རྗེས་དཔག་གི་འཇུག་ཡུལ་ནི་སྒྲ་མི་རྟག་པ་རང་མཚན་ཙམ་དེ་ཡིན་ལ། རི་བོང་ཅན་གྱི་དོན་སྤྱི་ཟླ་བ་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ཀྱང་རི་བོང་ཅན་རང་མཚན་ཡིན་པ་ལ་འགལ་བ་མེད་དེ། ས་ཕྱོགས་བུམ་མེད་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ། ས་ཕྱོགས་རང་མཚན་ཡིན་པར་ལྷ་དབང་བློ་བཞེད་པ་བཞིན་ནོ། །མདོར་ན་དེ་ལྟ་བུའི་དོགས་པ་དེ་ནི་རྗེས་དཔག་གི་འཇུག་ཡུལ་ཡིན་ན་སྤྱིར་ལྐོག་གྱུར་དང༌། བྱེ་བྲག་ཏུ་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པས་ཁྱབ་བོ་སྙམ་དུ་ཞེན་པས་ནོངས་པ་ཡིན་ནོ། །དངོས་མེད་འཇལ་བ་ལ་མ་ཁྱབ་པའི་ཉེས་པ་དེ་ནི་ཁྱེད་རང་བདེན་པའི་དོན་རྟོགས་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་འདོད་པ་ལ་ཡང་མཚུངས་ཏེ། དངོས་མེད་ཡིན་ན་བདེན་པའི་དོན་དུ་འགལ་བའི་ཕྱིར་གཉིས་པ་ནི། དུང་སེར་འཛིན་གྱི་མིག་ཤེས་དང་ལྗོན་ཤིང་འགྲོ་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་མིན་ཏེ། མངོན་རྗེས་གང་རུང་མིན་པའི་ཕྱིར། །མངོན་སུམ་མིན་ཏེ། འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར། སྐབས་འདིར་རིགས་གཏེར་ལས། དཀར་པོ་དང་སྡོད་པ་ལ་མི་བསླུ་བས་ཚད་མར་འགྱུར་རོ་ཞེ་ན། ཞེས་འབྱུང་བ་དེ་ནི་ཡི་གེ་མ་དག་པ་ཡིན་ཏེ། ཕྱོགས་སྔ་མས་དེ་ལྟར་མི་འདོད་པའི་ཕྱིར། འོ་ན་ཇི་ལྟར་ཟེར་དགོས་ཞེ་ན། དཀར་པོ་དང་སྡོད་པ་ལ་འཁྲུལ་ཡང་རེག་བྱ་དང་ཁ་དོག་ལ་མི་བསླུ་བས་ཚད་མར་འགྱུར་རོ་ཞེ་ན། ཞེས་འདོན་དགོས་པ་ཡིན་ནོ། །ཡང་ཉེ་བར་སླད་པ་ལ་མི་བསླུ་བའི་ནུས་པ་མེད་དེ། དེ་མིན་ལ་དེར་སྣང་བའི་ཕྱིར་རོ། །ཞེས་གསུངས་པ་དེ་ཡང་རྟོག་མེད་ཀྱི་ཤེས་པའི་དབང་དུ་མཛད་ནས་བཤད་པ་ཡིན་ཏེ། གཞན་དུ་ན། རྗེས་སུ་དཔག་པའི་ཚད་མ་ཐམས་ཅད་ལ་དེར་ཐལ་བའི་ཕྱིར་རོ། །དེས་ན་རང་གི་ལུགས་ནི་སློབ་དཔོན་ཆོས་མཆོག་དང་མཐུན་པ་ཡིན་ཞིང༌། རྔོག་ལོ་དང་མི་མཐུན་པའི་ཁྱད་པར་ནི་བཤད་མ་ཐག་དེ་ཉིད་ཡིན་ལ། ཕྱྭ་པས་ནི་མི་བསླུ་བའི་དོན་བདེན་པའི་དོན་རྟོགས་ལ་བཞེད་པས་ཤིན་ཏུ་ནོངས་པ་ཡིན་ཞིང༌། རིགས་པའི་གཏེར་དང་མི་མཐུན་པའི་བར་ཁྱད་ཀྱང་འདི་ཁོ་ན་ཡིན་པ་ལ། རིགས་པའི་གཏེར་གྱི་རྗེས་སུ་འབྲང་བ་དག་མི་བསླུ་བའི་དོན་རྟོགས་པ་ལ་འཆད་པ་ནི་རིགས་པའི་གཏེར་གྱིས་གང་བཀག་པ་དེ་ཉིད་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། མི་དགོས་མ་ཁྱབ་མི་སྲིད་གསུམ། །ཞེས་སོགས་དང༌། དངོས་མེད་འཇལ་ལ་མ་ཁྱབ་ཅིང༌། །ཞེས་སོགས་ཀྱིས་བཀག་པའི་དོན་དེ་ཉིད་ཁས་བླངས་པའི་ཕྱིར། འོ་ན་བཀག་པའི་ཉེས་པ་ཇི་ལྟར་འཇུག་ཅེ་ན། འདི་ལྟར། མི་བསླུ་བའི་དོན་རྟོགས་པ་ལ་བྱེད་ན། ཁྱེད་རང་གི་འཆད་ལུགས་ལྟར་ན་མ་ཤེས་དོན་གསལ་མི་དགོས་པའི་ཉེས་པ་དང༌། ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལ་མི་བསླུ་བས་མ་ཁྱབ་པའི་ཉེས་པ་དང༌། ནོར་འོད་ལ་ནོར་བུར་ཞེན་པའི་བློ་ལ་མི་བསླུ་བ་མི་སྲིད་པའི་ཉེས་པ་དང་གསུམ་གནས་སོ། །མི་དགོས་པ་འདོད་མི་ནུས་ཏེ། མངོན་སུམ་གྱིས་དྲངས་པའི་བཅད་ཤེས་རྣམས་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ཡིན་ནམ་སྙམ་པའི་དོགས་པ་སེལ་དགོས་པའི་ཕྱིར་རོ། །ཅི་སྟེ་དེ་གཟུང་བ་འཛིན་ཕྱིར་ཀུན་རྫོབ་ཅེས་པས་སེལ་ལོ་ཞེ་ན། དེ་སྐད་དུ་སྨྲ་བ་རིགས་མོད། ཚིག་དེ་ཡང་མི་བསླུ་བ་ལས་ལོགས་སུ་མི་དགོས་པའི་ཉེས་པ་ཁྱེད་ལ་གནས་སོ། །ཁོ་བོ་ཅག་ལྟར་ན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་མཚན་ཉིད་འཆད་ཚུལ་ལ་སྒྲ་ཟིན་མི་འདྲ་བ་གཉིས་བྱུང་བ་དེ་དོན་གཅིག་པར་འཆད་པ་ཡིན་གྱི། ཁྱོད་ཀྱི་ལྟར་གཉིས་པོས་མཚན་ཉིད་ཀྱི་ཟུར་རེ་རེ་སྟོན་པར་མི་འདོད་པའི་ཕྱིར་ཉེས་པ་མེད་དོ། །དེར་མ་ཟད། དངོས་མེད་འཇལ་ལ་མ་ཁྱབ་ཅིང༌། །ཞེས་པ་ལ་འདོད་ལན་འདེབས་རིགས་པར་འགྱུར་ལ། དེ་ལ་འདོད་ལན་བཏབ་པ་ཡང་མིན་ཏེ། རང་མཚན་ཡོད་མེད་དཔྱོད་ཕྱིར་འཐད། །ཅེས་དེ་འཇུག་ཡུལ་རང་མཚན་ལ་མི་བསླུ་བར་བསྒྲུབ་པའི་སྒོ་ནས། རང་མཚན་ལ་མི་བསླུ་བས་ཚད་མ་ལ་མ་ཁྱབ་པའི་སྐྱོན་མེད་པར་བཤད་པའི་ཕྱིར་རོ། །གསུམ་པ་ཅུང་ཟད་མི་མཐུན་པ་ལ་དགག་པ་ཇི་ལྟར་མཛད་པའི་ཚུལ་ནི། ཚད་མ་རྣམ་པར་ངེས་པ་ལས། ཚད་མའི་མཚན་ཉིད་འཆད་ཚུལ་དེ་ལ། མ་ཁྱབ་པའི་གཅོད་ཚུར་ཟུར་ནས་ཁ་བསྐང་དགོས་པ་མིན་ཏེ། གལ་ཏེ་དགོས་ན་ཚིག་སྔ་མ་སྐྱོན་ཅན་དུ་འགྱུར་བའི་ཕྱིར། འོ་ན་མ་ཁྱབ་པ་གང་གིས་སེལ་ཞེ་ན། བསླུ་བ་མེད་པའི་ཕྱིར་རོ་ཞེས་པའི་ཚིག་དེས་སེལ་ལོ། །སེལ་ནུས་པ་ཡིན་ཏེ། མི་བསླུ་བའི་གོ་བ། དོན་དེ་ཐོབ་ངེས་པ་ལ་བྱས་ན་སྔར་བཤད་པའི་མ་ཁྱབ་པའི་ཉེས་པ་དེ་འཇུག་ཀྱང༌། དོན་ཐོབ་པའི་ནུས་པ་ལ་འཆད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ལ། དངོས་དང་དེས་སྒྲོ་འདོགས་གཅོད་པའི་ཚུལ་ལོ། །དང་པོ་ལ། གཞུང་གིས་བསྟན་པའི་ཚུལ་དང༌། དེས་བསྟན་པའི་མཚན་ཉིད་ངོས་བཟུང་བའོ། །དང་པོ་ལ། རྣམ་འགྲེལ་ལས་གསུངས་ཚུལ་དང༌། རྣམ་ངེས་ལས་བཤད་ཚུལ་ལོ། །དང་པོ་ལ། གཞུང་སྔ་མས་བསྟན་ཚུལ་དང༌། ཕྱི་མས་བསྟན་ཚུལ་ལོ། །དང་པོ་ནི། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པས། ཚད་མར་འཇོག་པ་དོན་རང་མཚན་ལ་མི་བསླུ་བ་ཞིག་དགོས་པར་བསྟན། དེ་ཙམ་གྱིས་ཆོག་གམ་སྙམ་པ་ལ། རང་གི་གཞལ་བྱ་གསར་དུ་རྟོགས་པ་གཅིག་ཀྱང་དགོས་སོ་ཞེས་སྟོན་པ་ནི། གཟུང་བ་འཛིན་ཕྱིར་སོགས་སོ། །འོ་ན་དེ་ལྟ་བུའི་མཚན་ཉིད་དེ་སྒྲ་བྱུང་གི་ཚད་མ་ལ་མ་ཁྱབ་པ་ཡིན་ནོ་སྙམ་པའི་དོགས་པ་སེལ་བ་ནི། སྒྲ་ལས་བྱུང་བ་ཡང་ཞེས་སོགས་སོ། །མཚན་གཞི། དབང་པོ་གཟུགས་ཅན། སྐྱེས་བུ་སོགས་ལ་མ་ཁྱབ་པ་ཡིན་ནོ། །སྙམ་པའི་དོགས་པ་སེལ་བ་ནི། བློ་ནི་ཚད་མ་ཉིད། ཅེས་སོགས་སོ། །མཚན་ཉིད་དང་མཚོན་བྱ་གཉིས་ཀ་མཚན་གཞིའི་སྟེང་དུ་མི་སྲིད་པའི་དོགས་པ་བསལ་ནས། མཚན་གཞིའི་སྟེང་དུ་ངེས་བྱེད་ཀྱི་ཚད་མ་འཆད་པ་ནི། རང་ལས་རང་གི་སོགས་རྐང་པ་གསུམ་མོ། །གཉིས་པ་ནི། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་གི་ཆ་འགར། ཚད་མའི་མཚན་ཉིད་མ་ཤེས་དོན་གསལ་གྱི་རིག་པར་གསུངས་པ་དང་འགལ་ལོ། །ཞེ་ན། དེ་ཡང་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་འཆད་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པའོ། །འོ་ན་དེ་ཙམ་གྱིས་ཚད་མར་འགྱུར་རམ་སྙམ་པ་ལ་མི་ཆོག་སྟེ། འཇུག་ཡུལ་རང་མཚན་ལ་མི་བསླུ་བ་གཅིག་ཀྱང་དགོས་སོ་ཞེས་སྟོན་པ་ནི། རང་གི་མཚན་ཉིད་མི་ཤེས་པ། །ཞེས་སོགས་སོ། །དེ་ཡང་མ་ཤེས་དོན་གསལ་ཞེས་པའི་ཚིག་ལ་ནུས་པ་གཉིས་ཏེ། མ་ཤེས་པ་གསལ་ཞེས་པ་དང༌། དོན་གསལ་ཞེས་པའོ། །དང་པོས་གསར་དུ་རྟོགས་པའི་དོན་བསྟན། གཉིས་པས་མི་བསླུ་བའི་དོན་བསྟན་ནོ། །འོ་ན་གཞལ་བྱའི་ངོ་བོ་རྟོགས་པའི་དུས་དེ་ཉིད་དུ་ཐོབ་པ་དགོས་སམ་ཞེ་ན། དེ་མི་དགོས་ཏེ། གཞལ་བྱ་རང་གི་ངོ་བོ་རྟོགས་པའི་འོག་ཏུ་སྐྱེས་པའི་སྤྱིའི་ཡུལ་ཅན་གྱི་ཤེས་པས་དོན་རང་མཚན་ཐོབ་པར་ནུས་པ་ཙམ་ལ་མི་བསླུ་བའི་དོན་དུ་འཇོག་པའི་ཕྱིར་ཞེས་སྟོན་པ་ནི། རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱིའི་རྣམ་པར་ཤེས་པ་ཐོབ། །ཅེས་གསུང་ངོ༌། །འདིར་སེལ་དགོས་པའི་དོགས་པ་གཉིས་ཏེ། མ་ཤེས་དོན་གསལ་མཚན་ཉིད་དུ་སྟོན་པའི་སྐབས་འདིར། མི་བསླུ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོས་པ་ལ་མེད་དོ་སྙམ་པ་དང༌། གལ་ཏེ་དེ་ཡོད་ན་དངོས་མེད་འཇལ་བའི་ཚད་མ་ལ་མ་ཁྱབ་བོ་སྙམ་པའོ། །དང་པོ་སེལ་བ་ནི། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་པའོ། །གཉིས་པ་སེལ་བ་ནི། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་པའོ། །དེའི་དོན་ཡང་ནམ་མཁའ་དངོས་མེད་དུ་རྟོགས་པའི་ཚད་མ་དེས་དོན་རང་མཚན་ཡིན་མིན་སོ་སོར་དཔྱད་ཅིང་ཕྱེ་ནས་མཐར་རང་མཚན་ཡིན་ངོ་ཤེས་པ་གཅིག་ལ་འཇུག་པའི་ཕྱིར་སྙམ་པའོ། །དེ་ལྟར་མ་ཁྱབ་པ་དང་ཁྱབ་ཆེས་པ་བསལ་ནས། མི་སྲིད་པ་སེལ་བའི་ཚུལ་ནི། རང་ལས་རང་གི་ཞེས་སོགས་འདིར་ཡང་སྦྱར་རོ། །ཡང་བཤད་པའི་རྣམ་གྲངས་གཉིས་པ་ནི་འདིར་མ་ཤེས་དོན་གསལ་མཚན་ཉིད་ཀྱི་ཟུར་དུ་བཞག་པ་ལ་བཅད་ཤེས་ལ་ཁྱབ་ཆེས་པའི་དོགས་པ་འབྱུང་བའི་གཞི་མི་སྣང་བས། འཆད་པ་པོ་ཕལ་ཆེ་བ་དག་གིས་དེ་ལྟར་བཤད་པ་དེ་ནི་ལོག་པར་བཤད་པ་ཡིན་པར་སེམས་པས། འདི་ལྟར་འཆད་དེ། གསལ་བྱེད་ཀྱང་ཞེས་པ་ལ་འཕྲོས་ནས། སྤྱི་འཛིན་པའི་རྟོག་པ་ཐམས་ཅད་ཆོས་ཅན། ཚད་མར་ཐལ། མ་ཤེས་དོན་གསལ་གྱི་རིག་པ་ཡིན་པའི་ཕྱིར། །ཞེ་ན། རྟགས་མ་གྲུབ་སྟེ། སྤྱི་འཛིན་རྟོག་བློ་ཡིན་ན་རང་གི་གསལ་བ་སོ་སོའི་ངོ་བོ་རྟོགས་པའི་ཚད་མ་སྔོན་དུ་སོང་བས་ཁྱབ་པའི་ཕྱིར་ཞེས་སྟོན་པ་ནི། རང་གི་ངོ་བོ་སོགས་སོ། །སྐབས་འདིར་རང་གི་མཚན་ཉིད་ཐོབ་པ་ལ་ཤེས་པའི་སྒྲ་བསྟན་པ་ཡིན་ཏེ། གཞན་དུ་ན་ཚད་མ་ཡིན་ན་རང་མཚན་རྟོགས་པས་ཁྱབ་པར་ཐལ་བའི་ཕྱིར། དེ་ལྟར། རང་གི་མཚན་ཉིད་མ་ཐོབ་པ། །ཐོབ་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་འདོན་དགོས་པ་ཡིན་ནོ། །ཡང་ན་འདི་ལྟར་བཤད་པར་བྱ་སྟེ། གཞུང་སྔ་ཕྱི་གཉིས་ཀས་འཇུག་ཡུལ་རང་མཚན་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་ཡིན་པར་བསྟན་ནོ། །དེ་ཡང་གཞུང་ཕྱི་མས་ནི་སྒྲས་ཟིན་ལ་བསྟན་ལ། གཞུང་སྔ་མའི་སྐབས་སུ་ཡང༌། གཟུང་བ་འཛིན་ཕྱིར་ཞེས་པ་དང༌། འཇུག་ཡུལ་ལ་འཆད་དགོས་པར་འཕྲོས་ལས་གསལ་བའི་ཕྱིར། མ་ཤེས་དོན་གསལ་ཞེས་པ་ཡང་གཞལ་བྱ་ཙམ་གསར་རྟོགས་ལ་བྱས་ན་མངོན་སུམ་གྱིས་དྲངས་པའི་བཅད་ཤེས་ལ་ཡང་ཡོད་པས། འཇུག་ཡུལ་གྱི་དབང་དུ་བྱེད་དགོས་སོ་ཞེས་འཆད་པ་ནི། རང་གི་ངོ་བོ་རྟོགས་འོག་ཏུ། །ཞེས་སོགས་སོ། །འོ་ན་ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གཞལ་བྱ་རྟོགས་པ་མི་དགོས་པའམ་དགོས་ན་གཞུང་གང་གིས་སྟོན་སྙམ་ན། ཚད་མ་གྲུབ་པའི་ལེའུ་ན་དེ་སྟོན་བྱེད་མེད་ཀྱང༌། མངོན་སུམ་གྱི་ལེའུར་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་བསྒྲུབ་པ་ལས་སོ། །དེ་ཡང་ཇི་ལྟར་ཞེ་ན། ཚད་མ་གཉིས་ཀ་ཡ་འཇུག་ཡུལ་རང་མཚན་ལ་མི་བསླུ་བར་མཚུངས་ན་གཉིས་པོའི་ཁྱད་པར་ཅི་ཡིན་སྙམ་པ་ལ། གཞལ་བྱའི་ཁྱད་པར་ལས་སོ་སོར་ངེས་སོ། །དེ་ཡང་ཇི་ལྟར་ཞེ་ན་རང་མཚན་གཞལ་བྱར་བྱས་པའི་སྒོ་ནས་མི་བསླུ་ན། མངོན་སུམ་དང༌། སྤྱི་མཚན་གཞལ་བྱར་བྱས་པའི་སྒོ་ནས་འཇུག་ཡུལ་རང་མཚན་ལ་མི་བསླུ་བའི་རིག་པ་ཡིན་ན། རྗེས་སུ་དཔག་པའི་ཚད་མ་ཡིན་ཞེས་བྱ་བའི་ཚུལ་ལོ། །ཞེས་བྱ་བ་འདི་ནི་ལེགས་པར་བཤད་པ་གཉིས་པ་ཡིན་པས་ངེས་པའི་དོན་དུ་གཟུང་བར་བྱའོ། །གཉིས་པ་ནི། རྣམ་པར་ངེས་པ་ལས། འདི་དག་གི་དོན་ཡོངས་བཅད་ནས་ཞེས་པས། ཚད་མར་འགྱུར་བ་ལ་རང་རང་གི་གཞལ་བྱ་རྟོགས་དགོས་པར་བསྟན། རྟོགས་ཚུལ་ལ་གསུམ་སྟེ། དོན་རིག་མངོན་སུམ་རྣམས་ཀྱིས་རང་དུས་སུ་འདས་པའི་གཞལ་བྱ་རྟོགས་པ་དང༌། རང་རིག་མངོན་སུམ་གྱིས་དུས་མཉམ་པ་རྟོགས་པ་དང༌། རྣལ་འབྱོར་མངོན་སུམ་གྱིས་སྣང་མེད་དང༌། རྗེས་སུ་དཔག་པའི་ཚད་མས་དུས་གསུམ་ཆར་གྱི་གཞལ་བྱ་རྟོགས་པའོ། །ཇི་སྐད་དུ། འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ་ཞེས་པས་འཇུག་ཡུལ་ལ་མི་བསླུ་བར་བསྟན། དེ་ཡང་འཇུག་པ་ན་ཞེས་པས། མི་བསླུ་བའི་ཡུལ་དེ་འཇུག་ཡུལ་ལ་བྱ་བར་བསྟན། དོན་བྱ་བ་ལ་ཞེས་པས་འཇུག་ཡུལ་གྱི་ཁྱད་པར་རང་མཚན་བསྟན་པ་ཡིན་ཏེ། བཙོ་བསྲེག་དང་གཞོ་ཁལ་ལ་སོགས་པའི་དོན་བསྒྲུབ་པར་བྱ་བ་ལ་འཆད་དགོས་པའི་ཕྱིར། བསླུ་བ་མེད་པའི་དོན་ནི། ཐོབ་པ་ལ་བྱེད་ལ། ཐོབ་པའི་དོན་ཡང་འཇུག་ཡུལ་དེ་སྟོན་པ་ལ་བྱེད་པ་ཡིན་གྱི། དོན་སྐྱེས་བུའི་དྲུང་དུ་འགུགས་པའམ། སྐྱེས་བུ་དོན་གྱི་དྲུང་དུ་འགྲོ་བ་ལ་བྱ་བ་མིན་ནོ། །འོ་ན་འདིར་བཅད་པ་དང༌། འཇུག་པ་གཉིས་ཡུལ་གཅིག་གི་སྟེངས་ནས་ངོས་འཛིན་པ་ཡིན་ནམ་ཞེ་ན་མིན་ཏེ། དངོས་པོ་རྟོགས་པའི་ཚད་མ་རྣམས་ཀྱིས་ནི་གཞལ་བྱ་དེ་བཅད་ཟིན་པའི་འོག་ཏུ་དེའི་རྒྱུན་ལ་འཇུག་པ་ཡིན་ལ། དངོས་མེད་རྟོགས་པའི་ཚད་མ་རྣམས་ཀྱིས་ནི་དངོས་མེད་བཅད་ནས་དངོས་པོ་རང་མཚན་ལ་འཇུག་དགོས་པ་ཡིན་པའི་ཕྱིར། དེ་ལྟ་བས་ན་ཚད་མའི་དེའི་འཇུག་ཡུལ་དང༌། དེས་གསར་དུ་རྟོགས་པའི་གཞལ་བྱ་གཉིས་པོ་དོན་གཅིག་པར་འཆད་པ་དེ་དག་གིས་ནི། རྣམ་པར་ངེས་པ་རྩ་འགྲེལ་གྱི་དོན་མ་བསམས་པར་རང་བཟོར་སྨྲས་པ་ཡིན་པས་ཡིད་བརྟེན་མི་བྱའོ། །གཉིས་པ་གཞུང་དེ་དག་གིས་བསྟན་པའི་མཚན་ཉིད་ངོས་བཟུང་བ་ལ། ཇི་སྐད་དུ། མི་བསླུ་མ་ཤེས་དོན་གསལ་གཉིས། །རང་མཚན་ཐོབ་པར་དོན་ལ་མཐུན། །ཞེས་འདོན་དགོས་པ་ཡིན་ཏེ། རང་གི་འགྲེལ་པ་ལས་དེ་ལྟར་གསལ་བའི་ཕྱིར། དེའི་ཕྱིར། སྡེ་བདུན་དུ། ཚད་མའི་མཚན་ཉིད་སྟོན་པའི་གཞུང་སོ་སོ་བ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་པ་ནི། མི་བསླུ་བ་དང༌། གསར་རྟོགས་གཉིས་ཚོགས་ཀྱི་རིག་པ་དེ་ཚད་མའི་མཚན་ཉིད་ཡིན་ཞེས་སམ། གང་བཅད་པ་དང་མཐུན་པའི་དོན་རང་མཚན་ལ་མི་བསླུ་བའི་རིག་པ་དེ་ཚད་མའི་མཚན་ཉིད་ཡིན་ཞེས་སམ། ཡང་ན། གཞལ་བྱ་དེ་གསར་དུ་བཅད་ཅིང་བཅད་པ་དང་མཐུན་པའི་འཇུག་ཡུལ་དོན་རང་མཚན་ལ་མི་བསླུ་བའི་རིག་པ་དེ་འཇུག་ཡུལ་རང་མཚན་དེ་ལ་ཚད་མ་ཡིན་པའི་མཚན་ཉིད་དོ། །དེ་ཡང་མངོན་སུམ་གྱི་ཚད་མ་རྣམས་ལ་ནི་མངོན་སུམ་དུ་འགྲོ་བའི་ཡུལ་ནི་གང་རྟོགས་པའི་གཞལ་བྱ་དེ་ཉིད་ཡིན་ལ། ཚད་མར་འགྲོ་བའི་ཡུལ་ནི་འཇུག་ཡུལ་ཁོ་ནའོ། །དེ་ལྟ་ན་ཡང་དེ་དང་དེ་ཡིན་ན་ཚད་མ་ཡིན་པའི་རྒྱུ་མཚན་ནི། མ་འཁྲུལ་པའི་རྟོག་མེད་ཀྱི་ཤེས་པས་དོན་རང་མཚན་གསར་དུ་རྟོགས་ན་རྟོགས་པ་དེ་དང་མཐུན་པའི་འཇུག་ཡུལ་རང་མཚན་ལ་མི་བསླུ་བས་ཁྱབ་པ་དང༌། རྟགས་ཡང་དག་ལ་བརྟེན་ནས་སྤྱི་མཚན་གསར་དུ་རྟོགས་པའི་བློ་ཡིན་ན་བཅད་པ་དེ་དང་མཐུན་པའི་འཇུག་ཡུལ་རང་མཚན་གཅིག་ཡོད་པས་ཁྱབ་པ་ལ་ཐུག་པ་ཡིན་ནོ། །ཚད་མ་དེ་ཚད་མར་སོང་སའི་འཇུག་ཡུལ་ཡིན་ན་དེས་རྟོགས་པས་ཁྱབ་བོ་སྙམ་དུ་བསམ་པར་མི་བྱ་སྟེ། རྗེས་དཔག་གི་རང་མཚན་དང༌། དོན་རིག་མངོན་སུམ་གྱི་དོན་རང་མཚན་དང༌། མིག་ཤེས་ཀྱི་རེག་བྱ་བཞིན་ནོ། །གཞན་གྱི་འདོད་པ་ལྟར་ནའང་གཞན་ལས་ངེས་ཀྱི་ཚད་མ་གསུམ་པོའི་འཇུག་ཡུལ་གང་ཡིན་བརྟགས་པས་ཤེས་སོ། །རྗེས་དཔག་ཚད་མའི་ཆ་ཤས་སུ་གྱུར་པའི་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ཡོད་པ་ལས། སྐད་ཅིག་ཕྱི་མ་རྣམས་ཐམས་ཅད་གཞལ་བྱ་རྟོགས་ཟིན་རྟོགས་པ་ཤ་སྟག་ཡིན་ཀྱང་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་ཁོ་ནར་ངེས་ཏེ། སོ་སོ་དེ་རྣམས་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཆ་ཤས་རྣམས་སྡོམ་པའི་བྱ་རྫོགས་ཀྱི་རྗེས་དཔག་སྐད་ཅིག་མ་གཅིག་པོ་དེ་ནི་གཞལ་བྱ་གསར་དུ་རྟོགས་པ་དང་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་གཉིས་ཀ་ཡིན་ནོ། །དེའི་ཕྱིར་མི་བསླུ་བ་ཡིན་ན་གསར་དུ་མི་བསླུ་བ་ཡིན་པས་ཁྱབ་ལ། རྟོགས་པ་ལ་གསར་རྟོགས་ཀྱི་ཁྱབ་པ་རགས་པའི་རྣམ་གཞག་དང༌། དེས་མ་ཁྱབ་པ་ཞིབ་མོའི་རྣམ་བཞག་གཉིས་ཁོང་དུ་ཆུད་པར་བྱའོ། །འདིར་མི་བསླུ་ཞེས་པ་བཤད་པའི་གཞིར་བཞག་གོ །བྱེད་པ་པོ་གང་གིས་མི་བསླུ་ན། དོན་རང་མཚན་ཇི་ལྟར་ཡོད་པ་ལ་ཡོད་པར་ཤེས། མེད་པ་ལ་མེད་པར་ཤེས་པ་དེས་མི་བསླུ། དེ་ནི་ཡུལ་ཅན་གྱི་མི་བསླུ་བའི་དོན་ཡིན་ལ། ཡུལ་གྱི་མི་བསླུ་བ་ནི། མེ་རང་མཚན་ལྟ་བུ་དོན་བྱེད་ནུས་པར་གནས་པ་དང༌། ནམ་མཁའ་ལྟ་བུ་དོན་བྱེད་མི་ནུས་པར་གནས་པ་དེའོ། །དེས་སོ་གང་ལ་མི་བསླུ་ན། མཚན་ཉིད་པ་འཇུག་ཡུལ་གྱི་དབང་དུ་བྱས་པ་དང༌། བཏགས་པ་བ་གཞལ་བྱ་ཙམ་གྱི་དབང་དུ་བྱས་པའོ། །དང་པོ་ནི། འཇུག་ཡུལ་རང་མཚན་ཁོ་ན་ལ་མི་བསླུ་བ་ཡིན་ནོ། །གཉིས་པ་ནི། ནམ་མཁའ་དང་དངོས་མེད་ཀྱི་ཚོགས་པ་ལྟ་བུའོ། །འདི་འཇུག་ཡུལ་མཚན་ཉིད་པ་མ་ཡིན་ཏེ། འདི་ལ་བཅད་པ་ཙམ་ཡོད་ཀྱང་ཞུགས་པ་དང་ཐོབ་པ་གཉིས་མ་ཚང་བའི་ཕྱིར། གསུམ་པ་ཚུལ་ཇི་ལྟར་དུ་མི་བསླུ་ན། རང་གི་གཞལ་བྱ་དོན་རང་མཚན་དུ་ཡོད་དམ་མེད་ཀྱང་དེ་རྣམ་པར་བཅད་པ་ལྟར་དོན་རང་མཚན་གྱི་ཕྱིར་དུ་ཞུགས། ཞུགས་པ་ལྟར་རང་མཚན་ཐོབ་ན་ཐོབ་པའི་ཚུལ་གྱིས་མི་བསླུ། ཡང་རང་གིས་བཅད་པ་དེ་རང་མཚན་དུ་མེད་པས་དེ་ལ་མི་འཇུག་ན། དེ་ལ་མི་འཇུག་པའི་ཚུལ་གྱིས་མི་བསླུ་བ་ཡིན་ནོ། །འདི་ལ་མི་བསླུ་བའི་དོན་ཇི་ལྟར་ཚང་ན། རང་མཚན་མིན་པ་ལ་མི་འཇུག་པ་དང༌། རང་མཚན་ལ་འཇུག་པ་གཉིས་དོན་གཅིག་ལ་འདུ་བས་སོ། །གསུམ་པ་རྩོད་པ་སྤང་བ་ནི། སྐབས་འདིར་བཤད་པར་བྱ་སྟེ། འོ་ན་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལ་འཇུག་ཡུལ་རང་མཚན་ཇི་ལྟར་ཡོད་ཅེ་ན། འདིའི་ལན་ལ། འཇུག་ཡུལ་རང་མཚན་ཡོད་པའི་ཚུལ་དང༌། དེ་ལ་མི་བསླུ་བའི་ཚུལ་ལོ། །དང་པོ་ནི། རྗེས་དཔག་དེ་ལ་འཇུག་ཡུལ་རང་མཚན་གཅིག་ཡོད་དེ། དཔེར་ན་བ་ལང་དོན་གཉེར་གྱི་སྐྱེས་བུ་བ་མིན་ལ་བ་ལང་གི་དོན་བྱེད་པའི་ནུས་པ་མེད་པར་རྟོགས་པ་དེའི་ཚེ་ན། བ་ལང་རང་མཚན་དེ་ཚད་མ་དེའི་འཇུག་ཡུལ་དུ་འགྲོ་དགོས་པ་བཞིན། དོན་དེ་ཡང་ཇི་སྐད་དུ། ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །འདི་ལས་འབྲས་འབྱུང་རག་ལས་ཕྱིར། །ཞེས་གསུངས་སོ། །འོ་ན་དེའི་འཇུག་ཡུལ་རང་མཚན་གྱི་མཚན་གཞི་གང་ཞེ་ན། སྐབས་འགའ་ཞིག་ཏུ་སྒྲ་མི་རྟག་པ་རང་མཚན་དེ་དེའི་འཇུག་ཡུལ་དུ་འགྲོ་བ་སྲིད་དེ། དེ་འདྲའི་རྗེས་དཔག་དེ་དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་ཁྱབ་འཇལ་བའི་ཚད་མར་སོང་བ་སྲིད་པའི་ཕྱིར། གཉིས་པ་ནི། ནམ་མཁས་དོན་བྱེད་མི་ནུས་པར་བཅད་ནས་འཇུག་ཡུལ་སྒྲ་མི་རྟག་ལ་ཞུགས་ཤིང་ཐོབ་ན། རང་མཚན་ལ་མི་བསླུ་བའི་ཚུལ་གཅིག་ཡིན་ལ། ཡང་ནམ་མཁའ་དོན་བྱེད་མི་ནུས་པར་བཅད་ནས་དེ་ལ་མི་འཇུག་ན་དེ་ཡང་རང་གི་འཇུག་ཡུལ་རང་མཚན་ལ་མི་བསླུ་བའི་ཚུལ་གཉིས་པ་ཡིན་ནོ། །དེ་གཉིས་ཀ་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ལ་ཁྱད་པར་མེད་ལ། མི་བསླུ་བའི་ཚུལ་གཉིས་པ་དེ་དངོས་མེད་ལ་མི་བསླུ་བ་མཚན་ཉིད་པ་དང༌། དངོས་མེད་འཇུག་ཡུལ་བཏགས་པ་བ་ཡིན་ནོ། །འོ་ན་དངོས་མེད་བཅད་ནས་དངོས་པོ་ཐོབ་པ་ལ་བཅད་དོན་ཐོབ་པའི་དོན་དུ་འཇོག་ན། མེ་རྣམ་པར་བཅད་ནས་ཆུ་ཐོབ་པ་ཡང་བཅད་དོན་ཐོབ་བྱེད་དུ་འགྱུར་བ་དང༌། ཁ་དོག་བཅད་ནས་རེག་བྱ་ཐོབ་པ་ཡང་བཅད་དོན་ཐོབ་བྱེད་དུ་འགྱུར་བ་དང༌། ནོར་བུའི་འོད་བཅད་ནས་ནོར་བུ་རང་མཚན་ཐོབ་པ་ཡང་བཅད་དོན་ཐོབ་བྱེད་དུ་འགྱུར་ལ། འདོད་ན་ནི་དེ་དག་ཚད་མར་ཐལ་བ་བཟློག་ཏུ་མེད་དོ་སྙམ་པའི་དོགས་པ་འདི་སྐྱེ་བར་འགྱུར་རོ། །དེའི་ལན་ནི་འདི་ཡིན་ཏེ། ཆེད་དུ་བྱ་བ་འཇུག་ཡུལ་གྱི་དངོས་པོ་རང་མཚན་ཐོབ་པར་བྱ་བའི་ཕྱིར་དུ་གཞལ་བྱ་དེ་རྣམ་པར་བཅད་ནས་ཞུགས་པ་དེའི་ཚེ་ན། གང་བཅད་པ་དེ་གསར་དུ་རྟོགས་པའི་ཚད་མ་དེ་ཡིན་ན། ཆེད་དུ་བྱ་བའི་འཇུག་ཡུལ་དེ་ལ་བཅད་དོན་ཐོབ་ནུས་ཀྱི་རིག་པ་ཡིན་པས་ཁྱབ། དཔེར་ན། ཆེད་དུ་བྱ་བ་བུམ་པ་ལ་འཇུག་པའི་ཕྱིར་དུ་ལས་སུ་བྱ་བ་བུམ་མིན་ངེས་པའི་ཚད་མ་ཡིན་ན། འཇུག་ཡུལ་བུམ་པ་ལ་བལྟོས་ཏེ་བཅད་དོན་ཐོབ་བྱེད་ཀྱི་རིག་པ་ཡིན་པས་ཁྱབ་པ་བཞིན། མེའི་རེག་བྱ་ལ་མི་བསླུ་བས་ཁ་དོག་འཛིན་པའི་མིག་ཤེས་དེ་ཡང་སྤྱིར་ཚད་མ་དང༌། བྱེ་བྲག་བཅད་དོན་ཐོབ་བྱེད་ཀྱི་རིག་པ་ཡིན་ནོ། །ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ལ་ནི་འདི་ཡོད་པ་མིན་ཏེ། བཅད་པའི་ཡུལ་གསར་དུ་རྟོགས་པ་མེད་པའི་ཕྱིར་ལོ་ཙྪ་བ་བཞེད་པ་ལྟ་བུར་དུང་སེར་འཛིན་དང་ལྗོན་ཤིང་འགྲོ་སྣང་དང༌། དུ་བའི་རྟགས་ལས་འབྲོག་དགོན་པ་ན་ཙནྡན་གྱི་མེ་ཡོད་པར་ཞེན་པའི་བློ་སོགས་ཀྱང་བཅད་དོན་ཐོབ་བྱེད་ཀྱི་རིག་པར་ཡོད་པ་མིན་ཏེ། དེ་ལ་མི་བསླུ་བ་ཙམ་ཡོད་ཀྱང་བཅད་པ་དང་མཐུན་པ་མེད་པའི་ཕྱིར་ཏེ་གང་བཅད་པ་དེ་གསར་དུ་རྟོགས་པ་མེད་པའི་ཕྱིར། དེས་ན་ངག་དོན་ནི་དོན་དེ་ཐོབ་པར་བྱ་བའི་ཕྱིར་དུ། དོན་དེའམ་དེའི་ཁྱད་པར་བྱེད་ཆོས་སམ། དོན་དེ་མིན་པ་གང་རུང་གཅིག་བཅད། བཅད་པ་དེ་ལ་གསར་དུ་རྟོགས་པའི་བློ་ཡིན་ན། བཅད་པ་ལྟར་གྱི་དོན་དེ་ལ་མི་བསླུ་བའི་རིག་པ་ཡིན་པས་ཁྱབ། དཔེར་ན་གསེར་བུམ་དོན་གཉེར་གྱི་སྐྱེས་བུས་མདུན་གྱི་ཟངས་བུམ་གྱི་ཟངས་བུམ་ཡིན་པར་རྟོགས་པ་དེའི་ཚེ་ན། ཚད་མར་སོང་བ་ནི་མདུན་གྱི་ཟངས་བུམ་དང་ཟངས་བུམ་གྱི་ཚོགས་དོན་དེ་ལ་ཡིན་ལ། མི་བསླུ་བར་སོང་བ་ནི་གསེར་བུམ་རང་མཚན་དེ་ཉིད་ཡིན་ནོ། །དེ་ལྟ་ན་བཅད་དོན་མཐུན་པ་ཡིན་ཏེ། གསེར་བུམ་དོན་གཉེར་གྱི་སྐྱེས་བུས་མདུན་གྱི་ཟངས་བུམ་གྱི་གཟུགས་ཡུལ་དུ་མ་བྱས་པར་རེག་པ་ཡུལ་དུ་བྱས་ནས། འདི་ཉིད་དོན་དུ་གཉེར་བྱའི་གསེར་བུམ་དེ་ཡིན་ནམ་སྙམ་དུ་དོགས་པ་ལ་མིག་ཤེས་ཀྱིས་ཟངས་བུམ་གྱི་གཟུགས་ཡུལ་དུ་བྱས་ནས་གསེར་བུམ་ཡིན་ནམ་སྙམ་པའི་དོགས་པ་ཆོད་པ་དེའི་ཚེ་བཅད་པ་དང་མཐུན་པའི་གསེར་བུམ་ལ་མི་བསླུ་བ་ཡིན་པ་ལྟ་བུའོ། །དེ་ཡང་བུམ་པ་གཉིས་ལས་གང་རུང་གཅིག་གསེར་བུམ་ཡིན་པ་དང༌། གཅིག་ཤོས་ཟངས་བུམ་ཡིན་པའི་སྤྱི་ཁྱབ་ཚད་མས་ངེས་ནས། ནང་མཚན་གྱི་ཁྱད་པར་གང་དང་གང་ཡིན་པར་མ་ངེས་པའི་དུས་ཀྱི། གསེར་བུམ་ཁོ་ན་དོན་དུ་གཉེར་བའི་སྐྱེས་བུས་མིག་ཕྱེ་མ་ཐག་ཏུ་ཟངས་བུམ་གྱི་གཟུགས་མཐོང་བའི་མིག་ཤེས་ཚད་མ་ལྟ་བུའི་དབང་དུ་བྱས་པ་ཡིན་ནོ། །མདོར་ན་བོད་ཕྱི་མ་མང་པོས་རྣམ་འགྲེལ་དུ་གཞུང་སྔ་ཕྱི་གཉིས་ཀས་ཚད་མའི་མཚན་ཉིད་ཡོངས་རྫོགས་གཅིག་སྟོན་ལ། དེ་ཡང་སྔ་མས་འཇུག་ཡུལ་ལ་མི་བསླུ་བ་དང༌། ཕྱི་མས་གཞལ་བྱ་གསར་དུ་རྟོགས་པར་བསྟན་ནོ་ཞེས་འཆད་པ་དེ་དག་ནི་ལས་དང་པོ་པ་དག་གི་བློ་ངོར་འགྲིག་པ་ལྟར་སྣང་ཡང༌། གཞུང་འགྲེལ་ཁུངས་ཐུབ་རྣམས་ཀྱི་དགོངས་པ་མ་ཡིན་པས་དོར་བར་བྱའོ། །དེ་ལྟར་ནི་མི་བསླུ་བ་ཁྱད་པར་གསུམ་ལྡན་གྱི་རིག་པ་ཚད་མའི་མཚན་ཉིད་དུ་འདོད་པ་སློབ་དཔོན་ཆོས་མཆོག་གི་ལུགས་དང༌། མི་བསླུ་བའི་རིག་པ་ཙམ་དེའི་མཚན་ཉིད་དུ་འདོད་པ་རྔོག་ལོ་ཆེན་པོའི་ལུགས་དང༌། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་དེའི་མཚན་ཉིད་དུ་འཇོག་པ་ཕྱྭ་པའི་ལུགས་དང༌། གསར་རྟོགས་དང་མི་བསླུ་བའི་རིག་པ་གཉིས་ཚོགས་དེའི་མཚན་ཉིད་དུ་འཇོག་པ་རིགས་གཏེར་མཛད་པའི་ལུགས་དང༌། གསར་དུ་བཅད་པ་དང་མཐུན་པའི་དོན་ལ་མི་བསླུ་བའི་རིག་པ་དེའི་མཚན་ཉིད་དུ་འཇོག་པ་བར་གྱི་རྟོག་གེ་ལ་མཁས་པ་ཕལ་ཆེ་བའི་ལུགས་སོ། །ཡང་བོད་ཕྱི་མ་དག་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་དེའི་མཚན་ཉིད་དུ་འཇོག་པ་ལ་ནི། སུས་བྱས་ཀྱི་ཁུངས་ཡོད་པར་མ་མཐོང་ཞིང༌། གསར་དུ་ཞེས་པ་གཞལ་བྱ་རྟོགས་པའི་ཁྱད་ཆོས་སུ་སྦྱོར་རྒྱུ་ཡིན་པ་ལ་གཞལ་བྱ་རྟོགས་པ་དང༌། འཇུག་ཡུལ་ལ་མི་བསླུ་བ་དོན་གཅིག་ཏུ་བྱས་ནས། གསར་དུ་ཞེས་པ་མི་བསླུ་བའི་ཁྱད་པར་དུ་སྦྱར་བས་ཤིན་ཏུ་ནོངས་པ་ཡིན་ཏེ། མི་བསླུ་བའི་དོན་གཞུང་འགྲེལ་ལས་གསུངས་པ་དང་མི་མཐུན་པའི་ཕྱིར། དེ་ལྟ་མོད་ཀྱི་ཕྱྭ་པས་མི་བསླུ་བའི་གོ་བ་བདེན་པའི་དོན་རྟོགས་ལ་འཆད་པ་དང༌། ཅུང་ཟད་ཕྱོགས་མཐུན་པ་ཡིན་མོད། རིགས་པ་མིན་ཏེ། མཚན་ཉིད་ཀྱི་ཟུར་དུ་ངེས་པར་འཆད་དགོས་པའི་མི་བསླུ་བ་བོར་ནས། མ་བཤད་པའི་དོན་བདེན་པ་ཞེས་པ་རང་བཟོར་སྦྱར་བའི་ཕྱིར། སྐབས་འདི་དག་ཏུ་གལ་ཆེ་བའི་དོན་འདི་ལྟར་ཤེས་དགོས་ཏེ། སྤྱིར་མི་བསླུ་བ་ལ་གཉིས་ཏེ། སྤྱིར་འཇུག་ཡུལ་ཐོབ་པ་ཙམ་དང༌། བཅད་པ་དང་མཐུན་པའི་འཇུག་ཡུལ་ཐོབ་པའོ། །དང་པོ་ནི། སྤྱི་འཛིན་རྟོག་བློ་དང༌། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ལྟ་བུའོ། །གཉིས་པ་ལ་རྗེས་དཔག་གི་དབང་དུ་བྱས་ན་དོན་རང་མཚན་དེ་དང་དེའི་གཞན་སེལ་དེ་བཅད་ནས་དེ་རང་མཚན་ཐོབ་པ་ཡིན་ལ། མངོན་སུམ་ལ་གཉིས་ལས། རང་རིག་ལ་ནི་བཅད་པ་དང་ཐོབ་པ་གཉིས་ཀ་གཞི་གཅིག་པོ་དེ་ཉིད་དུ་ངེས་ལ། གཞན་རིག་གི་མིང་ཅན་རྣམས་ལ་ནི་དོན་གྱི་རྣམ་པ་དེ་དང་དེ་བཅད་ནས་དོན་དེ་དང་དེ་ལ་མི་བསླུ་བ་ཡིན་ནོ། །འདི་ལའང་རང་ངེས་དང་གཞན་ངེས་གཉིས་ལས། དང་པོ་ནི། དོན་དེ་ལ་འཁྲུལ་པའི་རྒྱུ་མཚན་མེད་པའི་ཚེ། དོན་དེ་ལ་ངེས་པ་འདྲེན་པ་ཡིན་ལ། དེའི་ཚེ་དེས་དྲངས་པའི་ངེས་པ་རྣམས་ནི་དོན་དེ་ལ་མི་བསླུ་བར་འཇོག་པ་མིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་ངེས་པ་དྲངས་ཟིན་པའི་འཇུག་ཡུལ་རང་མཚན་དེ་ཉིད་འཇུག་ཡུལ་དུ་བྱས་ནས་འཛིན་པའི་ཕྱིར། ཇི་སྐད་དུ། གཟུང་བ་འཛིན་ཕྱིར། ཞེས་སོ། །གཉིས་པ་ནི། འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཚེ། སྒྲ་མི་རྟག་པ་ལྟ་བུ་བཅད་པ་དང་རྟོགས་ཀྱང་དེ་ལ་ངེས་པ་མ་དྲངས་པའི་དུས་ཀྱི་སྒྲ་འཛིན་མངོན་སུམ་ལྟ་བུའོ། །དེའི་ཚེ་ངེས་པ་འདྲེན་བྱེད་རྗེས་དཔག་ལྟ་བུ་དེ་ཡང་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ལ་མི་བསླུ་བ་ཡིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་ངེས་པ་དྲངས་མ་ཟིན་པའི་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་ཡིན་པས་སོ། །གཉིས་པ་དེས་སྒྲོ་འདོགས་སེལ་བའི་ཚུལ་ལ། བོད་སྔ་མ་རྣམས་ཚད་མ་ལ་སྒྲོ་འདོགས་སེལ་བས་ཁྱབ་པར་བཞེད་ཀྱང༌། རང་གི་ལུགས་ལ་དེ་མ་ཁྱབ་པ་ཡིན་ཏེ། ཚུར་རོལ་མཐོང་བའི་མངོན་སུམ་གྱིས་སྒྲོ་འདོགས་མི་སེལ་བའི་ཕྱིར་རོ། །རང་གི་གཞལ་བྱ་ལ་རྗེས་དཔག་ཡིན་ན་རང་གི་བསལ་བྱ་སྒྲོ་འདོགས་སེལ་བས་ཁྱབ་ཅིང༌། རྗེས་དཔག་མིན་པའི་ངེས་ཤེས་ལ་གཉིས་ཏེ། ཚད་མས་དྲངས་པ་དང་མ་དྲངས་པའོ། །དང་པོས་སྒྲོ་འདོགས་སེལ་བར་ནུས་ལ། གཉིས་པས་མི་ནུས་ཏེ། དེ་དང་འགལ་བ་མེད་པའི་ཕྱིར་ཏེ། རྒྱབ་རྟེན་ཚད་མ་མེད་པས་ཕན་ཚུན་ནུས་པ་མཚུངས་པའི་ཕྱིར། འོ་ན་མངོན་སུམ་ལ་ཇི་ལྟར་ཞེ་ན། མངོན་སུམ་ནི་གཉིས་ཏེ། ཚུར་རོལ་མཐོང་བའི་མངོན་སུམ་དང༌། རྣལ་འབྱོར་པའི་མངོན་སུམ་མོ། །གཉིས་པ་ལའང་སྣང་བཅས་དང་སྣང་མེད་གཉིས། སྣང་མེད་རྣམས་ནི་རྟོག་པ་མེད་པའི་ཤེས་པ་ཉིད་ཀྱིས་སྒྲོ་འདོགས་སེལ་བ་ཡིན་ཏེ། དེས་རང་གི་བསལ་བྱ་སྒྲོ་འདོགས་ཀྱི་ས་བོན་མེད་པར་བྱེད་པའི་ཕྱིར། དང་པོ་ཚུ་རོལ་མཐོང་བའི་མངོན་སུམ་ལ་གཉིས་ཏེ། རང་ལས་ངེས་དང་གཞན་ལས་ངེས་སོ། །མངོན་སུམ་དེ་གཉིས་ཀའི་རང་ལྡོག་ནས་སྒྲོ་འདོགས་མི་སེལ་བར་མཚུངས་ཀྱང་སྒྲོ་འདོགས་སེལ་བྱེད་ཀྱི་གཉེན་པོ་ངེས་ཤེས་དངོས་སུ་འདྲེན་པ་དང་མི་འདྲེན་པའི་ཁྱད་པར་ཡོད་དོ། །འོ་ན་སྒྲོ་འདོགས་ཇི་ལྟར་དུ་སེལ་ཞེ་ན། སློབ་དཔོན་ཕྱྭ་པ་ནི་མངོན་སུམ་ཚད་མའི་ཉེ་རྒྱུ་དང་སྒྲོ་འདོགས་གཉིས། དང་པོ་ཚོགས། གཉིས་པ་ལ་ནུས་མེད་དུ་བྱས། གསུམ་པ་ལ་སྒྲོ་འདོགས་བཟློག་པ་ཡིན་པས། སྒྲོ་འདོགས་ལོག་རྗེས་ཀྱི་ངེས་ཤེས་སྒྲོ་འདོགས་ཀྱི་གཉེན་པོ་མ་ཡིན་པར་བཞེད་དོ། །འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་མི་འཐད་པ་དང༌། བྱེ་བྲག་ཏུ་མི་འཐད་པའོ། །དང་པོ་ནི། ལུང་མེད་པ་དང༌། ཁས་བླངས་ནང་འགལ་བའོ། །དེ་ཡང་ཚད་མ་ཡིན་ན་སྒྲོ་འདོགས་གཅོད་པས་ཁྱབ་པ་ལ་ནི་ལུང་ཡོད་པ་མིན་ཏེ། སྡེ་བདུན་ནས་མ་བཤད་པའི་ཕྱིར་རོ། །རིགས་པ་དང་འགལ་བ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་ཁྱབ་པའི་ཕྱིར་རོ། །ཁས་བླངས་ནང་འགལ་བ་ཡིན་ཏེ། གཞན་ལས་ངེས་ཀྱི་ཚད་མ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཚད་མ་ཡིན་ན་གཞལ་བྱ་རྟོགས་པས་ཁྱབ་པ་ལའང་ཁུངས་མེད་དོ་སྙམ་ན་མིན་ཏེ། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་རྣམ་ངེས་ལས། འདི་དག་གི་དོན་ཡོངས་སུ་བཅད་ནས་ཞེས་གསུངས་པ་དང༌། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། མ་ཤེས་དོན་གསལ། ཞེས་གསུངས་པའི་ཕྱིར། རྣམ་འགྲེལ་ངེས་གཉིས་ཀ་ལས་གཞལ་བྱ་རྟོགས་པ་ཚད་མའི་འབྲས་བུར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྔོ་འཛིན་མངོན་སུམ་སྐད་ཅིག་མ་གསུམ་སྐྱེས་ནས་སྒྲོ་འདོགས་སེལ་བ་དེའི་ཚེ། གསལ་བྱ་སྒྲོ་འདོགས་དང་པོ་དང་ཕྲད་པ་དང༌། གཉིས་པ་ནུས་མེད་དུ་སྐྱེད་དུས་ཀྱི་མངོན་སུམ་གཉིས་པོ་ཚད་མ་ཡིན་ནམ་མིན། ཡིན་ན་དེ་གཉིས་ཆོས་ཅན་རང་གི་བསལ་བྱ་སྒྲོ་འདོགས་དང་ལྷན་ཅིག་མི་གནས་འགལ་དུ་ཐལ། ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། མིན་ན་སྒྲོ་འདོགས་གཅོད་བྱེད་ཀྱི་མངོན་སུམ་ཚད་མ་མི་སྲིད་པར་ཐལ། དང་པོ་གཉིས་མངོན་སུམ་གྱི་ཚད་མ་མིན་ཞིང༌། གསུམ་པ་སྒྲོ་འདོགས་ལོག་རྗེས་ཀྱི་མངོན་སུམ་སྒྲོ་འདོགས་སེལ་བྱེད་དུ་མི་རུང་བར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་ཚུར་རོལ་མཐོང་བའི་མངོན་སུམ་ཚད་མས་རང་གི་བསལ་བྱ་སྒྲོ་འདོགས་འདས་པ་སེལ་བ་ཡིན་ནམ། མ་འོངས་པ་སེལ་བ་ཡིན་ནམ། དུས་མཉམ་པ་སེལ་བ་ཡིན། དང་པོ་ལྟར་ན་ཇི་སྐད་དུ། ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་པ་དང་འགལ་ཞིང༌། སྣང་བས་ཀྱང་འདས་པའི་མུན་པ་སེལ་བར་འགྱུར་རོ། །གཉིས་པ་ལྟར་ན་ཇི་སྐད་ཅིག་མ་དང་པོ་ལ་ཕྲད་པ་དང༌། གཉིས་པ་ལ་ནུས་མེད་དུ་བྱས་པ་རྣམས་ཇི་ལྟར་རུང༌། གསུམ་པ་ལྟར་ན་གང་བློའི་ལྷན་ཅིག་མི་གནས་འགལ་ཡིན་ན། ཤེས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་མི་གནས་པས་ཁྱབ། མཐོང་ལམ་བར་ཆད་མེད་ལམ་དང༌། དེའི་ངོ་སྐལ་གྱི་མཐོང་སྤངས་རྟོག་པ་བཞིན་ནོ། །འོ་ན་རང་གི་ལུགས་ལ་ཚད་མས་དྲངས་པའི་ངེས་ཤེས་དང༌། དེའི་བསལ་བྱ་སྒྲོ་འདོགས་གཉིས་སྐྱེས་འགག་བྱེད་པའི་ཚུལ་ཇི་ལྟ་བུ་གནོད་བྱ་གནོད་བྱེད་ཀྱི་མཚན་གཞིར་འགྲོ་རྒྱུ་ནི་གང་ཞེ་ན། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་སམ། རྗེས་སུ་དཔག་པའི་ཚད་མ་གང་ཡང་རུང་བ་ཤིག་སྐྱེས་པ་དང་དེའི་བསལ་བྱ་སྒྲོ་འདོགས་འགག་པ་གཉིས་དུས་མཉམ་དེའི་དངོས་རྒྱུ་དང་སྒྲོ་འདོགས་ནུས་མེད་དུས་མཉམ་དེའི་རྒྱུད་རྒྱུ་དང་སྒྲོ་འདོགས་མངོན་གྱུར་བ་དུས་མཉམ་པ་ཡིན་ཏེ། དཔེར་ན་སྣང་བ་དང་དེའི་དངོས་རྒྱུ་དང་རྒྱུད་རྒྱུ་གསུམ་དང༌། བསལ་བྱ་མུན་པ་འགགས་པ་དང༌། དེ་ནུས་མེད་དང༌། དེ་མངོན་གྱུར་བ་གསུམ་སོ་སོར་དུས་མཉམ་པ་བཞིན་ནོ། །གཉིས་པ་ནི། ངེས་ཤེས་སམ། རྗེས་དཔག་དེ་དང་དེའི་འགལ་ཟླར་གྱུར་པའི་སྒྲོ་འདོགས་མ་འོངས་པ་གཉིས་གནོད་བྱ་གནོད་བྱེད་དུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །ཞེས་གསུངས་སོ། །དེ་ཡང་ཇི་སྲིད་ངེས་ཤེས་ཀྱི་བྱེད་པ་མ་ཉམས་པ་དེ་སྲིད་དུ། དེའི་འགལ་ཟླར་གྱུར་པའི་སྒྲོ་འདོགས་ཀྱི་རྒྱུན་སྐྱེ་མ་ནུས་པ་ཉིད་ལ་སྒྲོ་འདོགས་བསལ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤངས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་དེས་དེ་སྤངས་ཞེས་བརྗོད་པ་བཞིན་ནོ། །དེ་བཞིན་དུ་སྣང་བས་ཀྱང་མུན་པ་མ་འོངས་པ་སེལ་བ་ཡིན་ཏེ། འདས་པ་ནི་སེལ་མི་དགོས་པའི་ཕྱིར་དང༌། ད་ལྟར་བ་ནི་མ་དམིགས་པའི་ཕྱིར། འོ་ན་མ་འོངས་པ་ཇི་ལྟར་ཡོད་ཅེ་ན། མ་སྐྱེས་ཤིང༌། སྐྱེ་རུང་བ་ཙམ་ལ་མ་འོངས་པར་འཇོག་པས་མི་འགལ་ལོ། །འོ་ན་གསུམ་རྒྱུད་ཀྱི་རྣམ་པར་བཞག་པ་འདི་རིགས་པའི་གཏེར་གྱི་འགྲེལ་པར་བཀག་པ་དེ་ཉིད་སླར་འོངས་པ་མིན་ནམ་ཞེ་ན་མིན་ཏེ། རྣམ་གཞག་དེ་རང་ལུགས་ལ་ཁས་མི་ལེན་པའི་ཐབས་མེད་པའི་ཕྱིར་དང༌། བཀག་པ་དེ་ནི་སྒྲོ་འདོགས་དང་དེའི་གནོད་བྱེད་གང་ཡིན་པ་དེ་གཉིས་དུས་དང་པོར་ཤེས་རྒྱུད་གཅིག་ལ་ཚོགས་པ་སོགས་ཀྱི་རྣམ་པར་བཞག་པ་དེ་འགོག་པ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་འགོག་བྱེད་ཀྱི་རིགས་པ་དེ་དག་ཇི་ལྟར་འབྲེལ་བས་མ་དགོས་པ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་དགོས་ཏེ་ཚད་མ་སྒྲོ་འདོགས་མ་འོངས་པ་ལ་གནོད་བྱེད་ཡིན་པ་བཞིན་དུ། སྒྲོ་འདོགས་ཀྱང་ཚད་མ་མ་འོངས་པ་ལ་གནོད་པ་བྱེད་པ་ཡིན་གྱི། འདས་པ་དང་ད་ལྟར་བ་ལ་མིན་ལ། དེ་ལྟར་ཡིན་པ་དེའི་ཚེ་གནོད་བྱ་ཚད་མ་མ་འོངས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། གནོད་བྱེད་སྒྲོ་འདོགས་འགག་པ་ལ་ཕྱོགས་པ་དུས་མཉམ། དེ་སྐྱེས་པ་དང་གཅིག་ཤོས་འགགས་པ་དུས་མཉམ་པ་ཡིན་ནོ། །དེའི་ཚེ་ན་ནི་ཚད་མ་དེ་རང་གི་གནོད་བྱེད་ལོག་རྗེས་ཀྱི་ཚད་མ་ཡིན་པས་གནོད་བྱེད་དུ་སོང་ལ། གང་ལ་ན། སྒྲོ་འདོགས་མ་འོངས་པ་ལའོ། །དེའི་ཕྱིར་འདས་པ་ནི་བསལ་བྱ་བཏགས་པ་བ་ཡིན་ལ། མ་འོངས་པ་ནི་མཚན་ཉིད་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །གཉིས་པ་མཚོན་བྱ་ངོས་བཟུང་བ་ནི། འདིར་མཚོན་བྱ་ནི་ཚད་མ་ཞེས་བྱའི་ཐ་སྙད་ལྡན་པ་མིན་པའི་འདུ་བྱེད་ཡིན་ལ། མཚོན་ཆོས་ནི་ཚད་མ་ཙམ་ཡིན་ནོ། །མཚོན་ལྡན་གྱི་གཞིར་ནི་ཐ་སྙད་དང༌། དོན་དམ་པའི་ཚད་མ་གཉིས་ཀ་རུང་བ་ཡིན་ཏེ། ཇི་སྐད་དུ། ཐ་སྙད་པ་དང་དོན་དམ་པ། །གཉིས་ཀ་ལ་ཡང་གཉིས་པོ་འཇུག །ཅེས་གསུངས་པས་སོ། །འོ་ན་དོན་དམ་པའི་ཚད་མ་འགའ་ཞིག་ལ་མ་ཤེས་དོན་གསལ་ཇི་ལྟར་ཡོད་དེ། ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ལ་རང་བཞིན་རྣམ་དག་གི་ཆོས་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པར་བྱར་མེད་པའི་ཕྱིར། ཡང་རྣམ་མཁྱེན་སྐད་ཅིག་གཉིས་པ་ཡན་ཆད་ཀྱིས་ཆོས་ཅན་ཇི་སྙེད་པའི་ཆ་ལ་ཚད་མ་མིན་པར་འགྱུར་ཏེ། ཆོས་ཅན་ཇི་སྙེད་པ་སྔར་མ་རྟོགས་གསར་དུ་རྟོགས་པར་བྱར་མེད་པའི་ཕྱིར། ཡང་ཇི་ལྟ་བ་རིག་པའི་སློབ་པའི་མཉམ་བཞག་ཡེ་ཤེས་རྣམས་ཚད་མ་མིན་པར་འགྱུར་ཏེ། དོན་རང་མཚན་ལ་མི་བསླུ་བ་མེད་པའི་ཕྱིར་སྙམ་པའི་དོགས་པ་གསུམ་པོ་འདི་ངེས་པར་སྤངས་དགོས་སོ། །དེ་ཡང་འདི་ལྟར། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་ཕན་ཆད་དུ་ནི་ཆོས་ཉིད་ཇི་ལྟ་བ་རྟོགས་ཟིན་རྟོགས་པ་ཡིན་མོད། སྔར་མ་རྟོགས་གསར་རྟོགས་ཀྱང་ཡོད་པ་ཡིན་ཏེ། བློ་བུར་རྣམ་དག་གི་ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བའི་ཕྱིར་དང༌། སྒྲོ་འདོགས་ཀྱི་ས་བོན་སྔར་མ་བཅད་གསར་དུ་བཅད་པའི་ཕྱིར། དེའི་ཕྱིར་མཉམ་བཞག་དེ་ཐམས་ཅད་ཀྱང་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་ཚད་མ་ཡིན་པ་ལ་ཁྱད་པར་མེད་དེ། ཆོས་ཉིད་དེའི་སྟེང་དུ་དབྱེར་མེད་པའི་ཡོན་ཏན་སྔར་མ་མཐོང་གསར་དུ་མཐོང་བ་རེ་རེ་ཡོད་པའི་ཕྱིར། དེ་ལྟར་བཤད་པ་ན་མཉམ་བཞག་དེ་ཐམས་ཅད་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ཡིན་ཏེ། ངོས་སྐལ་གྱི་སྤང་བྱ་ལས་གྲོལ་བའི་ལམ་སྔར་མ་ཐོབ་གསར་དུ་ཐོབ་པ་རེ་རེ་ཡོད་པའི་ཕྱིར། ཡང་རྣམ་མཁྱེན་སྐད་ཅིག་གཉིས་པ་ཕན་ཆད་ཆོས་ཅན་ཇི་སྙེད་པ་ལ་ཚད་མ་ཡིན་པ་ལ་ཁྱད་པར་མེད་དེ། དེ་ཡང་འདི་ལྟར། དངོས་མེད་སྣང་ཡུལ་དུ་བྱེད་པའི་རྣམ་མཁྱེན་ནི་མི་སྲིད་ལ། དངོས་པོ་རང་མཚན་སྣང་ཡུལ་དུ་བྱེད་པའི་རྣམ་མཁྱེན་ཡིན་ན་སྔར་མ་རྟོགས་གསར་རྟོགས་དང༌། མི་བསླུ་བ་གཉིས་ཚོགས་ཡིན་དགོས་ཏེ། དོན་རང་མཚན་ཡིན་ན་སྔར་མེད་གསར་བྱུང་ཡིན་དགོས་པའི་ཕྱིར། འོ་ན་རྣམ་མཁྱེན་སྐད་ཅིག་དང་པོས་མངོན་སུམ་དུ་མ་རྟོགས་པའི་གཞལ་བྱ་ཡོད་པར་ཐལ། རྣམ་མཁྱེན་སྐད་ཅིག་གཉིས་པ་དེ་རང་གི་གཞལ་བྱ་སྔར་མ་རྟོགས་གསར་རྟོགས་ཡིན་པའི་ཕྱིར་ཞེ་ན། འོ་ན་སངས་རྒྱས་འཕགས་པའི་གཟུགས་འཛིན་དབང་པོའི་མངོན་སུམ་སྐད་ཅིག་དང་པོས་མངོན་སུམ་དུ་མ་རྟོགས་པའི་གཟུགས་ཡོད་པར་འགྱུར་ཏེ། དེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་གཉིས་པ་དེ་རང་གི་གཟུང་དོན་དུ་གྱུར་པའི་གཟུགས་སྔར་མ་རྟོགས་གསར་རྟོགས་ཡིན་པའི་ཕྱིར། དེ་ཆོས་ཅན་དེ་ཡིན་ཏེ། གཟུགས་འཛིན་དབང་པོའི་མངོན་སུམ་ཡིན་པའི་ཕྱིར། ཡང་རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལྟར་ན། རྣམ་མཁྱེན་སྐད་ཅིག་དང་པོས་མངོན་སུམ་དུ་མ་རྟོགས་པའི་ཆོས་ཡོད་པ་ཡིན་ཏེ། རྣམ་མཁྱེན་སྐད་ཅིག་གཉིས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེས་རང་གི་གཞལ་བྱ་སྔར་མ་རྟོགས་གསར་དུ་རྟོགས་པའི་ཕྱིར། དེ་ཡང་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་མྱོང་རང་རིག་མངོན་སུམ་དེས་ཁྱོད་སྔར་མ་མྱོང་གི་གསར་དུ་མྱོང་བ་ཡིན་ཏེ། ཁྱོད་ཤེས་པ་ཡིན་པའི་ཕྱིར། དེའི་ཕྱིར་འཕགས་རྒྱུད་ཀྱི་ཚད་མ་རྣམས་ལ་རང་གི་ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་རྟོགས་པ་དང༌། རང་གི་འཇུག་ཡུལ་སྔར་མ་རྟོགས་གསར་རྟོགས་མི་འགལ་བའི་ཚུལ་ནི་དེ་ཡིན་ནོ། །གསུམ་པ་མཚན་གཞིའི་རྣམ་བཞག་ལ་དབྱེ་གཞི། དབྱེ་ངོ༌། །དབྱེ་དོན། གྲངས་ངེས། སྒྲ་དོན། མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ། གཞན་གྱི་ལུགས་དགག་པ། རང་གི་ལུགས་བཞག་པའོ། །དང་པོ་ལ། སློབ་དཔོན་ཆོས་མཆོག་གི་བཞེད་པ་ལ། ཡང་དག་པའི་ཤེས་པ་ནི་གཉིས་ཏེ། དོན་བྱེད་པར་སྣང་བ་དང༌། དོན་བྱེད་པ་ལ་འཇུག་པ་གཉིས་ལས། དང་པོ་ནི། བཙོ་བསྲེག་གི་དོན་བྱེད་བཞིན་པའི་མེ་རང་མཚན་འཛིན་པའི་མངོན་སུམ་ལྟ་བུ། སྐྱེས་བུའི་དོན་གྲུབ་ཀྱི་དངོས་རྒྱུར་གྱུར་པ་རྣམས་ཡིན་ལ། དེ་ནི་རང་གི་གཞལ་བྱ་ལ་མི་བསླུ་བར་རང་ཉིད་ཀྱིས་ངེས་ཟིན་པས་བསྟན་བཅོས་སུ་དཔྱད་པར་བྱ་བ་མིན་ལ། གཉིས་པ་ནི། མེ་དང་ཆུ་ལ་སོགས་པ་རྒྱུ་རྐྱང་འཛིན་པའི་མངོན་སུམ་ལྟ་བུ་སྐྱེས་བུའི་དོན་གྲུབ་ཀྱི་རྒྱུད་པའི་རྒྱུར་གྱུར་པ་རྣམས་ཡིན་ལ། དེ་ནི་རང་གི་གཞལ་བྱ་ལ་མི་བསླུ་བར་མཐའ་གཅིག་ཏུ་རང་ཉིད་ཀྱིས་མི་ངེས་པས་བསྟན་བཅོས་སུ་དཔྱད་པར་བྱ་བ་ཡིན་ནོ། །དེ་ཉིད་དབྱེ་གཞིར་བཞག་དགོས་པ་ཡིན་ཏེ། རྣམ་པར་ངེས་པ་ལས། ཡང་དག་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། ཞེས་ངེས་པར་གཟུང་བའི་ཕྱིར་ཞེས་བཞེད་ལ། དེ་ཡང་དང་པོ་ནི་མངོན་སུམ་ཁོ་ན་ཡིན་པས། དབྱེ་གཞིར་མི་འཐད་ལ། གཉིས་པ་དོན་བྱེད་པ་ལ་རབ་ཏུ་འཇུག་པའམ། སྒྲུབ་བྱེད་དུ་སྣང་བ་ལ་མངོན་རྗེས་གཉིས་ཀ་ཡོད་པས་དབྱེ་གཞིར་འཐད་པ་ཡིན་ནོ་ཞེས་གསུང་ངོ༌། །འདི་ལ་རྔོག་ལོས་དགག་པ་རྒྱས་པར་མཛད་པའི་ཚུལ། ཕྱྭ་པ་རྒྱས་བསྡུས་བར་མར་མཛད་པའི་ཚུལ། རིགས་གཏེར་ལས་ཤིན་ཏུ་བསྡུས་པར་མཛད་པའི་ཚུལ། དང་པོ་ནི། རྣམ་པར་ངེས་པའི་ཊཱི་ཀ་ལས། དེ་ནི་མི་འཐད་དེ། ཤེས་པ་དེ་དོན་བྱ་བའི་དངོས་ཀྱི་རྒྱུར་མ་གྲུབ་པ་དང༌། གྲུབ་ཀྱང་དོན་བྱ་བ་ཉིད་ལས་ཤེས་པ་ཚད་མར་ངེས་པ་མི་འཐད་པ་དང༌། འཐད་ཀྱང་ཚད་མར་ངེས་པ་ཙམ་གྱི་དོན་ལ་དཔྱད་བྱ་མིན་པ་མི་འཐད་པ་དང༌། དེ་ཙམ་གྱིས་དཔྱད་བྱ་མིན་ན་ཧ་ཅང་ཐལ་བ་དང༌། དེ་དཔྱད་བྱ་མིན་པར་འགལ་བ་སྟེ། དེ་ལྟར་ན་ཉེས་པ་ལྔའོ། །དང་པོ་ལ་གསུམ་སྟེ། དོན་གྲུབ་པའི་དངོས་ཀྱི་རྒྱུར་མངོན་སུམ་ལ་མི་སྣང་བ་དང༌། དོན་མ་ངེས་པ་དང༌། ཐ་སྙད་མ་ངེས་པའོ། །ཇི་ལྟར་ཞེ་ན། འདི་ལ་འབྲས་བུས་དོན་བྱེད་པ་ནི་གཉིས་ཏེ། ཡུལ་གྱི་ཆོས་དང༌། ཡུལ་ཅན་གྱི་ཆོས་སོ། །དང་པོ་ལ། དོན་ལ་བལྟོས་ནས་ནི་འདི་དོན་སྒྲུབ་ཀྱི་དངོས་རྒྱུ་མིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། འདིའི་གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ། དོན་གྲུབ་ཅེས་པ་ཡུལ་ལ་བྱ་བ་མ་ཡིན་གྱི། ཡུལ་ཅན་ལ་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རྒྱུར་མི་འཐད་དེ། རང་ཉིད་རང་གི་རྒྱུར་འགལ་བའི་ཕྱིར། གཉིས་པ་དོན་མ་ངེས་པ་ནི། བསྲེག་པའི་དོན་བྱེད་བཞིན་པའི་མེ་རང་མཚན་འཛིན་པའི་མངོན་སུམ་དེ་སྐྱེས་བུ་དོན་གྲུབ་ཀྱི་རྒྱུར་སྣང་བ་མི་སྲིད་མོད། སྣང་དུ་ཆུག་ཀྱང་སྣང་ངོ་ཅོག་ངེས་པས་མ་ཁྱབ་སྟེ། ངེས་པ་རྐྱེན་ལ་བལྟོས་པའི་ཕྱིར་རོ། །གསུམ་པ་ནི། དེ་སྐྱེས་བུ་དོན་སྒྲུབ་ཀྱི་དངོས་ཀྱི་རྒྱུ་ཡིན་པའི་དོན་ངེས་སུ་ཆུག་ཀྱང༌། ཐ་སྙད་མ་ངེས་པ་སྲིད་དེ། བདེ་སོགས་མྱོང་བར་ངེས་ཀྱང་ཤེས་པའི་ཐ་སྙད་མ་ཐོགས་པ་བཞིན་ནོ། །གཉིས་པ་ནི། དོན་བྱེད་པར་སྣང་བ་ཉིད་མི་དཔྱད་པའི་འཐད་པར་དངོས་ཀྱི་རྒྱུ་ཡིན་པ་ཉེ་བར་མ་བཀོད་ན་མཛེས་ཏེ། འབྲས་བུར་སྣང་བ་ཉིད་དཔྱད་དགོས་པར་ཐལ་བའི་ཕྱིར་དང༌། སྒྲུབ་བྱེད་འབའ་ཞིག་ཏུ་སྣང་བ་ཡང་མི་དཔྱད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། ཤེས་པ་དེ་ཚད་མར་ངེས་ཀྱང་ཆ་གཞན་གྱི་ཅི་སྟེ་མི་དཔྱོད་དེ། ཅི། ཚད་མ་འདི་རྟོག་པ་དང་བཅས་པའམ། རྟོག་པ་མེད་པའམ། རྟག་གམ། མི་རྟག་ཅེས་བྱ་བ་ལ་སོགས་པར་དཔྱོད་རིགས་པའི་ཕྱིར་རོ། །བཞི་པ་ནི། རང་ལས་ངེས་པ་ཀུན་མི་དཔྱོད་པར་ཐལ་བ་དང༌། གཞལ་ལས་ངེས་པ་ཀུན་མི་དཔྱོད་པར་ཐལ་བ་དང༌། ཚད་མ་ཉིད་གྲུབ་པ་ལ་བསྟན་བཅོས་ཚད་མར་ཐལ་བ་གསུམ་འཕེན་ནོ། །ལྔ་པ་ནི། དོན་བྱེད་པར་སྣང་བ་དང༌། དེའི་སྒྲུབ་བྱེད་དུ་སྣང་བ་གཉིས། རང་དང་སྤྱིའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་དང༌། མི་བསླུ་བར་ཁྱད་པར་མེད་བཞིན་དུ་གཅིག་ནི་མཚན་ཉིད་དེ་དང་དེའི་སྒོ་ནས་བཤད་ལ། གཉིས་པ་མ་བཤད་པ་ནི་ཕན་ཚུན་འགལ་ཏེ། རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ་ཞེས་ཆོས་མཆོག་གི་ལུགས་བཀག་ནས། རང་གི་ལུགས་བཞག་པ་ནི། སྤྱིར་ཡང་དག་པའི་ཤེས་པ་ཙམ་དབྱེ་གཞི་མིན་གྱི་མི་བསླུ་བས་ཁྱད་པར་དུ་བྱས་པའི་ཡང་དག་པའི་ཤེས་པ་དེ་ནི་དབྱེ་གཞི་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་ངེས་བཟུང་གི་ཚིག་སྨོས་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། ཡིད་ཀྱི་མུན་སེལ་ལས། དེ་ལ་དོན་བྱེད་པར་སྣང་བ་མི་བསླུ་བར་ངེས་པས་བསྟན་བཅོས་སུ་དཔྱད་པར་བྱ་བ་མིན་ན་དོན་བྱེད་ནུས་པ་ལ་རབ་ཏུ་འཇུག་པའང་ཤེས་པ་ཡིན་པར་བསྟན་བཅོས་སུ་དཔྱད་པར་བྱ་བ་མིན་པར་འགྱུར་རོ། །ཤེས་པར་མ་ངེས་སོ་ཞེ་ན། འོ་ན་མི་བསླུ་བར་ཡང་མ་ངེས་སོ། །འོ་ན་དངོས་སུ་དོན་ཐོབ་པ་མེད་པར་འགྱུར་རོ་ཞེ་ན། འོ་ན་ཤེས་པར་མ་ངེས་ན་ཡུལ་མི་རྟོགས་པར་འགྱུར་རོ། །གལ་ཏེ་ཤེས་པར་ངེས་ཀྱང་ཆ་གཞན་གྱིས་དཔྱོད་པ་མི་འགལ་ལོ་ཞེ་ན། འོ་ན་ཚད་མར་ངེས་ཀྱང་མི་རྟག་པ་དང་སྒྱུ་མ་ལྟ་བུ་ལ་སོགས་པའི་ལྡོག་པ་དཔྱོད་པར་མི་འགལ་ལོ་ཞེས་སློབ་དཔོན་ཆོས་མཆོག་གི་འདོད་པ་བཀག་ནས་རང་གི་ལུགས་ནི། ཚད་མ་ཙམ་གྱི་སྤྱི་ལྡོག་ནས་དབྱེ་གཞིར་བཞེད་དོ། །གསུམ་པ་ནི། ཇི་སྐད་དུ། རིགས་པའི་གཏེར་ལས། ཚད་མ་མིན་ལ་ཡང་དག་བཀག །ཅེས་པ་ནི་རྔོག་ལོའི་འདོད་པ་འགོག་པའོ། །ཡང་དག་ཕྱེ་ནས་འཆད་པ་འཁྲུལ། །ཞེས་པ་ནི་སློབ་དཔོན་ཆོས་མཆོག་གི་བཞེད་པ་འགོག་པའོ། །དེས་ན་ཡང་དག་ཤེས་པ་ཉིད། །ཚད་མ་ཡིན་ཕྱིར་དབྱེ་གཞིར་འཐད། །ཅེས་པ་ནི་རང་ལུགས་འཇོག་པའོ། །གཉིས་པ་དབྱེ་ངོ་དང༌། གསུམ་པ་དབྱེ་དོན་ནི་རྟོགས་པར་སླ་ལ། བཞི་པ་གྲངས་ངེས་པ་ནི། ཇི་སྐད་དུ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །དེ་ལས་གྲངས་གཞན་བཀག་ཕྱིར་རོ། །ཞེས་གསུངས་པའི་དོན་ནི། ཚད་མ་ལ་མངོན་རྗེས་གང་རུང་གིས་ཁྱབ་པ་ཡིན་ནོ་ཞེས་སྔོན་གྱི་མཁས་པ་རྣམས་མཐུན་པར་བཞེད་དོ། །འདི་ལ་ཕྱི་རབས་ཀྱི་མཁས་རློམ་བྱིས་པའི་བློ་ཅན་དག་ན་རེ། ཚད་མ་ཆོས་ཅན་ཞེས་དང༌། མངོན་རྗེས་གཉིས་ཀ་ཆོས་ཅན། དེར་ཐལ་དེའི་ཕྱིར། འདོད་ན། དེ་དང་དེ་ཆོས་ཅན། མངོན་སུམ་དུ་ཐལ། གང་རུང་གང་ཞིག་གཅིག་ཤོས་མིན་པའི་ཕྱིར། འདོད་ན། རྗེས་དཔག་མངོན་སུམ་དུ་ཐལ། གཉིས་ཀ་མངོན་སུམ་ཡིན་པའི་ཕྱིར། ཞེས་དང༌། ཚད་མ་ཆོས་ཅན། མངོན་སུམ་མིན་ཏེ། ཁྱོད་ཡིན་དུ་གྱུར་པའི་རྗེས་དཔག་ཡོད་པའི་ཕྱིར། ཞེས་པའི་སྐྱོན་འཇུག་པར་བསམས་ནས་རང་གི་ལུགས་ལ། གྲངས་ངེས་སྒྲུབ་བྱེད་ཀྱི་རིགས་པ་ནི་གཉིས་ཏེ། དགག་ཕྱོགས་ཀྱི་ཕུང་གསུམ་སེལ་བ་དང༌། སྒྲུབ་ཕྱོགས་ཀྱི་ཕུང་གསུམ་སེལ་བའི་ཚད་མའོ། །དང་པོ་ནི། སྒྲ་འཛིན་མངོན་སུམ་ལྟ་བུ་ཚད་མས་ངེས་པ་གཞིར་བྱས་ནས་དེ་ཚད་མ་མིན་པ་སེལ་བ་དང༌། དེ་ཡིན་དུ་གྱུར་པའི་རྗེས་དཔག་ཚད་མ་ཡོད་པ་སེལ་བའི་ཚད་མ་གཉིས་ཀྱི་བྱེད་པས་དེ་མངོན་སུམ་དུ་ཡོངས་སུ་གཅོད་ནུས་པའོ། །གཉིས་པ་ནི། སྒྲ་འཛིན་མངོན་སུམ་དེ་ཡོངས་གཅོད་ལ་མངོན་སུམ་ཚད་མར་གྲུབ་པ་ན། རྣམ་བཅད་ལ་རྗེས་དཔག་ཚད་མ་ཡིན་པ་ཁེགས་པའོ། །དེ་ལས་གཞན་དུ་མངོན་རྗེས་གང་རུང་མིན་པའི་ཚད་མ་ཡིན་པ་ཡོད་པ་ཙམ་གྱིས་གྲངས་ངེས་ཉམས་པར་ག་ལ་འགྱུར་རོ་ཞེས་ཟེར་ཞིང༌། དེ་བཞིན་དུ་རྗེས་དཔག་གི་ཕྱོགས་ལ་ཡང་སྦྱར་ནས་ཁས་ལེན་པར་བྱེད་དོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། གཞན་ལུགས་འགོག་ཚུལ་མི་འཐད་པ་དང༌། རང་ལུགས་འཇོག་ཚུལ་མི་འཐད་པའོ། །དང་པོ་ནི། འདི་ལྟར། ཚད་མ་དང་མངོན་རྗེས་གཉིས་ཀ་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོག་པ་དང་འབྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་ཏེ། རྟོག་པ་མིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཤེས་པ་གང་ཞིག་འཁྲུལ་ཤེས་མིན་པའི་ཕྱིར། མ་གྲུབ་ན། མངོན་སུམ་ཡང་འཁྲུལ་པར་ཐལ། གཉིས་ཀ་འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་པ་འདི་གཉིས་ཀས་ཀྱང་ཐུན་མོང་དུ་ཁས་ལེན་དགོས་སོ། །ཡང་ཚད་མ་ཙམ་དང་མངོན་རྗེས་གཉིས་ཀའི་རང་ལྡོག་ནས་མངོན་སུམ་དུ་ཁས་ལེན་དགོས་པ་ཡིན་སྟེ། ཤེས་པ་ཙམ་པ་དང༌། ཤེས་པ་ཐམས་ཅད་ཀྱི་རང་ལྡོག་ནས་དེར་ཁས་ལེན་ནུས་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་པས་སོ། །མ་གྲུབ་ན། དེ་དང་དེ་ཆོས་ཅན། རྟོག་མེད་ལོག་ཤེས་སུ་ཐལ། རྟོག་མེད་ཀྱི་འཁྲུལ་ཤེས་ཡིན་པའི་ཕྱིར། འདོད་ན་ལོག་ཤེས་སུ་ཐལ་ལོ། །དེ་ཡང་འདོད་ན་ནི་མངོན་རྗེས་གཉིས་ཀ་མངོན་སུམ་དུ་ཁས་བླངས་ན་ཉེས་པ་ཅི་ཡོད། གལ་ཏེ་འོ་ན། དེ་དང་དེ་མངོན་སུམ་བཞི་ལས་གང་དུ་ཁས་ལེན་ཞེ་ན། རང་རིག་པའི་མངོན་སུམ་མོ། །འོ་ན་འཛིན་རྣམ་དུ་ཐལ་ལོ་ཞེ་ན། འདོད་པ་ཡིན་ཏེ། ཤེས་པ་གང་ཞིག་ཡུལ་གྱི་རྣམ་པ་མི་སྣང་བའི་ཕྱིར། མ་གྲུབ་ན། དངོས་པོའི་འམ་དངོས་མེད་ཀྱི་རྣམ་པ་སྣང༌། གཉིས་པ་ལྟར་ན། དེ་དང་དེ་ཆོས་ཅན། རྟོག་པར་ཐལ། དངོས་མེད་ཀྱི་རྣམ་པ་འཛིན་པའི་རིག་པ་ཡིན་པའི་ཕྱིར། དང་པོ་ལྟར་ན། ཕྱི་རོལ་དོན་གྱིའམ། ནང་ཤེས་པའི་རྣམ་པ་སྣང༌། གཉིས་པ་ལྟར་ན་ཤེས་པ་ཆོས་ཅན་ཁྱོད་ཤེས་པ་ལས་ཐ་དད་དུ་ཐལ། ཁྱོད་ལ་ཤེས་པའི་རྣམ་པར་ཤར་བའི་ཕྱིར། དང་པོ་ལྟར་ན་དོན་རིག་མངོན་སུམ་དུ་ཐལ། མངོན་སུམ་གང་ཞིག་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཤར་བའི་ཕྱིར། འོ་ན་ཚད་མིན་གྱི་བློ་མི་སྲིད་པར་འགྱུར་ཏེ། ཤེས་པ་ཐམས་ཅད་ཚད་མ་ཡིན་པའི་ཕྱིར་སྙམ་ན། འོ་ན་ཚད་མ་མི་སྲིད་པར་འགྱུར་ཏེ། ཤེས་པ་ཐམས་ཅད་ཚད་མིན་གྱི་བློ་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད། དེ་ཆོས་ཅན། དེར་ཐལ། ཚད་མིན་གང་ཞིག་བློ་ཡིན་པའི་ཕྱིར་རྟགས་ཁས་བླངས་སོ་ཞེས་བྱ་བ་ནི་ཚིག་ཙམ་གྱི་སྒོ་ནས་ལན་བཏབ་པའོ། །རྣལ་མའི་ལན་ནི། ཚད་མ་ཙམ་དང་མངོན་རྗེས་གཉིས་ཀ་ཞེས་བྱ་བ། རྫས་སྤྱི་མ་དང༌། ཉིས་མགོ་མ་ཞེས་གྲགས་པ་དེ་དག་ལ་རློམ་ཚོད་ལ་རང་མཚན་དུ་རློམ་པ་ལྟར་སོང་ཚོད་ལ་ཡང་མངོན་རྗེས་གང་རུང་མིན་པའི་ཚད་མའི་རྫས་སུ་སོང་བ་ཅུང་ཟད་གཅིག་ཡོད་ན། ཚད་མའི་གྲངས་ངེས་ཉམས་པར་འགྱུར་བ་བདེན་ན་ཡང༌། དེ་གཉིས་ནི་གཞལ་སེལ་ཁོ་ན་ཡིན་གྱི། སོང་ཚོད་ལ་རྫས་ཀྱི་ཆ་ཅུང་ཟད་ཀྱང་མེད་པའི་ཕྱིར། ཚད་མ་གཉིས་ཀྱི་གྲངས་ངེས་ཉམས་པ་མེད་དོ། །གལ་ཏེ་དེ་ལ་རྫས་ཀྱི་ཆ་ཡོད་ན་ནི་སྔར་རྒྱས་པར་བཤད་ཟིན་པ་ལྟར། མིག་གཉིས་ལས་མེད་པའི་སྐྱེས་བུ་དེ་ལ་མིག་རྫས་གྲུབ་གསུམ་ཡོད་པར་ཐལ་བ་ལ་སོགས་པའི་མི་འདོད་པ་མཐའ་དག་ཐོག་ཏུ་འབབ་པར་འགྱུར་རོ། །གཉིས་པ་རང་ལུགས་འཇོག་ཚུལ་མི་འཐད་པ་ལ། ཁྱབ་པ་མ་ངེས་པ་དང༌། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའོ། །དང་པོ་ནི། འོ་ན་ཚད་མ་ལ་དབང་པོའི་མངོན་སུམ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གཉིས་སུ་གྲངས་ངེས་པར་ཐལ། དེ་གཉིས་ལ་ཁྱེད་རང་གི་འདོད་པའི་ཕུང་གསུམ་སེལ་བའི་ཚད་མ་གཉིས་པོ་ཚང་བའི་ཕྱིར། དེར་ཐལ། སྒྲ་འཛིན་དབང་པོའི་མངོན་སུམ་དེ་ཚད་མས་ངེས་པ་གཞིར་བྱས་ནས། སྤྱིར་ཚད་མ་ཡིན་པ་སེལ་བ་དང༌། དེ་ཡིན་པར་གྱུར་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཡོད་པ་སེལ་བའི་ཚད་མ་གཉིས་ཀྱི་བྱེད་པས་དེ་དབང་པོའི་མངོན་སུམ་ཡིན་པར་ཡོངས་སུ་གཅོད་ནུས་པའི་ཕྱིར་དང༌། དེ་ཡོངས་གཅོད་ལ་དབང་པོའི་མངོན་སུམ་ཡིན་པར་ཚད་མས་གྲུབ་པ་ན་རྣམ་བཅད་ལ་རྗེས་དཔག་ཡིན་པ་ཁེགས་པའི་ཕྱིར་གཞན་ཡང་ཤེས་བྱ་ལ་ཀ་བུམ་གཉིས་སུ་གྲངས་ངེས་པ་སོགས་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལ་གཉིས་སུ་དབྱེར་ཡོད། དེ་ལ་དེར་དབྱེ་བ་བྱས་པ་ལ་ཁྱེད་འདོད་པའི་ཕུང་གསུམ་སེལ་བའི་ཚད་མ་གཉིས་ཚང་བའི་ཕྱིར། གཉིས་པ་ནི། འོ་ན་རྒོལ་བ་རྒྱང་འཕེན་པས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པའི་དོན་དེ་གྲུབ་པར་ཐལ། དེ་འདྲའི་ཕུང་གསུམ་སེལ་བའི་ཚད་མ་གཉིས་པོ་དེ་དེའི་རྒྱུད་ལ་སྐྱེས་པའི་ཕྱིར་ཏེ། དེས་སྒྲ་འཛིན་དབང་པོའི་མངོན་སུམ་དེ་སྤྱིར་ཚད་མ་ཡིན་པ་དང༌། བྱེ་བྲག་མངོན་སུམ་ཡིན་པ་དང༌། །རྗེས་དཔག་མིན་པར་ཚད་མས་གྲུབ་པའི་ཕྱིར། །གཞན་ཡང་མངོན་རྗེས་གཉིས་ཀྱི་དགག་ཕྱོགས་དང༌། སྒྲུབ་ཕྱོགས་ལ་ཕུང་གསུམ་སེལ་བྱེད་ཀྱི་ཚད་མ་གྲུབ་པ་དེ་གཞི་འགའ་ཞིག་ཏུ་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་བསྒྲུབ་པའི་སྒྲུབ་བྱེད་རྣམ་དག་མིན་ཏེ། ཇི་སྲིད་བསྒྲུབ་བྱ་དེ་མ་གྲུབ་པ་དེ་སྲིད་དུ། སྒྲུབ་བྱེད་དེ་མི་འགྲུབ་པའི་ཕྱིར། གཞན་ཡང་ཚད་མ་གཞིར་བྱས་པ་ལ་གཉིས་མིན་གྱི་ཕུང་གསུམ་སེལ་བའི་ཚད་མ་ཡོད་པར་ཐལ། དེ་ལ་དགག་ཕྱོགས་ཀྱི་ཕུང་གསུམ་སེལ་བའི་ཚད་མ་ཡོད་པའི་ཕྱིར། དེས་ན་ཚད་མའི་གྲངས་ངེས་སྒྲུབ་བྱེད་ཀྱི་རིགས་པ་གཞུང་ལས་གསུངས་པ་བོར་ནས་མ་གསུངས་ཤིང་མི་རིགས་པ་དག་ནན་གྱིས་ཚོལ་བ་ནི་ངོ་མཚར་བའི་གནས་སོ། །ཁྱེད་ཀྱི་མཁས་པ་འདི་འདྲ་ན། །གཞན་གྱི་མི་མཁས་གང་དེ་སུ། །རིགས་པའི་དབང་ཕྱུག་འདི་ཡིན་ན། །རིགས་མིན་སྨྲ་བ་གང་ནས་བཙལ། །ཞེས་བྱའོ། །ལྔ་པ་སྒྲ་དོན་ནི། ཧ་ཅང་དཀའ་བའི་གནས་མིན་པས་རེ་ཤིག་བཞག་ནས། དྲུག་པ་མཚན་གཞི་ལ་ལོག་རྟོག་དགག་པ་ལ། མངོན་སུམ་གྱི་མཚན་གཞི་ལ་ལོག་རྟོག་དགག་པ་དང༌། རྗེས་དཔག་གི་མཚན་གཞི་ལ་ལོག་རྟོག་དགག་པའོ། །དང་པོ་ལ། མངོན་སུམ་གྱི་ཚད་མ་མིན་པ་ལ་ཡིན་པའི་ལོག་རྟོག་དགག ཡིན་པ་ལ་མིན་པའི་ལོག་རྟོག་དགག་པའོ། །དང་པོ་ནི། ཇི་སྐད་དུ། ཡུལ་དུས་རྣམ་པ་འཁྲུལ་བའི་ཆ། །མངོན་སུམ་ཚད་མར་འདོད་པ་ཡོད། །ཅེས་གསུངས་སོ། །འདིའི་ཕྱོགས་སྔ་མ་སྨྲ་བ་ལ་ལུགས་གཉིས་ཏེ། ཡུལ་དུས་རྣམ་པ་ལ་འཁྲུལ་ཚུལ་སོ་སོར་མི་འབྱེད་པར། འཁྲུལ་པ་ཚད་མར་ཁས་ལེན་པ་འཕགས་ཡུལ་བའི་ལུགས་དང༌། འཁྲུལ་ཚུལ་སོ་སོར་ཕྱེ་ནས་འཁྲུལ་པ་འགའ་ཞིག་ཚད་མར་ཁས་ལེན་པ་གངས་ཅན་པའི་ལུགས་སོ། །དང་པོ་ལ། ཡུལ་ལ་འཁྲུལ་པ་ཚད་མར་ཁས་ལེན་པའི་ཚུལ། དུས་ལ་འཁྲུལ་པ་ཚད་མར་ཁས་ལེན་པའི་ཚུལ། རྣམ་པ་ལ་འཁྲུལ་པ་ཚད་མར་ཁས་ལེན་པའི་ཚུལ་ལོ། །དང་པོ་ནི། སློབ་དཔོན་རྒྱན་མཛད་པ་ན་རེ། ནོར་བུ་ཁང་པའི་ཕུགས་ན་གནས། འོད་སྒོ་འགྲམ་དུ་བྱུང་བ་དེའི་ཚེ། ནོར་བུའི་འོད་འཛིན་པའི་མིག་ཤེས་དེ་ཁང་པའི་ཕུགས་ཀྱི་ནོར་བུ་ལ་ཚད་མ་ཡིན་ཏེ། དེ་ལ་བཅད་དོན་ཐོབ་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། དེ་ཡང་རྟོག་པ་མིན་པའི་ཕྱིར་མངོན་སུམ་གྱི་ཚད་མ་ལས་མ་འདས་སོ། །ཞེས་གསུང༌། དོན་འདི་ལ་མི་མཁས་པ་གང་དག རྒྱན་མཛད་པས་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་མངོན་སུམ་ཚད་མར་འདོད་དོ། །ཞེས་འཆད་པ་དེ་ནི་དེའི་འདོད་པ་མིན་ཏེ། ཞེན་བློ་མངོན་སུམ་འདོད་མཁན་གྱི་རང་སྡེ་སུ་ཡང་མེད་པའི་ཕྱིར། རིགས་གཏེར་ལས། སྒོ་ཕུགས་མ་ཕྱེ་བའི་ནོར་བུའི་འོད་ཙམ་ལ་ཚད་མ་ཡིན་ནོ་ཞེས་གསུང་ངོ༌། །ཞེས་འབྱུང་བ་དེ་ཡང་ཡི་གེ་མ་དག་པ་ཡིན་ཏེ། རང་ལུགས་ལ་ཡང་དེ་འདྲ་དེ་ནོར་བུའི་འོད་ཙམ་ལ་ཚད་མར་ཁས་ལེན་དགོས་པའི་ཕྱིར་དང༌། འོད་ལ་ཚད་མ་ཡིན་པ་འགོག་པ་སྐབས་ཀྱི་དོན་མིན་པའི་ཕྱིར། འོན་ཀྱང་འདི་ཡུལ་ལ་འཁྲུལ་པ་ཡིན་མིན་དཔྱད་དགོས་ཏེ། ཡུལ་ཁང་པའི་ནང་ལ་ཕྱི་རོལ་དུ་འཁྲུལ་པའམ། ཕྱི་རོལ་ལ་ནང་དུ་འཁྲུལ་པ་ལྟ་བུ་གང་ཡང་མེད་པའི་ཕྱིར་དང༌། ཡུལ་དེ་ན་མེད་པའི་ནོར་བུ་ཡུལ་དེ་ན་ཡོད་པར་ཞེན་པ་ནི། རྟོག་པ་ཡིན་པས་སྐབས་འདིའི་ཡུལ་ལ་འཁྲུལ་པའི་མཚན་གཞིར་མི་རུང༌། རུང་དུ་ཆུག་ཀྱང་དངོས་པོ་ལ་འཁྲུལ་པ་ཡིན་གྱི། ཡུལ་ལ་འཁྲུལ་པའི་ཚུལ་ངོས་འཛིན་པར་དཀའ་བའི་ཕྱིར། སློབ་དཔོན་དུལ་བའི་ལྷ། ནམ་ཕྱེད་ཀྱི་དུས་ཀྱི་བུའི་གཟུགས་འཛིན་པའི་མིག་ཤེས་ཉི་མ་ཕྱེད་ཀྱི་དུས་ཀྱི་བུའི་གཟུགས་ལ་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་གསུང༌། འདིའང་དུས་ལ་འཁྲུལ་ཚུལ་དཔྱད་དགོས་ཏེ། དུས་ནམ་ཕྱེད་ལ་ནམ་ཕྱེད་དུ་རྟོགས་པ་ཁོ་ན་ཡོད་ཀྱི། ནམ་ཕྱེད་ལ་ཉིན་ཕྱེད་དུ་འཁྲུལ་པ་ལྟ་བུ་མེད་པའི་ཕྱིར་འདིར་དུས་ལ་འཁྲུལ་པའི་མཚན་གཞིར་རྨི་ལམ་གྱི་ཤེས་པ་འཛིན་པ་ནི་སློབ་དཔོན་ཆོས་མཆོག་གི་ལུགས་ཡིན་ལ། དེ་ལ་རྔོག་ལོ་ཆེན་པོས་དགག་པ་མཛད་པ་ནི། རྨི་ལམ་གྱི་ཡུལ་ཡུལ་ཅན་གཉིས་ཀ་དུས་མཉམ་སྒྲོ་བཏགས་ཡིན་པའི་ཕྱིར་དུས་ལ་འཁྲུལ་པ་མེད་དོ་ཞེས་གསུང༌། གསུམ་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་འགའ་འམ་ཕྱི་རོལ་པ་ཁ་ཅིག དུང་དཀར་པོ་ལ་སེར་པོར་འཛིན་པའི་མིག་ཤེས་རྣམ་པ་གཞན་དང་ལྡན་པ་ལ། རྣམ་པ་གཞན་དུ་འཛིན་པའི་ཕྱིར། འཁྲུལ་ཡང་མངོན་སུམ་གྱི་ཚད་མ་ཡིན་ནོ་ཞེས་འདོད་དོ། །གཉིས་པ་ནི། རྣམ་པར་ངེས་པའི་ཊཱི་ཀ་ལས། ཡུལ་དང་དུས་ལ་འཁྲུལ་པ་ནི་རྣམ་པ་གཉིས་ཏེ། ཇི་ལྟར་གནས་པའི་ཡུལ་དང་དུས་སུ་དངོས་པོ་གཞན་སྒྲོ་འདོགས་པ་དང༌། ཇི་ལྟར་གནས་པའི་དངོས་པོ་ལ་ཡུལ་དང་དུས་གཞན་སྒྲོ་འདོགས་པའོ། །དང་པོའི་མཚན་གཞི་ནི་བཤད་མ་ཐག་པ་དེ་དག་ཡིན་ལ། དེ་དག་ཀྱང་ཡུལ་དུས་ལ་འཁྲུལ་པ་ནི་བཏགས་པ་བ་ཡིན་ལ། དངོས་པོ་ལ་འཁྲུལ་པ་ནི་མཚན་ཉིད་པ་ཡིན་པའི་ཕྱིར་ཚད་མིན་དུ་བཞག་དགོས་ཏེ། དཔེར་ན། འགལ་མེ་ལ་འཁོར་ལོར་འཁྲུལ་པའི་མིག་ཤེས་དེས་འགལ་མེ་མེད་པའི་ཡུལ་དུས་སུ་འགལ་མེ་མཐོང་བས། ཚད་མ་མིན་པར་འཇོག་དགོས་པ་བཞིན་ནོ། །གཉིས་པའི་དཔེ་ནི། སྔ་དྲོ་དམིགས་པའི་དངོས་པོ་ལ་ཕྱི་དྲོ་ཡོད་པའི་དངོས་པོར་འཛིན་པ་དང༌། ཁང་པའི་ནང་དུ་དམིགས་པའི་དངོས་པོ་ལ་ཕྱི་རོལ་ན་ཡོད་པའི་དངོས་པོར་འཁྲུལ་པའི་ཚེ། མིག་ཤེས་ཕྱི་དྲོའི་དོན་དང༌། ཁང་པའི་ཕྱི་རོལ་ན་ཡོད་པའི་དོན་ལ་ཚད་མ་ཡིན་ཏེ། མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེ་ཡང་མངོན་སུམ་ལས་མ་འདས་སོ། །རྣམ་པ་ལ་འཁྲུལ་པའི་མངོན་སུམ་ཡང་དཔེར་ན། དུང་སེར་འཛིན་གྱི་མིག་ཤེས་དཀར་པོ་ལ་འཁྲུལ་པའི་ཕྱིར་མངོན་སུམ་གྱི་ཚད་མ་མིན་ཡང་རེག་བྱ་ལ་མ་འཁྲུལ་པ་དང་མི་བསླུ་བའི་ཕྱིར། མངོན་སུམ་གྱི་ཚད་མ་ཁོ་ན་ཡིན་ནོ། །དེ་བཞིན་དུ། ཆུའི་ཁ་དོག་སྣང་བའི་མིག་ཤེས་ཀྱང་རེག་བྱ་བསིལ་བ་དང་བཤེར་བ་ལ་མངོན་སུམ་གྱི་ཚད་མ་ཡིན་ཏེ། མྱོང་པའི་སྟོབས་ཀྱིས་མི་བསླུ་བ་ཡིན་པའི་ཕྱིར། ལྗོན་ཤིང་འགྲོ་སྣང་གི་དབང་ཤེས་ཀྱང་འགྲོ་བའི་ཆ་ལ་འཁྲུལ་པའི་ཕྱིར། མངོན་སུམ་དང་ཚད་མ་མིན་པ་དང༌། ཁ་དོག་དང་རེག་པ་སོགས་ལ་མྱོང་སྟོབས་ཀྱིས་མི་བསླུ་བའི་ཕྱིར། མངོན་སུམ་གྱི་ཚད་མ་ཡིན་ནོ། །དེ་ལས་གཞན་དུ་ཆ་ཤས་གཅིག་ལ་ཚད་མ་མིན་པས་ཚད་མ་མ་ཡིན་དགོས་ན། ཚུར་རོལ་མཐོང་བའི་རྒྱུད་ལ་མངོན་སུམ་གྱི་ཚད་མ་མེད་པར་འགྱུར་ཏེ། ཚུར་མཐོང་གི་མངོན་སུམ་ཡུལ་གྱི་ཆ་ཤས་ཐམས་ཅད་ལ་ཚད་མར་སོང་བ་མི་སྲིད་པའི་ཕྱིར། དཔེར་ན་ཚུར་མཐོང་གི་སྔོར་སྣང་དབང་ཤེས་སྔོན་པོའི་སྐད་ཅིག་མ་ལ་ཚད་མར་མ་སོང་བ་བཞིན་ནོ། །འདི་ལ་སློབ་དཔོན་ཆོས་མཆོག་ན་རེ། དེ་ཚད་མ་མིན་ཏེ། ལྗོན་ཤིང་མེད་པའི་ཡུལ་དུ་ལྗོན་ཤིང་མཐོང་བའི་ཕྱིར། དཔེར་ན་འགལ་མེ་ལ་འཁོར་ལོར་འཁྲུལ་པ་བཞིན་ནོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལྗོན་ཤིང་འགྲོ་བར་སྣང་ཡང་དེ་མེད་པའི་ཡུལ་དུ་མཐོང་བ་མིན་ཏེ། ཉི་མ་ཤར་བ་ན་རེའི་རྩེ་མོ་ལ་འབྱར་བར་སྣང་ཡང༌། མེད་པའི་ཡུལ་དུ་མཐོང་བ་མིན་པས་ཚད་མར་འཇོག་དགོས་པ་བཞིན་ནོ། །སློབ་དཔོན་ཆོས་མཆོག་རང་ཉིད་ཀྱང་ཆུང་ངུ་ལ་ཆེན་པོར་འཛིན་པ་ཚད་མ་མིན་ཀྱང་ཆེན་པོ་ལ་ཆུང་ངུར་སྣང་བ་ནི་རང་གི་ཡུལ་དུས་ལས་མ་འདས་པར་སྣང་བས་ཚད་མ་ཡིན་པར་ཁས་ལེན་པ་དང་འདི་འགལ་བ་ཡིན་ཏེ། དེ་གཉིས་ལ་ཁྱད་པར་ཅི་ཡང་མེད་པའི་ཕྱིར། རབ་རིབ་དང་གྲུར་ཞུགས་པ་སོགས་ཀྱིས་སླད་པ་རྣམས་ཚད་མ་མིན་པར་གསུངས་པ་ཡང་ཆ་དེ་དང་དེ་ལ་ཡིན་གྱི། ཐམས་ཅད་ལ་མ་ཡིན་ནོ་ཞེས་གསུང་ངོ༌། །འདི་དགག་པ་ལ་གཉིས་ཏེ། འཁྲུལ་ཚུལ་སོ་སོར་མི་འབྱེད་པ་རྒྱན་མཛད་པ་སོགས་གསུམ་གྱི་ལུགས་དགག དེ་སོ་སོར་འབྱེད་པ་རྔོག་ལོ་ཆེན་པོའི་ལུགས་དགག་པའོ། །དང་པོ་ནི། དེའི་དུས་ཀྱི་ནོར་བུའི་འོད་འཛིན་པའི་མིག་ཤེས་ཆོས་ཅན། ཁང་ཕུགས་ཀྱི་ནོར་བུ་རང་མཚན་ལ་མངོན་སུམ་གྱི་ཚད་མ་མིན་ཏེ། དེ་རང་མཚན་གྱིས་ཁྱོད་ལ་རྣམ་པ་མ་གཏད་པའི་ཕྱིར། དུང་སེར་སྣང་གི་མིག་ཤེས་ཀྱང་ཆོས་ཅན། དུང་གི་དབྱིབས་ལ་མངོན་སུམ་གྱི་ཚད་མ་མིན་ཏེ། དེ་རང་མཚན་གྱིས་རྣམ་པ་མི་གཏོད་པའི་ཕྱིར། འདི་ལ་དབྱིབས་ཀྱི་རྣམ་པ་མི་སྣང་བ་ཇི་ལྟར་ཡིན་ཞེ་ན། རྟེན་དུང་གི་ཁ་དོག་གི་རྣམ་པ་མི་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། དབྱིབས་ནི་ཁ་དོག་གི་རྡུལ་གྱི་ཕྲེང་བ་ཚར་དུ་བཀོད་པ་ལ་དབྱིབས་སུ་བརྗོད་པ་ཡིན་པའི་ཕྱིར། ཡང་སྔ་དྲོའི་དུས་ཀྱི་བུའི་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། ཕྱི་དྲོའི་དུས་ཀྱི་བུའི་གཟུགས་ལ་མངོན་སུམ་ཚད་མ་མིན་ཏེ། དེ་རང་མཚན་གྱིས་ཁྱོད་ལ་ཕྱི་རོལ་གྱི་རྣམ་པ་མ་གཏད་པའི་ཕྱིར། འོ་ན་དེ་དང་དེ་ལ་མི་བསླུ་བ་ཇི་ལྟར་ཞེ་ན་དེ་དེ་ལ་མི་བསླུ་བར་ཁས་མི་ལེན་ཏེ། དོན་མཐོང་བའི་མངོན་སུམ་རྣམས་ཀྱི་འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་ཁོ་ན་ཡིན་པའི་ཕྱིར། འོ་ན་དེས་དེ་ཐོབ་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་ཡུལ་དེ་དང་དེ་ལ་ངེས་པ་དྲངས་པས་ཡིན་ནོ། །འོ་ན་ངེས་པ་འདྲེན་བྱེད་ཀྱི་ཚད་མ་དེ་གང་ཞེ་ན། རྟགས་ལས་ངེས་ན་རྗེས་དཔག་སྲིད། །ཅེས་གསུངས་སོ། །འོ་ན་གཞན་ལས་ངེས་ཀྱི་ཚད་མ་རྣམས་ཚད་མ་མིན་པར་མཚུངས་སོ་ཞེ་ན་མི་མཚུངས་ཏེ། གཞན་ལས་ངེས་ནི་རང་གི་འཇུག་ཡུལ་གྱི་གཞལ་བྱ་གང་དང་གང་ཡིན་པ་དེ་ལ་ཚད་མར་སོང་བ་ཡོད་དོ། །གང་གསར་དུ་རྟོགས་པ་དེ་དང་མཐུན་པའི་འཇུག་ཡུལ་རང་མཚན་ལ་མི་བསླུ་བའི་ནུས་པ་ཡང་ཁོ་རང་ཉིད་ལ་ཡོད་པ་ཡིན་གྱི། ཚད་མ་གཞན་གྱིས་བྱེད་དགོས་པ་མིན་པའི་ཕྱིར་དང༌། གསུམ་པོ་འདི་ལ་དེ་མེད་པའི་ཕྱིར་རོ། །དུང་སེར་འཛིན་དབྱིབས་ལ་ཚད་མ་ཡིན་པ་ནི་རྔོག་ལོ་ཆེན་པོའི་བཞེད་པ་མིན་ཏེ། རྣམ་པར་ངེས་པའི་ཊཱི་ཀ་ལས་དེ་དངོས་སུ་བཀག་པའི་ཕྱིར། འོན་ཀྱང་དེ་དེའི་རེག་བྱ་ལ་ཚད་མ་ཡིན་པ་དང༌། ལྗོན་ཤིང་འགྲོ་སྣང་ཁ་དོག་དང་རེག་བྱ་ལ་མངོན་སུམ་ཚད་མ་ཡིན་པ་འགོག་པ་ཡང་ཞར་ལ་གཞུང་འདི་ཉིད་ཀྱིས་འཆད་པས་འདི་ལྟར་དེ་དང་དེ་ཆོས་ཅན་དེ་དང་དེ་ལ་མངོན་སུམ་གྱི་ཚད་མ་མིན་ཏེ། དེ་རང་མཚན་གྱི་རྣམ་པ་མ་གཏད་པའི་ཕྱིར་ཞེས་པའོ། །འདིར་གཞུང་འཆད་པ་པོ་དག་གི་མངོན་སུམ་མིན་ཏེ་ཞེས་འཆད་པ་ནི་སུན་འབྱིན་དུ་འཇུག་པ་མ་ཡིན་ཏེ། ཕྱོགས་སྔ་མས་བློ་དེ་དང་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་གྱི་མངོན་སུམ་མ་ཡིན་ནོ། །ཞེས་འདོད་པར་སྣང་བའི་ཕྱིར་རོ། །ཡང་དུས་ལ་འཁྲུལ་པའི་དཔེར་བརྗོད་དུ་རྨི་ལམ་གྱི་ཤེས་པ་ཉིན་ཕྱེད་ཀྱི་བུ་ལ་མངོན་སུམ་ཚད་མར་འདོད་དོ་ཞེས་པ་ཡང་ཕྱོགས་སྔ་མའི་འདོད་པ་མིན་ཏེ། ཐ་མལ་པའི་གཉིད་ཀྱི་ཤེས་པ་གཉིད་མ་ལོག་པའི་དོན་རང་མཚན་ལ་མངོན་སུམ་ཚད་མར་འདོད་མཁན་གྱི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་པའི་ཕྱིར་དང༌། སྤྱིར་རྨི་ལམ་གསལ་སྣང་གི་ཤེས་པ་རྟོག་མེད་ལོག་ཤེས་ཡིན་པས་དུས་ལ་འཁྲུལ་མ་འཁྲུལ་གྱི་རྣམ་དབྱེ་དཔྱད་མི་དགོས་པས་སྤྱིར་མངོན་སུམ་ཡིན་པ་ཁེགས་པའི་ཕྱིར། འོ་ན་དུང་སེར་སྣང་གི་མིག་ཤེས་ལ་དུང་གི་དབྱིབས་དང་ལྗོན་ཤིང་འགྲོ་སྣང་གི་དབང་ཤེས་ལ་ལྗོན་ཤིང་གི་ཁ་དོག་སྣང་ངམ་མི་སྣང༌། མི་སྣང་ན། དེ་ལ་སྣང་བའི་དབྱིབས་དང་ཁ་དོག་གཅིག་ནི་མངོན་སུམ་གྱིས་གྲུབ་ལ། དེ་སུའི་དབྱིབས་དང་ཁ་དོག་ཡིན། སྣང་ན། དེ་ལ་དུང་གི་ཁ་དོག་དཀར་པོ་དང་རྟེན་ལྗོན་ཤིང་སྡོད་པའི་ཆ་ཡང་སྣང་བར་ཐལ། དེ་དང་རྫས་གཅིག་ཏུ་གྱུར་པའི་དབྱིབས་དང་ལྗོན་ཤིང་གི་ཁ་དོག་སྣང་བའི་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར་ཏེ། ཞེས་བྱ་བའི་ཐལ་བ་འདི་ཁྱེད་ཅག་གིས་བཟློག་པར་དཀའ་འོ་ཞེ་ན། འདིའི་ལན་ལ། མགོ་མཚུངས་དང་རྣལ་མ་གཉིས། དང་པོ་ནི། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་ཟླ་བ་གཉིས་སུ་སྣང་བ་དེའི་ཚེ། དོན་ལ་མེད་པའི་ཟླ་བ་གཉིས་པ་དེའི་དབྱིབས་དང་ཁ་དོག་མིག་ཤེས་ལ་སྣང་ངམ་མི་སྣང༌། མི་སྣང་ན། དེ་ལ་དེ་སྣང་བར་མངོན་སུམ་གྱིས་གྲུབ་པ་དེ། སུའི་དབྱིབས་དང་ཁ་དོག་ཡིན། གལ་ཏེ་སྣང་ན་དེ་དང་རྫས་གཅིག་པའི་ཟླ་བ་ཡང་སྣང་བར་ཐལ་ལོ། །གལ་ཏེ་དེ་མེད་བཞིན་དུ་སྣང་བས་སྐྱོན་མེད་དོ་ཞེ་ན། འོ་ན་སྔ་མ་ཡང་མེད་བཞིན་དུ་སྣང་བས་སྐྱོན་མེད་དོ། །འདོད་ན་སྔ་མ་དེ་ཆོས་ཅན་དུང་གི་དབྱིབས་དང་ལྗོན་ཤིང་གི་ཁ་དོག་ལ་བསླུ་བར་ཐལ། དེ་མེད་པ་གསལ་སྣང་ཅན་ཡིན་པའི་ཕྱིར་ཞེ་ན། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱང་ཆོས་ཅན་ཟླ་བའི་དབྱིབས་དང་ཁ་དོག་ལ་བསླུ་བར་ཐལ། དེ་མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་དག་རང་གི་གཟུང་ཡུལ་ལ་འཁྲུལ་པ་ཡིན་ཏེ་དེ་ལ་བལྟོས་ནས་འཁྲུལ་པའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་བསྐྱེད་པའི་ཕྱིར། དེ་ཐམས་ཅད་ཀྱི་དངོས་ཡུལ་ནི་མེད་པར་མཚུངས་པ་ཡིན་ཏེ། ཁྱད་གཞི་དུང་གི་སེར་པོ་མེད་པ་ལ་ཁྱད་ཆོས་དེའི་དབྱིབས་འོང་དོན་མེད་པའི་ཕྱིར་དང༌། རྟེན་ལྗོན་ཤིང་འགྲོ་བ་དེ་མེད་པ་ལ། དེ་ལ་བརྟེན་པའི་ཁ་དོག་དང་རེག་བྱ་ཁྱབ་བྱེད་མི་དམིགས་པའི་རྟགས་ཀྱིས་ཁེགས་པའི་ཕྱིར། དཔེར་ན་ཟླ་བ་གཉིས་མེད་པ་ལ་དེའི་དབྱིབས་དང་ཁ་དོག་མི་འབྱུང་བ་བཞིན། ཐག་ཁྲ་ལ་སྦྲུལ་འཛིན་གྱི་དུས་ཀྱི་མིག་ཤེས་ཚད་མར་འཆད་པ་དང་འདི་མི་མཚུངས་ཏེ། དེར་ནི་རྟོག་པ་འཁྲུལ་པ་ཡིན་གྱི་དབང་ཤེས་འཁྲུལ་པ་མིན་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་འཇུག་ཡུལ་ལ་ནི་བསླུ་བར་མཚུངས་པ་ཡིན་ནོ། །འོ་ན་དེ་ལས་དེ་ཐོབ་པ་ཇི་ལྟར་ཞེ་ན། དེ་ལ་ཞུགས་པས་དེ་ལས་དེ་ཐོབ་བྱེད་ཀྱི་ཚད་མ་གཞན་འབྱུང་བའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལས་ཟླ་གཅིག་ལ་མི་བསླུ་བའི་ཤེས་པ་གཞན་སྐྱེ་བ་བཞིན། འོ་ན་རྣམ་པར་ངེས་པ་ལས། ཉེ་བར་སླད་པ་བསླུ་བའི་ཕྱིར། །ཞེས་འཇུག་ཡུལ་མི་ཐོབ་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རང་ཉིད་ཀྱིས་བཅད་པའི་དོན་ལ་བསླུ་བ་ལ་དགོངས་པའི་ཕྱིར་སྐྱོན་མེད་དོ། །དེས་ན་བཅད་པ་དང་མི་མཐུན་པའི་མི་བསླུ་བ་ནི། ཤེས་པ་དེའི་འབྲས་བུར་གྱུར་པའི་ཤེས་པ་གཞན་གྱིས་མ་བསླུས་པ་ཡིན་གྱི། དེ་ཉིད་ཀྱིས་མ་བསླུས་པ་མ་ཡིན་པས་མི་བསླུ་བའི་ཚུལ་ལ་རྣམ་པ་གཉིས་ཡོད་པ་དེ་སོ་སོར་ཕྱེ་དགོས་སོ། །དེས་ན་ཟླ་བ་གཉིས་སྣང་དང་དུང་སེར་སྣང་སོགས་གསུམ་ལ་རྣམ་པ་གཏོད་བྱེད་ཀྱི་ཡུལ་རང་མཚན་རེ་རེ་ཡོད་ཀྱང༌། འཁྲུལ་པའི་རྒྱུས་དབང་པོ་སླད་པའི་རྐྱེན་གྱིས་མེད་པའི་དོན་གསལ་བར་སྣང་བ་ཡིན་པས་བཅད་པ་དང་ཐོབ་པ་མི་མཐུན་པའི་ཕྱིར་མི་བསླུ་བ་མིན་ལ། ཤིང་འཛིན་རྟོག་པ་ལྟ་བུ་ལ་བཅད་པ་དང་མཐུན་པ་མེད་ཀྱང༌། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་མ་བསྐྱེད་པའི་ཕྱིར་མི་བསླུ་བར་འཐད་དོ། །སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟ་བུ་ལ་ནི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་བཞིན་དུ་གསལ་བར་སྣང་བ་ཡིན་ནོ། །འོ་ན་སྔ་མ་གསུམ་པོ་དེ་ཆོས་ཅན། ལྗོན་ཤིང་ངང་ཟླ་བ་རང་མཚན་པ་སོགས་ཁྱོད་ཀྱི་གཟུང་ཡུལ་དུ་ཐལ། དེ་ཁྱོད་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པ་ལ་གཟུང་ཡུལ་ཡིན་མིན་གཉིས་སུ་ཕྱེ་དགོས་ཏེ། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡོད་པར་མཚུངས་ཀྱང་འཕྲལ་གྱི་འཁྲུལ་རྒྱུས་སླད་མ་བསླད་ལས། དོན་དེ་ཉིད་ཀྱི་རྣམ་པ་འཆར་བ་དང༌། དོན་དེ་ལ་མེད་པ་གསལ་བར་སྣང་བའི་ཤེས་པ་གཉིས་སྐྱེ་བའི་ཕྱིར། གཉིས་པ་ལོཙྪ་བའི་བཞེད་པ་འགོག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། ཁ་དོག་འཛིན་པ་རེག་བྱ་ལ། །མངོན་སུམ་ཡིན་ཞེས་ལ་ལ་སྨྲ། །ཞེས་གསུངས་སོ། །འདི་ཡང་དེ་ལ་རང་ལས་ངེས་ཀྱི་མངོན་སུམ་ཚད་མར་སྨྲ་བ་ཡིན་གྱི། མངོན་སུམ་ཙམ་དུ་ནི་ཁས་མི་ལེན་ལ། དེ་ལྟ་ན་ཡང་མེ་དང་ཆུ་ལ་སོགས་པའི་ཁ་དོག་འཛིན་པའི་མིག་ཤེས་ཆོས་ཅན། དེ་ལ་རང་ལས་ངེས་ཀྱི་མངོན་སུམ་གྱི་ཚད་མ་མིན་ཏེ། དེ་རང་མཚན་ལ་ངེས་པ་རང་སྟོབས་ཀྱིས་མི་འདྲེན་པའི་ཕྱིར། ཞེས་པས་ཁེགས་སོ། །འོ་ན་ཁ་དོག་འཛིན་པའི་མངོན་སུམ་གྱིས་རེག་བྱ་ཐོབ་པ་ཇི་ལྟར་ཞེ་ན། སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །རྒྱུ་ཆོས་མངོན་སུམ་ཡིན་པར་འཁྲུལ། །ཞེས་གསུངས་སོ། །གཞུང་འདིའི་དོན་ཡང་ཁ་དོག་གི་སྐྱེ་མཆེད་དང༌། རེག་བྱའི་སྐྱེ་མཆེད་ཀྱི་རྣམ་དབྱེ་ཞིབ་མོ་མི་ཤེས་པའི་བླུན་པོ་གནག་རྫི་མོ་ལྟ་བུས་ཁ་དོག་ལས་རང་གི་གཞིར་རེག་བྱ་དཔོག་པའི་རྒྱུ་ཆོས་རྗེས་དཔག་གི་རྟགས་ལ་རྟེན་པའི་རྗེས་དཔག་ལ་མངོན་སུམ་དུ་འཁྲུལ་པ་ཙམ་ཡིན་གྱི། དེ་དེ་ལ་མངོན་སུམ་མ་ཡིན་ཏེ། གལ་ཏེ་ཡིན་ན་མེའི་རེག་བྱ་ཆོས་ཅན་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ཐལ། གཟུགས་འཛིན་དབང་པོའི་མངོན་སུམ་ཚད་མ་དེ་ཁྱོད་ལ་མངོན་སུམ་ཡིན་པའི་ཕྱིར། །ཞེས་པའོ། །འདིར་ཕྱོགས་སྔ་མས་སྐྱེ་མཆེད་ཀྱི་རྣམ་དབྱེ་མ་ཤེས་ཞེས་ཟེར་བ་ནི་གཞུང་གི་དགོངས་པ་མིན་ཏེ། རྣམ་པར་ངེས་པའི་ཊཱི་ཀ་ལས། སྐྱེ་མཆེད་ཀྱི་རྣམ་པར་དབྱེ་བ་ཤེས་པ་ཞིབ་མོ་དག་ལ་རེས་འགའ་རྗེས་སུ་དཔག་པ་དེ་འདྲ་བས་ཐེ་ཚོམ་སེལ་བ་སྲིད་པར་དགོངས་ནས། ཚོགས་པ་གཅིག་ལ་རག་ལས་པའི། །ཞེས་གསུང་བར་ཟད་ཀྱི་དེ་ལྟར་མི་དཔྱོད་པ་ལ། གཟུགས་འཛིན་པས་རེག་པ་ཚད་མའི་ཡུལ་དུ་མི་བྱེད་པ་ནི་མིན་ཏེ། ཞེས་གསུངས་ལ། དེ་ལྟར་ན་གཞན་གྱིས་བཏགས་ཟིན་འཐག་པ་ལ་དགོས་པ་མེད་པའི་ཕྱིར། ཕྱོགས་སྔ་མ་འགོག་བྱེད་ཀྱི་རིགས་པ་འདིའི་ནུས་པ་ཅི་ཞེ་ན། མེའི་རེག་བྱ་ཆོས་ཅན། མེའི་ཁ་དོག་འཛིན་པའི་མིག་ཤེས་དེ་ཁྱོད་ལ་རང་ལས་ངེས་ཀྱི་མངོན་སུམ་ཚད་མ་མིན་ཏེ། མིག་ཤེས་དེ་དང་ལྡན་པའི་གང་ཟག་གི་ངོར་རྟགས་ཡང་དག་གི་བསྒྲུབ་བྱར་སོང་བའི་ཕྱིར་ཞེས་པའོ། །རང་གི་ལུགས་འཇོག་པ་ན་འདི་ལྟར་འཆད་དགོས་ཏེ། དོན་དེ་ལ་རང་ལས་ངེས་ཀྱི་མངོན་སུམ་ཚད་མ་ཡིན་ན་དོན་དེ་ལ་མངོན་སུམ་ཡིན་དགོས་ལ། དེ་ལ་གཞན་ལས་ངེས་ཀྱི་མངོན་སུམ་ཚད་མ་ཡིན་ན་དེ་ལ་མངོན་སུམ་ཡིན་མི་དགོས་ཏེ། མེའི་ཁ་དོག་འཛིན་པའི་མིག་ཤེས་མེ་ལ་བཞིན་ནོ། །གཉིས་པ་མངོན་སུམ་ཚད་མ་ཡིན་པ་ལ་མིན་པའི་ལོག་རྟོག་དགག་པ་ནི། ཇི་སྐད་དུ། རྟོག་པ་ཡུལ་དུས་རྣམ་པ་ལ། །འཁྲུལ་པས་མངོན་སུམ་འགོག་ཅེས་ཟེར། །རྟོག་པ་འཁྲུལ་ཡང་དབང་ཤེས་ལ། །མི་སྒྲིབ་སྔོན་འཛིན་ཚད་མ་བཞིན། །འགའ་ཞིག་ཡིན་མིན་མཚུངས་ཞེས་ཟེར། །མཚུངས་མིན་ཡུལ་ཐ་དད་ཕྱིར་རོ། །ཞེས་གསུངས་ཏེ། འདིའི་ཕྱོགས་སྔ་མ་ནི་ཁྱུང་རིན་ཆེན་གྲགས་ཡིན་པར་བཤད་ལ། དེ་ལྟ་མོད་ཀྱི་ཚད་མ་ལ་སྒྲོ་འདོགས་གཅོད་པས་ཁྱབ་པར་འདོད་པ་ཐམས་ཅད་ཀྱི་ལུགས་སོ། །གཉིས་པ་རྗེས་དཔག་ལ་ལོག་རྟོག་དགག་པ་ལ་ཡིན་པ་ལ་མིན་པའི་ལོག་རྟོག་དགག་པ་དང༌། མིན་པ་ལ་ཡིན་པའི་ལོག་རྟོག་དགག་པའོ། །དང་པོ་ནི། ཇི་སྐད་དུ། ནོར་བུའི་འོད་ལས་ནོར་བུ་ཉིད། །རྟོགས་པ་རྗེས་དཔག་མིན་ཞེ་ན། །ས་ལུའི་མྱུ་གུས་ས་ལུ་སོགས། །འབྲས་རྟགས་ཕལ་ཆེར་འཁྲུལ་པར་འགྱུར། །ཞེས་གསུངས་སོ། །འདིའི་ཕྱོགས་སྔ་མ་ནི་མེས་ལྷང་ཚེར་ཡིན་པར་འཆད་མོད། ཕྱིས་ཀྱི་རྟོག་གེ་བར་རློམ་པ་ཐམས་ཅད་ཡིན་ཏེ། འདི་སྐད་དུ། ནོར་བུའི་འོད་ཆོས་ཅན། གཞི་འགའ་ཞིག་ཏུ་ནོར་བུ་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མིན་པའི་ཕྱིར། གཞི་དེར་ཁྱོད་ཡོད་པར་ངེས་ནས་གཞི་དེར་ནོར་བུ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བ་མི་སྲིད་པའི་ཕྱིར། གཞི་དེར་ཁྱོད་ཡོད་པར་ངེས་པའི་རྒོལ་བ་ཡིན་ན་གཞི་དེར་ནོར་བུ་ཡོད་པར་ངེས་པའི་རྒོལ་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་ཟེར་རོ། །འོ་ན་དུ་བ་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡོད་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་ཀྱི་སྒྲུབ་བྱེད་དེ་དག་རིམ་པར་ཞུགས་པའི་ཕྱིར། གལ་ཏེ་འོ་ན་དུ་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་ཕྱིར་རྒོལ་བ་ཆོས་ཅན། དུ་ལྡན་གྱི་ལ་མེ་ཡོད་དུ་ངེས་པར་ཐལ། དེར་དུ་བ་ཡོད་པར་ངེས་པའི་རྒོལ་བ་ཡིན་པའི་ཕྱིར། ཞེ་ན། འོ་ན་སྒོ་འགྲམ་གྱི་ནོར་བུའི་འོད་དེ་ཁང་ཕུགས་སུ་ནོར་བུ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་སྒོ་འགྲམ་དུ་ནོར་བུ་ཡོད་པར་ཚད་མས་ངེས་པར་ཐལ། དེར་ནོར་བུའི་འོད་ཡོད་པར་ཚད་མས་ངེས་པའི་ཕྱིར། ཡང་གལ་ཏེ། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་མིན་ཏེ། ནོར་བུའི་འོད་ཡོད་པར་ངེས་ནས་ནོར་བུ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བ་མི་སྲིད་པའི་ཕྱིར་ཞེ་ན། འོ་ན་གཅིག་ཤོས་ལ་ཡང་དེར་ཐལ། དུ་བ་ཡོད་པར་ངེས་ནས་མེ་ཡོད་མེད་ཐེ་ཚོམ་ཟ་བའི་རྒོལ་བ་མེད་པའི་ཕྱིར། འོ་ན་ཕྱོགས་ཆོས་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ་ཞེ་ན། འོ་ན་གཅིག་ཤོས་ལ་ཡང་དེར་འགྱུར་རོ། །འོ་ན་ནོར་བུ་མ་ངེས་པར་ནོར་བུའི་འོད་ཇི་ལྟར་ངེས་ཞེ་ན། འོ་ན་མེ་མ་ངེས་པར་དུ་བ་ཇི་ལྟར་ངེས། དུ་ལྡན་གྱི་ལ་ལའོ་ཞེ་ན། འོ་ན་ཁང་ཕུགས་ཀྱི་ནོར་བུའི་འོད་སྒོ་གསེབ་ཏུ་བྱུང་བ་དེའི་ཚེ། སྒོ་གསེབ་དུའོ། །གལ་ཏེ་དེར་དེ་མི་ངེས་ཏེ་ནོར་བུ་ལས་བྱུང་བར་མ་ངེས་ན། ནོར་བུའི་འོད་དུ་མི་ངེས་པས་སོ་ཞེ་ན། །འོ་ན་དེ་གཅིག་ཤོས་ལའང་མཚུངས་ཏེ། མེ་ལས་བྱུང་བར་མ་ངེས་ན་དུ་བར་མི་ངེས་པས་སོ། །གལ་ཏེ་མེ་མ་ངེས་ཀྱང་དུ་བའི་མཚན་ཉིད་དང་ལྡན་པར་ངེས་པས་དུ་བར་ངེས་སོ་ཞེ་ན། འོ་ན་གཅིག་ཤོས་ལ་ཡང་དེར་མ་ངེས་ཀྱང་ནོར་འོད་ཀྱི་མཚན་ཉིད་དང་ལྡན་པར་ངེས་དེར་ངེས་སོ། །དེ་མ་ངེས་པར་དེའི་མཚན་ཉིད་དུ་ངེས་པ་མི་སྲིད་དོ་ཞེ་ན། འོ་ན་མེ་མ་ངེས་པར་དུ་བའི་མཚན་ཉིད་ངེས་པ་ཡང་མི་སྲིད་དོ། །དེ་བས་ན་དུ་བའི་རྟགས་ཀྱི་ལ་མེ་ལྡན་དུ་བསྒྲུབ་པ་དེའི་ཚེ། རྟགས་སུ་བཟུང་བྱ་དུ་བ་དེ་མེའི་འབྲས་བུར་ངེས་ཟིན་པའི་ངོར་སྒྲུབ་དགོས་པ་ཡིན་ཏེ། འབྲེལ་བ་མི་ཤེས་པའི་ངོར་གཏན་ཚིགས་ཡང་དག་ཏུ་མི་རུང་བའི་ཕྱིར། དེ་བཞིན་དུ་རྟགས་སུ་བཟུང་བྱ་ནོར་བུའི་འོད་དེ་ནོར་བུ་ལས་བྱུང་བར་ཚད་མས་ངེས་ཟིན་པའི་རྒོལ་བ་ཞིག་གི་ངོར། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འགྱུར་བ་ཡིན་པས་འདི་ལ་འཁྲུལ་པར་མི་བྱའོ། །གཉིས་པ་མིན་པ་ལ་ཡིན་པའི་ལོག་རྟོག་སེལ་བ་ནི། ཇི་སྐད་དུ། རྟགས་དང་བསྒྲུབ་བྱ་འཁྲུལ་ན་ཡང༌། །དོན་དང་ཆ་ལ་ཚད་མ་ཟེར། །དེ་ལྟའི་རྟགས་ལ་ཚུལ་གསུམ་མེད། །གྲུབ་པའི་རྟགས་ཀྱི་ཁྱད་པར་མེད། །ཅེས་གསུངས་སོ། །འདིའི་ཕྱོགས་སྔ་སྨྲ་བ་གཙང་ནག་པ་ཡིན་པར་འཆད་པ་དེ་ལྟར་ཡང་མི་འགལ་མོད། གཙོ་བོ་ནི་རྔོག་ལོ་ཆེན་པོ་ཡིན་ཏེ། རྣམ་པར་ངེས་པའི་ཊཱི་ཀ་ལས། འབྲོག་དགོན་པར་མེ་དོན་དུ་གཉེར་བའི་སྐྱེས་བུས་འཁྲུལ་བའི་རྒྱུ་མཚན་འགའ་ལས། དུ་བ་མཐོང་བས་ཙནྡན་གྱི་མེ་དཔོག་པ་ཡང་མེ་ཙམ་ལ་ཚད་མ་ཡིན་པ་ཁོ་ནའོ། །འོན་ཀྱང་ཙནྡན་གྱི་མེ་ལ་ནི་ཚད་མ་མིན་ནོ། །དེ་བཞིན་དུ་མི་རྟག་པ་དཔོག་པ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །ཞེས་གསུངས་སོ། །དེ་མི་འཐད་པར་བཤད་པ་དེའི་དོན་ནི། དུ་བ་དང་ལྡན་པའི་ལ་ལ་ཙནྡན་གྱི་མེ་བསྒྲུབ་པ་ལ་དུ་བ་ཡོད་པ་རྟགས་སུ་བཀོད་པའི་ཚེ། དུ་བའི་རྟགས་ཀྱིས་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་རྟེན་གཏན་ཚིགས་ཡང་དག་ཡོད་པར་ཐལ། ཁྱོད་རྗེས་དཔག་ཡིན་པའི་ཕྱིར་འདོད་ན། དུ་བ་ཙནྡན་གྱི་མེའི་འབྲས་བུར་འགྱུར་རོ། །གལ་ཏེ་དེ་དེའི་གཏན་ཚིགས་མིན་ཀྱང༌། དུ་ལྡན་མེ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་ལ་བརྟེན་ནོ་ཞེ་ན། འོ་ན་ཙནྡན་གྱི་མེ་དང༌། རྟག་པའི་མེ་ཞེས་སོགས་ཀྱི་ཁྱད་པར་སྦྱར་བ་ལ་དགོས་པ་མེད་པར་འགྱུར་ཏེ། རྟེན་གཏན་ཚིགས་ཀྱི་ཁྱད་པར་དང་བརྟེན་པ་རྗེས་དཔག་གི་འཛིན་སྟངས་གཉིས་ཀ་ལ་ཁྱད་པར་དེ་འདྲ་མ་ཚང་བའི་ཕྱིར། ཚང་ན་ནི་ཙནྡན་གྱི་མེ་དང་རྟག་པའི་མེ་ཡོད་པར་ཧ་ཅང་ཐལ་ལོ། །དེ་ལྟ་ན་ཡང་འདི་དཔྱད་དཀའ་བ་ཡིན་ཏེ། བཀོད་ཚོད་ལ་དུ་བ་དང་ལྡན་པའི་ལ་ལ་ཙནྡན་གྱི་མེ་ཡོད་པར་བསྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་ཀྱང་ཚུལ་གསུམ་དྲན་ལམ་དུ་འཕངས་ནས་རྗེས་དཔག་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། འོ་ན་དེ་བཀག་པ་ཅི་ཞེ་ན། ཙནྡན་གྱི་མེ་རློམ་ཚོད་ཀྱི་བསྒྲུབ་བྱའི་ཆོས་དང༌། རྟག་པའི་མེ་རློམ་ཚོད་ཀྱི་བསྒྲུབ་བྱའི་ཆོས་སུ་འཇོག་པ་འགོག་པ་ཡིན་ཏེ། རྟགས་ཡང་དག་ཡིན་ན་རློམ་ཚོད་ཀྱི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་དགོས་པའི་ཕྱིར། དེ་ལྟ་ན་ཡང་ཡན་ལག་ཅན་རྫས་གཞན་གྱི་ལ་ལ་རྟག་པའི་མེ་ཡོད་པར་བསྒྲུབ་པ་ལ་དོན་དམ་པའི་དུ་བ་ཡོད་པ་རྟགས་སུ་བཀོད་པའི་ཚེ་ན། སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་དང་བསྒྲུབ་བྱ་ཡང་དག་ཡོད་པར་ནི་ཁས་ལེན་དགོས་ཏེ། ཇི་སྐད་དུ། ཆོས་ཅན་རྟག་པའི་གཞན་སེལ་ཡིན། །ཞེས་དང༌། བསྒྲུབ་བྱའི་མཚན་གཞི་དངོས་པོའམ། །རྟགས་པར་ཕྱེ་སྟེ་བསྒྲུབ་པ་འཁྲུལ། །སྒྲའི་དོན་ལ་རང་མཚན་དུ། །འཁྲུལ་པའི་གཞན་སེལ་ཁོ་ན་ཡིན། །ཞེས་གསུངས་སོ། །འདིར་དོན་ནི་འདི་ཡིན་ཏེ། བྱེ་བྲག་པ་ལྟ་བུ་རྟག་དངོས་སྨྲ་བས་དེ་ལྟར་བཀོད་པ་ཚེ་ནི་རློམ་ཚོད་རྟག་པའི་མེ་དང་དོན་དམ་པའི་དུ་བ་སོགས་ཡིན་པས་ཚུལ་གསུམ་ཚང་བའི་སྐབས་མི་སྲིད་ལ། སངས་རྒྱས་པས་བྱེ་བྲག་པའི་ངོར་དེ་ལྟར་བཀོད་པའི་ཚེ་ནི་རློམ་ཚོད་མེ་དང་དུ་བ་ཙམ་ཡིན་པས་ཚུལ་གསུམ་ཚང་བའི་སྐབས་སྲིད་པའི་ཁྱད་པར་ཕྱེད་དགོས་པ་དང༌། སངས་རྒྱས་པས་གྲངས་ཅན་གྱི་ངོར་སྒྲ་མི་རྟག་པ་ཆོས་ཅན་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པའི་ཚེ། རློམ་ཚོད་ལ་ཆོས་ཅན་གྱི་ངོ་བོ་སྒྲུབ་པ་རྟགས་ཡང་དག་ཏུ་འགྲོ་དགོས་པར་བྱ་བས་སོ། །འདི་དག་ལ་རྩོད་པ་སྤང་བའི་ཚུལ་རྒྱས་པར་བཤད་ཟིན་ཏོ།། །།བཞི་པ་མཚན་གཞིའི་སྟེང་དུ་མཚན་ཉིད་དང་མཚོན་བྱ་ངེས་བྱེད་ཀྱི་ཚད་མ་བཤད་པ་ལ། རང་གི་འདོད་པ་མདོར་བསྡུས་ཏེ་ངོས་བཟུང༌། གཞན་གྱི་འདོད་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང༌། སོ་སོའི་དོན་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། མཚན་གཞིའི་སྟེང་དུ་མཚན་ཉིད་ངེས་བྱེད་དང༌། མཚོན་བྱའི་ཐ་སྙད་ངེས་བྱེད་དོ། །དང་པོ་ལ་གཉིས་ཏེ། རིག་པ་ཙམ་ངེས་བྱེད་དང༌། མི་བསླུ་བར་ངེས་བྱེད་དོ། །དང་པོ་ནི། རང་ལས་ངེས་པ་དང༌། གཞན་ལས་ངེས་པ་གཉིས་མེད་དེ། ཚད་མ་ཡིན་ན་རང་གི་ངོ་བོ་རིག་ཙམ་ལ་ངེས་པ་རང་ལས་འདྲེན་པས་ཁྱབ་པའི་ཕྱིར། ཞེས་སྟོན་པ་ནི། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའོ། །གཉིས་པ་ནི། འོ་ན་མི་བསླུ་བར་ངེས་བྱེད་ཡང་རང་ཁོ་ན་ལས་སམ་ཞེ་ན། མིན་ཏེ། དེར་ཐ་སྙད་ལས་ངེས་དགོས་པ་ཡང་ཡོད་པའི་ཕྱིར་ཞེས་འཆད་པ་ནི། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་སྟེ། ཚད་མའི་དོན་ཐ་སྙད་ལས་ངེས་དགོས་ཞེས་པའོ། །ཐ་སྙད་འདི་ལ་གཉིས་ཏེ། ཚད་མ་རང་གིས་དྲངས་པའི་ཐ་སྙད་དང༌། ཚད་མ་གཞན་གྱིས་དྲངས་པའི་ཐ་སྙད་དོ། །ཐ་སྙད་འདྲེན་བྱེད་ཀྱི་ཚད་མ་དེ་ལའང་གཉིས་ཏེ། ཚད་མ་རང་དང་གཞན་ནོ། །གཉིས་པ་ནི། འོ་ན་མཚན་གཞི་སྟེང་དུ་མཚོན་བྱ་ཚད་མའི་ཐ་སྙད་དེ་ཡང་ཚད་མ་རང་ངམ། ཚད་མ་གཞན་གྱིས་དྲངས་པའི་ཐ་སྙད་ལས་ངེས་པར་ནུས་སམ་ཞེ་ན། མིན་ཏེ། བསྟན་བཅོས་སུ་ཚད་མའི་མཚན་ཉིད་བསྟན་པ་ལས་སོ་ཞེས་སྟོན་པ་ནི། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཞེས་པའོ། །མདོར་ན་མཚན་ཉིད་མི་བསླུ་བ་ངེས་བྱེད་ནི། ཚད་མ་དྲངས་པའི་ངེས་བྱེད་ཡིན་ལ། མཚོན་བྱ་ཚད་མའི་ཐ་སྙད་ངེས་བྱེད་ནི་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རྗེས་དཔག་ཁོ་ན་ཡིན་ནོ།། །།གཉིས་པ་ལ་ལུང་ཁུངས་བསམ་པ་དང༌། ཚད་མ་གཉིས་ཀྱི་མཚན་ཉིད་བཞག་པ་དང༌། མཚན་གཞི་ངོས་བཟུང་སྟེ་དེའི་ལུང་ཁུངས་བསམ་པའོ། །དང་པོ་ནི། ཚད་མ་ལ་རང་ངེས་དང་གཞན་ངེས་གཉིས་སུ་འབྱེད་པ་འདི་ལ། མདོ་དང་སྡེ་བདུན་གྱི་ཁུངས་གསལ་པོ་མེད་ཅིང༌། འགྲེལ་པ་བྱེད་པ་དག་གིས་ཀྱང་དེ་གཉིས་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང༌། སོ་སོའི་མཚན་ཉིད་དང༌། མཚན་གཞི་འདི་ཡིན་ཞེས་གསལ་བར་ཕྱེ་བ་མེད་དོ། །ཁྱད་པར་དུ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་ཚིག་རྐང་པ་གཉིས་ཀྱིས་རང་ངེས་དང་གཞན་ངེས་སོ་སོར་བཤད་པར་འདོད་པ་ནི། ཚད་ལྡན་སུས་ཀྱང་བཤད་པ་མིན་ཞིང༌། སྤྱིར་ཡང་རུང་བ་མིན་ནོ། །འོ་ན་སྡེ་བདུན་མཛད་པའི་གཞུང་ལས་དེ་གཉིས་ཀྱི་ཁུངས་གསལ་བར་མ་བཤད་མོད། དེ་གཉིས་སུ་འབྱེད་པ་གཞུང་གི་དགོངས་པར་མི་རུང་ངམ་ཞེ་ན། མི་རུང་བ་ནི་མིན་ཏེ། ཐ་སྙད་ལས་ནི་མི་བསླུ་ཉིད། །ཅེས་པའི་དོན་སློབ་དཔོན་ཆོས་མཆོག་གིས་གསལ་བར་བཤད་པ་ལྟར་འཆད་པ་གཞུང་གི་དགོངས་པར་ངེས་པའི་ཕྱིར། དེས་ཇི་ལྟར་བཤད་ཅེ་ན། འདིར་མི་བསླུ་བའི་དོན་ནི་དོན་ཐོབ་པ་ཡིན་ལ། ཐོབ་པའི་དོན་ཡང་སྐྱེས་བུས་ལག་པས་ཐོབ་པ་ལྟ་བུ་མིན་གྱི། དོན་དེ་ལ་འབྲེལ་པའོ། །དེའི་དོན་ཡང་འཇུག་ཡུལ་གྱི་དོན་དེ་མེད་ན་ཚད་མ་རང་ཉིད་ཀྱིས་འབྱུང་བའོ། །དེ་ལ་ངེས་པ་ཚད་མ་རང་ཉིད་ཀྱིས་འདྲེན་པ་ནི་རང་ལས་ངེས་སོ་རང་ཉིད་ཀྱིས་ངེས་པ་མི་འདྲེན་པར་ཚད་མ་གཞན་བརྒྱུད་ནས་འདྲེན་དགོས་པ་ནི་གཞན་ལས་ངེས་སོ། །དེ་ཡང་དཔེར་ན་སྔོན་པོ་འཛིན་པའི་མངོན་སུམ་གྱིས་སྔོན་པོ་ལ་ངེས་པ་རང་ཉིད་ཀྱི་འདྲེན་པ་དང༌། དེའི་སྐད་ཅིག་མ་ཚད་མ་གཞན་ལས་ངེས་དགོས་པ་ལྟ་བུའོ། །དེ་གཉིས་ཀ་ཡང་ཡུལ་དེ་དང་དེ་ལ་མི་བསླུ་བ་ཡིན་པ་ཉིད་དུ་ནི་ཁྱད་པར་མེད་དོ་ཞེས་བཤད་དོ། །དེ་ལྟར་འཆད་པ་དེའི་རྗེས་སུ་འབྲངས་ནས་བཤད་དགོས་པ་ཡིན་ཏེ། རིགས་གཏེར་མཛད་པས་སློབ་དཔོན་ཆོས་མཆོག་གི་ལུགས་འདི་ཉིད་སོར་བཞག་ནས། ཚད་མ་གཉིས་ཀྱི་རྣམ་པར་བཞག་པ་རྒྱས་པར་མཛད་པ་ཡིན་གྱི། དེ་ལས་གཞན་པའི་འགྲེལ་བྱེད་སུའི་ལུགས་དང་ཡང་མཐུན་པར་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི། འདིར་ཚད་མ་གཉིས་འཇོག་པའི་ཡུལ་གྱི་གཙོ་བོ་ནི་འཇུག་ཡུལ་ལ་བྱ་དགོས་པ་ཡིན་ཏེ། མི་བསླུ་བར་ངེས་བྱེད་འཆད་པའི་སྐབས་ཡིན་པའི་ཕྱིར། དེས་ན་ཚད་མ་གང་ཞིག རང་གིས་བཅད་པ་དང་མཐུན་པའི་འཇུག་ཡུལ་གྱི་དོན་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ་བཅད་པ་དང་མཐུན་པའི་འཇུག་ཡུལ་གྱི་དོན་དེ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་མཚན་ཉིད། དེ་ནི་དཔེར་ན་ཚུར་རོལ་མཐོང་བའི་སྔོན་འཛིན་མངོན་སུམ་སྔོན་པོ་ལ་དེར་སོང་བ་ལྟ་བུའོ། །ཚད་མ་གང་ཞིག་རང་གིས་བཅད་པ་དང་མཐུན་པའི་འཇུག་ཡུལ་གྱི་གཙོ་བོ་དེ་ལ་ཚད་མ་གཞན་རྒྱུད་ནས་ངེས་པ་འདྲེན་དགོས་པ་དེ་བཅད་པ་དང་མཐུན་པའི་འཇུག་ཡུལ་གྱི་དོན་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་མཚན་ཉིད་དཔེར་ན། མངོན་སུམ་དེ་སྔོན་པོའི་སྐད་ཅིག་མ་ལ་གཞན་ལས་ངེས་སུ་སོང་བ་ལྟ་བུའོ། །དེ་སྒྲུབ་པ་ནི། སྔ་མ་དེ་ཆོས་ཅན་སྔོན་པོ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཡང་དེ་ཆོས་ཅན་སྔོན་པོའི་སྐད་ཅིག་མ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་དེ་ལ་ངེས་པ་འདྲེན་པ་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་གཞན་ཞིག་བརྒྱུད་དགོས་པའི་ཕྱིར། གལ་ཏེ་དེ་ལྟ་ཡིན་པའི་དེ་ཚེ། གང་ལ་གསར་རྟོགས་སུ་སོང་བའི་གཞལ་བྱ་དང༌། རང་ངེས་དང་གཞན་ངེས་སུ་སོང་བའི་འཇུག་ཡུལ་དོན་གཅིག་པ་ཡིན་ནམ་ཞེ་ན། རགས་པའི་རྣམ་བཞག་ལ་གཅིག་པ་དང་མི་གཅིག་པ་གཉིས་ཀ་ཡོད་པ་ཡིན་ཏེ། སྔོན་པོ་རང་མཚན་དེ་གོམས་པ་ཅན་གྱི་སྔོ་འཛིན་མངོན་སུམ་གྱི་གཞལ་བྱ་དང་འཇུག་ཡུལ་གཉིས་ཀ་ཡིན་པ་ལྟ་བུ་དང༌། སྒྲ་མི་རྟག་པའི་དོན་སྤྱི་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་གཞལ་བྱ་ཡིན་ཀྱང༌། རང་ངེས་སུ་སོང་སའི་འཇུག་ཡུལ་མིན་པ་ལྟ་བུའོ། །དེ་ནི་རང་ངེས་གཞིར་བྱས་པ་ཡིན་ལ། གཞལ་ལས་ངེས་པ་ལའང་སྣང་བ་དང་སྤྱི་ནི་གསར་དུ་རྟོག་པའི་གཞལ་བྱ་ཡིན་ལ། བདེན་པ་དང་ཁྱད་པར་ནི་གཞན་ངེས་སུ་སོང་སའི་འཇུག་ཡུལ་ཁོ་ན་ཡིན་གྱི། དེས་དེ་རྟོགས་པ་མེད་དོ། གཉིས་པ་ཞིབ་མོར་ཕྱེ་བའི་རྣམ་གཞག་ལ་རྟོགས་པ་དང་ཐོབ་པའི་གཞལ་བྱ་གཞི་གཅིག་ལ་འདུ་བ་ནི་རང་རིག་མངོན་སུམ་ཁོ་ནར་ངེས་ཀྱི་ཕྱི་རོལ་དོན་ལ་མངོན་སུམ་རྣམས་དོན་གྱི་རྣམ་པ་རྟོགས་པ་ཡོད་ཀྱི། དོན་རྟོགས་པ་མེད་པའི་ཕྱིར་དོན་ནི་འཇུག་ཡུལ་ཁོ་ནའོ། །དེ་ལ་སྣང་ཚུལ་རགས་པ་དང༌། གནས་ཚུལ་རྡུལ་ཕྲན་གཉིས་ལས། དང་པོ་ལ་རང་ལས་ངེས་སུ་སོང་བ་སྲིད་པ་ཡིན་གྱི། གཉིས་པ་ལ་ནི་གཞན་ལས་ངེས་ཁོ་ན་ཡིན་ཏེ། རྟགས་ལས་ངེས་ན་རྗེས་དཔག་སྲིད། །ཅེས་གསུངས་སོ། །འོ་ན་དངོས་མེད་རྟོགས་པའི་རྗེས་དཔག་རྣམས་ལ་རང་ལས་ངེས་ཀྱི་ཚད་མར་སོང་སའི་འཇུག་ཡུལ་རང་མཚན་ཇི་ལྟར་ཡོད་སྙམ་ན། མེ་དོན་གཉེར་གྱི་སྐྱེས་བུའི་རྒྱུད་ཀྱི་ཀེང་ཤུ་ཀའི་ཕུང་པོ་ཚ་ཞིང་བསྲེག་པ་མིན་པར་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་མེ་རང་མཚན་ཡིན་པ་ལྟ་བུའོ། །དེ་ཆོས་ཅན་ཀེང་ཤུ་ཀའི་ཕུང་པོ་ཚ་ཞིང་བསྲེག་པ་མིན་པ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་གསར་དུ་རྟོགས་པ་གང་ཞིག་ཀེང་ཤུ་ཀའི་ཕུང་པོ་དེ་མིན་པར་བཅད་པ་དང་མཐུན་པའི་འཇུག་ཡུལ་གི་གཙོ་བོ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འོ་ན་དེའི་བཅད་པ་དང་མཐུན་པའི་འཇུག་ཡུལ་གང་ཞེ་ན། མེ་རང་མཚན་དེའོ། །འོ་ན་དེ་དེའི་འཇུག་ཡུལ་ཡིན་པའི་རྒྱུ་མཚན་ཅི་ཡིན་བཅད་པ་དང་ཇི་ལྟར་མཐུན་ཞེ་ན། དེ་ཆོས་ཅན་ཚད་མ་དེའི་འཇུག་ཡུལ་གྱི་གཙོ་བོ་ཡིན་ཏེ། ཚད་མ་དེ་རྒྱུད་ལ་ལྡན་པའི་གང་ཟག་གི་དོན་དུ་གཉེར་བྱ་གང་ཞིག་སྐྱེས་བུ་དེས་ཁྱོད་ལ་འཇུག་པའི་ཕྱིར་དུ་ཚད་མ་དེ་རྒྱུད་ལ་སྐྱེས་པ་ཡིན་པའི་ཕྱིར་བཅད་པ་དང་མཐུན་པ་ཡང་ཡིན་ཏེ། མེ་མ་ཡིན་ཐམས་ཅད་ཚ་ཞིང་བསྲེག་པ་ཡིན་པར་ཡོངས་སུ་གཅོད། བྱེད་ཀྱི་ཚད་མ་དེ་དང་ཚ་ཞིང་བསྲེག་པ་ཐམས་ཅད་མེར་རྟོགས་པའི་ཚད་མ་གཉིས་པོ་གཞལ་བྱའི་དོན་གཅིག་ལ་འདུ་བ་གང་ཞིག ཚད་མ་དེ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས་མེ་རང་མཚན་ངེས་པའི་ངེས་ཤེས་དོན་མཐུན་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཡང་མེ་རང་མཚན་དོན་དུ་མི་གཉེར་བར་ཀེང་ཤུ་ཀའི་ཕུང་པོ་མེ་ཡིན་མིན་ཐེ་ཚོམ་ཟ་བ་ལ་ཚ་ཞིང་བསྲེག་པ་མིན་པའི་རྟགས་ཀྱིས་ཕུང་པོ་དེ་མེ་མིན་པར་རྟོགས་པའི་རྗེས་དཔག་སྐྱེས་པ་དེའི་ཚེ། རྗེས་དཔག་དེ་ཆོས་ཅན་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། གཞལ་བྱ་གསར་དུ་རྟོགས་པ་གང་ཞིག་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འོ་ན་འདི་ལ་འཇུག་ཡུལ་ཇི་ལྟར་ཡོད་ཅེ་ན། དེའི་ཚེ་འཇུག་ཡུལ་རང་མཚན་པ་མེད་ཀྱང་བསྒྲུབ་བྱ་མེད་དགག་དེ་ཉིད་དེའི་འཇུག་ཡུལ་བཏགས་པ་བ་ཡིན་ནོ་ཞེས་པའམ། ཡང་ན་དེའི་དུས་ཀྱི་བསྒྲུབ་བྱ་རྟོགས་པའི་ཤེས་རྣམ་དེ་ཉིད་བཅད་པ་དང་མཐུན་པའི་འཇུག་ཡུལ་ཡིན་ཞེས་ཁས་བླངས་པར་བྱའོ། །འོ་ན་དེ་དེའི་འཇུག་ཡུལ་ཡིན་པའི་རྒྱུ་མཚན་ཅི། བཅད་པ་དང་ཇི་ལྟར་མཐུན་ཞེ་ན། དེ་མེ་མིན་པར་རྟོགས་པའི་ཤེས་རྣམ་ཆོས་ཅན། ཀེང་ཤུ་ཀའི་ཕུང་པོ་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒོལ་བ་དེའི་འཇུག་ཡུལ་ཡིན་ཏེ། དེའི་དོན་དུ་གཉེར་བྱའི་གཙོ་བོར་གྱུར་པའི་དོན་རང་མཚན་ཡིན་པའི་ཕྱིར། བཅད་པ་དང་ཡང་མཐུན་པ་ཡིན་ཏེ། དེ་ལྟར་བཅད་པས་ཤེས་པ་དེ་ངེས་པར་སྐྱེ་བའི་ཕྱིར་རོ། །རྣམ་གྲངས་གཉིས་པ་འདི་ནི་ཚད་མ་ཆོས་མཆོག་དང་རིགས་པའི་གཏེར་ན་མི་བཞུགས་ཀྱང༌། ཅུང་ཟད་ལྷ་དབང་བློ་དང་བསྟུན་པ་ཡིན་ནོ། །འོ་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཡང་གཞན་ལས་ངེས་ཀྱི་ཚད་མར་འགྱུར་ཏེ། རང་གི་ངོ་བོ་བཅད་པའི་ཚད་མ་གང་ཞིག བཅད་པ་དང་མཐུན་པའི་ནོར་བུ་རང་མཚན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར་ཞེ་ན། གང་ལོག་ཤེས་ཡིན་ན་བཅད་པ་དང་མཐུན་པའི་དོན་ལ་མི་བསླུ་བ་མེད་པས་ཁྱབ་སྟེ། དེ་ཡིན་ན་རང་ཡུལ་ཕྱིན་ཅི་ལོག་ཏུ་བཅད་དགོས་པའི་ཕྱིར། དཔེར་ན་སྒྲ་རྟག་འཛིན་གྱི་རྟོག་པ་བཞིན་ནོ། །ཞེས་པའི་རིགས་པ་འདིས་ལན་འདོན་པར་ནུས་སོ། །དེ་ཡང་བཅད་པ་ཞེས་བྱ་བ་དང་རྟོགས་པ་ཞེས་བྱ་བ་ནི་ཚད་མ་ཁོ་ནས་བྱས་པ་ཡིན་གྱི་གཞན་ལ་མེད་དོ། །བཅད་པ་ལའང་གཉིས་ཏེ། གཞན་སེལ་གྱི་སྒོ་ནས་བཅད་པ་དང་རང་གི་ངོ་བོའི་སྒོ་ནས་རྟོགས་པའོ། །མི་བསླུ་བ་ཙམ་ནི་འདི་དང་སྤྱི་འཛིན་རྟོག་པ་ཐམས་ཅད་ལ་ཡོད་དོ། །སྔར་ཚད་མའི་མཚན་ཉིད་འཆད་པའི་སྐབས་སུ་གང་ལ་གསར་རྟོགས་སུ་སོང་བའི་གཞལ་བྱ་དེ་དང༌། གང་ལ་མི་བསླུ་བར་སོང་བའི་འཇུག་ཡུལ་གཉིས་དོན་གཅིག་པས་ཁྱབ་པ་མེད་པར་བཤད་ཟིན་པའི་རིགས་པས་གང་ལ་གསར་རྟོགས་སུ་སོང་བའི་གཞལ་བྱ་དང༌། གང་ལ་རང་ངེས་གཞན་ངེས་སུ་སོང་བའི་འཇུག་ཡུལ་གཉིས་དོན་གཅིག་པས་ཁྱབ་པ་མེད་པར་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པ་འདིས་ནི། དེའི་རིགས་ཅན་གཞན་ཡང་མཚོན་དགོས་ཏེ། དེ་ཡང་གང་ཞེ་ན་བ་ལང་དོན་གཉེར་གྱི་སྐྱེས་བུས་བ་མེན་འཇོ་ཁལ་གྱི་དོན་བྱེད་ནུས་པ་མིན་པར་རྟོག་པའི་ཚད་མ་དང༌། སྒྲ་མི་རྟག་པར་ཤེས་པར་འདོད་པའི་སྐྱེས་བུས་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་དང༌། བུམ་པ་རང་མཚན་དོན་གཉེར་གྱི་སྐྱེས་བུས་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པ་ལ་སོགས་པའི་རིགས་པ་བརྒྱད་ཀྱིས། བུམ་པའི་དོན་སྤྱི་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལ་སོགས་པ་རྣམས་སོ། །དེ་དག་ཀྱང་ཆོས་ཅན་རང་གང་ལ་ཚད་མར་སོང་བའི་གཞལ་བྱ་དེ་དང་དེ་ལ་རང་ལས་ངེས་ཀྱི་ཚད་མར་སོང་བ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་རང་གིས་བཅད་པ་དང་མཐུན་པའི་འཇུག་ཡུལ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ཡིན་པའི་ཕྱིར། འཇུག་ཡུལ་གྱི་གཙོ་བོ་ཤེས་རྣམ་དེ་ཉིད་ཡིན་པའམ་བ་ལང་རང་མཚན་ལ་སོགས་པ་རྣམས་སོ། །འོ་ན་རྗེས་དཔག་མཐའ་གཅིག་ཏུ་རང་ལས་ངེས་སུ་བཤད་པ་དང༌། ཚུལ་གསུམ་གང་རུང་འཇལ་བའི་རྗེས་དཔག་གིས་དྲངས་པའི་རྟགས་འཛིན་སེམས་ཀྱི་འཇུག་ཡུལ་དང༌། དེས་དྲངས་པའི་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་དོན་གཅིག་པར་འདོད་པ་ཇི་ལྟར་མི་འགལ་ཞེ་ན། འཇུག་ཡུལ་མཚན་ཉིད་པ་རང་མཚན་ལའང་གཉིས་ཏེ། ཚད་མར་སོང་སའི་འཇུག་ཡུལ་དང༌། མཐར་ཐུག་གི་འཇུག་ཡུལ་ལོ། །རྟགས་འཛིན་སེམས་བསྒྲུབ་བྱ་ལ་མི་བསླུ་བར་བཤད་པ་དེ་ནི་མཐར་ཐུག་གི་འཇུག་ཡུལ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་ནུས་པས་ཁྱབ་པ་ལ་དགོངས་ལ། བཤད་མ་ཐག་པ་དེ་ནི་ཚད་མར་སོང་སའི་འཇུག་ཡུལ་རང་མཚན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་ལ་བཤད་པའི་ཕྱིར་མི་འགལ་ལོ། །མདོར་ན་རང་ངེས་གཞན་ངེས་ཀྱི་འཇོག་མཚམས་ཀྱི་མཚན་ཉིད་མི་བསླུ་བ་ལ་ངེས་པ་འདྲེན་ཚུལ་ལས་ཕྱེ་བ་དང༌། མི་བསླུ་བའི་དོན་ཡང་འཇུག་ཡུལ་གྱི་དོན་རང་མཚན་དེ་མེད་ན། ཚད་མ་རང་ཉིད་མི་འབྱུང་བས་ཁྱབ་པ་ལ་བྱེད་དགོས་པ་དང༌། དེ་ཡང་མཚན་མ་མངོན་རྗེས་གཉིས་ཀ་ལ་ཁྱད་པར་མེད་པ་འདི་ནི་རིགས་པ་མཁྱེན་པའི་དགོངས་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་ངེས་པ་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །འབྲེལ་པ་ཡི་ནི་རང་བཞིན་འདི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཤེས་དང་འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད། །ཅེས་དང༌། དོན་གང་མ་འབྲེལ་སྙམ་པའི་དོགས་པ་ཁོང་ནས་བསླངས་ནས། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན་ཞེས་གསུངས་ཤིང༌། དེའི་རང་འགྲེལ་དུ་དངོས་པོའི་རང་བཞིན་ལ་མི་བསླུ་བ་ཉིད་ནི་འདིའི་ཡང་ཚད་མ་ཡིན་ནོ་ཞེས་གསུངས་ཤིང༌། འོ་ན་སློབ་དཔོན་གྱིས་གཞལ་བྱ་རང་སྤྱི་གཉིས་སུ་གསུངས་པ་དང་འགལ་ལོ་སྙམ་པའི་དོགས་པ་ཁོངས་ནས་བསླངས་ནས། དེ་ལྟར་བཤད་པ་དེ་ནི་དམིགས་ཡུལ་ཐ་དད་པ་ཡིན་གྱི། བྱ་བའི་ཡུལ་ཐ་དད་པ་མིན་ནོ་ཞེས་སྟོན་པའི་དབང་དུ་བྱས་ནས་ཇི་སྐད་དུ། སློབ་དཔོན་གྱིས་ནི་སྣང་བ་ཐ་དད་པས་གཅིག་པ་དེ་མི་འཐད་པའི་ཕྱིར། དོན་གྱི་དབྱེ་བ་བཤད་པ་ཡིན། ཞེས་གསུངས་པས་སོ། །གསུམ་པ་ལ། མཚན་གཞིའི་དབྱེ་བ་དངོས་དང༌། དེའི་ལུང་ཁུངས་བསམ་པའོ། །དང་པོ་ནི། སྤྱིར་ཚད་མ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དང་པོ་ལ་གཉིས་ཏེ། རང་རིག་མངོན་སུམ་དང་དོན་རིག་མངོན་སུམ་མོ། །གཉིས་པ་ལའང་གཉིས་ཏེ། དོན་བྱེད་པར་སྣང་བ་དང༌། དོན་བྱེད་པ་ལ་འཇུག་པའོ། །འཇུག་པ་གཉིས་ཏེ། སྣང་བ་ལ་ངེས་པ་འདྲེན་པ་དང་མི་འདྲེན་པའོ། །དང་པོ་ལའང་གཉིས་ཏེ། གོམས་པ་ཅན་དང༌། དང་པོ་པའོ། །གཉིས་པ་ལའང་གཉིས་ཏེ། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་དང༌། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པའོ། །གཉིས་པ་ནི། སྣང་བ་ཉིད་ཀྱང་གཞན་ལས་ངེས་དགོས་པའོ། །གོམས་པ་ཅན་གཉིས་ཀྱི་དཔེར་བརྗོད་ནི་ཡོངས་སུ་གྲགས་ལ། སྣང་བ་ཉིད་ཀྱང་གཞན་ལས་ངེས་དགོས་པའི་མཚན་གཞི་ནི། ཡིད་མ་གཏད་དང་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་རྣམས་སོ། །དང་པོ་ནི། མཚན་གཞི་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ་ཡིན་ལ། གཉིས་པ་ནི། སྨིག་རྒྱུ་ལ་ཆུར་སྒྲོ་འདོགས་པའི་དུས་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་ལྟ་བུ་དང༌། བྱིས་པའི་རྒྱུད་ཀྱི་མངོན་སུམ་སྐད་ཅིག་མ་ལ་ལྟ་བུའོ། །དོན་དེ་དག་ཐུགས་ལ་ཉེ་བར་བཞག་ནས། ཇི་སྐད་དུ། དོན་རིག་གཉིས་དང་རང་རིག་དང༌། །རྗེས་སུ་དཔག་རྣམས་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་གསུངས་སོ། །གཉིས་པ་ལ། ལུང་ཁུངས་བཤད་པ་དངོས་དང༌། མཚན་གཞི་དེ་དག་སོ་སོར་ཚད་མ་གཉིས་སུ་སྒྲུབ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཇི་སྐད་དུ། ཚད་མ་ཆོས་མཆོག་ལས། ནུས་པ་ངེས་པ་ཡང་རྗེས་སུ་དཔག་པ་དང་དོན་བྱེད་པར་སྣང་བའི་མངོན་སུམ་ནི་རང་ཁོ་ན་ལས་འགྱུར་རོ། །འཇུག་པར་བྱེད་པའི་མངོན་སུམ་ཡང་ལ་ལ་ནི་རང་ཁོ་ན་ལ་སྟེ་འཁྲུལ་པའི་དོགས་པ་མཐའ་དག་བསལ་ནས་རང་བཞིན་གྱི་ཁྱད་པར་ཁོང་དུ་ཆུད་པར་གང་ཡིན་པའོ་ཞེས་པ་ནས་ཐ་སྙད་གོམས་པ་ལས་མཚོན་པའི་ཕྱིར་རོ། །ཞེས་གསུངས་པ་དེ་ནི་རང་ལས་ངེས་ཀྱི་ཚད་མ་གསུམ་གྱི་ཁུངས་སོ། །ཆོས་མཆོག་གིས་རང་རིག་མངོན་སུམ་རང་ལས་ངེས་སུ་བཤད་པ་མི་སྣང་ཡང༌། རང་ལས་རང་གི་ངོ་བོ་རྟོགས། །ཞེས་གསུངས་པ་དེ་ཉིད་ཀྱིས་གྲུབ་པ་ཡིན་ནོ། །ཡང་ཇི་སྐད་དུ། ཆོས་མཆོག་ལས། ལ་ལ་ནི་དོན་མེད་ན་མི་འབྱུང་བ་གཞན་ལ་ངེས་པར་བྱེད་དོ། །ཞེས་མཚམས་སྦྱར་ནས་བདེན་པ་གཞན་ལས་ངེས་དང༌། ཁྱད་པར་གཞན་ལས་ངེས་གཉིས་གསལ་བར་གསུངས་ཤིང༌། སྣང་བ་ཉིད་ཀྱང་གཞན་ལས་ངེས་པ་སྐབས་དེར་མ་གསུངས་མོད། སློབ་དཔོན་ཆོས་མཆོག་འདི་མངོན་སུམ་དུ་བཞེད་མི་བཞེད་རྣམ་པར་དཔྱད་དགོས་པ་ཡིན་ནོ། །རིགས་པའི་གཏེར་ལས་ནི། འདི་ལ་ཡིད་མ་གཏད་དང་འཁྲུལ་རྒྱུ་ཅན་གཉིས་སུ་ཕྱེ་ནས་གཉིས་ཀ་མངོན་སུམ་གྱི་ཚད་མར་བཞེད་པ་ཡིན་ནོ། །འོ་ན་ཇི་སྐད་དུ། དོན་བྱེད་པ་དང་གོམས་པ་ཅན། །རྗེས་སུ་དཔག་པས་ངེས་པར་བྱེད། །ཅེས་བཤད་པ་འདིའི་ཁུངས་གང་ལས་བཙལ་བར་བྱ་ཞེ་ན། གཞུང་དང་རྒྱ་འགྲེལ་ལས་གྲངས་ངེས་གསལ་བར་བཤད་པ་མེད་ཀྱང༌། རྔོག་ལོའི་རྣམ་པར་ངེས་པའི་ཊཱི་ཀ་ལས། ངེས་པར་བྱེད་པ་ཡང་རྣམ་པ་བཞི་སྟེ། རྟགས་ལ་བརྟེན་པའི་རྗེས་སུ་དཔག་པ་དང༌། ལྷན་ཅིག་སྤྱོད་པའི་དོན་གཞན་འཛིན་པའི་མངོན་སུམ་དང༌། བར་དུ་སྐྱེས་པའི་དོན་གྱི་རྣམ་པ་གསལ་པོ་འཛིན་པའི་མངོན་སུམ་དང༌། དོན་བྱེད་པར་སྣང་བའི་མངོན་སུམ་མོ། །ཤེས་པ་བཞི་པོ་དེས་ནི་རང་གི་གཞལ་བྱ་བདེན་པར་ངེས་པ་ན་ཤེས་པ་སྔ་མ་ཚད་མར་ཤུགས་ལ་ངེས་པ་ཡིན་ནོ་ཞེས་གསུང་ངོ༌། །རྔོག་ལོ་ལྷན་ཅིག་རྒྱུ་བའི་དོན་གཞན་འཛིན་པ་མངོན་སུམ་དུ་བཞེད་ཀྱང༌། རིགས་པའི་གཏེར་ལས་རྗེས་དཔག་ཏུ་བཞེད་པས་ངེས་བྱེད་ཀྱི་ཚད་མ་གསུམ་དུ་བསྡུས་པ་ཡིན་ནོ། །གཉིས་པ་ལ། རང་ལས་ངེས་ཀྱི་ཚད་མར་སྒྲུབ་པ་དང༌། གཞན་ལས་ངེས་ཀྱི་ཚད་མར་སྒྲུབ་པའོ། །དང་པོ་ནི། བསྲེག་པའི་བྱ་བ་བྱེད་བཞིན་པའི་མེའི་ཁ་དོག་མཐོང་བའི་མངོན་སུམ་ཆོས་ཅན། རང་གི་འཇུག་ཡུལ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། དང་པོ་ཡིན་ཏེ། མེའི་ཁ་དོག་ལ་ཚད་མ་ཡིན་པའི་ཕྱིར། གཉིས་པ་ཡིན་ཏེ། ཚ་ཞིང་བསྲེག་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་གང་ཞིག དེ་ཁྱོད་ཀྱི་བཅད་པ་དང་མཐུན་པའི་འཇུག་ཡུལ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མེའི་ཁ་དོག་དང་རེག་བྱ་གཉིས་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར། འདི་ཡང་སྐྱེ་མཆེད་ཀྱི་རྣམ་བཞག་ཞིབ་མོར་མི་དཔྱོད་པའི་དབང་དུ་བྱས་པ་ཡིན་གྱི། དེ་ལྟར་དཔྱོད་པ་ལ་ནི་གཞན་ངེས་སུ་འགྱུར་བ་སྲིད་དོ། །དེའི་ཕྱིར་འདིའི་འཇུག་ཡུལ་ལ་གཉིས་ཏེ། སྣང་ཚུལ་གྱི་འཇུག་ཡུལ་རགས་པ་དང༌། གནས་ཚུལ་གྱི་འཇུག་ཡུལ་རང་མཚན་ནོ། །དང་པོ་ནི་མེའི་ཁ་དོག་གོ །གཉིས་པ་ནི་མེའི་རེག་བྱའོ། །དེ་ཡང་འབྱུང་བ་ལས་གྱུར་པ་མིན་གྱི། འབྱུང་བའི་མེའི་རང་མཚན་བཞིན་ནོ། །ཡང་གོམས་པ་ཅན་གྱི་སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། སྔོན་པོ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་རང་གི་བཅད་པ་དང་མཐུན་པའི་འཇུག་ཡུལ་སྔོན་པོ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་ཡིན་པའི་ཕྱིར། ཞེས་དང༌། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་གི་ངོ་བོ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། འདི་ཡང་རང་གི་ངོ་བོ་ལ་ཡིན་གྱི་ཐ་སྙད་ལ་ནི་མ་ཡིན་ཏེ། ཤེས་པའི་ཐ་སྙད་རྟགས་ཀྱིས་བསྒྲུབ་དགོས་པ་སྲིད་པའི་ཕྱིར། འོ་ན་འདི་ལ་བཅད་པ་དང་མཐུན་པའི་མི་བསླུ་བ་ཇི་ལྟར་ཡོད་ཅེ་ན། བཅད་པ་ནི་རང་གི་ངོ་བོ་བཅད། ཐོབ་པ་ནི་རིགས་རྒྱུན་ཕྱི་མ་ཐོབ་པ་ཡིན་ནོ། །གོམས་པ་ཅན་གྱི་དོན་སྣང་གི་མངོན་སུམ་རྣམས་རང་ངེས་ཀྱི་ཚད་མར་འཆད་པ་འདི་ཡང་གཟུགས་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པའི་ལུགས་དབང་བཙན་པར་བྱས་ནས་རགས་པའི་རྣམ་གཞག་ཡིན་ལ། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་ལུགས་ཀྱིས་ཞིབ་མོར་ཕྱེ་ན་ཕྱི་རོལ་དོན་ལ་བལྟ་བའི་མངོན་སུམ་ཐམས་ཅད་གཞན་ལས་ངེས་ཀྱི་ཚད་མ་ཁོ་ནར་ངེས་པ་ཡིན་ཏེ། ཕྱི་རོལ་དོན་ལ་བལྟ་བའི་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་གཞལ་བར་རྟགས་ཀྱིས་བསྒྲུབ་དགོས་པ་ཡིན་གྱིས། མངོན་སུམ་རྐྱང་པས་འགྲུབ་པར་མ་བཤད་པའི་ཕྱིར། འོ་ན་ཇི་སྐད་དུ། འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་རང་དང་ནི། །རྗེས་སུ་མཐུན་པའི་བློ་བསྐྱེད་བྱེད། །ཅེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ཡང་རགས་པའི་དབང་དུ་བྱས་ནས། དོན་རྟོགས་པ་ཚད་མའི་འབྲས་བུར་འཇོག་པ་དེའི་དབང་དུ་བྱས་སོ། །དེ་ལྟར་ན་རང་ངེས་མཚན་ཉིད་པ་ནི་རང་རིག་རྗེས་དཔག་གཉིས་ཁོ་ནའོ། །དེ་ཡང་རྒྱུན་དང་ལྡན་པ་ཁོ་ན་ལ་ཡིན་གྱི། སྐད་ཅིག་རེ་རེ་བ་ལ་མ་ཡིན་ཏེ། དེས་འཇུག་ཡུལ་ལ་ངེས་པ་མི་འདྲེན་པའི་ཕྱིར། ཡང་རྗེས་དཔག་ལ་གཉིས་ཏེ་འཇུག་ཡུལ་རྟགས་པ་བ་དངོས་མེད་ལ་ངེས་པ་འདྲེན་ནུས་པ་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ལྟ་བུ་དང་འཇུག་ཡུལ་མཚན་ཉིད་པ་དོན་རང་མཚན་ལ་ངེས་པ་འདྲེན་ནུས་པ་གཉིས་སོ། །དེའང་གཉིས་ཏེ། དངོས་ཀྱི་གཞལ་བྱ་རང་མཚན་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང༌། མཐར་ཐུག་གི་གཞལ་བྱ་རང་མཚན་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་དགོས་གཉིས་སོ། །དཔེར་བརྗོད་པ་ནི་སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ལྟ་བུ། དངོས་ཀྱི་འཇུག་ཡུལ་སྒྲ་བྱས་པ་ཡིན་པ་དེ་ལ་རང་ལས་ངེས་དང༌། མཐར་ཐུག་གི་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ལ་གཞན་ལས་ངེས་སུ་འགྱུར་བ་ལྟ་བུའོ། །གཉིས་པ་གཞན་ལས་ངེས་སུ་བསྒྲུབ་པ་ནི་འདི་ལྟར་དོན་ལ་མེ་ཡིན་ཞིང་རྟོག་པས་ཐེ་ཚོམ་ཟ་དུས་ཀྱི་དམར་ལམ་པ་འཛིན་པའི་དབང་པོའི་མངོན་སུམ་ཆོས་ཅན། མེའི་ཁ་དོག་དམར་ལམ་པ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་བཅད་པ་དང་མཐུན་པའི་རང་གི་འཇུག་ཡུལ་ཚ་ཞིང་བསྲེག་པའི་ཁ་དོག་དེ་ལ་ཚད་མ་གཞན་ཞིག་རྒྱུད་ནས་ངེས་པ་འདྲེན་དགོས་པའི་ཕྱིར། ཡང་དོན་ལ་ཤ་པ་ཡིན་ཞིང༌། རྟོག་པས་ཤ་པ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་ལྗོན་ཤིང་གི་ཁ་དོག་མཐོང་བའི་མིག་ཤེས་མངོན་སུམ་ཆོས་ཅན། ཤ་པའི་ལྗོན་ཤིང་གི་ཁ་དོག་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་བཅད་པ་དང་མཐུན་པའི་རང་གི་འཇུག་ཡུལ་ཤ་པ་རང་མཚན་པ་དེ་ཚད་མ་གཞན་ཞིག་རྒྱུད་ནས་ངེས་པ་འདྲེན་དགོས་པའི་ཕྱིར། ཚད་མ་འདི་ཉིད་ཀྱི་ནི་ཡུལ་གང་ལ་གཞན་ལས་ངེས་སུ་སོང་བ་དེ་ལ་ཚད་མར་སོང་བས་ཁྱབ་ལ། གང་ལ་ཚད་མར་སོང་བ་དེ་ལ་གཞན་ལས་ངེས་སུ་སོང་བས་མ་ཁྱབ་སྟེ། སྣང་བ་དང་སྤྱི་ཙམ་ལ་རང་ལས་ངེས་ཀྱི་ཚད་མར་སོང་བའི་ཕྱིར། སྣང་བ་ཉིད་ཀྱང་གཞན་ལས་ངེས་དགོས་པ་ལ་གཉིས་ཏེ། ཡིད་མ་གཏད་དང་འཁྲུལ་རྒྱུ་ཅན་ནོ། །དང་པོ་གཞན་ངེས་སུ་བསྒྲུབ་པ་ནི། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་མ་འཁྲུལ་པ་ཆོས་ཅན། སྒྲ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། སྒྲ་ལ་ཚད་མ་གང་ཞིག་རང་གི་འཇུག་ཡུལ་སྒྲ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་བཟུང་དོན་དུ་བྱེད་པའི་མངོན་སུམ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། དེ་ཡིན་ཏེ། དེ་ལ་ཡིད་ཉེ་བར་གཏད་པ་མེད་པའི་ཕྱིར། གཉིས་པ་ལ། ཕུགས་ཀྱི་འཁྲུལ་རྒྱུ་ཅན་དང་འཕྲལ་གྱི་འཁྲུལ་རྒྱུ་ཅན་གཉིས་ལས། དང་པོ་ནི། བྱིས་པའི་རྒྱུད་ཀྱི་སྔོན་པོའི་སྐད་ཅིག་མ་མཐོང་བའི་མིག་ཤེས་ཆོས་ཅན། སྔོན་པོའི་སྐད་ཅིག་མ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། སྔོན་པོ་ལ་མངོན་སུམ་གྱི་ཚད་མ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། དེ་རྟག་པར་འཁྲུལ་པའི་འཁྲུལ་རྒྱུས་བསླད་པའི་ཕྱིར། སློབ་དཔོན་ཆོས་མཆོག་གིས་ནི། འདི་སྣང་བ་ལ་གཞན་ལས་ངེས་སུ་བཞེད་ཀྱང་སྣང་བ་ལ་མངོན་སུམ་དུ་མི་བཞེད་དེ། སྣང་བ་ལ་ངེས་པར་རང་སྟོབས་ཀྱིས་མི་འདྲེན་པའི་ཕྱིར། དེ་སྐད་དུ་ཡང་འཐད་ལྡན་ལས། དེའི་ཕྱིར་སྣང་བ་ངེས་པས་མངོན་སུམ་གྱི་བྱ་བ་རྫོགས་པ་ཡིན་ནོ། །ཞེས་དང༌། རང་རིག་གང་གིས་སྣང་བར་ངེས་པའི་དོན་གྱི་རང་བཞིན་དེ་ནི་མངོན་སུམ་ཡིན་ཏེ། སྣང་ན་ནི་དེ་དང་འབྲེལ་བའི་ཕྱིར་རོ། །སྐད་ཅིག་མ་ཉིད་ཀྱིས་ནི་སྣང་བ་ངེས་པ་མིན་ནོ། །དེས་ན་ཚད་མ་གཞན་གྱིས་ངེས་པར་བྱ་བ་ཡིན་ནོ་ཞེས་གསུངས་པས་སོ། །དེས་ན་སློབ་དཔོན་དེའི་ལུགས་ལ། སྔོན་པོའི་སྐད་ཅིག་མཐོང་བའི་མིག་ཤེས་མ་འཁྲུལ་བ་ཆོས་ཅན། ཚད་མ་མིན་ཏེ། བཅད་དོན་ཐོབ་པ་མེད་པའི་ཕྱིར། དེ་མེད་དེ། བཅད་པ་ནི་སྔོན་པོའི་སྐད་ཅིག་མ་བཅད་ལ། དོན་ཐོབ་པར་མི་ནུས་པའི་ཕྱིར། དེ་ལྟ་ན་ཡང་མི་བསླུ་བ་ནི་ཡིན་ཏེ། སྔོ་ཙམ་ལས་མི་བསླུ་བའི་ཕྱིར་ཏེ། དེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །འདིར་སློབ་དཔོན་ཆོས་མཆོག་གི་ལུགས་འདི་ལ་རྔོག་ལོ་ཆེན་པོ་དང༌། ཕྱྭ་པས་བརྗོད་པའི་སྐྱོན་མི་འཇུག་པར་སེམས་སོ། །གཉིས་པ་ནི། ཡང་སྨིག་རྒྱུ་ཆུར་སྒྲོ་འདོགས་པའི་དུས་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་ཆོས་ཅན། སྨིག་རྒྱུ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཏེ། དེ་ལ་ཚད་མ་གང་ཞིག་དེ་ལ་ངེས་པ་རང་སྟོབས་ཀྱི་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་མངོན་སུམ་ཡིན་པའི་ཕྱིར། སློབ་དཔོན་ཆོས་མཆོག་གིས་ནི་འདི་མི་བཞེད་དེ། ཇི་སྐད་དུ། འཐད་ལྡན་ལས། སྨིག་རྒྱུའི་རང་གི་མཚན་ཉིད་བཟུང་དུ་ཟིན་ཀྱང་སྨིག་རྒྱུ་རང་བཞིན་དུ་མ་ངེས་པའི་ཕྱིར། སྨིག་རྒྱུ་ལ་མངོན་སུམ་མིན་ཏེ་རྣམ་པ་དེ་ལྟ་བུ་གཞན་དག་ཀྱང་ཤེས་པར་བྱའོ་ཞེས་གསུང་ངོ༌། །མདོར་ན་སློབ་དཔོན་ཆོས་མཆོག་གི་བཞེད་པ་དང་རིགས་གཏེར་མཛད་པ་སྐབས་འདིར་ཕལ་ཆེར་མཐུན་མོད། མི་མཐུན་པའི་བར་ཁྱད་ཅུང་ཟད་ནི་ཆོས་མཆོག་མངོན་སུམ་ཡིན་ན་རང་གི་སྣང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་དགོས་པ་དང༌། བཟུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་འདྲེན་གཉིས་ཡོད་པ་དང༌། དེ་ཡིན་ན་རང་གི་སྣང་བ་ལ་མངོན་སུམ་ཡིན་པས་ཁྱབ་པ་དང༌། བཟུང་བ་ལ་མ་ཁྱབ་པ་དང༌། རྗེས་དཔག་ཡིན་ན་རང་ཉིད་ཚད་མར་སོང་བའི་འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་དགོས་པ་དང༌། དེ་རྟོགས་པས་མ་ཁྱབ་པ་དང༌། དེ་ལ་མངོན་སུམ་ཡིན་ན་རྟོགས་པས་ཁྱབ་པ་སོགས་བཞེད་ཀྱང༌། གཉིས་ཀ་མཐུན་པ་ནི་ཆོས་དེ་ལ་རང་ངེས་ཀྱི་མངོན་སུམ་གྱི་ཚད་མ་ཡིན་ན། དེ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་བློ་མིན་པས་ཁྱབ་པ་དང༌། དེ་ལ་སྒྲོ་འདོགས་གཅོད་པའི་ནུས་པ་ཡོད་པས་ཁྱབ་པར་བཞེད་པ་ཡིན་ནོ། །ཕྱི་རོལ་གྱི་ལྐོག་ན་མོའི་དཔྱད་པ་མི་འཇུག་པར་རགས་པའི་རྣམ་བཞག་འཆད་པ་དེའི་ཚེ་གཞན་ལས་ངེས་ཀྱི་མངོན་སུམ་དུ་བཤད་པ་དེ་དག་གང་ལ་མངོན་སུམ་དུ་སོང་བའི་ཡུལ་དེ་ཉིད་གཞན་ངེས་ཀྱི་ཚད་མར་སོང་བའི་ཡུལ་ཡང་ཡིན་ནོ། །འོ་ན་དོན་གང་ལ་མངོན་སུམ་ཡིན་ཞེ་ན། སེར་པོ་རགས་པ་དེ་ཉིད་ལའོ། །དེ་ཉིད་དེའི་འཇུག་ཡུལ་ཀྱང་ཡིན་པ་ནི་ལྐོག་ན་མོའི་རྣམ་བཞག་མི་བྱེད་པའི་ཚེ་ནའོ། །ཕྱི་དོན་ལྐོག་ན་མོའི་རྣམ་གཞག་བྱེད་པ་དེ་ནི་མདོ་སྡེ་པ་གཉིས་པའི་ལུགས་དང་ཞིབ་མོའི་རྣམ་གཞག་ཡིན་ལ། དེའི་ཚེ་རང་ངེས་གཞན་ངེས་ཀྱི་མངོན་སུམ་ཚད་མར་བཤད་པ་གང་ཡིན་པ་དེ་ཐམས་ཅད་ཀྱིས་ཞལ་བྱ་ནི་ཤེས་པ་རང་གི་ངོ་བོ་གྱུར་པའི་བཟུང་རྣམ་དེ་ཉིད་ཡིན་ལ། འཇུག་པའི་ཡུལ་ནི་དོན་རང་མཚན་ཉིད་དོ། །དེའི་ཚེ་གཞལ་བྱ་ལ་མངོན་སུམ་དང་ཚད་མ་དང༌། རང་ལས་ངེས་གསུམ་ཀ་ཡིན་ལ། འཇུག་ཡུལ་ལ་ནི་མངོན་སུམ་གྱི་ཚད་མ་ཡིན་མོད་ཀྱང་མངོན་སུམ་མིན་ཏེ། དེ་རང་མཚན་དངོས་ཀྱི་གཞལ་བྱར་མ་བྱས་པའི་ཕྱིར་དང་དོན་རང་མཚན་བཅད་ཅིང་དེ་དང་མཐུན་པའི་རང་མཚན་ལ་མི་བསླུ་བའི་ཕྱིར་ནི་མངོན་སུམ་གྱི་ཚད་མ་ཡིན་ནོ། །རང་ལས་ངེས་ནི་མ་ཡིན་པ་ཁོ་ནར་ངེས་ཏེ། དེ་ལ་ངེས་པ་འདྲེན་པ་ལ་རྗེས་དཔག་ཞིག་ངེས་པར་བཤད་དགོས་པའི་ཕྱིར་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །འོ་ན་འདིར་སློབ་དཔོན་ཆོས་མཆོག་གི་ལུགས་རྒྱས་པར་བཤད་པས་ཅི་ཞིག་བྱ་ཞེ་ན། བོད་ཕྱི་རབས་པ་གང་དག རྒྱལ་རྔ་བདུན་པ་ཆོས་མཆོག་གི་ལུགས་ལེགས་པར་མི་ཤེས་བཞིན་དུ། དེའི་ལུགས་གཟུང་ནས་རིགས་གཏེར་མཛད་པའི་ལུགས་འགོག་པར་བྱེད་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་གིས་རང་གི་མཚན་ཉིད་བསྟན་པའི་ཕྱིར་དུ་ཡིན་ནོ། །གསུམ་པ་བརྩོད་པ་སྤང་བ་ནི། གཞན་དག་ན་རེ། རྗེས་དཔག་ཐམས་ཅད་རང་ལས་ངེས་ཀྱི་ཚད་མ་ཡིན་ན་རྒྱང་འཕེན་གྱི་རྗེས་དཔག་ཚད་མས་མ་ངེས་སོ་ཞེས་ཟེར་བ་དང༌། རང་རིག་མངོན་སུམ་ཐམས་ཅད་དེ་ཡིན་ན་དེའི་རྒྱུད་ཀྱི་དེ་མྱོང་རང་རིག་མངོན་སུམ་གྱིས་མ་ངེས་སོ་ཞེས་ཟེར་བ་དང༌། དོན་རིག་གཉིས་ལ་དེར་ངེས་ན་ཚུ་རོལ་མཐོང་བའི་ཡིད་མངོན་ལ་མ་ངེས་སོ་ཞེས་ཟེར་བ་དང༌། ཡང་ཡིད་མ་གཏད་ཀྱི་མངོན་སུམ་གཞན་ལས་ངེས་སུ་མི་འཐད་དེ་ཇི་སྐད་དུ། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །ཞེས་སོགས་ཀྱིས་ཡིད་གཟུགས་མཛེས་ལ་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་མི་སྲིད་པར་བསྟན་པའི་ཕྱིར་ཞེས་ཟེར་བ་དང༌། སྨིག་རྒྱུ་ལ་ཆུར་འཛིན་པའི་དུས་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་གཞན་ལས་ངེས་སུ་འདོད་པ་དང༌། སྣང་བ་རང་ལས་ངེས་དང་བདེན་པ་གཞན་ལས་ངེས་གཉིས་འདོད་པ་འགལ་ལོ་ཞེས་ཟེར་བ་དག་སྣང་ངོ་དེའི་ལན་ནི་འདི་ལྟར། རྗེས་དཔག་ཚད་མ་ཐམས་ཅད་རང་ཉིད་ཚད་མ་ཡིན་པའི་དོན་ལ་རང་ངེས་སུ་ཁས་ལེན་པ་ཡིན་གྱི། ཐ་སྙད་ལས་དེ་ལྟར་ཁས་མི་ལེན་པའི་ཕྱིར་དང༌། རང་རིག་མངོན་སུམ་ཐམས་ཅད་རང་གི་ངོ་བོ་གསལ་རིགས་ལ་རང་ངེས་སུ་ཁས་ལེན་གྱི། རང་གི་ཐ་སྙད་ལ་དེ་ལྟར་ཁས་མི་ལེན་པའི་ཕྱིར་དང༌། ཚུར་རོལ་མཐོང་བའི་ཡིད་མངོན་ནི་རང་གི་གཟུང་དོན་སྐད་ཅིག་མ་གཅིག་པོ་དེ་ལ་འཁྲུལ་རྒྱུ་ཅན་གྱི་མངོན་སུམ་དུ་ཁས་ལེན་གྱི། གོམ་པ་ཅན་ནམ་དོན་བྱེད་སྣང་དུ་ཁས་མི་ལེན་པའི་ཕྱིར་རོ། །ཡང་ཡིད་མ་གཏད་ཀྱི་མངོན་སུམ་མི་སྲིད་པར་གཞུང་དེས་བཤད་པ་མ་ཡིན་ཏེ། གཞུང་དེས་ནི་དུས་དེར་སྒྲ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བས་སྒྲ་ལ་ངེས་པ་མི་འདྲེན་པར་བཤད་པ་ཡིན་གྱི། དེར་དེ་མི་སྐྱེ་བར་མ་བཤད་པའི་ཕྱིར། དེ་ལས་གཞན་དུ་ན། དེ་ཕྱིར་བློ་ནི་གཅིག་ཆར་སྐྱེ། །ཞེས་དང་ཡིད་ཀྱི་རྟོག་པ་འབའ་ཞིག་ལའང༌། རིམ་དུ་འཛིན་པར་མི་འགྱུར་རོ། །ཞེས་པའི་འཕྲོས་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན། གོང་དེར། ཡིད་ཤེས་རྟོག་པ་ཡུལ་ལ་འཇུག་པའི་ཚེ། འཇུག་ཤེས་དྲུག་གཅིག་ཆར་སྐྱེ་བར་ཁས་བླངས་པ་ལ། འོ་ན་དུས་དེར་དེ་དང་དེ་མི་ངེས་པའི་རྒྱུ་མཚན་ཅི་ཡིན་ཟེར་བ་ལ། དེའི་ལན་དུ། ལ་ལར་ཞེས་སོགས་གསུངས་པའི་ཕྱིར། ཉེས་པ་ཕྱི་མས་ཀྱང་མི་གནོད་དེ། འཁྲུལ་རྒྱུ་ཅན་གྱི་གཞན་ལས་ངེས་དང༌། བདེན་པ་གཞན་ལས་ངེས་གཉིས་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་དང༌། བདེན་པ་གཞན་ལས་ངེས་མཐའ་འཁྲུལ་རྒྱུ་ཅན་གྱི་བྱེ་བྲག་ཡིན་པའི་ཕྱིར། དཔེར་ན་དོན་ལ་སྐད་ཅིག་མ་ཡིན་ཞིང༌། རྟོག་པས་དེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་སྔོན་པོ་མཐོང་བའི་མིག་ཤེས་བཞིན་ནོ། །གཉིས་པ་གཞན་ལུགས་འགོག་ཚུལ་རྒྱས་པར་བཤད་པ་ལ། ཕྱི་རབས་པ་དག་གི་འདོད་པ་གཞུང་འགྲེལ་དང་མི་མཐུན་པར་བསྟན། སྔ་རབས་མཁས་པ་དག་གིས་སློབ་དཔོན་ཆོས་མཆོག་གི་འདོད་པ་བཀག་ནས་རང་ལུགས་བཞག་པའང་མི་འཐད་པར་བསྟན་པའོ། །དང་པོ་ལ། གཞལ་བྱ་ལ་བལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་པའི་ལུགས་དང༌། མཚོན་བྱ་ཚད་མའི་ཐ་སྙད་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་པ་དང༌། མཚན་ཉིད་མི་བསླུ་བ་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་པ་དང་གསུམ་མོ། །ཐོག་མཐའ་གཉིས་སུ་འཇོག་ཚུལ་ཤེས་ན་མི་འགལ་ཡང༌། མིང་མཁས་པར་བཏགས་པ་སུན་དབྱུང་བའི་ཚུལ་འདི་ལྟར་དེ་ཡང་ལུགས་དེ་གསུམ་ཀས་ཐུན་མོང་དུ་ཆོས་དེ་ལ་ཚད་མ་ཡིན་ན། ཆོས་དེ་ངེས་པས་ཁྱབ་པ་དང༌། དེ་ལ་སྒྲོ་འདོགས་གཅོད་པས་ཁྱབ་པ་དང༌། ཆོས་གང་ལ་གཞན་ལས་ངེས་ཀྱི་ཚད་མར་སོང་བའི་གཞལ་བྱ་དེ་ཡིན་ན་ཚད་མ་ངེས་རྟོགས་པས་ཁྱབ་པར་ཁས་ལེན་ཞིང༌། དེ་ཡང་ལུགས་དང་པོས་ནི་ཚད་མ་གང་ཞིག་རང་གི་གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་ཅིང༌། ཚད་མ་ཐམས་ཅད་ལ་ངེས་ཁྱབ་པ་ཡིན་ཏེ། རང་གི་གཞལ་བྱ་ལ་ངེས་པ་མི་འདྲེན་པའི་ཚད་མ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། མངོན་སུམ་གྱིས་ནི་བཟུང་བ་ལའང༌། །ཞེས་སོགས་རྩ་འགྲེལ་གྱི་དོན་དང་ཤིན་ཏུ་འགལ་བའི་ཕྱིར་དང༌། རྒྱུན་འགག་ཁ་མའི་ཚད་མ་ཐམས་ཅད་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར་དང༌། ཚད་མ་ལ་རང་ངེས་གཞན་ངེས་གཉིས་སུ་འབྱེད་པ་མི་འཐད་པར་ཐལ་བའི་ཕྱིར་དང༌། གཉིས་སུ་འབྱེད་པ་སློབ་དཔོན་ཆོས་མཆོག་གི་ལུགས་ཡིན་ལ། ལུགས་དེར་ནི་འཇུག་ཡུལ་ལ་ངེས་པ་འདྲེན་མི་འདྲེན་གྱིས་ཕྱེ་བ་ཡིན་གྱི། བཟུང་ཡུལ་ལ་ངེས་པ་འདྲེན་མི་འདྲེན་གྱིས་ཕྱེ་ན་ལུགས་དེ་དང་ཤིན་ཏུ་འགལ་བའི་ཕྱིར་རྣམ་པར་འཁྱམས་པ་ཡིན་ནོ། །ལུགས་གཉིས་པ་སྨྲ་བ་ན་རེ། ཚད་མ་གང་ཞིག་མཚོན་བྱ་ཚད་མའི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང་མི་འདྲེན་པའོ་ཞེས་ཟེར་བ་དེ་ཡང་རིགས་པ་མིན་ཏེ། རྟགས་ལ་མ་བལྟོས་པར་མཚན་གཞིའི་སྟེང་དུ་མཚོན་བྱ་ཚད་མའི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་ནུས་པའི་མངོན་སུམ་ཚུ་རོལ་མཐོང་བ་ལ་མི་སྲིད་པའི་ཕྱིར་དང༌། དེའི་སྟེང་དུ་དེ་ལྐོག་གྱུར་ཡིན་པའི་ཕྱིར་དང༌། རྣམ་འཇོག་གི་རྒྱུ་མ་ངེས་པར་རྣམ་བཞག་གི་འབྲས་བུ་ངེས་པ་མི་སྲིད་པའི་ཕྱིར་དང༌། དེ་ལས་དེ་ངེས་པའི་ཚད་མ་ཡིན་ན་རྗེས་དཔག་ཡིན་དགོས་པའི་ཕྱིར། ཁས་བླངས་ནང་འགལ་བ་ཡང་འདི་ལྟར། གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞིར་འདོད་པ་གང་ཡིན་པ་ཆོས་ཅན། རང་ཉིད་ཚད་མ་ཡིན་པའི་ཐ་སྙད་དེ་ངེས་པར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་དངོས་སུ་ཁས་བླངས་པ་ཡིན་ནོ། །ལུགས་གསུམ་པ་སྨྲ་བར་རློམ་པའི་དར་ཊཱིཀ་མཛད་པ་རྗེས་འབྲང་དང་བཅས་པ་ན་རེ། གཞལ་བྱ་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་པ་མ་ཡིན་ཏེ། རང་གི་གཞལ་བྱ་མ་ངེས་པའི་ཚད་མ་མི་སྲིད་པའི་ཕྱིར། ཚད་མའི་ཐ་སྙད་ལ་བལྟོས་ནས་ཀྱང་མ་ཡིན་ཏེ། རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ལ་མ་ཁྱབ་པའི་ཕྱིར། དེས་ན་ཚད་མ་གང་ཞིག་རང་ཉིད་མི་བསླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དང༌། གཞན་སྟོབས་ཀྱིས་ངེས་དགོས་པའོ། །དེའི་དོན་ཡང་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང༌། རང་གིས་འདྲེན་མི་ནུས་པར་ཚད་མ་རྒྱུད་ནས་འདྲེན་དགོས་པའོ། །མཚན་གཞི་ནི་སློབ་དཔོན་ཆོས་མཆོག་གིས་ཇི་ལྟར་བཤད་པ་ལྟར་སྣང་བ་རང་ལས་ངེས་སོགས་གསུམ་བཤད་པ་དེ་ཉིད་ཁས་ལེན་པར་བྱེད་དོ། །ཞེས་ཟེར་རོ། །དེ་ལྟར་འདོད་པ་ཁྱོད་ཀྱིས་ནི། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གང་ལ་གཞན་ལས་ངེས་སུ་སོང་བའི་ཡུལ་དེ་ལ་སྒྲོ་འདོགས་བཅད་པས་ཁྱབ་པར་འདོད་པ་སློབ་དཔོན་ཕྱྭ་པའི་ལུགས་བཞིན་ཁས་བླངས་ནས། དེ་དང་ཤིན་ཏུ་མི་མཐུན་པ་ཆོས་མཆོག་གི་ལུང་ཚད་མར་བྱས་པས་འགལ་བའི་ཁུར་ཆེན་པོ་གསུམ་ལ། འགལ་ཕྲན་གསུམ་གསུམ་གྱིས་ཁྱད་པར་དུ་བྱས་པ་དག་ཁྱེད་ཀྱི་ཐོག་ཏུ་འབབ་བོ། །གསུམ་གང་ཞེ་ན། ལུང་དང་འགལ་བ། རིགས་པ་དང་འགལ་བ། ཁས་བླངས་དང་འགལ་བའོ། །དང་པོ་ནི། ཡུལ་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་མི་འཇོག་པ་དང༌། སློབ་དཔོན་ཆོས་མཆོག་གི་ལུང་ཚད་མར་ཁས་ལེན་པ་འགལ་ཏེ། ཇི་སྐད་དུ། སྣང་བ་ལ་རང་ལས་ངེས་དང༌། བདེན་པ་ལ་གཞན་ལས་ངེས་དང༌། སྤྱི་ལ་རང་ལས་ངེས་དང་ཁྱད་པར་ལ་གཞན་ལས་ངེས་ཞེས་བྱ་བ་དང་སྣང་བ་ཉིད་ཀྱང་གཞན་ལས་ངེས་ཞེས་གསུམ་བཤད་པ་དེ་ཡུལ་ལ་བལྟོས་ནས་འཇོག་པ་མ་ཡིན་ན་གཞན་ཅི་ཞིག་ཡིན་པ་ཁྱེད་ཀྱིས་སྨྲ་དགོས་པའི་ཕྱིར། ཡང་གཞུང་རྩ་བར། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །ཅེས་པའི་སྐབས་ཀྱི་དོན་དེ་ཚད་མ་གང་གིས་གཞལ་བའི་གཞལ་བྱའི་དོན་ལ་འཆད་པ་ནི་ཆོས་མཆོག་གི་ལུང་དང་འགལ་ཏེ། འདི་ལྟར་སྔོན་པོའི་སྐད་ཅིག་མ་འཛིན་པའི་ཚུར་མཐོང་གི་མངོན་སུམ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ལ་ཚད་མ་ཡིན་པར་ཐལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་ཀྱང་གཞན་ལ་ངེས་གསུམ་པ་ཚད་མར་འདོད་པ་སློབ་དཔོན་ཆོས་མཆོག་གི་བཞེད་པར་ཁྱེད་ཅག་འཆད་པས་སོ། །ཁྱེད་ཀྱིས་འདོད་པར་ནུས་པ་མ་ཡིན་ཏེ། དེ་འདྲ་དེས་རང་གི་བཟུང་ཡུལ་སྐད་ཅིག་མ་དེ་མ་ངེས་པ་དང༌། འཇུག་ཡུལ་སྔོན་པོ་ཙམ་དེ་ངེས་པར་འཐད་ལྡན་ལས་གསལ་བར་གསུངས་པའི་ཕྱིར་དང༌། ཁྱེད་ལྟར་ན་དེ་ཙམ་གྱིས་ཚད་མ་མ་ཡིན་པར་གྲུབ་པས་སོ། །ཡང་ཚད་མ་དེ་གསར་རྟོགས་སུ་སོང་བའི་གཞལ་བྱ་དང༌། རང་ངེས་གཞན་ངེས་སུ་སོང་བའི་གཞལ་བྱ་གཉིས། དོན་གཅིག་ལ་འདུ་བར་འཆད་པ་ཡང་ཆོས་མཆོག་དང་འགལ་ཏེ། ཇི་སྐད་དུ། ཚད་མ་རྟག་པར། ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གང་ཞིག་རྣམ་པ་སྐྱེད་པ་དེ་ནི་གཟུང་བར་བྱ་བ་དང༌། གང་ཞིག་ཞེན་པར་བྱ་བ་དེ་ནི་ཐོབ་པར་བྱ་བའོ། །གཟུང་བར་བྱ་བ་ཡང་གཞན་ཡིན་ལ། ཞེན་པར་བྱ་བ་ཡང་གཞན་ཡིན་ནོ། །འདི་ལྟར་མངོན་སུམ་གྱི་གཟུང་བར་བྱ་བ་ནི་སྐད་ཅིག་མ་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་སྐྱེད་པའི་ངེས་པས་ཞེན་པར་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །མངོན་སུམ་གྱིས་ཐོབ་པར་བྱ་བ་ཡང་རྒྱུན་ཉིད་ཡིན་ནོ། །སྐད་ཅིག་མ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ལུང་དང་འགལ་བ་གསུམ་མོ། །གཉིས་པ་རིགས་པ་དང་འགལ་བ་གསུམ་ནི། བདེན་པ་གཞན་ལས་ངེས་དང་འགལ་བ། ཁྱེད་པར་གཞན་ལས་ངེས་དང་འགལ་བ། སྣང་བ་གཞན་ལ་ངེས་དང་འགལ་བའོ། །དང་པོ་ནི། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མ་ཡིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་པོའི་མངོན་སུམ་ཆོས་ཅན། དམར་འབར་བའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་མེད་ན་རང་ཉིད་མི་འབྱུང་བར་རང་སྟོབས་ཀྱིས་ངེས་པར་ཐལ། དམར་འབར་བ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན་དམར་འབར་བའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་རང་སྟོབས་ཀྱིས་ངེས་པར་འགྱུར་ལ། དེ་ཡང་འདོད་ན་དམར་འབར་བ་མེར་གནས་པ་དེ་རང་སྟོབས་ཀྱིས་ངེས་པར་ཐལ། འདོད་པ་གང་ཞིག་དེ་དེར་གནས་པའི་ཕྱིར་ཏེ། གཞན་ཡང་དོན་ལ་ཙནྡན་གྱི་མེ་ཡིན་ཞིང༌། རྟོག་པས་དེར་ཐེ་ཚོམ་ཟ་དུས་ཀྱི་དུ་བའི་རྟགས་ཀྱིས་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། མཚན་ཉིད་དེར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན་སྔ་མ་ལྟར་འཕེན་ནོ། །གཉིས་པ་ནི། དོན་ལ་ཤ་པ་ཡིན་ཞིང་རྟོག་པས་དེར་ཐེ་ཚོམ་ཟ་དུས་ཀྱི་ལྗོན་ཤིང་གི་ཁ་དོག་མཐོང་བའི་མིག་ཤེས་མ་འཁྲུལ་པ་ཆོས་ཅན། ཤ་པ་རྟོགས་པར་ཐལ། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། དེ་ལྟ་མོད་ཀྱི་རྟགས་མ་གྲུབ་ན་གཞན་ལས་ངེས་སུ་སོང་བ་དང༌། ཚད་མར་སོང་བ་ཡུལ་མི་གཅིག་པར་ཁས་བླངས་པས་གཞུང་འགྲེལ་ལས་ཉམས་སོ། །ཡང་དེ་ཆོས་ཅན། ལྗོན་ཤིང་གི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་ཐལ། ལྗོན་ཤིང་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང་མེའི་ཁ་དོག་མཐོང་བའི་གོམས་པ་ཅན་གྱི་མིག་ཤེས་མ་འཁྲུལ་བ་ཆོས་ཅན། མེ་རྟོགས་པར་ཐལ། ཚད་མ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་དོན་སྟེངས་ན་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་ལངས་ཤིང་རྟགས་ཀྱང་ཁས་བླངས་ཏེ་མེའི་ཁ་དོག་ལ་རང་ངེས་ཚད་མར་ཁས་བླངས་པས་སོ། །ཁྱབ་པ་ཁས་བླངས། འདོད་ན་རྟོགས་པར་ཐལ་བས། མིག་ཤེས་ཀྱི་རེག་བྱ་འཛིན་པར་ཁས་བླངས་པའི་ཉེས་པ་དང༌། མེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་ཐལ་བ་ལ་འདོད་མི་ནུས་ཏེ། རྒྱུ་ཆོས་རྗེས་དཔོག་གི་ཚད་མས་ངེས་པ་འདྲེན་དགོས་པའི་ཕྱིར། དེ་ལ་རང་ངེས་སུ་འདོད་ན་ཡང་ཉེས་པ་དེ་ཉིད་དོ། །འོ་ན་ཁྱོད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་དེའི་ཁ་དོག་རྟོགས་པ་དང་རེག་བྱ་ལ་རང་ལས་ངེས་དང༌། གཞན་ལས་ངེས་ཅི་རིགས་སུ་འཇོག་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། སྐྱེ་འབྱེད་ཀྱི་རྣམ་གཞག་ཞིབ་མོར་དཔྱོད་པའི་ཚེ་གཞན་ལས་ངེས་དང༌། མི་དཔྱོད་པའི་ཚེ། རང་ལས་ངེས་སུ་བཞག་པའོ། །གསུམ་པ་ནི། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ལ་ཚད་མར་ཐལ། སྣང་བདག་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ནའང་ཁས་བླངས་མོད། དེ་ཆོས་ཅན་སྒྲ་ལ་དེར་ཐལ། འདོད་པ་གང་ཞིག་དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། འདོད་ནའང་ཁས་བླངས་ཤིང་སྒྲ་ལ་སྒྲོ་འདོགས་ཆོད་པར་ཐལ་ལོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ལ། ཚད་མ་སོང་བའི་གཞལ་བྱ་མ་རྙེད་པས་འགལ་བ་དང༌། ངེས་བྱེད་ཀྱི་ཚད་མ་བཅད་ཤེས་སུ་ཐལ་བས་འགལ་བ་དང༌། ཚད་མར་སོང་བའི་ཡུལ་འཆོས་པས་འགལ་བའོ། །དང་པོ་ནི། གཞན་ལས་ངེས་དང་པོའི་མཚན་གཞི་ཆོས་ཅན། ཁྱོད་གཞན་ལས་ངེས་ཀྱི་ཚད་མར་སོང་སའི་གཞལ་བྱ་གཅིག་མི་སྲིད་པར་ཐལ། ཁྱོད་གང་ལ་ཚད་མར་སོང་བའི་གཞལ་བྱ་དེ་ཡིན་ན་གཞན་ལས་ངེས་སུ་སོང་སའི་གཞལ་བྱ་དེ་མ་ཡིན་པས་ཁྱབ། དེ་ཡིན་ན་ཡང་ཅིག་ཤོས་མ་ཡིན་པས་ཁྱབ་པའི་ཕྱིར། དེ་ཡང་དམར་འབར་བ་ཙམ་ལ་ཚད་མར་སོང་ཡང་གཞན་ལས་ངེས་སུ་མ་སོང༌། མེ་ཡིན་པའི་ཆ་ལ་གཞན་ལས་ངེས་སུ་སོང་ཡང་ཚད་མར་མ་སོང་བའི་ཕྱིར། འོ་ན་ཁྱོད་ལ་ཡང་དེར་ཐལ་བ་མིན་ནམ་ཞེ་ན་མ་ཡིན་ཏེ། རྟགས་གཉིས་པ་མ་གྲུབ་པ་དང༌། ཁོ་བོ་ཅག་ནི་ཚད་མར་སོང་ས་དང་གཞན་ལས་ངེས་སུ་སོང་སའི་འཇུག་ཡུལ་གཅིག་པར་ཁས་ལེན་པའི་ཕྱིར། གཉིས་པ་ནི། གཞན་ལས་ངེས་ཀྱི་ཚད་མ་ཐམས་ཅད་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་གཉིས་པ་གཅིག་ངེས་པར་དགོས་པ་ཚད་མ་གཉིས་པོ་ཡུལ་གྱི་དོན་གཅིག་གམ་མི་གཅིག གཅིག་ན་ནི་ཚད་མ་གཉིས་པ་བཅད་ཤེས་སུ་འགྱུར། མི་གཅིག་ན་རང་གི་གཞལ་བྱ་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་མ་ཡིན་པར་འགྱུར་རོ། །འོ་ན་ཁྱོད་ལ་ཡང་ཉེས་པ་དེར་འགྱུར་བ་མིན་ནམ་ཞེ་ན་མ་ཡིན་ཏེ། ཚད་མ་སྔ་མས་ངེས་པ་འདྲེན་མ་ནུས་པའི་དོན་ཞིག་ཚད་མ་ཕྱིས་མས་ངེས་པར་འདོད་པའི་ཕྱིར། དེ་ལྟ་ན་ཡང་དཔྱད་པ་འདི་འཇུག་སྟེ། སྔོན་པོའི་མི་རྟག་པ་མཐོང་བའི་མངོན་སུམ་དང༌། དེའི་ངེས་བྱེད་ཀྱི་ཚད་མར་གྱུར་པའི་སྔོན་པོ་མི་རྟག་པར་རྟོགས་པའི་རྗེས་དཔག་གཉིས་ཀས། སྔོན་པོའི་མི་རྟག་པ་རྟོགས་པ་ལ་ཁྱད་པར་མེད་ཀྱང༌། ཕྱི་མ་བཅད་ཤེས་སུ་ཐལ་བའི་སྐྱོན་མེད་དེ་ཚད་མ་སྔ་མས་རྟོགས་པ་ནི་རྫས་ཀྱི་ངོ་བོར་གྱུར་པའི་སྐད་ཅིག་གི་ཕྲེང་བ་དེ་ཉིད་ཡིན་ལ། ཕྱི་མས་རྟོགས་པ་ནི་སྔོན་པོ་མི་རྟག་པའི་གཞན་སེལ་དེ་ཉིད་ཡིན་པའི་ཕྱིར་གཞལ་བྱ་ལ་བལྟོས་ནས་བཅད་ཤེས་སུ་ཐལ་བ་མེད་ལ། ཚད་མ་དེ་གཉིས་ཀའི་འཇུག་ཡུལ་ནི། སྔོན་པོ་མི་རྟག་པར་རང་མཚན་དེ་ཡིན་པར་དོན་མཐུན་པས། གཉིས་ཀ་ཡང་དེ་ལ་མི་བསླུ་བར་མཚུངས་མོད། སྔ་མས་འཇུག་ཡུལ་ལ་ངེས་པ་འདྲེན་མི་ནུས་པའི་ཕྱིར། ཕྱི་མ་བཅད་ཤེས་སུ་ཐལ་བ་མེད་དོ། །དེ་ཡང་གལ་ཆེ་བའི་དོན་འདི་ལྟར། གཞན་ལས་ངེས་དང་པོའི་སྐབས་སུ་དམར་འབར་བ་དང་མེ་གཉིས་ཀ རྒྱང་རིང་པོའི་དམར་འབར་བ་འཛིན་པའི་མིག་ཤེས་མངོན་སུམ་དེའི་འཇུག་ཡུལ་དུ་ཁྱད་པར་མེད་ཀྱང༌། གཅིག་ལ་ངེས་པ་འདྲེན་ནུས་ལ་གཅིག་ཤོས་ལ་མི་ནུས་པས་དེར་བཞག་པ་དང༌། གཞན་ངེས་གཉིས་པའི་སྐབས་སུ་ཤིང་ཤ་པ་གཉིས་ཀ་རྒྱང་རིང་པོའི་ནགས་ཚལ་མཐོང་བའི་མིག་ཤེས་ཀྱི་འཇུག་ཡུལ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། གཅིག་ལ་དེ་འདྲེན་ནུས་གཅིག་ཤོས་ལ་མ་ནུས་པས་དེར་བཞག་པ་དང༌། གཞན་ངེས་ཀྱི་ཚད་མར་བཤད་པ་གསུམ་ཀ་ཡང་འཇུག་ཡུལ་ལ་ནི་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་ཚད་མ་ཡིན་པ་དང༌། གསར་དུ་མི་བསླུ་བའི་རིག་པ་ཡིན་པ་འདྲ་ཡང༌། འཇུག་ཡུལ་དེ་མ་རྟོགས་པ་ནི་རྣམ་པ་དུ་མར་སྲིད་དོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །ནང་འགལ་གསུམ་པ་ལ་ཡང་གསུམ་ལས། དང་པོ་ནི། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་ལམ་པ་འཛིན་པའི་དབང་པོའི་མངོན་སུམ་ཆོས་ཅན། རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བ་ཡིན་པའི་ཆ་ལ་ཚད་མ་ཡིན་པར་ཐལ། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། རྟགས་ཁྱབ་དངོས་འགལ། འདོད་ན། དེ་ལ་སྒྲོ་འདོགས་ཆོད་པར་ཐལ་བ་དང༌། དེ་ལ་ངེས་པ་འདྲེན་ནུས་པར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །འཁོར་གསུམ་དངོས་འགལ་དུ་གྲགས་པའི་ཕྲེང་བ་མི་ཟད་པ་འདི་ནི་གཞན་ངེས་ཕྱི་མ་གཉིས་ལ་ཡང་སྦྱར་བར་བྱའོ། །ནང་འགལ་གཉིས་པ་ནི་མིག་རྒྱུ་ལ་ཆུ་འཛིན་གྱི་སྒྲོ་འདོགས་རྒྱུད་ལ་ལྡན་བཞིན་པའི་ཁ་དོག་འཛིན་པའི་མིག་ཤེས་ཚད་མ་མེད་པར་ཁས་ལེན་པ་དང༌། མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་མེའི་ཁ་དོག་འཛིན་པའི་མིག་ཤེས་ཚད་མ་ཡོད་པར་འདོད་པ་ནང་འགལ། ཡིད་གཟུགས་མཛེས་ལ་ཆགས་དུས་ཀྱི་སྒྲ་འཛིན་ཚད་མ་མེད་པར་འདོད་པ་དང༌། སྣང་བ་ཉིད་ཀྱང་གཞན་ལས་ངེས་དགོས་པའི་ཚད་མ་འདོད་པ་ནང་འགལ། དང་པོ་པའི་མངོན་སུམ་ཚད་མར་མེད་པར་འདོད་པ་དང༌། སྣང་བ་རང་ལས་ངེས་དང་སྤྱི་རང་ལས་ངེས་འདོད་པ་ནང་འགལ་ཏེ། དང་པོ་པའི་མཚན་གཞི་ནི། ཆོས་མཆོག་དང་ལོ་ཆེན་གྱིས་དེ་གཉིས་ཁོ་ན་ལ་བཤད་པའི་ཕྱིར། ཡང་སྣང་ལ་མ་ངེས་པ་དང༌། ཚད་མའི་གཞི་མཐུན་མེད་པར་ཁས་ལེན་པ་དང༌། གཞན་ལས་ངེས་ཀྱི་ཚད་མ་གསུམ་གྱི་རྣམ་བཞག་འདོད་པ་ནང་འགལ། ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་སྒྲོ་འདོགས་གཅོད་པས་ཁྱབ་པར་འདོད་པ་དང༌། གཞན་ལས་ངེས་གསུམ་གྱི་རྣམ་བཞག་འདོད་པ་ནང་འགལ་ལོ། །དེ་ལྟར་ན་འགལ་བའི་ཁུར་ཆེན་པོ་བཅོ་བརྒྱད་ཀྱིས་དར་ཊཱིཀ་པ་རྗེས་འབྲངས་དང་བཅས་པ་དག་དུས་རིང་མོ་ཞིག་ནས་ཤིན་ཏུ་ལྕི་བར་ནོན་ཀྱང་ང་དུང་རང་གི་རང་བཞིན་གསལ་བར་མ་ཤེས་པས། མཁས་པར་རློམ་པའི་བྱིས་པ་མང་པོ་དག་འདི་ཁོ་ནའི་རྗེས་སུ་འཇུག་ཅིང་རྒྱུག་པ་ནི་ཤིན་ཏུ་སྐོམ་པས་གདུངས་པའི་རི་དྭགས་གཞོན་ནུ་དག་སྨིག་སྒྱུའི་ཆུ་གཏེར་ཉམས་དགའ་བ་དག་ཏུ་འཇུག་པ་དང་མཚུངས་སོ། །རང་གཞན་གྲུབ་མཐའི་དེ་ཉིད་མ་ཕྱེད་པར། རང་ངེས་གཞན་ངེས་འབྱེད་པའི་མུ་ཅོར་གྱིས། །རང་བཟོའི་གཏམ་གང་རི་མོར་བྲིས་པ་ནི། །རང་གི་རང་བཞིན་གསལ་བར་བསྟན་མིན་ནམ། །རང་ལ་ཡིད་བརྟོན་བྱས་པའི་ཤེས་ལྡན་འགལ། །རང་བཞིན་མེད་པའི་ཚུལ་འདི་མཐོང་བ་ན། །རང་གི་ལུགས་གང་བོར་ནས་གཞན་ལུགས་ལ། །རང་དབང་མེད་པར་འཇུག་པ་འགའ་ཡོད་དམ། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་ལ་སློབ་དཔོན་ཆོས་མཆོག་གི་ལུགས་ལ་ལོ་ཆེན་གྱིས་སྐྱོན་བརྗོད་ནས་རང་ལུགས་ཇི་ལྟར་བཞག་པའི་ཚུལ། ལུགས་དེ་གཉིས་ཀ་ལ་ཕྱྭ་པས་སྐྱོན་བརྗོད་མཛད་ནས་རང་ལུགས་ཇི་ལྟར་བཞག་པའི་ཚུལ། ལུགས་ཕྱི་མ་གཉིས་ལ་རིག་གཏེར་མཛད་པས་སྐྱོན་བརྗོད་མཛད་ནས། རང་ལུགས་ཆོས་མཆོག་དང་མཐུན་པར་བཞག་པ་རྣམས་སོ། །དང་པོ་ནི། རྣམ་པར་ངེས་པའི་ཊཱི་ཀ་ལས། ཡུལ་གྱི་དོན་བདེན་པ་ངེས་པ་ན་ཡུལ་ཅན་གྱི་བློ་ཚད་མར་ངེས་པ་ནི་རང་ངེས་དང༌། ཡུལ་གྱི་དོན་བདེན་པར་ཚད་མ་རང་ཉིད་ཀྱིས་ངེས་མ་ནུས་པར་ཤེས་པ་ཕྱི་མ་གཞན་གྱིས་ཤེས་པ་སྔ་མའི་གཞལ་བྱ་བདེན་པར་ངེས་པ་ན་ཤེས་པ་སྔ་མ་དེ་ཉིད་ཚད་མར་ཤུགས་ལ་ངེས་པ་དེ་གཞན་ངེས་ཀྱི་དོན་ནོ། །མཚན་གཞི་ནི་རྗེས་དཔག་དང་གོམས་པ་ཅན་གཉིས་ནི་རང་ངེས་སོ། །དང་པོ་པ་ནི། གཞན་ངེས་ཀྱི་མཚན་གཞི་ཡིན་ལ། དེ་ལའང་སློབ་དཔོན་ཆོས་མཆོག་ལྟར་ན་གསུམ་སྟེ། དོན་ཡོད་པ་ཙམ་ལ་ཐེ་ཚོམ་ཟ་བ་དང༌། སྤྱི་ཡོད་པར་ངེས་ཀྱང་ཁྱད་པར་ལ་ཐེ་ཚོམ་ཟ་བ་དང༌། སྣང་བ་ཉིད་ལ་ཐེ་ཚོམ་ཟ་བ་དང་གསུམ་མོ་ཞེས་ཟེར་རོ། །དང་པོ་གཉིས་རིགས་ཀྱང་ཕྱི་མ་མི་རིགས་ཏེ། སྣང་བ་ལ་ཐེ་ཚོམ་ཟ་ན་ཚུ་རོལ་མཐོང་བའི་མངོན་སུམ་གྱི་ཚད་མར་འགལ་བའི་ཕྱིར་རོ། །གཞན་དུ་ན། སྔོན་པོའི་སྐད་ཅིག་ཀྱང་ཚུ་རོལ་མཐོང་བའི་མངོན་སུམ་གྱི་ཚད་མའི་ཡུལ་དུ་ཇི་ལྟར་མི་འགལ་ཞེས་དགག་པ་མཛད་ནས་རང་ལུགས་ལ། ཚད་མ་ཡིན་ན་རང་ཉིད་དོན་གང་ལ་ཚད་མ་ཡིན་པའི་དོན་དེ་ལ་རང་ལས་ངེས་ཡིན་དགོས་ཏེ། ཚད་མ་ཡིན་ན་རང་གི་གཞལ་བྱ་བདེན་པར་ངེས་དགོས་ལ་དེ་ངེས་པ་ན་རང་ཉིད་མི་བསླུ་བར་ཤུགས་ལ་ངེས་ནུས་པའི་ཕྱིར། དེ་ལྟ་ན་ཡང་ཚད་མ་ཡིན་པའི་ཐ་སྙད་རང་ལས་ངེས་པ་དང༌། གཞན་ལས་ངེས་པ་གཉིས་ཡིན་ནོ་ཞེས་གསུང་ངོ༌། །གཉིས་པ་ལ་གཞན་ལུགས་བཀག་ཚུལ་དང༌། རང་ལུགས་བཞག་པའི་ཚུལ་ལོ། །དང་པོ་ལ། རྔོག་ལོ་བཀག་པའི་ཚུལ་དང༌། ཆོས་མཆོག་བཀག་པའི་ཚུལ་ལོ། །དང་པོ་ནི། ཚད་མ་གཉིས་ཀྱི་འཇོག་ཚུལ་དེ་ལྟ་ན། བརྡ་མི་ཤེས་པའི་བྱིས་པ་དང༌། བ་ལང་རྫི་ལ་སོགས་པ་རྣམས་ལ་རང་ལས་ངེས་ཀྱི་ཚད་མ་རྒྱུན་ཆད་པར་འགྱུར་ལ། དེ་ཡང་འདོད་ན། གོམས་པ་ཅན་དང་དོན་བྱེད་སྣང་གི་མངོན་སུམ་རྒྱུན་ཆད་པར་འགྱུར་རོ། །ཡང་འཇིག་རྟེན་རྒྱང་འཕེན་གྱི་རྒྱུད་ཀྱི་རྗེས་དཔག་ཀྱང་གཞན་ལས་ངེས་སུ་འགྱུར་ཏེ། དེས་དེ་ལ་ཚད་མའི་ཐ་སྙད་མ་ཐོགས་པའི་ཕྱིར། གལ་ཏེ་མཚོན་བྱའི་ཐ་སྙད་མ་ངེས་ཀྱང༌། མཚན་ཉིད་མི་བསླུ་བ་ངེས་པས་རང་ངེས་སུ་འཇོག་གོ་ཞེ་ན། དེ་ལྟ་ན་མཚོན་བྱ་ཚད་མའི་ཐ་སྙད་ཀྱང་ངེས་པར་འགྱུར་ཏེ། ཚད་མའི་ཐ་སྙད་དང༌། མི་བསླུ་བའི་ཐ་སྙད་གཉིས་ཀ་ཐ་སྙད་རྣམ་གྲངས་པར་མཚུངས་པའི་ཕྱིར་ཏེ། གཉིས་ཀ་དོན་ལྡོག་རྒྱུ་མཚན་དུ་བྱས་པའི་ཐ་སྙད་ཡིན་པའི་ཕྱིར་ཞེས་འགོག་པར་མཛད་དོ། །གཉིས་པ་ཆོས་མཆོག་འགོག་པ་ནི། གཞན་ལས་ངེས་ཀྱི་ཚད་མ་ལ་གསུམ་དུ་འབྱེད་པར་མི་འཐད་དེ། ཕྱི་མ་གཉིས་གཞན་ལས་ངེས་ཀྱི་ཚད་མར་མི་འཐད་པའི་ཕྱིར། ཇི་ལྟར་མི་འཐད་ན། ཤིང་འཛིན་པའི་བློ་ཤ་པ་ལ་ཚད་མ་ཡིན་ན་ཤ་པའི་རིགས་ལ་ཚད་མ་ཡིན་ནམ་རྫས་ལ་ཡིན། དང་པོ་ལྟར་ན། དེ་མི་འཐད་དེ། དེ་ལ་སྣང་ལ་མ་ངེས་པའི་མཚན་ཉིད་ཞུགས་པའི་ཕྱིར། གཉིས་པ་ལྟར་ན་མི་རྟག་པའི་རྫས་ལ་ཡང་གཞན་ལས་ངེས་ཀྱི་ཚད་མར་འགྱུར་ལ། དེ་ལྟ་ན་བྱེ་བྲག་རང་ལས་ངེས་ལ་སྤྱི་གཞན་ལས་ངེས་ཀྱི་ཚད་མའང་ཡོད་པར་འགྱུར་རོ། །ཡང་སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མ་མི་འཐད་དེ། དེ་འཐད་ན་སྣང་ལ་མ་ངེས་པ་ཐམས་ཅད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་ཐལ་བའི་ཕྱིར་རོ། །ཞེས་དགག་པ་བརྗོད་ནས། རང་གི་ལུགས་འཇོག་པ་ན་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་གཉིས། དང་པོ་ནི། འདི་མཚན་གཞི་ལ་མཚན་ཉིད་ངེས་བྱེད་འཆད་པའི་སྐབས་ཡིན་པས། ཚད་མའི་མཚན་ཉིད་ནི་བདེན་པའི་དོན་རྟོགས་ཆོས་གསུམ་ཚང་བ་ཡིན་ལ། ཆོས་གསུམ་གྱི་ནང་ནས་འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་བ་དེ་བློའི་རྫས་དེ་ཉིད་ཀྱིས་ངེས་ན་རང་ངེས་དང༌། གཞན་གྱིས་ངེས་ན་གཞན་ངེས་སོ། །དེ་ཡང་ཡུལ་བདེན་པར་དངོས་སུ་ངེས་ན་བློ་དེ་ལ་མི་འཁྲུལ་བར་ཤུགས་ལ་ངེས་ནུས་པའི་ཕྱིར། འདིའི་སྐབས་ཀྱི་རང་ངེས་གཞན་ངེས་སུ་བཞག་པ་ནི་ཡུལ་ཅན་མི་བསླུ་བ་ལ་ཤུགས་རྟོགས་ཁོ་ན་ཡིན་ནོ། །ཡུལ་བདེན་པར་རྟོགས་ཚུལ་ལའང་གཉིས་ཏེ། མངོན་སུམ་གྱིས་རྟོགས་ཚུལ་དང༌། རྗེས་དཔག་གིས་རྟོགས་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མངོན་སུམ་གྱི་དངོས་རྟོགས་དང་ཤུགས་རྟོགས་སོ། །དང་པོ་ནི། དོན་རང་མཚན་དེ་ཉིད་ཀྱི་རྣམ་པ་སྣང་བའི་སྒོ་ནས་དོན་དེ་ཉིད་ལ་སྒྲོ་འདོགས་གཅོད་པ་སྟེ། ཟར་མའི་མེ་ཏོག་སྔོན་པོ་མཐོང་བའི་མིག་ཤེས་ཀྱིས་དེ་སྔོན་པོ་མིན་པའི་སྒྲོ་འདོགས་བཅད་ནས་རྟོགས་པ་ལྟ་བུའོ། །གཉིས་པ་ནི། དོན་རང་མཚན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་རང་ལ་མི་སྣང་བའི་དོན་གཞན་ལ་སྒྲོ་འདོགས་གཅོད་པ་སྟེ། དཔེར་ན་ཟར་མའི་མེ་ཏོག་སྔོན་པོ་མཐོང་བའི་མིག་ཤེས་ལ་ཟར་མའི་མེ་ཏོག་སེར་པོ་མ་ཡིན་པ་དེ་མི་སྣང་ཡང་དེ་སེར་པོ་ཡིན་པ་ལ་སྒྲོ་འདོགས་བཅད་ནས་རྟོགས་པ་ལྟ་བུའོ། །དེ་ལྟར་རྟོགས་ཚུལ་གཉིས་ཀས་ཀྱང་རང་ཉིད་མི་བསླུ་བར་ཤུགས་ལ་རྟོགས་པས་རང་ལས་ངེས་སོ། །གཉིས་པ་ལ་ཡང་རྗེས་དཔག་གི་དངོས་རྟོགས་དང་ཤུགས་རྟོགས་གཉིས། དང་པོ་ནི། དོན་དེ་ཉིད་ཀྱི་དོན་སྤྱི་སྣང་བའི་སྒོ་ནས་དོན་དེ་ཉིད་ལ་སྒྲོ་འདོགས་གཅོད་པ་སྟེ། དཔེར་ན་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་གིས་དེར་མེ་མེད་ཀྱི་སྒྲོ་འདོགས་བཅད་པ་ལྟ་བུའོ། །གཉིས་པ་ནི། རྗེས་དཔག་དེ་ལ་རང་ཉིད་མི་བསླུ་བ་ཡིན་པའི་དོན་སྤྱི་མ་ཤར་ཡང་རང་ཉིད་མི་བསླུ་བ་ཡིན་པ་ལ་སྒྲོ་འདོགས་བཅད་པ་ལྟ་བུའོ། །དེ་ཡང་མངོན་སུམ་གྱི་དངོས་ཡུལ་དང་ཤུགས་ཡུལ་གཉིས་ཀ་ལ་སྒྲོ་འདོགས་བཅད་པའི་ཚད་མ་ཡིན་པ་ལ་ཁྱད་པར་མེད་ལ། དངོས་སུ་སྣང་མི་སྣང་གི་ཁྱད་པར་ཡོད་པས་མངོན་སུམ་ཡིན་མིན་གྱི་ཁྱད་པར་ཡོད་དོ། །འོ་ན་ཤུགས་ཡུལ་ལ་མངོན་སུམ་ཡིན་པའི་ཚད་མར་འདོད་དམ་ཞེ་ན་མི་འདོད་དེ། དངོས་ཡུལ་ལ་སྒྲོ་འདོགས་བཅད་པའི་སྟོབས་ཀྱིས། ཤུགས་ཡུལ་ལ་སྒྲོ་འདོགས་ཆོད་པའི་ཕྱིར་མངོན་སུམ་གྱི་ཚད་མ་ཁོ་ནའོ། །དེ་བཞིན་དུ་རྗེས་དཔག་གིས་ཀྱང་དངོས་ཤུགས་ཀྱི་ཡུལ་གཉིས་ཀ་ལ་སྒྲོ་འདོགས་བཅད་པས་ཚད་མ་ཡིན་པ་ལ་ཁྱད་པར་མེད་ཀྱང་ཡུལ་དེ་ཉིད་ཀྱི་དོན་སྤྱི་ཤར་མ་ཤར་གྱི་ཁྱད་པར་ཡོད་པས། རྟོག་པ་ཡིན་མིན་གྱི་ཁྱད་པར་ཤིན་ཏུ་ཆེའོ། །གཉིས་པ་མཚན་གཞི་དོན་བྱེད་སྣང་དང༌། གོམས་པ་ཅན་དང༌། རང་རིག་དང༌། རྗེས་སུ་དཔག་པ་རྣམས་ནི་རང་ལས་ངེས་སོ། །གཞན་ལས་ངེས་ཀྱི་མཚན་གཞི་ནི་སློབ་དཔོན་ཆོས་མཆོག་གི་བཞེད་པའི་སྣང་བ་རང་ལས་ངེས་སུ་བཤད་པ་དེ་གཅིག་པུ་ཡིན་ནོ་ཞེས་གསུང་ངོ༌། །གསུམ་པ་ལ་ལོ་ཆེན་གྱི་བཞེད་པ་བཀག་པའི་ཚུལ། ཕྱྭ་པའི་བཞེད་པ་བཀག་པའི་ཚུལ་ཆོས་མཆོག་གི་ལུགས་དེ་ཉིད་རང་གཞུང་དུ་བཞག་པའོ། །དང་པོ་ནི། ལ་ལ་རང་ལས་ངེས་པར་འདོད། །ཅེས་དང༌། ཁ་ཅིག་ཡུལ་དང་ངོ་བོ་ལ། །རྟགས་ན་གཞན་ངེས་མི་སྲིད་ཟེར། །ཞེས་ཕྱོགས་སྔ་མར་བཀོད་ནས་བཀག་པ་ཉིད་ཡིན་ནོ། །ཞར་ལ་ཚད་མ་ལ་གཞན་ལས་ངེས་ཀྱིས་ཁྱབ་པར་འདོད་པ་ནི་བྲམ་ཟེ་ཆེན་པོ་ཤལ་ཀ་རིལ་བཞེད་པ་ཡིན་ཏེ། འཇུག་ཡུལ་གྱི་དོན་དེ་མེད་ན་ཚད་མ་རང་ཉིད་མི་འབྱུང་བའི་འབྲེལ་པ་དེ་དཔྱོད་པས་ངེས་པར་བྱེད་དགོས་པའི་ཕྱིར་ཞེས་བཞེད་པར་ཕྱྭ་པས་བཤད་དོ། །གཉིས་པ་ནི། ཁ་ཅིག་དངོས་ཤུགས་སྒོ་ནས་ཀྱང༌། སྒྲུབ་པ་དང་ནི་འགོག་ཅེས་ཟེར། །རྗེས་དཔག་ཤུགས་རྟོགས་ཉིད་དུ་འགྱུར། །མིན་ན་ཚད་མ་གསུམ་པར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི། རྗེས་དཔག་ཤུགས་རྟོགས་སུ་ཐལ་བ། ཤུགས་རྟོགས་རྗེས་དཔག་ཏུ་ཐལ་བ། གཞན་ངེས་མི་སྲིད་པར་ཐལ་བའོ། །དང་པོ་ནི། དངོས་རྟོགས་ཀྱི་ཚད་མར་འདོད་པའི་རྗེས་དཔག་ཐམས་ཅད་ཤུགས་རྟོགས་སུ་ཐལ། དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་སྒྲོ་འདོགས་གཅོད་པ་ཁོ་ན་ཡིན་པའི་ཕྱིར། དཔེར་ན། ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་དེ་ལ་རང་གི་འཇུག་ཡུལ་མིན་པའི་དོན་གཞན་གྱི་རྣམ་པ་སྣང་བའི་སྒོ་ནས་རང་གི་འཇུག་ཡུལ་ལ་སྒྲོ་འདོགས་གཅོད་པ་བཞིན་ནོ། །གལ་ཏེ་མེ་དང་རང་མཚན་གྱི་དོན་སྤྱི་དེ་ཉིད་མེ་རང་མཚན་གྱི་རྣམ་པ་ཡིན་པས། ཉེས་པ་དེ་མེད་དོ་ཞེ་ན། རྗེས་དཔག་དེ་ཆོས་ཅན། མེ་རང་མཚན་དངོས་སུ་རྟོགས་པར་ཐལ། དེའི་རྣམ་པ་ཤར་བའི་སྒོ་ནས་དེ་ལ་གསར་དུ་མི་བསླུ་བའི་རིགས་པ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། འདོད་ན་རྟོག་པས་རང་མཚན་དངོས་སུ་འཛིན་པ་ཆོས་ཀྱི་གྲགས་པའི་གཞུང་ན་མེད་དོ། །དེ་བཞིན་དུ་དོན་དེ་རྟོགས་པའི་རྗེས་དཔག་ཏུ་ཁས་བླངས་ནས་དོན་དེ་ལ་རྟོག་པ་མ་ཡིན་པ་དང༌། དོན་དེ་རྟོགས་པའི་མངོན་སུམ་དུ་ཁས་བླངས་ནས་དོན་དེ་ལ་རྟོག་མེད་ཀྱི་ཤེས་པ་མ་ཡིན་པར་ཁས་བླངས་པ་དེ་ཡང་དེའི་གཞུང་ན་མེད་དོ། །གཉིས་པ་ནི། ཤུགས་རྟོགས་སུ་འདོད་པའི་ཚད་མ་ཐམས་ཅད་ཆོས་ཅན། རང་གི་ཤུགས་རྟོགས་ཀྱི་གཞལ་བྱ་དེ་དང་དེ་ལ་རྗེས་དཔག་ཏུ་ཐལ། དེ་དང་དེ་ལ་ཚད་མ་གང་ཞིག་མངོན་སུམ་མིན་པའི་ཕྱིར། ཁྱབ་པ་ནི་ཁྱོད་ཀྱི་བློ་ངོར་ཡོད་དེ། ཚད་མ་ཡིན་ལ་མངོན་རྗེས་གང་རུང་མིན་ན་ཚད་མ་གསུམ་པར་འགྱུར་དགོས་པའི་ཕྱིར། གལ་ཏེ་མངོན་སུམ་ཤུགས་རྟོགས་དེ་ཤུགས་ཡུལ་དེ་ལ་མངོན་སུམ་མིན་ཀྱང་སྤྱིར་མངོན་སུམ་དུ་ཁས་ལེན་པ་དང་རྗེས་དཔག་ལ་ཡང་དེ་བཞིན་དུ་ཁས་ལེན་པས་ཉེས་པ་མེད་དོ། །ཞེ་ན་འོ་ན་མངོན་སུམ་ཤུགས་རྟོགས་ཀྱི་མཚན་གཞིར་འདོད་པ་དེ་དང་དེ་ཆོས་ཅན། རང་གི་ཤུགས་ཡུལ་དེ་ལ་རྟོག་པར་ཐལ། དེ་གསར་དུ་རྟོགས་པ་གང་ཞིག དེ་ལ་རྟོག་མེད་ཀྱི་ཤེས་པ་མིན་པའི་ཕྱིར། རྟགས་སྔ་མ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན་དེ་ལ་མངོན་སུམ་གྱི་ཚད་མ་ཡིན་པར་འགྱུར་རོ། །རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། དེ་ལ་མངོན་སུམ་དུ་ཐལ། དེ་ལ་རྟོག་པ་དང་བྲལ་ཞིང་དེ་ལ་མ་འཁྲུལ་པའི་རིག་པ་ཡིན་པའི་ཕྱིར། འོ་ན་དོན་དེ་ལ་ཚད་མ་ཡིན་ན་དོན་དེ་ཉིད་ལ་མངོན་རྗེས་གང་རུང་ཡིན་པས་ཁྱབ་པ་འདི་ངེས་པར་ཁྱོད་ཀྱིས་ཁས་ལེན་པར་ནུས་སམ་ཞེ་ན། ཁོ་བོ་ཅག་གི་ནི་མ་ཡིན་ཏེ། ཚད་མར་སོང་སའི་ཡུལ་ནི་འཇུག་ཡུལ་གང་དང་གང་ཡིན་པ་དེ་ལ་འཇོག་པའི་ཕྱིར། དཔེར་ན་མེའི་ཁ་དོག་མཐོང་བའི་མིག་ཤེས་དེ་མེ་རང་མཚན་ལ་ཚད་མ་ཡིན་ཀྱང་དེ་གཉིས་གང་རུང་མ་ཡིན་པ་དང༌། དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་ཁྱབ་འཇལ་བའི་ཚད་མ་དེ་སྒྲ་མི་རྟག་པ་རང་མཚན་ལ་ཚད་མ་ཡིན་ཀྱང༌། དེ་གཉིས་གང་རུང་མ་ཡིན་པ་བཞིན་ནོ། །དོན་དེ་ལ་ཚད་མ་ཡིན་ན་དོན་དེ་ཉིད་ལ་མངོན་རྗེས་གང་རུང་ཡིན་པས་ཁྱབ་པ་ནི་སློབ་དཔོན་ཕྱྭ་པའི་རྗེས་སུ་འཇུག་པ་དག་གི་ངེས་པར་ཁས་ལེན་དགོས་ཏེ། ལུགས་དེར་ནི་ཚད་མ་གང་གིས་སྒྲོ་འདོགས་གསར་དུ་བཅད་པ་དང༌། གསར་དུ་རྟོགས་པའི་དོན་དེ་ཉིད་ལ་ཚད་མར་ཁས་ལེན་གྱི། དེ་གསར་དུ་མ་རྟོགས་ན་དེ་ལ་ཚད་མ་ཡིན་པར་འགལ་ལོ་ཞེས་ཁས་ལེན་དགོས་ཤིང་འདུག་པའི་ཕྱིར། འོ་ན་ཅི། གཞལ་བྱ་ལ་གཉིས་སུ་ངེས་པའི་རྟགས་ཀྱིས་ཚད་མ་ལ་དེར་ངེས་ཞེས་བྱ་བ་དེ་ཁྱོད་ཀྱིས་ངེས་པར་ཁས་མི་ལེན་ནམ་ཞེ་ན། དེ་མི་ལེན་པ་མ་ཡིན་ཏེ། སྤྱི་མཚན་རྟོགས་པའི་ཚད་མ་ཡིན་ན་སྤྱིར་རྗེས་སུ་དཔག་པའི་ཚད་མ་དང༌། བྱེ་བྲག་རྗེས་དཔག་དང་རྟོག་པ་ཡིན་པས་ཁྱབ་པ་དང༌། རང་མཚན་རྟོགས་པའི་ཚད་མ་ཡིན་ན་སྤྱིར་མངོན་སུམ་ཚད་མ་དང༌། བྱེ་བྲག་རྟོག་མེད་དང་མངོན་སུམ་ཡིན་པས་ཁྱབ་པར་ཁས་ལེན་པའི་ཕྱིར། དེ་ལྟ་ན་ཡང་ཚད་མ་དེ་གཉིས་ཀ་ཡང་ཚད་མར་སོང་སའི་གཞལ་བྱ་ནི་རང་མཚན་གཅིག་པུ་ཁོ་ནའོ། །དེ་ལ་ཡང་མངོན་ལྐོག་གི་དབྱེ་བས་རྣམ་པ་གཉིས་སོ། །དེའི་ཕྱིར་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བསྒྲུབ་པའི་ཁྱབ་འགྲེལ་སྒྲུབ་བྱེད་དུ་འཇུག་ཡུལ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པ་ཞེས་བྱ་བའི་གཏན་ཚིགས་འདི་འབྲེལ་བ་ཡིན་གྱི། གཞལ་བྱ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་རྟགས་ཀྱི་ཚད་མ་ལ་དེ་གཉིས་སུ་གྲངས་ངེས་པར་བསྒྲུབ་པ་གཞུང་ན་མེད་དོ། །གཞན་ཡང་གོམས་པ་ཅན་གྱི་སྔོ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་ཉིད་མི་བསླུ་བར་ཤུགས་ལ་ངེས་པ་མིན་ཏེ། དེ་ཁྱོད་ཀྱི་ཤུགས་ཡུལ་མ་ཡིན་པའི་ཕྱིར། ཁྱོད་དེ་ལ་མངོན་སུམ་ཡིན་པའི་ཕྱིར་ཏེ། ཁྱོད་རང་གི་ངོ་བོ་ལ་མངོན་སུམ་གང་ཞིག ཁྱོད་ཀྱི་ངོ་བོ་དང་དེ་གཉིས་གྲུབ་བདེ་རྫས་གཅིག་པའི་ཕྱིར། གསུམ་པ་ལ། རིགས་པ་དང་འགལ་བ་དང༌། ཁས་བླངས་དང་འགལ་བའོ། །དང་པོ་ནི། སྣང་བ་རང་ལས་ངེས་དང༌། བདེན་པ་གཞན་ལས་ངེས་ཀྱི་མཚན་གཞིར་བཟུང་བ་དེ་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ཉིད་རང་གི་གཞལ་བྱ་མི་བསླུ་བར་རང་ཉིད་ཀྱིས་ངེས་པའི་ཕྱིར། ཁྱབ་པ་དང་ཐལ་བ་ཁས་བླངས། མ་གྲུབ་ན་དེར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། དེར་ཐལ། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །ཡང་གཞན་ལས་ངེས་ཀྱི་ཚད་མ་མི་སྲིད་པར་འགྱུར་ཏེ། དེའི་མཚན་གཞིར་འདོད་པའི་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་དེ་ལ་སྣང་ལ་མ་ངེས་པའི་མཚན་ཉིད་ཞུགས་པའི་ཕྱིར། དེ་ལ་དེ་མ་ཞུགས་ན་ཁྱད་པར་གཞན་ལས་ངེས་ལ་ཡང་དེ་མ་ཞུགས་པར་མཚུངས་སོ། །དེའི་ཕྱིར་ཤུགས་ལ་རྟོགས་པ་དེ་ཚད་མ་རང་དུས་སུ་ཡོད་པར་ཁས་ལེན་པ་དང༌། གཞན་ལས་ངེས་སུ་སོང་བའི་ཡུལ་དེ་ཤུགས་ཡུལ་ཁོ་ན་ཡིན་པར་འདོད་པ་དང༌། དོན་གང་ལ་ཚད་མ་ཡིན་ན། དེ་ལ་སྒྲོ་འདོགས་བཅད་པས་ཁྱབ་པར་འདོད་པ་གསུམ་ནང་འགལ་བ་ཡིན་ནོ། །གསུམ་པ་ནི། ཇི་སྐད་དུ། དོན་རིག་གཉིས་དང་རང་རིག་དང༌། །ཞེས་པ་ནས། བྱེད་པའམ་རྗེས་དཔག་ཉིད་ལ་དགོངས། །ཞེས་པའི་བར་གྱི་རང་ལུགས་བཞག་པ་རྣམས་ནི་རྒྱལ་རྔ་བདུན་པ་ཆོས་མཆོག་གི་བཞེད་པ་དང་མཐུན་པར་བཞག་པ་ཡིན་པར་ངེས་སོ། །མདོར་ན། མཚོན་བྱ་ཚད་མའི་ཐ་སྙད་ལ་ལྟོས་ནས་རང་ངེས་གཞན་ངེས་སུ་འཇོག་ཅིང༌། མཚན་ཉིད་མི་བསླུ་བ་ལ་ལྟོས་ཏེ་རང་ངེས་ཀྱི་ཁྱབ་པར་བཞེད་པ་ལོ་ཆེན་གྱི་ལུགས། མཚན་ཉིད་མི་བསླུ་བ་ལ་ལྟོས་ཏེ་རང་ངེས་གཞན་ངེས་སུ་བཞེད་པ་ཕྱྭ་པའི་ལུགས། དེ་གཉིས་ཀས་ཀྱང་ཤུགས་རྟོགས་ཀྱི་སྒོ་ནས་དེ་དང་དེར་འཇོག་པ་ཡིན་ཏེ། ཡུལ་བདེན་པར་དངོས་སུ་ངེས་པ་ན། ཡུལ་ཅན་ཚད་མའང་མི་བསླུ་བར་ཤུགས་ལ་ངེས་ཚུལ་ལས་དེ་དང་དེར་འཇོག་པའི་ཕྱིར། གང་ལ་ཚད་མར་སོང་སའི་འཇུག་ཡུལ་ལ་ངེས་པ་འདྲེན་མི་འདྲེན་ནམ། ངེས་མ་ངེས་ལས་དེར་འཇོག་པ་སློབ་དཔོན་ཆོས་མཆོག་དང་ས་སྐྱ་པཎྜི་ཏའི་ལུགས། གསར་དུ་རྟོགས་པའི་གཞལ་བྱ་དེ་ཉིད་ལ་ངེས་པ་འདྲེན་མི་འདྲེན་གྱི་སྒོ་ནས་དེར་འཇོག་པ་བོད་ཕྱི་རབས་པ་མང་པོའི་ལུགས་སོ། །གཞན་བློས་བརྟགས་པའི་གྲུབ་མཐའ་འདི་བཟུང་ན། གཞན་ངེས་ཚད་མའི་རྣམ་བཞག་ག་ལ་འབྱུང༌། གཞན་ལ་མ་གྲགས་རྒྱལ་རྔ་བདུན་པའི་ལུགས། །གཞན་ཕན་བློ་ཡིས་དེང་འདིར་རི་མོར་བྲིས། །གཞན་དང་མི་མཐུན་གཙོ་བོར་བྱེད་པ་ཡི། །གཞན་ཟེར་གྱ་གྱུའི་ཚིག་ཕྲེང་འདིར་མ་བཀོད། །གཞན་དང་མི་མཉམ་རྣམ་དཔྱོད་ལག་པ་ཡིས། །གཞན་ལུགས་རྟོག་གེའི་ཆོམ་རྐུན་རིང་དུ་དོར། །ཞེས་བྱ་བ་འདིས་ནི་ཚད་མ་སྤྱིའི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ།། །།མངོན་ལྐོག་ཆོས་ཀྱི་གནས་ལུགས་ཇི་སྙེད་པ། །མངོན་གྱུར་ཁོ་ནར་ཇི་བཞིན་ལེགས་གཟིགས་ནས། །མངོན་པར་གསལ་བའི་གསུང་གིས་སྟོན་མཛད་པའི། །མངོན་སུམ་ལེའུ་གསུང་ཁྱོད་ཕྱག་བྱའི་གནས། །ཞེས་མཆོད་པར་བརྗོད་ནས། མཚན་གཞི་སོ་སོའི་དོན་གཏན་ལ་དབབ་པ་ལ་མངོན་སུམ་དང་རྗེས་དཔག་ཡང་དག་གི་རྣམ་གཞག་རྒྱས་པར་བཤད། ལྟར་སྣང་གི་འཆད་ཚུལ་བསྡུས་ཏེ་བསྟན། ཚད་མ་དེ་གཉིས་ཀྱི་འབྲས་བུའི་རྣམ་པར་རྟོག་པ་སོ་སོར་བཤད་པའོ། །དང་པོ་ལ། མངོན་སུམ་ཡང་དག་རྒྱས་པར་བཤད་པ་དང༌། རྗེས་དཔག་བསྡུས་ཏེ་སྟོན་པ་གཉིས། དང་པོ་ལ། མཚན་ཉིད་དང་མཚན་གཞི་སོ་སོའི་དོན་ནོ། །དང་པོ་ལ། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ལ། སློབ་དཔོན་དུལ་བའི་ལྷ་ནི། རྟོག་པ་དང་བྲལ་ཞིང་འཇུག་ཡུལ་ལ་མི་བསླུ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་འདོད་ཅིང༌། འདི་མདོ་སེམས་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མངོན་སུམ་གྱི་མཚན་ཉིད་དུ་འདོད། འདི་ལ་སློབ་དཔོན་ཆོས་མཆོག་གིས་སྐྱོན་བརྗོད་པ་ན། འདིར་མངོན་སུམ་གྱི་མཚན་ཉིད་ནི་རྣལ་འབྱོར་སྤྱོད་པ་ལ་རྗེས་སུ་འགྲོ་བ་མ་ཡིན་པའི་ཕྱིར། རྣམ་ངེས་ལས། དོན་གྱི་མཐུ་ཡིས་ནི། །ཡང་དག་སྐྱེ་བ་ཡིན་ཕྱིར་རོ། །ཞེས་རྟོག་བྲལ་གྱི་སྒྲུབ་བྱེད་དུ་གཟུང་དོན་ལས་སྐྱེ་བར་བཤད་པ་དང༌། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཉིད། །ཅེས་ཕྱི་རོལ་གྱི་དོན་མེད་ན་མི་འབྱུང་བར་བཤད་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ནི་མ་འཁྲུལ་བ་ལས་མངོན་སུམ་དུ་མི་འཇོག་གི བག་ཆགས་བརྟན་པ་ལས་མངོན་སུམ་དུ་འཇོག་པའི་ཕྱིར་ཞེས་འགོད་པར་མཛད་དོ། །སློབ་དཔོན་ཆོས་མཆོག་རང་གི་ལུགས་ནི། རྟོག་པ་དང་བྲལ་བ་བདེན་ཞིང་གཟུང་ཡུལ་ལ་མ་འཁྲུལ་བའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་དུ་འདོད། དེ་ལ་རྔོ་ལོ་ཆེན་པོས་དགག་པ་མཛད་པ་ནི། གཞན་ལས་ངེས་ཀྱི་མངོན་སུམ་གྱི་ཚད་མ་རྣམས་རང་གི་གཟུང་ཡུལ་ལ་མི་བསླུ་བ་ཡིན་པར་འགྱུར་ཏེ། མ་འཁྲུལ་བའི་དོན་གཟུང་ཡུལ་ལ་མ་འཁྲུལ་བ་ལ་བྱེད་པ་གང་ཞིག ཚད་མར་འཇོག་བྱེད་ཀྱི་གཙོ་བོ་མི་བསླུ་བ་ཡང་མ་འཁྲུལ་བའི་ཁོག་ནས་ཐོན་དགོས་པའི་ཕྱིར། ཞེས་དགག་པ་མཛད་ནས། རང་གི་ལུགས་ལ་རྟོག་པ་དང་བྲལ་ཞིང་ཡུལ་བདེན་པ་ལ་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་དུ་བཞེད་དོ། །དེ་ལ་ཕྱྭ་པས་དགག་པ་མཛད་པ་ནི། འོ་ན་ཡུལ་བདེན་པ་དེ་གང་ལ་བྱེད་ཡུལ་ཙམ་ལ་བྱེད་དམ་གཟུང་ཡུལ་ལ་བྱེད་རྣམ་པར་བརྟགས་ནས། དང་པོ་ལྟར་ན་རྟོག་མྱོང་རང་རིག་མངོན་སུམ་ཀྱང་རང་གི་ཡུལ་ལ་མངོན་སུམ་དུ་ཐལ་བ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཀྱང་སྒྲ་རྟག་པ་མ་ཡིན་པ་ལ་མངོན་སུམ་དུ་ཐལ་ལོ་ཞེས་པའི་སྐྱོན་བརྗོད་ནས་རང་གི་ལུགས་ལ་རྟོག་པ་དང་བྲལ་ཞིང་གཟུང་ཡུལ་ལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དང༌། མྱོངས་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་རིག་པ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་ཞེས་གསུང་ངོ༌། །འདི་ལ་རིགས་པའི་གཏེར་ལས་དགག་པ་མཛད་པ་ནི། དེ་མི་འཐད་དེ། མངོན་སུམ་དང༌། དེ་ཚད་མ་གཉིས་ཀྱི་མཚན་ཉིད་སོ་སོར་འབྱེད་པ་གཞུང་ལས་མ་གསུངས་ཤིང༌། སྒྲོ་འདོགས་གཅོད་པ་མངོན་སུམ་ལ་མི་སྲིད་པའི་ཕྱིར་དང༌། རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་ལ་གཟུང་ཡུལ་མེད་པས་མཚན་ཉིད་དེས་མ་ཁྱབ་པར་ཐལ་བའི་ཕྱིར་རོ། །ཞེས་འགོག་པར་མཛད་དོ། །གཉིས་པ་རང་གི་ལུགས་ལ། མཚན་ཉིད་དངོས་དང༌། མངོན་སུམ་ལ་ཚད་མས་མ་ཁྱབ་པར་འདོད་པའི་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ། གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང༌། དེས་བསྟན་པའི་མཚན་ཉིད་དངོས་སོ། །དང་པོ་ནི། ཇི་སྐད་དུ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པའི་སྤྱིར་བཏང་དང༌། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པར་འཁྲུལ་པའི་ཤེས་པ་ཐམས་ཅད་མངོན་སུམ་ལྟར་སྣང་དུ་བསྟན་པ་དམིགས་བསལ་གྱི་ཚིག་གཉིས་ལ་བརྟེན་ནས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བསྟན་པར་བསྟན་བཅོས་མཛད་པའི་སློབ་དཔོན་ཐམས་ཅད་མཐུན་པར་བཞེད་དོ། །གཉིས་པ་ནི། དོན་དེ་ལ་རྟོག་པ་དང་བྲལ་ཞིང་དོན་དེ་ལ་མ་འཁྲུལ་བའི་རིག་པ་དེ། དོན་དེ་ལ་མངོན་སུམ་གྱི་མཚན་ཉིད་དོ། །དེ་ལ་རྟོག་པ་བྲལ་བའི་དོན་ནི། རྟོག་པ་མ་ཡིན་པ་ལ་བྱེད་པར་ནི་གཞུང་ཉིད་དུ། མངོན་སུམ་རྟོག་བྲལ་གྱི་སྒྲུབ་བྱེད་བཤད་པ་ལས་གསལ་བར་ཤེས་སོ། །མ་འཁྲུལ་བའི་དོན་ལ་གཉིས་ཏེ། མདོ་སྡེ་པའི་གཞུང་ལ་བརྟེན་པ་དང་རྣལ་འབྱོར་སྤྱོད་པའི་གཞུང་ལ་བརྟེན་པའོ། །དང་པོ་ནི། འཕྲལ་གྱི་འཁྲུལ་བའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་སྐྱེད་པ་ལ་འཆད་པ་ཡིན་ཏེ། ཇི་སྐད་དུ། རབ་རིབ་དང་མྱུར་དུ་བསྐོར་བ་དང་གྲུར་ཞུགས་པའི་འཁྲུགས་པ་ལ་སོགས་པས་འཁྲུལ་པ་མ་སྐྱེད་ཅིང༌། རྟོག་པ་མེད་པའི་ཤེས་པ་ནི་མངོན་སུམ་མོ་ཞེས་གསུངས་པས་སོ། །འཁྲུལ་པའི་རྒྱུ་བཞི་ནི་འདི་ལྟ་སྟེ། རབ་རིབ་ཀྱིས་འཁྲུལ་པ་དང༌། མྱུར་དུ་བསྐོར་བས་འཁྲུགས་པ་དང༌། གྲུར་ཞུགས་པས་འཁྲུལ་པ་དང༌། སོགས་པའི་སྒྲས་བསྡུས་པ་འཁྲུགས་པས་འཁྲུལ་པར་བསྐྱེད་པའོ། །དེ་དག་ནི་གོ་རིམ་བཞིན་དུ། འཁྲུལ་པའི་རྒྱུ་དབང་པོ་ལ་ཡོད་པ་དང༌། ཡུལ་ལ་ཡོད་པ་དང༌། རྟེན་ལ་ཡོད་པ་དང་གསུམ་ཆོས་མཆོག་གི་བཤད་ལ། དེ་མ་ཐག་རྐྱེན་ལ་ཡོད་པ་ཞེས་བྱ་བ་ནི་བོད་ཀྱི་སློབ་དཔོན་དག་གི་འདོད་པའོ། །འདིར་འཁྲུལ་པ་དང་པོ་གསུམ་ནི་དབང་པོ་ལ་འཁྲུལ་པ་ཡིན་པར་འཐད་ལྡན་ལས་གསལ་བར་བཤད་ཅིང༌། བཞི་པ་ལ་གསལ་ཁ་མ་བཤད་ལ། ཆོས་མཆོག་ཆུང་བར། འཁྲུགས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་སོགས་པ་སྟེ། རླུང་ལས་སོགས་པས་འཁྲུགས་པར་གྱུར་ན་ཀ་བ་ལས་སོགས་པ་ལ་འབར་བར་འཁྲུལ་པ་སྐྱེའོ། །འཁྲུལ་པའི་རྒྱུ་འདི་ནི་ནང་ལ་ཡོད་པའོ། །ཞེས་གསུངས་ཤིང་འཁྲུལ་པའི་རྒྱུ་བཞི་ཀས་དབང་པོ་ཉིད་བསྒྱུར་བར་བྱེད་པར་གསུངས་ཀྱི། དེ་མ་ཐག་རྐྱེན་ལ་ཡོད་པར་མ་གསུངས་སོ། །དེ་ལྟ་མོད་ཀྱི། འདོད་འཇིགས་མྱ་ངན་གྱིས་བརླམས་དང༌། ཞེས་སོགས་ཀྱི་སྐབས་ནས་བཤད་པ་ལྟར་ཡིན་པར་ངེས་སོ། །འོ་ན་འཁྲུལ་པའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་སྐྱེད་པའི་རིག་པ་ཡིན་པ་ཙམ་གྱིས་མ་འཁྲུལ་པར་འཇོག་ནུས་སམ་ཞེ་ན། མ་ཡིན་ཏེ། བདག་ཏུ་འཛིན་པ་རྣམ་པ་གཉིས་དང༌། ལྷན་ཅིག་སྐྱེས་པའི་ཆགས་སོགས་ཉོན་མོངས་པ་རྣམས་ཀྱང་དེར་ཐལ་བའི་ཕྱིར་རོ། །འོ་ན་སློབ་དཔོན་ཆོས་མཆོག་དང་རིགས་པའི་གཏེར་ལས། མ་འཁྲུལ་བའི་རིག་པ་རྐྱང་པས་མངོན་སུམ་གྱི་རིགས་མི་མཐུན་མཐའ་དག་གཅོད་ནུས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་མཚོན་བྱ་མ་འཁྲུལ་བའི་ཐ་སྙད་དེས་དེ་སེལ་བར་ནུས་པ་ཡིན་གྱི། དེའི་དོན་ལྡོག་ཏུ་བཤད་པའི་འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་སྐྱེད་པ་དེས་དེའི་རིགས་མི་མཐུན་ཐམས་ཅད་སེལ་བར་ནུས་པ་མ་ཡིན་ཏེ། ནུས་ན་ཀུན་གཞི་དང་ཉོན་ཡིད་དང༌། ཤེས་སྒྲིབ་རྟོགས་པ་ཐམས་ཅད་ལ་ཧ་ཅང་ཐལ་བའི་ཕྱིར་རོ། །དེས་ན་འདིར་མ་འཁྲུལ་བའི་དོན་ནི། རྟོག་པ་མེད་ཅིང་འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་སྐྱེད་པའི་རིག་པའོ། །དེའི་རྒྱུ་མཚན་ཡང་མདོ་སྡེ་པའི་ལུགས་འདིར་རྟོག་པ་དང་རྟོག་མེད་ཀྱི་འཁྲུལ་ཤེས་གཉིས། འཁྲུལ་པར་འཇོག་པའི་རྒྱུ་མཚན་མི་འདྲ་བའི་དབང་གིས་ཡིན་ནོ། །ཇི་ལྟར་མི་འདྲ་ཞེ་ན། རྟོག་པ་རྣམས་ནི་ཐོག་མ་མེད་པ་བས་སྣང་བརྟགས་གཅིག་ཏུ་འཁྲུལ་པའི་དབང་གིས་ངོ་བོ་འཁྲུལ་པར་སྐྱེས་པའི་ཕྱིར་མ་འཁྲུལ་བའི་སྐབས་མི་སྲིད་ལ། རྟོགས་མེད་ཀྱི་ཤེས་པ་རྣམས་ནི་འཕྲལ་གྱི་འཁྲུལ་རྒྱུད་མ་བསླད་ན་དོན་རང་མཚན་གསལ་བར་སྣང་བས་མ་འཁྲུལ་པར་འཇོག་ནུས་པའི་ཕྱིར་དང༌། གཟུང་འཛིན་གཉིས་སུ་སྣང་བ་ནི་འཁྲུལ་པར་མི་འདོད་པའི་ཕྱིར། དེ་སྐད་དུ་ཡང༌། ཆོས་མཆོག་ཆུང་བ་ལས། རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པ་ནི་ཕན་ཚུན་བལྟོས་པ་ན་མངོན་སུམ་གྱི་མཚན་ཉིད་ཡིན་གྱི། སོ་སོར་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་དང་བྲལ་ཞིང་མ་འཁྲུལ་བ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ་ཞེས་མཚན་ཉིད་གཉིས་ཕན་ཚུན་ལྟོས་པ་མངོན་སུམ་གྱིས་ཡུལ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་གསུངས་པས་སོ། །གཉིས་པ་ལ་དངོས་དང་རྣམ་གྲངས་གཞན་བསྟན་པའོ། །དང་པོ་ནི། རང་ཉིད་གང་ལ་རིག་པར་སོང་བའི་དོན་དེ་ལ་འཕྲལ་དང་ཕུགས་ཀྱི་འཁྲུལ་རྒྱུས་འཁྲུལ་པར་མ་སྐྱེས་པའི་རིགས་པ་དེ། དོན་དེ་ལ་མ་འཁྲུལ་བའི་ཤེས་པའི་མཚན་ཉིད་དོ། །མཚན་གཞི་ནི་རྟོག་པ་ཐམས་ཅད་དང༌། ཕྱི་རོལ་དོན་དུ་སྣང་བའི་ཚུར་རོལ་མཐོང་བའི་ཤེས་པ་ཇི་སྙེད་པ་ནི། འཁྲུལ་པ་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། རྣལ་འབྱོར་པའི་ཤེས་པ་ལ་གཉིས་ཏེ། མཉམ་གཞག་དང༌། རྗེས་ཐོབ་བོ། །དང་པོ་ལ་གཉིས་ཏེ། ཇི་ལྟ་བ་ལ་མཉམ་པར་བཞག་པ་མཐོང་ལམ་ལྟ་བུ་ནི་མ་འཁྲུལ་བ་ཁོ་ནར་ངེས་ལ། ཇི་སྙེད་པ་ལ་མཉམ་པར་བཞག་པ་ཟད་པར་སའི་ཏིང་ངེ་འཛིན་ལྟ་བུ་ནི་འཁྲུལ་པ་ཁོ་ན་ཡིན་པར་ངེས་སོ། །རྗེས་ཐོབ་ལ་གཉིས་ཏེ། མཉམ་གཞག་དང་རྗེས་སུ་མཐུན་པའི་དག་པ་འཇིག་རྟེན་པ་དང༌། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའོ། །དང་པོ་ནི། མ་འཁྲུལ་ཏེ་སྣང་བ་དང་བཅས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། རང་རིག་པའི་མངོན་སུམ་ནི་དུད་འགྲོའི་རྒྱུད་ལ་ཡོད་པ་ཡིན་ཀྱང་རུང་མ་འཁྲུལ་བ་ཁོ་ན་ཡིན་ཏེ། གང་ལ་རང་རིག་ཏུ་སོང་ས་དེ་ལ་འཕྲལ་དང་ཕུགས་ཀྱི་འཁྲུལ་པར་མ་སྐྱེད་པའི་རིག་པ་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས། རྣམ་རིག་གཉིས་ཤེས་གསུངས་སོ། །དེའི་ཕྱིར་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་གྲུབ་པའི་མཐའ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། གཞན་དུ་ན་རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལས་བརྩམས་པའི་མངོན་སུམ་གྱིས་མཚན་ཉིད་སྟོན་པའི་གཞུང་གང་ཡིན་ཚོལ་དགོས་པའི་ཕྱིར། གཉིས་པ་ནི། རྣམ་པར་ངེས་པ་ལས། ཤེས་གང་བསླུ་བ་ཅན་མིན་པའི། །རྟོག་མེད་དེའི་མངོན་སུམ་མོ། །ཞེས་དང༌། རྣམ་རྟོག་དངོས་མི་སྣང་ཕྱིར་དང༌། །ཉེ་བར་བསླད་པ་བསླུ་བའི་ཕྱིར། །མངོན་སུམ་ལྟར་སྣང༌། ཞེས་གསུངས་པའི་དོན་ལ་རྣམ་པར་རྟགས་ན་རྟོག་པ་དང་བྲལ་ཞིང་རང་གི་བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་མི་བསླུ་བའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་དོ། །མི་བསླུ་བའི་ཚུལ་ལ་དངོས་བཏགས་མི་ཕྱེ་བར་དབྱེ་ན་གཉིས་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་གྲགས་པ་དང༌། རྣལ་འབྱོར་སྤྱོད་པ་བ་རང་གི་གྲུབ་པའི་མཐས་བཞག་པའོ། །དང་པོ་ནི། བག་ཆགས་བརྟན་པ་ལས་བྱུང་བའི་ཤེས་པ་ལ་དེར་བཞག་པ་ཡིན་ཏེ། ཇི་སྐད་དུ། བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི་ཐ་སྙད་མི་བསླུ་བ་ལ་བལྟོས་ནས་འདིར་ཚད་མ་ཡིན་ནོ་ཞེས་གསུངས་པས་སོ། །འདིར་རྣལ་འབྱོར་སྤྱོད་པ་པ་རང་གི་ལུགས་མ་ཡིན་ཏེ། དེ་ཙམ་གྱིས་ཚད་མའི་གོ་ཆོད་ན་ཚད་མ་མ་ཡིན་པའི་རྣམ་དབྱེ་བཞག་པ་ཐམས་ཅད་འཁྲུལ་པར་འགྱུར་རོ། །ཇི་ལྟར་ཞེ་ན་བདག་ཏུ་འཛིན་པ་གཉིས་དང་ཕྱི་རོལ་དོན་སྣང་གི་ཤེས་པ་ལྷན་སྐྱེས་རྣམས་ཚད་མ་ཉིད་དུ་ཐལ་བར་འགྱུར་ཏེ། བག་ཆགས་བརྟན་བྱུང་གི་ཤེས་པ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་གསུངས་རབ་ཐོས་བསམ་བསྒོམ་གསུམ་ལ་བརྟེན་པའི་ཚད་མ་རྣམས་ཚད་མ་མ་ཡིན་པར་འགྱུར་ཏེ། བག་ཆགས་མི་བརྟན་པའི་ཕྱིར། དེ་བས་ན་བག་ཆགས་བརྟན་བྱུང་གི་ཤེས་པ་རྣམས་ནི་རང་གི་ལུགས་ལ་ཚད་མ་མ་ཡིན་པར་ཁོ་ནར་ངེས་ཏེ། རང་གི་འཇུག་ཡུལ་ལ་བསླུ་བར་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། ཇི་སྐད་དུ། རྣམ་པར་ངེས་པ་ལས། འདི་ནི་ཀུན་དུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ཏེ། འདི་ལ་ཡང་ཕ་རོལ་རྨོངས་པ་འཇིག་རྟེན་བསླུ་བར་བྱེད་པའི་ཕྱིར་ཞེས་གསུངས་པས་སོ། །གཉིས་པ་ནི། རྣལ་འབྱོར་སྤྱོད་པ་རང་གི་གྲུབ་པའི་མཐའ་ལ་གནས་པའི་མངོན་སུམ་གཉིས་ཁོ་ན་སྟེ་ཐོག་མ་མེད་པ་ནས་མ་འཁྲུལ་པའི་ངོ་བོར་སྐྱེས་པའི་རང་རིག་པའི་མངོན་སུམ་དང༌། འཁྲུལ་པའི་བག་ཆགས་འཕྲལ་དུ་བཅོམ་པ་རྣལ་འབྱོར་པའི་མངོན་སུམ་གཉིས་སོ། །འདི་གཉིས་ཀ་ལ་གཟུང་རྣམ་གྱི་ཁ་བསྒྱུར་བ་དང་མ་བསྒྱུར་བ་གཉིས་ལས་རྣམ་བདེན་པ་ལྟར་ན་གཉིས་ཀ་མངོན་སུམ་དང༌། རྣམ་རྫུན་པ་ལྟར་ན་ཕྱི་མ་ཁོ་ན་མངོན་སུམ་མོ། །དེའི་ཕྱིར་རྣལ་འབྱོར་མངོན་སུམ་ཡང་རང་རིག་མངོན་སུམ་ཁོ་ནར་འདུས་པ་ཡིན་ཏེ། དེ་ཡིན་ན་གཉིས་མེད་ཀྱི་རང་གི་རང་གསལ་ཡིན་པར་ཁྱབ་པའི་ཕྱིར་རོ། །གཉིས་པ་མངོན་སུམ་ལ་ཚད་མས་མ་ཁྱབ་པའི་ལོག་རྟོག་དགག་པ་ལ་སློབ་དཔོན་ཆོས་མཆོག་ན་རེ། མངོན་སུམ་དང་རྗེས་དཔག་གང་ཡིན་ཀྱང་རུང་སྐད་ཅིག་མ་དང་པོ་ཁོ་ན་ཚད་མ་ཡིན་གྱི། གཉིས་པ་ཕན་ཆད་མིན་ཏེ། ཚད་མ་ཡིན་ན་སྔར་མ་རྟོགས་པའི་དོན་ཅན་ཡིན་དགོས་པའི་ཕྱིར་ཞེས་གསུང་ངོ༌། །དེ་སྐད་དུ་ཡང་འཐད་ལྡན་ལས། ཚད་མ་ཐམས་ཅད་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོའི་མངོན་སུམ་དང་རྗེས་སུ་དཔག་པའི་སྐད་ཅིག་མ་ཉིད་ཀྱི་དོན་བྱེད་པར་ནུས་པའི་དངོས་པོའི་རྒྱུན་ངེས་པས་འཇུག་པའི་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། དེའི་རྒྱུན་དུ་གྱུར་པའི་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ་ཞེས་གསུངས་པས་སོ། །རྔོག་ལོ་ཆེན་པོ་ནི། མངོན་སུམ་དང་སྣང་ལ་མ་ངེས་པའི་གཞི་མཐུན་ཡོད་ཅིང༌། སྣང་ལ་མ་ངེས་པ་ལ་ཚད་མིན་གྱིས་ཁྱབ་པར་བཤད། སློབ་དཔོན་ཆོས་མཆོག་ནི་དེ་འདྲའི་གཞི་མཐུན་མི་བཞེད་དེ། འཐད་ལྡན་ལས་དེའི་ཕྱིར་སྣང་བ་ངེས་པས་མངོན་སུམ་གྱི་བྱ་བ་རྫོགས་པ་ཡིན་ནོ་ཞེས་བཤད་པས་སོ། །དེ་ལྟར་ལུགས་གཉིས་ལས་ཕྱི་མ་ནི་གོང་དུ་བཀག་ཟིན་པ་དེ་ཉིད་ཀྱིས་རྟོགས་ལ། ལུགས་དང་པོ་འགོག་པ་ལ་རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བའོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་ཟིན་ལ། གཉིས་པ་ལུང་དང་འགལ་བ་ལ་གཉིས་ཏེ། དོན་རང་མཚན་འཛིན་པའི་མངོན་སུམ་ཕྱི་མ་རྣམས་ཚད་མ་མ་ཡིན་པ་གཏན་ཚིགས་ཐིགས་པའི་གཞུང་དང་འགལ་བར་བསྟན། རྗེས་དཔག་ཕྱི་མ་རྣམས་ཚད་མ་མ་ཡིན་པ་རྣམ་པར་ངེས་པའི་གཞུང་དང་འགལ་བར་བསྟན་པའོ། །དང་པོ་ནི། སྔོན་པོ་འཛིན་པའི་མངོན་སུམ་སྐད་ཅིག་མ་ལྔ་སྐྱེ་བ་དེའི་ཚེ། སྐད་ཅིག་དང་པོ་ཁོ་ན་ཚད་མ་ཡིན་གྱི། ཕྱི་མ་རྣམས་ཚད་མ་མ་ཡིན་ནོ། །ཞེས་ཟེར་བ་དེ་ནི་རིགས་པ་མཁྱེན་པས་གཏན་ཚིགས་ཐིགས་པར་ཕྱོགས་སྔ་མར་བཀོད་ནས་བཀག་ཟིན་པ་དེ་ཉིད་སླར་འོངས་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་མངོན་སུམ་སྔ་མ་རང་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་ཐ་མི་དད་པའི་ཕྱིར་ཚད་མ་ཉིད་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ལ་ནི་དེ་དག་གི་མཐུ་ཐ་དད་པ་མེད་དོ། །མེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་ལ་དུ་བ་གཞན་དང་གཞན་གྱིས་གཞལ་བའི་མེ་ཉེ་བ་བཞིན་ནོ། །འདིས་ནི་ཆོས་དང་ཆོས་ཅན་དང་རྟགས་ལས་སོགས་པའི་རྣམ་པར་རྟོག་པའི་ཚད་མའི་རྗེས་ལས་བྱུང་བ་ཚད་མ་ཉིད་དུ་གསལ་བ་ཡིན་ནོ་ཞེས་གསུང་ངོ༌། །གཉིས་པ་ནི། རྗེས་སུ་དཔག་པའི་སྐད་ཅིག་གཉིས་པ་ཕན་ཚད་མ་མ་ཡིན་ནོ། །ཞེས་ཟེར་བ་དེ་ནི་དྲངས་མ་ཐག་པའི་ལུང་དང༌། རྣམ་པར་ངེས་པ་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལས་ཚད་མ་ཉིད། །འབྲེལ་བ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཞེས་གསུངས་པའི་དོན་དང་འགལ་ལོ། །ཇི་ལྟར་འགལ་ཞེ་ན། ལུང་དང་པོ་དང་འགལ་ཚུལ་ནི། འདི་ལྟར། དུ་བའི་རྟགས་ཀྱིས་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་ཚད་མ་སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པ་བར་མ་ཆད་དུ་སྐྱེ་བར་མི་སྲིད་པར་འགྱུར་ལ། དེ་ལྟ་ན་གཏན་ཚིགས་དུ་བ་རྒྱུན་དང་ལྡན་པ་དེའི་ཚེ། དུ་བ་སྔ་མས་དཔགས་པའི་ལའི་མེ་དང༌། ཕྱི་མས་དཔགས་པའི་ལའི་མེ་ཏོག་པའི་བྱེ་བྲག་ཚད་མ་བར་མ་ཆད་དུ་སྐྱེ་མི་སྲིད་པར་འགྱུར་རོ། །དེ་ལྟར་ཐལ་བ་ལས་གཏན་ཚིགས་རྒྱུན་ལྡན་གྱི་དངོས་པོ་ཡིན་ན་དེའི་ཚེ་རྟགས་ཅན་རྗེས་དཔག་ཀྱང་རྒྱུན་དང་ལྡན་པར་གྲུབ་བོ། །ལུང་གཉིས་པ་དང་འགལ་བའི་ཚུལ་ནི། འོ་ན་རྗེས་སུ་དཔག་པའི་ཚད་མ་ཡིན་ན་དུས་ཀྱི་ཐུང་བའི་སྐད་ཅིག་མ་གཅིག་ཁོ་ན་ཡིན་པས་ཁྱབ་པར་འགྱུར་ལ། དེ་ཡང་འདོད་པར་མི་ནུས་ཏེ། ཡུན་དུས་མཐའི་སྐད་ཅིག་མ་གཅིག་ཁོ་ནས་འཇུག་ཡུལ་ངེས་པ་ནི་ཚུ་རོལ་མཐོང་བ་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་མཚན་གཞིའི་དབྱེ་བ་ལ། སྤྱིར་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ལ་དབྱེ་བའི་སྒོ་བཞི་སྟེ། ཇི་སྐད་དུ། ཡུལ་དང་རྟེན་དང་གང་ཟག་གི །སྒོ་ནས་མངོན་སུམ་རྣམ་པར་དབྱེ། །མངོན་སུམ་བཞི་པོ་མདོ་སྡེའི་ལུགས། །བྱེ་བྲག་སྨྲ་གསུམ་རྣམ་རིག་གཉིས། །ཞེས་གསུངས་པ་ལྟར། ཡུལ་གྱི་སྒོ་ནས་དབྱེ་ན་ཡུལ་གཞན་མཐོང་བ་གཞན་རིག་མངོན་སུམ་གཉིས་དང༌། རང་མཐོང་བ་རང་རིག་མངོན་སུམ་དང༌། གཟུང་འཛིན་གཉིས་མེད་དུ་མཐོང་བ་རྣལ་འབྱོར་པའི་མངོན་སུམ་མོ། །རྟེན་གྱི་སྒོ་ནས་དབྱེ་ན། དབང་པོ་ལ་བརྟེན་པ་དོན་རིག་མངོན་སུམ་གཉིས་དང༌། གཞན་དབང་ལ་བརྟེན་པ་རང་རིག་མངོན་སུམ་དང༌། ཏིང་ངེ་འཛིན་ལ་བརྟེན་པ་རྣལ་འབྱོར་མངོན་སུམ་མོ། །འདིར་རང་རིག་གི་བདག་རྐྱེན་གཞན་དབང་དུ་བཤད་པ་ལ་ཅུང་ཟད་དཔྱད་ན་རྣལ་འབྱོར་སྤྱོད་པའི་གཞུང་ལས། གཞན་དབང་ཞེས་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་བཤད་ལ། དེ་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ལ་འཆད་ལ། དེ་འདྲ་དེ་རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་རྟེན་མཚན་ཉིད་པ་དང༌། བདག་པོའི་རྐྱེན་བཏགས་པ་བར་འཇོག་པ་ཡིན་ཏེ། དཔེར་ན་མིག་དབང་གཟུགས་ཅན་པ་དེ་རང་དང་དུས་མཉམ་པའི་མིག་ཤེས་ཀྱི་རྟེན་མཚན་ཉིད་པ་དང་བདག་པོའི་རྐྱེན་བཏགས་པར་འཇོག་པ་བཞིན་ནོ། །སོ་སོ་རང་གིས་རིག་པའི་མཉམ་གཞག་ཡེ་ཤེས་ཀྱི་བདག་རྐྱེན་ནི་དེ་ཁོ་ནར་ངེས་མ་ངེས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་མི་རྟེན་པའི་ཕྱིར་རོ། །གྲུབ་མཐའི་དབྱེ་བ་ལ་དཔྱད་ན་བྱེ་བྲག་ཏུ་སྨྲ་བས་རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་མངོན་སུམ་དུ་བཞེད་པར་སྣང་སྟེ། ཇི་སྐད་དུ། མིང་གིས་གཟུགས་རྣམས་མཐོང་རྟེན་བཅས། །ཞེས་གསུངས་པའི་ཕྱིར། དེ་ལྟ་ན་ཡང་དེ་རིག་པར་མི་འདོད་དེ། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་གསུངས་པའི་ཕྱིར། འོ་ན་དེས་རང་རིག་མི་འདོད་པར་གང་ལས་ཤེས་ཞེ་ན། མཛོད་དུ། ཀུན་རྫོབ་གཅིག་པུ་རང་ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འགྱུར། །ཞེས་པར། ཀུན་རྫོབ་ཀྱི་ཤེས་པས་རང་གི་ཚོགས་པ་ན་ཡོད་པའི་ཤེས་པ་རྣམས་མི་རིག་པར་བཤད་པའི་ཕྱིར། འོ་ན་ཡིད་མངོན་འདོད་པར་གང་ལས་ཤེས་ཞེ་ན། བདག་རྐྱེན་ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཡིད་ཀྱི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞིག་ཁས་ལེན་པའི་ཕྱིར། དེ་ཡང་རྟོག་གེའི་གཞུང་ལས་བཤད་པ་དང་མི་མཐུན་པར་སྣང་ངོ༌། །མདོ་སྡེ་པ་ལ་གཉིས་ཏེ། ཆོས་མངོན་པ་ལས་བཤད་པ་དང༌། རྟོག་གེ་ལས་འབྱུང་བའོ། །འདི་གཉིས་ཡིད་ཀྱི་མངོན་སུམ་གྱི་འཆད་ཚུལ་མི་མཐུན་ཡང༌། ཡིད་མངོན་བཞེད་པ་ཙམ་དུ་འདྲ་བ་ཡིན་ནོ། །མི་འདྲ་བ་ཅི་ཞེ་ན་རྟོག་གེ་ལས་ཡིད་མངོན་གྱིས་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་གཟུང་དོན་གྱི་རིགས་འདྲ་བ་ལ་དམིགས་པར་བཤད་ཅིང༌། མངོན་པ་ལས་དེ་ལྟ་མི་འཆད་པའི་ཕྱིར། རྣམ་རིག་གཉིས་ཤེས་པའི་དོན་ལ་རྣམ་རིག་པ་རང་གི་གྲུབ་པའི་མཐའ་ལ་གནས་ནས་དོན་རིག་པའི་མངོན་སུམ་གཉིས་ཐ་སྙད་དུ་ཡང་ཁས་མི་ལེན་ཏེ། དོན་རིག་པའི་ཤེས་པ་ཡིན་ན་ཐ་སྙད་དུ་ཡང་འཁྲུལ་བས་ཁྱབ་པའི་ཕྱིར། དེ་ཡང་རྟོག་མེད་འཁྲུལ་ཤེས་ཡིན་ན་ལོག་ཤེས་ཡིན་པས་ཁྱབ་ལ། ལོག་ཤེས་ཡིན་ན་ཚད་མ་མ་ཡིན་དགོས་པའི་ཕྱིར་ཏེ། ཟླ་བ་གཉིས་སྣང་དབང་ཤེས་བཞིན་ནོ། །འདིར་དར་ཊཱིཀ་པ་ན་རེ། རྟོག་པ་དང་བྲལ་ཞིང་གཟུང་ཡུལ་ལ་མ་འཁྲུལ་བའི་རིག་པ་དབྱེ་གཞིར་བྱས་ནས། གཉིས་ཁོ་ནར་དབྱེ་བ་རྣམ་རིག་པའི་ལུགས་ཡིན་གྱི། དེས་དབང་ཡིད་ཀྱི་མངོན་སུམ་གཉིས་ཁས་མི་ལེན་པ་མ་ཡིན་ཏེ། དེ་བག་ཆགས་བརྟན་བྱུང་གི་དབང་ཤེས་ཚད་མར་ཁས་ལེན་པའི་ཕྱིར། དེ་ལྟ་ན་ཡང་དེ་འཁྲུལ་པ་ཡིན་ཏེ། གཟུགས་སོགས་ཕྱི་རོལ་དོན་མ་ཡིན་པ་ལ་དེར་སྣང་བའི་ཕྱིར། ཞེས་ཟེར་རོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། འོ་ན་དེས་དོན་རིག་པའི་མངོན་སུམ་ཀྱང་ཁས་ལེན་པར་ཐལ། བག་ཆགས་བརྟན་བྱུང་གི་དབང་ཤེས་ཚད་མར་ཁས་ལེན་པའི་ཕྱིར། ཡང་དེ་ཚད་མར་ཁས་ལེན་པ་ཡང་རྣམ་རིག་པའི་ལུགས་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་དཀྲུགས་པའི་ཤེས་པ་ཡིན་ན་ལོག་ཤེས་ཡིན་པས་ཁྱབ་པ་ནི་དེའི་ལུགས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སྒྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་སོགས་དང༌། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་བས་ན་འཁྲུལ་པའི་ཤེས་པ་དང༌། མངོན་སུམ་གྱི་གཞི་མཐུན་ཡོད་དོ་ཞེས་ཟེར་བ་འདི་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་ཕྱི་རོལ་དུ་གྱུར་པ་ཁོ་ནར་ངེས་སོ། །དེ་ཁོ་ནར་མ་ཟད་ཀྱི་སྔོན་པོ་སོགས་ཡོད་པར་འདོད་པ་དང༌། སྔོ་འཛིན་དབང་མངོན་འཁྲུལ་པར་འདོད་པ་ནི་ནང་འགལ་སྔོན་པོ་ཡོད་པར་འདོད་པ་དང༌། དེ་སྔོ་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པར་འདོད་པ་ནང་འགལ། ཡང་དེ་ཡོད་པར་འདོད་པ་དང་དེ་རང་འཛིན་ཤེས་པའི་རྒྱུ་མ་ཡིན་པར་འདོད་པ་ནང་འགལ། དེ་དེའི་རྒྱུ་ཡིན་པར་འདོད་ན་གཟུང་འཛིན་རྫས་གཞན་མེད་པར་འདོད་པ་ནི་ནང་འགལ། སྔོན་པོ་དང་སྔོན་འཛིན་མངོན་སུམ་གྲུབ་བདེ་རྫས་གཅིག་ཏུ་འདོད་པ་དང༌། སྔོན་འཛིན་མངོན་སུམ་རང་གི་ངོ་བོ་ལ་མངོན་སུམ་མ་ཡིན་པར་འདོད་པ་དང་ནང་འགལ། ཡང་དེར་འདོད་པ་དང་བློ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པར་འདོད་པ་ནང་འགལ། ཡང་དོན་རིག་མངོན་སུམ་རྣམས་རྟོག་མེད་འཁྲུལ་ཤེས་སུ་འདོད་པ་དང༌། ལོག་ཤེས་མ་ཡིན་པར་འདོད་པ་ནང་འགལ། སྔོ་སོགས་འབྱུང་འགྱུར་མཚན་ཉིད་པར་འདོད་པ་དང༌། དེའི་རྒྱུའི་འབྱུང་བ་མེད་པར་འདོད་པ་ནང་འགལ་འབྱུང་བ་ཡོད་ན་རྡུལ་ཕྲན་མེད་པར་འདོད་པ་ནང་འགལ་ལོ། །དེ་ལ་འདི་སྐད་དུ། གཟུགས་སྒྲ་སོགས་ཐ་སྙད་དུ་ཡང་མེད་ན། །ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་མེད་པར་འགྱུར་རོ་ཞེས་མགྲིན་གཅིག་ཏུ་སྨྲ་བར་བྱེད་དོ། །དེ་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་མ་ཤེས་པ་ཡིན་ཏེ། གཞུང་དེས་ལས། གཟུགས་ལ་ཀུན་བཏགས་པའི་གཟུགས། རྣམ་པར་བརྟགས་པའི་གཟུགས། ཆོས་ཉིད་ཀྱི་གཟུགས་གསུམ་དུ་ཕྱེ་བ་མ་ཤེས་པར་གསལ་བའི་ཕྱིར་དང༌། ཁམས་དང༌། སྐྱེ་མཆེད་འཇོག་པའི་ཚེ། ཀུན་གཞིའི་ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆ་དང༌། རྣམ་སྨིན་ལས་བྱུང་བ་གསུམ་དུ་ཕྱེ་བ་མ་གོ་བར་གསལ་བའི་ཕྱིར་དང༌། གཟུགས་མེད་པའི་ཁམས་ན་གཟུགས་ཅན་གྱི་ཁམས་བཅུ་ཡོད་པར་བཤད་པ་སོགས་ཀྱི་རྣམ་གཞག་ལ་རྨོངས་པའི་ཕྱིར་རོ། །ཡང་ཕྱིས་ཀྱི་མཁས་པ་དག ཐ་སྙད་དུ་ཕྱི་རོལ་གྱི་དོན་དང་དོན་རིག་མངོན་སུམ་གཉིས་ཁས་ལེན་པར་བྱེད་དགོས་པ་ཡིན་ཏེ། གཞན་དུ་ན་ཐ་སྙད་ཀྱི་རྣམ་བཞག་ཐམས་ཅད་རྒྱུན་ཆོད་པར་འགྱུར་བའི་ཕྱིར་ཞེས་གསུངས་མོད། ཐ་སྙད་ཅེས་པ་གྲུབ་མཐས་བློ་ཁ་མ་བསྒྱུར་བའི་འཇིག་རྟེན་གྱི་རྟོག་པ་ལྷན་སྐྱེས་ལ་ཟེར་བ་ཡིན་ན་སྔར་རྒྱས་པར་བཤད་ཟིན་པ་ལྟར་མི་འགལ་མོད། རང་ལུགས་ཀྱི་ཐ་སྙད་པའི་ཚད་མས་གྲུབ་པ་ལ་བྱེད་ན་ནི་ཕྱི་རོལ་དོན་སྣང་གི་ཚད་མ་ཐ་སྙད་དུ་ཡང་སྲིད་པ་མིན་ཏེ། སྐྲ་ཤད་འཛག་སྣང་གི་ཤེས་པ་ཚད་མ་ཡིན་པ་ཐ་སྙད་དུ་ཡང་མི་སྲིད་པ་བཞིན་ནོ། །དེ་ལྟར་ན། རྣམ་རིག་གཉིས་ཞེས་བྱ་བ་འདི་ནི་དོན་དང་ཐ་སྙད་གཉིས་ཀ་ལ་བལྟོས་ནས་དེར་ངེས་པ་ཡིན་ནོ། །གཉིས་པ་སོ་སོའི་བཤད་པ་ལ་བཞི་ལས། དང་པོ་དབང་པོའི་མངོན་སུམ་ལ་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ། གཞར་ལ་རྐྱེན་གསུམ་གྱི་རྣམ་པར་བཞག་པའོ། །དང་པོ་ལ་གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། སློབ་དཔོན་ཕྱྭ་པ་ན་རེ། སྔར་མ་རྟོགས་པའི་དོན་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པར་བྱེད་པའི་རིག་པ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་མངོན་སུམ་ཙམ་གྱི་མཚན་ཉིད། ཆོས་དེ་ལ་དེ་ཡིན་པ་ཙམ་གྱིས་ཆོས་དེ་ལ་མངོན་སུམ་ཡིན་མི་དགོས་ཏེ། སྔོར་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལྟ་བུ། སྔོན་པོ་ལ་སོགས་པ་ཤུགས་རྟོགས་སུ་སོང་བའི་ཡུལ་རྣམས་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་རིག་པ་ཡིན་ཀྱང༌། དེ་དང་དེ་ལ་མངོན་སུམ་མ་ཡིན་པའི་ཕྱིར། དེ་བཞིན་དུ་དབང་པོའི་མངོན་སུམ་དང་དེའི་ཚད་མ་གཉིས་ཀྱི་མཚན་ཉིད་ཀྱང་སོ་སོར་འཇོག་དགོས་པ་ཡིན་ནོ་ཞེས་གསུང་ངོ༌། །འདི་མི་འཐད་དེ། གཉིས་སུ་དབྱེ་བ་གཞུང་ལས་བཤད་ཅིང༌། སྔར་མ་རྟོགས་པའི་དོན་ལ་རྣམ་བཅད་མེད་ལ་སྒྲོ་འདོགས་གཅོད་པ་མངོན་སུམ་གྱི་ངོ་བོ་ལ་མི་སྲིད་པའི་ཕྱིར། རྣམ་བཅད་མེད་པ་ཅི་ཞེ་ན། བཅད་ཤེས་ཀྱིས་རང་ཡུལ་གྱི་ལོག་ཕྱོགས་ལ་སྒྲོ་འདོགས་གཅོད་པ་མི་སྲིད་པའི་ཕྱིར། འདི་ཡང་ཁྱེད་ཀྱིས་ཁས་བླངས་པ་ཡིན་ཏེ། བཅད་ཤེས་ཡིན་ན་རང་གི་ཉེར་ལེན་ཚད་མ་སྔ་མ་སྔོན་དུ་སོང་དགོས། ཚད་མ་ཡིན་ན་རང་ཡུལ་གྱི་ལོག་ཕྱོགས་ལ་སྒྲོ་འདོགས་བཅད་དགོས། དེས་དེ་བཅད་ཟིན་པའི་དོན་ལ་བཅད་ཤེས་ཀྱི་སྒྲོ་འདོགས་བཅད་རྒྱུའི་མེད་པའི་ཕྱིར། གཉིས་པ་ནི། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་མ་འཁྲུལ་པའི་ཤེས་པ་ཟུར་དང་པོས་མངོན་སུམ་གསུམ་བསལ་ལ། ཟུར་གཉིས་པས་རྟོག་པ་དང་རྟོག་མེད་འཁྲུལ་བ་རྣམས་སེལ་ལོ། །བོད་ཕྱི་རབས་པ་དག་ན་རེ། དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཀྱང༌། བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་སྐྱེས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་རིགས་པ་མ་ཡིན་ཏེ། རྒྱུ་རྐྱེན་དང་བདག་རྐྱེན་གྱི་ཁྱད་པར་མ་ཕྱེད་པས་ཤིན་ཏུ་ནོང་པའི་ཕྱིར། དེས་དེ་ལ་བདག་རྐྱེན་གྱི་བྱ་བ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་དང༌། རང་རིག་མངོན་སུམ་བདག་རྐྱེན་དབང་པོ་ལ་བརྟེན་པའི་བཤད་པ་ཅུང་ཟད་ཙམ་ཡང་ཚད་ལྡན་གྱི་གཞུང་འགྲེལ་དང༌། བོད་མཁས་པའི་རྣམ་བཤད་ལས་མི་འབྱུང་བའི་ཕྱིར། དང་པོ་བསྒྲུབ་པ་ནི་དེས་དེ་ལ་ཕན་འདོགས་པའི་ཕྱིར། དེ་གཉིས་རྒྱུ་འབྲས་སུ་འཇོག་པ་ཡིན་མོད། དེ་དེའི་བདག་པོ་རྐྱེན་མ་ཡིན་ཏེ། དེ་དེའི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཡིན་པའི་ཕྱིར་དང༌། དེ་རང་དབང་དུ་སྐྱེད་བྱེད་མ་ཡིན་པའི་ཕྱིར། མ་ཡིན་པ་ཇི་ལྟར་ཞེ་ན། རང་རིག་ཅེས་པ་ནི། ཡུལ་གྱིས་ཁ་མ་བསྒྱུར་བའི་མྱོང་བ་གསལ་རིག་གི་ཆ་ལ་ཟེར་བ་ཡིན་ལ། རྣམ་པར་ཤེས་པའི་ཚོགས་དྲུག་ཀའི་སྟེང་གི་མྱོང་བ་གསལ་རིག་གི་ཆ་ལ་ནི་གཞལ་བྱའི་འཇལ་ཚུལ་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་ལས་ཅིར་འགྱུར་ཞེ་ན། འདི་ལྟར་གཟུགས་འཛིན་དབང་མངོན་གྱི་སྟེང་གི་མྱོང་བ་གསལ་རིག་གི་ཆ་ཆོས་ཅན། ཁྱོད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འགྱུར་ཚུལ་དང༌། སྒྲ་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འགྱུར་ཚུལ་ལ་མི་འདྲ་བའི་ཁྱད་པར་ཡོད་པར་ཐལ། ཁྱོད་དང་དེ་གཉིས་བདག་རྐྱེན་མི་འདྲ་བའི་དབང་གིས་རང་རིག་ཏུ་འགྱུར་དགོས་པའི་ཕྱིར། དེས་ན་འདི་ཡིན་ཏེ། དོན་རིག་མངོན་སུམ་གྱི་ཕྱིར་ལྟ་དང༌། ནང་ལྟའི་ཆ་གཉིས་ཀ་རང་གི་རྒྱུ་དབང་པོ་གཟུགས་ཅན་ལས་སྐྱེས་པར་འདྲ་ཡང་བདག་རྐྱེན་བྱེད་མི་བྱེད་སོ་སོར་ངེས་པ་ཡིན་ཏེ། ཕྱི་ལྟ་ལ་ཡུལ་འཛིན་པའི་ཆ་ནི། དབང་པོ་གཟུགས་ཅན་པ་ཁོ་ནའི་ལག་རྗེས་ཡིན་པའི་ཕྱིར་དང༌། ནང་ལྟ་ལ་མྱོང་བའི་ངོ་བོར་སྐྱེས་པ་ནི། དེ་མ་ཐག་རྐྱེན་ཁོ་ནའི་ལག་རྗེས་ཡིན་གྱི། དབང་པོས་བྱས་པ་མ་ཡིན་པའི་ཕྱིར་དེ་བས་ན་རྣམ་པར་ཤེས་པའི་ཚོགས་དྲུག་ཀའི་ནང་ལྟའི་གསལ་རིག་གི་ཆ་ལ། ངོ་བོ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་པས་བདག་རྐྱེན་དང་དམིགས་རྐྱེན་གྱི་རྣམ་པར་བཞག་པ་སོ་སོར་ངེས་པ་ནི་མེད་ཀྱི། དེ་མ་ཐག་པའི་རྐྱེན་ཁོ་ན་ལས་སྐྱེ་བར་རྣམ་པར་བཞག་གོ །གོང་གི་རྟགས་གཉིས་པ་སྒྲུབ་པ་ནི། འདི་ལྟར་མིག་དབང་གཟུགས་པ་ཆོས་ཅན། ཁྱོད་ཀྱིས་གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལ་བདག་རྐྱེན་གྱི་བྱ་བ་ཅུང་ཟད་ཀྱང་བྱས་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལ་བྱས་ན་དེ་ཡུལ་གཟུགས་འཛིན་ནུས་སུ་སྐྱེད་དགོས་པ་གང་ཞིག དེར་མ་བསྐྱེད་པའི་ཕྱིར་དང་པོ་གྲུབ་སྟེ། མིག་དབང་གཟུགས་ཅན་པ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན། གཟུགས་འཛིན་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་དམིགས་རྐྱེན་དུ་ཅིའི་ཕྱིར་མི་འདོད་ཞེས་བརྟགས་ན་རྣམ་པ་ཐམས་ཅད་དུ་མཚུངས་སོ། །འདི་ལ་མི་མཁས་པ་དག་ན་རེ། དབང་མངོན་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། དེ་ཁྱོད་ཀྱི་བདག་རྐྱེན་ཡིན་ཏེ། དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པ་གང་ཞིག དེ་ཁྱོད་ཀྱི་རྐྱེན་གཞན་གཉིས་པོ་གང་རུང་མ་ཡིན་པའི་ཕྱིར་ཁྱབ་སྟེ། ཤེས་པའི་དངོས་རྒྱུ་ལ་རྐྱེན་གསུམ་གང་རུང་གིས་ཁྱབ་པ་རྣམ་འགྲེལ་མཛད་པའི་ལུགས་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དེ་ཆོས་ཅན། གཟུགས་དེ་ཁྱོད་ཀྱི་དམིགས་རྐྱེན་ཡིན་པར་ཐལ། དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པ་གང་ཞིག་རྐྱེན་གཞན་གཉིས་པོ་གང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན་སྔ་མའང་མ་གྲུབ་བོ། །དེ་དེའི་བདག་རྐྱེན་ཡིན་ཏེ། དེ་དབང་མངོན་གྱི་བདག་རྐྱེན་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། ཞེ་ན་འོ་ན་ཕྱི་མ་ལའང་དེར་ཐལ། དེའི་ཕྱིར་རོ། །གལ་ཏེ་དབང་ཤེས་ཀྱི་སྟེང་གི་མྱོང་བ་གསལ་རིག་གི་ཆ་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་མེད་པར་ཐལ། ཡོད་ན་དབང་པོ་གཟུགས་ཅན་པ་དེ་དེ་ཡིན་དགོས་པ་ལས་མ་ཡིན་པའི་ཕྱིར། འདོད་ན་རང་དབང་དུ་སྐྱེད་བྱེད་ཀྱི་རྒྱུ་མེད་པར་ཐལ་ལོ་སྙམ་ན་ཁྱབ་པ་མ་ངེས་པ་ཡིན་ཏེ། དེ་རང་གི་ངོ་བོའི་ཐུན་མོང་མ་ཡིན་པར་སྐྱེད་བྱེད་ནི། རིག་པ་མ་སྔ་མའི་སྟེང་གི་གསལ་རིག་གི་ཆ་དེ་ཉིད་ཡིན་ལ། དེ་ནི་དེའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། རྐྱེན་གསུམ་གྱི་ཟླས་ཕྱེ་བའི་བདག་པོའི་རྐྱེན་དུ་མ་བཞག་གོ །རང་དབང་དུ་སྐྱེད་བྱེད་ཡིན་པ་ཙམ་གྱི་བདག་པོའི་རྐྱེན་དུ་འཇོག་པ་ནི་ཆོས་མངོན་པའི་ལུགས་ཡིན་གྱི། འདིར་མ་ཡིན་ཏེ། གལ་ཏེ་ཡིན་ན་རྣམ་པར་ཤེས་པའི་ཚོགས་དྲུག་གི་དེ་མ་ཐག་པའི་རྐྱེན་ཐམས་ཅད་བདག་པོའི་རྐྱེན་དུ་ཐལ་བའི་ཕྱིར། ཆོས་མངོན་པར་ནི་ཐལ་བ་དེ་ལ་འདོད་ནུས་པ་ཡིན་ལ། འདིར་ནི་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་བདག་རྐྱེན་ཡིན་ན་མིག་དབང་ཡིན་དགོས་པ་ལས་སོགས་པའི་ཕྱིར་རོ། །དེར་མ་ཟད་ཀྱི་ཆོས་མངོན་པ་ལྟར་འདིར་ཁས་ལེན་ནུས་ན། གཟུགས་སོགས་དོན་ལྔ་པོ་མིག་སོགས་དབང་པོ་ལྔའི་བདག་འབྲས་དང༌། གཅིག་ཤོས་དེའི་བདག་པོའི་རྐྱེན་དུ་ཁས་ལེན་ནུས་པར་འགྱུར་རོ། །གོང་གི་རྟགས་གསུམ་པ་སྒྲུབ་པ་ནི་ཚད་མ་སྡེ་བདུན་གྱི་གཞུང་འགྲེལ་པ་དང་བཅས་པ་ལས། ཡིད་ཀྱི་མངོན་སུམ་དང་རྣལ་འབྱོར་མངོན་སུམ་གཉིས་ཀྱི་བདག་པོའི་རྐྱེན་འདི་ཡིན་ནོ་ཞེས་བྱ་བའི་གསལ་ཁ་བཤད་པ་མེད་ན། རང་རིག་མངོན་སུམ་གྱི་བདག་རྐྱེན་འཆད་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་དང༌། མངོན་སུམ་གཞན་གསུམ་ལ་བདག་རྐྱེན་གྱི་རྣམ་བཞག་སོ་སོར་ཕྱེ་ནས་རང་རིག་མངོན་སུམ་ལ་བདག་རྐྱེན་གྱི་རྣམ་གཞག་སོ་སོར་འཆད་པའི་མཁས་པ་སུ་ཡང་མི་སྣང་བའི་ཕྱིར། དེ་ལ་འདི་སྙམ་དུ་དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་གི་བདག་རྐྱེན་དབང་ཡིད་གང་རུང་ལ་བརྟེན་པའི་ཤེས་པ་ཡིན་ཏེ། དབང་ཤེས་དང་ཡིད་ཤེས་གང་རུང་ཡིན་པའི་ཕྱིར། དེ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། སྙམ་པའི་དོགས་པ་སྐྱེ་བར་འགྱུར་རོ། །དེའི་ལན་ནི། ཀུན་གཞི་རྣམ་པར་བཞག་པའི་དབང་དུ་བྱེད་ན། སྒྲུབ་བྱེད་ཕྱི་མ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཆོས་ཅན། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། ཁས་བླངས་དང་ཚད་མས་བསལ་བ་གཉིས་འཇུག་པའི་ཕྱིར། དང་པོ་ནི། བདག་རྐྱེན་དབང་ཡིད་གང་རུང་ལ་བརྟེན་པར་ཐལ། དབང་ཤེས་དང་ཡིད་ཤེས་གང་རུང་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་དེ་གཉིས་ཡིད་ཀྱི་རྣམ་པར་ཤེས་པར་འདོད་དགོས་ལ། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། ཀུན་གཞི་རྣམ་པར་བཞག་པའི་ཚེ། སེམས་ཡིད་རྣམ་པར་ཤེས་པ་གསུམ་དོན་མི་གཅིག་པར་འཆད་པའི་ཕྱིར་རོ། །དེའི་ཕྱིར། ཆོས་མངོན་པ་ལས། དབང་ཤེས་དང་ཡིད་ཤེས་གང་རུང་ལ་བརྟེན་བདག་རྐྱེན་སོ་སོར་ངེས་པས་ཁྱབ་པར་བཤད་པ་དེ་ནི་གཞན་རིག་གི་ཤེས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། མངོན་པ་འོག་མར་ནི་རང་རིག་མི་འདོད་ལ། མངོན་པ་གོང་མར་ནི་རང་རིག་རང་གསལ་མ་གཏོགས་པའི་རང་རིག་ཁས་མི་ལེན་ལ། དེ་ནི་དོན་དམ་པའི་བདེན་པ་ཡིན་པས་རྣམ་པར་ཤེས་པའི་ཚོགས་དྲུག་གི་ནང་དུ་མི་བགྲང་བའི་ཕྱིར་རོ། །དེ་ལྟར་བཤད་པ་ན་སྡེ་བདུན་གྱི་སྐབས་འདིར་ཡང༌། རྣམ་ཤེས་ཚོགས་དྲུག་གི་སྟེང་གི་གསལ་རིག་གི་ཆ་ལ་ནི་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར། དབང་ཤེས་དང་ཡིད་ཤེས་གང་དུ་ཡང་མི་བགྲང་ངོ༌། །གཞན་དུ་ན་མི་ཤེས་ཀྱི་སྟེང་གི་མྱོང་བ་གསལ་རིག་གི་ཆ་ཆོས་ཅན། ཁྱོད་དང་ཉན་ཤེས་ཀྱི་སྟེང་གི་མྱོང་བ་གསལ་རིག་གཉིས་ལ། གཟུགས་དང་སྒྲ་གཟུང་དོན་དུ་བྱས་ནས་འཛིན་མི་འཛིན་གྱི་ཁྱད་པར་ཡོད་པར་ཐལ། ཁྱེད་གཉིས་ཀ་དབང་ཤེས་སུ་མཚུངས། བདག་རྐྱེན་མིག་དང་རྣ་བ་ལ་བརྟེན་གྱི་ཁྱད་པར་སོ་སོར་ངེས་པའི་ཕྱིར། དེ་བས་ན་ཤེས་པ་ཐམས་ཅད་ཀྱི་གསལ་རིག་གི་ཆ་ལ་དབང་ཤེས་དང༌། ཡིད་ཤེས་སོ་སོར་ངེས་པ་ལྟ་ཞོག སེམས་སེམས་བྱུང་སོ་སོར་ངེས་པ་མ་ཡིན་ཏེ། གཙོ་བོ་གཟུགས་འཛིན་མིག་ཤེས་ཀྱི་སྟེང་གི་ནང་ལྟ་གསལ་རིག་གི་ཆ་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཚོར་བ་ལྟ་བུའི་ནང་ལྟ་གསལ་རིག་གི་ཆ་གཉིས་ལ། གཙོ་བོ་སེམས་དང་འཁོར་སེམས་འབྱུང་གི་ཡིན་མ་ཡིན་གྱི་ཁྱད་པར་མ་དམིགས་པའི་ཕྱིར། གལ་ཏེ་དམིགས་ན་དེ་གཉིས་ལ་དོན་གྱི་ངོ་བོ་དང༌། ཁྱད་པར་འཛིན་མི་འཛིན་གྱི་ཁྱད་པར་ཡོད་པར་ཐལ་ལོ། །དེ་ཡང་འདོད་ན་གཉིས་ཀ་ཁ་ཕྱིར་ལྟའི་ཤེས་པར་ཧ་ཅང་ཐལ་ལོ། །གཞན་ཡང་རིགས་པ་འདི་ལྟར། གཙོ་བོ་གཟུགས་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་གི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་པོ་དེ་དང༌། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པར་ཐལ། གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། འདོད་ན་གཟུགས་འཛིན་མིག་ཤེས་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་པོ་དེ་ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པའམ། གཅིག་ཤོས་ཁ་ཕྱི་ལྟའི་ཤེས་པ་ཡིན་པ་གང་རུང་ཡིན་པར་ཐལ། རང་རིག་དེ་དང་མིག་ཤེས་དེའི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་མཚུངས་ལྡན་རྣམ་པ་ལྔས་མཚུངས་པའི་ཕྱིར། རིགས་པ་འདིས་ནི་མི་མཁས་པ་གང་དག རང་རིག་མངོན་སུམ་ཐམས་ཅད་ཡིད་ཀྱི་ཤེས་པ་ཡིན་ནོ་ཞེས་ཟེར་བ་དེ་ཡང་ཁེགས་པ་ཡིན་ནོ། །རིགས་པ་འདི་ལྟར་གཙོ་བོ་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པར་ཐལ། གཙོ་བོ་རྣམ་རིག་གང་ཞིག་ཡིད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་ཡང་འདོད་ན་གང་ཟག་གཅིག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་རིགས་མཐུན་རྫས་གཞན་དྲུག་ཡོད་པར་ཐལ། རྣམ་ཤེས་ཚོགས་དྲུག་རེ་རེ་ནས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དྲུག་ཀ་རིགས་མཐུན་རྫས་གཞན་གང་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། རིགས་མཐུན་པར་ནི་ཚད་མས་གྲུབ་ལ་རྫས་གཞན་ཡིན་པར་ཁྱོད་ཀྱི་ཁས་བླངས་ཏེ། འདི་ལྟར་དོན་གྱི་ངོ་བོ་ཙམ་འཛིན་པར་ཐལ། གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། འདོད་ན་ཁས་བླངས་ཏེ། སེམས་ཅན་གྱི་རྒྱུད་ཀྱི་གཟུགས་ཀྱི་ངོ་བོ་འཛིན་པའི་གཙོ་བོ་རྣམ་རིག་ཡིན་ན། སྒྲའི་ངོ་བོ་འཛིན་པའི་གཙོ་བོ་རྣམ་རིག་དང་རྫས་ཐ་དད་ཡིན་དགོས་པའི་ཕྱིར། གཞན་ཡང་དེ་དྲུག་ཀ་ཆོས་ཅན། ཆོས་ཀྱི་སྐྱེ་མཆེད་པའི་ཡུལ་ཅན་དུ་ཐལ། ཡིད་ཀྱི་ཤེས་པ་གང་ཞིག་གཟུགས་སོགས་དོན་ལྔ་པོ་གང་རུང་གི་ཡུལ་ཅན་མ་ཡིན་པའི་ཕྱིར། དེ་ཡང་འདོད་ན། མིག་གི་རྣམ་པར་ཤེས་པ་དེ་ཆོས་ཀྱི་སྐྱེ་མཆེད་ཡིན་པར་ཐལ་བས་ན། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཆོས་ཀྱི་སྐྱེ་མཆེད་ཡིན་པར་ཐལ་བའི་ཉེས་པ་དྲུག་འཇུག་གོ །འདི་ཡང་རྒྱས་པར་འོག་ནས་འཆད་ཅིང་མདོར་བསྡུ་ན། རང་རིག་མངོན་སུམ་བདག་རྐྱེན་དབང་པོ་ལ་བརྟེན་པར་འདོད་པ་ནི། ཇི་སྐད་དུ། ཚད་མ་ཀུན་ལས་བཏུས་པར། འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དང༌། བདེ་བ་དང༌། སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། རང་རིག་པའི་མངོན་སུམ་མོ། །ཞེས་གསུངས་པ་དང་འགལ་བར་ངེས་སོ། །ཡང་བོད་ཕྱི་རབས་ཀྱི་རྟོག་གེ་པ་གང་དག དབང་པོའི་མངོན་སུམ་གྱི་མཚན་ཉིད་དུ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པ་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། བདག་རྐྱེན་ལ་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས་སུ་བྱེད་པ་དང༌། བདག་འབྲས་ལ་ཡང་དེ་གཉིས་སུ་བྱེད་པ་ནི་ཆོས་མངོན་པ་ལ་སྣང་གི རྟོག་གེའི་གཞུང་ན་མི་སྣང་བའི་ཕྱིར་དང༌། ལུགས་འདི་ལ་དབང་ཤེས་ཙམ་གྱི་བདག་རྐྱེན་ཡིན་ན་དབང་ཤེས་ཙམ་པ་དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་དགོས་པའི་ཕྱིར། ཚིག་དེ་ལ་རྣམ་བཅད་མེད་དོ། །དེ་དགོས་པ་ཡིན་ཏེ། ཇི་སྐད་དུ། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེའི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པས་སོ། །ཆོས་མངོན་པ་ལྟར་ན་ནི་མིག་དབང་གཟུགས་ཅན་པ་དེ། གཟུགས་འཛིན་མིག་གི་རྣམ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུའང་བཞག་མི་ནུས་ཏེ། དེ་འདྲ་དེ་རང་ལས་ཐ་དད་ཅིང་རང་ལས་སྔར་བྱུང་བ་མིན་པའི་འདུས་བྱས་ཐམས་ཅད་ཀྱི་བདག་པོའི་རྐྱེན་དུ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། མཛོད་ལས། སྔོན་འབྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་དང༌། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་གསུངས་པའི་ཕྱིར་རོ། །རྒྱས་པར་འོག་ནས་འཆད་དོ། །ཡང་ལ་ལ་ན་རེ་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་ལྟ་བུ་དབང་པོའི་མངོན་སུམ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། དེ་རིང་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཏིང་ངེ་འཛིན་ལས་དངོས་སུ་སྐྱེས་པའི་ཕྱིར་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། སོ་སོ་སྐྱེ་བོའི་ལྷའི་མིག་གི་མངོན་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་ཡིན་ན་བསམ་གཏན་གྱི་སས་བསྡུས་པའི་མིག་དབང་ཡིན་དགོས་པའི་ཕྱིར་དང༌། མིག་དབང་དེ་སྒྲུབ་པའི་སྔ་རོལ་དུ་བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་འགྲོ་དགོས་ཀྱང༌། དེ་དེའི་བདག་པོའི་རྐྱེན་དུ་མི་རུང་སྟེ། དེའི་དངོས་ཀྱི་རྒྱུ་མ་ཡིན་པའི་ཕྱིར་དང༌། བསམ་གཏན་གྱི་དངོས་གཞི་ཐོབ་ཅིང་ལྷའི་མིག་མ་ཐོབ་པའི་གང་ཟག་འགའ་ཞིག་ལའང༌། ལྷའི་མིག་གི་མངོན་པར་ཤེས་པའི་དངོས་ཀྱི་རྒྱུ་ཚོགས་གྲངས་ཚང་བར་ཐལ། དེ་ལ་དེའི་རྐྱེན་གསུམ་ཀ་ཚང་བའི་ཕྱིར་དང༌། དེར་མ་ཟད་ཀྱི་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་དུ་ཐལ། རང་གི་བདག་རྐྱེན་ཏིང་ངེ་འཛིན་ལས་དངོས་སུ་བྱུང་ཞིང་དམིགས་རྐྱེན་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་རོ། །གཉིས་པ་མཚོན་བྱའི་སྒྲ་བཤད་པ་ནི། རྐྱེན་གསུམ་ཀ་ལ་སྐྱེས་པར་འདྲ་བ་ལ་བདག་རྐྱེན་ཁོ་ནའི་མིང་གིས་འདོགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཇི་སྐད་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་དངོས་སུམ་དེ་ཆོས་ཅན། དབང་པོའི་མངོན་སུམ་ཞེས་པའི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། མིང་དེ་ལས་ཁྱོད་ཐུན་མོང་མ་ཡིན་པར་གོ་ནུས་པའི་ཕྱིར། དེ་ནུས་པ་ཡིན་ཏེ། ཁྱོད་མངོན་སུམ་གང་ཞིག་དེ་ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། དེ་ཆོས་ཅན། དེའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཏེ། དེའི་བདག་རྐྱེན་ཡིན་པའི་ཕྱིར། སྒྲ་བཤད་པ་འདི་ནི། ཡིད་ཀྱི་མངོན་སུམ་དང་རྣལ་འབྱོར་པའི་མངོན་སུམ་གཉིས་ལའང༌། གཞུང་འགྲེལ་ལས་གསལ་བར་བཤད་པ་མེད་ཀྱང༌། སྔ་མ་དང་རིགས་པ་མཚུངས་པས་སྔ་མ་བཞིན་དུ་སྦྱར་བར་བྱའོ། །རང་རིག་པའི་མངོན་སུམ་གྱི་སྒྲ་བཤད་པ་ནི་ཇི་སྐད་དུ། ཇི་ལྟར་དེའི་བདག་ཉིད་ཕྱིར། །གསལ་བྱེད་རབ་ཏུ་བསལ་བ་ནི། །རང་གི་ངོ་བོ་གསལ་བྱེད་འདོད། །དེ་ལྟར་བློ་བདག་རིག་ཅན་ཡིན། །ཞེས་གསུངས་པ་ལྟར་རོ། །རིགས་པའི་གཏེར་གྱི་རྗེས་སུ་འབྲང་བར་འདོད་པ་གང་དག་རང་རིག་མངོན་སུམ་རྣམས་བདག་རྐྱེན་དབང་པོ་ལ་སོགས་ལ་བརྟེན་པར་འདོད་པར་དེ་དག་ལ་ཉེས་པ་གཉིས་འཇུག་སྟེ། དེ་གང་ཞེ་ན། དབང་མངོན་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་གི་བདག་རྐྱེན་གྱི་སྒོ་ནས་མིང་འདོགས་རིགས་པར་ཐལ། རང་གི་བདག་རྐྱེན་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་ཉེས་པ་གཉིས་པ་ནི་རང་འགྲེལ་ལས། དབང་པོ་སོ་སོ་ལ་བརྟེན་པས་ན་མངོན་སུམ་ཞེས་པའི་སྒྲ་བཤད་དེ། མངོན་སུམ་ཕྱི་མ་གཉིས་ལ་མ་ཚང་བར་བཤད་པ་དང་འགལ་ལོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། རྟེན་གྱི་སྒོ་ནས་གཟུགས་འཛིན་དབང་མངོན་ལ་སོགས་པ་ལྔའོ། །ཁམས་ཀྱི་སྒོ་ནས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ཀྱི་དབྱེ་བས་གཉིས་སོ། །གཟུགས་ཀྱི་ཁམས་ན་དྲི་རོ་འཛིན་པའི་མངོན་སུམ་གཉིས་མེད་དེ། ཁམས་ཀྱི་ཟས་ལ་ཆགས་པ་དང་བྲལ་བའི་ཕྱིར་གཞན་གསུམ་ཁོ་ནའོ། །གསུམ་པོ་དེའི་ནང་ནས་དང་པོ་གཉིས་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་གཉིས་ཡོད་ལ། དང་པོ་མངོན་ཤེས་སུ་མི་བཞག་ཅིང༌། ཕྱི་མ་མངོན་ཤེས་སུ་བཞག་པ་ཡིན་ནོ། །དེ་ལའང་གཉིས་ཏེ། ཡུལ་དུས་གནས་སྐབས་ཀྱིས་སྐལ་བའི་གཟུགས་སྒྲ་མཐོང་བ་དང༌། མ་སྐལ་བའི་གཟུགས་སྒྲ་མཐོང་བའོ། །དང་པོ་ནི། འཕགས་པ་ཁོ་ན་ལ་ཡོད་ཅིང༌། རྣལ་འབྱོར་གྱི་མངོན་སུམ་དུ་བཞག་དགོས་ལ། གཉིས་པ་ནི་སྐྱེ་འཕགས་གཉིས་ཀ་ལ་ཡོད་ཅིང༌། དབང་ཡིད་ཀྱི་མངོན་སུམ་དུ་སོ་སོར་ཕྱེ་ནས་འཇོག་དགོས་པ་ཡིན་ཏེ། བདག་རྐྱེན་དབང་ཡིད་གང་རུང་དང་དམིགས་རྐྱེན་ཕྱི་རོལ་དོན་གྱི་གཟུང་དོན་ལས་སྐྱེས་པའི་ཕྱིར། འགགས་ནས་ཡུན་རིང་དུ་ལོན་པ་དང༌། དུས་མཉམ་པ་དང་མ་འོངས་པའི་གཟུགས་མཐོང་བའི་ལྷའི་མིག་གི་མངོན་པར་ཤེས་པ་ནི། གཟུགས་འཛིན་དབང་པོའི་མངོན་སུམ་དུ་བཞག་མི་ནུས་ཏེ། རང་གི་གཟུང་དོན་དུ་གྱུར་པའི་གཟུགས་ལས་མ་སྐྱེས་པའི་ཕྱིར་རོ། །བཞི་པ་རྐྱེན་གསུམ་གྱི་རྣམ་པར་བཞག་པ་ལ། མདོ་སྡེ་པའི་ལུགས་དང༌། ཞར་ལ་སེམས་ཙམ་པའི་ལུགས་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་བདག་རྐྱེན་ལ་མངོན་པ་ལས་འབྱུང་ཚུལ་སྤྱིར་བཤད་པ་དང༌། འདིའི་སྐབས་སུ་བབ་པའི་བདག་རྐྱེན་ངོས་བཟུང་བའོ། །དང་པོ་ནི། ཆོས་མངོན་པ་ལས་རྐྱེན་བཞིར་གསུང་ལ། དེ་ལས་ཀྱང་མངོན་པ་འོག་མར་བདག་རྐྱེན་ཁྱད་པར་ཅན་དབང་པོ་ཉི་ཤུ་རྩ་གཉིས་དང༌། ཁྱད་པར་ཅན་མ་ཡིན་པ་རྒྱུ་དྲུག་གི་ནང་ནས། བྱེད་རྒྱུ་ནུས་བཅས་ལ་བདག་པོའི་རྐྱེན་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་འདུས་བྱས་ཀྱི་ཆོས་ཐམས་ཅད་བདག་པོའི་རྐྱེན་དུ་བཤད་པ་དང༌། ཡང་ཇི་སྐད་དུ། ཆོས་ཀྱི་ཕྱེ་དང་གང་དག་ནི། །བཅུ་གཉིས་ནང་གི་བཤད་དབང་པོ། །ཞེས་ཁམས་བཅོ་བརྒྱད་ལ་དབང་པོ་ཡིན་མ་ཡིན་གཉིས་སུ་ཕྱེ་བའི་ཕྱིར། མངོན་པ་གོང་མར་ནི། དབང་པོ་ཉི་ཤུ་རྩ་གཉིས་དང༌། ཆུའི་དལ་རླུང་ལ་རྟེན་པ་ལྟ་བུ་དང༌། འབྱུང་གྱུར་འབྱུང་བ་ལ་བརྟེན་པ་ལྟ་བུ། རྟེན་གྱི་སྒོ་ནས་བདག་རྐྱེན་དུ་བཞག་པ་དང༌། སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་སྣོད་ཀྱི་འཇིག་རྟེན་དང༌། སོ་སོའི་ལས་རང་རང་གི་རྣམ་སྨིན་ལ་བལྟོས་ཏེ་འཕེན་པའི་སྒོ་ནས་བདག་རྐྱེན་དུ་བཞག་པ་དང༌། སེམས་ཀྱི་དབང་གི་སེམས་བྱུང་སྐྱེ་བ་ལྟ་བུ་ལྷན་ཅིག་འབྱུང་བའི་སྒོ་ནས་བདག་རྐྱེན་དུ་འགྱུར་བ་རྣམས་བཤད་དོ། །འདིར་འཕྲོས་པའི་དོན་ནི། ཆོས་མངོན་པ་ལས། སྤྱིར་རྒྱུ་འབྲས་དུས་མཉམ་བཤད་ཀྱང༌། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལ་དུས་མི་མཉམ་པ་ཁོ་ནར་འདོད་པ་ཡིན་ཏེ། མཛོད་ལས། རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ་གསུམ་པོ་ནི། །སྐྱེ་ལའོ། །ཞེས་བཤད་པའི་ཕྱིར། གཏན་ལ་དབབ་པ་བསྡུ་བར། དུས་མི་མཉམ་པ་ཁོ་ན་ལ་རྐྱེན་མཚན་ཉིད་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཚད་མ་སྡེ་བདུན་དུ། རྐྱེན་གསུམ་གྱིས་ཟླས་ཕྱེ་བའི་བདག་པོའི་རྐྱེན་ནི་སྤྱིར་ཤེས་པ་དང༌། བྱེ་བྲག་དོན་སྣང་གི་རྣམ་པར་ཤེས་པ་ཁོ་ན་ལ་བཤད་ཀྱི། གཞན་ལ་བཤད་པ་མེད་དོ། །དེ་ལ་དབྱེ་ན། གཞུང་ལས་དངོས་སུ་བཤད་པ། སྒོ་ལྔའི་དབང་པོ་དང༌། བོད་ཀྱི་སློབ་དཔོན་སྔ་མ་དག་གིས་བློས་བརྟགས་པ་ཡིད་ཀྱི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་གསུམ་འཆད་དོ། །ཁ་ཅིག་དཔེར་ན་སྣང་ཅིག་མཚན་རྒྱུ་དང༌། ཞེས་པའི་གཞུང་གིས། ཉི་མའི་འོད་ཟེར་མིག་ཤེས་ཀྱི་བདག་རྐྱེན་དུ་བརྟན་པར་འཆད་པ་ནི་གཞུང་འཆད་མ་ཤེས་པར་ཟད་དོ། །དེ་ཡང་རང་འབྲས་རང་དབང་དུ་བསྐྱེད་པར་ནུས་པ་ཙམ་བདག་རྐྱེན་དུ་འཇོག་པ་མ་ཡིན་གྱི། ཤེས་པ་དེ་ཡུལ་འཛིན་ནུས་སུ་བསྐྱེད་པའི་ཆ་ནས་དེ་འཇོག་པ་ཡིན་ཏེ། དམིགས་བརྟགས་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་དང༌། རིགས་གཏེར་དུ། དབང་པོ་ཡུལ་ལ་འཛིན་ནུས་ཏེ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་རང་གི་དངོས་འབྲས་གཞན་རིག་ཤེས་པ་ཡུལ་འཛིན་ནུས་སུ་སྐྱེད་བྱེད་དེ་བདག་པོའི་རྐྱེན་གྱི་མཚན་ཉིད། དབྱེ་ན། དབང་པོ་གཟུགས་ཅན་པ་དང་ཡིད་ཀྱི་དབང་པོ་དང༌། ཏིང་ངེ་འཛིན་གྱི་དབང་པོ་དང་གསུམ་མོ། །དང་པོའི་མཚན་ཉིད་རང་གི་དངོས་འབྲས་ཕྱི་རོལ་དོན་སྣང་གི་ཤེས་པ། ཡུལ་འཛིན་ནུས་སུ་སྐྱེད་བྱེད་ཀྱི་གཟུགས་དངས་པའོ། །འདི་འབྱུང་བ་ལས་གྱུར་པའི་གཟུགས་ཁོ་ན་ཡིན་ཀྱང་གཟུགས་ཀྱི་སྐྱེ་མཆེད་ནི་མ་ཡིན་ཏེ། བསྟན་མེད་ཀྱི་གཟུགས་ཡིན་པའི་ཕྱིར་དང༌། ནང་གི་སྐྱེ་མཆེད་ཁོ་ནར་ངེས་པའི་ཕྱིར། མིག་ཤེས་དང་དུས་མཉམ་པའི་མིག་དབང་ནི་རྟེན་མཚན་ཉིད་པ་ཡིན་ལ། བདག་རྐྱེན་མ་ཡིན། སྔ་ལོགས་སུ་བྱུང་བའི་མིག་ནི་རྟེན་མཚན་ཉིད་པ་མ་ཡིན་ཏེ། ཇི་སྐད་དུ། དེ་མེད་ན་ཡང་གནས་པའི་ཕྱིར། །གནས་མ་ཡིན་ཞེས་གསུངས་པས་སོ། །གང་དག་གཟུགས་འཛིན་དབང་པོའི་མངོན་སུམ་ཡིན་ན་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལས་སྐྱེས་པས་ཁྱབ་པར་འདོད་པ་དེ་དག་གི་ལྟར། སེར་འཛིན་དབང་པོའི་མངོན་སུམ་ལ་སོགས་པ་རེ་རེ་ནས་མ་ངེས་པར་འགྱུར་རོ། །འདོད་ན་དེའི་མཚན་གཞི་གང་ཡིན། མིག་དབང་གཟུགས་ཅན་པ་དེའོ་ཞེ་ན། དེ་ཆོས་ཅན་སེར་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པར་ཐལ། སྔོན་འཛིན་དབང་མངོན་གྱི་ཐུན་མོང་མ་ཡིན་པའི་དེ་ཡིན་པའི་ཕྱིར། རྟགས་བསལ་ཁས་བླངས་སོ། །གཞན་ཡང་མིག་དབང་གཟུགས་ཅན་པ་དེས་སེར་འཛིན་དབང་མངོན་སེར་པོར་འཛིན་ནུས་ཁོ་ནར་སྐྱེད་པ་དང༌། སྔོ་འཛིན་དབང་མངོན་སྔོན་པོ་འཛིན་ནུས་པ་ཁོ་ནར་སྐྱེད་པ་ཡིན་པར་འགྱུར་ཏེ། དེ་གཉིས་སོ་སོའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་པའི་ཕྱིར། འདོད་ན། མིག་དབང་གཟུགས་ཅན་པ་དེས་དོན་རྟོགས་སོ་སོར་འབྱེད་ནུས་པར་འགྱུར་ཞིང༌། རྣམ་འགས་ཤེས་པའི་རང་བཞིན་ནི། །ཞེས་སོགས་ཀྱི་དོན་དང་ཤིན་ཏུ་འགལ་ལོ། །གལ་ཏེ་མིག་དབང་ཙམ་པོ་དེ་སེར་འཛིན་སོགས་སོ་སོའི་བདག་རྐྱེན་དུ་མི་འདོད་ཀྱི། སོ་སོ་ནས་དེ་དང་དེའི་བདག་རྐྱེན་དུ་གྱུར་པའི་མིག་དབང་དེ་དང་དེ་སེར་འཛིན་དབང་མངོན་སོགས་རང་རང་སོ་སོའི་བདག་རྐྱེན་དུ་ཁས་ལེན་པ་ཡིན་ནོ་ཞེ་ན། འོ་ན་སེར་འཛིན་དབང་མངོན་དང་སྔོན་འཛིན་དབང་མངོན་གཉིས་ལ་བདག་པོའི་རྐྱེན་ཐུན་མོང་བ་གཅིག་མེད་པར་འགྱུར་ལ། དེ་ཡང་འདོད་ན་ཇི་སྐད་དུ། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །འདི་འདྲ་དབང་པོ་ལ་ཡོད་མིན། །ཞེས་པའི་གཞུང་གི་དོན་འཆད་མི་ཤེས་པར་འགྱུར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་གལ་ཆེ་བ་ནི། བདག་རྐྱེན་དབང་པོས་ནི་རང་གི་བདག་འབྲས་སུ་གྱུར་པའི་ཤེས་པ་སྤྱིར་ཡུལ་འཛིན་ནུས་སུ་བསྐྱེད་པ་ཡིན་གྱི། སེར་འཛིན་དབང་མངོན་སེར་པོ་ཁོ་ན་འཛིན་ནུས་དང༌། སྔོན་འཛིན་དབང་མངོན་སྔོན་པོ་ཁོ་ན་འཛིན་ནུས་སུ་བྱེད་པ་ནི་མ་ཡིན་ཏེ། དེ་ལྟར་བྱེད་པ་དེ་ནི་དམིགས་རྐྱེན་སོ་སོར་ངེས་པའི་དབང་གིས་ཡིན་པའི་ཕྱིར་རོ། །ཡང་ལ་ལ་ན་རེ། སངས་རྒྱས་ཀྱི་སའི་གཟུགས་གསལ་སྣང་གི་ཤེས་པ་ཆོས་ཅན། གཟུགས་འཛིན་དབང་པོའི་མངོན་སུམ་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སྒྲ་འཛིན་དབང་མངོན་དུ་ཡང་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང༌། ཞེས་གསུངས་པའི་ཕྱིར། ཞེས་པའི་སྐྱོན་འཇུག་པས་ཉེས་པ་དེ་སྤང་བའི་ཕྱིར་དུ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་གཟུགས་ཅན་ལས་དངོས་སུ་འབྱུང་བའི་ཞེས་འཆད་དགོས་པ་ཡིན་ནོ། །ཞེས་ཟེར་བ་དག་སྣང་ངོ༌། །དེ་ཡང་མ་ཤེས་པ་ཡིན་ཏེ། སངས་རྒྱས་སའི་སྒྲ་འཛིན་དབང་མངོན་ལ་གཟུགས་གསལ་བར་སྣང་མོད། བདག་རྐྱེན་མིག་དབང་ལ་རྟེན་པ་ནི་མ་ཡིན་ཏེ། ཉན་ཤེས་མངོན་སུམ་ཡིན་པའི་ཕྱིར་ཁྱབ་པ་ཡོད་དེ། ཇི་སྐད་དུ། ཤེས་བསྐྱེད་ནུས་པ་ཐ་དད་ཕྱིར། །ཀུན་ལས་ཀྱང་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མདོ་སྡེའི་རྒྱན་གྱི་ལུང་དེའི་དོན་ནི། སངས་རྒྱས་སའི་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་དེས་གཟུགས་སོགས་དོན་ལྔ་ཀ་འཛིན་པའི་དོན་ཡིན་གྱི། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།