ཚད་མ་རིགས་གཏེར་གྱི་དགོངས་རྒྱན་བསྟན་བཅོས་སྨད་ཆ། ག ༽

གསུམ་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པ། རྩོད་པ་སྤང་བའོ། །དང་པོ་ལ་རང་མཚན་ཁོ་ན་སྒྲའི་བརྗོད་བྱར་འདོད་པ་དགག སྤྱི་ཁོ་ན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་དགག སྤྱི་ལྡན་གསལ་བ་རང་མཚན་ཁོ་ན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་དགག་པའོ། །དང་པོ་ལ། ཕྱི་རོལ་གྱི་དོན་རང་མཚན་ཁོ་ན་སྒྲའི་དེར་འདོད་པ་དགག ཤེས་པ་རང་མཚན་ཁོ་ན་དེར་འདོད་པ་འགག ལྡན་མིན་འདུ་བྱེད་རང་མཚན་ཁོ་ན་དེར་འདོད་པ་དགག་པའོ། །དང་པོ་ལ། ཕྱོགས་སྔ་མ་ནི་བརྡ་སྤྲོད་པའི་འདོད་པ་སྟེ། དེ་ཡང་འདི་ལྟར། བརྡ་སྤྲོད་པ་ན་རེ། མིང་དུ་འཇུག་པ་ནི་གཉིས་ཏེ། དངོས་མིང་དང༌། བཏགས་མིང་ངོ༌། །དང་པོ་ནི། སྒྲ་བཤད་དུ་ཡོད་པའི་མིང་དང༌། དོན་དེ་ལ་འཇུག་ཏུ་རུང་བའི་མིང་དང༌། མིང་དོན་གཉིས་ལ་དངོས་པོའི་འབྲེལ་བ་གྲུབ་པ་ཞེས་བྱ་བའི་ཁྱད་པར་གསུམ་དང་ལྡན་པ་ཞིག་ཡིན་ཏེ། དཔེར་ན། ནམ་མཁའ་ལ་འཆར་བའི་འོད་དཀར་ཅན་དེའི་མིང་ལ། རི་བོང་ཅན་དང༌། བསིལ་ཟེར་ཅན་དང༌། ཀུ་མུད་ཏའི་གཉེན་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། མིང་དེ་དང་དོན་དེ་ལ་དངོས་པོའི་འབྲེལ་བ་མེད་པ་དང༌། དེའི་རྒྱུ་མཚན་གྱིས་དེ་ལ་དེར་འཇུག་ཏུ་མི་རུང་བ་དང༌། མི་རུང་ཡང་སྐྱེས་བུའི་བརྗོད་འདོད་ཙམ་གྱི་སྦྱར་བ་དེ་ཁྱད་པར་གསུམ་དང་ལྡན་པ་ཞིག་ཡིན་ནོ། །དཔེར་ན། རི་བོང་ཅན་ལ་ཟླ་བ་ཞེས་བརྗོད་པ་དང༌། ཚ་ཟེར་ཅན་ལ་ཉི་མ་ཞེས་བརྗོད་པ་ལྟ་བུའོ། །ཞེས་ཟེར་བ་འདི་བརྡ་སྤྲོད་པའི་འདོད་པ་ཡིན་གྱི། བོད་ཕྱི་རབས་པ་གང་དག བརྡ་སྤྲོད་པས་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་རང་གི་བརྗོད་བྱའི་དོན་ལ། དངོས་པོའི་དབང་གིས་འཇུག་པར་འདོད་དོ་ཞེས་དང༌། ཡང་རྗོད་བྱེད་ཀྱི་སྒྲ་བརྗོད་འདོད་ཀྱི་དབང་གིས་འཇུག་པ་མེད་དོ། །ཞེས་ཟེར་བ་དང༌། རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་དངོས་པོའི་དབང་གིས་འཇུག་པར་འདོད་ཅེས་ཟེར་བ་དེ་དག་ནི་བརྡ་སྤྲོད་པའི་འདོད་པ་མི་ཤེས་བཞིན་དུ་སྨྲས་པ་ཡིན་པས་མི་འཐད་པར་རྟོགས་དགོས་པ་ཡིན་ནོ། །གཉིས་པ་དེ་དགག་པ་ནི། ཇི་སྐད་དུ། སྒྲ་རྣམས་ཀྱིས་ནི་བརྡ་བཏགས་དོན། །ཞེས་སོགས་ཀྱིས་འཆད་དོ། །གཉིས་པ་ཤེས་པ་རང་མཚན་སྒྲས་དངོས་སུ་བརྗོད་པར་འདོད་པ་དགག་པ་ནི། ཤེས་པ་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པ་ཞེས་བྱ་བ་འདི་ཡང་བརྡ་སྤྲོད་པའི་ནང་མཚན་འགའ་ཞིག་གིས་འདོད་པ་སྟེ། བུམ་འཛིན་རྟོག་པ་དང༌། གཟུགས་འཛིན་མིག་ཤེས་ལ་དེ་དང་དེར་སྣང་བ་ཉིད་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པའོ། །དེ་འགོག་པ་ནི་ཇི་སྐད་དུ། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲེང་བར་འགྱུར། །ཞེས་དང༌། རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཇི་ལྟར་དོན་རྟེན་ཡིན། །ཞེས་གསུང་ངོ༌། །དོན་དེ་ལ་དགོངས་ནས་རིགས་པའི་གཏེར་དུ། ཤེས་པ་རང་གི་མཚན་ཉིད་ཡིན། །དེས་ན་དེ་ལ་བརྡར་མི་རུང༌། །ཞེས་གསུངས་སོ། །འདིར་བརྡའ་སྤྲོད་པ་ཞེས་བྱ་བ་འདི་ཡང་རིག་བྱེད་པའི་ནང་མཚན་ཡིན་ལ། རིག་བྱེད་པ་དེ་ལ་གཉིས་ཏེ། ཚངས་པ་པ་དང༌། སྒྲའི་ཚངས་པ་པ་ཞེས་བྱའོ། །ཕྱི་མ་འདི་ལ་བརྡ་སྤྲོད་པ་ཞེས་ཀྱང་བྱ་ཞིང༌། དེའི་འདོད་པ་ནི་མེས་པོ་ཚངས་པ་ནི་སྒྲའི་ངོ་བོར་གནས། དེ་ཡང་ཡི་གེ་ཨོཾ་གྱི་བདག་ཉིད་དུ་གནས་ལ། དེ་ཡོངས་སུ་གྱུར་པ་ལས་གཟུགས་ལ་སོགས་པ་དངོས་པོའི་ཚོགས་འདི་སྐྱེ་བ་ཡིན་ལ། དོན་དེ་ལས་ཤེས་པ་རྣམས་སྐྱེ་ཞིང༌། ཤེས་པ་དེ་ཡང་སྒྲའི་རྣམ་པ་དང་ལྡན་པ་ཁོ་ནར་སྐྱེ་སྟེ། ཇི་སྐད་དུ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། སྐྱེ་འཇིག་མེད་པར་ཡང་དག་ལྡན། །སྒྲའི་རང་བཞིན་ཚངས་པ་མཆོག །གང་དེ་ཡོངས་སུ་གྱུར་པ་ནི། །དངོས་པོའི་གྲང་འདིར་རབ་ཤེས་བྱ། །ཞེས་དང༌། སྒྲའི་རྗེས་འཇུག་མ་རྟོགས་པ། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་ཉིད་དུ་གནས་པ་ཡིན། །ཞེས་ཤེས་པ་ཐམས་ཅད་སྒྲའི་རྣམ་པ་ཅན་དུ་སྐྱེ་བར་འདོད་དོ། །འོ་ན་རིག་བྱེད་པ་དེ་རྟོག་གེ་སྡེ་ལྔ་ལས་གང་དུ་གཏོགས་པ་ཡིན་ཞེ་ན། སྤྱི་མིང་ཁྱབ་འཇུག་པ་ཡིན་ལ། དེ་ལ་རིག་བྱེད་པ་དང་སྤྱོད་པ་པ་གཉིས། དང་པོ་ལ་གསང་བ་པ་དང༌། རིག་བྱེད་མཐའ་པ་གཉིས། དང་པོ་ལ་ཚངས་པ་དང༌། སྒྲའི་ཚངས་པ་གཉིས་སུ་ཕྱེ་བར་སློབ་དཔོན་ཞི་བ་འཚོ་བཞེད་དོ། །གཉིས་པ་སྤྱི་ཁོ་ན་སྒྲའི་བརྗོད་བྱར་འདོད་པ་དགག་པ་ལ། དེ་ཡང་སྤྱི་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གསུམ་སྟེ། གྲངས་ཅན་པ་དང༌། བྱེ་བྲག་པ་དང༌། སངས་རྒྱས་པའོ། །དང་པོས་སྤྱི་སྒྲའི་བརྗོད་བྱར་མི་འདོད་ལ། ཕྱི་མ་གཉིས་ཀྱི་འདོད་དོ། །དེ་ཡང་བྱེ་བྲག་པས་ནི། རྗོད་བྱེད་ཀྱི་སྒྲ་འཇུག་པ་ལ་སྤྱི་དོན་གཞན་ངེས་པར་དགོས་ལ། དེ་ལའང་ལུགས་གཉིས་ཏེ། སྤྱི་དོན་གཞན་ཁོ་ན་བརྗོད་བྱར་འདོད་པའི་ལུགས་དང༌། སྤྱི་ལྡན་གསལ་པ་རང་མཚན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་པའི་ལུགས་སོ། །དེ་གཉིས་རིམ་པར་འགོག་པ་ནི། ཇི་སྐད་དུ། ཅི་ནས་སྐྱེས་བུ་དོན་བྱེད་པར། །ཞེས་དང༌། དེ་ལྡན་ནུས་པ། ཞེས་སོགས་དོན་དེ་ཉིད་རིགས་པའི་གཏེར་ལས་ཀྱང༌། དོན་ལ་སྤྱི་མེད་ཡོད་ནའང༌། །ཞེས་སོགས་དང༌། དགོས་ནུས་མེད་པའི་སྤྱི་བོར་ལ། །ཞེས་སོགས་གསུངས་སོ། །གཉིས་པ་སངས་རྒྱས་པའི་ལུགས་ལ་ཡང་གཉིས་ཏེ། བོད་གངས་ཅན་པ་རྣམས་མཐུན་པར། སྒྲ་དོན་རྐྱང་པ་སྒྲའི་བརྗོད་བྱར་འདོད་པ་དང༌། རིགས་གཏེར་མཛད་པས། དོན་སྤྱི་ལ་རང་མཚན་དུ་སྒྲོ་བཏགས་པའི་གཞན་སེལ་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་པའོ། །འོ་ན་ལུགས་དེ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རིགས་པའི་དབང་ཕྱུག་ཕྱྭ་པ་ནི། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ཉིད་བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱ་དང༌། བུམ་འཛིན་རྟོག་པའི་གཟུང་ཡུལ་དུའང་བཞེད་པ་དེ་ཉིད་ཡིན་ལ། ལུགས་ཕྱི་མ་ནི་བུམ་འཛིན་རྟོག་པ་ལ་བུམ་མིན་ལས་ལོག་པར་སྣང་བའི་གཟུགས་བརྙན་དེ་ལ་ཕྱི་རོལ་གྱི་བུམ་པར་སྒྲོ་བཏགས་པའི་ཆ་དེ་ཉིད། བུམ་པ་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་བཞེད་པ་ཡིན་ཏེ། ཇི་སྐད་དུ། རྟོག་པ་ངོ་བོས་འཁྲུལ་པ་ལ། །སྒྲའི་དོན་ནི་གཟུགས་བརྙན་ཤར། །དེ་ལ་ཕྱི་རོལ་དོན་དུ་ཞེན། །དེ་ནི་སྒྲའི་བརྗོད་བྱར་བཏགས། །ཞེས་གསུངས་པས་སོ། །གསུམ་པ། ལྡན་མིན་འདུ་བྱེད་ཁོ་ནར་སྒྲའི་བརྗོད་བྱར་འདོད་པ་ནི། ཉན་ཐོས་མང་པོས་བཀུར་བ་དག་ཡིན་ལ། དེ་ཡང་མིང་དང་མཚན་མ་ཞེས་བྱ་བ་དོན་བློ་སྒྲ་གསུམ་པོ་གང་ཡང་མིན་པ་ལྡན་པ་མིན་པའི་འདུ་བྱེད་དུ་གྲུབ་པ་ཞིག་ཁོ་ན་སྒྲའི་བརྗོད་བྱ་ཡིན་ནོ། །དེ་ལ་མིང་ནི་སྒྲ་སྤྱི་ཡིན་ལ། མཚན་མ་ནི་དོན་སྤྱི་ཡིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ནི་ཇི་སྐད་དུ། མིང་སོགས་བརྗོད་ན་འཆད་པོ་དང༌། །ཞེས་སོགས་སུ་བརྟག་པ་གསུམ་མཛད་ནས་དགག་པ་མཛད་ལ། རིགས་པའི་གཏེར་ལས། མི་ལྡན་འདུ་བྱེད་ལ་སྦྱར་བས། །འབྲེལ་མེད་གཟུགས་ལ་ཇི་ལྟར་རྟོགས། །ཞེས་གཏན་ཚིགས་གཅིག་ཁོ་ནས་འགོག་པར་མཛད་དོ། །འདིར་གངས་ཅན་པ་དང་ཉན་ཐོས་གཉིས། །སྒྲ་དོན་དངོས་ཀྱི་བརྗོད་བྱར་འདོད། །ཅེས་སོགས་ཀྱི་དོན་རྟོགས་དཀའ་བས་དེ་ཅུང་ཟད་བཤད་ན། ཕྱོགས་སྔ་སྨྲ་བ་འདི་གཉིས་ཀྱིས་འཆད་འཇུག་སོ་སོར་མ་ཕྱེ་བར་དོན་སྤྱི་དང་ལྡན་མིན་འདུ་བྱེད་ཁོ་ན་སྒྲའི་བརྗོད་བྱར་འདོད་པ་ཡིན་ལ། དེ་འགོག་པ་ན་ཀ་བའི་དོན་སྤྱི་དང༌། ཀ་བའི་ལྡན་མིན་འདུ་བྱེད་ལ་ཀ་བ་ཞེས་པའི་སྒྲ་སྦྱོར་བ་ཡིན་ནོ་ཞེས་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་བཞག་ལའང་ཁས་ལེན་པ་མི་རིགས་ཏེ། འཇུག་ཚེ་དེ་ལྟར་ཁས་བླངས་ན་ཀ་བ་ཞེས་བརྗོད་པ་ལས་ཀ་བ་རང་མཚན་མི་གོ་བའི་སྐྱོན་ཡོད་པའི་ཕྱིར། དཔེར་ན་བུམ་པ་ཞེས་བརྗོད་པས་བ་ལང་མ་རྟོགས་པ་བཞིན་ནོ། །འོ་ན་ཁྱོད་རང་གི་ལུགས་ལ་ཡང་ཀ་བའི་སྒྲ་དོན་ཁོ་ན་ཞེས་བརྗོད་པའི་སྒྲའི་དངོས་ཀྱི་བརྗོད་བྱར་ཁས་ལེན་དགོས་པ་མིན་ནམ་ཞེ་ན། སོང་ཚོད་ལ་དེ་ལྟར་ཡིན་ཀྱང་འཇུག་པའི་ཚེ་ཀ་བའི་སྒྲ་དོན་ལ་བརྡ་སྦྱོར་བ་ཞེས་དང༌། ཀ་བ་རང་མཚན་ལ་ཀ་བའི་བརྡ་སྦྱོར་ཞེས་སོ་སོར་ཕྱེ་ནས་ངག་ཏུ་མི་བརྗོད་པར་ཀ་བ་ཙམ་ཀ་བ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་ནོ་ཞེས་དང༌། བུམ་པ་དེ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་ནོ་ཞེས་ཁས་ལེན་པས། མི་མཚུངས་པའི་ཚུལ་ལེགས་པར་ཤེས་པ་ཡིན་ནོ། །འོ་ན་དེའི་དུས་ཀྱི་ཀ་བ་དང་བུམ་པའི་མཚན་གཞི་དེ་གང་ལ་བྱ་ཞེ་ན། དེ་ནི་དོན་སྤྱི་ལ་རང་མཚན་དུ་འཁྲུལ་པའི་གཞན་སེལ་ཁོ་ན་ལ་བྱ་བ་ཡིན་ནོ། །དེ་ལ་ཡང་རློམ་སོང་སོ་སོར་ཕྱེ་ན་སོང་ཚོད་སྒྲ་དོན་དང༌། རློམ་ཚོད་རང་མཚན་ནོ། །གཉིས་པ་རང་གི་ལུགས་བཞག་པ་ལ། མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན། མཚན་གཞིའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། བརྡ་ལས་གོ་བར་བྱ་བ་དེ་བརྗོད་བྱའི་མཚན་ཉིད། དོན་གོ་བར་བྱེད་པའི་བརྡ་དེ་རྗོད་བྱེད་ཀྱི་མཚན་ཉིད་དོ། །འོ་ན་གཉིས་པོའི་མཚན་གཞི་གང་ཞེ་ན། འདི་ལ་འཇུག་དུས་ཀྱི་མཚན་གཞི་ངོས་བཟུང་བ་དང༌། འཆད་དུས་ཀྱི་དེ་དངོས་བཟུང་བའོ། །དང་པོ་ནི། བུམ་པ་དེ་བུམ་པ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་ནོ། །ཞེས་དང༌། ཡང་ན་ལྟོ་ལྡིར་བ་དེ་དེའི་བརྗོད་བྱ་ཡིན་ནོ་ཞེས་ཁས་བླངས་པར་བྱ་ཞིང༌། དེ་བཞིན་དུ་བུམ་པ་ཞེས་བརྗོད་པའི་སྒྲ་དེ། དེ་དང་དེའི་རྗོད་བྱེད་ཡིན་ནོ་ཞེས་སོགས་ཁས་བླང་བར་བྱའོ། །དེ་དང་འདྲ་བར་གཞན་ཡང་ནོག་སོགས་འདུས་པའི་གོང་བུ་དང༌། བ་ལང་གི་ཐ་སྙད་མིང་དོན་དུ་འཇོག་པ་དང༌། དོན་བྱེད་ནུས་པ་དང་དངོས་པོའི་ཐ་སྙད་མིང་དོན་དུ་འཇོག་པ་སོགས་ཁས་བླང་བར་བྱའོ། །གཉིས་པ་ནི། ཐ་སྙད་བྱེད་པའི་ཚེ་དེ་ལྟར་ཁས་ལེན་ཀྱང༌། འཆད་པའི་ཚེ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱར་སོང་ཚོད་ནི། བུམ་པའི་སྒྲ་དོན་དང་གཞན་སེལ་ཁོ་ན་ཡིན་ལ། དངོས་ཀྱི་བརྗོད་བྱ་ཡང་དེ་ཉིད་དོ། །ཞེན་པའི་བརྗོད་བྱར་སོང་ཚོད་ནི་བུམ་པ་རང་མཚན་པ་དེ་ཉིད་ཡིན་ལ། དེ་ནི་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་མ་ཡིན་ཏེ། རང་མཚན་ཡིན་པའི་ཕྱིར། འཆད་ཚེ་དེ་ལྟར་ཡིན་ཀྱང་ཐ་སྙད་བྱེད་པའི་ཚེ། བུམ་པའི་གཞན་སེལ་འོན་ཅིག་ཅེས་སམ། བུམ་པའི་གཞན་སེལ་དུ་ཆུ་ལྡུག་ཅིག་ཅེས་བརྗོད་ན། ཇི་སྐད་དུ། བུམ་པ་ཞེས་ནི་བརྗོད་པ་ལས། །འབྲེལ་མེད་བ་ལང་མི་རྟོགས་བཞིན། །ཞེས་པའི་ཉེས་པ་དེ་རང་ལ་འཇུག་པས། དེ་ལྟར་ཁས་མི་ལེན་པ་ཡིན་ནོ། །ཡང་འཆད་པའི་ཚེ་ཞེན་པའི་རྗོད་བྱེད་དུ་སོང་ཚོད་ནི། སྒྲ་སྤྱི་ཞེས་བྱ་བ་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་ཡིན་ལ། ཞེན་པའི་རྗོད་བྱེད་དུ་རློམ་ཚོད་ནི། བུམ་པ་ཞེས་པའི་སྒྲ་རང་མཚན་པ་དེ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་པས་ཐོབ། །ཅེས་དང༌། འཁྲུལ་པའི་བག་ཆགས་གོམས་པ་ཡིས། །བརྡའི་དུས་ནའང་སྲེས་ནས་སྦྱར། །ཐ་སྙད་དུས་ནའང་དེ་ལྟར་གོ །དེ་ཕྱིར་འཁྲུལ་ཡང་བདེན་པར་འཐད། །ཅེས་གསུངས་སོ། །དེ་ལྟར་བཤད་པ་ན། ཇི་སྐད་དུ། མཉན་པ་གཞན་སེལ་བརྗོད་བྱར་བྱེད། །ཅེས་དང༌། གཞན་སེལ་སྒྲ་དང་འབྲེལ་འགྱུར་གྱི། །ཞེས་དང༌། ལྡོག་པ་ཉིད་ལ་སྒྲ་སྦྱོར་ཕྱིར། །ཞེས་སོགས་གསུངས་པ་དེ་ནི། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་བཞག་གི་དབང་དུ་བྱས་པ་ཡིན་ལ། ཐ་དད་མེད་དོན་མེད་པར་ཡང༌། །འཆད་པ་པོ་སོགས་བརྗོད་པ་ཡིན། །ཞེས་དང༌། དེའི་ངོ་བོ་སྤྱི་ལས་ནི། །ཐ་དད་མེད་དུ་ཟིན་ན་ཡང༌། །བརྡ་ལས་བྱུང་བ་བསྙད་པར་བྱ། །ཅེས་དང༌། དེ་ལ་དུ་མའང་འབྲས་གཅིག་ཅན། །དེ་འབྲས་ཅན་མིན་གཞན་རྟེན་ཅན། །བརྗོད་དང༌། ཅེས་བཤད་པ་ནི་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་བཞག་གི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ། བརྗོད་བྱ་ནི། གོང་དུ་སྣང་སེལ་གཉིས་ཀྱི་དབྱེ་བས་རྒྱས་པར་བཤད་ཟིན་ལ། རྗོད་བྱེད་ལ་ངོ་བོའི་སྒོ་ནས་དབྱེ་ན། སོང་ཚོད་ཀྱི་རྗོད་བྱེད་དང༌། རློམ་ཚོད་ཀྱི་རྗོད་བྱེད་གཉིས་སོ། །བརྗོད་ཚུལ་གྱི་སྒོ་ནས་ཕྱེ་ན། ཆོས་བརྗོད་ཀྱི་སྒྲ་དང༌། ཆོས་ཅན་བརྗོད་པའི་སྒྲ་གཉིས་སོ། །བརྗོད་བྱའི་དོན་སྟོན་ཚུལ་གྱི་སྒོ་ནས་དབྱེ་ན། མིང༌། ཚིག ཡི་གེ་གསུམ་མོ། །དང་པོའི་མཚན་ཉིད། རང་གི་གདགས་གཞི་ཡི་གེ་དུ་མ་འདུས་པ་ལ་བཏགས་པའི་སྒྲ་སྤྱི་གསལ་བའོ། །དཔེ་ནི། བུམ་པ་ཞེས་བརྗོད་པའི་ཚེ་རྟོག་པ་ལ་མིང་དུ་སྣང་བའི་ལྡན་པ་མིན་པའི་འདུ་བྱེད་དོ། །གཉིས་པའི་མཚན་ཉིད་ནི། རང་གི་གདགས་གཞི་ཡི་གེ་དུ་མ་ལ་བཏགས་པའི་སྒྲ་རང་མཚན་དུ་རློམ་པའི་ཆའོ། །དཔེ་ནི། བུམ་པ་ཞེས་བརྗོད་པའི་སྒྲ་ཉན་ཤེས་ལ་དངོས་སུ་སྣང་བ་དེ་ཉིད་དོ། །བཤད་མ་ཐག་པའི་རྗོད་བྱེད་གཉིས་པོ་གང་རུང་ཡིན་ན་མིང་ཚིག་གང་རུང་ཡིན་དགོས་ཏེ། ཡི་གེ་ནི་སྒྲ་སྤྱི་ལ་འཇོག་པ་ཆོས་ཀྱི་གྲགས་པའི་དགོངས་པ་མིན་པའི་ཕྱིར་དང༌། ཇི་སྐད་དུ། ཡི་གེ་དོན་མེད་ཅན་འགྱུར་ཞིང༌། །ཞེས་པའི་ཡི་གེ་རེ་རེ་བས་བརྗོད་བྱའི་དོན་མི་སྟོན་པར་བཤད་པའི་ཕྱིར། འདི་ཡང་སྒྲ་དོན་གཉིས་སུ་ཕྱེ་བའི་དོན་མི་སྟོན་པ་ལ་དགོངས་པ་ཡིན་གྱི། བསྟན་བྱའི་དོན་ཅི་ཡང་མི་སྟོན་པ་ནི་མིན་ཏེ། རྒྱས་པར་འོག་ནས་འཆད་དོ། །དབྱེ་སྒོ་གཉིས་པ་ལ། རྣམ་གཞག་རྒྱས་པར་བཤད། ངོས་འཛིན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། བརྗོད་བྱ་ཆོས་དང༌། ཆོས་ཅན་གྱི་ཁྱད་པར་ངོས་བཟུང༌། རྗོད་བྱེད་སྒྲ་གཉིས་ཀྱི་སྦྱོར་ཚུལ་བཤད་པའོ། །དང་པོ་ལ། ཆོས་ཅན་ངོས་བཟུང་བ་དང༌། ཆོས་ངོས་བཟུང་བའོ། །དང་པོ་ལ་མིང་གི་རྣམ་གྲངས་ནི། རྫས་དང༌། ལོག་པ་དང་ཆོས་ཅན་ཞེས་བྱ་ལ། སྐབས་འགའ་ཞིག་ཏུ་བྱེ་བྲག་ཏུ་བཤད་པ་ཡང་ཡོད་ཅིང༌། དེ་ཐམས་ཅད་ཀྱང་རློམ་ཚོད་ཀྱི་དབང་དུ་བྱས་སོ། །སོང་ཚོད་ནི་གཞན་སེལ་དུ་ཁྱད་པར་མེད་དོ། །དེ་ཡང་བྱེ་བྲག་པའི་འདོད་པ་དང་བསྟུན་ནས་རྫས་དང༌། རང་ལུགས་དང་བསྟུན་ནས་ལོག་པ་དང༌། གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་ནི་ཆོས་ཅན་ནོ། །དེར་མ་ཟད་ཕྱི་རོལ་པའི་འདོད་པ་དང་མཐུན་པ་གསལ་བ་དང༌། རང་གི་འདོད་པ་དང་མཐུན་པ་རང་མཚན་དང༌། གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་ཁྱད་པར་གྱི་གཞི་ཞེས་བྱ་བ་རྣམས་ཡོད་ལ། དེ་དག་ནི་ཆོས་ཅན་ཁོ་ནའི་རྣམ་གྲངས་སོ། །བྱེ་བྲག་དང་གཞི་མཐུན་ནི་ཆོས་དང་ཆོས་ཅན་གཉིས་ཀ་ལ་འཇུག་སྟེ། རང་གཞན་གྱི་སྡེ་པ་གཉིས་ཀའི་ལུགས་སོ། །འདིར་རློམ་ཚོད་ཀྱི་ཆོས་ཅན་སོགས་ཡིན་ན། རྫས་དང་རང་མཚན་ཡིན་པས་ཁྱབ་པ་ནི་མིན་ཏེ། ནམ་མཁའ་དངོས་པོར་མེད་དོ་ཞེས་བརྗོད་པའི་ཚེ་ལྟ་བུའོ། །བྱེ་བྲག་པས་ནི་ཆོས་ཅན་རྫས་ཁོ་ན་དང༌། ཆོས་ཇི་སྙེད་པ་དངོས་པོར་འདོད་པ་ཡིན་ཏེ། ཇི་སྐད་དུ། ཀུན་ལ་རྫས་དང་དངོས་བརྗོད་པའི། །ཅེས་དང༌། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱི། །ཞེས་གསུང་བའང་འདོད་པ་དེ་དང་སྒོ་བསྟུན་པ་ཡིན་ནོ། །གཉིས་པ་ཆོས་ལ། མིང་གི་རྣམ་གྲངས་ནི། སྤྱི་དང༌། ལྡོག་པ་དང༌། ཆོས་ཞེས་བྱ་ལ། རེས་འགའ་གཞི་མཐུན་གྱི་སྒྲས་བསྟན་པ་ཡང་ཡོད་དོ། །སྤྱི་ནི། ཕྱི་ནང་གི་འདོད་པ་ཐུན་མོང་བ་ཡིན་ནོ། །གཙོ་ཆེར་བྱེ་བྲག་པ་ལ་གྲགས་སོ། །ལྡོག་པ་དང་གཞན་སེལ་ནི་རང་སྡེའི་ཐུན་མོང་མིན་པའི་འདོད་པའོ། །ཆོས་ནི། ཐུན་མོང་གི་འདོད་པའོ། །རང་ལུགས་ཀྱི་ཆོས་ནི་གཉིས་ཏེ། རྫས་དང་ལྡོག་པའོ། །རྫས་ཀྱི་ཆོས་ནི་འདིར་མི་བཟུང་སྟེ། འདིའི་སྐབས་ཀྱི་ཆོས་ཆོས་ཅན་གྱི་ནི་ལོག་ལྡོག་ཁོ་ན་ལ་འཇོག་པའི་ཕྱིར་རོ། །ལྡོག་ཆོས་ལའང་གཉིས་ཏེ། སྤྱི་དང་གཞི་མཐུན་ནོ། །དང་པོ་ནི། རྟག་པ་རྣམས་པར་བསལ་ཙམ་ལྟ་བུའོ། །གཉིས་པ་ནི། དེར་མ་ཟད་ཀ་བུམ་སོགས་ཀྱང་རྣམ་པར་བསལ་ཙམ་མོ། །གཞི་མཐུན་དེ་ལའང་གཉིས་ཏེ། རློམ་ཚོད་དང་སོང་ཚོད་དོ། །དང་པོ་ནི། བཤད་མ་ཐག་པའི་ལྡོག་པ་གཉིས་པོ་དེ་དང་ལྡན་པའི་སྒྲ་རང་མཚན་ལྟ་བུའོ། །དེ་ནི་ཆོས་ཅན་དང་ཁྱད་པར་གྱི་གཞིར་བཞག་པས་ཆོག་པ་ཡིན་ནོ། །གཉིས་པ་ནི། བཤད་མ་ཐག་པའི་ལྡོག་པ་གཉིས་པོ་དེ་ཉིད་ལ་བྱ་ཞིང༌། དེ་ནི་ཁྱད་པར་གྱི་ཆོས་ཁོ་ནར་བཞག་གོ །དེ་ལྟར་ན་ཆོས་ཅན་ལ་རྫས་ལྡོག་གཉིས་ཀ་སྲིད་ཀྱང་ཆོས་ནི་ལྡོག་ཆོས་ཁོ་ནའོ་ཞེས་བྱ་བ་འདི་ངེས་སོ། །འོ་ན་རློམ་ཚོད་ཀྱི་ཆོས་ཡོད་པ་མིན་ནམ་ཞེ་ན། དེ་ཡོད་མོད། དེ་འདྲ་དེ་ཆོས་ཅན་དང་དོན་གྱི་སྟེངས་ན་ཐ་དད་མེད་ཅིང༌། ལྡོག་པས་འབྱེད་པ་དེའི་ཚེ་ན་ནི་ལྡོག་པ་ཉིད་ཆོས་སུ་སོང་བ་ཡིན་ནོ། །དེ་ལྟར་བཤད་པ་ན་དོན་གཉིས་འབྱུང་སྟེ། དང་པོ་ནི། སྒྲ་མི་རྟག་ཅེས་བརྗོད་པའི་ཚེ་རྫས་སུ་གྱུར་པའི་མི་རྟག་པ་དེ་སྒྲ་ལ་ལྟོས་པའི་ཆོས་སུ་སྐབས་འདིར་མི་འཇོག་སྟེ། དེ་འདྲ་དེ་དེ་ལ། ལྟོས་པའི་ལྡོག་པ་མིན་པའི་ཕྱིར་ཏེ། སྒྲའི་རྫས་ཉིད་པའི་ཕྱིར། གཉིས་པ་ནི། བུམ་པའི་གཟུགས་དང༌། དྲི་ལ་སོགས་པ་སྐབས་འདིར་བུམ་པའི་ཆོས་སུ་མ་བཞག་སྟེ། དེ་དེའི་རྫས་ཡིན་པའི་ཕྱིར་ཏེ། དེའི་རྡུལ་རྫས་བརྒྱད་པོ་གང་རུང་ཡིན་པའི་ཕྱིར། དེའི་ཕྱིར། དེ་དང་དེ་བརྗོད་པའི་སྒྲ་རྣམས་དེ་ལ་བལྟོས་པའི་ཆོས་བརྗོད་ཀྱི་སྒྲར་ཡང་མི་འཆད་དོ། །དེ་ནས་ཆོས་དང་ཆོས་ཅན་གྱི་འབྲེལ་བ་བཤད་པར་བྱ་སྟེ། འདི་ལ་གཞན་སྡེའི་ལུགས་དང༌། རང་གི་ལུགས་སོ། །དང་པོ་ནི། འདིར་སྒྲ་གཉིས་ཀྱི་རྣམ་བཞག་འདོད་པའི་གཞན་སྡེ་ནི་བྱེ་བྲག་པ་དང་བརྡ་སྤྲོད་པའོ། །དང་པོས་ནི། ཆོས་དང་ཆོས་ཅན་གཉིས་ངོ་བོ་ཐ་དད་ཀྱང༌། འདུ་བའི་འབྲེལ་བས་སྦྲེལ་བར་འདོད་ལ། གཉིས་པས་ནི། སྒྲ་དོན་ལ་དངོས་པོའི་འབྲེལ་བ་གྲུབ་པར་འདོད་ཅིང༌། དེར་མ་ཟད་ཀྱི་འབྲེལ་བ་ཐམས་ཅད་དངོས་པོའི་དབང་གིས་གྲུབ་པར་འདོད་དོ། །རང་ལུགས་ལ། ཆོས་དང་ཆོས་ཅན་དུ་སྒྲས་བརྗོད་ཚུལ་དང༌། བློས་འཛིན་ཚུལ་ལ་གཉིས་ཏེ། འབྲེལ་བ་གྲུབ་པ་ལྟར། འབྲེལ་བའི་སྒྲས་བསྟན་པ་དང༌། འབྲེལ་བ་མེད་བཞིན་དུ་འབྲེལ་བའི་སྒྲས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེ་བྱུང་གི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བསྟན་པ་དང༌། བདག་གཅིག་གི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཁྱད་གཞིར་བཟུང་བ་ནི། མེ་ལས་བྱུང་བའི་དུ་བ་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་འབྲས་བུ་ཁྱད་གཞིར་བཟུང་བ་ནི། དུ་བའི་རྒྱུར་གྱུར་པའི་མེ་ཞེས་བརྗོད་པ་ལྟ་བུའོ། །བཤད་མ་ཐག་པ་དེ་གཉིས་ནི་སྐབས་འདིའི་སྒྲ་གཉིས་ཀྱི་བརྗོད་ཚུལ་དུ་མི་རུང་སྟེ། དེ་གཉིས་ཀྱི་ཞེན་པའི་བརྗོད་བྱ་རྫས་ཐ་དད་པའི་ཕྱིར། གཉིས་པ་བདག་གཅིག་འབྲེལ་བ་རྒྱུ་མཚན་དུ་བྱས་པ་ལ་གཉིས་ཏེ། དང་པོ་བྱེ་བྲག་ཁྱད་གཞིར་བཟུང་བ་ནི་སྒྲའི་མི་རྟག་ཅེས་བརྗོད་པ་ལྟ་བུ་སྟེ་སྐབས་འདིར་བཤད་པ་ནི་འདི་ལྟ་བུ་ཁོ་ནར་ངེས་སོ། །གཉིས་པ་སྤྱི་ཁྱད་གཞིར་བཟུང་བ་ནི། མི་རྟག་པའི་སྒྲ་ཞེས་བརྗོད་པ་ལྟ་བུའོ། །དེ་འདྲ་དེ་ནི་སྐབས་འདིའི་ཆོས་བརྗོད་ཀྱི་སྒྲར་མི་རུང་སྟེ། མི་རྟག་པ་དེ་སྒྲས་མི་ལྡན་རྣམ་དཔྱོད་ཀྱི་ཁྱད་པར་དུ་བྱས་པ་མིན་པའི་ཕྱིར། གཉིས་པ་འབྲེལ་མེད་ལ་འབྲེལ་བའི་སྒྲས་བརྗོད་པ་ནི་ལྷ་སྦྱིན་གྱི་ཞིང་དང་ཁང་པ་ཞེས་བརྗོད་པ་དང༌། རྒྱལ་པོའི་མི་ཞེས་བརྗོད་པ་ལྟ་བུའོ། །དེ་འདྲ་དེ་ཡང་སྐབས་འདིའི་སྒྲའི་བརྗོད་ཚུལ་དུ་མི་རུང་སྟེ། ཞེན་པའི་བརྗོད་བྱ་རྫས་ཐ་དད་པའི་ཕྱིར། དེ་བས་ན་ཆོས་ཆོས་ཅན་གྱི་འབྲེལ་བ་ནི་བདག་གཅིག་པ་ཁོ་ནའོ། །དེ་ཆོས་ཅན་ཆོས་ལ་ཡིན་གྱི། ཆོས་ཆོས་ཅན་ལ་ཡིན་པའི་ངེས་པ་མེད་དེ། མི་རྟག་པ་དེ་སྒྲ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པའི་ཕྱིར། གཉིས་པ་རྗོད་བྱེད་སྒྲ་གཉིས་ཀྱི་ཁྱད་པར་ལ། སྒྲའི་བརྗོད་ཚུལ་ནི་གཉིས་སུ་གྲངས་ངེས་ཏེ། རྫས་བརྗོད་པ་དང་ལྡོག་པ་བརྗོད་པའོ། །དེ་གཉིས་ཀྱང་བརྗོད་འདོད་ཀྱི་དབྱེ་བ་ཡིན་གྱི། བརྗོད་བྱའི་སྒོ་ནས་ནི་མིན་ཏེ། བརྗོད་བྱའི་དོན་གཅིག་ཉིད་ལ་བརྗོད་འདོད་ཀྱིས་སོ་སོར་བཏགས་པའི་ཕྱིར། དང་པོ་རྫས་བརྗོད་པ་ལ་ཡང་གཉིས་ཏེ། ལྡོག་པ་དང་འབྲེལ་བར་བརྗོད་པ་དང༌། མ་སྦྲེལ་བར་རྫས་རྐྱང་པའོ། །དང་པོ་ནི། བུམ་པ་མི་རྟག་ཅེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཞེས་བརྗོད་པ་ལྟ་བུའོ། །འདི་གཉིས་ཀ་ཡང་ཆོས་ཅན་བརྗོད་པའི་སྒྲ་ཡིན་པ་ལ་ཁྱད་པར་མེད་དེ། གཉིས་ཀས་རང་གི་ཞེ་འདོད་ཀྱི་ཆོས་ཅན་སྒྲ་ཟིན་ལ་བརྗོད་ཅིང༌། ཆོས་ཅན་དེའི་སྟེང་དུ་ཁྱད་པར་གྱི་ཆོས་གཞན་མི་སྤོང་བའི་ཚུལ་གྱི་བརྗོད་པའི་ཕྱིར། འོ་ན་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། གཞི་མཐུན་བརྗོད་པའི་སྒྲ་ཡིན་མིན་གྱི་ཁྱད་པར་ཡོད་དོ། །གལ་ཏེ་གཞི་མཐུན་བརྗོད་པའི་སྒྲ་ཡིན་ན་ལྡོག་པ་བརྗོད་པར་འགྱུར་ལ། དེ་ལྟ་ན་ཆོས་བརྗོད་པའི་སྒྲར་འགྱུར་རོ་སྙམ་ན་ཆོས་ཆོས་ཅན་སོ་སོར་འབྱེད་པའི་ཚུལ་འདི་ལྟར་ཁྱད་པར་མེད་པ་དེ་ལྟ་མོད་ཀྱི། དེའི་ཚེ་མི་རྟག་པ་ཞེས་བརྗོད་པའི་སྒྲ་དེ་བུམ་པ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་དང༌། བུམ་པ་ཞེས་བརྗོད་པའི་སྒྲ་དེ་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཏེ། དེ་དུས་ཀྱི་སོང་ཚོད་ཀྱི་མི་རྟག་པ་དེ་ཆོས་ཅན་བུམ་པ་ལ་ལྟོས་པའི་ལྡོག་ཆོས་ཡིན་པའི་ཕྱིར། གཉིས་པ་ལྡོག་པ་བརྗོད་པའི་ཚུལ་ལའང་གཉིས་ཏེ། ཆོས་ཅན་དང་སྦྲེལ་ནས་བརྗོད་པ་དང༌། མ་སྦྲེལ་བར་ལྡོག་པ་རྐྱང་པ་བརྗོད་པའོ། །དང་པོ་ནི། བུམ་པའི་མི་རྟག་པ་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཉིད་ཅེས་བརྗོད་པའི་སྒྲ་ལྟ་བུའོ། །དེ་གཉིས་ཀ་ཡང་ཆོས་བརྗོད་ཀྱི་སྒྲ་ཡིན་པ་ལ་ཁྱད་པར་མེད་དེ། རང་གི་ཞེ་འདོད་ཀྱི་ལྡོག་ཆོས་ཚིག་ཟིན་པ་བརྗོད་ཅིང༌། ལྡོག་པའི་ཁྱད་པར་གཞན་སྤོང་བའི་ཚུལ་གྱིས་བརྗོད་པའི་ཕྱིར། འདིར་ཡང་ཁྱད་པར་ནི་སྤྱི་རྐྱང་བརྗོད་པ་དང༌། གཞི་མཐུན་བརྗོད་པའི་ཁྱད་པར་ཡོད་དོ། །འོ་ན་གཞི་མཐུན་བརྗོད་པའི་སྒྲ་ཡིན་ན་བྱེ་བྲག་བརྗོད་དགོས་ལ། དེ་ལྟ་ན་ཆོས་ཅན་བརྗོད་པའི་སྒྲར་འགྱུར་རོ་སྙམ་ན། དེའི་ཆོས་དང་ཆོས་ཅན་གྱི་ལྡོག་ཆ་སོ་སོར་འབྱེད་དགོས་པའི་ཚུལ་ནི། དེ་ལྟ་མོད་ཀྱི་དེའི་ཚེ་ན། མི་རྟག་པ་ཆོས་དང་བུམ་པ་ཆོས་ཅན་དུ་འགྱུར་ཚུལ་ནི་སྔ་མ་བཞིན་ནོ། །འོ་ན་བུམ་ཉིད་ཅེས་པ་སུའི་ཆོས་ཞེ་ན། གསེར་བུམ་ལྟ་བུ་རང་གི་ཆོས་ཅན་ཡིན་ངོ་ཤེས་པ་རྣམས་ཀྱིའོ། །འདིར་ནི་ཆོས་དངོས་སུ་བརྗོད་པས་ཆོས་ཅན་ཤུགས་ལ་གོ་ནུས་པ་ཡིན་ཏེ། ཇི་སྐད་དུ། གནས་དང་བཏགས་དང་བརྗོད་དུ་མེད། །ཅེས་སོགས་ཀྱི་སྐབས་ནས་འབྱུང་བ་བཞིན་ནོ། །ཡང་ཆོས་ཅན་དངོས་སུ་བརྗོད་པས་ཆོས་ཤུགས་ལ་གོ་བ་ཡང་ཡོད་དེ། བུམ་པ་ཞེས་བརྗོད་པའི་ཚེ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་གོ་ནུས་པ་དང༌། ཆོས་ཅན་བདེན་བཞི་དངོས་སུ་བརྗོད་པ་ཆོས་དམིགས་རྣམ་ཤུགས་ལ་གོ་བ་བཞིན་ནོ། །འོ་ན་སྒྲ་མི་རྟག་ཅེས་བརྗོད་པའི་ཚེ། དེ་གཉིས་ཆོས་ཆོས་ཅན་དུ་སྦྱོར་བ་མི་འཐད་དེ། དྲུག་པའི་སྒྲས་ཐ་དད་དུ་ཕྱེ་ནས་སྦྲེལ་བ་མེད་པའི་ཕྱིར་སྙམ་ན། དེ་ལྟར་དངོས་སུ་མ་བརྗོད་ཀྱང་དོན་གྱི་གོ་བ་ཡིན་ཏེ། ཇི་སྐད་དུ། བརྡ་སྤྲོད་པའི་གཞུང་ལས། འབྲེལ་བ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་ཡང༌། །འོན་ཀྱང་དེ་ནི་རྣམ་དབྱེ་ལས། །དོན་གྱིས་ཐོབ་པར་བྱས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་ཚུལ་ཡང་ཇི་སྐད་དུ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །ཞེས་པ་ལྟ་བུ་ལ་དྲུག་པའི་སྒྲ་དངོས་སུ་མེད་ཀྱང་གཟུགས་སོགས་ཁྱད་གཞི་དང༌། འདུ་འགོད་དང་བྲལ་བ་ཁྱད་ཆོས་སུ་སྦྱར་དགོས་པར་སློབ་དཔོན་སེང་གེ་བཟང་པོས། རིགས་པ་མཁྱེན་པའི་ལུང་དྲངས་ནས་བཤད་པ་ལས་ཤེས་སོ། །འོ་ན་མི་རྟག་པ་ནི་སྒྲའི་སྤྱི་ཡིན་ནོ་ཞེས་བརྗོད་པའི་ཚེ། མི་རྟག་པ་ཁྱད་གཞི་དང་ཆོས་ཅན་དུ་འཇོག་པ་ཡིན་ནམ་ཞེ་ན་མིན་ཏེ། དེའི་ཚེ་ན་དེ་དེའི་སྤྱི་དང་ལྡོག་པ་ཡིན་པར་ཚིག་ཟིན་ལ་བརྗོད་པའི་ཕྱིར། དེ་བཞིན་དུ་སྐབས་འགར། མི་རྟག་པའི་སྒྲ་ཞེས་བརྗོད་པའི་ཚེ་ཡང་སྒྲ་ཁྱད་གཞི་དང་མི་རྟག་པ་ཁྱད་ཆོས་སྦྱར་དགོས་པ་ཡིན་ཏེ། དེའི་ཚེ་ན་སྒྲའི་སྟེང་དུ་རྟག་པ་སེལ་བར་འདོད་ནས་མི་རྟག་པའི་སྒྲ་ཞེས་བརྗོད་པའི་ཕྱིར། འོ་ན་མི་རྟག་པ་ལ་སྒྲ་སྲིད་དོ་ཞེས་བརྗོད་པའི་ཚེ་མི་རྟག་པ་ཁྱད་གཞི་དང་སྒྲ་ཁྱད་ཆོས་སུ་འགྱུར་དགོས་ཏེ། དེའི་ཚེ་མི་སྲིད་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་སྙམ་ན། དེའི་ཚེ་ན་ཡང་མི་རྟག་པ་ཙམ་ཁྱད་གཞིར་སོང་བ་མ་ཡིན་ཏེ། གང་ལ་སྒྲ་ཁྱད་ཆོས་སུ་སྲིད་པའི་མི་རྟག་པའི་ཁྱད་པར་འགའ་ཞིག་ཁྱད་གཞིར་སོང་བའི་ཕྱིར། དཔེར་ན། མཚོ་སྐྱེས་ལ་སྔོན་པོ་སྲིད་དོ་ཞེས་བརྗོད་པའི་ཚེ། མཚོ་སྐྱེས་ཀྱི་ཁྱད་པར་འགའ་ཞིག་ཆོས་ཅན་དུ་སོང་བ་བཞིན་ནོ། །ཡང་ན་ནི་མི་སྲིད་རྣམ་གཅོད་ལ་སྐབས་འདིའི་ཆོས་དང་ཆོས་ཅན་གྱི་རྣམ་བཞག་མི་འཇོག་སྟེ། དེ་ནི་བྱ་བ་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་ཡིན་ལ། ཆོས་ཆོས་ཅན་ལ་ནི་ཁྱད་པར་རམ་ཁྱད་པར་ཅན་དང་ངེས་བཟུང་ལྷན་ཅིག་ཏུ་སྦྱོར་དགོས་པའི་ཕྱིར་རོ། །གཉིས་པ་ངོས་འཛིན་བསྡུས་ཏེ་བསྟན་པ་ནི། ལྡོག་པ་བརྗོད་པའི་སྒྲ་གང་ཞིག རང་གི་ཆོས་ཅན་བརྗོད་བྱར་མི་སྤོང་ཞིང༌། །ཆོས་ཅན་དེའི་ལྡོག་པའི་ཁྱད་པར་གཞན་སྤོང་བའི་སྒྲ་དེ་ཆོས་བརྗོད་ཀྱི་སྒྲའི་མཚན་ཉིད། དཔེ་ན་སྒྲའི་མི་རྟག་པ་ཞེས་སམ། མི་རྟག་པ་ཉིད་ཅེས་བརྗོད་པ་ལྟ་བུའོ། །ལོག་པ་བརྗོད་པའི་སྒྲ་གང་ཞིག རང་གི་ལྡོག་པའི་ཁྱད་པར་གཞན་ཐམས་ཅད་བརྗོད་བྱར་མི་སྤོང་བ་དེ་ཆོས་ཅན་བརྗོད་པའི་སྒྲའི་མཚན་ཉིད། དཔེར་ན། སྒྲ་མི་རྟག་ཅེས་སམ། མི་རྟག་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། །འདིར་བརྗོད་བྱར་མི་སྤོང་བའི་ཚུལ་ལ་གཉིས་ཏེ། ཚིག་ཟིན་ལ་བརྗོད་པའམ། མ་བརྗོད་ཀྱང་དོན་གྱི་འཕེན་པའོ། །དང་པོ་ནི། བུམ་པ་མི་རྟག་པ་ཞེས་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ཞེས་བརྗོད་པའི་ཚེ། ཆུ་སྐྱོར་བ་ལ་སོགས་པ་ལྡོག་པའི་ཁྱད་པར་རྣམས་མ་བརྗོད་ཀྱང་དོན་གྱིས་བློ་ཡུལ་དུ་འཕེན་པའོ། །འོ་ན་ཇི་སྐད་དུ། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། ཞེས་དང༌། དོན་གཅིག་བརྗོད་ཀྱང༌། ཞེས་གསུངས་པས། སྒྲ་གཉིས་ཀས་བརྗོད་བྱའི་དོན་གཉིས་ཀ་བརྗོད་དགོས་པ་མིན་ནམ་ཞེ་ན། དེ་ནི་མིན་ཏེ། རྗོད་བྱེད་ཀྱི་སྒྲ་སེལ་བས་འཇུག་པའི་ཕྱིར། དེ་ལྟ་ན་ཡང་གཞུང་དེའི་དོན་ནི། སོར་མོའི་ལྡན་པ་ཞེས་དང༌། སོར་མོ་ལྡན་འགྱུར་ཞེས་པའི་ཚིག་གཉིས་ཀྱི་བརྗོད་བྱ་རྫས་ཐ་དད་པའི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་སྒྲ་གཉིས་སུ་བཞག་པ་མིན་གྱི། བརྗོད་ཚུལ་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་ཡོད་པས་སྒྲ་གཉིས་སུ་བཞག་ཅེས་པའི་དོན་དང༌། དེ་བཞིན་དུ། བ་ལང་ཞེས་བརྗོད་པའི་སྒྲ་དང༌། བ་ལང་ཉིད་ཅེས་པའི་སྒྲ་གཉིས་དང༌། བ་ལང་གི་བ་ལང་ཞེས་བརྗོད་པའི་ཚེ། སྒྲ་དེ་གཉིས་ཀྱི་བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་མེད་ཀྱང༌། བརྗོད་ཚུལ་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་རྣམ་དབྱེ་ཡོད་པས་སྒྲ་གཉིས་སུ་བཞག་ཅེས་པའི་དོན་ཡིན་ནོ། །དེ་ལས་གཞན་དུ། སྒྲ་གཉིས་ཀས་དོན་གཉིས་ཀ་བརྗོད་པར་ཁས་ལེན་ན། བུམ་པ་ཞེས་བརྗོད་པའི་སྒྲས་མི་རྟག་པ་བརྗོད་པར་ཐལ་བ་དང༌། མི་རྟག་པ་ཞེས་བརྗོད་པའི་སྒྲས་ཀྱང་བུམ་པ་བརྗོད་པར་ཐལ་ལོ། །དེ་ལྟར་རང་གི་ལུགས་རྒྱས་པར་བཤད་ཟིན་ནས་གཞན་གྱི་ལུགས་ཅུང་ཟད་བཀག་ན། བོད་ཕྱི་རབས་པ་དག རང་གི་བརྗོད་བྱའི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་མཉན་བྱ་དེ། སྒྲ་གཉིས་ཀྱི་ཁྱད་པར་དུ་འཇོག་པ་དང༌། བུམ་པ་བུམ་པའི་ལྡོག་པར་ཁས་ལེན་པ་ནི་མ་ཤེས་པ་ཡིན་ཏེ། འདི་ལྟར། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་པར་ཐལ། བུམ་པའི་ལྡོག་པ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཡང་བུམ་པའི་གཟུགས་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པ་ལ་བལྟོས་པའི་ཆོས་བརྗོད་ཀྱི་སྒྲར་ཐལ། དེ་ལ་བལྟོས་པའི་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར་ཏེ། དེའི་དྲི་བརྗོད་བྱར་སྤོང་བའི་ཕྱིར། ཡང་བ་ལང་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲར་ཐལ། རང་གི་བརྗོད་བྱའི་ཁྱད་པར་གཞན་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེ་ཡིན་ཏེ། བ་ལང་ཚིག་ཟིན་ལ་བརྗོད་པའི་སྒྲ་གང་ཞིག བ་ལང་གི་ཁྱད་པར་རྡུལ་རྫས་བརྒྱད་པོ་བརྗོད་བྱར་སྤོང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བ་ལང་ཞེས་དང་བ་ལང་ཉིད་ཅེས་པའི་སྒྲ་གཉིས་ཀྱི་མཚན་གཞི་སོ་སོར་འཛིན་དགོས་པའི་ཕྱིར་རོ། །ཡང་ལྷ་སྦྱིན་གྱི་རིལ་བ་ཞེས་བརྗོད་པ་དང༌། རྒྱལ་པོའི་ཤིང་རྟ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲར་ཐལ། མཚན་ཉིད་དེ་རྗེས་སུ་ཞུགས་པའི་ཕྱིར། འདོད་པར་མི་ནུས་ཏེ། རང་གི་བརྗོད་བྱའི་དོན་གྱི་ཁྱད་པར་གཞི་དང་ཁྱད་ཆོས་སུ་རློམ་ཚོད་དེ་གཉིས་རྫས་ཐ་དད་པའི་ཕྱིར་རོ། །འདི་ལ་དར་ཊཱིཀ་མཛད་པ་ན་རེ། སྒྲ་མི་རྟག་ཅེས་བརྗོད་པའི་ཚེ། སྒྲ་ཁྱད་གཞི་དང་མི་རྟག་པ་ཁྱད་ཆོས། སྒྲའི་མི་རྟག་པ་ཞེས་བརྗོད་པའི་ཚེ་མི་རྟག་པ་ཁྱད་གཞི་དང༌། སྒྲ་ཁྱད་ཆོས་སུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དེ་སྤྱི་ཡན་ལག་ཏུ་བྱ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བརྗོད་པ་དེའི་ཚེ་སྒྲ་ཞེས་བརྗོད་པའི་ཚིག་སྔ་ཕྱི་གཉིས་ཀས་སྒྲའི་ལྡོག་པ་གཅིག་པུ་བརྗོད་པ་ལ་ཁྱད་པར་མེད་ཀྱང་ཆོས་ཅན་སོ་སོར་དབྱེ་དགོས་ཏེ། ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། ཁྱད་གཞི་མི་རྟག་པའི་སྟེང་དུ་སྒྲའི་ཆོས་མིན་པ་གཞན་སྤོང་མི་སྤོང་གི་ཁྱད་པར་ཡོད་པའི་ཕྱིར། དེས་ན་སྒྲའམ་མི་རྟག་པ་ཞེས་བརྗོད་པའི་ཚེ་མི་རྟག་པ་ཁྱད་ཆོས་སུ་འཆད་པ་གཞུང་ལུགས་ཆེན་པོ་གང་གི་ཡང་དོན་མི་རྟོགས་པར་གསལ་ལོ་ཞེས་ཟེར། འདི་མི་འཐད་པ་ལ། ལུང་དང་འགལ་བ། རིགས་པ་དང་འགལ་བ། ཁས་བླངས་ནང་འགལ་བ། ཤེས་བྱེད་དུ་དྲངས་པའི་ལུང་དེ་གནོད་བྱེད་དུ་སོང་བ། བཤད་པའི་གཞི་དང༌། ཁྱད་པར་གྱི་གཞི་མ་ཕྱེད་པའི་ཉེས་པའོ། །དང་པོ་ནི། འོ་ན་ཇི་སྐད་དུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་བརྟེན་ཅན། ཞེས་བརྗོད་པའི་ཚེ་མི་རྟག་ལ་སོགས་ཁྱད་གཞི་དང་བདེན་པ་བཞི་པོ་ཁྱད་ཆོས་སུ་འཇོག་རིགས་པར་འགྱུར་ཏེ། སྒྲའི་མི་རྟག་པ་ཞེས་བརྗོད་པའི་མི་རྟག་པ་ཁྱད་གཞི་དང༌། སྒྲ་ཁྱད་ཆོས་སུ་བཞག་དགོས་པའི་ཕྱིར། འདོད་ན་དེའི་ཚེ་བདེན་པ་བཞི་པོ་ཆོས་ཅན་མིན་པར་ཐལ་བའི་སྐྱོན་ཡོད་དོ། །དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་གི་བདེན་པ་སོགས་དང༌། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དང༌། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་སོགས་ལ་ཡང་ཧ་ཅང་ཐལ་བར་འགྱུར་ཞིང༌། བ་ལང་གི་རྭ་དང༌། ནོག་ལྐོག་ཤལ་ལ་སོགས་པ་རྣམས་བ་ལང་གི་ཁྱད་གཞིར་ཁས་ལེན་དགོས་པར་འགྱུར་ཞིང༌། སྒོམ་ལམ་གྱི་ཁྱད་པར་འཕགས་ཆོས་རྣམས་ཀྱང༌། སྒོམ་ལམ་གྱི་ཁྱད་གཞིར་ཁས་ལེན་དགོས་པ་སོགས་ཆོས་དང་ཆོས་ཅན་གྱི་རྣམ་བཞག་ཐམས་ཅད་འཆོལ་བར་འགྱུར་རོ། །དེ་སྐད་དུ་ཡང༌། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་ཀྱི་སྔ་འགྲེལ་དང༌། ངེས་འབྱེད་ཡན་ལག་ཅེས་སོགས་ཀྱི་སྔ་འགྲེལ་དང༌། ཇི་སྐད་དུ། ཁྱད་པར་དང་ནི་ཁྱད་པར་ཅན། །ཞེས་སོགས་ཀྱི་ལུང་དང་འགལ་བས་སོ། །གཉིས་པ་རིགས་པས་མི་འཐད་པ་ནི། འོ་ན། བ་ལང་གི་བ་ལང་ཉིད་ཅེས་བརྗོད་པ་དང༌། བ་ལང་གི་རྟ་མིན་པ་ཉིད་ཅེས་བརྗོད་པའི་ཚེ། རྟ་མིན་པ་དེ་ཁྱད་གཞི་དང༌། བ་ལང་ཁྱད་ཆོས་སུ་འགྱུར་ལ། དེ་ལྟ་ན་ནི་དངོས་པོར་སྨྲ་བའི་སྐབས་འདིར། ལོག་ལྡོག་དང་ཆོས་ཆོས་ཅན། ཁྱད་གཞི་ཁྱད་ཆོས་རྣམས་དང༌། རྫས་དང་དངོས་པོ་ཐམས་ཅད་འཆོལ་བར་འགྱུར་ཏེ། གཞན་སེལ་ལ་ཆོས་ཅན་དུ་བྱས། རྫས་ལ་ཆོས་སུ་བཞག་པའི་ཕྱིར། དེ་ཁོ་ན་མ་ཟད་ཀྱི་བུམ་པའི་གྲངས་ཞེས་བརྗོད་པའི་ཚེ་བུམ་པ་ཁྱད་ཆོས་སུ་འགྱུར་ལ། དེ་ལྟ་ན་ནི་བུམ་པ་ཡན་ལག་ཅན་མིན་པར་འགྱུར་ཏེ། དེའི་ཆོས་ཅན་མིན་པའི་ཕྱིར། ཡང་བུམ་པའི་སྤྱི་དང་བུམ་པའི་བྱེ་བྲག་ཅེས་བརྗོད་པའི་ཚེ། སྤྱི་དང་བྱེ་བྲག་གཉིས་ཆོས་ཅན་དང༌། བུམ་པ་ཆོས་སུ་འགྱུར་ལ། དེ་ལྟར་ན་རང་མཚན་རྣམས་ཁྱད་པར་གཞན་སྤོང་དང༌། གཞན་སེལ་རྣམས་ཁྱད་པར་གཞན་མི་སྤོང་བའི་དོན་དུ་ཁས་བླངས་པས་ཧ་ཅང་ཐལ་ལོ། །གཞན་ཡང་སྒྲ་ཞེས་བརྗོད་པའི་སྒྲ་དེ་མི་རྟག་པའི་སྟེང་དུ་སྒྲ་མིན་སེལ་བར་ཐལ། དེ་ལ་བལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན་མི་རྟག་པ་ཆོས་ཅན་སྒྲ་ཡིན་པར་ཐལ། ཁྱོད་ཀྱི་སྟེང་དུ་སྒྲ་མིན་སེལ་ནུས་པའི་སྒྲ་རྟོག་དོན་མཐུན་དམིགས་པའི་ཕྱིར། གསུམ་པ་ཁས་བླངས་དང་འགལ་བ་ནི། འོ་ན་སྒྲ་མི་རྟག་ཅེས་བརྗོད་པའི་དུས་ཀྱི་སྒྲ་དེ་ཆོས་ཅན། ཁྱོད་མི་རྟག་པའི་ཆོས་དང༌། མི་རྟག་པ་ཁྱོད་ཀྱི་ཆོས་ཅན་དུ་ཐལ། ཁྱོད་སྒྲའི་མི་རྟག་པ་ཞེས་བརྗོད་པའི་དུས་ཀྱི་སྒྲ་དེ་དང་ལྡོག་པ་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། ཡང་སྒྲའི་མི་རྟག་པ་ཞེས་བརྗོད་པའི་དུས་ཀྱི་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ལ་ལྟོས་པའི་ཆོས་དང༌། སྒྲ་དེ་ཁྱོད་ལ་བལྟོས་པའི་ཆོས་ཅན་དུ་ཐལ། ཁྱོད་སྒྲ་མི་རྟག་ཞེས་བརྗོད་པའི་དུས་ཀྱི་མི་རྟག་པ་དང་ལྡོག་པ་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་སྒྲའི་མི་རྟག་པ་དང་སྒྲ་མི་རྟག་པ་གཉིས་ལྡོག་པ་གཅིག་ཏུ་ཐལ། དེ་བརྗོད་པའི་སྒྲ་གཉིས་པོ་ལྡོག་པ་གཅིག་བརྗོད་པའི་སྒྲ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །བཞི་པ་ནི། དེ་སྤྱི་ཡན་ལག་ཏུ་བྱ་སྟེ། ཞེས་པའི་གཞུང་དེས། ཚོགས་སྤྱི་བུམ་པ་དེ་བུམ་པའི་རྡུལ་རྫས་བརྒྱད་པོའི་ཡན་ལག་དང༌། བརྒྱད་པོ་དེའི་ཡན་ལག་ཅན་དུ་བསྟན་ན། ཁྱེད་ཀྱི་འདོད་པ་དེའི་ཤེས་བྱེད་དུ་འགྲོར་ཆུག་ཀྱང༌། དེས་དེ་ལྟར་བསྟན་པ་མིན་ཏེ། གཞུང་དེའི་གོང་འོག་གི་འཕྲོས་ཐམས་ཅད་ལ་ཚོགས་སྤྱི་བུམ་པ་དེ་ཡན་ལག་ཅན་དང༌། དེའི་རྡུལ་རྫས་བརྒྱད་པོ་ཡན་ལག་ཏུ་བཤད་པ་ཤ་སྟག་ཏུ་སྣང་བའི་ཕྱིར། ལུང་དེ་ནི་ཁྱེད་ལ་སྒྲུབ་བྱེད་མིན་པར་མ་ཟད། གནོད་བྱེད་ཁོ་ན་ཡིན་ཏེ། དེ་ཡང་འདི་ལྟར། དངོས་པོ་བརྗོད་པའི་སྒྲ་རྣམས་ཀྱི། ཞེས་པར། བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་དེ། བུམ་པ་ལ་བལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་པར་བཤད་པ་ལ་འཕྲོས་ནས། འོ་ན་བུམ་པའི་གཟུགས་ཞེས་བརྗོད་པའི་སྒྲ་དེ། དེ་ལ་བལྟོས་པའི་དེ་ཡིན་ནམ་སྙམ་པ་ལ། དེ་མིན་ཏེ། བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པའི་གཟུགས་བརྗོད་བྱར་སྤོང༌། དེས་ཀྱང༌། གཅིག་ཤོས་བརྗོད་བྱར་སྤོང་བའི་ཕྱིར་ཞེས་སྟོན་པ་ལ་གཟུགས་སོགས་ནུས་པའི་ཁྱད་པར་ནི། ཞེས་སོགས་གསུངས། འོ་ན་བུམ་པའི་གཟུགས་ཞེས་དྲུག་པའི་སྒྲ་སྦྱོར་བ་མི་འཐད་དོ་སྙམ་པ་ལ་བུམ་པའི་གཟུགས་དེ་ཚོགས་སྤྱི་བུམ་པའི་ཡན་ལག་ཏུ་བྱས་ཏེ་བུམ་པའི་ཞེས་དྲུག་པའི་སྒྲས་ཐ་དད་དུ་བསྟན་པ་ཆོས་ཅན་དགོས་པ་ཡོད་དེ། བུམ་པའི་གདགས་གཞིར་གྱུར་པའི་རྡུལ་རྫས་བརྒྱད་པོའི་སྟེང་ན་གཟུགས་འཛིན་མིག་ཤེས་སྐྱེད་པའི་ནུས་པ་ཡོད་པས་དེ་ཁྱད་པར་དུ་གོ་བའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན་རྒྱུ་མཚན་ཡོད་དེ། བུམ་པ་དེ་རང་གི་གདགས་གཞི་རྡུལ་རྫས་བརྒྱད་པོའི་འབྲས་བུ་ཡིན་པའི་རྒྱུ་མཚན་ལ་བལྟོས་པའི་ཕྱིར། ཞེས་འཆད་པ་ནི། དེ་སྤྱི་ཡན་ལག་ཏུ། ཞེས་དང༌། འབྲས་བུའི། ཞེས་དང༌། དེ་ནུས་ཁྱད་པར། ཞེས་པ་རྣམས་སོ། །དེ་ལས་གཞན་དུ་ཁྱོད་ལྟར་ན་བུམ་པའི་གཟུགས་ཞེས་བརྗོད་པའི་ཚེ་ན། བུམ་པ་དང་དེའི་གཟུགས་གཉིས་ཆོས་ཆོས་ཅན་དུ་ཐལ་བར་འགྱུར་ཏེ། དེ་སྤྱི་ཡན་ལག ཞེས་པའི་གཞུང་དེ་སྒྲ་གཉིས་ཀྱི་ཁྱད་པར་འཆད་པའི་ལུང་ཁུངས་སུ་ཁྱོད་ཀྱིས་དྲངས་པས་སོ། །ལྔ་པ་ནི། ཐོག་མར་མི་རྟག་པ་ཞེས་བརྗོད་ནས། སུའི་མི་རྟག་པ་སྙམ་པ་ལ་སྒྲའི་འོ་སྙམ་པའི་བློ་སྐྱེ་བ་དེ་ཙམ་གྱིས། མི་རྟག་པ་ཁྱད་གཞིར་འཇོག་ན་བཤད་པའི་གཞི་ཐམས་ཅད་ཁྱད་གཞིར་ཧ་ཅང་ཐལ་བར་འགྱུར་ཏེ། འདི་ལྟར་ངེས་བརྗོད་མཛད་པ་དེ་ཚུལ་གསུམ་གྱི་ཁྱད་གཞི་དང༌། སྐོར་བར་མཛད་པ་ཆོས་འཁོར་གྱི་ཁྱད་གཞིར་ཐལ་བ་དང༌། ཟོས་པ་དེ་ཟན་གྱི་ཁྱད་གཞི་དང༌། འཐུངས་པ་དེ་སྐོམ་གྱི་ཁྱད་གཞིར་ཐལ་བས་སོ། །ཐལ་བ་དེ་ལྟར་ཁས་ལེན་ནོ་ཞེ་ན། དེ་ནི་བཟློག་ནས་ཁས་ལེན་དགོས་པ་ཡིན་ཏེ། འདི་ལྟར། ཟན་ཆོས་ཅན་ཟོས་པ་དེ་ཁྱོད་ཀྱི་ཆོས་དང༌། ཁྱོད་དེའི་ཆོས་ཅན་ཡིན་ཏེ། སྒྲ་རྟོག་དོན་མཐུན་གྱིས་ཁྱོད་ཀྱི་སྟེང་དུ་མ་ཟོས་པ་རྣམ་པར་སེལ་བའི་ཕྱིར། གཞན་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཆོས་ཅན་སྒྲའི་མི་རྟག་པ་ཡིན་ནོ་སྙམ་པའི་བློ་སྐྱེ་བ་ཉིད་ཀྱིས་སྒྲ་མི་རྟག་པའི་ཁྱད་གཞིར་གྲུབ་པ་ཡིན་ཏེ། དེ་དེའི་རྟེན་དུ་བཟུང་བའི་ཕྱིར་གང་ཡང་ཁྱེད་ཀྱིས་མཆིག་གུའི་ལུས་དང་སྒྲ་གཅན་གྱི་མགོ་བོ་ཞེས་བརྗོད་པ་སྒྲ་གཉིས་ཀྱི་དཔེར་བརྗོད་དུ་བཞག་པ་དེ་ནི་ཆོས་ཤིན་ཏུ་ནོར་བ་ཡིན་ཏེ། མཆིག་དང་མཆིག་གུ་ཞེས་པ་ནི་གཏུན་དང་གཏུན་བུ་ལ་ཟེར་བ་ཡིན་ལ། དེ་གཉིས་ནི་རྫས་ཐ་དད་པ་ཁོ་ནར་ངེས་པའི་ཕྱིར་སྐབས་འདིའི་ཆོས་ཆོས་ཅན་དུ་ཇི་ལྟར་རུང༌། སྒྲ་གཅན་དང་དེའི་མགོ་བོ་ནི་ཚོགས་པ་ཡིན་པའི་ཕྱིར། ཆོས་དང་ཆོས་ཅན་དུ་ཇི་ལྟར་རུང༌། དེ་ལས་གཞན་དུ་ན་ཇི་སྐད་དུ། དེས་ན་འདི་ནི་རིགས་དང་ནི། །ཚོགས་པ་བརྗོད་པའི་ཁྱད་པར་ཡིན། །ཞེས་པའི་དོན་ཁྱེད་ཀྱི་འཆད་དགོས་པ་ཡིན་ནོ། །དབྱེ་སྒོ་གསུམ་པ་ལ་གསུམ་ལས། དང་པོ་མིང་ལ་མཚན་ཉིད་ནི། རང་གི་གདགས་གཞི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད་དོ། །དེ་སྐད་དུ་ཡང༌། མཁས་པ་འཇུག་པའི་སྒོར། དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན་དེའི་ཁྱད་པར་དག །སྟོན་པ་ཚིག་ཅེས་རབ་ཏུ་གྲགས། །ཞེས་གསུངས་པས་སོ། །དབྱེ་ན། ཐོག་མ་ཉིད་དུ་གྲུབ་པའི་མིང་དང༌། རྗེས་སུ་གྲུབ་པའི་མིང་གཉིས་སོ། །མིང་དང་རྒྱུ་མཚན་ལ་མ་བརྟེན་པར། འདོད་རྒྱལ་ཐོག་མར་སྦྱར་བའི་མིང་དེ་དང་པོའི་མཚན་ཉིད། དཔེ་ནི། ཚ་ཞིང་བསྲེག་པ་ལ་མེ་ཞེས་བཏགས་པ་ལྟ་བུའོ། །སྔར་གྲུབ་ཟིན་པའི་མིང་ཞིག་དོན་གཞན་གྱི་མིང་དུ་བཏགས་པ་དེ་རྗེས་སུ་གྲུབ་པའི་མིང་གི་མཚན་ཉིད། དཔེ་ནི་བྲམ་ཟེའི་ཁྱེའུ་ལ་མེ་ཞེས་བཏགས་པ་ལྟ་བུ་ཡིན་ལ། དབྱེ་ན་འདོད་རྒྱལ་དང༌། དོན་ལྡན་གཉིས་སོ། །རྗེས་གྲུབ་ཀྱི་མིང་གང་ཞིག སྒྲ་བཤད་དུ་མེད་པ་དེ་རྗེས་སུ་གྲུབ་པའི་འདོད་རྒྱལ་གྱི་མིང་གི་མཚན་ཉིད། དཔེ་ནི་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །དེ་གང་ཞིག་སྒྲ་བཤད་དུ་ཡོད་པ་དེ་རྗེས་སུ་གྲུབ་པའི་དོན་ལྡན་གྱི་མིང་གི་མཚན་ཉིད། དཔེ་ནི་ཁྱི་དཀར་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། །དེ་སྐད་དུ་ཡང་སྨྲ་སྒོ་ལས། དེ་ཡང་མིང་གི་ཐོག་མ་དང༌། །རྗེས་སུ་གྲུབ་པ་རྣམ་པ་གཉིས། །ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། །རྗེས་གྲུབ་དག་ནི་དོན་ལྡན་དང༌། །འདོད་རྒྱལ་གཉིས་ཀར་འདོད་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་བོད་ཕྱི་རབས་པ་དག འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་འགལ་བར་འདོད་པ་ནི་མ་ཤེས་པ་ཡིན་ནོ། །འོ་ན་མིང་ཐམས་ཅད་འདོད་རྒྱལ་དུ་མཚུངས་པ་ལ། འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་འབྱེད་པ་ཅི་ཞེ་ན། འདོད་རྒྱལ་གྱི་མིང་ནི་མིང་གཞན་གང་ལ་ཡང་མ་རྟེན་པ་ཡིན་ཏེ། ཆོས་ཉིད་ཀྱི་རིགས་པ་གཞན་གང་ལ་ཡང་མི་རྟེན་པ་བཞིན་ནོ། །རྗེས་གྲུབ་ཀྱི་མིང་ནི་འདོད་རྒྱལ་གྱི་མིང་ལ་བརྟེན་དགོས་པ་ཡིན་ཏེ། འཐད་པ་སྒྲུབ་པའི་རིགས་པ་དེ་ཆོས་ཉིད་ཀྱི་རིགས་པ་ལ་བརྟེན་དགོས་པ་བཞིན་ནོ། །དེ་ལྟར་ན་འདོད་རྒྱལ་ཐོག་མའི་མིང་ལ་སྒྲ་བཤད་མེད་པས་ཁྱབ། རྗེས་གྲུབ་ཀྱི་འདོད་རྒྱལ་ལ་སྒྲ་བཤད་ཡོད་ཀྱང་ལོག་པར་སྟོན་སྲིད་པས་སྒྲ་མི་འཆད། རྗེས་གྲུབ་དོན་ལྡན་ཁོ་ན་ལ་སྒྲ་བཤད་པར་བྱ་བ་ཡིན་ནོ། །དེ་ཡང་དོན་ལྡན་རྣམ་པ་བརྒྱད་ལ་སྒྲ་བཤད་བརྒྱད་ཡོད་ལ། བརྒྱད་པོ་དེ་ཡང་བསྡུ་ན་དངོས་མིང་སྒྲ་བཤད་གསུམ་དང༌། བཏགས་མིང་གི་སྒྲ་བཤད་རྣམ་པ་ལྔའོ། །དེ་ཡང་ཇི་སྐད་དུ། འཐད་པ་གྲུབ་པའི་རིགས་པ་དག །ཆོས་ཉིད་ལ་ནི་བརྟན་པ་བཞིན། །དོན་ལྡན་མིང་ཡང་དེ་བཞིན་དུ། །འདོད་རྒྱལ་ཐོག་མ་ཉིད་ལ་བརྟེན། །རྗེས་སུ་གྲུབ་པའི་འདོད་རྒྱལ་ནི། །ལོག་པར་གྲུབ་ཕྱིར་ངེས་ཚིག་བཞག །འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་ཞི་མེད་ཆོས་ཉིད་བཞིན། །དེ་བརྟེན་དོན་ལྡན་ངེས་ཚིག་ནི། །དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། །དེ་ལ་ཕན་ཕྱིར་དེ་བྱེད་ཕྱིར། །དེ་བྱའི་ཕྱིར་དང་དེ་འདྲའི་ཕྱིར། །དེ་དེའི་ཕྱིར་དང་དེ་ཉིད་ཕྱིར། །དེའི་མིང་ནི་དེ་སྐད་ཅེས། །ཞེས་གསུང་ངོ༌། །དེ་དག་གི་དོན་ནི་སྐྱེས་བུ་དེ་ཆོས་ཅན། ཁྱོད་ཀྱི་མིང་ལ་ལྷ་སྦྱིན་ཞེས་བྱ་སྟེ། ལྷས་བྱིན་པ་དེ་ཡིན་པའི་ཕྱིར། འདི་ལ་རང་གི་ངོ་བོ་གྲུབ་པའི་ངེས་ཚིག་ཅེས་བྱའོ། །དེ་ཆོས་ཅན། གསེར་ཅན་ཞེས་བྱ་སྟེ། ཁྱོད་ལ་གསེར་དེ་ཡོད་པའི་ཕྱིར། འདི་ལ་ནི་རྟེན་ལ་བརྟེན་པའི་མིང་གི་ངེས་ཚིག་ཅེས་བྱའོ། །ཆུ་ལུད་ཆོས་ཅན། ཁ་ཟས་ཞེས་བྱ་སྟེ། ཁ་ཟས་དེ་ལ་རྒྱུད་ནས་ཕན་པའི་ཕྱིར། འདི་ལ་འབྲས་བུའི་མིང་གིས་རྒྱུད་རྒྱུ་ལ་བཏགས་པའི་ངེས་ཚིག་ཅེས་བྱའོ། །ལྟེང་ཀ་དེ་ཆོས་ཅན། རྐང་ནད་ཅན་ཞེས་བྱ་སྟེ། རྐང་པའི་ནད་དེ་བྱེད་པའི་ཕྱིར་ཞེས་པ་འབྲས་བུའི་མིང་གིས་དངོས་རྒྱུ་ལ་བཏགས་པའི་ངེས་ཚིག་ཅེས་བྱ། རྒྱལ་པོ་དེ་ཆོས་ཅན་མང་པོས་བཀུར་བ་ཡིན་ཏེ། མང་པོས་དེ་བཀུར་བར་བྱ་བ་ཡིན་པའི་ཕྱིར་ཞེས་པ་རྒྱུའི་མཚན་ཉིད་ཀྱིས་འབྲས་བུ་ལ་བཏགས་པའི་ངེས་ཚིག་ཅེས་བྱའོ། །སྐྱེས་བུ་དེ་ཆོས་ཅན། ལྷ་ཞེས་བྱ་སྟེ་ལྷ་དེ་དང་འདྲ་བའི་ཕྱིར། ཞེས་པ་དཔེའི་མིང་གིས་དོན་ལ་བཏགས་པའི་ངེས་ཚིག་ཅེས་བྱའོ། །མེ་ནི་ཆོས་ཅན་མེ་ཞེས་བྱ་སྟེ། མེ་རང་ཉིད་ཡིན་པའི་ཕྱིར། ཞེས་པ་མིང་གཞན་སྤོང་བར་བྱེད་པའི་ངེས་ཚིག་ཅེས་བྱའོ། །ཙནྡན་གྱི་མེ་ཆོས་ཅན། མེ་ཞེས་བྱ་སྟེ། ཚ་ཞིང་བསྲེག་པ་དེ་ཉིད་ཡིན་པའི་ཕྱིར། ཞེས་པ་ཁྱད་པར་གཞན་སེལ་བའི་ངེས་ཚིག་ཅེས་བྱ། དེ་ལྟར་བརྒྱད་ཀྱི་ནང་ནས་ངེས་ཚིག་དང་པོ་རང་གི་ངོ་བོའི་ངེས་ཚིག་དེ་ལ་ཡིན་པ་བསྒྲུབ་པའི་རྐྱེན་ཞེས་བྱ། བདུན་པ་མིང་གཞན་སྤོང་བའི་ངེས་ཚིག་དེ་ལ་ངོ་བོ་གྲུབ་པའི་རྐྱེན་ཞེས་བྱ། བརྒྱད་པ་ཁྱད་པར་གཞན་སེལ་བའི་ངེས་ཚིག་དེ་ལ་དངོས་པོའི་རྐྱེན་ཞེས་བྱ་ཞིང༌། གསུམ་པོ་དེ་ནི་དངོས་མིང་གི་དབང་དུ་བྱས་པའོ། །ལྷག་མ་ལྔ་པོ་དེ་ནི་བཏགས་པའི་མིང་གི་དབང་དུ་བྱས་པ་ཡིན་ཞིང༌། དེ་དག་ལ་རིམ་པ་བཞིན་དུ་ཡོད་པའི་རྐྱེན་དང༌། དེ་ལ་ཕན་པའི་རྐྱེན་དང༌། བྱེད་པའི་རྐྱེན་དང༌། ལས་སུ་སྒྲུབ་པའི་རྐྱེན་དང༌། འདྲ་བར་སྦྱར་བའི་རྐྱེན་ཞེས་བྱའོ། །དེ་ལྟར་ན་མིང་ལ་གསུམ་ཏེ། ཐོག་མའི་འདོད་རྒྱལ་དང༌། རྗེས་གྲུབ་ཀྱི་འདོད་རྒྱལ་དང༌། དོན་ལྡན་གྱི་མིང་ངོ༌། །དང་པོ་གཉིས་ལ་དངོས་མིང་གིས་ཁྱབ་ཅིང༌། གསུམ་པ་ལ་དངོས་མིང་དང་བཏགས་མིང་གཉིས་སུ་ཕྱེ་བ་ཡིན་ནོ། །དེ་བས་ན་འདོད་རྒྱལ་གྱི་མིང་ངམ། དངོས་ཀྱི་སྒྲ་བཤད་གསུམ་པོ་གང་རུང་ཚང་བའི་མིང་དེ་དངོས་མིང་གི་མཚན་ཉིད། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པའི་མིང་ནི་འདོད་རྒྱལ་ཐོག་མའི་མིང་ངོ༌། །རྗེས་སུ་གྲུབ་པའི་འདོད་རྒྱལ་ནི་ཁྱི་ནག་པོ་ལ་དུང་དང༌། གཟའ་དམིགས་དམར་ལ་བཀྲ་ཤིས་དང༌། བྱེད་པ་བིཥྚི་ལ་བཟང་པོ་ཞེས་བརྗོད་པ་ལྟ་བུ་དང༌། བླུན་པོ་ལ་ལྷ་དགའ་བ་ཞེས་པའི་མིང་ལྟ་བུའོ། །འདི་དག་ལ་སྒྲ་བཤད་དུ་ཡོད་ཀྱང་བཤད་ན་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་མི་འཆད་པ་ཡིན་ནོ། །དོན་དང་ལྡན་པའི་མིང་གང་ཞིག་བཏགས་པའི་སྒྲ་བཤད་པ་ལྔ་པོ་གང་རུང་གི་སྒོ་ནས་སྒྲ་བཤད་དུ་ཡོད་པའི་མིང་དེ་བཏགས་མིང་གི་མཚན་ཉིད། དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པ་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང༌། དེ་གཉིས་ཀ་ལས་བཟློག་པ་རྒྱུ་མཚན་དུ་བྱས་པ་དང་གསུམ་མོ། །དང་པོ་ནི། སྨན་བྱ་རོག་རྐང་དང༌། མི་བླུན་པོ་ལ་བ་ལང་དུ་བཏགས་པ་ལྟ་བུའོ། །གཉིས་པ་ལ་རྒྱུ་མིང་འབྲས་བུ་ལ་བཏགས་པ། འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ། ཚོགས་པའི་མིང་གིས་ཡ་གྱལ་ལ་བཏགས་པ། ཡ་གྱལ་གྱི་མིང་གིས་ཚོགས་པ་ལ་བཏགས་པ་རྣམས་སོ། །བཏགས་མིང་གི་དབྱེ་བ་དེ་ཙམ་དུ་ངེས་ལ། གསུམ་པ་དེ་གཉིས་ཀ་ལས་བཟློག་པ་ལ་འདྲ་བ་བཟློག་པ་ནི་བླུན་པོ་ལ་ལྷ་དགའ་བ་དང༌། མིག་དམར་ལ་བཀྲ་ཤིས་ཀྱི་མིང་སྦྱར་བ་ལྟ་བུའོ། །འདི་གཉིས། མཁས་པ་འཇུག་པའི་སྒོར། བཏགས་མིང་གི་དབྱེ་བར་བཤད་པ་ལྟ་བུར་སྣང་ཞིང༌། དེ་ལ་འཁྲུལ་ནས། བཅོམ་རལ་གྱིས་ཀྱང་བཏགས་མིང་གི་དབྱེ་བར་བཤད་པ་ནི་འཁྲུལ་པ་ཡིན་ཏེ། སྨྲ་སྒོ་དང་འགལ་བའི་ཕྱིར་དང༌། དེ་དག་ལ་འདོགས་པའི་རྒྱུ་མཚན་མེད་པས་དངོས་མིང་གི་དབྱེ་བར་རུང་བའི་ཕྱིར་དང༌། རྒྱུ་མཚན་མེད་པར་སྦྱར་བའི་སྒྲ་ནི་འདོད་རྒྱལ་ཁོ་ནར་ངེས་པའི་ཕྱིར། འོ་ན་དེ་ལ་དེ་མེད་པ་ཅི་ཞེ་ན། བཏགས་མིང་གི་རྒྱུ་མཚན་ནི། འདྲ་འབྲེལ་གང་རུང་དུ་ངེས་ལ། འདིར་ནི་དེ་ལས་བཟློག་པའི་ཕྱིར། དེ་བས་ན་འདི་གཉིས་ནི་རྗེས་གྲུབ་ཀྱི་འདོད་རྒྱལ་གྱི་བཤད་པ་དེ་ཉིད་ཡིན་པས། དངོས་མིང་ལས་མ་འདས་སོ། །ཡང་མིང་ལ་དབྱེ་ན། བཤད་པ་རྒྱུ་མཚན་ཅན་དང༌། འཇུག་པ་རྒྱུ་མཚན་ཅན་ནོ། །དེ་ལ་གསུམ་དུ་འགྱུར་ཏེ། བཤད་འཇུག་ལ་འགལ་བ་དང་མི་འགལ་བ་དང༌། འགལ་ཞིང་མི་འགལ་བའོ། །གསུམ་པ་ལ་གསུམ་སྟེ། བཤད་པ་ཡོད་ལ་འཇུག་པ་མེད་པ། འཇུག་པ་ཡོད་ལ་བཤད་པ་མེད་པ་གཉིས་གཉིས་ཀ་ཡོད་པའོ། །གཉིས་ཀ་མེད་པ་ནི་མིང་མེད་པས་འདིར་མི་བགྲང་ངོ༌། །མཁས་འཇུག་དང༌། རིགས་གཏེར་གཉིས་ཀ་ལས། རྣམ་པར་དབྱེ་བས་རྣམ་པ་བཞི། །ཞེས་པའི་དགོངས་པ་གང་ཡིན་བཙལ་བར་བྱའོ། །ཡང་རྟོག་གེ་ལ་གྲགས་པ་མིང་དང་རིགས་ཀྱི་སྒྲ་གཉིས་དང༌། འཇིག་རྟེན་ལ་གྲགས་པ་ཀ་བུམ་སོགས་ཀྱི་མིང་དང༌། བསྟན་བཅོས་ལ་གྲགས་པ་ཕྱོགས་ཆོས་དང༌། རྗེས་འགྲོ་སོགས་དང༌། དེ་བཞིན་གཤེགས་པ་ལ་གྲགས་པ་ཀོ་ཌ་ཁྱལ་སོགས་པ་རྣམས་སོ། །དེ་ལྟར་བཤད་པ་ན་ཇི་སྐད་དུ། འདིས་ནི་རྒྱུ་མཚན་ཅན་སྒྲ་ཡི། །དོན་ནམ་སྒྲ་རྣམས་ཀྱི་ནི་དོན། །ཞེས་པར། འདོད་རྒྱལ་བའི་སྒྲ་དང༌། རྒྱུ་མཚན་ཅན་གྱི་སྒྲ་ཞེས་བཤད་པ་དེ། དངོས་མིང་དང་བཏགས་མིང་གཉིས་ལ་སོ་སོར་ངེས་པ་ཡིན་ནོ། །སྙམ་པའི་དགོས་པ་དེ་ཡང་ཁེགས་པ་ཡིན་ནོ། །ཇི་སྐད་དུ། བརྗོད་པར་འདོད་པས་སྔོན་སྦྱར་བ། །དེ་ཉིད་གོ་བ་དངོས་མིང་ཡིན། །དེ་རྟེན་རྒྱུ་མཚན་འགལ་ལས་གཞན། །རྟོགས་པ་བཏགས་པའི་མིང་དུ་འདོད། །ཅེས་གསུངས་པའི་དོན་ལ་ཕལ་ཆེ་བ་དག དགོས་པ་དང་རྒྱུ་མཚན་ལ་མ་ལྟོས་པར་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་དེ། དངོས་མིང་དང་དགོས་པ་དང་རྒྱུ་མཚན་གང་རུང་ལ་ལྟོས་ནས་རྗེས་གྲུབ་ཏུ་སྦྱར་བའི་མིང་དེ་བཏགས་མིང་གི་དོན་དུ་འདོད་པ་ཡང་ཁེགས་པ་ཡིན་ཏེ། རྒྱུ་མཚན་ལ་བལྟོས་ནས་སྦྱར་བའི་དངོས་མིང་མཐོང་བའི་ཕྱིར་ཏེ། རྗེས་གྲུབ་ཀྱི་འདོད་རྒྱལ་ལ་སྒྲ་བཤད་དུ་ཡོད་པར་རྒྱས་པར་བཤད་ཟིན་པའི་ཕྱིར། དགོས་པ་ལ་མ་ལྟོས་པར་ཞེས་ཟེར་བ་འདི་ཡང་གཞུང་དང་མི་མཐུན་ཏེ། ཇི་སྐད་དུ། དེའི་འབྲས་བུ་ཡོངས་བསྟན་ཕྱིར། །ཞེས་སོགས་ཀྱི་དོན་དང་འགལ་བའི་ཕྱིར། ཡང་བཏགས་མིང་གི་མཚན་ཉིད་དེ་ཡང་མ་ངེས་པ་ཡིན་ཏེ། རྗེས་གྲུབ་ཀྱི་འདོད་རྒྱལ་ལ་མཚན་ཉིད་དེ་ཞུགས་པའི་ཕྱིར། ཡང་ཇི་སྐད་དུ། འཁྲུལ་མེད་ཅན་ཞེས་དང་པོ་ཡི། །བརྡའི་སྤྱོད་ཡུལ་གང་ཡིན་དངོས། ཞེས་དང༌། བློ་ནི་འཁྲུལ་པ་མེད་འཇུག་པ། །རྟག་ཏུ་དངོས་དང༌། ཞེས་གསུངས་པ་དང༌། འཁྲུལ་རྟོག་ཅན་གཞན་ཕལ་པ་ཡིན། ཞེས་པའི་དོན་ལ་བོད་ཕྱི་རབས་པ་དག་དོན་དེའི་དངོས་མིང་ཡིན་ན་དོན་དེ་འཁྲུལ་མེད་གོ་བའི་མིང་ཡིན་དགོས་པར་འདོད་པ་ནི་དགོངས་པ་མིན་ཏེ། བརྡ་སྤྲོད་པའི་ལུང་དང་འགལ་བ་དང༌། ཆོས་ཀྱི་གྲགས་པའི་རིགས་པ་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན་བརྡ་སྤྲོད་པའི་གཞུང་ལས། ངེས་ཚིག་ཕྱིན་ཅི་ལོག་ཏུ་སོང་བའི་དངོས་མིང་བཤད་པའི་ཕྱིར། སྡར་མ་ལ་སེང་གེ་ཞེས་བརྗོད་པ་བཞིན་ནོ། །རིགས་པའི་གཞུང་ལས་ཀྱང༌། བུ་གླེན་པ་ལ་བུ་མེད་དོ་ཞེས་བརྗོད་པ་དང༌། འཇིག་རྟེན་གྱི་རྒན་པོ་ལ་གཙོ་བོ་ཞེས་བརྗོད་པ་དེ་ཡང་དངོས་མིང་དུ་འགྱུར་བ་ཡོད་པར་གསུངས་པའི་ཕྱིར། ཅི་སྟེ་དེས་བཏགས་མིང་གི་མཚན་གཞི་སྟོན་པ་ཡིན་ནོ་སྙམ་ན། དེ་ནི་ཁྱོད་ཀྱིས་མ་ཤེས་པ་ཡིན་ཏེ། བརྗོད་བྱ་དོན་གཞན་མེད་ཀྱང་བརྗོད་བྱེད་ཀྱི་སྒྲ་དངོས་མིང་དུ་འཇུག་པ་ཡོད་པར་འཆད་པའི་དབང་དུ་བྱས་ནས་གཞུང་དེ་དག་གསུངས་པའི་ཕྱིར། དེ་ལས་གཞན་དུ་ན་གཞུང་དེ་དག་གི་སྔ་ཕྱི་འབྲེལ་ཆད་པར་འགྱུར་ཏེ། བརྗོད་བྱ་དོན་གཞན་མེད་པ་ལ་བརྗོད་བྱེད་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་ནི། དེ་སྐབས་ཀྱི་རྒོལ་བ་གཞན་གྱི་ཞེ་འདོད་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཡང་མངོན་སུམ་དང་མཚོ་སྐྱེས་ལ་སོགས་པའི་མིང་རྣམས་ཀྱང༌། དོན་དེ་དང་དེ་ལ་དངོས་མིང་མིན་པར་འགྱུར་ཏེ། དེ་ལ་འཁྲུལ་མེད་དུ་འཇུག་པ་མ་ཡིན་པ་ཕྱིར་ཏེ། འགལ་འདུ་མུ་གསུམ་པའི་སྒྲ་ཡིན་པའི་ཕྱིར། དེས་ན་འཁྲུལ་མེད་ཅེས་སོགས་ཀྱི་དོན་ནི། དོན་དེ་ལ་འདོད་རྒྱལ་དུ་སྦྱར་ཞིང་དོན་དེ་འཁྲུལ་མེད་དུ་གོ་བའི་མིང་ཡིན་ན་དངོས་མིང་ཡིན་པས་ཁྱབ་ཀྱང༌། དོན་དེ་ལ་འཁྲུལ་པ་ཅན་དུ་འཇུག་པའི་མིང་ལ་དངོས་མིང་དང་བཏགས་མིང་གཉིས་ཏེ། ལག་ལྡན་དང་མགོ་ལྡན་བཞིན་ནོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །གཉིས་པ་ཚིག་ལ་མཚན་ཉིད་ནི། རང་གི་གདགས་གཞི་མིང་གཉིས་སམ་གསུམ་ལ་སོགས་པ་གང་རུང་འདུས་ནས། དོན་གྱི་ཁྱད་པར་སྟོན་པའི་རྗོད་བྱེད་དོ། །དབྱེ་ན་ཚིག་གི་བསྡུ་བ་དང་ཚིག་གི་ཕྲད་དོ། །དང་པོ་ལ། སྒྲུབ་པའི་བསྡུ་བ་དང༌། དགག་པའི་བསྡུ་བའོ། །དང་པོ་ལ་བཅུ་སྟེ། ཇི་སྐད་དུ། འབྲུ་མང་པོ་དང་ཚིག་བསྡུས་དང༌། །ཁྱད་པར་དག་དང་ཡན་ལག་དང༌། །གཞི་དང་གཞི་གཅིག་བསྡུ་བ་དང༌། །གཞི་མཐུན་པ་དང་དེ་སྐྱེས་བུ། །ཟླས་ཕྱེ་བ་དང་ཕྱོགས་ཙམ་མོ། །ཞེས་གསུངས་སོ། །དང་པོ་ནི། ཚིག་གཉིས་ཀྱི་དོན་གཞན་སྟོན་པ་སྟེ། བ་ཁྲ་མོ་ཅན་དང༌། ཤར་ལྷོ་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་ཀུན་མཁྱེན་ཞེས་བརྗོད་པ་ལྟ་བུའོ། །གསུམ་པ་ཁྱད་པར་བསྡུ་བ་ནི། ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུའོ། །བཞི་པ་ཡན་ལག་བསྡུ་བ་ནི། ལུས་ལ་སོགས་པའི་དབང་པོ་ལྔ་ཞེས་པ་ལྟ་བུ་དང༌། ལྔ་པ་གཞི་བསྡུ་བ་ནི། དངོས་པོ་ཐམས་ཅད་ཅེས་པ་ལྟ་བུའོ། །དྲུག་པ་གཞི་གཅིག་ཏུ་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་ཅེས་པ་ལྟ་བུའོ། །བདུན་པ་གཞི་མཐུན་པའི་བསྡུ་བ་ནི། ཨུཏྤལ་སྔོན་པོའི་གཟུགས་ཡིན་ནོ་ཞེས་བརྗོད་པ་ལྟ་བུའོ། །བརྒྱད་པ་དེའི་སྐྱེས་བུའི་བསྡུ་བ་ནི། ཆོས་ངོ་བོ་ཐ་དད་པའམ་ལྡོག་པ་ཐ་དད་པ་གཉིས། ཚིག་གཅིག་གིས་གོ་བར་བྱེད་པ་སྟེ། བུམ་སྣམ་ཞེས་དང༌། བྱས་མི་རྟག་ཅེས་པ་ལྟ་བུའོ། །དབྱེ་ན་བྱེད་པའི་ཚིག་དང༌། ལས་འཛིན་པ་དང་བ་གཉིས་པ་ཞེས་བྱ་བ་གསུམ་ཡོད་ལ། དང་པོ་ལ་རྣམ་དབྱེ་བརྒྱད་ཀྱི་དབྱེ་བས་བརྒྱད་ཡོད་ལ། གཉིས་པ་ནི། བཤད་མ་ཐག་པའི་གཞི་མཐུན་པའི་བསྡུ་བ་དང་དོན་གཅིག གསུམ་པ་ནི་བྱས་པ་ཡོད་པ་ཞེས་པ་ལྟ་བུ། བ་གཉིས་དགོས་པ་ལ་བྱས་ཡོད་ཅེས་པ་ལྟ་བུའོ། །དགུ་པ་ཟླས་དབྱེ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཞེས་པ་དང༌། ཕྱོགས་ཆོས་དང་ནི་འབྲེལ་བ་དང༌། །ཞེས་པ་ལྟ་བུའོ། །བཅུ་པ་ཕྱོགས་ཙམ་བསྡུ་བ་ནི། མི་ཙམ་དང༌། དུད་འགྲོ་ཙམ་ཞེས་བསྟན་ནས་བྱེ་བྲག་མི་སྟོན་པའི་སྒྲ་རྣམས་སོ། །གཉིས་པ་དགག་པའི་བསྡུ་བ་ལ། མ་ཡིན་པར་དགག་པ་དང༌། མེད་པར་དགག་པའི་དབྱེ་བས་གཉིས་ཡོད་ལ། དང་པོ་ལ། བཅུ་བཞི་དང༌། གཉིས་པ་ལ་བཅུ་གཅིག་ཡོད་པར་སྨྲ་སྒོ་ལས་གསུངས། གཉིས་པ་ཚིག་གི་ཕྲད་ལ་ངོ་བོ་ནི། ཇི་སྐད་དུ། སྒྲ་གང་རང་ལ་དོན་མེད་ཅིང༌། །དོན་ལྡན་མིང་ཚིག་གསལ་བྱེད་པ། །ཚིག་གི་ཕྲད་ཡིན་དེ་ཡང་ནི། །སོ་སོ་བ་དང་འདུས་པ་གཉིས། །ཞེས་བཤད་དོ། །དང་པོ་ནི། གང་དང་ཅི་དང་ཀྱི་དང་གྱི་ལ་སོགས་པ་རྣམས་སོ། །གཉིས་པ་ནི། གང་ཕྱིར་དང་དེ་ཕྱིར་དང༌། ཇི་སྙེད་དང༌། དེ་སྙེད་ལ་སོགས་པ་རྣམས་སོ། །འོ་ན་ངག་དང་ཚིག་ལ་ཁྱད་པར་ཡོད་དམ་ཞེ་ན། བོད་ཀྱི་པཎྜི་ཏ་རལ་གྲི་ན་རེ། ཚིག་ནི་གཉིས་སམ་གསུམ་ལ་སོགས། །འདུས་ནས་སྐྱེས་བུས་འཇུག་བཟློག་དོན། །སྟོན་པར་བྱེད་པ་སྒྲ་གང་དེ། །ངག་ཡིན་དེའི་དབྱེ་བ་ནི། །རྐྱང་པ་དང་ནི་ཚིགས་བཅད་གཉིས། །ཞེས་གསུང་ངོ༌། །གསུམ་པ་ཡི་གེ་ལ་མཚན་ཉིད་ནི། མཁས་པ་འཇུག་པའི་སྒོར། དོན་སྟོན་པར་མི་ནུས་པའི་སྒྲ་སྤྱི་གསལ་བ་ཞེས་གསུང་ལ། ཡང་ན་མིང་གི་རྩོམ་གཞིར་གྱུར་པའི་བརྗོད་བྱེད་དོ། །དོན་སྟོན་པར་མི་ནུས་ཞེས་པ་ཡང༌། བུམ་པ་ཞེས་པའི་མིང་གི་རྩོམ་གཞིར་གྱུར་པའི་ཡི་གེ་བ་དང༌། ཨུ་དང༌། མ་དང༌། པ་རྣམས་རེ་རེ་ནས་བརྗོད་བྱའི་དོན་ལྟོ་ལྡིར་བ་སྟོན་མི་ནུས་པ་ལྟ་བུ་ལ་བྱ་བ་ཡིན་གྱི། སྤྱིར་ཡི་གེ་ཡིན་ན་བརྗོད་བྱའི་དོན་སྟོན་མི་ནུས་པས་ཁྱབ་པ་ནི་མ་ཡིན་ཏེ། ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་པོ་དེ་བརྗོད་བྱའི་དོན་ཡིན་ནམ་མིན། མིན་ན་ནི་མཉན་བྱ་ཡིན་ན་བརྗོད་བྱའི་དོན་མིན་པས་ཁྱབ་པར་འགྱུར་ལ། ཡིན་ན་ཨ་ལ་སོགས་པའི་སྒྲ་དབྱངས་བཅུ་དྲུག་པོ་དེས་རང་རང་གི་བརྗོད་བྱའི་དོན་སྟོན་པར་གྲུབ་བོ། །གལ་ཏེ་དབྱངས་ཡིག་བཅུ་དྲུག་པོ་སྒྲར་མི་འདོད་སྙམ་ན་དེ་ལྟ་ན་ནི་རིགས་པ་མཁྱེན་པའི་གཞུང་དང་འགལ་ཏེ། ཇི་སྐད་དུ། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་གསུངས་པའི་ཕྱིར། ཡང་གསལ་བྱེད་ཀྱི་ཡི་གེ་རེ་རེ་ནས་སྒྲར་ཁས་མི་ལེན་ཡང༌། བརྗོད་བྱའི་དོན་སྟོན་པ་མང་པོ་མཐོང་སྟེ། ཁ་ང་ཇ་གསུམ་དང༌། ཉ་པ་ཕ་མ་བཞི་དང༌། ཤེ་ས་ར་ན་ཝ་ཞེས་བརྗོད་པའི་སྒྲ་རྣམས་ཀྱིས་བརྗོད་བྱའི་དོན་སྟོན་པ་མཐོང་བའི་ཕྱིར། ཡང་མཚན་ཉིད་ཀྱི་ཟུར་གྱི་སྒྲ་སྤྱི་ཞེས་པ་ཡང་སྤྱི་རྟག་པ་ལ་བྱ་བ་མིན་གྱི། ལྡན་པ་མིན་པའི་འདུ་བྱེད་དམ་སྒྲ་གང་རུང་ལ་བྱ་བ་ཡིན་ཏེ། དབྱངས་ཡིག་རྣམས་སྒྲར་ཁས་བླང་དགོས་པ་དང༌། གསལ་བྱེད་རྣམས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན་དགོས་པས་སོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། ཇི་སྐད་དུ། རྣམ་གྲངས་དུ་མ་མེད་པ་དང༌། །མིང་ཚིག་གསལ་བར་བྱེད་པ་དང༌། །དོན་རྣམས་བརྗོད་པར་བྱེད་པའི་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །རང་བཞིན་ལས་དང་དགོས་ཆེད་ཀྱི། །ངེས་ཚིག་ཡིན་ཏེ་གོ་རིམ་བཞིན། །ཞེས་གསུངས་སོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། ང་རོ་བདུན་དུ་དབྱེ་བ་དང༌། ང་རོ་བཅུ་དྲུག་ཏུ་དབྱེ་བ། བརྒྱ་རྩ་གཉིས་སུ་དབྱེ་བ། བརྒྱ་དང་བཅུ་གཉིས་སུ་དབྱེ་བ་རྣམས་སོ། །དང་པོ་ནི། ཇི་སྐད་དུ། དྲང་པོ་བསྒྲེང་དང་བཀུག་པ་དང༌། །བསྟོད་པ་དང་ནི་སྨད་པ་དང༌། །བསྒྲིམས་དང་གློད་པའི་ང་རོ་འབྱུང༌། །ཞེས་སོ། །གཉིས་པ་ནི་ཇི་སྐད་དུ། དྲང་པོ་བཀུག་དང་སྨད་པ་དང༌། །བསྒྲིམ་པ་དང་ནི་གློད་པ་ལ། །གྷར་དང་རྩྭང་གི་ཕྱེ་བ་དང༌། །བསྒྲེང་དང་བསྒྲེང་སྟེ་བཀུག་པ་དང༌། །བསྟོད་དང་བསྟོད་དེ་སྨད་པ་དང༌། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་ཏུ་འདོད། །ཅེས་གསུང་ངོ༌། །གསུམ་པ་ལ། གསལ་བྱེད་ལྔ་བཅུ་རྩ་བཞིར་དབྱེ་བ་དང༌། བཞི་བཅུ་རྩ་བརྒྱད་དུ་དབྱེ་བའོ། །དང་པོ་ནི། དྲང་པོ་དང་བཀུག་པ་དང་སྨད་པ་གསུམ་ལ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་གསུམ་དུ་ཕྱེ། དེ་རེ་རེ་ལ་ཆེ་འབྲིང་ཆུང་མ་གཅིག་གསུམ་གསུམ་གསུམ་དུ་ཕྱེ་བས་ལྔ་བཅུ་རྩ་བཞིའོ། །གཉིས་པ་ནི། བསྒྲེང་བ་དང་བསྟོད་པ་གཉིས་ལ་ཐུང་ངུ་མེད་པས་གཉིས། བསྒྲིམ་པ་དང་གློད་པ་གཉིས་ལ་རིང་པོ་མེད་པས་གཉིས་གཉིས་ཏེ་བརྒྱད། དེ་རེ་རེ་ལ་ཆེ་འབྲིང་གསུམ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བཞི། དེ་རེ་རེ་ལ་སྣ་དང་ལྡན་མི་ལྡན་གཉིས་སུ་ཕྱེ་བས་བཞི་བཅུ་རྩ་བརྒྱད་དོ། །བཞི་པ་ནི། དེ་དག་གི་སྟེང་དུ་གནས་བརྒྱད་ཀྱི་སྐྱེད་པའི་ཆ་དང༌། རྐྱེན་གང་རུང་གཅིག་གིས་སྐྱེད་པའི་ཆ་བསྣན་པས་བརྒྱ་དང་བཅུ་གཉིས་སོ། །དེ་ལྟར་ཚོགས་གསུམ་གྱི་སོ་སོའི་རྣམ་པར་བཞག་པ་བཤད་ཟིན་ནས། ཐུན་མོང་གི་རྣམ་པར་བཞག་པ་མདོར་བསྡུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་མངོན་པ་བ་དང༌། རྣལ་འབྱོར་སྤྱོད་པའི་མངོན་པ་བ་གཉིས་ཀས་མིང་ཚིག་ཡི་གེ་གསུམ་ཀ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་འདོད། མདོ་སྡེ་པས་གསུམ་ཀ་སྒྲ་རང་མཚན་དུ་འདོད། སེམས་ཙམ་པ་རང་གི་ལུགས་ལ་དེ་དང་དེར་སྣང་བའི་རྣམ་པར་ཤེས་པ་ལ་དེ་དང་དེར་བཏགས་པའི་ཆ་ལ་ཀུན་བཏགས་པའི་མིང་ཚིག་ཡི་གེའི་ཚིགས་སུ་འདོད། རིགས་པ་མཁྱེན་པའི་དགོངས་པ་ལ་མི་འཐད་པའི་ཆ་དགག་པ་དང༌། འཐད་པའི་ཆ་བཞག་པའོ། །དང་པོ་ནི། བོད་ཕྱི་རབས་པ་དག སྡེ་བདུན་གྱི་དགོངས་པ་ལ། ཚོགས་གསུམ་ཀ་མཉན་བྱར་འདོད་པ་ནི་དགོངས་པ་མིན་ཏེ། མིང་ཚིག་གཉིས་མཉན་བྱར་སྟོན་པའི་རིགས་པ་མཁྱེན་པའི་ལུང་སྣ་གཅིག་ཀྱང་ཁྱེད་ཀྱིས་འདྲེན་མི་ནུས་པའི་ཕྱིར། དེ་ཡང་རྣམ་འགྲེལ་དུ། རིག་བྱེད་སྒྲ་དོན་གྱི་འབྲེལ་བ་འགོག་པ་ན། མིང་ཚིག་གཉིས་སྒྲ་མིན་པའི་རྒྱུ་མཚན་དང༌། ཡི་གེ་སྒྲ་ཡིན་ཀྱང་སྐབས་ཀྱི་བརྗོད་བྱའི་དོན་མི་སྟོན་པའི་རྒྱུ་མཚན་བཀོད་པ་དང༌། མངོན་པར་གསལ་མིན་སྒྲ་དག་གི །བྱེད་པ་རྣམས་ཀྱི་སྦྱོར་བའམ། །ཡིད་ཀྱི་བཟླས་པ་དོན་མེད་འགྱུར། །ཞེས་པར་རིག་བྱེད་ཀྱི་སྔགས་ཡིན་ན་སྒྲ་ཡིན་པས་ཁྱབ་པ་ལ་གནོད་བྱེད་དངོས་སུ་འཕངས་པའི་ཕྱིར་དང༌། དེའི་ཁྱད་པར་ཅན་དེ་ནི། རྣ་བས་ངེས་པར་འགྱུར་བ་ཡིན། །ཞེས་པར་སྲོག་ཡིག་དང་བྲལ་བའི་ས་ར་གཉིས་པོ་དེ། ཉན་ཤེས་ཀྱི་མི་ཐོས་པར་དངོས་སུ་བཤད་པའི་ཕྱིར། གཉིས་པ་ནི། མིང་ཚིག་གཉིས་ནི་སྒྲ་མིན་ཏེ། མིང་སྒྲ་ཡིན་ན་མཚོན་བྱ་ཡང་སྒྲར་ཐལ་བའི་ཕྱིར་དང༌། ཚིག་སྒྲ་ཡིན་ན་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་བཀའ་དང༌། བསྟན་བཅོས་མཐའ་དག་སྒྲ་ཁོ་ནར་འགྱུར་ལ། འདོད་ན་ནི་རང་རང་རྩོམ་པ་པོའི་ཤེས་རྒྱུད་དང་གཅིག་མིན་པར་ཐལ་བ་དང༌། ཐོས་པ་ལས་བྱུང་བའི་ཤེས་རབ་དང༌། དྲན་པས་འཛིན་མི་ནུས་པར་ཐལ་ལོ། །དེ་དེ་འཛིན་ནུས་ན་ནི་ཆོས་ཀྱི་སྐྱེ་མཆེད་དུ་ཐལ་བར་འགྱུར་ཏེ། དེ་དང་དེ་རྟོག་པས་བཟུང་བྱ་གང་ཞིག་རྟོག་པས་བཟུང་བའི་མིང་ཚིག་གཉིས་པོ་དེ་སྒྲའི་སྐྱེ་མཆེད་དུ་ནི་མི་རིགས་པའི་ཕྱིར། དེ་བས་ན་བཀའ་དང༌། བསྟན་བཅོས་དང༌། ལེའུ་དང༌། རབ་བྱེད་སོགས་ནི་མིང་ཚིག་གང་རུང་གི་ངོ་བོར་གནས་ལ། ཡི་གེའི་ངོ་བོར་གནས་པ་མིན་ཞིང༌། ཡི་གེ་དུ་མ་འདུས་པ་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར་དང༌། དོན་བྱེད་ནུས་པ་ཡིན་པའི་ཕྱིར། སྤྱིར་ཆོས་ཀྱི་སྐྱེ་མཆེད་དང༌། བྱེ་བྲག་ལྡན་པ་མིན་པའི་འདུ་བྱེད་དུ་གྲུབ་བོ། །འོ་ན་གསུམ་རབ་ཡན་ལག་བཅུ་གཉིས་ཉན་ཤེས་ཀྱིས་ཐོས་པར་བཤད་པའི་ཕྱིར་སྒྲ་ཡིན་པར་གྲུབ་བོ་ཞེ་ན། འོ་ན་དེ་མིག་ཤེས་ཀྱིས་མཐོང་བར་བཤད་པའི་ཕྱིར་གཟུགས་ཡིན་པར་ཡང་འགྱུར་རོ། །དེའི་ཕྱིར་གསུང་རབ་མཐོང་ནས་ཚིག་བློ་ལ་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དང༌། ཐོས་ནས་དེ་འཛིན་པའི་དེ་དང་དེ་ལ་ཐོས་བྱུང་ཤེས་རབ་འཇོག་པ་ལ་ཁྱད་པར་མེད་དོ། །དེ་ཡང་གསུང་རབ་མཐོང་བའི་ཐ་སྙད་བྱེད་པ་དེའི་ཚེ། ཡི་གེའི་གཟུགས་མིག་ཤེས་ཀྱི་མཐོང་བ་ཡིན་ལ། ཐོས་པའི་ཐ་སྙད་བྱས་པ་དེའི་ཚེ་དབྱངས་ཀྱི་ཡི་གེ་ཁོ་ན་ཐོས་པ་ཡིན་གྱི། དེ་ལ་བཏགས་པའི་མིང་ཚིག་མཐོང་བ་དང་ཐོས་པ་གཉིས་ཀ་མེད་དོ། །ཡི་གེ་ལ་གཉིས་ལས་གསལ་བྱེད་ཀྱི་ཡི་གེར་བཤད་པ་རྣམས་ནི་སྒྲ་མིན་ཏེ། སྲོག་ཡིག་དང་བྲལ་ན་ངག་ཏུ་བརྗོད་པར་ཡང་མི་ནུས་ན་ཉན་ཤེས་ཀྱི་ཐོས་པ་ལྟ་ཅི་སྨོས་པའི་ཕྱིར་དང༌། སྲོག་ཡིག་དང་བཅས་པར་གྱུར་ན་ངག་ཏུ་བརྗོད་པ་དེའི་ཚེ་ན་ནི་དབྱངས་ཡིག་ཉན་ཤེས་ཀྱིས་ཐོས་པ་ཡིན་གྱི། གསལ་བྱེད་ཐོས་པ་མིན་པའི་ཕྱིར། གཉིས་པ་དབྱངས་ཀྱི་ཡི་གེ་དང་པོ་བཅུ་བཞི་ནི་སྒྲ་ཁོ་ནར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། སྒྲ་སྐྱེའོ་ཞེས་དང༌། དེ་ཐོས་མྱུར་མིན་ཐོས་པ་ཅན། །ཞེས་དང༌། དེའི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས། ཞེས་དང༌། འོག་ཏུ་སྒྲ་ནི་འཕེལ་བར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། འོ་ན་ཇི་སྐད་དུ། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་ཨ་ཡིག་དེ་སྒྲས་བརྗོད་དུ་མེད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི། ངེས་དོན་དོན་དམ་པའི་ཨ་ལ་དགོངས་པའི་ཕྱིར། འདིར་བཤད་པར་བྱ་བ་མིན་པས་ཉེས་པ་མེད་དོ། །འོ་ན་དབྱངས་ཡིག་བཅུ་བཞི་པོ་མཉན་བྱ་ཡིན་ན་སྒྲ་རང་མཚན་དུ་ཁས་ལེན་ནུས་སམ་ཞེ་ན་རགས་པའི་རྣམ་བཞག་ཏུ་དེ་ལྟར་ཁས་ལེན་ཀྱང༌། རྣམ་པར་དཔྱད་པའི་ཚེ། དེར་ཁས་མི་ལེན་ཏེ་རང་གི་ཆ་ཤས་ཀྱི་རྒྱུན་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན་ཡི་གེ་ཨ་ཐུང་ཆོས་ཅན། དེ་ཡིན་ཏེ། ཁྱོད་ཀྱི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དུ་མ་ཡོད། རེ་རེ་ནས་ཁྱོད་མིན། དེ་རྣམས་ཉན་ཤེས་ཀྱི་རིམ་ཅན་དུ་ཐོས་པ་ལ་ཁྱོད་ཐོས་པར་བཞག་པའི་ཕྱིར། གལ་ཏེ་དེའི་ཆ་ཤས་རེ་རེ་དེ་ཡིན་ནོ་ཞེ་ན། དེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་དང་པོ་ཆོས་ཅན། མིག་འབྱེད་འཛུམ་གྱི་ཚད་དུ་གནས་པར་ཐལ། ཡི་གེ་ཡིན་པའི་ཕྱིར། དེ་ཡང་ཇི་སྐད་དུ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང༌། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས་པས་སོ། །གང་ཡང་ཡི་གེ་ཡིན་ན་སྒྲ་ཡིན་པས་ཁྱབ་བོ་ཞེས་བྱ་བ་འདི་ནི་རྟོག་གེའི་བསྟན་བཅོས་ནས་ལྟ་ཅི་སྨོས། སྒྲའི་བསྟན་བཅོས་ལས་ཀྱང་ཡོད་པ་མིན་ཏེ། ཇི་སྐད་དུ། ཀ་ལཱ་པ་ལས། སྡེ་ཚན་རྣམས་ཀྱི་དང་པོ་དང༌། གཉིས་པ་དང༌། ཤ་ཥ་ས་རྣམས་ནི་སྒྲ་དང་མི་ལྡན་པའོ། །ཞེས་ཡི་གེ་བཅུ་གསུམ་སྒྲ་མེད་དུ་བཤད་པའི་ཕྱིར། འོ་ན་མིང་ཚིག་ཡི་གེ་གསུམ་ལ་གཞི་མཐུན་སྲིད་དམ་ཞེ་ན། མིང་དང་ཚིག་ལ་ནི་གཞི་མཐུན་སྲིད་པ་ཡིན་ཏེ། བུམ་པ་མི་རྟག་པ་ཡོད་དོ་ཞེས་བརྗོད་པ་དེའི་ཚེ་ན། སྔ་མ་མིང་ཚིག་གཉིས་ཀར་དུ་འགྱུར་བའི་ཕྱིར། དེ་ཡང་ཇི་སྐད་དུ། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང༌། །དེ་དག་ཁྱད་པར་བརྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཞེས་གསུང་ལ། བཤད་མ་ཐག་པ་དེ་ནི་མིང་གཉིས་འདུས་པའི་ཁྱད་གཞི་ལ་ཁྱད་པར་བརྗོད་པའི་ཚིག་ཡིན་པའི་ཕྱིར། དེ་ལྟར་ན་བུམ་པ་མི་རྟག་ཅེས་བརྗོད་པའི་ཐ་སྙད་དེ་མིང་དང་ཚིག་གཉིས་ཀ་ཡིན་ནོ། །དེ་ཆོས་ཅན་དེ་ཡིན་ཏེ། དོན་གྱི་ངོ་བོ་བུམ་པ་ལ་ལྟོས་ཏེ་ཁྱད་པར་བརྗོད་པའི་ཚིག་ཡིན། ཁྱད་པར་མི་རྟག་པ་ལ་ལྟོས་ཏེ་དོན་གྱི་ངོ་བོ་བརྗོད་པའི་མིང་ཡིན་པའི་ཕྱིར། མིང་ཚིག་གཉིས་དང་ཡི་གེ་ལ་ནི་གཞི་མཐུན་སྲིད་པ་མིན་ཏེ། ཡི་གེ་ལས་མིང་དུ་སྒྲུབ་པ་ལ་རྐྱེན་དང༌། རྣམ་དབྱེ་དང༌། ཉེར་བསྒྱུར་ལ་སོགས་པ་གང་རུང་གི་སྒོ་ནས་སྒྲུབ་དགོས་ལ། དེ་མ་གྲུབ་པ་དེ་སྲིད་དུ་ཡི་གེར་འཇོག་ཅིང༌། གྲུབ་ན་མིང་ཚིག་གང་རུང་དུ་འཇོག་པའི་ཕྱིར། ཕྱིས་ཀྱི་རྟོག་གེ་པ་གང་དག ཡི་གེ་དུ་མ་འདུས་པ། མིང་ཡིན། མིང་དུ་མ་འདུས་པ་ཚིག་ཡིན་ཞེས་ཟེར་བ་ནི་དེར་མ་ངེས་ཏེ། ཨཱི་རིང་པོ་དང༌། ཨཻ་ཤིན་ཏུ་རིང་པོ་འདི་དེར་ཐལ་བར་འགྱུར་ཏེ། ཡི་གེ་གཉིས་དང་གསུམ་འདུས་ཀྱི་ངོ་བོ་ཡིན་པའི་ཕྱིར། ཡང་ཀ་བ་དང་བུམ་པ་སྣམ་བུ་ཞེས་བརྗོད་པའི་ངག་རྣམས་ཀྱང་ཚིག་ཏུ་ཐལ་བར་འགྱུར་ཏེ། མིང་དུ་མ་འདུས་པའི་ངག་ཡིན་པའི་ཕྱིར། སྔ་མ་ལ་འདོད་པར་མི་ནུས་ཏེ། མིང་དུ་སྒྲུབ་པའི་སྦྱོར་བ་མ་བྱས་པའི་ཕྱིར། ཁྱབ་པ་ཡོད་དེ་ཇི་སྐད་དུ། བྱིངས་ལས། མིང་སྒྲུབ་ཀྲྀཊ་ཀྱི་རྐྱེན། །མིང་ལས་མིང་གཞན་སྒྲུབ་པ་དེ་ཕན་རྐྱེན། །ཞེས་དང༌། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པ་ནི་ཚིག་གོ །ཞེས་གསུངས་པས་སོ། །དཔེར་ན། ཡི་གེ་སཿར་དང༌། རཿས་ཞེས་པ་རོ་དང་ཚོའི་མིང་དུ་འཇོག་པ་ལ་ཡི་གེ་གཉིས་པའི་བར་དུ་རྣམ་དབྱེ་བྱིན་ནས་མིང་དུ་སྒྲུབ་དགོས་པ་ཡིན་གྱི། སཿར་གཉིས་དང་རྣམ་བཅད་དེ་གསུམ་ཚོགས་པ་ཙམ་གྱིས་མིང་དེ་དང་དེར་བཞག་མི་ནུས་པའི་ཕྱིར། གཉིས་པ་ལ་ཡང་འདོད་མི་ནུས་ཏེ། དོན་གྱི་ངོ་བོ་དང་ཁྱད་པར་མ་སྦྱར་བའི་ཕྱིར། དེ་ལྟ་མོད་ཀྱི་བུམ་པ་ཀ་བ་ཡིན་པར་དམ་བཅས་ན་ནི་ཚིག་ཏུའང་འགྱུར་རོ། །ཡང་རྟོག་གེ་པ་ཕྱི་རབས་པ་གང་དག་གསུམ་པོའི་མཚན་ཉིད་དུ། དོན་མི་སྟོན་པ་དང༌། དེའི་ངོ་བོ་ཙམ་སྟོན་པ་དང༌། ཁྱད་པར་སྟོན་པའི་བརྗོད་བྱེད་ཅེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་ན་ཡི་གེ་ཐམས་ཅད་ཡི་གེ་མིན་པར་འགྱུར་བ་དང༌། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རེ་རེ་བ་རྣམས་ཀྱང་མིང་དུ་ཐལ་བར་འགྱུར་བ་དང༌། མིང་དུ་མ་གྲུབ་གོང་གི་ཡི་གེ་ཨ་ནི་ཨ་ཡིན་ནོ་ཞེས་བརྗོད་པའི་ངག་དེ་ཡང་ཚིག་ཏུ་ཐལ་བར་འགྱུར་ཏེ། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་ངག་ཡིན་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། མིང་དུ་མ་གྲུབ་པར་ཚིག་མི་འབྱུང་བའི་ཕྱིར། དེ་ལྟར་བཤད་པ་ན་མིང་དུ་ཡེ་མ་སྒྲུབས་གོང་གི་ཡི་གེ་ནི་གཅིག་གམ་མང་པོ་འདུས་ཀྱང་རུང་ཡི་གེ་ཁོ་ནའོ། །རྐྱེན་དང་རྣམ་དབྱེ་བྱིན་ནས་མིང་དུ་གྲུབ་ཕྱིན་ཆད་ནི་མིང་ཚིག་གང་རུང་ཡིན་གྱི། ཡི་གེ་མིན་ནོ། །ཡང་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པ་ལྟ་བུ་མིང་དུ་མ་གྲུབ་གོང་དུ་དོན་གྱི་ངོ་བོ་དང་ཁྱད་པར་སྦྱོར་བ་ཡོད་ཀྱང༌། ཡི་གེ་ཁོ་ན་ཡིན་གྱི། ཚིག་མིན་ཏེ། མིང་དུ་མ་གྲུབ་པ་ལ་ཚིག་མི་སྲིད་པའི་ཕྱིར། དེ་བས་ན་མིང་ཚིག་གཉིས་ལ་མུ་བཞི་སྟེ། མིང་ཡིན་ལ་ཚིག་མིན་པ་ནི་ལྷ་སྦྱིན་ཞེས་པ་ལྟ་བུ་མིང་རྐྱང་པ་རྣམས་སོ། །ཚིག་ཡིན་ལ་མིང་མིན་པ་ནི་སྤྱི་ཙམ་ལས་མི་སྲིད་ལ། དོན་དེ་ལ་བལྟོས་པའི་ཚིག་ཡིན་ལ་མིང་མིན་པ་ནི་བུམ་པ་མི་རྟག་ཅེས་པའི་ཚིག་སྟེ། བུམ་པ་ལ་ལྟོས་པའི་ཚིག་ཡིན་ལ་མིང་མིན་པ་ལྟ་བུའོ། །ད་ནི་དེ་དག་ལ་རྩོད་པ་སྤང་བར་བྱ་སྟེ། གལ་ཏེ་མིང་ཚིག་གང་རུང་ཡིན་ན་སྒྲ་མིན་པས་ཁྱབ་ན། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲའི་མཚན་གཞི་སྔར་བཤད་པ་དེ་དག་དང་འགལ་ལོ་ཞེ་ན། དེ་ལྟར་རྣམ་པར་དཔྱོད་པ་དང་ལྡན་པ་དེ་ལ་ལན་ནི། འདི་ཡིན་ཏེ། བུམ་པ་ཞེས་བརྗོད་པ་དེའི་ཚེ། ཆོས་ཅན་བརྗོད་པར་སོང་ཚོད་དང་སྒྲར་སོང་ཚོད་གཉིས་སོ་སོར་འབྱེད་དགོས་པ་ཡིན་ཏེ། དང་པོ་ནི། མིང་ལྡན་པ་མིན་པའི་འདུ་བྱེད་དེ་ཉིད་ཡིན་ལ། སྒྲར་སོང་ཚོད་ནི་མིང་དེའི་སྲོག་ཡིག་ཏུ་གྱུར་པའི་ཨུ་ཨ་ཞེས་ཉན་ཤེས་ལ་གྲགས་པ་དེ་ཉིད་ལ་ངོས་འཛིན་དགོས་པའི་ཕྱིར། འོན་ཀྱང་དེ་ལྟར་སོ་སོར་མི་འབྱེད་པ་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་བཞག་ལ་བུམ་པ་ཞེས་བརྗོད་པའི་སྒྲ་དང༌། བུམ་པ་མི་རྟག་ཅེས་བརྗོད་པའི་སྒྲ་ལ་སོགས་པའི་ཐ་སྙད་ཀྱི་གཏམ་དུ་བྱ་བ་བརྡ་སྦྱོར་བའི་རྒན་པོ་དག་གིས་ལེགས་པར་སྦྱར་བ་ཡིན་ནོ། །སྒྲ་ཚད་ཟུང་གི་དེ་ཉིད་ལེགས་གོ་ནས། །སྒྲ་དང་དོན་གྱི་རྣམ་དབྱེ་བཤད་པ་འདིས། །སྒྲ་གཅན་བཞིན་དུ་ཕ་རོལ་ཟིན་མནན་ནས། །སྒྲ་དབྱངས་ནམ་མཁའི་རྔ་བཞིན་སྒྲོགས་གྱུར་ཅིག རྟོག་གེའི་ཆོས་སྐད་ཕལ་ཆེར་སྒྲ་དང་ནི། །རྟོག་པའི་འཇུག་ཚུལ་དག་ལ་རག་ལས་ཀྱང༌། །རྟོག་བཟོའི་མུན་སྤྲུལ་ཕྲེང་བས་ཚད་མའི་ལུགས། །རྟོག་བཟོའི་མུན་པར་འཁྱམས་པ་མ་བཟོད་ནས། རྣམ་མང་མུན་པ་ཟ་བའི་ཤེས་རབ་ཀྱིས། །རྣམ་པར་དཔྱད་ནས་རིགས་པའི་ལམ་དག་ཏུ། །རྣམ་དཔྱོད་མིག་སྟོང་གསལ་བའི་ཉི་མ་འདི། །རྣམ་གསལ་སློབ་མའི་ཡིད་ལ་རྣམ་ཡང་འཆར། །ཞེས་བྱ་བ་འདིས་ནི་བརྗོད་བྱ་རྗོད་བྱེད་ཀྱི་གནས་ལེགས་པར་གྲུབ་པ་ཡིན་ནོ།།  །།རྣམ་དཔྱོད་ལག་པས་གོང་ནས་གོང་སྙབས་ཏེ། །ལུང་དང་རིགས་པའི་གོམ་སྟབས་གྲིམས་པོ་ཡིས། །ལྷ་བརྒྱའི་འགྲམ་པའི་རྣ་ལུང་ལ་འཛེགས་ཏེ། །ཀུན་གྱི་གཙུག་ན་བཞུགས་ཁྱོད་ཕྱག་གི་གནས། །ལུང་དང་རིགས་པའི་རྣམ་འགྱུར་མི་འདྲ་བ། །བརྒྱ་ཕྲག་སྟོང་གི་མགྲིན་པའི་རྔ་ཆེན་གྱིས། །ཆོས་མིན་གཞན་གྱི་གྲགས་པ་ཕམ་བྱས་ནས། །ཆོས་ཀྱི་གྲགས་པས་ས་ཆེན་ཁེངས་གྱུར་ཅིག །བཞི་པ་མཚན་ཉིད་དང་མཚོན་བྱའི་རྟོགས་ཚུལ་ལ། སྤྱིའི་རྣམ་བཞག་རྒྱས་པར་བཤད། སོ་སོའི་ངོས་འཛིན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། མཚན་ཉིད་ཅེས་བྱ་བའི་སྒྲ་ནི་གཉིས་ལ་འཇུག་སྟེ། གང་གིས་མཚོན་པར་བྱེད་པ་དང༌། གང་ལ་མཚོན་པར་བྱ་བའི་གཞི་གཉིས་ལའོ། །གང་ལ་མཚོན་པར་བྱ་བ་ནི། མིང་ངམ་ཐ་སྙད་ཡིན་པས་མཚན་ཉིད་ཀྱི་སྒྲ་སྦྱར་བ་མེད་དོ། །འོ་ན་ཇི་སྐད་དུ། ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ནི་མཚན་གཞི་ལ་དགོངས་པའི་ཕྱིར་ཉེས་པ་མེད་དོ། །དང་པོ་མཚོན་བྱེད་ལ་གཉིས་ཏེ། ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ཉིད་དང༌། ཐུན་མོང་མིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དོ། །དང་པོ་ནི། ཆོས་མངོན་པ་ལས། མི་རྟག་པ་སྡུག་བསྔལ་བདེན་པའི་མཚན་ཉིད་དུ་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཚ་བ་མེའི་མཚན་ཉིད་དུ་གསུངས་པ་ལྟ་བུའོ། །མཚོན་པར་བྱ་བའི་སྒྲ་ཡང་གཉིས་ལ་འཇུག་སྟེ། བ་ལང་ཞེས་པའི་ཐ་སྙད་ལྟ་བུ། བརྡ་སྦྱོར་བའི་རྒན་པོས་བློ་བུར་དུ་མིང་བཏགས་པའི་བཏགས་ཡོད་ཁོ་ན་དང༌། ནོག་སོགས་འདུས་པའི་དཀར་ཟལ་ལྟ་བུ་རྫས་ཡོད་དུ་གྱུར་པ་གཉིས་ལའོ། །མཚན་གཞི་ཡང་གཉིས་ཏེ། གསེར་བུམ་བུམ་པའི་མཚན་གཞིར་བཞག་པ་ལྟ་བུ་མཚན་གཞི་བཏགས་པ་བ་དང༌། གསེར་གྱི་ལྟོ་ལྡིར་བ་བུམ་པའི་མཚན་གཞིར་བཤད་པ་ལྟ་བུ་མཚན་ཉིད་པ་གཉིས་ཡོད། དེ་ལྟར་ན་མཚན་ཉིད་ཀྱི་སྒྲ་ནི། མཚོན་བྱེད་དང་མཚན་གཞི་གཉིས་ལ་འཇུག མཚོན་པར་བྱ་བའི་སྒྲ་ཡང་མཚོན་བྱ་དང་མཚན་གཞི་གཉིས་ལ་འཇུག མཚན་གཞིའི་སྒྲ་ཡང་མིང་དོན་གཉིས་ལ་འཇུག་པའི་སྐབས་ཡོད་པ་ལས། འདིར་སྐབས་སུ་བབ་པ་མཚན་མཚོན་གཞི་གསུམ་གྱི་རྣམ་བཞག་བྱེད་པ་དེའི་ཚེ། བཤད་མ་ཐག་པའི་མཚན་ཉིད་གཉིས་པོ་གང་རུང་ཡིན་ན་མཚོན་བྱ་མིན་དགོས་ཏེ། དེ་གཉིས་གང་རུང་ཡིན་ན་དོན་གྱི་ཆོས་ཡིན་དགོས་ལ། མཚོན་བྱ་ཡིན་ན་བློའི་ཆོས་ཡིན་དགོས་པའི་ཕྱིར། མཚན་གཞི་མཚན་ཉིད་པ་ཡིན་ན་ཡང༌། མཚོན་བྱ་མིན་དགོས་ཏེ། དེ་ཡིན་ན་དོན་གྱི་ཆོས་ཅན་དགོས་པའི་ཕྱིར། དོན་གྱི་ཆོས་ལ་གཉིས་ཏེ། མཚན་ཉིད་པ་དོན་བྱེད་ནུས་པ་ལྟ་བུ་དང༌། རྗེས་མཐུན་པ་དོན་བྱེད་ནུས་སྟོང་ལྟ་བུའོ། །དོན་བྱེད་ནུས་སྟོང་ལྟ་བུ་སྤྱིར་ནི་བློ་ཆོས་ཁོ་ན་ཡིན་ཏེ། གཞན་སེལ་ཁོ་ནར་ངེས་པའི་ཕྱིར། མིང་དོན་གཉིས་སུ་ཕྱེ་བའི་དོན་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས་ཇི་སྐད་དུ། མཚན་ཉིད་གོ་བྱེད་དོན་གྱི་ཆོས། །མཚོན་བྱ་གོ་བྱ་བློའི་ཆོས། །ཞེས་གསུངས་སོ། །འདི་གཏན་ལ་དབབ་པ་ལ་གསུམ་སྟེ། ཆོས་གསུམ་སོ་སོའི་མཚན་གཞི་ངོས་བཟུང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད། མཚོན་སྦྱོར་ཇི་ལྟར་འགོད་པའི་རིམ་པའོ། །དང་པོ་ལ། ཆོས་གསུམ་ཀ་ལ་རློམ་ཚོད་དང་སོང་ཚོད་གཉིས་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། རློམ་ཚོད་ལ་ཆོས་གསུམ་པོ། བཤད་མ་ཐག་པ་ལྟར། བློ་ཆོས་དང་དོན་ཆོས་སོ་སོར་འབྱེད་དགོས་ལ། སོང་ཚོད་ལ་ནི་གསུམ་ཀ་ཡང་གཞན་སེལ་གྱི་ཆ་ནས་འཇོག་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཀ་བ་མཚན་གཞི་དང༌། དངོས་པོ་མཚོན་བྱ་དང༌། དོན་བྱེད་ནུས་པ་མཚན་ཉིད་དུ་བཤད་པ་དེའི་ཚེ། མཚན་ཉིད་དུ་རློམ་ཚོད་ནི། དོན་བྱེད་ནུས་པ་རང་མཚན་ནོ། །སོང་ཚོད་ནི་དོན་བྱེད་ནུས་པའི་གཞན་སེལ་དེའོ། །མཚོན་བྱར་རློམ་ཚོད་ནི་དངོས་པོ་ཞེས་བྱ་བའི་ཐ་སྙད་རང་མཚན་ཞིག་ཡོད་པར་རློམ་པའོ། །སོང་ཚོད་ནི་དངོས་པོ་ཞེས་བྱ་བའི་ཐ་སྙད་ཀྱི་གཞན་སེལ་དེའོ། །མཚན་གཞིར་རློམ་ཚོད་ནི། གདུང་འདེགས་ཀྱི་དོན་བྱེད་ནུས་པ་རང་མཚན་དེའོ། །སོང་ཚོད་དེའི་གཞན་སེལ་དེའོ། །འཆད་ཚེ་དེ་ལྟར་ཡིན་ཀྱང་འཇུག་པའི་ཚེ་ནི་སོ་སོར་མི་འབྱེད་པར་དོན་བྱེད་ནུས་པ་དེ་དངོས་པོའི་ཐ་སྙད་ཀྱི་མཚན་ཉིད་ཅེས་སམ། ཡང་ན་དེ་ཅུང་ཟད་འཇུག་པ་མི་བདེན། དངོས་པོའི་མཚན་ཉིད་ཅེས་དང༌། ཀ་བ་དེ་མཚན་གཞིར་འཇོག་པ་ཡིན་ནོ། །དེ་ལྟ་ན་ཡང་ཀ་བའི་ཐ་སྙད་ཀྱི་རང་ལྡོག་ནས་ནི་བཏགས་ཡོད་ཁོ་ན་ཡིན་པས། རློམ་སོང་གང་གི་ཚེ་ཡང་མཚན་གཞིར་མི་རུང་ཞིང༌། དོན་ཆོས་སུ་གྱུར་པའི་དངོས་པོའི་རང་ལྡོག་ནས་ནི་རློམ་སོང་གང་གི་ཚེ་ཡང་མཚོན་བྱར་འཇོག་པ་མིན་ཏེ། རྒྱུ་མཚན་རྒྱས་པར་བཤད་ཟིན་པ་དེའི་ཕྱིར། དེ་ལྟར་ན་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ན་བློ་ཆོས་ཡིན་དགོས་པར་གྲུབ་ལ། དེར་གྲུབ་པ་ན་རང་མཚན་མིན་དགོས་པར་གྲུབ་སྟེ། དེ་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་པར་གྲུབ་པའི་ཕྱིར། ཡང་བློའི་ཡུལ་དུ་བྱ་རུང་གི་མཚོན་བྱ་ཡིན་ན་བློའི་ཡུལ་དུ་བྱ་རུང་ཡིན་དགོས་ཀྱང༌། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ན་ཀ་བ་མིན་དགོས་པ་དང༌། ཚ་ཞིང་བསྲེག་པའི་མཚོན་བྱ་ཡིན་ན་མེ་མིན་དགོས་པ་སོགས་དོན་རང་མཚན་ཐམས་ཅད་ཀྱི་སྟེང་དུ་ཁྱབ་པ་འདི་ངེས་པ་ཡིན་ནོ། །དེ་ཡང་འདི་སྙམ་དུ་དོགས་པར་འགྱུར་ཏེ། མེའི་ཐ་སྙད་ཆོས་ཅན། ཚ་ཞིང་བསྲེག་པ་ཡིན་ན་ཁྱོད་ཡིན་དགོས་པར་ཐལ། ཁྱོད་དེའི་མཚོན་བྱ་ཡིན་པའི་ཕྱིར། རྟགས་བསལ་དངོས་འགལ་ཁྱབ་པ་ཁས་བླངས་ཏེ། ཇི་སྐད་དུ། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་བཤད་པས་སོ་ཞེ་ན། འདིའི་ལན་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། འོ་ན་ཁྱོད་རང་ལྟར་ན་ཚ་ཞིང་བསྲེག་པ་དེ་རྫས་ཡོད་ཡིན་ན་མེ་དེ་རྫས་ཡོད་ཡིན་དགོས་པ་དང༌། མེ་བཏགས་ཡོད་ཡིན་ན་གཅིག་ཤོས་ཀྱང་བཏགས་ཡོད་ཡིན་དགོས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཏེ། མཚན་ཉིད་རྫས་གྲུབ་ལ་མཚོན་བྱ་རྫས་མ་གྲུབ་མི་སྲིད་པར་ཁས་ལེན་པའི་ཕྱིར། ཙནྡན་གྱི་མེ་ཆོས་ཅན། བཏགས་ཡོད་ཡིན་པར་ཐལ། བཏགས་ཡོད་ཀྱི་ཆོས་གསུམ་ཀ་ཚང་བ་ཡིན་པའི་ཕྱིར་ཏེ། མཚོན་བྱ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། འདོད་ན་ཚ་ཞིང་བསྲེག་པ་ཆོས་ཅན། རྫས་ཡོད་ཡིན་པར་ཐལ། རྫས་ཡོད་ཀྱི་ཆོས་གསུམ་ཚང་བའི་ཕྱིར་ཏེ་མཚན་ཉིད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། འདོད་ན། ཚ་ཞིང་བསྲེག་པ་བཏགས་ཡོད་ཡིན་པར་ཐལ། མེ་བཏགས་ཡོད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། ཡང་མེ་རྫས་ཡོད་དུ་ཐལ། གཅིག་ཤོས་རྫས་ཡོད་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་རྣལ་མའི་ལན་ནི། མེའི་ཐ་སྙད་མེ་མ་ཡིན་ཀྱང༌། ཚ་ཞིང་བསྲེག་པའི་མཚོན་བྱ་ཡིན་ཏེ། མཚན་ཉིད་ཀྱི་ཐ་སྙད་མཚན་ཉིད་མིན་ཀྱང་དེས་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱར་གཞན་དག་གིས་ཁས་བླངས་པ་བཞིན། ཡང་མེའི་ཐ་སྙད་ཡིན་ན་ཚ་ཞིང་བསྲེག་པ་ཡིན་པར་འགལ་ཡང༌། དེ་དེའི་མཚོན་བྱ་མིན་མི་དགོས་ཏེ། དཔེར་ན་ཀ་བ་ཞེས་པའི་མིང་དེ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པར་འགལ་ཡང༌། དེ་དེའི་མཚོན་བྱར་ཁས་ལན་དགོས་པ་ཡིན་ནོ། །འོ་ན། དོན་དེའི་མིང་ཡིན་ན་དོན་དེའི་མཚོན་བྱ་ཡིན་དགོས་སམ་ཞེ་ན། དེ་དགོས་པ་མིན་ཏེ། གལ་ཏེ་དགོས་ན། ལྷ་སྦྱིན་ལ་སོགས་པའི་མིང་གི་སྒྲ་ཐམས་ཅད་དེར་ཐལ་བའི་ཕྱིར། འོ་ན་ཅི་ཞེ་ན། དོན་ལྡོག་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རིགས་ཀྱི་སྒྲའམ་མིང་གང་ཡིན་དེ་ཐམས་ཅད་དོན་དེ་དང་དེའི་མཚོན་བྱར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། དོན་ལ་ལྟོས་པའི་མིང་ཡིན་པས། །བཏགས་ཡོད་ཉིད་ཡིན་དངོས་པོ་ལ། །མ་གྲུབ་ཕྱིར་ན་སྒྲོ་བཏགས་ཡིན། །ཞེས་གསུངས་པས་སོ། །འོ་ན་ཚ་ཞིང་བསྲེག་པ་དེ་མེའི་མཚན་ཉིད་མིན་པར་ཐལ། དེ་མི་མིན་ལ་ཞུགས་པའི་ཕྱིར་སྙམ་ན། འོ་ན་ཁྱོད་རང་གིས་འདོད་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱའི་མཚན་ཉིད་མིན་པར་ཐལ། དེ་མིན་པ་ལ་ཞུགས་པའི་ཕྱིར། དེས་ན་རྣལ་མའི་ལན་ནི། ཚ་ཞིང་བསྲེག་པའི་མཚོན་བྱ་ཡིན་ན་ཚ་ཞིང་བསྲེག་པ་མིན་དགོས་ཏེ། དེ་ཡིན་ན་མཚན་གཞི་ཙནྡན་གྱི་ཚ་ཤིང་སྲེག་པའི་སྟེང་དུ་ལྐོག་གྱུ་ཡིན་དགོས་ལ། གཅིག་ཤོས་ཡིན་ན་དེའི་སྟེང་དུ་མངོན་གྱུར་ཡིན་དགོས་པའི་ཕྱིར། སྔ་མ་དགོས་ཏེ། དེའི་སྟེང་གི་དེ་ཡིན་ན། དེའི་སྟེང་དུ་བསྒྲུབ་བྱ་ཡིན་དགོས་པའི་ཕྱིར། ཕྱི་མ་དགོས་ཏེ། དེའི་སྟེང་གི་དེ་ཡིན་ན་དེ་དང་གྲུབ་བདེ་རྫས་གཅིག་ཡིན་དགོས་པའི་ཕྱིར། ཡང་རྩ་བའི་དམ་བཅའ་དེ་དེ་ལྟར་ངེས་པ་ཡིན་ཏེ། ཚ་ཞིང་བསྲེག་པ་རང་མཚན་པ་དེ་ཡིན་ན་རྫས་ཡོད་ཡིན་དགོས་ལ། དེའི་མཚོན་བྱ་ཡིན་ན་བཏགས་ཡོད་ཡིན་དགོས་པའི་ཕྱིར་དང༌། ཚ་ཞིང་བསྲེག་པ་ཡིན་ན་ལུས་ཀྱི་དབང་པོའི་མངོན་སུམ་གྱི་བཟུང་དོན་ཡིན་དགོས་ལ། གཅིག་ཤོས་ཡིན་ན་ཆོས་ཀྱི་སྐྱེ་མཆེད་ཡིན་དགོས་པའི་ཕྱིར་ཏེ། ལྡན་པ་མིན་པའི་འདུ་བྱེད་ཡིན་དགོས་པའི་ཕྱིར་ཏེ། མིང་ཡིན་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན་གྲུབ་པའི་དོན་འདི་འབྱུང་བར་འགྱུར་ཏེ། དེ་གང་ཞེ་ན། མཚོན་བྱ་ཡིན་ན་སྤྱིར་དངོས་པོ་ཡིན་པས་ཁྱབ་པ་དང༌། བྱེ་བྲག་ཏུ་ལྡན་པ་མིན་པའི་འདུ་བྱེད་ཡིན་པས་ཁྱབ་ཅེས་བྱའོ། །དེའི་རྒྱུ་མཚན་ཡང་དེ་ཡིན་ན་སྤྱིར་ཐ་སྙད་ཡིན་པས་ཁྱབ་པ་དང༌། བྱེ་བྲག་ཏུ་མིང་ཡིན་པས་ཁྱབ་པའི་ཕྱིར། ཐ་སྙད་ལ་ཡང་གསུམ་སྟེ། བླང་དོར་ལུས་ཀྱི་ཐ་སྙད། བརྗོད་པ་ངག་གི་ཐ་སྙད། རྟོག་དཔྱོད་ཡིད་ཀྱི་ཐ་སྙད་དོ། །དེ་ལྟ་བུའི་ཐ་སྙད་གསུམ་པོ་དེ་ལ་ཐ་སྙད་དང་མཚོན་བྱ་ཞེས་བྱ་ལ། དེ་གང་ལ་འཇུག་པའི་གཞི་དེ་ལ་མཚན་གཞི་ཞེས་བྱ། མཚོན་པའི་ཚུལ་ནི། མཚན་གཞི་གང་གི་སྟེང་དུ། ཐ་སྙད་དེ་དང་དེ་བྱར་རུང་བ་ཉིད་དུ་བསྒྲུབ་པ་ཡིན་ནོ། །བྱེ་བྲག་མིང་ལ་གཉིས་ཏེ། དངོས་མིང་དང༌། བཏགས་མིང་ངོ༌། །དང་པོ་ལ། དོན་ལྡོག་རྒྱུ་མཚན་དུ་བྱས་པ་དང༌། མ་བྱས་པའོ། །དང་པོ་ནི། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ལ་ཤིང་ཞེས་པའི་མིང་བཏགས་པ་ལྟ་བུའོ། །གཉིས་པ་ནི། ནག་པའི་སྤུན་ཟླ་ལ་ལྷ་སྦྱིན་ཞེས་མིང་དུ་བཏགས་པ་ལྟ་བུའོ། །དང་པོ་ལ་ཡང་གཉིས་ཏེ། སྤྱི་བརྗོད་པའི་མིང་དང༌། བྱེ་བྲག་བརྗོད་པའི་མིང་གཉིས་ལས། དང་པོ་ནི། སྤྱིར་སྔོན་པོ་ཞེས་བརྗོད་པའི་མིང་ལྟ་བུ། གཉིས་པ་ནི། མདུན་གྱི་སྔོན་པོ་རང་མཚན་ཞེས་བརྗོད་པའི་མིང་ལྟ་བུའོ། །དང་པོ་ལ། ཡང་མིང་གི་སྒྲ་སྤྱི་གསལ་བ་ཞེས་བྱ་བ་ལྡན་པ་མིན་པའི་འདུ་བྱེད་གཅིག་དང་སྒྲ་རང་མཚན་པ་གཅིག་སྟེ་གཉིས་ལས། འདིར་སྐབས་སུ་བབ་པའི་མཚོན་བྱའི་ངོས་འཛིན་ནི་དང་པོ་རྣམས་ཁོ་ན་ཡིན་ནོ། །དེ་ལ་འདི་སྙམ་དུ་ཤེས་བྱ་དང་དངོས་མེད་ལ་སོགས་པ་ཆོས་ཅན། དངོས་པོར་ཐལ། མཚོན་བྱ་ཡིན་པའི་ཕྱིར་སྙམ་ན་རྟགས་མ་གྲུབ་པ་ཡིན་ཏེ། འདི་ལྟར། ཁྱོད་རང་ལྟར་ན་བཏགས་ཡོད་ཆོས་གསུམ་ཚང་བར་ཐལ་བ་དང༌། ཁོ་བོ་ཅག་ལྟར་ན་རྒྱུ་མཚན་གྱི་སྒྲ་བློ་གྲུབ་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། དང་པོ་ལ་འདོད་ན། བརྡ་སྦྱོར་རྒན་པོས། རང་རང་གི་དོན་ལྡོག་ལ་བཏགས་པའི་མིང་ཡིན་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། གཉིས་པ་ལ་འདོད་ན། དོན་ལ་བལྟོས་པའི་མིང་ཡིན་པར་ཐལ་ལོ། །གལ་ཏེ་དངོས་པོ་ཡིན་ན་དོན་བྱེད་ནུས་སྟོང་གི་མཚོན་བྱར་འགལ་ལོ་སྙམ་ན། འོ་ན་དངོས་པོ་ཡིན་ན་དོན་བྱེད་ནུས་སྟོང་གི་མིང་ཡིན་པར་འགལ་ལོ། །གལ་ཏེ། དེ་དེར་འགལ་བ་ཡིན་ཏེ། མཚན་མཚོན་གཉིས་པོ་ཡིན་ཁྱབ་མཉམ་ཁོ་ནའི་སྟེང་ནས་རྩི་བའི་ཕྱིར་སྙམ་ན། འོ་ན་གཅིག་ཤོས་ཀྱང་དེར་འགལ་ཏེ། མིང་དོན་གཉིས་པོ་ཡིན་ཁྱབ་མཉམ་ཁོ་ནའི་སྟེང་ནས་བརྩི་བའི་ཕྱིར། གལ་ཏེ་དེ་ལྟ་མིན་ཏེ། དེའི་མིང་ཡིན་ན་དེ་ཡིན་པར་འགལ་ལོ་སྙམ་ན། འོ་ན་མཚོན་བྱ་ཡིན་ན་དེ་ཡིན་པར་འགལ་ལོ། །དེ་ལ་གལ་ཏེ། དངོས་པོའི་ཐ་སྙད་ཆོས་ཅན། དོན་བྱེད་ནུས་པ་མིན་པར་ཐལ། དེའི་མཚོན་བྱ་ཡིན་པའི་ཕྱིར། ཞེ་ན། འོ་ན་དངོས་པོ་ཞེས་པའི་མིང་ཆོས་ཅན། དེར་ཐལ། དོན་བྱེད་ནུས་པའི་མིང་ཡིན་པའི་ཕྱིར། ཞེས་མཚུངས་སོ། །ཡང་གལ་ཏེ་དོན་བྱེད་ནུས་པ་ཞེས་པའི་མིང་དེ་ཡང་དོན་བྱེད་ནུས་པའི་མཚོན་བྱར་ཁས་ལེན་དགོས་སམ་ཞེ་ན། དེ་ནི་མིན་ཏེ། འདི་ལྟར་གང་མཚན་ཉིད་ཡིན་ན་རང་ཞེས་བརྗོད་པའི་སྒྲ་དེ་རང་གི་མཚོན་བྱ་མིན་པས་ཁྱབ་སྟེ། དེ་ཡིན་ན་རང་ཞེས་བརྗོད་པའི་སྒྲ་དེ་ཡིན་ན། རང་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་མིན་དགོས་པའི་ཕྱིར། དེ་ལྟར་བཤད་པ་ཐམས་ཅད་ཀྱི་མཇུག་བསྡུ་བ་ནི། དངོས་པོ་ཞེས་པའི་མིང་ནི་མཚོན་བྱའོ། །མིང་དེ་གང་ལ་འཇུག་ཏུ་རུང་བའི་གཞིར་བརྡ་སྦྱོར་རྒན་པོས་ཐ་སྙད་བཏགས་ཟིན་པ་དེ་ཐམས་ཅད་ནི་མཚན་གཞིའོ། །དོན་བྱེད་ནུས་པ་ཞེས་བྱ་བའི་རང་ལྡོག་ནི་མཚན་ཉིད་དོ། །མཚན་ཉིད་དེས་མཚན་གཞིར་རུང་བ་འགའ་ཞིག་ལ་མ་ཁྱབ་ན་མ་ཁྱབ་པའི་སྐྱོན་ནོ། །མི་རུང་བ་འགའ་ཞིག་ལ་ཁྱབ་ན་ཁྱབ་ཆེས་པའི་སྐྱོན་ནོ། །མཚན་གཞིར་བཟུང་བ་དེའི་སྟེང་དུ་འོག་ནས་འཆད་པའི་མི་སྲིད་པའི་ཚུལ་གསུམ་པོ་གང་ཡང་རུང་བ་ཞིག་གི་སྒོ་ནས་མི་སྲིད་པར་སོང་ན། མཚན་ཉིད་ཀྱི་སྐྱོན་ཡིན་པས་མཚན་ཉིད་སྐྱོན་མེད་དུ་འཇོག་པ་ལ་སྐྱོན་དེ་གསུམ་དང་བྲལ་བ་ཅིག་དགོས་སོ། །བྲལ་བའི་ཚུལ་ནི། གདུང་འདེགས་ཀྱི་དོན་བྱེད་ནུས་པ་མཚན་གཞི། དངོས་པོའི་ཐ་སྙད་བྱ་རུང་དུ་མཚོན། དོན་བྱེད་ནུས་པ་ཡིན་པ་ཞེས་བཀོད་པ་དེའི་ཚེ་སྐྱོན་དེ་གསུམ་གང་གིས་ཀྱང་མ་གོས་པ་ཡིན་ནོ། །རིགས་པའི་དབང་ཕྱུག་ཕྱྭ་པ་ལ་སོགས་པའི་བོད་སྔ་མ་རྣམས་ཀྱང་འདི་ཁོ་ན་བཞེད་པ་ཡིན་ཏེ། མཚན་ཉིད་ཀྱི་སྐྱོན་ལ་གསུམ་དུ་གྲངས་ངེས་པ་དང༌། དེ་སེལ་བར་བྱེད་པའི་མཚན་ཉིད་ཀྱི་ཡོན་ཏན་ལའང་གསུམ་དུ་ངེས་པར་བཞེད་པའི་ཕྱིར། དེ་དེའི་སྒྲུབ་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། སྤྱིར་རྫས་ཡོད་ཡིན་པ་ཞེས་པས་རང་ལྡོག་རྫས་སུ་མ་གྲུབ་པ་ཞེས་བྱ་བའི་སྐྱོན་དེ་བསལ་ནས། སྤྱིར་མཚན་ཉིད་ཡིན་པ་ཞིག་དགོས་པར་བསྟན། མཚོན་བྱ་གཞན་གྱི་མཚན་ཉིད་མིན་པར་ཞེས་པས་དོན་ལྡོག་གཞན་དུ་གྱུར་པ་ཞེས་བྱ་བའི་སྐྱོན་དེ་བསལ་ནས། རང་གི་མཚོན་བྱ་གང་ལ་གནས་པའི་གཞི་དེ་ལས་གཞན་ལ་མི་འཇུག་པར་བསྟན། རང་གི་མཚན་གཞི་ལ་མཚོན་ཚུལ་ལྟར་གྲུབ་པ་ཞེས་པས་མཚན་ཉིད་མཚན་གཞི་ལ་མི་སྲིད་པ་ཞེས་བྱ་བའི་སྐྱོན་དེ་བསལ་ནས། རང་གི་མཚོན་བྱ་གང་ལ་འཇུག་པའི་གཞི་ཐམས་ཅད་ལ་འཇུག་པ་ཅིག་དགོས་པར་བསྟན་པས་སོ། །དེ་ལས་གཞན་དུ་ན་བོད་སྔ་ཕྱི་ཐམས་ཅད་ཀྱི་ལུགས་ལ། མ་ཁྱབ་ཁྱབ་ཆེས་ཀྱི་སྐྱོན་གཉིས་ལས་གཞན་དུ་མི་སྲིད་པ་ཞེས་བྱ་བའི་སྐྱོན་སྤང་དགོས་པ་འདིའི་དོན་ཅི་ཡིན་ཞེས་རྣམ་པར་བརྟག་དགོས་པ་ཡིན་ནོ། །གཉིས་པ་སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ལ། མཚན་ཉིད་ལ་མཚན་ཉིད་མི་དགོས་པར་འདོད་པ་དགག དགོས་པའི་མཚན་ཉིད་བཞག བསལ་བྱ་སྐྱོན་གྱི་རབ་ཏུ་དབྱེ་བའོ། །དང་པོ་ནི། ཁྱུང་རིན་ཆེན་གྲགས་ནི། མཚན་ཉིད་ལ་མཚན་ཉིད་མི་དགོས་ཏེ། མཚན་ཉིད་རྫས་ཡོད་ཡིན་པའི་ཕྱིར་དང༌། དགོས་ན་ཐུག་མེད་དུ་འགྱུར་བའི་ཕྱིར། ཞེས་གསུངས། སློབ་དཔོན་ཕྱྭ་པ་ནི་མཚན་ཉིད་ཀྱི་དོན་ནོག་སོགས་འདུས་པའི་གོང་བུ་ལ་མཚན་ཉིད་མི་དགོས་ཀྱང༌། མཚན་ཉིད་ཀྱི་ཐ་སྙད་ལ་མཚན་ཉིད་དགོས་ཏེ། དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་གིས་སྒྲུབ་དགོས་པའི་ཕྱིར། དཔེར་ན། སྔོན་པོའི་སྟེང་དུ་མངོན་གྱུར་གྱི་དོན་མངོན་སུམ་གྱིས་གྲུབ་པས་རྟགས་ཀྱིས་བསྒྲུབ་མི་དགོས་ཀྱང༌། ཐ་སྙད་རྟགས་ཀྱིས་སྒྲུབ་དགོས་པ་བཞིན་ནོ། །ཞེས་གསུང་ལ། རིགས་པའི་གཏེར་གྱི་དགོངས་པ་ཡང་དེ་ཉིད་དོ། །སློབ་དཔོན་གྲགས་པའི་དབང་ཕྱུག་གཙང་ནག་པ་ནི། ནོག་སོགས་འདུས་པའི་གོང་བུ་ལྟ་བུ་དང༌། དོན་བྱེད་ནུས་པ་ལྟ་བུ་ལ་མཚན་ཉིད་མི་དགོས་ཀྱང༌། སྤྱིར་མཚན་ཉིད་ཀྱི་དོན་ལ་མཚན་ཉིད་དགོས་པ་ཞིག་ཡོད་དེ། མཚན་ཉིད་དང་མཚོན་བྱའི་གཞི་མཐུན་སྲིད་པའི་ཕྱིར། ཇི་ལྟར་སྲིད་ཅེ་ན། མཚན་ཉིད་ཡིན་ན་མཚོན་བྱ་ཡིན་མི་དགོས་ཀྱང༌། མཚོན་བྱ་ཡིན་ན་མཚན་ཉིད་ཡིན་དགོས་པའི་ཕྱིར། ཇི་ལྟར་དགོས་ཞེ་ན་བ་ལང་ཞེས་པའི་ཐ་སྙད་ཆོས་ཅན་མཚོན་བྱ་ཡིན་ཏེ། ནོག་སོགས་འདུས་པའི་གོང་བུའི་མཚོན་བྱ་ཡིན་པའི་ཕྱིར། དེ་ཆོས་ཅན་མཚན་ཉིད་ཡིན་ཏེ་རང་གི་ཐ་སྙད་གཉིས་པའི་མཚན་ཉིད་ཡིན་པའི་ཕྱིར། དེ་ཡིན་ཏེ། དེའི་ཞེན་ཡུལ་ཡིན་པའི་ཕྱིར། དེ་བཞིན་དུ་བ་ལང་གི་ཐ་སྙད་ཀྱི་ཐ་སྙད་ཆོས་ཅན། མཚན་ཉིད་ཡིན་ཏེ། དེ་ཞེན་ཡུལ་ཡིན་པའི་ཕྱིར། དེ་བཞིན་དུ་ཐ་སྙད་གསུམ་པ་དང་བཞི་པ་ལ་སོགས་པ་ཇི་སྲིད་བློས་སྤུ་རིས་ཟིན་ཞིང་སྒྲས་བརྗོད་པ་མ་འཁྲུལ་བ་དེ་སྲིད་དུ་མཚན་ཉིད་དང་མཚོན་བྱ་གཉིས་ཀ་ཡིན་པས་མཚོན་བྱ་ནི་ཐུག་མེད་ཁོ་ནའོ། །མཚན་ཉིད་ཀྱི་ནི་དོན་ལ་ཐུག་པ་ཡོད་དེ། ནོག་སོགས་འདུས་པའི་གོང་བུ་ལ་མཚན་ཉིད་གཞན་མེད་པའི་ཕྱིར། ཐ་སྙད་ལ་ནི་ཐུག་པ་མེད་དེ། བ་ལང་གི་མཚན་ཉིད་དང་དེའི་མཚན་ཉིད་དང༌། དེའི་ཡང་མཚན་ཉིད་དང༌། ཡང་དེའི་མཚན་ཉིད་ལ་སོགས་པ་ཡིད་ཀྱི་སྤུ་རིས་དང་སྒྲའི་བརྗོད་པ་མ་ནོར་བ་དེ་སྲིད་དུ། མཚོན་བྱ་ཁོ་ན་ཡིན་པའི་ཕྱིར། འདི་དང་སྔ་མ་མི་འདྲ་སྟེ། འདིར་ནི་བ་ལང་གི་མཚན་ཉིད་ཀྱི་ཐ་སྙད་རང་ལྡོག་ནས་མཚོན་བྱར་བཞག་ནས། ཐ་སྙད་འཕར་མའི་མཚན་ཉིད་ཐུག་མེད་དུ་བསྒྲུབ་པ་ཡིན་ལ། སྔ་མ་ནི། ཆོས་གཞི་གྲུབ་ཚད་ཀྱི་ཐ་སྙད་རང་ལྡོག་ནས་མཚན་ཉིད་དུ་བཞག་ནས། ཐ་སྙད་འཕར་མའི་མཚོན་བྱ་ཐུག་མེད་དུ་སྒྲུབ་པ་ཡིན་པའི་ཕྱིར། འོ་ན་ཐུག་མེད་དུ་ཕྱི་མཐའ་མ་ངེས་པ་དེ་སྲིད་དུ་མཚོན་བྱ་མ་ངེས་པའི་སྐྱོན་དང་བསྒྲུབ་བྱ་མི་འགྲུབ་པའི་ཉེས་པ་འབྱུང་བ་མིན་ནམ་ཞེ་ན། མིན་ཏེ། བ་ལང་གི་མཚན་ཉིད་མ་ངེས་ཀྱང་ནོག་སོགས་འདུས་པའི་གོང་བུ་ངེས་པ་ཙམ་གྱི་མཚོན་བྱ་བ་ལང་ངེས་ནུས། ཡང་བ་ལང་གི་མཚན་ཉིད་ཀྱི་མཚན་ཉིད་མ་ངེས་ཀྱང༌། བ་ལང་གི་མཚན་ཉིད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་ངེས་པ་ཙམ་གྱིས་མཚོན་བྱ་བ་ལང་གི་མཚན་ཉིད་ཀྱི་ཐ་སྙད་དེ་ངེས་པར་ནུས། དེ་བཞིན་དུ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད་ཀྱི་རང་ལྡོག་ནས་མ་ངེས་ཀྱང༌། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ངེས་པ་ཙམ་གྱི་དེས་དེ་ལྟར་སྒྲུབ་པའི་རྟགས་ཡང་དག་གི་ཐ་སྙད་ངེས་ནུས་པ་ཡིན་ནོ་ཞེས་གསུང་ངོ༌། །དོན་དེ་དག་ལ་རིགས་པའི་གཏེར་ལས་དགག་པ་མཛད་པའི་ཚུལ་ནི། བཤད་མ་ཐག་པ་དེ་དག་ལས་སློབ་དཔོན་ཕྱྭ་པའི་ལུགས་ལ་ནི་གནོད་བྱེད་བརྗོད་པར་མ་མཛད་ལ། སློབ་དཔོན་གཙང་ནག་པའི་བཞེད་པ་འགོག་པའི་དབང་དུ་མཛད་ནས་ཇི་སྐད་དུ། རྣམ་འཇོག་རྒྱུ་ནི་མ་ངེས་པར། །རྣམ་བཞག་འབྲས་བུ་ངེས་ན་ནི། །ཞེས་པ་ནས། ཐ་སྙད་ཐུག་མེད་ག་ལ་དགོས། །ཞེས་པའི་བར་གསུངས་སོ། །འདི་དག་གི་ནང་ནས། མི་ངེས་ན་ནི་ཐུག་མེད་འཇིག །ཅེས་དང༌། བྱས་དང་དཀར་ཟལ་ངེས་ཙམ་གྱིས། །མི་རྟག་བ་ལང་རྟོགས་པར་འགྱུར། །ཞེས་པའི་གཞུང་ཚན་པ་གཉིས་ཀྱིས་བསྟན་པའི་རིགས་པའི་འགྲོ་མཚམས་ཤིན་ཏུ་གོ་དཀའ་བར་སྣང་ངོ༌། །དེའི་རྒྱུ་མཚན་ནི་ནོག་སོགས་འདུས་པའི་གོང་བུ་དང༌། དོན་བྱེད་ནུས་པ་ལྟ་བུའི་མཚན་ཉིད་ཐུག་མེད་དུ་ཁས་བླངས་ན་ཉེས་པ་དེ་འཇུག་པར་སླ་ཡང༌། གཞན་གྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར་དང༌། རང་ལུགས་ལ་ཡང༌། བ་ལང་གི་མཚན་ཉིད་དང༌། དེའི་མཚན་ཉིད་ཀྱི་ཐ་སྙད་དང༌། དེ་ཡང་མཚན་ཉིད་ཀྱི་ཐ་སྙད་ཀྱི་མཚན་ཉིད་འཇོག་པར་ཁས་བླང་དགོས་པའི་ཕྱིར་དང༌། ཁས་མི་ལེན་ན་མཚན་ཉིད་ཀྱི་ཐ་སྙད་དང་པོ་དང་གཉིས་པ་སོགས་གང་ཚུན་ཆད་ཀྱི་མཚན་ཉིད་ཁས་ལེན་ལ། གང་ཕན་ཆད་ཀྱི་མཚན་ཉིད་མི་འཇོག་པའི་ས་མཚམས་བཟུང་དཀའ་བའི་ཕྱིར། ཡང་རྟགས་ཡང་དག་གི་མཚན་ཉིད་དང་བ་ལང་གི་མཚན་ཉིད་ཚད་མས་མ་ངེས་ཀྱང༌། རྟགས་ཡང་དག་གི་མཚན་གཞི་དང་བ་ལང་གི་མཚན་གཞི་ངེས་པ་ཙམ་གྱིས་མཚོན་བྱ་གཉིས་པོ་ངེས་པར་ཁས་བླངས་ན་བྱས་དང་དཀར་ཟལ་ཞེས་སོགས་ཀྱི་ཉེས་པ་དེ་འཇུག་པར་སླ་ཡང༌། གཞན་གྱིས་དེ་ལྟར་ཁས་མ་བླངས་པའི་ཕྱིར། འོ་ན་ཇི་ལྟར་ཁས་བླངས་ཞེ་ན། རྟགས་ཡང་དག་གི་མཚན་ཉིད་ཀྱི་མཚན་ཉིད་མ་ངེས་ཀྱང༌། མཚན་ཉིད་ཀྱི་མཚན་གཞི་ཚུལ་གསུམ་ངེས་ན་རྟགས་ཡང་དག་ངེས་པ་ལྟ་བུ་དང༌། བ་ལང་གི་མཚན་ཉིད་ཀྱི་མཚན་ཉིད་མ་ངེས་ཀྱང་མཚན་ཉིད་ཀྱི་མཚན་གཞི་ནོག་སོགས་འདུས་པ་ངེས་པ་ཙམ་གྱི་མཚོན་བྱ་བ་ལང་ངེས་པར་གཞན་གྱིས་ཁས་བླངས་ལ། གཞན་གྱིས་ཇི་ལྟར་ཁས་བླངས་པ་དེ་ལྟ་ནི། རང་ལུགས་ལ་ཡང་ཁས་ལེན་དགོས་པ་ལྟ་བུར་སྣང་བའི་ཕྱིར། དེ་བས་ན་གཞུང་དེ་དག་གི་དགོངས་པ་གང་ཡིན་ཕྱིས་བཙལ་བར་བྱའོ། །ཡང་དེ་ལྟ་ཡིན་ན་ཡལ་ག་ལའང༌། །ཞེས་སོགས་ཀྱི་གཞུང་གི་ངག་དོན་ནི། མཚོན་བྱ་ཐུག་མེད་དུ་ཁས་ལེན་ན་མཚན་ཉིད་ཀྱང་ཐུག་མེད་དུ་ཁས་ལེན་དགོས་སོ་ཞེས་མི་འདོད་པ་ཐལ་བར་འཕེན་པ་ཡིན་ནོ། །སྐབས་འདི་ན་ཡང་གོ་དཀའ་བ་འདི་ཡོད་དེ། ཐ་སྙད་གཉིས་པ་མེད་ན་ཡང༌། །ཞེས་བ་ལང་གི་ཐ་སྙད་ལ་ཐ་སྙད་གཉིས་པ་མེད་པར་རང་ལུགས་ལ་ཁས་ལེན་དགོས་ལ། དེ་ལྟར་ཁས་བླངས་པ་ལ་གཞན་དག་ན་རེ། བ་ལང་གི་ཐ་སྙད་ཆོས་ཅན་ཤེས་བརྗོད་ལས་འདས་པར་ཐལ། ཁྱོད་ཐ་སྙད་ཕྱི་མ་གཞན་གྱི་ཡུལ་དུ་མི་རུང་བའི་ཕྱིར་ཞེས་ཟེར་བ་ལ། འོ་ན་ཙནྡན་སྔ་མ་ཆོས་ཅན། དྲི་དང་བྲལ་བར་ཐལ། ཙནྡན་ཕྱི་མ་མེད་པའི་ཕྱིར། ཞེས་བྱ་བའི་རིགས་པ་འཕེན་པར་མཛད་ལ། དེའི་ལྟར་ན་བ་ལང་གི་ཐ་སྙད་སོགས་ཐ་སྙད་ཐམས་ཅད་ལ་མཚོན་བྱ་ཁས་མི་ལེན་པ་ལྟར་ཤེས་བརྗོད་ཀྱི་ཐ་སྙད་ཀྱང་ཁས་མི་ལེན་ཞེས་སྨྲ་དགོས་པ་འདྲ་སྟེ། ཅུང་ཟད་དཀའ་བའི་གནས་སོ། །ཡང་ཇི་སྐད་དུ། མཚན་ཉིད་ཐུག་མེད་དང་ཐ་སྙད་ཐུག་མེད་འདི་དག་འབྲས་ཆན་ཟ་བ་ལ་ས་བོན་གྱི་ཕྱི་མོ་ཚོལ་བ་ལྟར་དོན་མེད་ཅེས་གསུངས་པས། ཐ་སྙད་ཐུག་མེད་ཁས་མི་ལེན་པ་ལྟར་མཚན་ཉིད་ཀྱི་མཚན་ཉིད་ཀྱང་རང་ལུགས་ལ་ཞལ་གྱིས་མི་བཞེད་པ་འདྲ་སྟེ། ཅུང་ཟད་དཀའ་བའི་གནས་སོ། །དེ་ལྟར་དཀའ་བའི་གནས་རྣམས་ཤེས་པར་བྱས་ནས། མ་འཁྲུལ་པའི་གནས་ནི་མཚོན་སྦྱོར་ཐུག་མེད་ཡིན་མིན་དཔྱོད་པའི་སྐབས་སུ་ཤེས་པར་འགྱུར་རོ། །གཉིས་པ་དགོས་པའི་མཚན་ཉིད་བཞག་པ་ལ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། རྔོག་ལོ་ཆེན་པོ་དང༌། རྒྱ་དམར་ནི། མཚོན་བྱ་རྣམ་འཇོག་དེ་མཚན་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་ཟེར། དེ་ལ་སློབ་དཔོན་ཕྱྭ་པས། འོ་ན་སྒྲུབ་བྱ་གོ་བྱེད་གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་མཚུངས་སོ་ཞེས་སྐྱོན་བརྗོད་ནས། རྫས་ཡོད་ཀྱི་ཆོས་གསུམ་ཚང་བ་དེ་མཚན་ཉིད་ཀྱི་དེ་ཡིན་ནོ། །ཞེས་ཟེར་གཙང་ནག་པ་མཚོན་བྱའི་དོན་ལྡོག་གཞི་ལ་གྲུབ་པ་ཞེས་གསུང་ངོ༌། །རིགས་པའི་གཏེར་ལས་གཙང་ནག་པའི་འདོད་པ་འགོག་པ་ལ། མཚོན་བྱ་ལྟོས་ཕྱིར་འདི་མི་འཐད། །ཅེས་གསུངས་ཤིང༌། ཕྱྭ་པའི་འདོད་པ་འགོག་བྱེད་ཀྱི་རིགས་པ་དངོས་སུ་མ་བཤད་དོ། །ཕྱྭ་པའི་རྗེས་སུ་འབྲང་བའི་ཕྱི་རབས་པ་དག་གི་འདོད་པ་ནི། གཙང་ནག་པ་འགོག་པའི་རིགས་པ་འདི་ཉིད་ཀྱིས་ཁེགས་ཏེ། ཆོས་གསུམ་ངོས་འཛིན་པ་ན་སྤྱིར་མཚན་ཉིད་ཡིན་པ་རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། མཚོན་བྱ་གཞན་གྱི་མཚན་ཉིད་མིན་པ་ཞེས་འཆད་ཀྱི་འདུག་པའི་ཕྱིར་རོ། །ཕྱྭ་པ་ཉིད་ཀྱི་བཞེད་པ་ནི། རང་ལྡོག་རྫས་ཡོད་ཡིན་པ། དོན་ལྡོག་གཞན་དུ་མ་གྱུར་པ། རང་གི་མཚན་གཞི་ལ་གྲུབ་པ་ཞེས་བཞེད་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། ཆོས་གང་ཞིག་དངོས་འགལ་རྣམ་པར་གཅོད་པའི་དོན་ལྡོག་གྲུབ་པའོ། །དེ་ཡང་དངོས་འགལ་རྣམ་པར་བཅད་པ་ནི་སེལ་ངོར་དངོས་པོ་མིན་པ་རྣམ་པར་བསལ་ཙམ་ལྟ་བུའོ། །གཅོད་པ་ཞེས་བྱ་བ་ནི་དངོས་པོའི་ཐ་སྙད་ལྟ་བུའོ། །དེའི་དོན་ལྡོག་ཏུ་གྲུབ་པ་ནི་དོན་བྱེད་ནུས་པ་ལྟ་བུའོ། །འོ་ན་འདིར་མཚན་མཚོན་གཉིས་པོ་རློམ་ཚོད་དང་སོང་ཚོད་གང་གཙོ་ཆེ་བ་ཡིན་ཞེ་ན། སོང་ཚོད་གཙོ་ཆེ་བ་ཡིན་ཏེ། ཇི་སྐད་དུ། དེས་ན་སྣང་བའི་ལྡོག་པ་ནི། །ཆོས་གསུམ་ཉིད་མིན་སེལ་བ་ཡི། །ཆོས་གསུམ་གྱི་ནི་རང་ལྡོག་ལ། །སྒྲུབ་དང་དགག་པ་གཉིས་ཀ་ཡོད། །ཅེས་གསུངས་སོ། །དེ་ལྟ་མོད་ཀྱི་མཚན་ཉིད་འཇོག་པའི་ཚེ་རློམ་སོང་སོ་སོར་མི་འབྱེད་པར་དོན་བྱེད་ནུས་པ་དངོས་པོའི་ཐ་སྙད་ཀྱི་མཚན་ཉིད། ཅེས་འཇོག་དགོས་པ་ཡིན་ནོ། །དེ་ལ་འདི་སྐད་དུ། །བུམ་པ་ཆོས་ཅན་དངོས་པོའི་ཐ་སྙད་ཡིན་པར་ཐལ། །དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་དང༌། མེ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཚ་ཞིང་བསྲེག་པ་ཡིན་པར་ཐལ། མེའི་ཐ་སྙད་ཡིན་པའི་ཕྱིར། ཁྱབ་པ་སྒོ་བཞི་ཁས་ལེན་པ་ཡིན་ནོ་སྙམ་ན། འདིའི་ལན་ལ། བོད་ཀྱི་རྟོག་གེ་ལ་མཁས་པ་གསུམ་གྱི་བཞེད་ལུགས་དང༌། དེ་ཉིད་གྲགས་པའི་ཞབས་ཀྱི་དགོངས་པ་ལ་སྦྱར་བའོ། །དང་པོ་ནི། ཕྱྭ་གཙང་གཉིས་ཀྱིས་ནི་འདི་ལྟར་བཞེད་དེ། མཚོན་བྱ་དང་མཚོན་ཆོས་དང༌། མཚོན་ལྡན་དང་གསུམ་མོ། །དང་པོ་ནི། བ་ལང་གི་ཐ་སྙད་ལྟ་བུའོ། །གཉིས་པ་ནི། བ་ལང་ལྟ་བུའོ། །གསུམ་པ་ནི་བ་ལང་དཀར་ཟལ་ལྟ་བུའོ། །དེ་ལྟར་གསུམ་གྱི་ནང་ནས་ཁྱབ་སྒོ་བཞི་ནི་མཚོན་ཆོས་ཁོ་ན་ལ་བརྩི་བ་ཡིན་ལ། མཚོན་སྦྱོར་འགོད་པའི་ཚེ་ཡང་མཚན་བཞི་ལ་མཚོན་བྱའི་ཐ་སྙད་དང་ལྡན་པར་མཚོན་པ་ཡིན་གྱི། མཚོན་བྱ་ཉིད་དུ་མཚོན་པ་ནི་མ་ཡིན་ནོ། །ཞེས་བཞེད་དོ། །རིགས་པའི་གཏེར་ལས། བ་ལང་གི་ཐ་སྙད་ཉིད་མཚོན་བྱར་བཞེད་པ་ཡིན་ཅིང༌། ཐ་སྙད་དེ་ལའང་གསུམ་སྟེ། སྒྲ་རང་གི་མཚན་ཉིད་དང༌། སྒྲ་སྤྱི་གསལ་བ་དང༌། དོན་ལྡོག་རྒྱུ་མཚན་དུ་བྱེད་པའི་མིང་གསུམ་ལས། ཕྱི་མ་ཁོ་ན་འདིར་མཚོན་བྱའི་མཚན་གཞི་ཡིན་ནོ། །དེ་ཡང་རང་མཚན་དང་རྟག་པ་གང་རུང་མིན་དགོས་པ་ཡིན་ཏེ། ལྡན་པ་མིན་པའི་འདུ་བྱེད་ཁོ་ནར་ངེས་པའི་ཕྱིར། བཏགས་ཡོད་དང་སྒྲོ་བཏགས་ཡིན་ཀྱང་དངོས་མེད་དུ་ཁས་ལེན་དུ་མི་རུང་སྟེ། ཐ་སྙད་ཡིན་ན་དེར་འགལ་བའི་ཕྱིར། དེ་ཡང་བོད་སྔ་མ་རྣམས་འདོད་པ་ལྟར། བ་ལང་གི་ཐ་སྙད་བྱ་རུང་ཙམ་མཚོན་སྦྱོར་འགོད་པའི་དུས་ཀྱི་མཚོན་ཆོས་སུ་མི་རུང་སྟེ། དེ་ནི་ཤེས་བྱ་ཐམས་ཅད་ལ་ཡོད་པའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །གཉིས་པ་ནི། བཤད་མ་ཐག་པ་དེ་ཉིད་སྡེ་བདུན་མཛད་པའི་དགོངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུ་ལས་འབྲས་བུ་སྒྲུབ་པས་ན། །ཞེས་སོགས་སྐབས་དུ་མར། མཚན་མཚོན་གཉིས་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་སུ་བཤད་ལ། དངོས་པོའི་ཐ་སྙད་དང་དོན་བྱེད་ནུས་པ་ལྟ་བུ་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་སུ་རུང་བ་ཡིན་གྱི། དངོས་པོ་དང་དོན་བྱེད་ནུས་པ་ལྟ་བུ་ལ་དེ་མི་རུང་བའི་ཕྱིར་དང༌། དེ་གཉིས་རྫས་བཏགས་ཀྱི་ཁྱད་པར་མེད་པའི་ཕྱིར་དང༌། བློ་ཆོས་དང་དོན་ཆོས་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར་རོ། །ཡང་ཇི་སྐད་དུ། ཡུལ་མེད་ཕྱིར་དེར་ཡུལ་ཅན་ནི། །ཤེས་བརྗོད་ཐེ་ཚོམ་འགོག་འགྱུར་ཏེ། །ཞེས་དང༌། རྣམ་པར་ངེས་པ་ལས། ཡུལ་གྲུབ་པས་ཡུལ་ཅན་ཤེས་པ་དང༌། སྒྲ་དང་ཐ་སྙད་རྟོགས་པའི་སྒྲུབ་པར་བྱེད་པ་ཡིན་ཏེ། ཡུལ་རབ་ཏུ་བསྟན་པས་བརྡ་ལ་འཇུག་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལས་གཞན་དུ་ན། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་བསྒྲུབ་པའི་གཏན་ཚིགས་རྣམས་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་སུ་ཇི་ལྟར་འགྱུར་ཏེ། ཆོས་གང་དང་གང་གི་ཐ་སྙད་ཀྱི་རང་ལྡོག་ནས་མཚོན་བྱར་འཇོག་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་བསལ་བྱ་སྐྱོན་གྱི་དབྱེ་བ་ལ། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། བོད་ཀྱི་རྟོག་གེ་པ་རྣམས་ན་རེ། མཚན་ཉིད་ཀྱི་སྐྱོན་ཐམས་ཅད་བསྡུ་ན་རང་ལྡོག་རྫས་སུ་མ་གྲུབ་པ། དོན་ལྡོག་གཞན་གྱུར། མཚན་གཞི་ལ་མི་གནས་པ་དང་གསུམ་མོ། །དང་པོ་ནི། སྤྱིར་མཚན་ཉིད་མིན་པའོ། །གཉིས་པ་ནི། སྤྱིར་མཚན་ཉིད་ཡིན་ཀྱང་རང་གི་མཚོན་བྱར་བཟུང་བ་དེའི་མཚན་ཉིད་མིན་པའོ། །དཔེར་ན། མི་རྟག་པའི་མཚན་ཉིད་དུ་རྒྱུ་རྐྱེན་ལས་སྐྱེས་པ་བཀོད་པ་ལྟ་བུའོ། །གསུམ་པ་ནི། རྟ་བ་ལང་དུ་མཚོན་པ་ལྟ་བུའོ། །ཞེས་སོགས་རྒྱས་པར་གསུངས་ལ། རིགས་པའི་གཏེར་དུ་ཕྱོགས་སྔ་མ་རྒྱས་པར་བཀོད་པ་དེ་དག་ནི་ཕལ་ཆེར་གཙང་ནག་པའི་འདོད་པ་ཡིན་ནོ། །གཉིས་པ་དེ་དགག་པ་ལ། ལུང་དང་རིགས་པ་གཉིས། དང་པོ་ནི་ཇི་སྐད་དུ། འདི་དག་སྐྱོན་དུ་འཐད་ན་ནི། །མཁས་པའི་གཙུག་རྒྱན་ཅི་མི་བཞེད། །ཅེས་གསུངས། གཉིས་པ་ནི་ཇི་སྐད་དུ། སྦྱོར་བ་བཀོད་ནས་སྐྱོན་བརྩི་ན། །དོན་ལྡོག་གཞན་གྱུར་མེད་པར་འགྱུར། །མ་བཀོད་པ་ལ་སྐྱོན་སྦྱོར་ན། །མཚན་ཉིད་མི་གནས་དོན་མེད་འགྱུར། །ཞེས་གསུངས་སོ། །འདི་དོན་རྟོག་པར་དཀའ་བས་རྒྱས་པར་བཤད་ན། དོན་ལྡོག་གཞན་གྱུར་མཚན་ཉིད་ཀྱི་སྐྱོན་དུ་མི་འཐད་པ། མཚན་གཞི་ལ་མི་གནས་པ་མཚན་ཉིད་ཀྱི་སྐྱོན་དུ་མི་འཐད་པའོ། །དང་པོ་ནི། དོན་ལྡོག་གཞན་གྱུར་ལ་སོགས་པའི་སྐྱོན་འདི་དག་མཚོན་སྦྱོར་དུ་བཀོད་པ་ལ་བརྩི་བ་ཡིན་ནམ། མ་བཀོད་པ་ལ་བརྩི་བ་ཡིན། །གཉིས་པ་ལྟར་ན། སྐྱོན་གསུམ་པོའི་རྣམ་བཞག་འཆད་པ་དོན་མེད་པར་འགྱུར་རོ། །དང་པོ་ལྟར་ན། ཁྱེད་རང་གི་མཚོན་སྦྱོར་སྐྱོན་མེད་དུ་འདོད་པའི་བུམ་པ་མཚན་གཞིར་བཞག་ནས། མཚོན་བྱའི་ཐ་སྙད་བྱར་རུང་དུ་མཚོན་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་དུ་བཀོད་པ་དང༌། ཡང་རྫས་ཡོད་ཆོས་གསུམ་མ་ཚང་བས། བུམ་པ་མཚན་ཉིད་མིན་པར་མཚོན་པ་དང༌། སྒྲུབ་ཆོས་དོར་བས་སྟོང་ཉིད་མེད་དགག་ཏུ་མཚོན་པ་སོགས་དང༌། ཁོ་བོ་ཅག་ལྟར་ན་ཡང་རྟགས་ཡང་དག་ཏུ་སོང་ཚོད་ཀྱི་བྱས་པ་མཚན་གཞིར་བཞག་ནས། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་མཚོན་པ་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་མཚན་ཉིད་དུ་བཀོད་པའི་ཚེ་ན། མཚན་ཉིད་དུ་བཟུང་བ་དེ་དང་དེ་རྣམས་ཆོས་ཅན། རང་རང་གི་མཚོན་བྱར་བཟུང་བ་དེ་དང་དེ་རྣམས་ལ་བལྟོས་ནས་དོན་ལྡོག་གཞན་དུ་གྱུར་པ་ཡིན་ཏེ། ཁྱེད་རྣམས་ཐ་སྙད་དེ་དང་དེ་འཇུག་པའི་གཞི་མིན་པའི་ཕྱིར། ཇི་ལྟར་མིན་ཞེ་ན། གལ་ཏེ་ཡིན་ན་འདི་ལྟར། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། མཚོན་བྱ་ཞེས་པའི་ཐ་སྙད་དོན་མཐུན་འཇུག་པའི་གཞི་ཡིན་པའི་ཕྱིར། གཞན་རྣམས་ལའང་དེ་བཞིན་ནོ། །རྩ་བ་ལ་འདོད་ན། མཚོན་སྦྱོར་དེ་རྣམས་སྐྱོན་མེད་མིན་པར་འགྱུར་རོ། །དེ་ལྟ་བས་ན་མཚོན་བྱ་དེ་ལ་བལྟོས་པའི་དོན་ལྡོག་གཞན་གྱུར་ཡིན་ན། དེ་ལ་ལྟོས་པའི་མཚན་ཉིད་སྐྱོན་ཅན་ཡིན་མི་དགོས་ཏེ། བརྟགས་ཡོད་ཆོས་གསུམ་ཚང་བ་དེ་མཚོན་བྱའི་ཐ་སྙད་ལ་བལྟོས་ཏེ་དོན་ལྡོག་གཞན་དུ་གྱུར་པ་དང༌། གཅིག་ཤོས་ཀྱང་དེ་ལ་ལྟོས་ཏེ་ཐ་སྙད་གཞན་དུ་གྱུར་པ་བཞིན་ནོ། །དེ་དེར་མི་འགྱུར་རོ་ཞེ་ན་མཚོན་བྱ་ཞེས་པའི་ཐ་སྙད་ཆོས་ཅན། ཁྱོད་བཏགས་ཡོད་ཆོས་གསུམ་ཚང་བ་ལ་བལྟོས་ནས་ཐ་སྙད་གཞན་དུ་གྱུར་པ་ཡིན་ཏེ། ཁྱོད་དེ་བརྗོད་བྱར་སྤོང་བའི་ཐ་སྙད་ཡིན་པའི་ཕྱིར་དང༌། ཁྱོད་ཀྱི་ལོག་ཕྱོགས་སུ་གྱུར་པའི་ཐ་སྙད་དེ་དེ་བརྗོད་བྱར་མི་སྤོང་བའི་ཐ་སྙད་ཡིད་པའི་ཕྱིར། འོ་ན་ཁྱོད་རང་ལྟར་ན། ཐ་སྙད་དེ་ཆོས་ཅན། དེའི་མཚོན་བྱ་མིན་པར་ཐལ། བརྗོད་བྱར་སྤོང་བའི་ཐ་སྙད་ཡིན་པའི་ཕྱིར། ཞེས་པ་ལ་ལན་ཇི་ལྟར་འདེབས་ཞེ་ན། ཁྱབ་པ་མ་ངེས་པ་ཡིན་ཏེ། འདི་ལྟར་མཚོན་བྱ་མིན་པ་ཞེས་པའི་ཐ་སྙད་ཆོས་ཅན། མཚོན་བྱའི་མཚན་གཞི་མིན་པར་ཐལ། དེ་བརྗོད་བྱར་སྤོང་བའི་ཐ་སྙད་ཡིན་པའི་ཕྱིར་ཞེས་པ་དང་འདྲའོ། །ཡང་དེའི་དངོས་མིང་ཡིན་ན་དེ་བརྗོད་བྱར་སྤོང་བ་འགལ་ལོ་སྙམ་དུ་དོགས་པར་མི་བྱ་སྟེ། སྔར་བཤད་པའི་རྗེས་གྲུབ་ཀྱི་འདོད་རྒྱལ་བཞིན་ནོ། །དེའི་རྒྱུ་མཚན་ཡང་སྒྲ་བརྗོད་བྱར་སྤངས་ཀྱང་བློས་འཁྲུལ་མེད་དུ་གོ་བ་སྲིད་དེ། ལྷ་མོ་ནག་མོ་ལ་དཀར་མོ་ཞེས་བརྗོད་པ་བཞིན། དེ་ལྟར་བཤད་པ་ན་ཚིག་གི་དོན་ནི་མཚན་ཉིད་ཀྱི་སྐྱོན་ཡོན་ཐམས་ཅད་མཚོན་སྦྱོར་བཀོད་ནས་བརྩི་བ་དེའི་ཚེ་ན། དོན་ལྡོག་གཞན་གྱུར་ཞེས་བྱ་བ་སྐྱོན་ལོགས་པར་འཆད་པ་མི་འཐད་དེ། མཚན་གཞི་ལ་མི་སྲིད་པའི་སྐྱོན་གྱི་ནང་དུ་འདུས་པའི་ཕྱིར། དཔེར་ན་བ་མེན་རྟར་མཚོན་པ་ལ་ནོག་སོགས་འདུས་པའི་གོང་བུ་མཚན་ཉིད་དུ་བཀོད་པ་ལྟ་བུའོ། །གལ་ཏེ་དེ་དེར་འདུས་ཀྱང་སྐྱེས་པ་མི་རྟག་པའི་མཚན་ཉིད་དུ་བཀོད་པ་ལྟ་བུ་དེར་མ་འདུས་སོ་ཞེ་ན། དེ་ཡང་དེར་འདུས་པ་ཡིན་ཏེ། སྐྱེས་པ་ལ་མི་རྟག་པའི་ཐ་སྙད་བཏགས་པ་མི་སྲིད་པའི་ཕྱིར། དེ་དེ་ཡིན་པ་ཙམ་གྱིས་དེ་དེ་ལ་སྲིད་པས་ཁྱབ་པ་མིན་ཏེ། ལྡོག་པ་ཐ་དད་མེད་ནས་མི་སྲིད་པ་བཞིན་ནོ། །གཉིས་པ་ནི། མཚན་ཉིད་མཚན་གཞི་ལ་མི་སྲིད་པའི་སྐྱོན་གྱི་ངོས་འཛིན་ཚུལ་ཁྱེད་ཀྱིས་འཆད་པ་ལྟར་མིན་ཏེ། ཡིན་ན་མཚན་ཉིད་ཐམས་ཅད་སྐྱོན་དང་བཅས་པ་ཐལ་ལོ། །ཇི་ལྟར་ཞེ་ན། དོན་བྱེད་ནུས་པ་ཆོས་ཅན། དངོས་པོའི་མཚན་ཉིད་སྐྱོན་ཅན་ཡིན་པར་ཐལ། ནམ་མཁའ་དངོས་པོར་མཚོན་པ་དེའི་ཚེ་ན་མཚན་གཞི་ལ་མི་སྲིད་པའི་སྐྱོན་དང་བཅས་པའི་ཕྱིར། ཁྱབ་པ་མེད་ན། རྟ་བ་ལང་དུ་མཚོན་པ་ལ་ནོག་སོགས་འདུས་པའི་གོང་བུ་མཚན་ཉིད་དུ་བཀོད་པ་དེའི་མཚན་ཉིད་ཀྱི་སྐྱོན་དང་བཅས་པར་འདོད་པ་འགལ་ལོ། །གཞན་ཡང་རྟ་བ་ལང་དུ་མཚོན་པ་ལ། དེ་ལྟར་བཀོད་པའི་ཚེ་ན་ནོག་སོགས་འདུས་པའི་གོང་བུ་ཆོས་ཅན། ཁྱོད་མཚན་ཉིད་སྐྱོན་ཅན་མིན་ཏེ། ཁྱོད་བ་ལང་གི་ཐ་སྙད་ཀྱི་མཚན་ཉིད་སྐྱོན་མེད་ཡིན་པའི་ཕྱིར། འདོད་ན་མི་སྲིད་པའི་སྐྱོན་དང་བཅས་པར་འགལ་ལོ། །མདོར་ན་ཁྱེད་ཀྱི་འདོད་པ་འདི་ནི། མཚན་ཉིད་ཀྱི་སྐྱོན་དང་མཚོན་སྦྱོར་གྱི་སྐྱོན་མ་ཕྱེད་པས་ནོངས་པ་ཡིན་ཏེ། མཚོན་སྦྱོར་གྱི་སྐྱོན་ནི་ཕྱོགས་ཆོས་དང༌། ཁྱབ་འབྲེལ་དང༌། བསྒྲུབ་བྱ་གསུམ་ཀའི་སྟེང་ནས་བརྩི་དགོས་པས། མཚན་གཞི་ལ་མི་སྲིད་པ་ཞེས་བྱ་བ་ཡོད་ལ། མཚན་ཉིད་རྐྱང་པའི་སྐྱོན་ལ་ནི་མཚན་མཚོན་གྱི་རྗེས་སུ་འགྲོ་ལྡོག་འཁྲུལ་པའི་སྐྱོན་ཁོ་ན་བརྩིས་པས་ཆོག་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཇི་སྐད་དུ། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་གསུངས་སོ། །དེའི་དོན་ལ། མཚན་ཉིད་གང་ཞིག མཚོན་བྱའི་ཕྱོགས་གཅིག་ལ་མ་གྲུབ་པ་དེ་མ་ཁྱབ་པའི་སྐྱོན་གྱི་མཚན་ཉིད། དཔེར་ན། བ་ལང་གི་མཚན་ཉིད་དུ་ནོག་ལྐོག་ཤལ་ཁྲ་བོ་བཀོད་པ་ལྟ་བུའོ། །ཡང་མཚན་ཉིད་གང་ཞིག་རང་གི་མཚན་གཞི་ལ་ཁྱབ་ཅིང་མཚན་གཞི་མིན་པའང་ཞུགས་པ་དེ་ཁྱབ་ཆེས་པའི་སྐྱོན་གྱི་མཚན་ཉིད། དཔེར་ན་བ་ལང་གི་མཚན་ཉིད་དུ་མགོ་ལྡན་བཀོད་པ་ལྟ་བུའོ། །འདིར་མཚན་གཞི་ལ་ཁྱབ་ཆེ་ཆུང་གི་སྒོ་ནས་སྐྱོན་དུ་བཞག་པ་ནི་མཚོན་སྦྱོར་བཀོད་པ་ལ་བལྟོས་པ་མིན་གྱི། རང་གི་མཚོན་བྱ་དེའི་ཐ་སྙད་དོན་མཐུན་གང་ལ་འཇུག་པའི་གཞི་དེའི་ཕྱོགས་གཅིག་ལ་ཁྱབ་ཀྱང་མཐའ་དག་ལ་མ་ཁྱབ་པ་ལ་མ་ཁྱབ་པའི་སྐྱོན་ཞེས་བྱ། དེ་མཐའ་དག་ལ་ཁྱབ་ཅིང་དེ་ལས་གཞན་ལ་ཡང་ཁྱབ་པ་ལ་ཁྱབ་ཆེས་པའི་སྐྱོན་ཞེས་བྱའོ། །ཡང་མཚན་ཉིད་གང་ཞིག་རང་གི་མཚོན་བྱར་བཟུང་བ་དེའི་ཐ་སྙད་ལ་མི་སྲིད་པའམ། ཐ་སྙད་དེ་གང་ལ་ཞུགས་པའི་གཞི་ལ་མི་སྲིད་པ་གང་རུང་དེ་མི་སྲིད་པའི་སྐྱོན་གྱི་མཚན་ཉིད། དབྱེ་ན། ལྐོག་ཤལ་རྟའི་མཚན་ཉིད་དུ་བཞག་པ་ལྟ་བུ། མཚན་གཞི་དང་མཚོན་བྱ་གཉིས་ཀ་ལ་གཏན་མི་སྲིད་པ་དང༌། སྐད་ཅིག་མ་བྱས་པའི་མཚན་ཉིད་དུ་བཞག་པ་ལྟ་བུ། མཚན་གཞི་ལ་སྲིད་ཀྱང་མཚོན་བྱའི་ཐ་སྙད་ལ་མི་སྲིད་པ་གཉིས་སོ། །དེ་ལ་མི་སྲིད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཇི་སྐད་དུ། དེ་ཕྱིར་ཁྱད་པར་གང་ཞིག་ཆོས། །ཞེས་སོགས་དང༌། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །ཞེས་སོགས་ཀྱིས་བཤད་པར་རིགས་གཏེར་ལས་གསུངས་སོ། །དེ་ལྟར་ན་སྔ་རབས་པ་དག་གིས་དོན་ལྡོག་གཞན་གྱུར་དུ་འདོད་པའི་སྐྱོན་ཐམས་ཅད་རང་ལུགས་ཀྱི་མི་སྲིད་པའི་སྐྱོན་ཞེས་བྱ་བའི་ནང་དུ་འདུས་པའི་རྒྱུ་མཚན་དེ་ཡིན་ནོ། །འོ་ན་སྐྱོན་དེ་གསུམ་སེལ་བར་བྱེད་པའི་སྒྲའི་རྣམ་གཅོད་གསུམ་པོ་དེ་གང་ཡིན་ཞེ་ན། བ་ལང་ནི་ནོག་ལྐོག་ཤལ་དང་ལྡན་པ་ཁོ་ནའོ་ཞེས་པས་ནི་མ་ཁྱབ་པ་སེལ་བར་བྱེད་དོ། །ནོག་ལྐོག་ཤལ་འདུས་པའི་གོང་བུ་ཁོ་ན་བ་ལང་ངོ་ཞེས་བརྗོད་པས་ཁྱབ་ཆེས་པ་སེལ་བར་བྱེད་དོ། །གོང་བུ་དེ་ལ་མཚོན་བྱ་བ་ལང་གི་ཐ་སྙད་དང༌། མཚན་གཞི་བ་ལང་ཁྲ་བོ་སྲིད་དོ་ཞེས་བརྗོད་པས་མི་སྲིད་པ་སེལ་བར་བྱེད་དོ། །དེ་སྐད་དུ་ཡང༌། ཁྱད་པར་ཁྱད་པར་ཅན་དག་དང༌། །ཞེས་སོགས་གསུངས་སོ། །རིགས་པའི་གཏེར་གྱི་འགྲེལ་པར། རྟ་བ་ལང་དུ་མཚོན་པ་དང༌། དོན་སྤྱི་དངོས་མེད་དུ་མཚོན་པ་སོགས་བཤད་པ་ནི་མཚོན་སྦྱོར་གྱི་སྐྱོན་འཆད་པའི་དབང་དུ་མཛད་པ་ཡིན་པས་གཞན་དུ་བསམ་པར་མི་བྱའོ། །དེ་ལྟར་རྒྱས་པར་བཤད་པ་ན། རིགས་པའི་གཏེར་གྱི་ལུགས་ལ་སྐྱོན་བརྗོད་པར་རློམ་པ་གཞན་དག བྱས་པ་ཆོས་ཅན། མི་རྟག་པའི་མཚན་ཉིད་དུ་ཐལ། དེ་ལ་ལྟོས་པའི་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བའི་ཕྱིར་ཞེས་དང༌། ཡང་སྐད་ཅིག་མ་ཆོས་ཅན། བྱས་པའི་མཚན་ཉིད་དུ་ཐལ། སྤྱིར་མཚན་ཉིད་གང་ཞིག དེ་གསུམ་དང་བྲལ་བའི་ཕྱིར་ཞེས་ཟེར་བ་ཡང་ལེགས་པར་ཁེགས་པ་ཡིན་ནོ། །ཡང་དཔྱོད་ལྡན་ལ་སྐྱེ་བའི་དོགས་པ་འདི་བསལ་དགོས་ཏེ། ཇི་སྐད་དུ་རིགས་པའི་གཏེར་ལས། དང་པོ་ནས་བ་ལང་གི་མཚན་ཉིད་ནོག་ལྐོག་ཤལ་ཡིན་ནམ་ཞེས་འདྲི་ན། མཚན་ཉིད་ཡིན་མོད་མཚོན་བྱེད་དུ་འགྲོ་མི་འགྲོ་མཚན་གཞི་ལ་རག་ཅེས་བརྗོད་དགོས་ཏེ། དཔེར་ན་དུ་བ་མེའི་འབྲས་བུ་ཡིན་ཡང་འབྲས་རྟགས་སུ་འགྲོ་མི་འགྲོ་འགོད་ཚུལ་ལ་རག་ལས་པ་བཞིན་ནོ་ཞེས་གསུངས་པའི་ཕྱིར། མཚན་གཞི་ལ་མི་སྲིད་པའི་སྐྱོན་ངེས་པར་ཁས་ལེན་དགོས་པ་མིན་ནམ་ཞེ་ན། དེ་སྐད་དུ་གསུངས་པ་ཉིད་ཀྱིས་མཚན་ཉིད་ཙམ་གྱི་སྐྱོན་དང་མཚོན་སྦྱོར་གྱི་སྐྱོན་ཐ་དད་དུ་གྲུབ་པ་ཡིན་ནོ། །གཉིས་པ་མཚོན་བྱའི་རྣམ་བཞག་ལ་གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། སློབ་དཔོན་གཙང་ནག་པ་ན་རེ། དངོས་པོ་གཞིར་བྱས་ཀྱི་མཚན་མཚོན་རྫས་གཅིག་པ་ཡིན་ཏེ། མཚན་མཚོན་གཉིས་གཅིག་པ་བཀག་པའི་ཐ་དད་དུ་སོང་བ་མི་སྲིད་པའི་ཕྱིར་དང༌། མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་གཏན་ཚིགས་རྣམས་རང་བཞིན་གྱི་གཏན་ཚིགས་ཡིན་པའི་ཕྱིར་དང༌། དངོས་པོའི་ཐ་སྙད་བྱར་རུང་དང་དོན་བྱེད་ནུས་པ་གཉིས་རྫས་གཅིག་པའི་ཕྱིར་ཞེས་གསུངས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། རྫས་གཅིག་མི་འཐད་པ་དང༌། མཚོན་བྱའི་མཚན་གཞི་མི་འཐད་པའོ། །དང་པོ་ནི། འོ་ན་མིག་ཤེས་ཀྱི་བཟུང་བྱ་དང་གཟུགས་ཀྱི་ཐ་སྙད་རྫས་གཅིག་པར་འགྱུར་ལ། དེ་འདོད་ན་མིག་ཤེས་ཀྱི་བཟུང་བྱ་མཐོང་བའི་དབང་ཤེས་ཆོས་ཅན། རྟོག་པར་ཐལ། གཟུགས་ཀྱི་མིང་དང་ཐ་སྙད་སྣང་ཡུལ་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་པའི་རྒྱུ་མཚན་ཐ་སྙད་ལྐོག་གྱུར་ཡིན་པས་སོ། །དེ་དེ་མིན་ན་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་འོང་བའི་དོན་མེད་དོ། །གཞན་ཡང་མཚོན་བྱ་ཡིན་ན་རང་གི་མཚན་ཉིད་དེ་དང་རྫས་གཅིག་མིན་པས་ཁྱབ་སྟེ། དེ་ཡིན་ན་རྫས་སུ་མ་གྲུབ་དགོས་པའི་ཕྱིར། གཞན་ཡང་དོན་བྱེད་ནུས་པ་ཆོས་ཅན། བུམ་པ་དངོས་པོར་སྒྲུབ་པའི་དོན་སྒྲུབ་ཀྱི་གཏན་ཚིགས་སུ་ཐལ། དེ་ལྟར་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་བླངས་པའི་རྒྱུ་མཚན་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་ཁྱོད་དང་རྫས་གཅིག་ཡིན་དགོས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེའི་ཕྱིར་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་དང༌། གྲགས་པའི་གཏན་ཚིགས་གཉིས་སྒྲུབ་ཆོས་ལ་བཏགས་ཡོད་དང༌། རྫས་སུ་མ་གྲུབ་པས་ཁྱབ་པ་ཡིན་ནོ། །གཉིས་པ་ནི། ཐ་སྙད་བྱ་རུང་ཙམ་མཚོན་བྱའི་མཚན་གཞིར་མི་རུང་སྟེ། ཐ་སྙད་བྱ་རུང་ཙམ་ནི་སྤྱིར་དོན་ཐམས་ཅད་ལ་ཡོད་པའི་ཕྱིར་དང་ཁྱད་པར་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལ་ཀ་བའི་བརྡ་མ་སྦྱར་བའི་གོང་ནས་ཀ་བའི་ཐ་སྙད་བྱ་རུང་ཙམ་ནི་ཡོད་ལ་དེའི་མཚོན་བྱ་མེད་པའི་ཕྱིར། ཡོད་ན་དུས་དེར་དེའི་མིང་ཡོད་པར་འགྱུར་ལ། བརྡ་མ་སྦྱར་གོང་དུ་མིང་ཡོད་པ་བཞད་གད་ཀྱི་གནས་སོ། །དེ་ལྟར་བྱས་པ་ན་ཐ་སྙད་བྱར་རུང་ནི་གཉིས་ཏེ། བརྡ་མ་སྦྱར་གོང་གི་རུང་བ་དང༌། བརྡ་སྦྱར་ཕྱིན་ཆད་ཀྱི་ངེས་པའོ། །དང་པོ་ནི། ཤེས་བྱ་ཐམས་ཅད་ལ་ཀ་བའི་ཐ་སྙད་བྱ་རུང་བ་ཡིན་ནོ། །གཉིས་པ་ནི། བརྡ་སྦྱོར་རྒན་པོས་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཁོ་ན་ལ་ཀ་བའི་ཐ་སྙད་སྦྱར་ཕྱིན་ཆད་གང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་དེ་ཐམས་ཅད་དོ། །དེའི་ཚེ་ན་ཀ་བའི་ཐ་སྙད་དེ་མཚོན་བྱ་དང༌། ཐ་སྙད་དེ་བྱ་རུང་བ་ཐམས་ཅད་མཚན་གཞི་དང༌། མཚན་གཞི་དེ་ཐམས་ཅད་ལ་གདུང་འདེགས་ཀྱི་དོན་བྱེད་ནུས་པས་ཁྱབ་པ་ངེས་དགོས་པ་ཡིན་ནོ། །འདིའི་ཞིབ་ཆ་སྦྱོར་ཚུལ་ཅུང་ཟད་ཅིག་འོག་ནས་འབྱུང་ངོ༌། །གཉིས་པ་རང་གི་ལུགས་ལ་མཚན་ཉིད་ནི། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པའོ། །འདིར་སྒྲ་ཞེས་བྱ་བ་ནི་ཀ་བ་ཞེས་བརྗོད་པའི་སྒྲ་རང་མཚན་ནམ་སྒྲ་སྤྱི་གང་ཡང་རུང་བའོ། །བློ་ཞེས་བྱ་བ་ནི་དེ་ངེས་པའི་བློ་དང་ཐེ་ཚོམ་གང་ཡང་རུང་བའོ། །གྲུབ་པ་ཞེས་བྱ་བའི་སྒྲ་བློ་དེ་གཉིས་ལ་བཏགས་པའི་བཏགས་ཡོད་དུ་གྱུར་པའི་མིང་དང་ཐ་སྙད་དོ། །གཉིས་པ་མཚན་གཞི་ནི། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལྟ་བུ་རྒྱུ་མཚན་དུ་བྱས་ནས་བརྡ་སྦྱོར་རྒན་པོས་སྦྱར་བའི་བརྡའམ་ཐ་སྙད་དམ་མིང་ངོ༌། །འོ་ན་བརྡ་དང་ཐ་སྙད་འགལ་བར་བཤད་པ་མིན་ནམ་ཞེ་ན། མིན་ཏེ། བརྡ་དང་པོར་སྦྱོར་བ་དང༌། ཕྱིས་ཐ་སྙད་བྱེད་པའི་དུས་ལ་བརྡ་དུས་དང༌། ཐ་སྙད་དུས་ཞེས་སོ་སོར་སྦྱོར་བ་ཙམ་ཡིན་གྱི་འགལ་བ་མིན་ནོ། །ཐ་སྙད་འདི་ལ་ཡང་གཉིས་ཏེ། ལྷ་སྦྱིན་ཞེས་པ་ལྟ་བུ་མིང་གི་ཐ་སྙད་དང༌། ཤིང་ཞེས་པ་ལྟ་བུ་རིགས་ཀྱི་ཐ་སྙད་གཉིས་ལས། འདིར་མཚོན་བྱར་བཞག་པ་ནི་ཕྱི་མ་ཁོ་ནའོ། །སྔ་མ་ལ་ནི་ཁོ་རང་གི་དོན་ཞིག་ཡོད་ཀྱང༌། མིང་དོན་གཉིས་པོ་མཚན་མཚོན་དུ་མི་སྦྱོར་ཏེ། མཚན་གཞི་དང་མཚོན་ཆོས་ཐ་དད་དུ་བཟུང་རྒྱུ་མེད་པས་མཚོན་སྦྱོར་ཡང་དག་མི་སྲིད་པའི་ཕྱིར། དེའི་ཕྱིར་བརྡ་དང་མཚོན་བྱ་གཉིས་ཀ་རིགས་ཀྱི་ཐ་སྙད་ཡིན་ལ། མིང་གི་ཐ་སྙད་ལ་ནི་མཚོན་བྱ་ཡིན་མིན་གཉིས་འབྱུང་ངོ༌། །དེ་ཡང་རི་བོ་འབིགས་བྱེད་ཅེས་པའི་མིང་ཆོས་ཅན། མཚོན་བྱ་མིན་ཏེ། ཁྱོད་ཀྱི་དོན་དུ་རུང་བ་དེ་ཁྱོད་རང་ལ་བལྟོས་པའི་མཚན་གཞི་དེ་ལ་མི་སྲིད་པའི་ཕྱིར། སྲིད་ན་གང་ཡིན། རི་བོ་འབིགས་བྱེད་ཉིད་དོ་སྙམ་ན་དེ་ཉིད་དེའི་མཚན་གཞི་ཡིན་པ་བཞད་གད་ཀྱི་གནས་སོ། །མདོར་ན་མཚན་མཚོན་དུ་འཇོག་པ་ལ་མིང་དོན་གཉིས་ཡོད་པ་ཙམ་གྱི་མི་ཆོག་གི་དོན་དེའི་ནང་མཚན་གྱུར་པའི་མཚན་གཞི་ཁྱད་པར་ཅན་ཞིག་གཟུང་དུ་ཡོད་དགོས་པ་ཡིན་ཏེ། མཚན་མཚོན་སྐྱོན་མེད་ཟུང་གཅིག་གི་རྟེན་མེད་ན་མཚན་མཚོན་བཞག་ཏུ་མི་རུང་བའི་ཕྱིར། གསུམ་པ་མཚན་གཞི་ལ། མཚན་ཉིད་ནི། མཚན་མཚོན་ཟུང་གཅིག་གིས་རྟེན་བྱེད་པའོ། །དབྱེ་ན་མཚན་ཉིད་པ་དང་བཏགས་པ་གཉིས། དང་པོ་ནི། མཚན་མཚོན་གཉིས་ཀའི་རྟེན་བྱེད་པ་རྣམས་ཡིན་ལ། གཉིས་པ་ནི། མཚན་མཚོན་གང་རུང་གི་རྟེན་བྱེད་ལ། གཅིག་ཤོས་ཀྱི་རྟེན་མི་བྱེད་པའོ། །དཔེར་ན། རྟ་བ་ལང་དུ་མཚོན་པ་ལ་དོན་བྱེད་ནུས་པ་མཚན་ཉིད་དུ་བཀོད་པའོ། །འོ་ན། འདིར་མཚན་གཞི་རྟེན་གྱི་ཆོས་སུ་བཤད་མོད། བློ་ཆོས་དང་དོན་ཆོས་གཉིས་ལས་གང་ཡིན་ཞེ་ན། སྒྲས་བརྗོད་ཚུལ་དང༌། དོན་ལ་གནས་ཚུལ་གཉིས། དང་པོ་ནི། ཀ་བ་མཚན་གཞིར་བཟུང་ནས་དངོས་པོར་མཚོན་པའི་ཚེ། མིང་དོན་གྱི་ཚོགས་དོན་མཚན་གཞིར་བཟུང་བས་བློ་དོན་གཉིས་ཀ་ཡོད་ལ། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལྟ་བུ་མཚན་གཞིར་བཟུང་བའི་ཚེ། དོན་ཁོ་ན་དང་ཀ་བ་ཞེས་པའི་མིང་མཚན་གཞི། མཚོན་བྱར་མཚོན་རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་ཞེས་བཀོད་པའི་ཚེ་བློ་ཆོས་ཁོ་ནའོ། །གཉིས་པ་དོན་ལ་གནས་ཚོད་ནི། དོན་ལ་གནས་ཚུལ་ནི་གཉིས་ཏེ། དོན་ལ་མིང་བསྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་དང༌། མིང་ལ་མིང་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་གཉིས་ལས། དང་པོ་ནི། ཀ་བ་དངོས་པོར་མཚོན་པ་དང༌། བ་ལང་དཀར་ཟལ་བ་ལང་དུ་མཚོན་པ་ལྟ་བུ་ཡིན་ལ། དེའི་ཚེ་ནི་མཚན་གཞི་ནི་དོན་ཆོས་ཁོ་ན་ཡིན་ཏེ། དོན་ལ་ཐ་སྙད་སྒྲུབ་པའི་སྐབས་ཡིན་པའི་ཕྱིར། དངོས་མེད་ཤེས་བྱར་སྒྲུབ་པ་ལྟ་བུ་ལ་ཡང་དེ་མཚོན་ནོ། །གཉིས་པ་ནི། ཀ་བའི་ཐ་སྙད་མཚོན་བྱར་མཚོན་པ་ལྟ་བུ་ཡིན་ལ། འདི་ལ་ནི་དོན་ཆོས་མཚན་གཞིར་སོང་བ་མི་སྲིད་དེ། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལ་མཚོན་བྱར་སྒྲུབ་མི་ནུས་པའི་ཕྱིར། སྐབས་འདིར་དོན་ཆོས་དེ་ཡང་རྫས་ཡོད་ལ་བྱ་བ་ཡིན་གྱི་སྤྱི་ཙམ་ནས་བློ་ཆོས་མིན་དགོས་པ་ནི་མིན་ཏེ། དོན་བྱེད་ནུས་སྟོང་དེ་སྐབས་འདིའི་དོན་ཆོས་དང༌། སྤྱིར་བློ་ཆོས་ཡིན་པའི་ཕྱིར། གསུམ་པ། མཚོན་སྦྱོར་ཇི་ལྟར་འགོད་པའི་རིམ་པ་ལ། མཚོན་སྦྱོར་དངོས་དང༌། སྦྱོར་བའི་དབྱེ་བ་བཤད་པའོ། །དང་པོ་ལ། སྦྱོར་བ་ངོས་བཟུང༌། བཀོད་པའི་དགོས་པ། རྟགས་སྦྱོར་དང་མི་འདྲ་བའི་ཁྱད་པར། མཚོན་སྦྱོར་གྱི་ཁུངས་གང་ནས་བྱུང་བསམ་པའོ། །དང་པོ་ལ། ཐོག་མར་རིགས་ལ་བརྡ་སྦྱོར་བའི་ཚུལ། ཕྱིས་བྱེ་བྲག་སོ་སོ་བ་ལ་ཐ་སྙད་སྒྲུབ་པའི་ཚུལ་ལོ། །དང་པོ་ལ། བརྡ་སྦྱོར་ནུས་པའི་རྒྱུ་མཚན། བརྡ་སྦྱར་བའི་དགོས་པ། དེ་སྦྱར་བ་དངོས་སོ། །དང་པོ་ནི། ནོག་སོགས་འདུས་པའི་གོང་བུ་ལ་བ་ལང་གི་ཐ་སྙད་བྱ་རུང་སྟེ། དོན་ཐམས་ཅད་ལ་དེ་རུང་བའི་ཕྱིར་ཏེ། སྒྲ་དེ་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། གཉིས་པ་ནི། དེ་ལ་དེའི་བརྡ་སྦྱོར་བ་ཆོས་ཅན་དགོས་པ་ཡོད་དེ། ཐ་སྙད་ཀྱི་དུས་སུ་ཚིག་ཉུང་ངུས་དོན་མང་པོ་བདེ་ལག་ཏུ་རྟོགས་པར་བྱ་བའི་ཕྱིར། གསུམ་པ་ནི། བརྡ་སྦྱོར་རྒན་པོས། དེང་ཕྱིན་ཆད་ནོག་སོགས་འདུས་པའི་གོང་བུ་གང་ཡིན་ཐམས་ཅད་ལ་བ་ལང་ཞེས་བྱའི་མིང་བཏགས་པར་བྱའོ་ཞེས་འགྲོ་བ་མང་པོ་ལ་གྲགས་ཤིང་མཐུན་སྣང་དུ་གྲུབ་པར་བྱས་པའོ། །གཉིས་པ་ནི། དེ་ལྟར་གྲགས་ཟིན་པའི་འོག་ཏུ་སྐྱེས་བུ་ཤེས་རབ་ཅན་གྱིས་ནི་ནོག་སོགས་འདུས་པའི་དཀར་ཟལ་མཐོང་བ་ཙམ་གྱིས་འདི་ནི་བ་ལང་ངོ་སྙམ་དུ་དྲན་པར་འགྱུར་ལ། རྨོངས་པས་ནི་འདིའི་མིང་ཅི་ཡིན་སྙམ་པ་ལ། ནོག་སོགས་འདུས་པའི་དཀར་ཟལ་མཚན་གཞི། བ་ལང་དུ་མཚོན་ནོ་ཞེས་སམ། བ་ལང་གི་མིང་ཅན་དུ་མཚོན། ནོག་སོགས་འདུས་པའི་གོང་བུ་ཡིན་པ་ཞེས་འགོད་པར་བྱེད་དོ་ཞེས་པའོ། །འདིར་མཚན་གཞིའི་སྟེང་དུ་མཚན་ཉིད་ནི་མངོན་སུམ་གྱིས་མཐོང་ལ། མཚན་མཚོན་གྱི་འབྲེལ་བ་ནི་གྲགས་པས་གྲུབ་པ་ཡིན་ནོ། །གྲགས་པ་དེ་ཡང་རང་རྒྱུད་ལ་ཡོད་དགོས་པས། འདི་ལྟར་ནོག་སོགས་འདུས་པའི་གོང་བུ་ཐམས་ཅད་ནི་བ་ལང་ངོ་སྙམ་དུ་འཛིན་པའི་རྣམ་པར་རྟོག་པ་གཏིང་ཚུགས་པའོ། །འདིའི་འབྲེལ་བ་ཚད་མས་འགྲུབ་དགོས་པར་འདོད་པ་ལྟར་ན། དེ་འདྲའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་འགྲུབ་བོ་ཞེས་བཤད་ཀྱང་འགལ་བ་མེད་ཅིང༌། མཚན་མཚོན་ཐམས་ཅད་ལ་དེ་བཞིན་དུ་སྦྱར་བར་བྱའོ། །གཉིས་པ་ནི། ནོག་སོགས་འདུས་པའི་སྤྱི་རིགས་ལ་བ་ལང་གི་བརྡ་ཤེས་ཤིང༌། དེའི་ནང་མཚན་སོ་སོ་ལ་བ་ལང་གི་ཐ་སྙད་སྦྱོར་དུ་རུང་མི་རུང་མི་ཤེས་པའི་རྒོལ་བ་རྨོངས་པ་ལ། མཚན་གཞི་སོ་སོའི་སྟེང་དུ་བ་ལང་གི་ཐ་སྙད་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་ཡིན་ནོ། །གསུམ་པ་ནི། འོ་ན་དེ་འདྲའི་རྒོལ་བ་རྨོངས་པ་དེ་ལ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་བཀོད་པས་མི་ཆོག་པ་ཅི་ཞིག་ཡོད་སྙམ་ན། འདིའི་ལན་ལ། རྒོལ་བ་འདི་ལ་དེ་བཀོད་པས་མི་ཆོག་པའི་རྒྱུ་མཚན་དང༌། སྤྱིར་མཚོན་སྦྱོར་ལོགས་སུ་དགོས་པའི་རྒྱུ་མཚན། དང་པོ་ནི། དེའི་ངོར་དེ་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པ་མིན་ཏེ། དེའི་ངོར་དེ་དེར་སྒྲུབ་པའི་མཐུན་དཔེ་མེད་པའི་ཕྱིར་ཏེ། རྒོལ་བ་དེས་མཚན་ཉིད་ཀྱི་སྤྱི་རིགས་ལ་བ་ལང་གི་ཐ་སྙད་ངེས་ཀྱང་མཚན་གཞི་སོ་སོ་བ་གཅིག་གི་སྟེང་དུ་བ་ལང་གི་ཐ་སྙད་མ་ཤེས་པའི་ཕྱིར། དེ་ལྟ་མོད་ཀྱི་དཀར་ཟལ་ལ་བ་ལང་གི་ཐ་སྙད་ཤེས་པའི་འོག་ཏུ། ནག་དགུར་ལ་བ་ལང་གི་ཐ་སྙད་སྒྲུབ་པ་ལ་ནི། གཏན་ཚིགས་ཡང་དག་བཀོད་ན་བཟང་བ་ཡིན་ནོ། །གཉིས་པ་ནི། འཇིག་རྟེན་གྱི་གྲགས་པའམ་བསྟན་ཆོས་ཀྱི་གྲགས་པ་གང་ཡིན་ཡང་རུང་སྟེ། ཀ་བུམ་དང་ཚད་མ་ལ་སོགས་པའི་མིང་གི་ཐ་སྙད་ཙམ་ཞིག་ཐོབ་ནས་མཚན་ཉིད་དང་མཚན་གཞི་གཉིས་ཀ་མི་ཤེས་པའི་རྒོལ་བ་ལ་གཏན་ཚིགས་འགོད་པ་ནི་མིན་ཏེ། དེའི་ངོར་ཤེས་འདོད་ཆོས་ཅན་མེད་པའི་ཕྱིར། དེའི་ངོར་ཐོག་མར་མཚན་ཉིད་འགོད་པར་བྱ་སྟེ། འདི་ལྟར། གདུང་འདེགས་ཀྱི་དོན་བྱེད་ནུས་པ་དེ་ཀ་བའི་མཚན་ཉིད་དོ། །ཞེས་ངེས་པར་བྱེད་དོ། །དེ་ཙམ་གྱིས་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཐམས་ཅད་ཀ་བར་ངེས་ན་མཚོན་བྱར་འགོད་མི་དགོས་ཤིང༌། ངེས་པ་དེ་ཡང་ཚད་མ་ནི་མིན་ཏེ། རྟགས་ཡང་དག་ལ་མ་རྟེན་པའི་རྟོག་པ་ཡིན་པའི་ཕྱིར། ཡང་དེ་ལྟ་མི་ཤེས་པ་ལ་གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚན་ཉིད་ཅི་ལྟ་བུ་ཡིན་སྙམ་པའི་རྟོག་པ་མི་སྐྱེ་མོད། དེའི་མཚན་གཞི་ཇི་ལྟ་བུ་ཡིན་སྙམ་པའི་དོགས་པ་སྐྱེ་བར་འགྱུར་རོ། །དེ་ལ་ནི། མདུན་ན་ཡོད་པའི་ཙནྡན་གྱི་ཀ་བ་རང་མཚན་པ་ཞིག་བསྟན་ནས། འདི་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་ནོ་ཞེས་གོ་བར་བྱེད་དོ། །དེ་ཙམ་གྱིས་དེ་ལ་ད་དུང་ཀ་བའི་ཐ་སྙད་མི་ཤེས་ན་ཙནྡན་གྱི་ཀ་བ་མཚན་གཞིར་བཞག་ནས་མཚོན་བྱར་འགོད་དགོས་པ་ཡིན་ནོ། །འདི་ལ་གཏན་ཚིགས་ཡང་དག་བཀོད་པས་མི་ཆོག་སྟེ། དཔེ་མེད་པའི་ཕྱིར་རོ། །མདོར་བསྡུ་ན་དེ་དེའི་མཚན་ཉིད་དུ་བཞག་པ་ཙམ་གྱིས་ཁྱབ་པའི་སྒོ་བཞི་ཁས་ལེན་མི་དགོས་ལ། མཚོན་སྦྱོར་དུ་བཀོད་པ་ན་ཁྱབ་པའི་སྒོ་བཞི་ཁས་ལེན་དགོས་པ་ནི་མཚན་གཞི་བཞག་པ་དང༌། མཚོན་སྦྱོར་བཀོད་པའི་ཁྱད་པར་ཡིན་ལ། རྟགས་སྦྱོར་བཀོད་པའི་ཚེ་ན་ནི་ཁྱབ་པའི་སྒོ་གཉིས་ལས་ཁས་མི་ལེན་ལ། མཚོན་སྦྱོར་ལ་སྒོ་བཞི་ཀ་ཁས་ལེན་དགོས་པ་འདི་ནི་སྦྱོར་བ་གཉིས་ཀྱི་ཁྱད་པར་རོ། །བཞི་པ་ནི། སྡེ་བདུན་མཛད་པའི་གཞུང་ན་མཚོན་སྦྱོར་གྱི་ཁུངས་མེད་ཀྱང༌། རྗེ་བཙུན་བྱམས་པའི་གཞུང་འགྲེལ་ལས། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ། ཞེས་དང༌། མཚོན་བྱ་ལྟ་བུར་མཚོན་པས་ན། །ཞེས་གསུངས་པ་དང༌། དེའི་འགྲེལ་པ་ལས་རྒྱས་པར་འབྱུང་བ་ལ་དཔགས་ནས་རིགས་པའི་དབང་ཕྱུག་ཕྱྭ་པ་ཚུན་ཆད་ཀྱི་བོད་གངས་ཅན་གྱི་རྟོག་གེ་པ་མཐའ་དག་ལ་གསལ་བར་གྲགས་པ་ཡིན་མོད། སྡེ་བདུན་གྱི་འགྲེལ་པ་མཁན་པོ་འཕངས་ཡུལ་དུ་བྱོན་པ་དག་དང༌། བོད་ཀྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྔོག་ལོ་ནས་རྒྱ་དམར་གྱི་བར་ལ་མ་གྲགས་ཤིང༌། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་ཕྱིས་བྱོན་པ་འགའ་ཞིག་ཀྱང་མི་བཞེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་རིགས་གཏེར་མཛད་པའི་དགོངས་པ་ལ། མཚོན་སྦྱོར་དང་རྟགས་སྦྱོར་སྐྱོན་མེད་གཉིས་ཀ་ལ་བརྟེན་པའི་རྗེས་དཔག་བཞེད་ཅིང་གཉིས་པོ་འགོད་ཚུལ་གྱི་ཁྱད་པར་ནི། མཚོན་སྦྱོར་དུ་བཀོད་པ་དང་བསྒྲུབ་པའི་ངག་ཏུ་བཀོད་པའོ། །དེའི་ཕྱིར་རྒོལ་བ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་ལམ། རྒོལ་བ་གཞན་གྱི་དྲན་ལམ་དུ་འཕེན་པར་ནུས་པའི་སྦྱོར་ངག་རྣམ་དག་ཡིན་ན་སྒྲུབ་པའི་ངག་ཡིན་པས་མ་ཁྱབ་སྟེ། ཚུལ་གསུམ་ཤེས་ལ་མ་དྲན་པའི་རྒོལ་བ་འགའ་ཞིག་གི་ངོར། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་བཀོད་པས་ཚུལ་གསུམ་དྲན་ལམ་དུ་འཕེན་ནུས་པ་བཞིན་དང༌། མཚོན་སྦྱོར་སྐྱོན་མེད་ཀྱི་ངག་བཞིན་ནོ། །དེ་ཡིན་ན་སྒྲུབ་ངག་ཡང་དག་ཡིན་པར་འགལ་བའི་རྒྱུ་མཚན་ཡང༌། དེས་བསྒྲུབ་བྱ་ཚིག་གི་ཟིན་པར་བརྗོད་པ་ལ་ཐུག་པ་ཡིན་ནོ། །འོ་ན་མཚན་གཞིའི་སྟེང་དུ་མཚོན་བྱའི་ཐ་སྙད་སྒྲུབ་པ་ལ་ཁྱད་པར་མེད་པར་ནི་དུ། མཚོན་སྦྱོར་དང་རྟགས་སྦྱོར་ཐ་དད་དུ་བཀོད་པའི་རྒྱུ་མཚན་དང༌། དགོས་པ་དང་ཁྱད་པར་གསུམ་པོ་གང་ཞེ་ན། དང་པོ་ནི། མཚན་ཉིད་དུ་བཀོད་པ་དང༌། རྟགས་སུ་བཀོད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ནི། མཚན་ཉིད་ཀྱི་སྐྱོན་གསུམ་སེལ་བ་དང༌། རྟགས་ཀྱི་སྐྱོན་གསུམ་སེལ་བའི་དགོས་པ་མི་འདྲ་བའོ། །གསུམ་པ་ནི། མཚོན་བྱར་བཀོད་པའི་ཚེ་བུམ་པ་མཚན་གཞི་དངོས་པོ་ཞེས་སམ། དངོས་པོའི་ཐ་སྙད་དང་ལྡན་པར་མཚོན། དོན་བྱེད་ནུས་པ་ཡིན་པ་ཞེས་འགོད་པར་བྱེད་དོ། །འདིར་དངོས་པོའི་ཐ་སྙད་བྱ་རུང་དུ་མཚོན་ཞེས་བཀོད་ན་མ་ཁྱབ་པའི་སྐྱོན་འབྱུང་སྟེ། འདི་ལྟར། དོན་བྱེད་ནུས་པ་ལ་དངོས་པོའི་བརྡ་མ་སྦྱར་གོང་གི དངོས་མེད་ཇི་སྙེད་པ་ཆོས་ཅན། དེར་ཐལ། དངོས་པོའི་ཐ་སྙད་བྱ་རུང་ཡིན་པའི་ཕྱིར་ཏེ། རྟོག་ཡུལ་ན་ཡོད་པའི་ཕྱིར་དང༌། བརྡ་མ་སྦྱར་གོང་དུ་དངོས་པོའི་ཐ་སྙད་དེ་དོན་བྱེད་ནུས་པ་དང༌། ནུས་སྟོང་གཉིས་ཀ་ལ་འཇུག་ཏུ་རུང་མི་རུང་གི་ཁྱད་པར་མ་དམིགས་པའི་ཕྱིར། རྟགས་སྦྱོར་འགོད་པའི་ཚེ་ན་བུམ་པ་ཆོས་ཅན། དངོས་པོའི་ཐ་སྙད་བྱར་རུང་སྟེ་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་རྩ་བའི་རྟགས་དང༌། དེ་ལ་རྟེན་པའི་སྒྲུབ་པའི་ངག་བཀོད་པས་སྐྱོན་དུ་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མིན་ནོ། །ཞེས་བྱ་བ་འདི་ནི་ལེགས་པར་བཤད་པ་གཉིས་པ་ཡིན་པས། སྔར་བཤད་པ་དང་འགལ་བར་མི་བསམ་མོ། །ཡང་ན་འདི་ལྟར་ཡིན་ཏེ། མཚོན་སྦྱོར་བཀོད་པའི་དགོས་པ་ནི་མཚན་གཞིའི་སྟེང་དུ་མཚོན་བྱའི་ཐ་སྙད་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་མཚན་ཉིད་དང་མཚོན་བྱའི་འབྲེལ་བ་སྒྲུབ་པའོ། །དེ་སྐད་དུ་ཡང༌། མཚན་ཉིད་དང་ནི་མཚོན་བྱ་ཡི། །འབྲེལ་བ་མཁས་པས་མཐོང་བས་དྲན། །རྨོངས་པ་ལ་ནི་བརྡ་དྲན་པའི། །ཐ་སྙད་སྒྲུབ་ཀྱི་རྗེས་དཔག་དགོས། །ཞེས་སོ། །དེ་གྲུབ་ཟིན་འོག་ཏུ་གཏན་ཚིགས་ཀྱི་སྦྱོར་བ་བཀོད་ནས་རྗེས་དཔག་སྐྱེད་པར་བྱེད་དོ་ཞེས་བྱ་བ་འདི་ལེགས་པར་བཤད་པའི་རྣམ་གྲངས་གསུམ་པའོ། །གཉིས་པ་སྦྱོར་བའི་དབྱེ་བ་ལ། དབྱེ་བ་དངོས་དང༌། སྦྱོར་བ་ལ་ཐུག་པ་ཡོད་མེད་བསམ་པའོ། །དང་པོ་ལ། རང་ལྡོག་ཡིན་པའི་མཚོན་ཚུལ་དང༌། གཞན་ལྡོག་མིན་པའི་མཚོན་ཚུལ་ལོ། །དང་པོ་ལ་སྤྱིའི་སྦྱོར་བ་གསུམ། སྦྱོར་བ་འདིར་གཏོགས་གསུམ་མོ། །དང་པོ་ནི། དོན་བྱེད་ནུས་པ་མཚན་གཞི། མཚན་ཉིད་ཡིན་པའམ། དེའི་ཐ་སྙད་དང་ལྡན་པར་མཚོན། དངོས་འགལ་གཅོད་པའི་དོན་ལྡོག་གྲུབ་པའོ། །དངོས་པོའི་ཐ་སྙད་མཚན་གཞི། མཚོན་བྱའམ་དེའི་ཐ་སྙད་དང་ལྡན་པར་མཚོན། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པའོ། །འདིར་དངོས་པོ་མཚན་གཞིར་འཇོག་པ་ནི་རྩིང་པོ་ཡིན་ཏེ། དེ་ནི་དོན་དང་ཐ་སྙད་ཀྱི་ཚོགས་པ་ཡིན་པའི་ཕྱིར། དོན་བྱེད་ནུས་པ་ལ་ནི་མི་མཚུངས་ཏེ། དེ་ནི་དོན་རྐྱང་པ་ཡིན་པའི་ཕྱིར། ཡང་བུམ་པའམ་ལྟོ་ལྡིར་བ་མཚན་གཞི། མཚན་གཞིའམ་མཚན་གཞིའི་ཐ་སྙད་དང་ལྡན་པར་མཚོན། མཚན་མཚོན་ཟུང་གཅིག་གི་རྟེན་བྱེད་པའོ། །འདི་རྟགས་ཡང་དག་ཏུ་བཞེད་པ་ལྟར་ན། མཚན་ཉིད་ཀྱི་རྟེན་བྱེད་པ་རྐྱང་པ་བཀོད་པས་ཆོག་པ་ཡིན་གྱི། མཚོན་བྱའི་རྟེན་བྱེད་པ་མི་འགོད་དེ། ཕྱོགས་ཆོས་ངེས་པའི་དུས་བསྒྲུབ་བྱ་གྲུབ་ཟིན་པའི་སྐྱོན་ཡོད་པའི་ཕྱིར། འདིའི་མཚན་གཞི་ལ་ནི་དོན་དང་ཐ་སྙད་གཉིས་ཀ་སྲིད་དོ། །གཉིས་པ་སྦྱོར་བ་འདིར་གཏོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བ་དྲུག་གོ །གཞན་ལྡོག་མིན་པར་མཚོན་ཚུལ་ལ་ཡང༌། སྤྱིའི་སྦྱོར་བ་གསུམ་དང༌། སྦྱོར་བ་འདིར་གཏོགས་གསུམ་སྟེ་དྲུག་ཡིན་ནོ། །འགོད་པའི་ཚུལ་ནི་གཉིས་མཚན་གཞིར་བཞག་ནས་རེ་རེ་མིན་པར་མཚོན་པའོ། །འདིར་ཅུང་ཟད་རྟོགས་དཀའ་བ་སྐྱོན་ཅན་གྱི་འཇོག་ཚུལ་ནི། རིགས་པའི་གཏེར་གྱི་གཞུང་འདི་ལྟར་སྦྱར་བར་བྱ་སྟེ། གཞན་ལྡོག་མིན་པའི་མཚན་ཚུལ་གྱི། །སྤྱི་སྦྱོར་གསུམ་གྱི་མཚན་ཉིད་དང༌། །མཚན་གཞིའི་སྦྱོར་བ་གཉིས་དག་ལ། །སྐྱོན་ཅན་སྐྱོན་མེད་ཆ་གཉིས་སྲིད། །གཞན་རྣམས་སྐྱོན་མེད་ཁོ་ན་ཡིན། །ཞེས་སྦྱར་རོ། །གཉིས་པ་ཐུག་པ་ཡོད་མེད་དཔྱད་པ་ལ། སྔ་རབས་ཀྱི་ལུགས་གཉིས་ཏེ། གཙང་ནག་པ་ནི། མཚོན་སྦྱོར་དང་རྟགས་སྦྱོར་གཉིས་ཀའི་སྤྱི་དང་བྱེ་བྲག་གི་སྦྱོར་བ་གཉིས་ཀ ཐུག་མེད་དུ་འདོད་པ་ཡིན་ལ། འདི་ལ་ལྡོག་མཚུངས་སུ་འདོད་པ་ཞེས་བྱ་བའི་མིང་འདོགས་སོ། །སློབ་དཔོན་ཕྱྭ་པ་ནི། སྦྱོར་བ་གཉིས་ཀའི་སྤྱི་བྱེ་བྲག་གཉིས་ཀའང་སྦྱོར་བ་གསུམ་པར་ཐུག་པ་ཡིན་གྱི། བཞི་པ་ཕན་ཆད་བཀོད་པ་ལ་དགོས་ནུས་གཉིས་ཀ་མེད་དོ། །དེའི་རྒྱུ་མཚན་སྤྱི་སྦྱོར་ལ་མཚན་གཞི་དང༌། མཚན་ཉིད་ཐ་དད་མེད་པའི་ཕྱིར། བྱེ་བྲག་གི་སྦྱོར་བ་ཡང་སྦྱོར་བ་གསུམ་པའི་ཚེ། བརྡ་དྲན་པར་བྱས་པ་ཉིད་ཀྱིས་བསྒྲུབ་བྱ་སྒྲུབ་ཟིན་པའི་ཕྱིར་ཞེས་བཞེད་ལ། འདི་ལ་ནི་ལྡོག་ལ་གཅིག་བཅད་དུ་འདོད་པའི་ལུགས་ཞེས་པའི་ཐ་སྙད་བཏགས་སོ། །རིགས་གཏེར་མཛད་པའི་རང་ལུགས་ཀྱང་འདི་ཡིན་ཏེ། ཇི་སྐད་དུ། གཉིས་ཀའང་སྦྱོར་བ་གསུམ་པར་ཐུག །ཅེས་གསུངས་པས་སོ། །སྐབས་འདིའི་རྟགས་དང་མཚན་ཉིད་ཀྱི་སྦྱོར་བ་གཉིས་ཀའང་གྲགས་པའི་གཏན་ཚིགས་ལས་མ་འདས་ལ། མཚན་མཚོན་གྱི་འབྲེལ་པ་ཡང་སྒྲོ་བཏགས་པ་ཁོ་ན་ཡིན་ཞིང༌། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་མིན་ཏེ། མིང་དོན་གྱི་འབྲེལ་པ་ལས་མ་འདས་པའི་ཕྱིར། ཇི་སྐད་དུ། འཁྲུལ་པས་གཅིག་ཏུ་འཛིན་པ་ཉིད། །མྱོང་བས་མཚན་མཚོན་འབྲེལ་པ་འགྲུབ། །ཅེས་གསུངས་པས་སོ། །འོ་ན་མཚན་མཚོན་རང་བཞིན་འབྲེལ་པ་ཡིན། །ཞེས་དང༌། མཚན་མཚོན་གྲངས་མཉམ་ངོ་བོ་གཅིག །ཅེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་སེལ་ངོར་ངོ་བོ་གཅིག་པ་ལ་དགོངས་པ་ཡིན་ནོ། །དེ་ལྟ་ན་ཡང་དངོས་པོ་སྟོབས་ཞུགས་ཀྱི་བདག་གཅིག་འབྲེལ་ནི་མིན་ཏེ། དེར་འཇོག་པ་ལ་དོན་ལ་ངོ་བོ་གཅིག་པ་ལ་རྟོག་པས་ལྡོག་པ་ཐ་དད་དུ་ཕྱེ་བ་གཅིག་དགོས་པ་ཡིན་ལ། མིང་དོན་གཉིས་ནི་རྟོག་པས་གཅིག་ཏུ་བཟུང་བ་ཙམ་ཡིན་གྱི། དོན་གྱི་སྟེངས་ན་ངོ་བོ་གཅིག་པ་མི་སྲིད་པའི་ཕྱིར། ཡང་ན་ནི། དོན་བྱེད་ནུས་པ་དང་དངོས་པོ་ངོ་བོ་གཅིག་པ་ལ་དགོངས་ནས། མཚན་མཚོན་རང་བཞིན་འབྲེལ་པ་ཡིན། །ཞེས་གསུངས་པར་ངེས་སོ། །དེ་གཉིས་ལ་དངོས་པོ་སྟོབས་ཞུགས་ཀྱི་བདག་གཅིག་འབྲེལ་པ་གྲུབ་པ་དེ་ལྟ་ན་ཡང༌། དེས་དེ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཆོས་གཉིས་ལ། དངོས་པོ་སྟོབས་ཞུགས་ཀྱི་འབྲེལ་པ་གྲུབ་པར་བཞག་མི་ནུས་ཏེ། དེས་དེ་སྒྲུབ་པའི་ཚེ་དངོས་པོའི་ཐ་སྙད་ཁོ་ན་སྒྲུབ་བྱའི་ཆོས་སུ་སོང་བ་ཡིན་གྱི། དོན་སྒྲུབ་བྱའི་ཆོས་སུ་བཟུང་བ་མི་སྲིད་པའི་ཕྱིར། སྐབས་འདིར་མཚན་མཚོན་གྲངས་མཉམ་དུ་གསུངས་པའི་དོན་ལ། གྲངས་མི་མཉམ་པའི་འདོད་ཚུལ་ནི་འདི་ལྟར། མཚན་ཉིད་གཅིག་ལ་མཚོན་བྱ་རྫས་གཞན་དུ་མ་ཡོད་པར་འདོད་པ་དང༌། མཚོན་བྱ་གཅིག་ལ་མཚན་ཉིད་རྫས་གཞན་དུ་མ་ཡོད་པར་འདོད་པའོ། །དང་པོ་ནི། ཆོས་མངོན་པ་བདག་གིས་མི་རྟག་པ་འདུས་བྱས་སྤྱིའི་མཚན་ཉིད་དུ་འདོད་པ་ལྟ་བུའོ། །གཉིས་པ་ནི། ཉན་ཐོས་སྡེ་པ་དག་འདུས་བྱས་རེ་རེ་ལའང་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་བཞི་རྫས་ཐ་དད་པའི་ཚུལ་གྱིས་ཡོད་པར་འདོད་པ་དེ་འདིར་འགོག་པ་ཡིན་ནོ། །དེ་ལས་གཞན་དུ་མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་ཡོད་པ་དང༌། མཚན་ཉིད་གཅིག་ལ་མཚོན་བྱ་དུ་མ་ཡོད་པ་ནི་འདིར་འགོག་པ་མིན་ཏེ། མིང་གཅིག་ལ་དོན་དུ་མ་ཡོད་པ་དང༌། དོན་དུ་མ་ལ་མིང་གཅིག་ཡོད་པ་མི་འགོག་པའི་ཕྱིར། དཔེར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཚོན་བྱ་བསྒྲུབ་བྱའི་ཐ་སྙད་གཅིག་པུ་ལ་མཚན་ཉིད་ཐ་དད་པ་གཉིས་གསུངས་པ་དང༌། རྗེ་བཙུན་བྱམས་པའི་གཞུང་དུ་མཚོན་བྱ་ཐེག་ཆེན་གྱི་སྦྱོར་བའི་ཐ་སྙད་གཅིག་ལ། མཚན་ཉིད་བདུན་ཅུ་རྩ་ལྔ་གསུངས་པ་དང༌། མངོན་བརྗོད་ཀྱི་བསྟན་བཅོས་དག་ཏུ་འཇིག་རྟེན་གྱི་རྒན་པོས་བྱེ་བྲག་མང་པོ་དང་ལྡན་པའི་དོན་གཅིག་ལ་མིང་དུ་མ་བཏགས་པ་མཐོང་བའི་ཕྱིར། དཔེར་ན་པདྨ་དང༌། མཚོ་སྐྱེས་དང༌། འདབ་བརྒྱ་པ་ལ་སོགས་པ་རིགས་ཀྱི་སྒྲ་དུ་མ་བཏགས་པ་བཞིན་ནོ། །གཉིས་པ་བསྡུས་ཏེ་ངོས་བཟུང་བ་ལ། དོན་གྱི་ཆོས་ཁོ་ནར་དམིགས་པའམ། དངོས་འགལ་གཅོད་པའི་དོན་ལྡོག་དེ་མཚན་ཉིད་ཀྱི་མཚན་ཉིད་ཅེས་སམ། མཚན་ཉིད་ཀྱི་ཐ་སྙད་ཀྱི་མཚན་ཉིད། དཔེར་ན་དོན་བྱེད་ནུས་པ་ལྟ་བུའོ། །འདི་ལ་རློམ་ཚོད་དང་སོང་ཚོད་གཉིས་ཡོད་ཀྱང་མཚན་ཉིད་འཇོག་པའི་ཚེ། སོ་སོར་ཕྱེ་ན་སྐྱོན་ཅན་དུ་འགྱུར་བས། སོ་སོར་མི་འབྱེད་པར་དོན་བྱེད་ནུས་པ་དེ་དངོས་པོའི་ཐ་སྙད་དམ་དངོས་པོའི་མཚན་ཉིད་དོ། །འདིར་ཐ་སྙད་བྱར་རུང་སྦྱོར་བ་ནི་གཙང་ནག་པའི་ལུགས་དང་འདྲེས་པ་ཡིན་ཅིང༌། དེ་ཡང་རྟགས་སྦྱོར་གྱི་ཚེ་སྐྱོན་མེད་ཡིན་ཡང༌། མཚོན་སྦྱོར་གྱི་ཚེ་སྐྱོན་དུ་འགྱུར་བ་ཡིན་གྱི་སྟེ། མཚན་ཉིད་རྟགས་སུ་བཀོད་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་ནི། བརྡ་དུས་སུ་ཡང་འགོད་དུ་རུང་བ་ཡིན་ལ། མཚོན་སྦྱོར་ནི་ཐ་སྙད་ཀྱི་དུས་ཁོ་ནའི་དབང་དུ་བྱས་པའི་ཕྱིར། གཉིས་པ་བློ་ཆོས་ཁོ་ནར་དམིགས་པའམ། རྒྱུ་མཚན་ཅན་གྱི་སྒྲ་བློ་གྲུབ་པ་དེ་མཚོན་བྱའམ་དེའི་ཐ་སྙད་ཀྱི་མཚན་ཉིད་ཡིན། དཔེར་ན་དངོས་པོའི་ཐ་སྙད་ལྟ་བུའོ། །འདི་ཡང་འཆད་པའི་ཚེ། སོང་ཚོད་ནི་དངོས་པོའི་ཐ་སྙད་ཀྱི་གཞན་སེལ་དང༌། རློམ་ཚོད་དངོས་པོའི་ཐ་སྙད་རང་མཚན་དུ་རློམ་པ་དེ་ཡིན་ཀྱང༌། མཚན་མཚོན་དུ་འཇོག་པའི་ཚེ་སོ་སོར་ཕྱེ་ན་སྐྱོན་དང་བཅས་པ་ཡིན་ནོ། །འོ་ན་དངོས་པོ་དང༌། ཤེས་བྱ་ལ་སོགས་པའི་རང་ལྡོག་ནས་མཚོན་བྱར་ཁས་བླངས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་དེའི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པ་ལ་དངོས་པོ་ལ་སོགས་པའི་རང་ལྡོག་ནས་མཚོན་བྱར་ཁས་བླངས་པ་ལ་སྐྱོན་མེད་ཀྱང༌། སྤྱིར་བཏང་ནས་དེ་དེར་ཁས་བླངས་ན་སྐྱོན་འདི་ལྟར། བུམ་པ་དང་ཀ་བ་ལ་སོགས་པ་ཆོས་ཅན་དངོས་པོར་གྱུར་པའི་སྟེང་དུ་བསྒྲུབ་བྱའི་ཆོས་དངོས་པོ་ཙམ་དང༌། མི་རྟག་པ་དང༌། ཤེས་བྱ་ཙམ་ལ་སོགས་པ་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ན་ཐ་སྙད་འབའ་ཞིག་སྒྲུབ་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་ཆོས་སུ་བཟུང་བྱ་ཡིན་ན་དེ་དང་དེའི་མཚོན་བྱ་ཡིན་དགོས་པའི་ཕྱིར། དེ་བས་ན་ཐ་སྙད་མཚོན་བྱའི་མིང་ནི་གཉིས་ཏེ། ཐ་སྙད་རྐྱང་པ་དང༌། དོན་དང་ཐ་སྙད་ཀྱི་ཚོགས་པའོ། །དང་པོ་ནི། དངོས་པོ་ཞེས་པའི་ཐ་སྙད་ལྟ་བུའོ། །འདི་ནི་ཐ་སྙད་དང་མཚོན་བྱ་ཁོ་ནའོ། །གཉིས་པ་ནི་དངོས་པོ་དང་ཤེས་བྱ་ལ་སོགས་པ་རྣམས་སོ། །འདི་ལ་ཐ་སྙད་དང་མཚོན་བྱ་གཉིས་སོ་སོར་དབྱེ་དགོས་པ་ཡིན་ཏེ། འདི་ལྟར་བུམ་པ་མི་རྟག་པར་སྒྲུབ་པ་ལ་སྐད་ཅིག་མ་རྟགས་སུ་བཀོད་པའི་ཚེ། ཆོས་སུ་བཟུང་བྱ་ཡིན་ན་མཚོན་བྱ་ཁོ་ན་ཡིན་པས་ཁྱབ་པ་དང༌། དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། ཆོས་སུ་བཟུང་བྱ་ཡིན་ན་དོན་དང་ཐ་སྙད་གཉིས་ཀའི་ཚོགས་དོན་ཡིན་དགོས་ཏེ། སྔ་མ་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར་དང༌། ཕྱི་མ་ནི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། འོ་ན་དངོས་པོ་ཆོས་ཅན། མཚོན་བྱར་ཐལ། དོན་བྱེད་ནུས་པ་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་པའི་སྐྱོན་འཇུག་པ་མིན་ནམ་ཞེ་ན། འདི་ནི་ཤིན་ཏུ་མིན་ཏེ། འདིར་མཚན་ཉིད་ཀྱི་དོན་ནི་མཚོན་བྱེད་ཡིན་ལ། མཚོན་བྱེད་ཡིན་ན་རང་གི་མཚན་གཞིའི་སྟེང་དུ། མཚོན་བྱའི་ཐ་སྙད་དེ་མཚོན་པར་བྱེད་པ་ཡིན་མི་དགོས་པའི་ཕྱིར། འོ་ན་ཅི་ཞིག་མཚོན་པར་བྱེད་ཅེ་ན། ཐ་སྙད་དེ་དང་ལྡན་པར་མཚོན་པར་བྱེད་པ་ཡིན་ནོ། །དེ་ཡང་འདི་ལྟར། མཚོན་པར་བྱེད་དོ་ཞེས་པ་བཤད་པའི་གཞི། བྱེད་པ་པོ་གང་གིས་ན། དོན་བྱེད་ནུས་པས་སོ། །ལས་སུ་བྱ་བ་གང་ལ་ན། མཚན་གཞི་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལྟ་བུའོ། །དོན་གང་ཞིག་མཚོན་པར་བྱེད་ན། དངོས་པོ་ཞེས་པའི་ཐ་སྙད་དེའོ། །ཚུལ་ཇི་ལྟར་དུ་མཚོན་པར་བྱེད་ན། ཐ་སྙད་དེ་དང་ལྡན་པ་ཉིད་དུའོ། །ཞེས་བཤད་ན་རྣམ་དབྱེ་ལ་མཁས་པར་འགྱུར་རོ། །དེ་ལྟར་བཤད་པ་ན། མཚན་ཉིད་དོན་བྱེད་ནུས་པ་ལྟ་བུ་དེས་མཚོན་ལྡན་ཀ་བ་ལྟ་བུའི་སྟེང་དུ་མཚོན་པ་ནི། གཉིས་ཏེ། མཚོན་བྱ་དང་དེས་མཚོན་པ། དང་པོ་ནི། དངོས་པོའི་ཐ་སྙད་དོ། །གཉིས་པ་ནི། ཐ་སྙད་དེ་དང་ལྡན་པའོ། །དེ་ལྟར་གཉིས་ལས་དང་པོ་ཐ་སྙད་ནི། མཚོན་བྱ་དངོས་དང༌། དེས་མཚོན་པ་བཏགས་པ་ཡིན་ལ། གཉིས་པ་ནི། མཚོན་བྱ་བཏགས་པ་བ་དང༌། དེས་མཚོན་བྱེད་མཚན་ཉིད་པ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་ཤེས་དགོས་ལ། དེ་ལྟར་ཤེས་པ་ན་མཚན་ཉིད་ཀྱི་ཁྱབ་པ་སྒོ་བཞི་མཚོན་ཆོས་ལ་རྩི་དགོས་པའི་ངེས་པ་རྙེད་པར་འགྱུར་རོ། །མདོར་ན་མཚོན་བྱ་ཡིན་ན་ཐ་སྙད་ཡིན་པས་ཁྱབ། ཐ་སྙད་ལའང་གཉིས་ཏེ། དངོས་པོའི་ཐ་སྙད་ལྟ་བུ་དོན་ལྡོག་རྒྱུ་མཚན་དུ་བྱས་པའི་ཐ་སྙད་དང༌། དོན་བྱེད་ནུས་པའི་ཐ་སྙད་ལྟ་བུ་དོན་ལྡོག་རྒྱུ་མཚན་དུ་མ་བྱས་པའོ། །ཐ་སྙད་དང་པོ་ལ་མཚོན་བྱས་ཁྱབ་ཅིང༌། གཉིས་པ་དེ་ཡིན་ན་མཚོན་བྱ་ཡིན་པར་འགལ་ལོ། །གསུམ་པ་མཚན་གཞི་ལ། མཚན་མཚོན་གཉིས་ཀྱི་རྟེན་གྱི་ཆོས་དེ། མཚན་གཞིའི་མཚན་ཉིད་ཅེས་སམ། ཡང་ན་དོན་བྱེད་ནུས་པའི་རྟེན་གྱི་ཆོས་དེ་དེའི་མཚན་གཞིའི་མཚན་ཉིད་ཅེས་བྱའོ། །སྒྲ་བཤད་པ་ནི། ཅིའི་ཕྱིར་མཚན་གཞི་ཞེས་བྱ་ཞེ་ན། མཚན་ཉིད་དེ་གནས་པའི་རྟེན་ཡིན་པའི་ཕྱིར་དང༌། མཚན་ཉིད་དེས་མཚོན་བྱ་དེ་གང་རུང་དུ་མཚོན་པ་དང༌། ཇི་ལྟར་མཚོན་པའི་གཞི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེས་ན་འདིའི་དངོས་མིང་ནི། མཚན་ཉིད་ཀྱི་གཞི་ཞེས་པ་ཡིན་ལ། དེའི་རྒྱུ་མཚན་གྱིས། མཚོན་བྱ་དང་མཚོན་ཆོས་གཉིས་ཀྱི་གཞིར་ཡང་འགྱུར་རོ། །མཚན་གཞིའི་དབྱེ་བ་ནི་བློ་ཆོས་དང་དོན་ཆོས་གཉིས་ཀ་ཡོད་དེ། དོན་བྱེད་ནུས་པས་དངོས་པོར་མཚོན་པ་ལྟ་བུའི་ཚེ། དོན་གྱི་ཆོས་གདུང་འདེགས་ཀྱི་དོན་བྱེད་ནུས་པ་མཚན་གཞིར་བཟུང་དགོས་པ་ཡིན་ནོ། །བཏགས་ཡོད་ཆོས་གསུམ་ཚང་བས་ཀ་བ་མཚོན་བྱར་མཚོན་པ་ལྟ་བུ་བློའི་ཆོས་ཀ་བའི་ཐ་སྙད་ཁོ་ན་མཚན་གཞིར་བཟུང་དགོས་པ་ཡིན་ནོ། །འདིར་བློ་ཆོས་དང་དོན་ཆོས་གཉིས་འགལ་བ་ཡིན་ཏེ། རྫས་ཡོད་དང་བཏགས་ཡོད་འགལ་བའི་ཕྱིར། གཉིས་པ་དང་རྟེན་གྱི་ཆོས་མི་འགལ་བ་ཡིན་ཏེ། དེ་ལ་གཉིས་ཀ་ཡོད་པའི་ཕྱིར། སྐབས་འདིའི་བློ་ཆོས་དང་དོན་ཆོས་ཀྱི་ཁྱད་པར་རང་ལུགས་མ་འཁྲུལ་བ་འཇོག་པའི་སྐབས་རྣམས་དང་ཅུང་ཟད་མི་མཐུན་པ་ཡིན་ཏེ། འདིར་སློབ་དཔོན་ཕྱྭ་པ་སོགས་སྒྲ་སོར་བཞག་དེ་ཀ་མཛད་པའི་ཕྱིར་དང༌། རང་ལུགས་ལ་དོན་གྱི་ཆོས་ཡིན་ན་གཞན་སེལ་དུ་འགལ་བའི་ཕྱིར་དང༌། བློ་ཆོས་དང་དངོས་པོའི་གཞི་མཐུན་ཡོད་མེད་ཀྱང་དཔྱད་པའི་གཞི་ཡིན་པའི་ཕྱིར། དེ་བས་ན་འཇོག་མཚམས་སོ་སོར་ཕྱེད་པ་གལ་ཆེའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་མཚོན་བྱ་ཡིན་ན་དངོས་པོ་ཡིན་མིན་པས་ཁྱབ་པ་དང༌། མཚན་ཉིད་རྣམས་རང་རང་གི་མཚོན་ཆོས་དང་ངོ་བོ་གཅིག་ཀྱང༌། མཚོན་བྱ་དང་ངོ་བོ་མི་གཅིག་པར་གྲུབ་པ་དང༌། གལ་ཏེ་གཅིག་ན་མིང་དོན་ལ་བདག་གཅིག་འབྲེལ་བ་གྲུབ་པར་ཐལ་བ་དང༌། བེམ་རིག་གང་རུང་ཡིན་ན་མཚོན་བྱ་ཡིན་པར་འགལ་བ་དང༌། རང་རང་གི་མཚན་གཞི་གང་ཡིན་པ་དེ་ལ་མཚན་ཉིད་གང་ཡིན་པ་དེས་མི་ཁྱབ་ཀྱང༌། མཚོན་བྱ་དེ་ཡིན་པར་འགལ་བ་དང༌། དངོས་པོའི་མཚན་ཉིད་ཡིན་ན་དངོས་པོ་གང་ཡིན་ཐམས་ཅད་ཁོ་ཡིན་དགོས་ཀྱང༌། དོན་བྱེད་ནུས་པའི་མཚོན་བྱ་ཡིན་ན་དངོས་པོ་ཞེས་པའི་ཐ་སྙད་གཅིག་པོ་དེ་མ་གཏོགས། དངོས་པོའི་ནང་མཚན་གང་ཡིན་ཐམས་ཅད་ཁོ་མིན་དགོས་པ་དང༌། ཡང་དངོས་པོ་དང་གཅིག་ཡིན་ན་དོན་བྱེད་ནུས་པའི་མཚོན་བྱ་མིན་དགོས་པ་དང༌། དོན་བྱེད་ནུས་པ་དེ་ཁོའི་མཚན་ཉིད་ཡིན་ན། ཁོ་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པས་མ་ཁྱབ་པ་ཞེས་བྱ་བ་འདི་རྣམས་གྲུབ་པ་ཡིན་ནོ། །དེའི་ཚུལ་ཡང་དཔེར་ན། ཚ་ཞིང་བསྲེག་པ་ཆོས་ཅན་མེའི་མཚན་ཉིད་ཡིན་ཏེ། དེའི་མཚོན་བྱེད་ཡིན་པའི་ཕྱིར་ཏེ། ཙནྡན་གྱི་མེ་མེར་མཚོན་བྱེད་ཡིན་པའི་ཕྱིར། དེ་མིན་ན། དེ་དེར་མཚོན་བྱེད་དང༌། མེའི་རང་གི་མཚན་ཉིད་གང་དུ་བཙལ། རང་གི་མཚན་ཉིད་མེད་པའི་དངོས་པོ་མི་སྲིད་དོ། །ཡང་མེ་ཆོས་ཅན་ཚ་ཞིང་བསྲེག་པའི་མཚོན་བྱ་མིན་ཏེ། ཚ་ཞིང་བསྲེག་པ་དང་རྫས་གཅིག་ཡིན་པའི་ཕྱིར། དེ་ལྟར་ཤེས་པ་ན་གྲུབ་དོན་གཉིས་པ་ནི། ཁོའི་མཚན་ཉིད་ཡོད་ན་ཁོ་མཚོན་བྱ་ཡིན་མི་དགོས་པ་དང༌། དེའི་མཚོན་བྱ་ཡིན་ན་དེ་དང་རྫས་གཅིག་པར་འགལ་བ་ཞེས་བྱ་བ་འདི་རྣམས་སོ། །དེའི་ཕྱིར་ཕྱྭ་པ་ནས་རིགས་གཏེར་མཛད་པའི་བར་གྱི་རྟོག་གེ་པ་དག་གི་མཚོན་བྱའི་ངོས་འཛིན་ཚུལ་ནི་གཉིས་ཁོ་ན་ཡོད་ཀྱི་གསུམ་པ་མེད་དོ། །གཉིས་པོ་དེ་གང་ཞེ་ན། ཐ་སྙད་བྱ་རུང་མཚོན་བྱར་འདོད་པ་དང༌། ཐ་སྙད་རང་ལྡོག་ནས་མཚོན་བྱར་འཇོག་པའོ། །དང་པོ་ནི། གྲགས་པའི་དབང་ཕྱུག་གཙང་ནག་པའི་འདོད་པ་ཡིན་ལ། གཉིས་པ་ནི། ཚད་མ་ཡིད་ཀྱི་མུན་སེལ་དང༌། རིགས་པའི་གཏེར་གྱི་བཞེད་པ་ཐུན་མོང་བ་ཡིན་ལ། འདི་ཁོ་ན་སྒྲ་དང༌། རྟོག་གེ་དང༌། ཆོས་མངོན་པ་རྒྱ་མཚོ་ལྟ་བུའི་དགོངས་པ་བླ་ན་མེད་པ་ཡིན་པར་ངེས་སོ།།  །།མཚོན་བྱའི་ངོས་འཛིན་འདི་བཞིན་མ་ཤེས་ན། མཚོན་ཆོས་ཞེས་བྱའི་མིང་ཡང་ལྟ་ཅི་འཚལ། །མཚོན་བྱེད་ཤེས་པར་སྨྲ་བའང་མི་ཤེས་ཕྱིར། །མཚོན་སྦྱོར་གནས་ལ་བློ་གྲོས་འཇུག་རེ་རྐན། །མཚན་ཉིད་སྦྱངས་པར་རློམ་པའི་ཁེངས་ལྡན་དག །མཚན་མཚོན་སྦྱོར་ཚུལ་ཆ་ཙམ་མི་སྣང་བ། །མཚན་མ་མེད་པའི་ཆོས་ཚུལ་མི་སེམས་པར། །མཚན་དང་ཉིན་ལ་དཔྱད་པའི་ཆོས་དེ་ཅི། །མཚན་མེད་ཆོས་ལ་མྱུར་དུ་འཇུག་པའི་སྒོ། །མཚན་མཚོན་བརྡ་པའི་རབ་དབྱེ་ཡ་མཚན་ཅན། །མཚན་གཞིའི་ཆོས་ཀྱི་རིག་གནས་ཕལ་ཆེར་གྱི། །མཚན་གྱི་རྣམ་གྲངས་ཤེས་ནས་སྨྲས་པ་ཡིན། །ཞེས་བྱ་བ་འདིས་ནི་མཚན་མཚོན་གཞི་གསུམ་གྱི་གནས་ལེགས་པར་གྲུབ་པ་ཡིན་ནོ།།  །།རྣམ་གསུམ་ཚད་མའི་གོམ་ཆེན་གསུམ་བགྲོད་པས། །གནས་གསུམ་གཞལ་བྱའི་འཇིག་རྟེན་གསུམ་འགོངས་ཏེ། །སྲིད་གསུམ་སྟོབས་ལྡན་ལན་གྲངས་གསུམ་མནན་ནས། །ས་གསུམ་འགྲོ་ལ་ལན་གསུམ་གཟིགས་ཁྱོད་རྒྱལ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཚན་མཚོན་གཞི་གསུམ་གྱི་རྣམ་པར་བཞག་པ་སྤྱིར་བཤད་པ་དང༌། མཚན་གཞི་སོ་སོའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། མཚན་ཉིད་གཏན་ལ་ཕབ། མཚོན་བྱ་ངོས་བཟུང༌། མཚན་གཞིའི་རྣམ་གཞག་རྒྱས་པར་བཤད། མཚན་གཞིའི་སྟེང་དུ་མཚན་ཉིད་དང་མཚོན་བྱ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ན། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བ་དང་གསུམ། དང་པོ་ནི། རྣམ་འགྲེལ་ལས་གསུངས་ཚུལ་ལ་མཐའ་གཞན་དུ་རྟོག་པ་དགག རྣམ་ངེས་ལས་བཤད་པ་གཞན་དུ་འཆད་པ་དགག དེ་གཉིས་གང་ནས་ཀྱང་མ་གསུངས་པའི་མཚན་ཉིད་ཁས་ལེན་པ་རང་བཟོར་བསྟན་པའོ། །དང་པོ་ལ། སློབ་དཔོན་ལྷའི་དབང་པོ་བློ་གྲོས་ནི། །ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་གསུངས་པའི་གཞུང་ཚན་པ་གཉིས་ཀྱིས་ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པ་རེ་རེ་བསྟན་ནོ། །ཇི་ལྟར་ཞེ་ན། མི་བསླུ་བའི་རིགས་པ་དང༌། མ་ཤེས་དོན་གསལ་གྱི་རིག་པའོ། །དེ་གཉིས་པོའི་དོན་ཡང་དོན་རང་མཚན་ལ་མི་བསླུ་བ་དང༌། དོན་རང་མཚན་སྔར་མ་ཤེས་གསར་དུ་ཤེས་པའོ། །ཞེས་གསུངས་ཤིང༌། དེའི་དོན་ལ་སློབ་དཔོན་ཤཱཀྱ་བློ་སྔ་མས་ནི་འཇིག་རྟེན་གྱི་གྲགས་པ་དང་བསྟུན་ལ། ཕྱི་མ་ནི། བསྟན་བཅོས་ལ་གྲགས་པ་དང་མཐུན་པ་ཡིན་ནོ་ཞེས་ཟེར། འདི་ལ་སློབ་དཔོན་ཕྱྭ་པས་དགག་པ་མཛད་པ་ནི། འོ་ན་རྒྱུ་རྐྱེན་ལས་སྐྱེས་པ་དེ་བྱས་པའི་ཐ་སྙད་དང༌། མི་རྟག་པའི་ཐ་སྙད་གཉིས་ཀའི་མཚན་ཉིད་ཡིན་ནོ་ཞེས་བརྗོད་ན་སྐྱོན་ཅི་ཡོད་དེ་ཆོས་ཅན། དེའི་མཚན་ཉིད་མིན་པར་ཐལ། གཅིག་ཤོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེ་ན། འོ་ན་ཚད་མའི་ཐ་སྙད་ཀྱང་ཆོས་ཅན། མ་ཤེས་དོན་གསལ་གྱི་རིག་པའི་མཚོན་བྱ་མིན་པར་ཐལ། མི་བསླུ་བའི་རིག་པའི་མཚོན་བྱ་ཡིན་པའི་ཕྱིར། ཞེས་འཆད་དོ། །རིག་པའི་གཏེར་གྱིས་ལྷ་དབང་བློ་འགོག་པའི་ཚུལ་ནི་འདི་ལྟར། མཚོན་བྱ་ཚད་མ་དེ་ཁྱབ་ཆེ་ཆུང་གཉིས་སུ་ཐལ། དེ་མཚན་ཉིད་ཁྱབ་ཆེ་ཆུང་གཉིས་ཀྱིས་མཚོན་པར་བྱ་བ་ཡིན་པའི་ཕྱིར། མཚན་ཉིད་གཉིས་པོ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་མེད་དོ་ཞེ་ན། འོ་ན་དོན་དེ་ལ་མི་བསླུ་བའི་རིག་པ་ཡིན་ན་དོན་དེ་ལ་མ་ཤེས་དོན་གསལ་ཡིན་དགོས་པ་དང༌། དོན་དེ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་ན། དོན་དེ་ལ་མི་བསླུ་བའི་རིགས་པ་ཡིན་དགོས་པར་འགྱུར་རོ། །དེ་ཡང་འདོད་དོ་ཞེ་ན། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཆོས་ཅན། ནོར་བུ་རང་མཚན་སྔར་མ་རྟོགས་གསར་རྟོགས་སུ་ཐལ་བ་དང༌། མེའི་ཁ་དོག་འཛིན་པའི་མིག་ཤེས་ཆོས་ཅན། མེའི་རེག་བྱ་སྔར་མ་རྟོགས་གསར་རྟོགས་སུ་ཐལ་བ་དང༌། སྦྱོར་བ་སྐོར་གཅིག་གི་རྟགས་འཛིན་སེམས་ཆོས་ཅན། སྦྱོར་བ་སྐོར་གཅིག་གི་བསྒྲུབ་བྱ་སྔར་མ་རྟོགས་གསར་རྟོགས་སུ་ཐལ། དེ་དང་དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འཇུག་ཅིང༌། སྔོ་འཛིན་དབང་པོའི་སྔོན་སུམ་ཆོས་ཅན། རང་གི་སྔ་ལོགས་སུ་བྱུང་བའི་སྔོན་པོ་ལ་མི་བསླུ་བའི་རིག་པར་ཐལ། དེ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། འདོད་ན་ཞིག་ནས་ཡུན་རིང་དུ་ལོན་པའི་དོན་འཇུག་ཡུལ་དུ་ཐོབ་པ་ག་ལ་སྲིད། མེའི་འོད་ལ་ནོར་བུར་ཞེན་པའི་བློ་དང༌། སྒྲ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། རང་རང་གི་རྗེས་སུ་དཔག་པའི་ཚད་མ་ཇི་སྙེད་པ་ཆོས་ཅན་རང་རང་གི་གཞལ་བྱ་ལ་མི་བསླུ་བའི་རིག་པ་ཡིན་པར་ཐལ། རང་རང་གི་གཞལ་བྱ་སྤྱི་མཚན་དེ་དང་དེ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། འདོད་ན། སྤྱི་མཚན་དེ་དང་དེ་ཆོས་ཅན། རང་མཚན་ཡིན་པར་ཐལ། དེ་ཁྱོད་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེ་དག་ནི་ལུང་ལ་བརྟེན་པའི་རིགས་པ་དང༌། འགལ་བའོ། ཁས་བླངས་ནང་འགལ་བ་ནི། བཅད་ཤེས་ཀྱི་འཇོག་མཚམས་ལ་འདོད་ཚུལ་གཉིས་ལས། གཞལ་བྱ་རྟོགས་ཟིན་རྟོགས་པས་བཅད་ཤེས་སུ་འཇོག་ཅིང༌། འཇུག་ཡུལ་ལ་མི་བསླུ་བར་ཁས་ལེན་པ་ལྟར་ན། དོན་རང་མཚན་ཐོབ་པར་ནུས་པའི་རྟོག་པ་བཅད་ཤེས་ཇི་སྙེད་པ་ཆོས་ཅན། དེ་ལ་ཚད་མར་ཐལ། དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་ལ་བཅད་ཞུགས་ཐོབ་གསུམ་ཚང་བའི་རིག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ལ་མ་ཤེས་དོན་གསལ་གྱི་རིག་པ་ཡིན་པར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །བཅད་ཤེས་ཀྱི་འཇོག་མཚམས་ཚད་མ་སྔ་མས་མི་བསླུ་བར་བྱས་ཟིན་པའི་དོན་ལ་བསྣན་ནས་འཇུག་པས། དེར་འཇོག་པ་ལྟར་ན་མངོན་སུམ་གྱི་དྲངས་པའི་བཅད་ཤེས་སྐད་ཅིག་དང་པོ་ཆོས་ཅན་ཚད་མར་ཐལ། རང་གི་གཞལ་བྱ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། འདོད་ན་མི་བསླུ་བར་ཐལ་ལོ། །ཞེས་འཕངས་པ་ནི་འཁོར་གསུམ་ཚང་བའི་ཐལ་འགྱུར་རོ། །ལུགས་གཉིས་པ་རྒྱན་མཛད་པའི་བཞེད་པ་ནི། མ་ཤེས་དོན་གསལ་གྱི་རིག་པ་དེ་དོན་དམ་པའི་ཚད་མའི་མཚན་ཉིད་དང༌། དེ་དང་མི་བསླུ་བའི་རིག་པའི་ཚོགས་དོན་ཐ་སྙད་པའི་ཚད་མའི་མཚན་ཉིད་ཡིན་ནོ། །དེ་གཉིས་ཀྱི་མཚན་གཞི་ནི། འཕགས་རྒྱུད་ཀྱི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ཆོས་ཅན། དོན་དམ་པའི་ཚད་མ་ཡིན་ཏེ། དོན་དམ་པ་ཡང་ཡིན་ཚད་མ་ཡང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན་དེ་ལ་ཚད་མ་ཡིན་ཏེ། དོན་དམ་པའི་བདེན་པ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། དེ་ཆོས་ཅན་མི་བསླུ་བ་མིན་ཏེ། བཅད་པའི་དོན་ཐོབ་པ་མེད་པའི་ཕྱིར། ཚུར་རོལ་མཐོང་བའི་རྒྱུད་ཀྱི་ཚད་མ་ཕལ་ཆེར་བ་ཐ་སྙད་པའི་ཚད་མ་ཡིན་ཏེ། མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཚོགས་ཡིན་པའི་ཕྱིར། མི་བསླུ་བ་ཡིན་ཏེ། བཅད་ཞུགས་ཐོབ་གསུམ་ཚང་བའི་རིག་པ་ཡིན་པའི་ཕྱིར། མ་ཤེས་དོན་གསལ་ཡིན་ཏེ། དོན་རང་མཚན་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར། དེས་ན་འདིར་དོན་ཞེས་བྱ་བའི་སྒྲ་ནི། དོན་དམ་པའི་བདེན་པ་དང་དོན་རང་མཚན་གཉིས་ལ་འཇུག་གོ །མི་བསླུ་བ་ནི་དོན་རང་མཚན་ཁོ་ན་ལ་ཡིན་གྱི། དོན་དམ་པའི་བདེན་པ་ལ་ནི་མིན་ཏེ། དེ་ལ་བཅད་པ་དང་ཐོབ་པ་མི་མཐུན་པའི་ཕྱིར་ཏེ། བཅད་པ་ནི་གཉིས་སྟོང་གི་དེ་ཁོ་ན་ཉིད་མེད་པར་དགག་པ་དེ་ཡིན་ལ། ཐོབ་པ་ནི་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བ་དེ་ཡིན་ནོ། །འོ་ན་དེ་མ་བཅད་པ་ཅི་ཞེ་ན། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཟུང་འཛིན་གཉིས་སུ་མེད་པར་བཅད་པ་ཡིན་གྱི། གཉིས་མེད་ཀྱི་ཤེས་པ་ཡོད་པར་མ་བཅད་པའི་ཕྱིར། ཞེས་བཞེད་པ་ཡིན་ནོ། །དེ་ལ་ཕྱྭ་པས་དགག་པ་མཛད་པ་ནི། ཐ་སྙད་པའི་ཚད་མ་ལ་མི་བསླུ་བས་མ་ཁྱབ་ཏེ། དངོས་མེད་འཇལ་བའི་ཚད་མ་དང༌། །འདས་པ་འཇལ་བའི་ཚད་མ་ལ་མི་བསླུ་བ་མེད་པའི་ཕྱིར་ཞེས་གསུང་ལ། རིགས་པའི་གཏེར་ལས་ནི། བསྟན་བཅོས་རྣམ་འགྲེལ་འདིར། ཚད་མ་སྤྱིའི་མཚན་ཉིད་སྟོན་བྱེད་ཀྱི་གཞུང་གཅིག་མེད་པར་འགྱུར་རོ་ཞེས་དགག་པ་བརྗོད་པར་མཛད་དོ། །ཡང་ཚད་མ་བརྒྱན་གྱི་རྣམ་གྲངས་གཉིས་པ་ནི། གཞུང་སྔ་མས་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་བཤད་ནས། དེ་ཙམ་གྱིས་མཚན་ཉིད་ཡོངས་སུ་རྫོགས་པ་ཡིན་ནམ་སྙམ་པ་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་གསུངས་པས་གཞུང་སྔ་ཕྱི་གཉིས་ཀ་བསྡོམས་ནས་མཚན་ཉིད་ཡོངས་སུ་རྫོགས་པ་གཅིག་བསྟན་པ་ཡིན་ནོ་ཞེས་བཞེད་ལ། དེ་ཡང་ཧ་ཅང་ལེགས་པ་མ་ཡིན་ཏེ། གཟུང་བ་འཛིན་ཕྱིར་ཞེས་པས། མི་བསླུ་བའི་རིག་པ་ཡིན་ཙམ་གྱིས། ཚད་མར་མི་འགྱུར་བ་དང༌། རང་གི་ངོ་བོ་རྟོགས་འོག་ཏུ་ཞེས་པར། གཞལ་བྱ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་ཙམ་གྱིས་ཚད་མར་འཇོག་མི་ནུས་པར་རང་གི་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་དགོས་པར་བཤད་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལས་ཅིར་འགྱུར་ཞེ་ན། མི་བསླུ་བའི་རིག་པ་ཙམ་གྱིས་ཚད་མར་འགྱུར་རམ་སྙམ་པའི་དོགས་པ་སེལ་ཚུལ་དེ་ལྟར་མི་དགོས་ཏེ། གཞུང་སྔ་མས་བསྟན་པའི་མཚན་ཉིད་འཆད་པའི་སྐབས་དེ་ཉིད་དུ་མ་ཤེས་དོན་གསལ་དགོས་པར་བསྟན་ཟིན་པའི་ཕྱིར། ཡང་གསལ་བྱེད་ཀྱང་ཞེས་པའི་ཀྱང་གི་སྒྲས་མི་བསླུ་བ་དང་གཉིས་ཚོགས་དགོས་པར་བསྟན་པ་མིན་ཏེ། གལ་ཏེ་ཡིན་ན་རང་གི་མཚན་ཉིད་མི་ཤེས་པར། ཞེས་སོགས་འཆད་དགོས་པའི་དོན་མེད་པའི་ཕྱིར་རོ། །འོན་ཀྱང་གི་ནུས་པ་ཅི་ཞེ་ན། སྔ་མར་མ་ཟད་འདིས་ཀྱང་ཚད་མའི་མཚན་ཉིད་བཤད་དོ་ཞེས་པའོ། །འོ་ན་དེ་ཙམ་གྱིས་ཆོག་གམ་ཞེ་ན། འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ཡང་དགོས་སོ་ཞེས་སྟོན་པ་ནི། རང་གི་མཚན་ཉིད་མི་ཤེས་པ། །ཞེས་སོགས་སོ། །འདི་དང་ཆ་འདྲ་བར་གཞུང་སྔ་མའི་སྐབས་སུ་ཡང་མི་བསླུ་བའི་རིག་པ་ཙམ་གྱིས་ཆོག་གམ་སྙམ་པ་ལ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་དགོས་སོ་ཞེས་འཆད་པ་ནི། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་གསུངས་སོ། །དེ་བས་ན་གཞུང་སྔ་ཕྱི་གཉིས་ཀས་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཚོགས་ཀྱི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་ལ་ཁྱད་པར་མེད་དོ། །ཡང་བོད་ཀྱི་རྟོག་གེ་པ་ཕྱི་མ་དག་མཐུན་པར། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་དེ་ཚད་མའི་མཚན་ཉིད་ཡིན་ཞེས་ཁས་ལེན་ཅིང༌། མི་བསླུ་བའི་དོན་ཡང་འཇུག་ཡུལ་གྱི་གཞལ་བྱ་རྟོགས་པ་ལ་བྱེད་དགོས་པ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གསུམ་སྟེ། ཚད་མ་དང་གཞལ་བྱ་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བ་དང༌། ཚད་མིན་གྱི་བློ་ཐམས་ཅད་ཚད་མར་ཐལ་བ་དང༌། མི་བསླུ་བའི་དོན་མི་འཐད་པའོ། །དང་པོ་ནི། འོ་ན་གཞལ་བྱའི་མཚན་ཉིད་ཅི། ཚད་མས་རྟོགས་པར་བྱ་བ་དེ་ཡིན་ནོ་སྙམ་ན། དེ་ལྟ་ན་དེ་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་ལོ། །གཉིས་པ་ནི། སྒྲ་རྟག་འཛིན་གྱི་རྟོག་པ་དང་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུ་ཆོས་ཅན། ཚད་མར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། དེ་ཞུགས་པ་ཡིན་ཏེ། རང་རང་གི་གཟུང་རྣམ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པའི་ཕྱིར་དང༌། རང་གི་ངོ་བོ་ལ་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་སྔོན་པོ་འཛིན་པའི་ཚད་མ་སྐད་ཅིག་མ་ལྔ་སྐྱེས་པས་སྔོན་པོ་འཛིན་པའི་བྱ་བ་ཅིག་རྫོགས་པ་དེའི་ཚེ། སྐད་ཅིག་མ་ཕྱི་མ་རྣམས་རང་གི་འཇུག་ཡུལ་སྔོན་པོ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པར་ཐལ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན་དེ་སྐད་ཅིག་མ་གཉིས་པ་ཆོས་ཅན། རང་གི་འཇུག་ཡུལ་དུ་གྱུར་པའི་སྔོན་པོ་ལ་གསར་དུ་རྟོགས་པའི་རིག་པ་མ་ཡིན་ཏེ། ཁྱོད་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཚད་མ་དེ་དེ་གསར་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། རྟགས་ཀྱང་ཁས་བླངས་སོ། །འོ་ན་ཁྱོད་རང་ལྟར་ན་དེ་ཆོས་ཅན། སྔོན་པོ་སྔར་མ་རྟོགས་གསར་རྟོགས་མིན་པར་ཐལ། ཁྱོད་ཀྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཚད་མ་དེས་དེ་རྟོགས་ཟིན་པའི་ཕྱིར་ཅེ་ན། སྔོ་ཙམ་གསར་རྟོགས་མིན་པར་ཐལ་བ་ནི་འདོད་ལ། གཟུང་ཡུལ་དུ་གྱུར་པའི་སྔོན་པོ་ནི་སྔར་མ་རྟོགས་གསར་རྟོགས་ཡིན་མོད། དེ་གསར་རྟོགས་མ་ཡིན་པར་ཐལ་བ་འཕེན་ན་ནི། མ་ངེས་པ་དང་མ་གྲུབ་པ་གང་རུང་ལས་མ་འདས་སོ། །འོ་ན་འདིའི་ཁྱད་པར་ཅི་ཞེ་ན། མངོན་སུམ་སྐད་ཅིག་ལྔ་པོ་དེ་རང་གི་གཟུང་ཡུལ་ནི་སྔར་མ་རྟོགས་གསར་རྟོགས་ཁོ་ན་ཡིན་ཏེ། ལྔ་པོ་དེའི་གཟུང་ཡུལ་དང་གཟུང་དོན་ནི་སྔོན་པོ་སྐད་ཅིག་གི་ཕྲེང་བ་རྫས་ཐ་དད་པ་ལྔ་ལ་སོ་སོ་ཁོ་ནར་བཞག་དགོས་ཀྱི། སྔོན་པོའི་རྒྱུན་གཅིག་ལ་མི་འཇོག་པའི་ཕྱིར་དང༌། འཇུག་ཡུལ་དུ་གྱུར་པའི་སྔོན་པོ་ནི་སྔོན་པོའི་རྒྱུན་གཅིག་ཁོ་ན་ལ་འཇོག་པ་ཡིན་ཏེ། དེ་ལས་གཞན་དུ་གཟུང་ཡུལ་ལྟར་སོ་སོར་ངེས་ན། འཇུག་ཡུལ་རྣམས་རང་དུས་སུ་འདས་ཟིན་པས་ཐོབ་པར་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ན་སྔོན་པོ་འཛིན་པའི་ཚད་མ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་པོ་དེའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་མ་ལྔ་ཆར་ཡང་འཇུག་ཡུལ་དུ་གྱུར་པའི་སྔོན་པོ་ལ་གསར་དུ་མི་བསླུ་བ་ཁོ་ན་ཡིན་ཏེ། སྐད་ཅིག་མ་ལྔ་ཆར་བསྡོམས་པའི་བྱེད་པས་འཇུག་ཡུལ་སྔོན་པོ་ངེས་པའི་ངེས་ཤེས་གཅིག་ཁོ་ན་འདྲེན་པ་ཡིན་གྱི། སྐད་ཅིག་རེ་རེ་ནས་དེ་འདྲེན་མི་ནུས་པའི་ཕྱིར། དེ་ནི་རང་ལས་ངེས་ཀྱི་ཚད་མའི་དབང་དུ་བྱས་པའོ། །དེ་གཞན་ལས་ངེས་ཀྱི་ཚད་མར་སོང་བ་དེའི་ཚེ་ནི། ལྔ་པོ་རེ་རེ་ནས་གཟུང་ཡུལ་དུ་གྱུར་པའི་སྔོན་པོ་གསར་རྟོགས་དང་འཇུག་ཡུལ་དུ་གྱུར་པའི་སྔོན་པོ་ལ་གསར་དུ་མི་བསླུ་བ་གཉིས་ཀ་ཡིན་ཏེ། གཟུང་དོན་ལ་གསར་དུ་སྐྱེས་པ་དང༌། འཇུག་ཡུལ་ལ་མི་བསླུ་བ་གཉིས་ཀ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་ལུང་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། མི་བསླུ་བའི་དོན་རྟོགས་པ་ལ་འཆད་པ་ལ་ནི་ལུང་ཡོད་པ་མིན་ཏེ། རིགས་པ་མཁྱེན་པའི་གཞུང་དུ་དེ་དེ་ལ་མི་བསླུ་བའི་སྒྲུབ་བྱེད་འཆད་པ་ན་དེ་ཐོབ་པ་དང༌། དེ་ལ་རྒྱུད་ནས་འབྲེལ་བ་དང༌། དེ་ལ་བརྟེན་པ་དང༌། དེའི་མཐར་ཐུག་པ་ཞེས་བྱ་བ་རྣམས་བཤད་པ་ཡོད་ཀྱི། དེ་རྟོགས་པའི་ཕྱིར་ཞེས་བཤད་པ་ནི་མ་དམིགས་པའི་ཕྱིར། བཤད་པ་མེད་པར་མ་ཟད་ཀྱི་ཕྱི་རོལ་གྱི་དོན་རང་མཚན་གྱི་དབང་དུ་བྱས་ནས་སྒྲུབ་བྱེད་དེ་ལྟར་བཀོད་ན་ཁྱབ་པ་འགལ་བ་ཡིན་ཏེ། རང་དུས་སུ་འདས་པའི་དོན་རང་མཚན་རྟོགས་ན། དེ་ལ་མི་བསླུ་བར་འགལ་བའི་ཕྱིར། དེའི་རྒྱུ་མཚན་ཡང༌། མ་འོངས་པའི་དོན་ཐོབ་པའི་ཕྱིར་དུ་འཇུག་པའི་ཚད་མ་ཡོད་ཀྱི་འདས་པའི་དོན་ཐོབ་པའི་ཕྱིར་དུ་འཇུག་པའི་ཚད་མ་མེད་པའི་ཕྱིར། ཁྱབ་པ་མ་ངེས་པ་ཡང་ཡིན་ཏེ། ཁ་སང་གི་དུས་ཀྱི་སྒྲ་མི་རྟག་པར་རྟོགས་པའི་དེ་རིང་གི་རྗེས་དཔག་ཆོས་ཅན། ཁ་སང་གི་སྒྲ་མི་རྟག་པ་ལ་མི་བསླུ་བར་ཐལ། དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཁྱོད་ཀྱི་འཇུག་ཡུལ་མིན་ཏེ། དེ་ལ་མི་འཇུག་པའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ནི། མི་བསླུ་བ་ལ་རྟོགས་པས་ཁྱབ་པ་དང༌། རྟོགས་པ་ལ་མི་བསླུ་བས་ཁྱབ་པ་གཉིས་ཀ་འཁྲུལ་པ་དང་བཅས་པ་ཡིན་ཏེ། འདི་ལྟར། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཆོས་ཅན། ནོར་བུ་རང་མཚན་རྟོགས་པར་ཐལ། དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཏེ། དེ་ལ་བཅད་ཞུགས་ཐོབ་གསུམ་ཚང་བའི་རིག་པ་ཡིན་པའི་ཕྱིར། གལ་ཏེ་དེ་ཚང་བ་མིན་ཏེ། བཅད་པ་དེ་ཉིད་དུ་མ་ཐོབ་པའི་ཕྱིར་སྙམ་ན། དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་གིས་མ་ངེས། རྟགས་མ་གྲུབ་ན་ཐོབ་པ་དེ་ཉིད་དུ་བཅད་པར་ཡང་འགྱུར་ལ། དེ་ལྟ་ན་ནི་རྗེས་དཔག་དེས་རང་གི་འཇུག་ཡུལ་དུ་གྱུར་པའི་མེ་མངོན་སུམ་དུ་མཐོང་བར་འགྱུར་རོ། །གལ་ཏེ་མི་བསླུ་བར་འཇོག་པ་ལ་བཅད་ཐོབ་གཉིས་ཡུལ་གཅིག་པ་མི་དགོས་ཀྱི། བློ་དེ་ལ་དོན་དེ་ཐོབ་པའི་ནུས་པ་ཡོད་པ་ཉིད་མི་བསླུ་བའི་དོན་ཡིན་ནོ་ཞེ་ན། དེ་ནི་ཁྱེད་ཀྱིས་ལེགས་པར་སྨྲས་པས་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ནོ། །དེར་མ་ཟད་ཀྱི། མེ་དང་ཆུའི་ཁ་དོག་འཛིན་པའི་མིག་ཤེས་ཀྱིས་མེ་དང་ཆུ་རྟོགས་པར་ཐལ་བ་དང༌། བུམ་གཟུགས་མཐོང་བའི་མིག་ཤེས་ཀྱི་བུམ་པ་རྟོགས་པར་ཐལ་བ་དང༌། དེ་བསྐོར་གྱི་རྟགས་འཛིན་སེམས་ཀྱིས་དེ་བསྐོར་གྱི་བསྒྲུབ་བྱ་རྟོགས་པར་ཐལ་བ་དང༌། ལའི་དུ་བ་མཐོང་བའི་མངོན་སུམ་གྱིས་ལའི་མེ་རྟོགས་པར་ཐལ་བ་དང༌། སྔོན་པོ་སྐད་ཅིག་མ་དང་པོ་མཐོང་བའི་མིག་ཤེས་ཀྱིས། སྔོན་པོའི་རྫས་རྒྱུན་ཕྱི་མ་རྣམས་རྟོགས་པར་ཐལ་བ་དང༌། ཤིང་གི་སྤྱི་འཛིན་རྟོག་བློ་དེས་ཤིང་གསལ་རང་མཚན་རྟོགས་པར་ཐལ། གོ་རིམ་བཞིན་དུ་དེ་དང་དེ་ལ་མི་བསླུ་བ་ཡིན་པའི་ཕྱིར། ཁྱབ་པ་གཉིས་པ་འཁྲུལ་པའི་ཚུལ་ཡང་འདི་ལྟར། སྤྱིར་འཁྲུལ་པའི་ཚུལ་དང༌། བྱེ་བྲག་ཏུ་སློབ་དཔོན་ཆོས་མཆོག་གི་ལུགས་འཆད་པ་དག་ལ་འཁྲུལ་པའི་ཚུལ་ལོ། །དང་པོ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་ཆ་ཤས་སུ་གྱུར་པའི་སྐད་ཅིག་སྔ་མ་སྔ་མ་རྣམས་ཆོས་ཅན། སྒྲ་མི་རྟག་པ་ལ་མི་བསླུ་བར་ཐལ། དེ་གསར་དུ་རྟོགས་པའི་རིག་པ་ཡིན་པའི་ཕྱིར། འདོད་ན། དེའི་སྐད་ཅིག་ཕྱི་མ་རྣམས་དེ་ལ་བཅད་ཤེས་སུ་ཐལ། སྔ་མ་རྣམས་ཀྱིས་དེ་ངེས་པའི་སྒོ་ནས་དེ་ལ་མི་བསླུ་བར་བྱས་ཟིན་པའི་ཕྱིར། དེ་ལ་ཆ་ཤས་མེད་ན་ནི་དེ་ཆོས་ཅན། འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་ཐལ། དུས་མཐའི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། གཞན་ཡང་འདི་ལྟར། གོམས་པ་ཅན་གྱི་སྔོ་འཛིན་མངོན་སུམ་བྱ་རྫོགས་ཀྱི་སྐད་ཅིག་ལ་རང་ངེས་ཚད་མར་འཇོག་པ་དེའི་ཚེ། དེའི་ཆ་ཤས་སུ་གྱུར་པའི་དུས་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་པོ་དེ་རེ་རེ་ནས་རང་རང་གི་གཟུང་དོན་དུ་གྱུར་པའི་སྔོན་པོ་ལ་མི་བསླུ་བ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། དེའི་ཆ་ཤས་རེ་རེ་ནས་དེ་ཡིན་པར་འདོད་པ་ཁྱེད་ཀྱི་ལྟར་ན། དེའི་ཆ་ཤས་རེ་རེ་བ་རྣམས་ཆོས་ཅན། རང་གི་འཇུག་ཡུལ་དུ་གྱུར་པའི་སྔོན་པོ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། གོམས་པ་ཅན་གྱི་སྔོན་པོ་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། འདོད་ན་སྐད་ཅིག་ཕྱི་མ་རྣམས་བཅད་ཤེས་སུ་ཐལ་བར་འགྱུར་ཏེ། སྐད་ཅིག་སྔ་མ་རྣམས་ཀྱི་རང་རང་གི་གཟུང་དོན་འཇུག་ཡུལ་དུ་བྱས་ནས། དེ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པའི་ཕྱིར་རོ། །ཁོ་བོ་ཅག་ལྟར་ན་ནི་དོན་རིག་གཉིས་དང་རང་རིག་དང༌། རྗེས་སུ་དཔག་པའི་ཚད་མ་སོགས་རང་ལས་ངེས་ཀྱི་ཚད་མ་རྣམས་ནི། ཆ་ཤས་རེ་རེ་ནས་དེ་དང་དེར་ཁས་མི་ལེན་གྱི། ཆ་ཤས་ཐམས་ཅད་བསྡོམས་པ་ལ་དེ་དང་དེར་འཇོག་པ་ཡིན་ནོ། །ཚུ་རོལ་མཐོང་བའི་རྒྱུད་ཀྱི་དངོས་མེད་རྟོགས་པའི་ཚད་མ་ཇི་སྙེད་པ་ཐམས་ཅད་ཆོས་ཅན། རང་གི་གཞལ་བྱ་དངོས་མེད་དེ་དང་དེ་ལ་མི་བསླུ་བར་ཐལ། དེ་དང་དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན་དངོས་མེད་རྟོགས་པའི་ཚད་མ་ཐམས་ཅད་རང་གི་འཇུག་ཡུལ་དངོས་མེད་ཉིད་ལ་མི་བསླུ་བར་ཁས་བླངས་པས། ཇི་སྐད་དུ། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན། ཞེས་པའི་དོན་ཁྱེད་ཀྱིས་འཆད་མ་ཤེས་པ་ཡིན་ནོ། །དེ་ཇི་ལྟར་མི་ཤེས་ཞེ་ན། རྗེས་དཔག་གི་འཇུག་ཡུལ་དང་སྣང་ཡུལ་གྱི་གཞི་མཐུན་ཡོད་པར་འགྱུར་ལ། འདོད་ན། དེ་དག་གཞུང་དེ་ཉིད་ཀྱི་རང་འགྲེལ་དུ་རྗེས་སུ་དཔག་པའི་སྣང་བ་དེ་ཉིད་ནི་དོན་སྒྲུབ་པར་བྱེད་པ་མིན་ཏེ། དོན་སྒྲུབ་པར་བྱེད་པའི་དངོས་པོ་འགགས་ཀྱང་དེ་མི་འགག་པའི་ཕྱིར་དང༌། དེ་ལས་དོན་ཅུང་ཟད་ཀྱང་འགྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྱི་ནི་ཡོད་ཀྱང་དོན་མིན་ནོ། །དེས་ན་དངོས་པོའི་རང་བཞིན་ལ་མི་བསླུ་བ་ཉིད་ནི་འདིའི་ཡང་ཚད་མ་ཡིན་ནོ། །ཞེས་གསུངས་པས་སོ། །གཞན་ཡང་མེ་དོན་གཉེར་གྱི་སྐྱེས་བུས་ཆུ་ལ་མེའི་དོན་བྱེད་པའི་ནུས་མེད་དུ་རྟོགས་པའི་ཚད་མ་ཆོས་ཅན། དེ་ལ་མི་བསླུ་བར་ཐལ། དེ་གསར་དུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། ཁྱེད་ལ་ནང་འགལ་བའི་ཚུལ་འདི་ལྟར། དེ་ཁྱོད་ཀྱི་འཇུག་ཡུལ་གྱི་གཙོ་བོ་ཡིན་པར་ཐལ། དེ་ཁྱོད་ཀྱི་འཇུག་ཡུལ་ཡིན་པ་གང་ཞིག དེ་ཁྱོད་ཀྱི་འཇུག་ཡུལ་བཏགས་པ་བ་མིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཕྱི་མ་ཁས་བླངས་པའི་ཚུལ་ཡང་དེ་བཏགས་པ་བ་ཡིན་ན་དེའི་འཇུག་ཡུལ་མཚན་ཉིད་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པར་འགྱུར་རོ། །རྩ་བར་འདོད་ན་ཆུ་ལ་མེའི་དོན་བྱེད་པའི་ནུས་པ་མེད་དེ་ཆོས་ཅན། མེ་ཡིན་པར་ཐལ། མེ་དོན་གཉེར་གྱི་སྐྱེས་བུའི་འཇུག་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། འདི་ལ་ཁ་ཅིག་ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ཀྱི་མ་ངེས་པ་འཕེན་པ་ནི། མ་ཤེས་པ་ཡིན་ཏེ། འདི་ལྟར། མེ་དོན་གཉེར་གྱི་སྐྱེས་བུ་ཆོས་ཅན། ཁྱོད་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཅད་ཅིང་བཅད་པ་ལྟར་ཞུགས་པའི་སྐྱེས་བུར་ཐལ། དེ་འཇུག་ཡུལ་དུ་བྱེད་པའི་སྐྱེས་བུ་ཡིན་པའི་ཕྱིར། མ་ཁྱབ་པོ་སྙམ་ན། རིགས་པ་མཁྱེན་པ་བཞེད་པའི་འཇུག་ཡུལ་གྱི་མཚན་ཉིད་མ་གོ་བ་ཡིན་ཏེ། ཇི་སྲིད་དོན་དེ་ཐོབ་པར་བྱ་བའི་ཕྱིར་མ་ཞུགས་པ་དེ་སྲིད་དུ། འཇུག་ཡུལ་གྱི་ཐ་སྙད་མི་ཐོབ་པའི་ཕྱིར། གཞན་ཡང་སྒྲ་རྟག་འཛིན་གྱི་རྟོག་པ་དང་ཟླ་བ་གཉིས་སྣང་གི་མིག་ཤེས་ཆོས་ཅན། སྒྲ་རྟག་འཛིན་གྱི་རྟོག་པ་ལ་སོགས་དེ་དང་དེ་ལ་མི་བསླུ་བར་ཐལ། དེ་དང་དེ་གསར་དུ་རྟོགས་པའི་ཕྱིར། འདོད་ན་དེ་ཁྱོད་ཀྱི་འཇུག་ཡུལ་དུ་འགྱུར་ལ། དེ་ཡང་འདོད་ན་ཁྱོད་འཇུག་ཡུལ་ཅན་གྱི་ཤེས་པར་ཐལ་བ་དང༌། དེ་ཁྱོད་ལས་ཐ་དད་དུ་ཐལ་ལོ། །མདོར་ན། གང་ཁ་ཕྱིར་བལྟའི་ཤེས་པ་ཡིན་ན་རང་ཉིད་རང་གི་འཇུག་ཡུལ་མ་ཡིན་པས་ཁྱབ་གང་ཁ་ནང་བལྟའི་ཤེས་པ་ཡིན་ན་ཕྱི་རོལ་གྱི་དོན་འཇུག་ཡུལ་དུ་མི་བྱེད་པས་ཁྱབ། རང་ཉིད་རང་ལ་ཚད་མ་ཡིན་ན་རང་ཉིད་རང་གི་གཞལ་བྱ་ཡིན་དགོས་ཀྱང་རང་ཉིད་རང་གི་འཇུག་ཡུལ་དུ་འགལ་ལོ། །གཞན་ཡང༌། མར་མེའི་སྐད་ཅིག་ཐ་མ་འཛིན་པའི་མངོན་སུམ་ཆོས་ཅན། དེ་ལ་མི་བསླུ་བར་ཐལ། དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། དེ་ལ་འདོད་མི་ནུས་ཏེ་ཐོབ་པར་བྱར་མེད་པའི་ཕྱིར། གཞན་ཡང་སྔོན་པོ་འཛིན་པའི་མངོན་སུམ་གྱི་དྲངས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ཆོས་ཅན། སྔོན་པོའི་གཞན་སེལ་ལ་མི་བསླུ་བར་ཐལ། དེ་རྟོགས་པའི་ཕྱིར་ཏེ། རྟོག་ངོར་སྔོ་མིན་རྣམ་པར་བཅད་ཙམ་དེ་རྟོགས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སྔོན་པོ་ཡིན་པར་ཐལ། ངེས་ཤེས་དེའི་འཇུག་ཡུལ་མཚན་ཉིད་པ་ཡིན་པའི་ཕྱིར། དེ་ཁོ་ནར་མ་ཟད་ཀྱི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པའི་གཞན་སེལ་ལ་མི་བསླུ་བར་ཐལ། དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། དེ་ཆོས་ཅན། རང་གི་གཞལ་བྱར་གྱུར་པའི་གཞན་སེལ་རྟོགས་པ་ཡིན་ཏེ། སོང་ཚོད་ཀྱི་གཞལ་བྱ་རྟོགས་པ་གང་ཞིག་རྟོག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ་ཚད་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པའི་གཞལ་སེལ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་རང་མཚན་དུ་ཐལ། ཁྱོད་དེའི་འཇུག་ཡུལ་མཚན་ཉིད་པ་ཡིན་པའི་ཕྱིར། གཉིས་པ་ནི། སློབ་དཔོན་ཆོས་མཆོག་གི་ལུང་ཚད་མར་ཁས་ལེན་པ་དག་ལ་འདི་ལྟ་སྟེ། དོན་རང་མཚན་འཛིན་པའི་མངོན་སུམ་ཚད་མ་ཐམས་ཅད་དང༌། སྤྱིར་རྗེས་དཔག་ཚད་མ་ཐམས་ཅད་ཆོས་ཅན། རང་རང་གིས་གཟུང་བའི་གཞལ་བྱ་དེ་དང་དེ་ལ་མི་བསླུ་བར་ཐལ། དེ་དང་དེ་རྟོག་པའི་ཚད་མ་ཡིན་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། དང་པོ་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དང༌། གཉིས་པ་དངོས་པོར་མེད་པའི་ཕྱིར། དེ་སྐད་དུ་ཡང་འཐད་ལྡན་ལས། མངོན་སུམ་གྱིས་གཟུང་བའི་དོན་ནི་ཐོབ་པར་རུང་བ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །རྗེས་དཔག་གི་གཟུང་བ་ཡང་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར་རོ། །ཞེས་དང༌། གང་ལ་འཇུག་པའི་ཡུལ་དེ་ལ་ཐོབ་པས་མི་བསྡུ་བ་ཡིན་གྱི། གཟུང་བ་ལ་ནི་མ་ཡིན་ནོ། །གཉིས་ཀས་ཀྱང་དངོས་པོ་ཉིད་ལ་འཇུག་པར་བྱེད་དེ། ཞེས་དང༌། མ་གཟུང་བ་འཇུག་པའི་ཡུལ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་སྤང་བའི་ཕྱིར་དོན་ཡོངས་སུ་བཅད་ནས་ཞེས་གསུངས་ཏེ། འདིས་སྔར་ཡོངས་སུ་བཅད་པ་ལ་བལྟོས་ནས་འཇུག་པའི་ཕྱིར། ངེས་པ་དང་འཇུག་པ་དང་འབྲས་བུ་དག་ཉིད་དུ་བསྟན་ཏོ། །ཞེས་གསུང་ངོ༌། མི་བསླུ་བ་ཡིན་ན་རྟོགས་པས་ཁྱབ་པ་ཡང་ཆོས་མཆོག་གིས་གསལ་བར་བཀག་པ་ཡིན་ཏེ། ཇི་སྐད་དུ། ཡོངས་སུ་བཅད་པའི་དོན་འཇུག་པའི་ཡུལ་དུ་ཐོབ་པར་བྱེད་པ་ནི་ཚད་མ་ཡིན་ནོ་ཞེས་སྨྲས་པ་ན། དུང་ལ་སེར་པོར་ཤེས་པ་དང༌། ནོར་བུའི་འོད་ལ་ནོར་བུར་ཤེས་པ་དང༌། ཤེས་པའི་རྣམ་པ་དེ་ལྟ་བུ་གཞན་དག་ཀྱང་ཚད་མ་མིན་པར་བརྗོད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལུང་དེའི་དོན་ཡིན་པའི་རྒྱུ་མཚན་ཡང༌། མི་བསླུ་བ་དང་བཅད་པ་གཉིས་ལ་རིགས་མི་མཐུན་སེལ་ཚུལ་གྱི་ཁྱད་པར་མི་འདྲ་བ་སོ་སོར་གསུངས་པས་སོ། །གཉིས་པ་རྣམ་ངེས་ལས་གསུངས་ཚུལ་ལ། མཐའ་གཞན་དུ་དོགས་པ་དགག་པ་ལ་བཞི་སྟེ། གཞུང་ལས་ཇི་ལྟར་གསུངས་པའི་ཚུལ། གཞུང་དོན་ལ་སྲོལ་འབྱེད་གཉིས་ཀྱིས་ཇི་ལྟར་བཞེད་པའི་ཚུལ། བཞེད་པ་དེ་ལ་སློབ་དཔོན་ཕྱྭ་པས་ཇི་ལྟར་དགག་པ་མཛད་ནས་རང་ལུགས་ཇི་ལྟར་འཇོག་ཚུལ། ལུགས་དེ་ལ་རིགས་པའི་གཏེར་གྱིས་ཇི་ལྟར་དགག་པ་མཛད་པའི་ཚུལ་ལོ། །དང་པོ་ནི་ཇི་སྐད་དུ། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་ནི་རྗེས་དཔག །ཅེས་བྱ་བའོ། །འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །གཞུང་འདིའི་དོན་ནི་གསར་དུ་བཅད་པ་དང༌། མི་བསླུ་བ་གཉིས་ཚོགས་ཀྱི་རིག་པ་དེ་ཚད་མའི་མཚན་ཉིད་ཡིན་ནོ། །འདིར་བཅད་པའི་དོན་ནི་རྟོགས་པ་དང་སྒྲོ་འདོགས་བཅད་པ་གང་རུང་ཡིན་ལ། དེ་ཡང་མངོན་སུམ་དང་རྗེས་དཔག་གང་རུང་གི་ཡིན་གྱི། ཡིད་དཔྱོད་ཀྱིས་ནི་མིན་ནོ། །འོ་ན་བཅད་པ་དང་རྟོག་པ་དོན་གཅིག་ན་རྟོགས་པའི་དོན་དེ་ཉིད་ལ་མི་བསླུ་བར་འཇོག་གམ་ཞེ་ན། དེ་ནི་མིན་ཏེ། གང་ལ་མི་བསླུ་བར་འཇོག་པའི་ཡུལ་དེ་རྟོགས་མ་རྟོགས་གཉིས་སྲིད་པའི་ཕྱིར། ཚུལ་གསུམ་འཇལ་བའི་ཚད་མ་དང་རྗེས་དཔག་གཉིས་ཀྱིས་བསྒྲུབ་བྱ་བཞིན་ནོ། །དེ་ལྟ་བས་ན་བཅད་པ་ནི་སྣང་ཡུལ་དང་གཟུང་ཡུལ་དང་རང་རིག་གི་མྱོང་བྱ་གསུམ་པོ་གང་རུང་ཡིན་ལ། མི་བསླུ་བ་ནི་འཇུག་པའི་ཡུལ་ཁོ་ན་ལ་ལྟོས་པ་ཡིན་ནོ། །དེ་ཡང་དང་པོ་ལ་ནི། སྐད་ཅིག་རེ་རེ་བ་དང་དངོས་མེད་གཉིས་ཀ་ཡོད་ལ། གཉིས་པ་ནི་རྒྱུན་དང་བཅས་པའི་དོན་རང་མཚན་རྣམས་སོ། །དེ་ལྟ་ན་ཡང་འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ་འགལ་བ་མིན་ཏེ། གཞི་མཐུན་སྲིད་པའི་ཕྱིར། དེའི་ཕྱིར་ཕྱི་རབས་པ་གང་དག ཚད་མ་ཡིན་ན་རང་གང་ལ་ཚད་མར་སོང་སའི་འཇུག་ཡུལ་དང་གཞལ་བྱ་དོན་གཅིག་པས་གཞལ་བྱ་གསར་དུ་རྟོགས་པ་བཞིན་དུ་འཇུག་ཡུལ་ཡང་རྟོགས། འཇུག་ཡུལ་ལ་མི་བསླུ་བ་བཞིན་དུ་གཞལ་བྱ་གང་ཡིན་དེ་ལ་མི་བསླུ་བ་ཡིན་ནོ། །ཞེས་ཟེར་བ་དེ་ནི་གཞུང་འདི་དང་འགལ་ཞིང༌། དེ་ལྟར་འཆད་པའི་འགྲེལ་བྱེད་ཚད་ལྡན་སྔོན་བྱུང་བ་མེད་དོ། །གཉིས་པ་ལ། སློབ་དཔོན་ཆོས་མཆོག་གི་ལུགས་དང༌། ལོ་ཙྪ་བ་ཆེན་པོའི་ལུགས་སོ། །དང་པོ་ལ། མཚན་ཉིད་དངོས་བཟུང་བ་དང༌། དེ་ལ་སྐྱོན་གསུམ་སྤོང་བའི་ཚུལ་ལོ། །དང་པོ་ནི། མི་བསླུ་བའི་རིག་པ་ཁྱད་པར་གསུམ་ལྡན་དེ་ཚད་མའི་མཚན་ཉིད། ཁྱད་པར་གསུམ་ལྡན་ནི། ངོ་བོའི་ཁྱད་པར་དོན་ཐོབ་བྱེད་ཀྱི། ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པའི་དོན་གྱི་མཐར་ཐུག་པ། བྱེད་པའི་ཁྱད་པར་དོན་ཡོངས་སུ་གཅོད་པར་བྱེད་པ་ལ་གནས་པའི་ནས་པའོ། །དེ་གསུམ་ནི་རིམ་པ་བཞིན་དུ་དོན་བྱ་བ་ལ་ཞེས་སོགས་དང༌། འཇུག་པ་ནི་ཞེས་དང༌། འདི་དག་གིས་ཤེས་པ་གསུམ་གྱིས་རིམ་པར་བསྟན་ནོ། །གཉིས་པ་ལ། དོགས་པ་དང༌། དེ་བསལ་བའོ། །དང་པོ་ལ། མ་ཁྱབ་པར་དོགས་པ་དང༌། ཁྱབ་ཆེས་པར་དོགས་པ་དང༌། མི་སྲིད་པར་དོགས་པའོ། །དང་པོ་ནི། རྒྱང་འཕན་ན་རེ། དངོས་པོ་འཛིན་པའམ། དངོས་པོ་ལ་མི་བསླུ་བ་གང་རུང་ཚད་མའི་མཚན་ཉིད་དོ། །གཉིས་ཀ་ལྟར་ཡང་རྗེས་དཔག་ལ་མ་ཁྱབ་པར་འགྱུར་པ་དང༌། ཡང་ཚད་མ་ལ་མི་བསླུ་བ་དགོས་ན། དོན་དེ་ཐོབ་པའི་མཐུན་རྐྱེན་མ་ཚང་བའམ། འགལ་རྐྱེན་གྱི་གནོད་པ་བྱས་པའི་ཚད་མ་འགའ་ཞིག་ཀྱང་ཚད་མ་མིན་པར་ཐལ་སྙམ་པའོ། །དེའི་དཔེ་ནི། དུ་བས་ལ་མེ་ལྡན་དུ་རྟོགས་ཀྱང་མེའི་དྲུང་དུ་མ་ཕྱིན་པའམ། ཕྱིན་ཀྱང་ཚེའི་དུས་བྱས་ནས་མ་ཐོབ་པ་ལྟ་བུ་ལ་བསམས་པ་ཡིན་ནོ། །གཉིས་པ་ཁྱབ་ཆེས་པའི་དོགས་པ་དང༌། མི་སྲིད་པའི་དོགས་པ་ནི། འོ་ན་བཟུང་བའི་དོན་ལ་མི་བསླུ་བའམ། མ་བཟུང་བའི་དོན་ལ་མི་བསླུ་བ་གང་ཚད་མའི་མཚན་ཉིད་ཡིན། དང་པོ་ལྟར་ན་མི་སྲིད་དེ། མངོན་སུམ་གྱིས་བཟུང་བ་ཡུལ་གྱི་སྐད་ཅིག་མ་དང༌། རྗེས་དཔག་གིས་བཟུང་བ། དངོས་མེད་ཡིན་པས་ཐོབ་མི་ནུས་པའི་ཕྱིར་སྙམ་པའོ། །གཉིས་པ་ལྟར་ན་དུང་སེར་སྣང་དང་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ལ་ཁྱབ་ཆེས་སོ་སྙམ་པའོ། །གཉིས་པ་ནི། མ་ཁྱབ་པ་སེལ་བྱེད་གཞུང་ན་མེད་པས། ཁ་བསྐང་དགོས་པ་ཡིན་ཏེ། མི་བསླུ་བའི་དོན་ཐོབ་པ་ཡིན་ལ་དེ་ཡང་ཐོབ་པར་ངེས་པ་མིན་གྱི། ཐོབ་པའི་ནུས་པ་ལ་བྱ་བ་ཡིན་པས། མ་ཁྱབ་པའི་ཉེས་པ་གཉིས་པ་མེད། དངོས་པོ་འཛིན་པ་ཚད་མའི་མཚན་ཉིད་དུ་མི་འདོད་པས། མ་ཁྱབ་པའི་ཉེས་པ་དང་པོ་མེད་དོ། །ཐོབ་ནུས་པའི་དོན་ཡང་འཇུག་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །ཁྱབ་ཆེས་པའི་སྐྱོན་སེལ་བ་ནི། མི་བསླུ་བ་ཙམ་ཡིན་ན་བདེན་ཡང༌། བཅད་པ་དང་མཐུན་པའི་མི་བསླུ་བ་དགོས་པ་ཡིན་པའི་ཕྱིར། སྐྱོན་མེད་དོ་ཞེས་སྟོན་པ་ནི། དོན་ཡོངས་སུ་བཅད་ནས་ཞེས་པའོ། །མི་སྲིད་པ་སྤང་བ་ནི། བཟུང་ཟིན་པའི་དོན་ལ་མི་བསླུ་བར་འདོད་ན་མི་སྲིད་པའི་བདེན་ཡང༌། དེ་ལྟར་མི་འདོད་ཀྱི་འཇུག་པའི་ཡུལ་ལ་མི་བསླུ་བ་ལ་འདོད་པའི་ཕྱིར་ཞེས་སྟོན་པ་ནི། འཇུག་པ་ན་ཞེས་པའོ། །ཞེས་བཞེད་དོ། །གཉིས་པ་ནི། རྔོག་ལོ་ཆེན་པོ་ནི། མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དང༌། མི་བསླུ་བར་འཇོག་པ་ལ་ཡང༌། བཅད་པ་དང་མཐུན་པའི་དོན་ཐོབ་པ་དགོས་པ་ཡིན་གྱི། སྤྱིར་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། དེ་ནི་ཚད་མིན་གྱི་བློ་ཐམས་ཅད་ལ་ཡོད་པའི་ཕྱིར། དཔེར་ན་སྨིག་རྒྱུ་ལ་ཆུར་འཛིན་གྱི་ཤེས་པས་སྨིག་རྒྱུའི་ཡོད་པ་ཐོབ་པ་བཞིན་ནོ། །འོ་ན་གཟུང་ཡུལ་དང་འཇུག་ཡུལ་གང་ལ་མི་བསླུ་བ་ཡིན་ཞེ་ན། མུ་བཞི་སྟེ། གཟུང་བ་ཡིན་ལ་འཇུག་ཡུལ་མིན་པ་ནི། དོན་སྤྱི་དང་གཟུང་རྣམ་ལྟ་བུའོ། །ཡང་ན། ངེས་པ་འདྲེན་པར་མི་ནུས་པའི་སྐད་ཅིག་སོ་སོ་དང༌། རྡུལ་ཕྲན་སིལ་བུ་ལྟ་བུའོ། །འཇུག་ཡུལ་ཡིན་ལ་མ་གཟུང་བ་ནི་མིག་གི་བློ་ལ་རེག་བྱ་ལ་སོགས་པ་ལྟ་བུའོ། །གཉིས་ཀ་ཡིན་པ་ནི་ངེས་པ་འདྲེན་པར་ནུས་པའི་གཟུགས་ལྟ་བུའོ། །གཉིས་ཀ་མིན་པ་ནི་དུ་བ་འཛིན་པའི་བློ་ལ་མེ་ལྟ་བུའོ། །ཞེས་བཞེད་དོ། །དེ་ལྟར་ལུགས་དེ་གཉིས་ཀས་ཚད་མ་ཡིན་ན་རང་གི་འཇུག་ཡུལ་རང་མཚན་ལ་མི་བསླུ་བས་ཁྱབ་པར་བཞེད་པ་ཡིན་ནོ། །གསུམ་པ་ནི། སློབ་དཔོན་ཕྱྭ་པས་ལུགས་དེ་གཉིས་ཀ་ལ་ཐུན་མོང་དུ་ཉེས་པ་གཉིས་བརྗོད་པར་མཛད་དོ། །དེ་གང་ཞེ་ན། དངོས་མེད་འཇལ་བ་ལ་མ་ཁྱབ་པ་དང༌། འདས་པ་འཇལ་བ་ལ་མ་ཁྱབ་པའོ། །དང་པོ་ནི། རྟོག་པའི་གཟུང་ཡུལ་ཡིན་པའི་རྟགས་ཀྱིས། རི་བོང་ཅན་གྱི་དོན་སྤྱི་ཟླ་བ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱར་རྟོགས་པའི་རྗེས་དཔག་དེས། རང་གི་བསྒྲུབ་བྱ་དེ་ཐོབ་པར་ནུས་སམ་མི་ནུས། དང་པོ་ལྟར་ན། དེ་དངོས་པོར་འགྱུར། གཉིས་པ་ལྟར་ན་ཚད་མ་ཡིན་ན། དོན་ཐོབ་པར་བྱེད་པའི་ནུས་པ་དང་ལྡན་པ་ཉམས་སོ། །གཉིས་པ་ནི། འདས་པའི་དུས་སུ་སྒྲ་ཡོད་པར་མཐོང་ཡང༌། ཡོད་ན་མི་རྟག་པས་ཁྱབ་པ་མ་ངེས་ལ། ད་ལྟར་གྱི་དུས་སུ་ཡོད་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་ནས། འདས་པའི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེས་པ་དེའི་ཚེ། རྗེས་དཔག་དེས་འདས་པའི་སྒྲ་དང་མི་རྟག་པའི་ཚོགས་དོན་ཐོབ་པར་ནུས་སམ་མི་ནུས། དང་པོ་ལྟར་ན་མངོན་སུམ་གྱི་གཟུང་ཡུལ་ཐོབ་མི་ནུས་པར་འདོད་པ་དང་འགལ། གཉིས་པ་ལྟར་ན་ཚད་མ་ལ་མི་བསླུ་བས་མ་ཁྱབ་པར་འགྱུར་རེ་ཞེས་དགག་པ་བརྗོད་ནས། ཁོང་རང་གི་ལུགས་ལ་ཚད་མའི་མཚན་ཉིད་སྔར་མ་རྟོགས་པའི་དོན་བདེན་པ་ལ་མི་འཁྲུལ་བའི་འཛིན་སྟངས་ཀྱིས་བཟློག་པའི་སྒྲོ་འདོགས་དང་འགལ་བའོ། །གཞུང་ལས་མི་བསླུ་བར་གསུངས་པ་ཡང་ཡུལ་ཤེས་བྱའི་གཤིས་སུ་གནས་ཤིང༌། གནོད་མེད་དུ་བདེན་པ་ལ་བྱ་དགོས་པ་ཡིན་ཏེ། ཇི་སྐད་དུ། གནོད་མེད་འདིའི་མི་བསླུ་བའོ། །ཞེས་གསུངས་པ་ལྟར་རོ། །མཚན་ཉིད་དེས་མངོན་སུམ་ལ་མ་ཁྱབ་པའི་སྐྱོན་མེད་དེ། མངོན་སུམ་ཚད་མས་སྒྲོ་འདོགས་གཅོད་པ་དེའི་ཚེ། མངོན་སུམ་གྱིས་གཅོད་ཀྱིས་ངེས་ཤེས་ཀྱིས་གཅོད་པ་མིན་ཏེ། སྐད་ཅིག་དང་པོར་མངོན་སུམ་དང་སྒྲོ་འདོགས་ཕྲད། སྒྲོ་འདོགས་ཀྱི་ཉེར་ལེན་གྱི་རྒྱུ་དང་མངོན་སུམ་གྱིས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་སྐད་ཅིག་གཉིས་པར་སྒྲོ་འདོགས་ནུས་མེད་དུ་སྐྱེས། གསུམ་པ་ལ་བཟློག་པའི་ཕྱིར། ངེས་ཤེས་ནི་སྒྲོ་འདོགས་ལོག་རྗེས་སུ་སྐྱེས་པའི་བཅད་པའི་ཡུལ་ཅན་ཡིན་པས་སྒྲོ་འདོགས་གཅོད་བྱེད་མིན་ནོ་ཞེས་གསུང་ངོ༌། །བཞི་པ་ལ། སློབ་དཔོན་ཕྱྭ་པའི་ལུགས་ལ་དགག་པ་ཇི་ལྟར་མཛད་པའི་ཚུལ། སློབ་དཔོན་ཆོས་མཆོག་གི་ལུགས་ལ་སྐྱོན་སྤོང་མཛད་ནས་རང་ལུགས་ཆོས་མཆོག་དང་མཐུན་པར་བཤད་པའི་ཚུལ། མི་མཐུན་པའི་ཆ་ཅུང་ཟད་ལ་དགག་པ་མཛད་པའོ། །དང་པོ་ནི། ཇི་སྐད་དུ། མི་དགོས་མ་ཁྱབ་མི་སྲིད་གསུམ། །བདེན་པའི་དོན་རྟོགས་འདོན་ན་ཡོད། །ཅེས་གསུངས་སོ། །དེའི་དོན་ནི། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་དང༌། འཛིན་སྟངས་དོན་ལ་མ་འཁྲུལ་པ་གཉིས་མི་དགོས་ཏེ། གང་རུང་གཅིག་ཡོད་ན་གཅིག་ཤོས་དོན་གྱིས་གྲུབ་པའི་ཕྱིར། ཕྱྭ་པས་ནི། མངོན་སུམ་བཅད་ཤེས་རྣམས་འཛིན་སྟངས་མ་འཁྲུལ་ཡང༌། ཡུལ་རྟོགས་ཟིན་ལ་འཇུག་པར་བཞེད་དོ། །ངོ་བོའི་ཁྱད་པར་སྒྲོ་འདོགས་གཅོད་པ་ནི་མངོན་སུམ་ལ་མ་ཁྱབ་སྟེ། སྒྲོ་འདོགས་དང་འཛིན་སྟངས་མི་འགལ་བའི་ཕྱིར། མངོན་སུམ་གྱིས་སྒྲོ་འདོགས་གཅོད་ཚུལ། ཁྱེད་འདོད་པ་དེ་ལྟར་མི་འཐད་དེ། ཁྱེད་ཀྱི་འདོད་པ་དེ་ལྟར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་ཀྱང་རང་གི་བསལ་བྱ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་མི་གཅོད་པར་འགྱུར་ཏེ། རྗེས་དཔག་དེ་རང་གི་བསལ་བྱ་སྒྲོ་འདོགས་ལོག་རྗེས་སུ་བྱུང་བའི་ཕྱིར། དེ་ལྟ་ན་ཡང་དེས་དེ་སེལ་ན་ནི་མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ལ་ཡང་ཅིའི་ཕྱིར་མི་མཚུངས། བཅད་ཤེས་དང་ཚད་མའི་ཁྱད་པར་ཡོད་པས་མི་མཚུངས་ཞེ་ན། འོ་ན་བཅད་ཤེས་ཀྱི་མཚན་ཉིད་དུ་སྒྲོ་འདོགས་དང་འཛིན་སྟངས་འགལ་བ་ཞེས་འཇོག་པ་ཉམས་སོ། །དེར་མ་ཟད་སྒྲོ་འདོགས་གཅོད་པ་མཚན་ཉིད་ཀྱི་ཟུར་དུ་ཡོད་ན་ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པ་མཚན་ཉིད་ཀྱི་ཟུར་དུ་མི་དགོས་པར་འགྱུར་ཏེ། རྟོགས་ཟིན་རྟོགས་པ་ལ་སྒྲོ་འདོགས་གཅོད་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་མི་སྲིད་པའི་སྐྱོན་ནི། དོན་བདེན་པའི་གོ་བ་དོན་ཤེས་བྱའི་གཤིས་ལུགས་ལ་ཇི་ལྟར་གནས་པ་བཞིན་ཚད་མས་ཀྱང་འཛིན་པ་ལ་འདོད་ན་ཚད་མ་ཕལ་ཆེ་བ་ལ་མི་སྲིད་པའི་སྐྱོན་ཡོད་དེ། དོན་རིག་མངོན་སུམ་གྱིས་ཀྱང་དོན་དང་འདྲ་བ་མཐོང་བ་ལ་དོན་མཐོང་བའི་ཐ་སྙད་བྱེད་པ་ཡིན་གྱི། དོན་ཇི་ལྟར་གནས་པ་བཞིན་མ་མཐོང་བའི་ཕྱིར་དང༌། ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་གིས་ཀྱང༌། ལའི་མེ་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར་དང༌། དོན་དམ་པའི་ཚད་མ་གཟུང་འཛིན་ལས་གྲོལ་བས་དེའི་གཞལ་བྱར་གྱུར་པའི་མེད་དགག་དེ་བདེན་པར་གནས་པ་མི་སྲིད་པའི་ཕྱིར། འདི་ནི་གཙོ་བོ་མདོ་སྡེ་པའི་དབང་དུ་མཛད་པ་ཡིན་ལ། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་ཡང་འགྱུར་མེད་ཡོངས་གྲུབ་བདེན་པར་བཞེད་མི་བཞེད་རྣམ་པར་དཔྱད་པའི་གནས་ཡིན་ནོ། །གཉིས་པ་ནི། ཇི་སྐད་དུ། དངོས་མེད་འཇལ་ལ་མ་ཁྱབ་ཅིང༌། །ཉེ་བར་སླད་ལ་ཁྱབ་ཆེས་ལོ། །རང་མཚན་ཡོད་མེད་གཅོད་ཕྱིར་འཐད། །ཉེ་བར་སླད་པ་བསླུ་བར་བཤད། །ཅེས་གསུངས་སོ། །དེའི་དོན་ལ་ཕྱོགས་སྔ། དང་པོ་ནི། ཕྱྭ་པས་ཆོས་མཆོག་བཀག་པ་དེ་ཉིད་ཡིན་ལ། གཉིས་པ་ནི། རྔོག་ལོ་ཆེན་པོ་དུང་སེར་སྣང་གི་མིག་ཤེས། རེག་བྱ་ལ་ཚད་མ་དང༌། ལྗོན་ཤིང་འགྲོ་སྣང་གི་མིག་ཤེས་ཁ་དོག་དང་རེག་བྱ་ལ་ཚད་མར་བཞེད་པ་དེ་ཉིད་ཡིན་ནོ། །དེ་དགག་པ་ལ། ལུགས་དང་པོ་དགག གཉིས་པ་དགག་པའོ། །དང་པོ་ནི། གང་རྟོགས་པའི་དོན་དེ་ཉིད་ལ་མི་བསླུ་ན་ཉེས་པ་དེ་འཇུག་ཀྱང༌། འདིར་ནི་དངོས་མེད་འཇལ་བའི་ཚད་མ་རྣམས་དོན་རང་མཚན་ལ་མི་བསླུ་བ་ཡིན་ཏེ། རང་གི་བཅད་པ་དང་མཐུན་པའི་དོན་རང་མཚན་མ་འོངས་པ་རྣམས་ཐོབ་པའི་ཕྱིར། དཔེར་ན་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གིས་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ཐོབ་པར་ནུས་པ་བཞིན་ནོ། །བྱེ་བྲག་ཏུ་ཁ་སང་གི་དུས་ཀྱི་སྒྲ། དེ་རིང་གི་དུས་སུ་མི་རྟག་པར་རྟོགས་པའི་                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*