན་སྣང་བ་ཡིན་པས་ཁྱབ་པ་མེད་དོ། །ཅེ་ན། དེ་ལ་དེས་ཁྱབ་པ་ཡིན་ཏེ། རང་མཚན་ཡིན་ན་རང་གི་ཡུལ་ཅན་གྱི་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་དགོས་པའི་ཕྱིར། འོ་ན་དེ་ལ་དེས་ཁྱབ་ན་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བ་ལ་རང་མཚན་གྱིས་ཁྱབ་བམ་ཞེ་ན། མིན་ཏེ། དེ་ཡོད་ན་ལོང་བ་རྒྱུན་ཆད་པར་ཐལ་བའི་ཕྱིར། ཇི་ལྟར་ཞེ་ན། གཟུགས་འཛིན་དབང་ཤེས་ལ་གཟུགས་གསལ་བར་སྣང་བའི་སྣང་ཆ་ཆོས་ཅན། དེར་ཐལ་སྣང་བ་ཡིན་པའི་ཕྱིར། འདོད་ན་དོན་ལ་ཡོད་པར་ཐལ་ལོ་ཞེས་པའོ། །དོན་ཆོས་ཡིན་ཀྱང་དོན་ལ་མེད་པ་ནི་བློའི་ཡུལ་དུ་བྱ་རུང་བཞིན་ནོ། །འོ་ན་སྣང་བ་བློ་ཆོས་སུ་འགྱུར་ཏེ། ཡོད་ལ་དོན་གྱི་ཆོས་མིན་པའི་ཕྱིར། འདོད་ན་སེལ་བར་འགྱུར་ཏེ། བློ་ཆོས་ཡིན་པའི་ཕྱིར་སྙམ་ན། བློ་ཆོས་ལ་གཉིས་ཏེ། རྟོག་མེད་ཀྱི་ཤེས་པའི་དང༌། རྟོག་པའི་འོ། །དང་པོ་ནི་གསལ་བར་སྣང་བའི་ཆ་སྟེ། གཟུང་རྣམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །འདི་མདོ་སྡེ་པ་དང་རྣམ་བདེན་པས་ནི་དོན་གྱི་ཆོས་སུ་འདོད་ལ། རྣམ་རྫུན་པས་ནི་སྐྲ་ཤད་དུ་སྣང་བ་ལྟར་དངོས་མེད་དང་སྒྲོ་བཏགས་སུ་འདོད་པ་ཡིན་ཏེ། གཞན་དུ་ན་མིག་ཤེས་ཀྱི་གཟུང་རྣམ་དོན་ལ་ཡོད་ན། ལོང་བ་རྒྱུན་ཆད་པར་འགྱུར་རོ། །དེ་བས་ན་གཟུགས་དོན་ལ་ཡོད་ཀྱང༌། དེ་སྣང་བ་ཡིན་པའི་ཆ་དོན་ལ་ཡོད་པ་མིན་ཏེ། དེ་འདྲ་དེ་ཡུལ་ཅན་ཤེས་པ་ལས་ཕྱེ་བའི་བློ་ཆོས་ཡིན་པའི་ཕྱིར། དེ་ལྟར་ན་སྣང་བའི་སྒྲ་གཉིས་ལ་འཇུག་སྟེ། ཕྱི་རོལ་གྱི་དོན་རང་མཚན་དང་དེ་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་ཆའོ། །དང་པོ་ནི་སེལ་བ་མིན་ཏེ། དོན་ཆོས་ཡིན་པའི་ཕྱིར། གཉིས་པ་ཡང་བློ་ཆོས་ཡིན་མོད་ཀྱང་སེལ་བ་མིན་ཏེ། རྟོག་པའི་བློ་ཆོས་མིན་པའི་ཕྱིར། དོན་དེ་ལ་དགོངས་ནས་བློའི་ཆོས་རང་དགའ་བ་ཞེས་གསུངས་སོ། །དེ་འཆད་ཚུལ་དེ་ལྟར་མ་ཤེས་ན། འདོད་ན་ལོང་བ་རྒྱུན་ཆད་འགྱུར། །ཞེས་པའི་གཞུང་གི་དོན་འཆད་པར་དཀའོ། །ཡང་ན་འདི་ལྟར་བཤད་པར་བྱ་སྟེ། སེར་པོ་མིན་པ་ལས་ལོག་པའི་སེར་པོ་རང་མཚན་པ་ཆོས་ཅན། སྣང་བ་དང་སེལ་བའི་གཞི་མཐུན་དུ་ཐལ། དོན་རང་མཚན་དང་གཞན་སེལ་གྱི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་དང༌། རྟོག་པའི་དངོས་ཡུལ་དུ་ཐལ། གཞན་སེལ་ཡིན་པའི་ཕྱིར། དེ་ཡང་འདོད་ན། དེ་ཆོས་ཅན། དབང་ཤེས་ཀྱི་དངོས་ཡུལ་དུ་ཐལ། སྣང་བ་ཡིན་པའི་ཕྱིར། འདོད་ན། ལོང་བ་རྒྱུན་ཆད་པར་ཐལ། དབང་ཤེས་ཀྱི་དངོས་ཡུལ་ལ་བརྡ་དངོས་སུ་སྦྱོར་བ་དང༌། དེ་རྟོག་པའི་སྣང་ཡུལ་དུ་འགྱུར་སྲིད་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཉིད་སྒྲ་ཡི་སྦྱོར་བྱེད་ཀྱི། །དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །དབང་པོའི་བྱ་བ་མེད་པ་ལ། །གཞན་དག་ཙམ་གྱི་སྣང་མེད་ཕྱིར། །ཞེས་གསུངས་སོ། །གཉིས་པ་རིགས་པ་གཞན་བཤད་པ་ལ། དོན་གྱི་སེལ་བའི་འདོད་ཚུལ་མི་འཐད། །བློའི་དེའི་འདོད་ཚུལ་མི་འཐད། མེད་དགག་གི་སེལ་བའི་འདོད་ཚུལ་མི་འཐད་པར་བསྟན་པའོ། །དང་པོ་ནི། བུམ་མ་ཡིན་ལས་ལོག་པའི་བུམ་པ་ཆོས་ཅན། བུམ་པའི་སེལ་བ་མིན་ཏེ། བུམ་པ་ཉིད་ཡིན་པའི་ཕྱིར། དངོས་མེད་ཀྱི་ཕྱོགས་ལ་ནི་འདི་མཚུངས་པ་མིན་ཏེ། གཞན་སེལ་མིན་པའི་དངོས་མེད་མི་སྲིད་པའི་ཕྱིར། གཉིས་པ་ནི། བུམ་འཛིན་རྟོག་པ་ལ་བུམ་པ་མིན་ལས་ལོག་པར་སྣང་བ་ཆོས་ཅན། བུམ་པའི་གཞན་སེལ་མིན་ཏེ། བུམ་འཛིན་རྟོག་པའི་ཤེས་རྣམ་ཡིན་པའི་ཕྱིར། ཡང་བློའི་སེལ་བ་ཡིན་ན་བློ་ཡིན་དགོས་པར་འགྱུར་ཏེ། དོན་རང་མཚན་གྱིས་སེལ་བ་ཡིན་ན་དོན་རང་མཚན་ཡིན་དགོས་པའི་ཕྱིར། གསུམ་པ་ནི། བུམ་པ་བུམ་མིན་གྱིས་སྟོང་པ་དེ་བུམ་པ་ཡིན་ནམ་མིན། དང་པོ་ལྟར་ན་མེད་དགག་ཏུ་འགལ། གཉིས་པ་ལྟར་ན་རྣམ་པར་ངེས་པ་ལས། དགག་པ་གཉིས་ཀྱི་རྣལ་མ་གོ་བར་བྱེད་དོ། །ཅེས་གསུང་པ་དང་འགལ་བའི་ཉེས་པ་འདི་ཁྱེད་ལ་འཇུག་གོ །ཁོ་བོ་ཅག་གི་ཕྱོགས་ལ་ནི་དུས་དང་རྣམ་པ་ཀུན་ཏུ་དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ངེས་པ་མེད་དེ། འཇུག་ཚེ་དེ་ལྟར་གོ་ཡང་འཆད་པའི་ཚེ་མི་གོ་བའི་ཕྱིར་ཏེ། རྟོག་ངོར་བུམ་མིན་རྣམ་པར་བསལ་ཙམ་དེ་བུམ་པར་ཁས་ལེན་མི་ནུས་པའི་ཕྱིར། གསུམ་པ་འགྲེལ་པ་མཁན་པོ་གཉིས་ཀྱི་དགོངས་པ་བསམ་པ་ནི། དོན་རང་མཚན་སེལ་བར་འདོད་པ་སློབ་དཔོན་ཤཱཀྱ་བློ་ཡི་དགོངས་པ་མིན་ཏེ། དེས་མཛད་པའི་འགྲེལ་པར། འདིར་གཞན་སེལ་བ་ནི་རྣམ་པ་གསུམ་ཡིན་ཏེ། ཞེས་བཤད་པ་དེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཞེས་པའི་འགྲེལ་པ་ཡིན་ལ། གཞུང་དེར་དོན་རང་མཚན་སེལ་བར་འཇོག་པ་ཐོན་པའི་གོ་སྐབས་མེད་པའི་ཕྱིར། ཇི་ལྟར་ཞེ་ན། སྐབས་དེར་གྲངས་ཅན་ན་རེ། གསལ་བ་འཇིག་པའི་ཚེ་ལྡོག་པ་གཞན་སེལ་འཇིག་མི་འཇིག་བརྟགས་པའི་ཉེས་པ་དེ་རྣམ་འགྲེལ་མཛད་པ་ཉིད་ལ་མཚུངས་སོ། །ཞེས་ཟེར་བ་ལ་མི་མཚུངས་ཏེ། དེའི་ལྡོག་པ་གཞན་སེལ་དངོས་པོར་མེད་པའི་ཕྱིར། ཞེས་འཆད་དགོས་རྒྱུ་ཡིན་པ་ལ་དོན་རང་མཚན་ཉིད་སེལ་བར་ཁས་བླངས་ན་ཉེས་པ་དེ་བས་ཀྱང་སེལ་མི་ནུས་པའི་ཕྱིར། གལ་ཏེ་ནུས་པ་ཡིན་ཏེ། གསེར་བུམ་འཇིག་པའི་ཚེ་དེ་མི་འཇིག་པར་ཁས་བླང་པས་ཆོག་གོ་སྙམ་ན། གསེར་བུམ་མིན་པ་ལས་ལོག་པའི་གསེར་བུམ་ཆོས་ཅན། གསེར་བུམ་དང་གྲུབ་བདེ་རྫས་གཅིག་མིན་པར་ཐལ། དེ་འཇིག་པའི་ཚེ། ཁྱོད་མི་འཇིག་པའི་ཕྱིར། ཡང་གལ་ཏེ་གསེར་བུམ་འཇིག་པའི་ཚེ་དེ་འཇིག་པར་ཁས་ལེན་ནོ་སྙམ་ན། གསལ་བ་འཇིག་པའི་ཚེ། དེའི་གཞན་སེལ་འཇིག་པར་ཁས་ལེན་པ་ཆོས་ཀྱི་གྲགས་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ། །དེས་ན་སློབ་དཔོན་དེའི་དགོངས་པ་ནི་འདི་ཡིན་ཏེ། འདིར་གཞན་སེལ་བ་འཇོག་པའི་ཚུལ་ནི་རྣམ་པ་གསུམ་སྟེ། གང་སེལ་བའི་གཞི་ནི་གསེར་བུམ་ལྟ་བུ་དོན་རང་མཚན་རྣམས་སོ། །གང་གིས་སེལ་བར་བྱེད་པ་ནི་རྗོད་བྱེད་ཀྱི་སྒྲ་དང༌། རྣམ་པར་རྟོག་པའོ། །གང་བསལ་བའི་ངོ་བོ་ནི། གཞན་རིགས་མི་མཐུན་རྣམ་པར་བཅད་ཙམ་དེའོ། །དེ་ལྟར་གསུམ་གྱི་ནང་ནས་དང་པོ་འཆད་པའི་དབང་དུ་མཛད་ནས། འགྲེལ་པ་དེར། རེ་ཤིག་གཅིག་ནི་རང་གི་མཚན་ཉིད་ལོག་པ་ཁོ་ན་ཡིན་ནོ་ཞེས་དང༌། གཉིས་པའི་དབང་དུ་བྱས་ནས་ཇི་སྐད་དུ། རྣམ་པར་རྟོག་པའི་བློ་ལ་སྣང་བའི་ཕྱིར། གང་བསྟན་བཅོས་མཛད་པས་སྒྲས་བརྗོད་པར་བྱ་བ་ཉིད་དུ་བཞེད་པ་ཞེས་བྱ་བ་འདི་ཡིན་ནོ། །ཞེས་དང༌། གསུམ་པའི་དབང་དུ་བྱས་ནས་ཇི་སྐད་དུ། ཐམས་ཅད་ལ་དགག་པ་ཙམ་དུ་ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་སློབ་དཔོན་དེའི་ལུགས་ཀྱི་གཞུང་དོན་འཆད་ཚུལ་ནི་འདི་ལྟར། རྣམ་འགྲེལ་མཛད་པ་ཆོས་ཅན། གསེར་བུམ་འཇིག་པའི་ཚེ་དེའི་གཞན་སེལ་འཇིག་མི་འཇིག་བརྟགས་པའི་ཉེས་པ་ཁྱོད་ལ་མི་གནོད་དེ། ཁྱོད་ཀྱི་ལུགས་ལ་གསེར་བུམ་གྱི་གཞན་སེལ་དངོས་པོར་མེད་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། དངོས་པོར་ཐལ། རྟོག་པ་ལ་དངོས་པོར་སྣང་བའི་ཕྱིར་ཞེ་ན་ཁྱབ་པ་མེད་དེ། སྤྱི་འཛིན་རྟོག་བློ་སླད་པའི་ཕྱིར། ཞེས་འཆད་པའི་དབང་དུ་བྱས་ནས་ལྡོག་པ་སོགས་ཤླཽ་ཀ་གཅིག་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་བཞེད་པ་ཡང་འདི་ཡིན་ཏེ། འདི་ལྟར་གཞན་སེལ་ནི་གཉིས་ཏེ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའོ། །དང་པོ་ལ་གཉིས་ཏེ། བློ་ལ་སྣང་བའི་སྤྱི་དང༌། དོན་གྱི་སྤྱིའོ། །དང་པོ་ནི། སྒྲ་སྤྱི་ལ་ཟེར་ལ། གཉིས་པ་ནི། དོན་སྤྱི་ལ་བྱའོ། །གསུམ་པོ་དེ་རིམ་པར་ངོས་འཛིན་པའི་དབང་དུ་བྱས་ནས་ཇི་སྐད་དུ། འདིར་ནི་སེལ་བ་རྣམ་གཉིས་ཏེ། མ་ཡིན་པ་དང་མེད་པའོ། །མ་ཡིན་པ་ཡང་རྣམ་གཉིས་ཏེ། བློ་དང་དོན་གྱི་དབྱེ་བས་སོ། །ཞེས་བཤད་དོ། །མདོར་ན། སློབ་དཔོན་ཞི་བ་འཚོའི་ལུགས་ཀྱི་སེལ་བ་གསུམ་ནི། སྒྲ་སྤྱི་དང༌། དོན་སྤྱི་དང་མེད་དགག་དང་གསུམ་མོ། །ཤཱཀྱ་བློ་ལྟར་ན། དོན་རང་མཚན་དང་སྒྲ་རྟོག་དང༌། དགག་པ་རྣམས་སོ། །གཉིས་པ་རང་གི་ལུགས་བཞག་པ་ལ། གཞན་སེལ་གྱི་དབྱེ་བ་འཆད་ཚུལ་མི་འདྲ་བ་གཉིས་གཞུང་ལས་གསུངས་ཏེ། དང་པོ་ནི། གང་ཕྱིར་དངོས་ཀུན་ཞེས་པ་ནས། དངོས་ལ་དེ་དག་མི་སྲིད་ཕྱིར། །ཞེས་པའི་བར་གྱིས་དངོས་པོའི་གཞན་སེལ་དེ་བཤད། དངོས་མེད་ངོ་བོ་མེད་པའི་ཕྱིར། །ཞེས་པའི་ཤླཽ་ཀ་གཅིག་གིས་དངོས་མེད་ཀྱི་གཞན་སེལ་དེ་གསུངས་སོ། །ཡང་སྒྲ་དོན་ཆོས་ནི་རྣམ་པ་གསུམ་ཞེས་པས་དངོས་པོ་ལ་བརྟེན་པ་དང༌། དངོས་མེད་ལ་བརྟན་པ་དང༌། གཉིས་ཀ་ལ་བརྟེན་པའི་སྒྲ་དོན་གསུམ་བཤད། ཡང༌། སྒྲ་རྣམས་དང་ནི་བློ་ཉིད་ཀྱང༌། །ཞེས་པས་སྒྲའི་སེལ་བ་དང་བློའི་སེལ་བ་གཉིས་ཀྱི་ཐ་སྙད་དུ་གྲུབ། ཡང༌། མཐོང་བ་འགའ་ལའང་ཤེས་པ་གང༌། །ཞེས་པས། མངོན་གྱུར་ལ་ངེས་པའི་གཞན་སེལ་དེ་བཤད། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ཞེས་པས་ལྐོག་གྱུར་ལ་ངེས་པའི་གཞན་སེལ་དེ་བཤད། ཡང་ཐེ་ཚོམ་གྱི་ཡུལ་ལས་སེལ་བའི་མཚན་ཉིད་འཇུག་པ་ཅུང་ཟད་དཀའ་ཡང༌། རྟོགས་པ་ཐམས་ཅད་སེལ་འཇུག་ཏུ་གསུངས་ཤིང༌། རྟོག་པ་ལ་ངེས་ཤེས་དང༌། ལོག་ཤེས་དང༌། ཐེ་ཚོམ་གསུམ་དུ་གྲངས་ངེས་པ་དང༌། གསུམ་ཀའི་ཡུལ་གཞན་སེལ་དུ་བཞག་པ་ཡིན་ནོ། །དངོས་མེད་ཀྱི་གཞན་སེལ་ལ་གང་ལ་བསལ་པའི་གཞི་དང༌། གང་བསལ་བའི་ངོ་བོ་གཉིས་ཀ་ལ་དངོས་མེད་ཡིན་པས་ཁྱབ་ཀྱང༌། ཅི་ཤིག་བསལ་བའི་བསལ་བྱ་རང་མཚན་དུ་ཡོད་པ་དང་མེད་པའི་དབྱེ་བས་གཉིས་སུ་འབྱེད་པ་འདི་ནི། རིགས་གཏེར་མཛད་པས་བཤད་པ་ཡིན་ནོ། །དེ་ནས་དེ་དག་གི་མཚན་གཞི་བཤད་པར་བྱ་སྟེ། དངོས་མེད་རྣམས་ནི་སྣང་བའི་ངོ་བོར་གྱུར་པ་ཅུང་ཟད་ཀྱང་མེད་པའི་གཞན་སེལ་ཡིན་པས་ཁྱབ་ལ། དེའི་ཡུལ་ཅན་ལ་ཡང་སེལ་འཇུག་གིས་ཁྱབ་པ་ཡིན་ནོ། །སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་རྣམས་ནི་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཞེས་བྱ་བའི་མིང་གིས་འདོགས་པ་ཡིན་གྱི། དངོས་མེད་ཀྱི་ཡུལ་ཅན་དུ་མི་བཞག་སྟེ། གཞན་དུ་ན་དེ་ཆོས་ཅན། ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་པར་ཐལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། ཤེས་པའི་ཐལ་བ་བཟློག་པར་དཀའོ། །དངོས་པོར་གྱུར་པའི་ཆོས་ཇི་སྙེད་པ་ལ་གཉིས་གཉིས་སུ་དབྱེ་དགོས་པ་ཡིན་ཏེ། སྣང་ངོར་དངོས་པོ་ཡིན་པ་དང༌། སེལ་ངོར་དངོས་པོ་ཡིན་པའོ། །དང་པོ་ནི། དོན་ལ་གནས་ཚོད་ཀྱི་བུམ་པ་རང་མཚན་ལྟ་བུའོ། །གཉིས་པ་ནི། རྟོག་པ་ལ་སྣང་ཚུལ་གྱི་བུམ་པ་ཙམ་དེའོ། །དང་པོ་ནི། རང་མཚན་ཡིན་པའི་ཕྱིར། གཞན་སེལ་དུ་མི་བཞག་ལ། གཉིས་པ་དེ་ཆོས་ཅན། སྤྱིར་གཞན་སེལ་དང༌། ཁྱད་པར་ཡོད་པ་གཞན་སེལ་དང༌། དངོས་པོའི་གཞན་སེལ་ཞེས་བྱ་བ་ཡིན་ཏེ། རྟོག་པའི་བློ་ཆོས་གང་ཞིག ཁྱོད་ལ་དོན་རང་མཚན་དུ་ཞེན་ནས་ཞུགས་པས་མཐར་དོན་རང་མཚན་ཐོབ་རྒྱུ་ཞིག་ཡོད་པའི་ཕྱིར། འོ་ན་འདི་དང་བུམ་པའི་དོན་སྤྱི་ལ་ཁྱད་པར་ཅི་ཞིག་ཅེ་ན། དོན་ཐོབ་དང་རྟོག་པ་ལྷན་སྐྱེས་ཀྱི་ངོར་ཁྱད་པར་མེད་ཀྱང༌། རྟོག་པ་ཀུན་བཏགས་དང་རྟོག་གེའི་ཐ་སྙད་བྱེད་པའི་ཚེ། ཁྱད་པར་ཡོད་པའི་ཚུལ་འདི་ལྟར། བུམ་པའི་དོན་སྤྱི་ཆོས་ཅན། ཡོད་པ་གཞན་སེལ་མིན་ཏེ། མེད་པ་གཞན་སེལ་ཡིན་པའི་ཕྱིར་ཏེ། རང་འཛིན་རྟོག་པའི་ངོར། དོན་བྱེད་ནུས་པ་རྣམ་པར་བཅད་ཙམ་དུ་སྣང་བའི་བློ་ཆོས་ཡིན་པའི་ཕྱིར་བུམ་ཙམ་དང༌། མི་མཚུངས་པའི་རྒྱུ་མཚན་ནི་བུམ་ཙམ་ལ་སེལ་ངོ་དང༌། སྣང་ངོའི་བུམ་པ་གཉིས་སུ་དབྱེར་ཡོད་ལ། བུམ་པའི་དོན་སྤྱི་ལ། དེ་གཉིས་སུ་ཕྱེ་བ་རྟོག་གེའི་ཐ་སྙད་ལ་མེད་པའི་ཕྱིར། དེ་བས་ན་དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་ཞེས་བྱའི། དངོས་པོའི་གཞན་སེལ་དང༌། ཡོད་པ་གཞན་སེལ་ཞེས་ནི་མི་བརྗོད་དོ། །འོ་ན་སེལ་ངོའི་བུམ་པ་དེ་ཅི་ཞིག་ཡིན་ཞེ་ན། དགག་སྒྲུབ་གཉིས་ལས་དགག་པ་ཁོ་ན་ཡིན་ཏེ། མ་ཡིན་པར་དགག་པ་ཡིན་པའི་ཕྱིར། བུམ་པ་ཡིན་མིན་གཉིས་ལས། སོང་ཚོད་ལ་བུམ་པ་མིན་པ་ཁོ་ན་སྟེ་བུམ་པའི་གཞན་སེལ་ཡིན་པའི་ཕྱིར། རློམ་ཚོད་ལ་ནི་བུམ་པ་ཡིན་ཏེ། དེ་ལ་དེར་ཞེན་ནས་ཞུགས་པས་མཐར་དེ་རང་མཚན་དང་ཕྲད་པ་སྲིད་པའི་ཕྱིར། ཡང་ནམ་མཁའ་དང་ཤེས་བྱ་གཞལ་བྱ་ལ་སོགས་པ་རྣམས་ཆོས་ཅན། སྤྱིར་གཞན་སེལ་དང༌། ཁྱད་པར་མེད་པ་གཞན་སེལ་དང༌། དངོས་མེད་ཀྱི་གཞན་སེལ་ཞེས་བྱ་སྟེ། རྟོག་པའི་བློ་ཆོས་གང་ཞིག རང་འཛིན་གྱི་རྟོག་པ་ལ་དངོས་པོ་རྣམ་པར་བཅད་ཙམ་ཁོ་ནར་སྣང་གི དོན་རང་མཚན་དུ་ཞེན་པ་ཡང་མེད། དེར་འཇུག་པ་ཡང་མེད། ཞུགས་ནས་ཐོབ་པ་ཡང་མེད་པའི་ཕྱིར། དེ་ལྟར་ན་ཤེས་བྱ་ལ་དངོས་པོར་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་པའི་ཕྱིར། གཞན་སེལ་ལ་ཡང་གཉིས་པོ་དེར་གྲངས་ངེས་པ་ཡིན་ནོ། །འོ་ན་གསུམ་དུ་ཕྱེ་བ་ཅི་ཞེ་ན་འདི་ལྟར། དངོས་པོའི་ལྡོག་པ་དང༌། དོན་སྤྱི་དང་སྒྲ་དོན་ལྟ་བུ། སྤྱིར་མེད་པ་གཞན་སེལ་ཡིན་ཀྱང་གསུམ་དུ་འབྱེད་པའི་ཚེ། དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་ཁོ་ན་ཡིན་ཏེ། གཞན་སེལ་གང་ཞིག་རང་གི་ཞེ་འདོད་ཀྱི་རྟེན་ཆོས་ཅན་དེ་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར། དངོས་མེད་ཀྱི་དོན་སྤྱི་དང༌། ལྡོག་པ་ལ་སོགས་ལའང་དེ་བཞིན་དུ་སྦྱར་རོ། །ཤེས་བྱ་དང་གཞལ་བྱ་ལྟ་བུ་ནི་གཉིས་ཀ་ལ་བརྟེན་པའི་གཞན་སེལ་ཡིན་ཏེ། གཞན་སེལ་གང་ཞིག་རང་གི་རྟེན་ཆོས་ཅན་ལ། དངོས་པོ་དང་དངོས་མེད་གཉིས་ཀ་སྲིད་པའི་ཕྱིར། དེ་ལྟར་ཤེས་པར་བྱས་ནས། ཐ་སྙད་ཟོར་ཡང་བའི་ཕྱིར་དུ། ཡོད་པ་གཞན་སེལ་དང༌། དངོས་པོའི་གཞན་སེལ་གཉིས་ལ་ཁྱད་པར་འབྱེད་པའམ། ཡང་དེ་གཉིས་ཁྱད་མེད་དུ་བྱེད་ན་དངོས་པོའི་གཞན་སེལ་དང༌། དངོས་པོ་ལ་བརྟེན་པའི་གཞན་སེལ་གཉིས་ཀྱི་ཁྱད་པར་ཕྱེ་ནས། ཚིག་མ་འཁྲུལ་བར་ཁས་བླང་བར་བྱའོ། །དེ་ཡང་འདི་ལྟར། ཤེས་བྱ་དང་བུམ་པ་མིན་པ་དང༌། ཀ་བ་མིན་པ་སོགས་ཆོས་ཅན། དངོས་པོའི་གཞན་སེལ་ལམ་དེ་ལ་བརྟེན་པའི་གཞན་སེལ་ཡིན་ཏེ། གཞན་སེལ་གང་ཞིག་སྒྲ་རྟོག་དོན་མཐུན་གྱི་རྟེན་ཆོས་ཅན་དངོས་པོའི་སྟེང་དུ་ཁྱོད་མ་ཡིན་རྣམ་པར་བཅད་པ་སྲིད་པའི་ཕྱིར། དེ་བཞིན་དུ་དེ་ཆོས་ཅན། དངོས་མེད་ལ་བརྟེན་པའམ། དེའི་དེ་ཡིན་ཏེ། ཞེས་སྔ་མ་བཞིན་དུ་སྦྱར་རོ། །ཡང་འདི་ལྟར། ཤེས་བྱ་ཆོས་ཅན། མི་རྟག་པའི་གཞན་སེལ་ཡིན་ཏེ་ཞེས་དང༌། སེལ་ངོའི་མི་རྟག་པ་ཆོས་ཅན། ཚད་མའི་གཞན་སེལ་ཡིན་ཏེ་ཞེས་དང༌། སེལ་ངོའི་ཚད་མ་ཆོས་ཅན། མངོན་སུམ་གྱི་གཞན་སེལ་ཡིན་ཏེ། གཞན་སེལ་ཡིན་པ་གང་ཞིག ཆོས་ཅན་རང་མཚན་པ་དེ་དང༌། དེའི་སྟེང་དུ་ཁྱོད་མིན་རྣམ་པར་སེལ་ཞིང་གཅོད་པར་བྱེད་པའི་སྒྲ་དང༌། རྟོག་པ་དོན་མཐུན་ཡོད་པའི་ཕྱིར། །ཞེས་སོགས་རིགས་པས་བརྟགས་ནས་དོན་མང་པོ་ལ་སྦྱར་བར་བྱའོ། །དེ་ལས་ཀྱང་ཞིབ་མོར་ཕྱེ་ན་གསེར་བུམ་གསེར་བུམ་ཡིན་ནོ་ཞེས་དང༌། དངོས་པོ་དངོས་པོ་ཡིན་ནོ་ཞེས་བརྗོད་པ་ལྟ་བུའི་ཚེ་ན། གསེར་བུམ་སྔ་མ་དེ་རྫས་དང༌། ལོག་པ་དང༌། ཆོས་ཅན་དུ་འཇོག་ལ། གསེར་བུམ་ཕྱི་མ་དེ། སྤྱི་དང་ལྡོག་པ་དང༌། གཞན་སེལ་དུ་ཁས་ལེན་དགོས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། གསེར་བུམ་གསེར་བུམ་དུ་བསྒྲུབ་པ་ལ་གསེར་གྱི་ལྟོ་ལྡིར་བ་དང༌། དངོས་པོ་དངོས་པོར་སྒྲུབ་པ་ལ་དོན་བྱེད་ནུས་པ་རྟགས་སུ་བཀོད་པའི་ཚེ། བསྒྲུབ་བྱའི་ཆོས་སུ་སོང་ཚོད་ཀྱི་གསེར་བུམ་དང་དངོས་པོ་ཆོས་ཅན། གསེར་བུམ་རང་མཚན་ནམ། དངོས་པོ་རང་མཚན་གྱི་གཞན་སེལ་ཡིན་ཏེ། གཞན་སེལ་གང་ཞིག་ཆོས་ཅན་དང་དེའི་སྟེང་དུ་སྒྲ་དང་རྟོག་པ་དོན་མཐུན་གྱི་ཁྱོད་མིན་རྣམ་པར་བསལ་བའི་ཕྱིར། ཡང་དངོས་པོ་དངོས་པོ་ཡིན་ནོ་ཞེས་བརྗོད་པའི་ཚེ། དངོས་པོ་རྟིང་མ་དེ་ལྡོག་ཆོས་སུ་ཁས་ལེན་དགོས་པ་ཡིན་ཏེ། དངོས་པོ་རྟིང་མ་བརྗོད་པའི་སྒྲ་དེ་དངོས་པོ་སྔ་མ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲར་ཁས་ལེན་དགོས་པའི་ཕྱིར། འོ་ན་དེའི་གཞན་སེལ་ཡིན་ན་དེ་དང་ཐ་དད་དུ་ཁས་ལེན་དགོས་པ་མིན་ནམ་ཞེ་ན། སོང་ཚོད་ལ་ཐ་དད་དུ་ཁས་ལེན་དགོས་པ་ཡིན་ཏེ། དངོས་པོ་དངོས་པོ་ཡིན་ནོ་ཞེས་བརྗོད་པའི་ཚེ། ཆོས་ཅན་དུ་སོང་ཚོད་ཀྱི་དངོས་པོ་དེ་ནི་མ་ཡིན་པར་དགག་པ་ཡིན་ལ། ཆོས་སུ་སོང་ཚོད་ཀྱི་དངོས་པོ་དེ་ནི་དངོས་པོ་མིན་པ་རྣམ་པར་བསལ་ཙམ་ལ་བྱ་དགོས་པས། མེད་དགག་ཏུ་འཆད་དགོས་པའི་ཕྱིར་དང༌། ཆོས་དང་ཆོས་ཅན་བརྗོད་པའི་སྒྲས་སོ་སོར་བརྗོད་པའི་ཕྱིར། ཡང་དེའི་གཞན་སེལ་ཡིན་ཀྱང་རློམ་ཚོད་ལ་དེ་དང་གཅིག་ཏུ་རློམ་པ་ཡོད་དེ། དངོས་པོ་དངོས་པོ་དང་གཅིག་ཡིན་ནོ་ཞེས་བརྗོད་པའི་ཚེ། དངོས་པོ་སྔ་ཕྱི་གཉིས་གཅིག་ཏུ་རློམ་པའི་ཕྱིར། སོང་ཚོད་ལ་ནི་དེ་གཉིས་ཐ་དད་པ་ཡིན་ཏེ། སོང་ཚོད་ལ་དེ་གཉིས་པོ་ལོག་ལྡོག་སོ་སོར་འབྱེད་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་བ་ལང་གི་བ་ལང་ཞེས་བརྗོད་པའི་ཚེ། བ་ལང་སྔ་ཕྱི་གཉིས་ལྡོག་པ་ཐ་དད་དུ་ཇི་ལྟར་འབྱེད། གལ་ཏེ་དེའི་ཚེ་བ་ལང་རྟིང་མ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བ་ལང་སྔ་མ་ལ་ལྟོས་ཏེ་ལྡོག་པ་བརྗོད་པའི་སྒྲ་ཡིན་ཏེ། དེ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་ཀྱིས་ཆོས་ཅན་བ་ལང་དང་དེའི་ཁྱད་ཆོས་ཡིན་ངོ་ཤེས་པ་གཅིག་བརྗོད་བྱར་མི་སྤོང་ཞིང༌། བརྗོད་བྱར་བྱས། བ་ལང་གི་སྟེང་གི་ཤེས་བྱ་མིན་པ་དང༌། དངོས་པོ་མིན་པ་སོགས་ལྡོག་པའི་ཁྱད་པར་གཞན་རྣམས་བརྗོད་བྱར་སྤོང་བའི་ཕྱིར་སྙམ་པ་ལས་འོས་མེད་ལ། དེ་ལྟ་ན་ནི་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ནོ། །ཡང་གལ་ཏེ་བ་ལང་གི་བ་ལང་ཞེས་བརྗོད་པའི་ཚེ་བ་ལང་སྔ་ཕྱི་གཉིས་ལོག་ལྡོག་ཏུ་མི་འཆད་དོ་སྙམ་པའི་དོགས་པ་མི་མཁས་པ་དག་ལ་འབྱུང་སྲིད་པ་ནི་ཇི་སྐད་དུ། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །བརྗོད་བྱའི་ཤན་གྱིས་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། །ཅེས་པའི་དོན་མི་ཤེས་པར་ཟད་དོ། །འོ་ན་གཞུང་དེའི་དོན་ཅི་ཞེ་ན། གཉིས་ཀས་ཞེས་བྱ་བ་ནི་བ་ལང་སྔ་ཕྱི་གཉིས་བརྗོད་པའི་སྒྲ་གཉིས་སོ། །གཅིག་གཅིག་བརྗོད་ཅེས་པ་ནི་བ་ལང་གཅིག་ཉིད་བརྗོད་བྱར་བྱས་པར་རློམ་པའོ། །བརྗོད་བྱའི་ཤན་ཞེས་པ་ནི་ཤུགས་ཞེས་བྱ་བའི་དོན་ཏེ། བརྗོད་འདོད་ཀྱིས་སོ་སོར་ཕྱེ་བའོ། །ཇི་ལྟར་ཕྱེ་ཞེ་ན། ཆོས་ཅན་དུ་རློམ་ཚོད་ཀྱི་བ་ལང་རང་མཚན་དེའི་སྟེང་དུ་བ་ལང་རང་མཚན་བསྒྲུབ་པར་རློམ་པ་དེའི་ཚེ་ན། མིན་པར་དགག་པ་ཞིག་ཆོས་སུ་སོང་ལ། ཡང་བ་ལང་མིན་པ་མཐའ་དག་བཀག་པར་རློམ་པ་དེའི་ཚེ་མེད་པར་དགག་པ་ཞིག་ཆོས་སུ་སོང་བས། མདོར་ན་བ་ལང་སྔ་ཕྱི་གཉིས་བརྗོད་འདོད་ཀྱིས་ཆོས་དང༌། ཆོས་ཅན་དུ་སོ་སོར་ཕྱེ་བའི་ཤུགས་ཀྱིས་སོ། །ཇི་ལྟར་ཕྱེ་ཞེ་ན། བ་ལང་གི་བ་ལང་ཞེས་གཉིས་པོ་ཐ་དད་དུ་རྣམ་པར་འབྱེད་པའི་རྣམ་དབྱེ་དྲུག་པའི་སྒྲ་ཡིས་སོ། །ཞེས་བྱ་བའི་དོན་ཏོ། །ད་ནི་སྒྲ་བློའི་སེལ་བ་གཉིས་ཀྱི་ཁྱད་པར་འཆད་དོ། །གཞན་སེལ་གང་ཞིག་རང་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་སོང་ཚོད་དེ་སྒྲའི་སེལ་བའི་མཚན་ཉིད་དང༌། དེ་གང་ཞིག་རང་འཛིན་རྟོག་པའི་ཞེན་སྟངས་ཀྱི་ཡུལ་དུ་སོང་ཚོད་དེ་བློའི་སེལ་བའི་མཚན་ཉིད་དོ། །དེ་ཡང་གང་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་དང༌། བུམ་འཛིན་རྟོག་པའི་ཞེན་སྟངས་ཀྱི་ཡུལ་དུ་སོང་ཚོད་ནི་བུམ་པའི་དོན་སྤྱི་ཁོ་ན་ཡིན་ལ། དོན་སྤྱི་དེ་ལའང་གཉིས་ཏེ། སྒྲས་བརྗོད་ཚོད་ཀྱི་ཆ་མེད་པར་དགག་པ་དང༌། རྟོག་པས་ཞེན་ཚོད་ཀྱི་ཆ་མ་ཡིན་པར་དགག་པའོ། །དེ་ཡང་གང་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲས་བུམ་མིན་རྣམ་པར་བཅད་ཙམ་དང༌། བུམ་འཛིན་རྟོག་པས་ཕྱི་རོལ་གྱི་བུམ་པར་སྒྲོ་བཏགས་པའི་ཆའོ། །དེ་ཡང་སྒྲའི་དངོས་ཀྱི་བརྗོད་བྱ་ལ་མེད་དགག་གིས་ཁྱབ་ལ། རྟོག་པ་ལ་གཉིས་ཏེ། དགག་བྱ་འགོག་པའི་རྟོག་པ་དང༌། བསྒྲུབ་བྱ་བསྒྲུབ་པའི་རྟོག་པའོ། །དང་པོའི་ཡུལ་དུ་སོང་ཚོད་ནི་མེད་པར་དགག་པ་ཁོ་ན་ཡིན་ལ། གཉིས་པའི་ཡུལ་དུ་སོང་ཚོད་ནི་མ་ཡིན་པར་དགག་པའོ། །དེ་ནས་མེད་པར་དགག་པ་དང༌། མ་ཡིན་པར་དགག་པ་གཉིས་ཀྱི་གཞན་སེལ་འཆད་དེ། དེ་གཉིས་ཀྱི་མཚན་ཉིད་ནི། དགག་པ་གཉིས་པོ་སོ་སོའི་མཚན་ཉིད་དང་ཁྱད་པར་ཅུང་ཟད་ཀྱང་མེད་པས་སྔར་བཤད་ཟིན་ལ། མཚན་གཞི་ནི། ཡོད་པ་གཞན་སེལ་དུ་བཤད་མ་ཐག་པ་དེ་ཐམས་ཅད་ནི་མ་ཡིན་པར་དགག་པའི་གཞན་སེལ་གྱི་མཚན་གཞིའོ། །མེད་པར་གཞན་སེལ་དུ་བཤད་ཟིན་དེ་ལ་གཉིས་ཏེ། ནམ་མཁའ་དང་འགོག་པ་གཉིས་དང༌། རི་བོང་གི་རྭ་དང༌། བདག་གཉིས་ཀྱི་དོན་སྤྱི་ལྟ་བུ་དངོས་མེད་རྐྱང་པ་ལ་བརྟེན་པའི་སྒྲ་དོན་རྣམས་ནི་མེད་པར་དགག་པའི་གཞན་སེལ་གྱི་མཚན་གཞིའོ། །ཤེས་བྱ་དང་གཞལ་བྱ་ལ་སོགས་པ་གཉིས་ཀ་ལ་བརྟེན་པའི་སྒྲ་དོན་རྣམས་ནི་ཕལ་ཆེར་མ་ཡིན་པར་དགག་པའི་གཞན་སེལ་གྱི་མཚན་གཞི་ཡིན་ལ། སྐབས་འགར་མེད་པར་དགག་པའི་གཞན་སེལ་གྱི་མཚན་གཞིར་འགྲོ་བའི་སྐབས་སྲིད་དེ། དེ་ཡང་ཇི་ལྟར་ཞེ་ན། དངོས་པོ་ལ་བརྟེན་པའི་ཚེ་དངོས་པོའི་མཚན་གཞིར་འགྱུར་ལ། དངོས་མེད་ལ་གཉིས་ལས། མ་ཡིན་པར་དགག་པ། བུམ་པ་དང་གཅིག་དང་ཐ་དད་དང་འགལ་འབྲེལ་ལ་སོགས་ལ་བརྟེན་པའི་ཚེ་མ་ཡིན་དགག་གི་མཚན་གཞིར་འགྱུར་ལ། ནམ་མཁའ་དང་བདག་མེད་ལྟ་བུ་ལ་བརྟེན་པའི་ཚེ་མེད་དགག་གི་མཚན་གཞིར་འགྱུར་རོ། །དེ་ཡང་འདི་ལྟར། བུམ་པ་ཤེས་བྱ་ཡིན་ནོ་ཞེས་བརྗོད་པའི་ཚེ། ཤེས་བྱ་ཆོས་ཅན། མ་ཡིན་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག་རང་མིང་གིས་རང་གི་དགག་བྱ་བཀག་ཤུལ་དུ། ཆོས་གཞན་བུམ་པ་འཕངས་པའི་ཕྱིར། དེ་བཞིན་དུ་བུམ་པ་དང་གཅིག་ཤེས་བྱ་ཡིན་ནོ་ཞེས་བརྗོད་པའི་ཚེ་ཡང་དེ་དང་འདྲའོ། །ཡང་ནམ་མཁའ་ཤེས་བྱ་ཡིན་ནོ་ཞེས་བརྗོད་པའི་ཚེ་ཤེས་བྱ་ཆོས་ཅན། མེད་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག རང་གི་དགག་བྱ་བཀག་ཤུལ་དུ་སྒྲུབ་པ་ཅུང་ཟད་ཀྱང་མ་འཕངས་པའི་ཕྱིར། འོ་ན། ནམ་མཁའ་འཕངས་པ་མིན་ནམ་ཞེ་ན་འཕངས་མོད། དེ་ནི་མེད་པར་དགག་པ་ཁོ་ན་ཡིན་ཏེ། ཐོགས་བཅས་ཀྱི་གཟུགས་བཀག་ཙམ་གྱི་ཤུལ་ན། སྒྲུབ་པའི་ཆོས་ཅུང་ཟད་ཀྱང་མ་དམིགས་པ་ལ་ནམ་མཁའ་ཞེས་མིང་དུ་བཏགས་པའི་ཕྱིར་རོ། །འོ་ན། ཤེས་བྱ་འཕངས་པ་མིན་ནམ་ཞེ་ན་འཕངས་མོད། དེ་ཙམ་གྱིས་མ་ཡིན་དགག་ཏུ་མི་འགྲུབ་སྟེ། ཤེས་བྱའི་རང་ལྡོག་ནས་སྒྲུབ་པའི་ངོ་བོ་ཅུང་ཟད་ཀྱང་མ་དམིགས་ཤིང༌། སྒྲུབ་པ་རང་དབང་བ་གཞན་གྱི་ངོར་ཞེན་པ་ཡང་མེད་པའི་ཕྱིར། དེ་བཞིན་དུ་རྟག་པར་རང་ལྡོག་ནས་མེད་པར་དགག་པ་ཁོ་ན་ཡིན་ཏེ། རྟོག་ངོར་མི་རྟག་པ་ལས་ལོག་ཙམ་ལ་རྟག་པའི་ཐ་སྙད་འདོགས་པའི་ཕྱིར། ཡང་བུམ་པ་དང་གཅིག་དང༌། དངོས་པོའི་མཚན་ཉིད་རྟག་པ་ཡིན་ནོ་ཞེས་བརྗོད་པའི་ཚེ། རྟག་པ་དེ་མིན་པར་དགག་པ་ཁོ་ན་ཉིད་དུ་ངེས་ཏེ། སྒྲུབ་བྱེད་སྔ་མ་དེ་དག་གི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། བདག་མེད་རང་ལྡོག་ནས་མེད་པར་དགག་པ་ཡིན་ཀྱང་ཉེ་བར་ལེན་པའི་ཕུང་པོ་འདི་ནི་བདག་མེད་དོ་ཅེས་བརྗོད་པའི་ཚེ། བདག་མེད་ཆོས་ཅན་མ་ཡིན་པར་དགག་པ་ཡིན་ཏེ། དགག་པ་གང་ཞིག་དགག་བྱ་བཀག་ཙམ་གྱི་ཆོས་གཞན་ཉེར་ལེན་གྱི་ཕུང་པོ་འཕངས་པའི་ཕྱིར། འདི་ཡང་བརྗོད་འདོད་ལས་བཞག་དགོས་ཏེ། དེའི་སྟེང་དུ་བདག་འགོག་འདོད་ཀྱི་བློ་དང༌། ཕུང་པོ་བསྒྲུབ་འདོད་ཀྱི་བློ་གཉིས་ཀ་ཡོད་ན། མ་ཡིན་དགག་ཏུ་འགྱུར་ལ། སྒྲུབ་འདོད་ཀྱི་བློ་མེད་ན་མེད་དགག་ཁོ་ནར་འགྱུར་བས་སོ། །ད་ནི་དངོས་པོའི་གཞན་སེལ་གསུམ་གྱི་རྣམ་པར་བཞག་པ་འཆད་དེ། མཚན་ཉིད་ནི། དོན་རང་མཚན་གསལ་བར་སྣང་བའི་མངོན་སུམ་གྱི་དྲངས་ནས་སྐྱེས་པའི་ངེས་ཤེས་དོན་མཐུན་གྱི་ཡུལ་དུ་སོང་ཚོད་དེ་མངོན་གྱུར་ལ་ངེས་པའི་གཞན་སེལ་གྱི་མཚན་ཉིད། མཚན་གཞི་ནི། སྔོན་འཛིན་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་སྔོན་པོའི་རང་ལྡོག་ངེས་པ་དང༌། སྔོན་པོའི་མི་རྟག་པ་ལ་སོགས་པ་གཞི་ལྡོག་ངེས་པའི་ངེས་ཤེས་ཀྱི་ཡུལ་དུ་སོང་བའི་དེ་དང་དེའི་དོན་སྤྱི་ལྟ་བུའོ། །དེ་དག་འདིར་གཞན་སེལ་དུ་བཤད་པའི་དགོས་པ་ནི། ངེས་ཤེས་དེ་ལ། ཡུལ་དེ་དང་དེ་མངོན་གྱུར་ཡིན་ནམ་སྙམ་པ་དང༌། ཡུལ་ཅན་དེ་ལ་ཡང་བསལ་བྱ་སྒྲོ་འདོགས་མེད་པའི་ཕྱིར། སེལ་འཇུག་མིན་ནམ་སྙམ་པའི་དོགས་པ་དགག་པའི་དོན་དུའོ། །རློམ་ཚོད་ཀྱི་གཞལ་བྱ་རང་མཚན་འཛིན་པའི་རྟོག་པའི་ཡུལ་དུ་སོང་ཚོད་དེ་ལྐོག་གྱུར་ལ་ངེས་པའི་གཞན་སེལ་གྱི་མཚན་ཉིད། སྤྱིར་གཞལ་བྱ་ལྐོག་གྱུར་འཛིན་པའི་རྟོག་པའི་ཡུལ་དུ་སོང་བ་ཙམ་གྱི་མི་ཆོག་སྟེ། འདི་ཡོད་པ་གཞན་སེལ་གྱི་དབྱེ་བ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལ་དབྱེ་ན། བདེན་པ་ལ་འཇུག་པ་རྗེས་དཔག་གི་གཞན་སེལ། རྫུན་པ་ལ་འཇུག་པ་ལོག་ཤེས་ཀྱི་གཞན་སེལ། མཐའ་གཉིས་ལ་འཇུག་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་མོ། །འདིར་གསུམ་དུ་ཕྱེ་བའི་དགོས་པ་ནི་རིགས་པ་མཁྱེན་པས་སེལ་འཇུག་གི་མཚན་ཉིད་འཆད་པ་ན། གཞན་གྱི་ཆ་སྒྲོ་མ་བཏགས་པ། ཞེས་དང༌། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ཞེས་བསལ་བྱ་སྒྲོ་འདོགས་བསལ་བའི་ཚུལ་གྱི་འཇུག་པ་ལ། དེའི་དོན་དུ་བཤད་པས་རྟོག་པ་ལོག་ཤེས་དང་ཐེ་ཚོམ་གཉིས་སེལ་འཇུག་མིན་ནམ་སྙམ་པའི་ལོག་པར་རྟོག་པ་སྐྱེ་སྲིད་པས་དེ་བསལ་བའི་ཕྱིར་དུའོ། །གསུམ་པོའི་མཚན་ཉིད་ནི་རིམ་པ་བཞིན་དུ། སེལ་ངོར་གཞལ་བྱ་རང་མཚན་རྟོགས་པའི་རྗེས་དཔག་གི་ཡུལ་དུ་སོང་ཚོད་དང༌། སེལ་ངོར་གཞལ་བྱ་རང་མཚན་འཛིན་པའི་རྟོག་པ་ལོག་ཤེས་ཀྱི་ཡུལ་དུ་སོང་ཚོད་དང༌། སེལ་ངོར་གཞལ་བྱ་རང་མཚན་འཛིན་པའི་ཐེ་ཚོམ་གྱི་ཡུལ་དུ་སོང་ཚོད་རྣམས་སོ། །མཚན་གཞི་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་ནམ་མཁའ་དངོས་པོར་འཛིན་པའི་ལོག་ཤེས་དང༌། དེ་དངོས་པོ་ཡིན་མིན་སོམ་ཉི་ཟ་བའི་ཐེ་ཚོམ་གྱི་ཡུལ་དུ་སོང་བ་རྣམས་སོ། །འདིར་ནམ་མཁའ་དང་དངོས་མེད་དུ་རྟོགས་པའི་རྗེས་དཔག་དང༌། སྒྲ་རྟག་འཛིན་རྟོག་པའི་ཡུལ་དུ་སོང་བ་རྣམས་ནི་མི་བཟུང་སྟེ། ཡོད་པ་གཞན་སེལ་གྱི་མཚན་ཉིད་རྗེས་སུ་མ་ཞུགས་པའི་ཕྱིར་དང༌། འདི་དེའི་དབྱེ་བ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ནས་མེད་པ་གཞན་སེལ་འཆད་པ་ལ་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དོན་བྱེད་ནུས་པ་རྣམ་པར་བསལ་ཙམ་གྱི་བློ་ཆོས་སོ། །དབྱེ་བ་ལ་འདི་ལ་ཡོད་པ་གཞན་སེལ་ལྟར་མངོན་གྱུར་ངེས་པའི་གཞན་སེལ་ནི་མི་འཇོག་སྟེ། དངོས་མེད་ཡིན་ན་མངོན་འགྱུར་མིན་དགོས་པའི་ཕྱིར་ཏེ། དངོས་མེད་ལ་ངོ་བོ་མེད་པའི་ཕྱིར་ཏེ་རང་གི་དགག་བྱ་བསལ་ཙམ་གྱི་མེད་དགག་གི་ཆ་ལ་དངོས་མེད་ཅེས་བཏགས་པར་ཟད་པ་ཡིན་གྱི། རྟོག་མེད་ཀྱི་ཤེས་པ་ལ་བསྒྲུབ་པ་རང་དབང་བའི་ཚུལ་གྱི་འཆར་རྒྱུ་མེད་པའི་ཕྱིར། རིགས་པའི་གཏེར་དུ། མེད་པ་གཞན་སེལ་ལ་མེད་དགག་གིས་ཁྱབ་པར་གསུངས་པ་དེ་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། དངོས་མེད་ལ་མེད་དགག་གིས་ཁྱབ་པ་ནི་མ་ངེས་ཏེ། སྔར་བཤད་པ་ལྟར་བུམ་པ་དང་གཅིག་དང་བུམ་པ་དང་འགལ་བ་དང༌། དེ་དང་འབྲེལ་པ་ལྟ་བུའོ། །དེས་ན་ལྐོག་གྱུར་འཛིན་པའི་གཞན་སེལ་གཅིག་པུའོ། །དེ་ལ་དབྱེ་ན་གཉིས་ཏེ། རྟོག་པ་དོན་མཐུན་གྱི་ངོར་ཡུལ་དུ་སོང་ཚོད་དང༌། དོན་མི་མཐུན་གྱི་ངོར་ཡུལ་དུ་སོང་ཚོད་དོ། །དང་པོ་ལ་བུམ་པ་མེད་པ་སོགས་དགག་བྱ་ཤེས་བྱ་ལ་ཡོད་པ་དང༌། རི་བོང་གི་རྭ་མེད་པ་སོགས་དགག་བྱ་ཤེས་བྱ་ལ་མེད་པའི་དབྱེ་བས་གཉིས་སོ། །འོ་ན་དབྱེ་བ་འདི་གཉིས་ཡོད་པ་གཞན་སེལ་ལ་མེད་པ་ཅི་ཞེ་ན། ཡོད་པ་གཞན་སེལ་ཡིན་ན་དེའི་དགག་བྱ་ཤེས་བྱ་ལ་མེད་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། སྒྲ་རྟག་འཛིན་རྟོག་པའི་ཡུལ་དུ་སོང་ཚོད་ཀྱི་གཞན་སེལ་ལྟ་བུའོ། །འོ་ན་སྒྲ་རྟག་པའི་དོན་སྤྱི་གཞན་སེལ་ཡིན་མོད། སྒྲ་རྟག་པའི་གཞན་སེལ་དུ་འཇོག་གམ་ཞེ་ན། རློམ་ཚོད་ཀྱི་སྒྲ་རྟག་པ་ནི་དེར་མི་འཇོག་སྟེ། གཞི་མ་གྲུབ་པའི་ཕྱིར། སེལ་ངོའི་སྒྲ་རྟག་པ་ནི་གཞན་སེལ་ཡིན་ཏེ། སྒྲ་རྟག་པར་སྒྲུབ་པའི་སོང་ཚོད་ཀྱི་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། དེ་དེ་ཡིན་ཏེ། དེ་ལྟར་སྒྲུབ་པའི་སོང་ཚོད་ཀྱི་བསྒྲུབ་བྱ་ཡང་དག་ཡོད་པའི་ཕྱིར། གལ་ཏེ། སེལ་ངོའི་སྒྲ་རྟག་པ་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བའི་སྐབས་མི་སྲིད་དེ། ཁྱོད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་མེད་པའི་ཕྱིར། ཁྱབ་པ་ནི་ཇི་སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་སོགས་ཀྱིས་གྲུབ་བོ་ཞེས་སྙམ་ན། ལུང་དེའི་དོན་ནི་གྲངས་ཅན་གྱིས། གཙོ་བོ་དང་རང་མཚན་གྱི་ཚོགས་དོན་རྟགས་ཡང་དག་གི་བསྒྲུབ་བྱར་ཁས་བླངས་པ་འགོག་པའི་གཞུང་ཡིན་ཏེ། གཞན་དུ་ན། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་ཅི་འགྱུར། ཞེས་པའི་སྐབས་ཀྱི་ཕྱོགས་སྔ་མ་རང་ལུགས་སུ་ཞལ་གྱིས་བཞེས་པར་ཐལ་བའི་ཕྱིར་རོ། །ད་ནི་དངོས་མེད་ཀྱི་གཞན་སེལ་ལ་རྩོད་པ་སྤང་བར་བྱ་སྟེ། གལ་ཏེ། དངོས་མེད་རི་བོང་གི་རྭ་དང༌། མོ་གཤམ་གྱི་བུ་ལ་སོགས་པ་ལ་ངོ་བོ་མེད་མོད། འདུས་མ་བྱས་གསུམ་དང་འཁྲུལ་ཡུལ་གཉིས་ལ་ངོ་བོ་ཡོད་དེ། འདི་ལྟར། ནམ་མཁའ་ནི་རྟག་པ་ཉིད་དུ་ལུང་ལས་བཤད་པའི་ཕྱིར་དང༌། ཐོགས་བཅས་ཀྱི་གཟུགས་བཀག་པའི་སྟོང་པ་སང་སང་པོ་འདི་མིག་ཤེས་ཀྱིས་མཐོང་བའི་ཕྱིར་དང༌། གོམ་པ་འདོར་ལེན་ལ་སོགས་པའི་ལུས་ཤེས་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། འགོག་པ་གཉིས་པ་ཡང་མདོ་སེམས་ཀྱི་སྐབས་འདིར་མེད་དགག་ལ་འཆད་པ་མ་ཡིན་གྱི། དགག་གཞི་དངོས་པོར་གྱུར་པའི་སྟེང་དུ། དགག་བྱ་བཀག་པའི་མ་ཡིན་པར་དགག་པ་ལ་འཆད་དགོས་པའི་ཕྱིར། ཡང་དོན་སྤྱི་དང་མེད་པ་གསལ་བ་གཉིས་ཀྱི་ངོ་བོ་ཡོད་དེ། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བའི་དང་ཟླ་གཉིས་སུ་གསལ་བར་སྣང་བ་གཉིས་ཀྱི་ངོ་བོར་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཞེ་ན། དེ་དགག་པ་ལ། འཁྲུལ་ཡུལ་གཉིས་ཀྱི་ངོ་བོ་དགག འགོག་པ་གསུམ་གྱི་ངོ་བོ་དགག ནམ་མཁའི་ངོ་བོ་དགག་པའོ། །དང་པོ་ནི། འཁྲུལ་ཤེས་གཉིས་ལ་དེར་སྣང་བ་ཆོས་ཅན། འདུས་མ་བྱས་མིན་ཏེ། ཤེས་རྣམ་ཡིན་པའི་ཕྱིར། སྣང་བ་ལྟར་ཡུལ་དུ་རློམ་པའི་ཆ་ཆོས་ཅན། ངོ་བོ་ཡོད་པ་མིན་ཏེ། རྟོག་པས་སྒྲོ་བཏགས་པའི་ཕྱིར། གཉིས་པ་ནི། འགོག་པ་གཉིས་ཆོས་ཅན། རང་གི་ངོ་བོ་ཡོད་པ་མིན་ཏེ། རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར། སྐྱེས་ན་འདུས་བྱས་སུ་འགྱུར་རོ། །གསུམ་པ་ལ། རིགས་པས་དགག་པ་དང༌། ལུང་དང་འགལ་བར་བསྟན་པའོ། །དང་པོ་ནི། ནམ་མཁའི་ངོ་བོ་ཆོས་ཅན། ཡོད་པ་མ་ཡིན་ཏེ། མངོན་སུམ་གྱིས་ཀྱང་མི་འགྲུབ། རྗེས་དཔག་གིས་ཀྱང་མི་འགྲུབ་པའི་ཕྱིར། དང་པོས་མི་འགྲུབ་སྟེ། རང་མཚན་དུ་མེད་པའི་ཕྱིར། གཉིས་པས་མི་འགྲུབ་སྟེ། དེ་སྒྲུབ་པའི་རྟེན་གཏན་ཚིགས་མེད་པའི་ཕྱིར། དེ་མེད་དེ། ཆོས་ཅན་ནམ་མཁའ་དེ་རང་གི་ངོ་བོ་ཡོད་པར་སྒྲུབ་པའི་སྒྲུབ་བྱའི་ཆོས་དང་ཡང་འབྲེལ་བ་མེད། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དང་ཡང་འབྲེལ་བ་མེད་པའི་ཕྱིར། ཡང་ན་བུམ་ནང་གི་ནམ་མཁའི་ནམ་མཁར་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པར་འགྱུར་ཏེ། ནམ་མཁའི་ངོ་བོ་རྗེས་དཔག་གིས་འགྲུབ་པའི་ཕྱིར། དེ་ལ་འདོད་མི་ནུས་ཏེ། དེ་གཏན་ཚིགས་གང་བཀོད་ཀྱང་ནམ་མཁའ་དང་མ་འབྲེལ་བའི་ཕྱིར་ཏེ། དེ་ལ་དངོས་ཀྱི་འབྲེལ་བ་དང་བཟློག་པའི་འབྲེལ་གང་ཡང་མ་དམིགས་པའི་ཕྱིར། གཉིས་པ་ནི། རྟག་པའི་སྒྲ་འཇུག་པ་ནི་གཉིས་ཏེ། མི་རྟག་པ་ལས་ལོག་ཙམ་གྱི་གཞན་སེལ་མེད་དགག་དང༌། རྟག་པ་ཉིད་ཀྱི་དངོས་པོའོ། །དང་པོའི་དབང་དུ་བྱས་ནས་ནམ་མཁའ་རྟག་པར་བཤད་པ་ཡིན་ལ། དེའི་ལྟར་ན་ངོ་བོ་ཡོད་མི་དགོས་ཏེ། མེད་པར་དགག་པའི་ཕྱིར། གཉིས་པའི་དབང་དུ་བྱས་ན་ནམ་མཁའ་རྟག་པ་ཉིད་མིན་ཏེ། དངོས་པོར་མེད་པའི་ཕྱིར། དེ་སྐད་དུ་ཡང༌། མེད་པ་རྟག་ཉིད་གང་ལས་ཡིན། །ཞེས་གསུང་ངོ༌། །དེ་ལྟར་ན་རིགས་པའི་གཏེར་ལས། རྟག་མི་རྟག་དང་གཅིག་ཐ་དད་སོགས་ལ་དངོས་པོས་ཁྱབ་པར་གསུངས་པའི་དགོངས་པ་ནི། རྟག་པ་ཉིད་དང༌། མི་རྟག་པ་ཉིད་དང༌། གཅིག་ཉིད་དང༌། ཐ་དད་པ་ཉིད་ལ་མི་རྟག་པས་ཁྱབ་པ་ལ་དགོངས་པ་ཡིན་ཏེ། ཉིད་ཅེས་པ་ངེས་གཟུང་དང༌། དངོས་པོའི་རྐྱེན་གཉིས་ལ་འཇུག་པ་ལས། འདིར་ཕྱི་མའི་དབང་དུ་བྱས་པའི་ཕྱིར། འོ་ན་དེའི་དོན་གང་ཡིན་ཞེ་ན། གཅིག་པ་ཉིད་ཅེས་པ་ཐ་དད་པ་བཀག་ཙམ་ལ་བྱ་བ་མིན་གྱི། དེས་ཁྱད་པར་དུ་བྱས་པའི་སྒྲུབ་པའོ། །ཐ་དད་པ་ཉིད་ཅེས་བྱས་པ་ཡང་གཅིག་པ་བཀག་ཙམ་ལ་བྱ་བ་མིན་གྱི། དེས་ཁྱད་པར་དུ་བྱ་བ་ཡིན་ཏེ། ཇི་སྐད་དུ། ཡོད་ལ་རྣམ་རྟོག་འདི་འགྱུར་ཏེ། །སྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ། །ཞེས་གསུང་ངོ༌། །འོ་ན་དངོས་མེད་ལ་རྟག་པས་ཁྱབ་པ་མིན་ནམ་ཞེ་ན། དེ་ལ་རྟག་པའི་འཇོག་ཚུལ་དང་པོས་མ་ཁྱབ་ཀྱང་གཉིས་པས་མ་ཁྱབ་སྟེ། མེད་པར་དགག་པ་ཡིན་ན་རྟག་པ་ཉིད་དུ་འགལ་བའི་ཕྱིར། རྟག་པ་ཉིད་ཡིན་ན་སྒྲུབ་པ་ཡིན་དགོས་པའི་ཕྱིར། འོ་ན་བསྒྲུབ་པ་ལ་དངོས་མེད་ཀྱིས་ཁྱབ་པ་མིན་ནམ་ཞེ་ན། སོང་ཚོད་ཀྱི་སྒྲུབ་པ་ལ་དེས་ཁྱབ་ཀྱང༌། རློམ་ཚོད་ཀྱི་སྒྲུབ་པ་ལ་དེས་མ་ཁྱབ་སྟེ། རློམ་ཚོད་ཀྱི་སྒྲུབ་པ་ནི་གཙོ་བོར་དངོས་པོ་དང་འབྲེལ་བའི་ཕྱིར་ཏེ། སྣང་བའི་སྒྲུབ་པ་ཉིད་ལ་འཆད་དགོས་པའི་ཕྱིར། དེ་ལྟར་སྒྲུབ་པའི་འཆད་ཚུལ་གཉིས་ཡོད་པ་ལ་དགོངས་ནས་ཇི་སྐད་དུ། སྒྲ་དོན་ལ། བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་དང༌། སྒྲུབ་པ་དངོས་དང་འབྲེལ་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ངོས་འཛིན་བསྡུས་ཏེ་བཤད་པ་ལ། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་རང་གི་བསལ་བྱ་རྣམ་པར་བསལ་བ་ལས་ཕྱེ་བའི་བློ་ཆོས་དེ་གཞན་སེལ་བའི་མཚན་ཉིད། དབྱེ་ན་དབྱེ་བའི་སྒོ་གསུམ་སྟེ། ཡུལ་གྱི་སྒོ་ནས་དབྱེ་བ། ཡུལ་ཅན་གྱི་སྒོ་ནས་དབྱེ་བ། བརྟེན་གྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ནི། དངོས་པོར་ཡོད་པ་གཞན་སེལ་དང༌། དངོས་པོར་མེད་པ་གཞན་སེལ་ལོ། །དང་པོ་ལ་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དོན་བྱེད་མི་ནུས་པར་རྣམ་པར་བསལ་བ་ལས་ཕྱེ་བའི་བློ་ཆོས་གང་ཞིག རང་ལ་དངོས་པོར་ཞེན་ནས་ཞུགས་པས་འཇུག་ཡུལ་རང་མཚན་ཐོབ་ནུས་པའོ། །ཟུར་སྔ་མ་ཙམ་གྱིས་མི་ཆོག་སྟེ། ནམ་མཁའི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་ཀྱང་འགོག་པ་གཉིས་དང་མོ་གཤམ་གྱི་བུ་ལ་སོགས་པ་དངོས་མེད་རྣམ་པར་གཅོད་པའི་ཕྱིར་རོ། །དེ་ལ་གསལ་བའི་དབྱེ་བ་ནི། དངོས་པོ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་འགྱུར་ཏེ། གཅིག་ལ་དཔེར་མཚོན་ན། རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་བུམ་མིན་རྣམ་པར་བསལ་ཙམ་ལས་ཕྱེ་བའི་བློ་ཆོས་གང་ཞིག རང་ལ་བུམ་པ་རང་མཚན་དུ་ཞེན་ནས་ཞུགས་པས། བུམ་པ་རང་མཚན་ཐོབ་ནུས་པ་དེ་སེལ་ངོའི་བུམ་པའི་མཚན་ཉིད། ཅེས་སམ། གཞན་སེལ་དུ་གྱུར་པའི་བུམ་པའི་མཚན་ཉིད་ཅེས་སོགས་དངོས་པོ་ཇི་སྙེད་པའི་གྲངས་དང་མཉམ་པར་སྦྱོར་བར་བྱའོ། །རིགས་ཀྱི་སྒོ་ནས་དབྱེ་ན། མཚན་ཉིད་པ་སྒྲ་རྟོག་དོན་མཐུན་གྱི་གཞན་སེལ་དང་རྗེས་སུ་མཐུན་པ་དོན་མི་མཐུན་གྱི་གཞན་སེལ་ལོ། །དང་པོའི་མཚན་ཉིད་ཡོད་པ་གཞན་སེལ་གང་ཞིག སྒྲ་རྟོག་དོན་མཐུན་གྱི་འཇུག་ཚུལ་ལས་ཕྱེ་བའི་བློ་ཆོས། དབྱེ་ན་རང་མཚན་སྣང་བ་མངོན་གྱུར་ལ་ངེས་པའི་གཞན་སེལ་དང༌། མི་སྣང་བ་ལྐོག་གྱུར་ལ་ངེས་པའི་དེའོ། །དང་པོའི་མཚན་ཉིད། དོན་རང་མཚན་འཛིན་པའི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་དོན་མཐུན་གྱི་འཇུག་ཡུལ་ལས་ཕྱེ་བའི་བློ་ཆོས་སོ། །གཉིས་པའི་མཚན་ཉིད། རྗེས་སུ་དཔག་པའི་ཚད་མའམ། དེས་དྲངས་པའི་ངེས་ཤེས་དོན་མཐུན་གྱི་འཇུག་ཚུལ་ལས་ཕྱེ་བའི་བློ་ཆོས་སོ། །གཉིས་པ་སྒྲ་རྟོག་དོན་མི་མཐུན་གྱིས་བཞག་པའི་ཡོད་པ་གཞན་སེལ་གྱི་མཚན་ཉིད་ནི། རང་གི་ཡུལ་ཅན་གྱི་རྟོག་པས་དོན་བྱེད་མི་ནུས་པ་རྣམ་པར་བཅད་པའི་བློ་ཆོས་གང་ཞིག འཇུག་ཡུལ་རང་མཚན་དང་མ་འབྲེལ་བའོ། །དབྱེ་ན། ལོག་ཤེས་ཀྱིས་བཞག་པའི་གཞན་སེལ་དང༌། ཐེ་ཚོམ་དོན་མི་འགྱུར་གྱིས་བཞག་པའི་གཞན་སེལ་ལོ། །དེ་གཉིས་ཀྱི་མཚན་གཞི་ནི། ནམ་མཁའ་དང་དངོས་པོའི་ཚོགས་དོན་གྱི་གཞན་སེལ་དང༌། མོ་གཤམ་གྱི་བུ་དང་དངོས་པོའི་ཚོགས་དོན་གྱི་གཞན་སེལ་ལྟ་བུའོ། །གཉིས་པ་དངོས་པོར་མེད་པ་གཞན་སེལ་གྱི་མཚན་ཉིད་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དོན་བྱེད་ནུས་པ་རྣམ་པར་བསལ་བའི་བློ་ཆོས་གང་ཞིག འཇུག་ཡུལ་རང་མཚན་དང་མ་འབྲེལ་བ་ཞེས་སམ། དེ་གང་ཞིག བཅད་ཞུགས་ཐོབ་གསུམ་མ་ཚང་བའོ། །ཟུར་སྔ་མ་དེ་ཙམ་གྱིས་མི་ཆོག་སྟེ། ཡོད་པ་གཞན་སེལ་གྱི་གསལ་བའི་དབྱེ་བ་རྣམས་ཀྱང་རིགས་མཐུན་གྱི་དངོས་པོ་ནང་ཕན་ཚུན་ལས་ལོགས་པའི་ཕྱིར་རོ། །དབྱེ་ན། དགག་བྱ་ཤེས་བྱ་ལ་ཡོད་པ་དང་མེད་པའི་དབྱེ་བས་གཉིས་སོ། །མཚན་ཉིད་ནི། མེད་པ་གཞན་སེལ་གང་ཞིག རང་གི་ཚིག་ཟིན་གྱི་དགག་བྱ་ཤེས་བྱ་ལ་སྲིད་པ་དང་མི་སྲིད་པའོ། །ཡང་ན་བདེན་པ་རྗེས་དཔག་གི་གཞན་སེལ། མི་བདེན་པ་ལོག་ཤེས་ཀྱི་གཞན་སེལ། མཐའ་གཉིས་པ་ཐེ་ཚོམ་གྱི་གཞན་སེལ་དང་གསུམ་མོ། །མཚན་གཞི་ནི། ནམ་མཁའ་དང་དངོས་མེད་ཀྱི་ཚོགས་དོན་ལྟ་བུ་དང༌། སྒྲ་རྟག་པའི་དོན་སྤྱི་ལྟ་བུ་ལ། མོ་གཤམ་གྱི་རྟག་པའི་དོན་སྤྱི་ལྟ་བུའོ། །དབྱེ་སྒོ་གཉིས་པ་ལ་བརྗོད་བྱེད་ཀྱི་སྒྲས་བཞག་པའི་སེལ་བ་དང༌། བློས་བཞག་པའི་སེལ་བའོ། །མཚན་ཉིད་ནི། གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་སྒྲས་རང་མིན་རྣམ་པར་བསལ་ཙམ་གྱི་ཆ་དེ་དང་པོའི་མཚན་ཉིད། དཔེ་ནི་བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་གྱུར་པའི་བུམ་མིན་བསལ་ཙམ་ལྟ་བུ་ལ་བྱ། གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་རྟོག་པས་དེ་མིན་རྣམ་པར་བསལ་ཙམ་ལ་དེར་སྒྲོ་བཏགས་པའི་ཆ་དེ། གཉིས་པའི་མཚན་ཉིད། དཔེ་ནི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལ་ཕྱི་རོལ་གྱི་བུམ་པར་སྒྲོ་བཏགས་པའི་ཆ་ལྟ་བུའོ། །དེ་གཉིས་པོ་རེ་རེ་ལ་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའི་དབྱེ་བ་གཉིས་གཉིས་སོ། །དེ་གང་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་རློམ་ཚོད་དང་སོང་ཚོད་གཉིས་ཀ་བུམ་མིན་རྣམ་པར་བསལ་ཙམ་དེ་ཁོ་ན་ཡིན་ལ། བུམ་པས་དགག་པའི་ས་ཕྱོགས་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་སོང་ཚོད་ནི། ས་ཕྱོགས་མིན་པ་རྣམ་པར་བསལ་ཙམ་གྱི་མེད་པར་དགག་པ་དེ་ཉིད་ཡིན་ལ། རློམ་ཚོད་ནི་བུམ་པ་བཀག་ཤུལ་དུ་འཕངས་པའི་ས་ཕྱོགས་དེ་ཉིད་དོ། །ཡང་བུམ་འཛིན་རྟོག་པའི་ངོར་བུམ་མིན་རྣམ་པར་བསལ་ཙམ་དེ་མེད་དགག་གི་ཆ་ཡིན་ལ། དེ་ལ་ཕྱི་རོལ་དོན་དུ་ཞེན་པའི་ཆ་ནི། མ་ཡིན་པར་དགག་པའི་སེལ་བའོ་ཞེས་བྱ་བ་འདི་ནི་སྒྲ་བློའི་སེལ་བ་གཉིས་ཀྱི་ངོས་འཛིན་པའི་ཚུལ་གྱི་རྣམ་གྲངས་གཅིག་ཡིན་ལ། རྣམ་གྲངས་གཉིས་པ་ནི་བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་སོང་ཚོད་དེ་བུམ་པ་ལ་ལྟོས་པའི་སྒྲ་སེལ་གྱི་མཚན་ཉིད། བུམ་འཛིན་རྟོག་པའི་དངོས་ཀྱི་ཡུལ་དུ་སོང་ཚོད་དེ། བུམ་པ་ལ་ལྟོས་པའི་བློ་སེལ་གྱི་མཚན་ཉིད། དེ་གཉིས་ཀའི་མཚན་གཞི། བུམ་པའི་དོན་སྤྱིའོ། །ཡང་གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་རྟོག་པ་གང་རུང་ཡིན་ན། མེད་པར་དགག་པའི་ཡུལ་ཅན་ཡིན་དགོས་པ་དེ་མེད་པར་དགག་པའི་གཞན་སེལ་གྱི་མཚན་ཉིད། དཔེར་ན། བདག་མེད་ལྟ་བུའོ། །གཞན་སེལ་གང་ཞིག རང་གི་ཡུལ་ཅན་གྱི་དེ་ཡིན་ན། མ་ཡིན་པར་དགག་པའི་ཡུལ་ ཅན་ཡིན་དགོས་པ་དེ། མ་ཡིན་པར་དགག་པའི་གཞན་སེལ་གྱི་མཚན་ཉིད། དཔེ་ནི། ཡོད་པ་གཞན་སེལ་གྱི་མཚན་གཞིར་བཤད་པ་ཐམས་ཅད་དོ། །དབྱེ་སྒོ་གསུམ་པ་ལ། གསུམ་ལས་གཞན་སེལ་གང་ཞིག རང་གི་རྟེན་ཆོས་ཅན་དང་དངོས་པོའི་གཞི་མཐུན་སྲིད་པ་དེ། དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དེ་གང་ཞིག་རང་གི་རྟེན་ཆོས་ཅན་དང༌། དངོས་མེད་ཀྱི་གཞི་མཐུན་སྲིད་པ་དེ་དངོས་པོར་མེད་པ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དེ་གང་ཞིག་རང་གི་རྟེན་ཆོས་ཅན་དུ་གྱུར་པའི་དངོས་པོ་དང༌། དངོས་མེད་གཉིས་ཀ་སྲིད་པ་དེ། གཉིས་ཀ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད་ཅེས་བཤད་ཀྱང་འགྲིག་པ་ཡིན་ཏེ། གཉིས་ཀ་ལ་བརྟེན་ན་གང་རུང་རེ་རེ་ལ་བརྟེན་དགོས་པའི་ཕྱིར། བཤད་ཚུལ་གཉིས་པ་ནི། གཞན་སེལ་གང་ཞིག་རང་གི་རློམ་ཚོད་ཀྱི་རྟེན་ཆོས་ཅན་དེ་ཡིན་ན་དངོས་པོ་ཡིན་དགོས་པ་དེ་དངོས་པོ་ཁོ་ན་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་བུམ་པའི་དོན་སྤྱི་དང་སེལ་ངོའི་བྱས་པ་ལྟ་བུའོ། །གཞན་སེལ་གང་ཞིག་རང་གི་རློམ་ཚོད་ཀྱི་རྟེན་ཆོས་ཅན་དེ་ཡིན་ན་དངོས་མེད་ཡིན་དགོས་པ་དེ་དངོས་པོར་མེད་པ་ཁོ་ན་ལ་རྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་གཙོ་བོའི་སྒྲ་དོན་དང་ནམ་མཁའི་དོན་སྤྱི་ལྟ་བུའོ། །དེ་གང་ཞིག་རང་གི་རློམ་ཚོད་ཀྱི་དེར་གྱུར་པའི་དངོས་པོ་ཡང་སྲིད། དངོས་མེད་ཀྱང་སྲིད་པ་དེ་གཉིས་ཀ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་ནི་ཤེས་བྱ་དང་གཞལ་བྱ་ལྟ་བུའོ། །གཉིས་པ་ཡུལ་ཅན་སྣང་འཇུག་དང་སེལ་འཇུག་བསྡུས་ཏེ་བཤད་པ་ལ་མཚན་ཉིད་དང་མཚན་གཞི་ངོས་བཟུང་བའོ། །དང་པོ་ལ། བོད་ཕྱི་རབས་པ་དག་ན་རེ། རང་ཡུལ་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པ་དེ་སྣང་འཇུག་གི་མཚན་ཉིད་དང༌། དེ་ལ་དེ་ཕྱེ་ནས་འཇུག་པ་དེ་སེལ་འཇུག་གི་མཚན་ཉིད་ཡིན་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། བུམ་གཟུགས་འཛིན་པའི་རྟོག་པ་ཆོས་ཅན་སྣང་འཇུག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། དེ་ཡིན་ཏེ་བུམ་གཟུགས་ཁྱོད་ཀྱི་ཡུལ་གང་ཞིག བུམ་གཟུགས་ལ་ཁྱོད་ཀྱི་ཡུལ་དུ་བྱས་མ་བྱས་ཀྱི་ཆ་གཉིས་མེད་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། དེ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པ་ཡིན་ཏེ། བུམ་གཟུགས་འཛིན་དེའི་སྟེང་གི་མི་རྟག་པ་མི་འཛིན་པའི་ཕྱིར། ཞེ་ན། ཁྱེད་ལ་ཁས་བླངས་ནང་འགལ་བ་དང་རིགས་པ་དང་འགལ་བ་གཉིས་འཇུག་སྟེ། དང་པོ་ནི། བུམ་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། དེར་ཐལ་དེའི་ཕྱིར། རྟགས་ཕྱི་མ་གྲུབ་ན། བུམ་གཟུགས་ཀྱི་སྟེང་གི་མི་རྟག་པ་དེ་གཟུགས་ཀྱི་སྐྱེ་མཆེད་ཡིན་ནམ། ཆོས་ཀྱི་སྐྱེ་མཆེད་ཡིན། དང་པོ་ལྟར་ན། དེ་ཆོས་ཅན་བུམ་གཟུགས་འཛིན་པའི་རྟོག་པས་བཟུང་བར་ཐལ། བུམ་གཟུགས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན་གཟུགས་ཀྱི་སྐྱེ་མཆེད་དུ་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས། གཉིས་པ་ནི། བུམ་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། བུམ་པ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པར་ཐལ། བུམ་པའི་ཆ་ཤས་འགའ་ཞིག་མཐོང༌། ཁ་ཅིག་མ་མཐོང་བའི་ཕྱིར་ཏེ། དེའི་གཟུགས་མཐོང་ལ། དེའི་དྲི་མ་མཐོང་བའི་ཕྱིར། རྩ་བར་འདོད་ན། བུམ་པ་ལ་སེལ་འཇུག་ཏུ་འགྱུར་ལ། དེ་ཡང་འདོད་ན། བུམ་པའི་གཞན་སེལ་ཡུལ་དུ་བྱེད་པར་ཐལ་ལོ། །གཞན་ཡང་འདི་ལྟར། བུམ་གཟུགས་འཛིན་པའི་རྟོག་པ་ཆོས་ཅན། བུམ་པ་ལ་སེལ་འཇུག་ཏུ་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བུམ་པ་འཇུག་ཡུལ་དུ་བྱེད་པའི་རྟོག་པ་གང་ཞིག་བུམ་པའི་ཆ་ཤས་འགའ་ཞིག་འཛིན། ཁ་ཅིག་མི་འཛིན་པའི་ཕྱིར། རྩ་བར་འདོད་ན། བུམ་པའི་གཞན་སེལ་འཛིན་པའི་རྟོག་པར་ཐལ། རྟོག་པ་གང་ཞིག་བུམ་པ་ལ་སེལ་འཇུག་ཡིན་པའི་ཕྱིར། འདོད་ན་བུམ་གཟུགས་ཀྱི་དོན་སྤྱི་དེ། བུམ་པའི་གཞན་སེལ་དུ་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། བུམ་པ་ཆོས་ཅན་བུམ་གཟུགས་སུ་ཐལ། སྒྲ་རྟོག་དོན་མཐུན་གྱི་ངོར་བུམ་གཟུགས་མིན་པ་རྣམ་པར་བསལ་ཙམ་དེ་ཁྱོད་ཀྱི་གཞན་སེལ་ཡིན་པའི་ཕྱིར། ཡང་བུམ་པ་བདག་མེད་དུ་མངོན་སུམ་དུ་མཐོང་བའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་བཞག་ཆོས་ཅན། བུམ་པ་ལ་སེལ་འཇུག་དུ་ཐལ། མཚན་ཉིད་དེའི་ཕྱིར། དེ་ཡིན་ཏེ། བུམ་པ་དམིགས་ཡུལ་དུ་བྱེད་པའི་བློ་གང་ཞིག བུམ་པའི་སྟེང་གི་ཁྱད་པར་གྱི་ཆོས་འགའ་ཞིག་མཐོང་ལ། ཁ་ཅིག་མ་མཐོང་བའི་ཕྱིར། དེ་ཡིན་ཏེ། བུམ་པའི་སྟེང་གི་ཕྲ་བའི་མི་རྟག་པ་མངོན་སུམ་དུ་མཐོང་ལ། བུམ་གཟུགས་མངོན་སུམ་དུ་མ་མཐོང་བའི་ཕྱིར། དེས་ན་བསྡུས་པའི་དོན་ནི། བུམ་གཟུགས་མཐོང་བའི་མིག་ཤེས་དེ། བུམ་པ་ལ་སྒྲུབ་འཇུག་ཡིན་ཀྱང༌། བུམ་པ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་ལ། བུམ་གཟུགས་འཛིན་པའི་རྟོག་པ་དེ། བུམ་གཟུགས་ལ་སེལ་འཇུག་ཡིན་ཀྱང༌། བུམ་གཟུགས་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པའི་ཡིན་ནོ། །འོ་ན། བུམ་གཟུགས་མཐོང་བའི་མིག་ཤེས་དེས། བུམ་པ་དང་གྲུབ་བདེ་རྫས་གཅིག་པའི་ཡོན་ཏན་མཐའ་དག་མཐོང་བར་ཐལ་ལོ། །ཞེ་ན་ཁྱབ་པ་མ་ངེས་ཏེ། བུམ་པ་རྫས་སུ་མ་གྲུབ་པའི་ཕྱིར་རོ། །དེ་བུམ་པ་ལ་སྒྲུབ་འཇུག་ནི་ཡིན་ཏེ། དེས་བུམ་པ་ཡུལ་དུ་བྱེད་པ་གང་ཞིག སེལ་བས་མི་འཇུག་པའི་ཕྱིར། དེས་དེ་ཡུལ་དུ་བྱེད་པ་འདི་ཡང་མ་དཔྱད་པའི་རྣམ་བཞག་ཡིན་ཏེ། འཇིག་རྟེན་ན་བུམ་གཟུགས་མཐོང་བ་ལ་བུམ་པ་མཐོང་བར་འཇོག་པའི་ཕྱིར། དཔྱད་པའི་ཚེ་ནི་དེ་དེ་ལ་སེལ་འཇུག་དང་སྣང་འཇུག་གང་ཡང་མིན་ནོ། །གཉིས་པ་རང་གི་ལུགས་ནི། རང་མཚན་གསལ་བར་སྣང་བའི་རྟོག་མེད་ཤེས་པ་དེ་སྣང་འཇུག་གི་མཚན་ཉིད། དབྱེ་ན་སྣང་འཇུག་འཁྲུལ་པ་དང་མ་འཁྲུལ་བ་གཉིས། རང་ཡུལ་གྱི་འགལ་ཟླ་བཅད་པའི་ཚུལ་གྱི་འཇུག་པའི་ཡུལ་ཅན་དེ་སེལ་འཇུག་གི་མཚན་ཉིད། དབྱེ་ན། སེལ་འཇུག་ཕྱིན་ཅི་ལོག་པ་དང་མ་ལོག་པ་གཉིས་སོ། །རྣམ་གྲངས་གཉིས་པ་ནི། ཆོས་དེའི་སྣང་བ་རང་མཚན་འཛིན་པའི་རིག་པ་དེ་ཆོས་དེ་ལ་སྣང་འཇུག་གི་མཚན་ཉིད། ཆོས་དེའི་གཞན་སེལ་ཡུལ་དུ་བྱེད་པའི་རིག་པ་དེ། ཆོས་དེ་ལ་སེལ་འཇུག་གི་མཚན་ཉིད་ཡིན། འོ་ན་བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ་དེས། བདག་མེད་རང་མཚན་འཛིན་པར་ཐལ། དེ་དེ་ལ་སྣང་འཇུག་ཡིན་པའི་ཕྱིར་སྙམ་ན། རྟགས་མ་གྲུབ་པ་ཡིན་ཏེ། དེ་དེ་ལ་སྒྲུབ་འཇུག་ཏུ་ཐལ། སྣང་འཇུག་ཡིན་པའི་ཕྱིར། འདོད་ན་བདག་མེད་སྒྲུབ་པར་ཐལ་ལོ། །འོ་ན་དེ་དེ་ལ་སེལ་འཇུག་ཏུ་ཐལ་ལོ་སྙམ་ན་ཁྱབ་པ་མ་ངེས་ཏེ། དེ་དེ་ལ་སེལ་འཇུག་དང་སྣང་འཇུག་གཉིས་ཀ་མིན་ནོ། །འོ་ན་དེས་དེ་ཡུལ་དུ་མི་བྱེད་པར་ཐལ་ལོ་ཞེ་ན། དེས་དེ་ཡུལ་དུ་བྱེད་དོ། །ཞེས་པ་འདི་ཡང་ཐ་སྙད་ཀྱི་རྣམ་བཞག་ཡིན་ཏེ། རང་ལུགས་ལ་དོན་དམ་པའི་ཤེས་པ་རང་རིག་རང་གསལ་ཡུལ་མེད་དུ་ཁས་ལེན་པའི་ཕྱིར། དེ་ལྟ་མོད་ཀྱི་ཐ་སྙད་ཀྱི་ཚེ་ཡང་ཁྱབ་པ་མ་ངེས་ཏེ། མེ་དང་ཆུའི་ཁ་དོག་འཛིན་པའི་མིག་ཤེས་ཆོས་ཅན། དེ་དང་དེ་ཡུལ་དུ་མི་བྱེད་པར་ཐལ། དེ་དང་དེ་ལ་སྣང་འཇུག་ཡང་མིན། སེལ་འཇུག་ཡང་མིན་པའི་ཕྱིར། སྣང་འཇུག་ཡིན་ན་དེ་ཆོས་ཅན། མེའི་རེག་བྱ་སྣང་ཡུལ་དུ་བྱེད་པར་ཐལ། མེ་ལ་སྣང་འཇུག་ཡིན་པའི་ཕྱིར། གཅིག་ཤོས་ལ་ཡང་དེ་བཞིན་ནོ། །རྩ་བར་འདོད་མི་ནུས་ཏེ། སྐྱེ་མཆེད་ཀྱི་རྣམ་དབྱེ་ལ་ཞིབ་མོར་མི་དཔྱོད་པའི་ཐ་སྙད་དུ། དེ་དེའི་ཡུལ་ཡིན་པར་གྲགས་པའི་ཕྱིར། ཡང་མི་མཁས་པ་ཁ་ཅིག་ན་རེ། རྣམ་མཁྱེན་ཆོས་ཅན། སེལ་འཇུག་ཏུ་ཐལ། གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་ཁྱོད་ཀྱི་ཡུལ་ཡིན་པའི་ཕྱིར། དེ་ཆོས་ཅན་དེའི་ཡུལ་ཡིན་ཏེ། གཞི་གྲུབ་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཤིན་ཏུ་ལྐོག་གྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཁྱོད་ཀྱི་ཡུལ་ཅན་དུ་ཐལ། ཁྱོད་དེའི་ཡུལ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན་ལྐོག་ཏུ་གྱུར་པའི་ཡུལ་ཅན་མ་ཡིན་ཏེ། ཁྱོད་ལ་ལྐོག་ཏུ་གྱུར་པའི་ཡུལ་མེད་པའི་ཕྱིར། ཡང་རྣམ་མཁྱེན་ཆོས་ཅན། རྟོག་པར་ཐལ། ལྐོག་གྱུར་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་གྱི་འཛིན་སྟངས་ཆོས་ཅན། ཡོད་ན་ཁྱོད་ཀྱི་ཡུལ་དུ་བྱས་དགོས་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འཁོར་གསུམ་ཁྱོད་ཀྱིས་ཁས་བླངས་སོ། །འོ་ན། ཡོད་ན་རྣམ་མཁྱེན་གྱིས་རྟོགས་མི་དགོས་སམ་ཞེ་ན། དེ་ནི་དགོས་སོ། །འོ་ན་ཤིན་ལྐོག་ཆོས་ཅན། དེའི་ཡུལ་དུ་ཐལ། དེས་རྟོགས་པའི་ཕྱིར་སྙམ་ན། ཁོ་བོ་ཅག་རང་རིག་ཡུལ་མེད་དུ་འདོད་པས། རྣམ་མཁྱེན་ཉིད་ཀྱིས་ཀྱང་མ་ངེས་པར་མ་ཟད་ཀྱི། རྣམ་མཁྱེན་ཆོས་ཅན། ལྐོག་གྱུར་སྣང་ཡུལ་དང་གཟུང་ཡུལ་དུ་བྱེད་པ་མིན་ཏེ། མངོན་སུམ་ཡིན་པའི་ཕྱིར་དང༌། ཁྱོད་ལ་ལྐོག་གྱུར་གྱི་རྣམ་པ་མ་ཤར་བའི་ཕྱིར། དེ་འཇུག་ཡུལ་དུ་བྱེད་པ་ཡང་མིན་ཏེ། ལྐོག་གྱུར་ལ་འཇུག་པའི་བློ་མིན་པའི་ཕྱིར། གཉིས་པ་མཚན་གཞི་ནི། སེར་པོ་འཛིན་པའི་མིག་ཤེས་དེ། སེར་པོ་ལ་སྣང་བས་འཇུག་པ་ཡིན་ཏེ། སེར་པོ་དང་ལྷན་ཅིག་དམིགས་ངེས་སུ་གྱུར་པའི་དངོས་པོ་ཐམས་ཅད་ཀྱི་རྣམ་པར་ཤར་བའི་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི། སེར་པོའི་རྫས་ཐམས་ཅད་ལྷན་ཅིག་ཏུ་མཐོང་བའི་ངེས་པ་མེད་དེ། སེར་པོའི་རྡུལ་ཕྲ་རབ་ཀྱི་རྣམ་པ་མ་ཤར་བའི་ཕྱིར། ཡང་སེར་པོའི་སྟེང་གི་རྫས་སུ་གྱུར་པའི་མི་རྟག་པའམ། སྐད་ཅིག་མ་མཐོང་ཡང༌། དེའི་སྟེང་གི་ལྡོག་པར་གྱུར་པའི་མི་རྟག་པ་དང༌། མི་རྟག་པའི་ཐ་སྙད་མངོན་སུམ་གྱི་མཐོང་བ་མིན་ཏེ། དེ་དེ་ལ་ལྐོག་ཏུ་གྱུར་པའི་ཕྱིར། དེ་བས་ན། སེར་པོ་འཛིན་པའི་མིག་ཤེས་ཆོས་ཅན། སེར་པོ་མཐོང་བ་ན། སེར་པོ་དང་གྲུབ་བདེ་རྫས་གཅིག་ཏུ་གྱུར་པའི་ཡོན་ཏན་མཐའ་དག་མཐོང་བ་ཡིན་ཏེ། སེར་པོ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར་ཞེས་ཟེར་བ་གཞུང་གི་དོན་མ་ཡིན་ཏེ། སེར་པོ་དང་སེར་པོའི་དྲི་རྫས་གཅིག་དང་རྫས་ཐ་དད་གང་ཡིན་བརྟགས་ན་འཇིག་པའི་ཕྱིར། འོ་ན་ཅི་ཞེ་ན། སེར་པོ་མཐོང་བའི་མིག་ཤེས་ཆོས་ཅན། སེར་པོ་དང་ལྷན་ཅིག་དམིགས་ངེས་སུ་གྱུར་པའི་ཡོན་ཏན་མཐའ་དག་མཐོང་བ་ཡིན་ཏེ། སེར་པོ་ལ་སྣང་འཇུག་ཡིན་པའི་ཕྱིར། ཞེས་པའོ། །འོ་ན་སེར་པོའི་དྲི་དེ་སེར་པོའི་རྫས་སུ་ཁས་ལེན་པར་མི་ནུས་སམ་ཞེ་ན། དེ་ལྟར་དཔྱོད་པ་དེ་ནི་ཤིན་ཏུ་དཔྱད་པའི་རྣམ་བཞག་ཡིན་པས། དེ་དེར་ཁས་མི་ལེན་ཏེ། དེའི་ཚེ་སེར་པོ་རྫས་སུ་མ་གྲུབ་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། སེར་པོ་ཆོས་ཅན། ཤིན་ཏུ་དཔྱད་པའི་ཚེ་རྫས་སུ་མེད་དེ། རང་གི་གདགས་གཞི་འབྱུང་བ་ལ་བཏགས་ཡོད་ཡིན་པའི་ཕྱིར། འོ་ན་རྡུལ་བརྒྱད་བཤད་པ་མིན་ནམ་ཞེ་ན། རྣམ་གཞག་གསུམ་གྱི་སྒོ་ནས་འཇོག་ཚུལ་སོ་སོར་འབྱེད་དགོས་ཏེ། འདིར་ལྟར། མ་དཔྱད་པ་དང༌། འཇུག་ཚེ་དང༌། རློམ་ཚོད་ལ། ཕྱེ་བསལ་མེད་པར་སེར་པོ་ཙམ་རྫས་སུ་གྲུབ་པར་ཁས་ལེན་ལ། ཅུང་ཟད་དཔྱད་པ་དང༌། འཆད་ཚེ་དང༌། སོང་ཚོད་ལ་སེར་ངོའི་སེར་པོ་རྫས་སུ་མ་གྲུབ་ཅིང༌། སྣང་ངོའི་སེར་པོ་རྫས་སུ་གྲུབ་པ་ཁས་ལེན་ནོ། །ཤིན་ཏུ་དཔྱད་པ་དང༌། དོན་དམ་པའི་བདེན་པ་ལ་འཇུག་པའི་ཚེ། སྣང་ངོའི་སེར་པོ་ཉིད་ཀྱང་རྫས་སུ་མ་གྲུབ་པར་ཁས་ལེན་དགོས་ཏེ། དེ་ཡིན་ན། རིགས་རྒྱུན་གང་རུང་ཡིན་དགོས་པའི་ཕྱིར། འོ་ན་དེའི་ཚེ་ཅི་ཞིག་རྫས་སུ་གྲུབ་ཅེ་ན། འབྱུང་བ་བཞིའི་རྡུལ་ཕྲ་རབ་དང༌། སྐད་ཅིག་ཆ་མེད་པའི་ཤེས་པ་ཙམ་ཞིག་རྫས་སུ་གྲུབ་པ་ཡིན་ནོ། །སྣང་བརྟགས་མ་འདྲེས་སོ་སོར་རབ་ཕྱེ་ནས། །སྣང་སེལ་ཇི་བཞིན་འབྱེད་མཁས་འདི་ལས་གཞན། །སྣང་རུང་དམིགས་ན་རང་གཟུགས་མི་སྟོན་ཅི། །སྣང་ཚད་ཆོས་ཀྱི་གནས་ཚུལ་གོ་འདོད་ན། །གཞན་སྡེས་ཅི་འཚལ་རང་སྡེ་ཕལ་ཆེ་བ། །གཞན་གྱིས་མ་ཤེས་ཆོས་ཀྱི་གྲགས་པའི་ལུགས། །གཞན་སེལ་རྣམ་བཞག་རྒྱས་པར་བཤད་པ་འདི། །གཞན་ཕན་བློ་ཡིས་ཡི་གེར་བཀོད་མོད་ཀྱི། །རང་ཉིད་གཅིག་པོའི་དོན་དུ་འགྱུར་བར་ངེས། །རང་དང་སྐལ་བ་མཉམ་པ་འགའ་ཡོད་ན། །རང་བློས་བརྟགས་པའི་ལུགས་ངན་ཀུན་མཐོང་ལ། །རང་གཞན་གྲུབ་མཐའི་རྣམ་དབྱེ་འདི་ཟུང་ཤིག །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ།། །།རིག་གནས་རྨ་བྱའི་ཁྲི་ལ་འཁོད་བཞིན་དུ། །གཏི་མུག་ཁྲུང་ཁྲུང་འཇོམས་པའི་རྣམ་དཔྱོད་ཀྱི། །སྨིན་ལེགས་ལྡན་པའི་གཞོན་ནུ་གདོང་དྲུག་པ། །གང་བློའི་སྐྱེད་ཚལ་ཡངས་པ་འདིར་སྤྱོན་ཤིག །དེ་ལྟར་མཆོད་པར་བརྗོད་ནས། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།