ཚད་མ་རིགས་གཏེར་གྱི་དགོངས་རྒྱན་བསྟན་བཅོས་སྨད་ཆ། ཅ ༽

བདག་རྐྱེན་དབང་པོ་ལྔ་པོ་ཐམས་ཅད་ལ་བརྟེན་པའི་དོན་མ་ཡིན་ནོ། །འོ་ན་སངས་རྒྱས་སའི་སྒྲ་འཛིན་པའི་མིག་ཤེས་ཆོས་ཅན། གཟུགས་འཛིན་དབང་པོའི་མངོན་སུམ་དུ་ཐལ། ཁྱོད་རང་གི་མཚན་ཉིད་དེའི་ཕྱིར། འདོད་ན་སྒྲ་འཛིན་པའི་དབང་པོའི་མངོན་སུམ་མ་ཡིན་པར་ཐལ་ལོ་ཞེ་ན་འདོད་པ་ཡིན་ནོ། །དེ་ཡིན་ཏེ། སྒྲ་འཛིན་པ་དང་དབང་མངོན་གྱི་གཞི་མཐུན་ཡིན་པའི་ཕྱིར་ཞེ་ན། དེ་ལྟ་ན་ནི་ཧ་ཅང་ཐལ་བ་ཤིན་ཏུ་མང་ངོ༌། །ཡང་ལ་ལ་ན་རེ། མཛོད་དུ་ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་གསུངས་པའི་དོན་ལ་བསམས་ནས་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞེས་སྨོས་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ཡིད་མངོན་གྱི་མཚན་ཉིད་འཇོག་པ་ན། ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞེས་ཟེར་དགོས་པ་ཡིན་གྱི། གཞན་ལྔ་པོའི་མཚན་ཉིད་དུ་དེ་སྐད་ཅེས་ཟེར་བ་ལ་དགོས་པ་མེད་དོ། །དེ་བས་ན་བོད་ཕྱི་རབས་ཀྱི་རང་བཟོ་མཁན་པོ་དག་གི་ལུགས་ལ་སྙིང་གཏད་པར་མི་བྱའོ། །གཉིས་པ་ཡིད་ཀྱི་དབང་པོ་ལ་ཆོས་མངོན་པ་ནས་གསུང་ཚུལ་དང༌། འདིར་ཁས་ལེན་རྒྱུའི་ཡིད་དབང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མངོན་པ་གོང་མ་ལས་ཡིད་ཀྱི་དབང་པོའི་བཤད་ཚུལ་གསུམ་འབྱུང་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འགགས་མ་ཐག་པ་དང༌། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ཟླས་དྲངས་པའི་ཡིད་ཀྱི་དབང་པོའོ། །དང་པོ་གཉིས་ནི་ཀུན་ལ་གྲགས་པར་ཟད་ལ། གསུམ་པ་ནི། ཡིད་ཀྱི་སྐྱེ་མཆེད་དུ་བཤད་པ་དེ་ཉིད་དོ། །དེ་ཡང་གང་ཞེ་ན། ཉེར་སྤྱོད་རྣམ་པར་ཤེས་པའི་ཚོགས་དྲུག་པོ་མ་འོངས་པ་སྐྱེ་བའི་སྒོར་གྱུར་པ་གང་ཡིན་པ་དེའོ། །སྐྱེ་བའི་སྒོ་འབྱེད་པའི་ཚུལ་ཡང༌། རྐྱེན་གསུམ་ལས་བདག་པོའི་རྐྱེན་བྱས་པའི་སྒོ་ནས་འབྱེད་པ་ཡིན་ཏེ། ནང་གི་སྐྱེ་མཆེད་དྲུག་ཀ་དེའི་སྒོ་ནས་དེར་འཇོག་པའི་ཕྱིར། འོ་ན་འདི་ཚོགས་དྲུག་འདས་མ་ཐག་པ་དང་དོན་གཅིག་ལ་འདུ་བ་མ་ཡིན་ནམ་ཞེ་ན། རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་འདིའི་ནང་དུ་སེམས་ཁམས་བདུན་ཀ་བསྡུ་དགོས་པའི་ཕྱིར་དང༌། ཡིད་ཁམས་ན་ཚོགས་དྲུག་འདས་མ་ཐག་པ་ཁོ་ན་ལ་འཆད་དགོས་པའི་ཕྱིར། དེ་ཡང་སྐྱེ་མཆེད་བཅུ་གཉིས་ཀྱི་རྣམ་གཞག་བྱེད་པའི་ཚེ་ནི། ཉེར་སྤྱོད་རྣམ་པར་ཤེས་པའི་ཚོགས་དྲུག་གི་དམིགས་རྐྱེན་དང་བདག་རྐྱེན་གང་རུང་གི་སྒོ་ནས་བཤད་ལ། ཁམས་བཅོ་བརྒྱད་ཀྱི་རྣམ་བཞག་བྱེད་པའི་ཚེ། རྐྱེན་གསུམ་ཀའི་སྒོ་ནས་བཤད་པའི་རྣམ་གཞག་དེ་ཉིད་ངེས་པར་བློ་ཡུལ་དུ་འཆར་དགོས་པ་ཡིན་ནོ། །མངོན་པ་འོག་མར་ནི། ཡིད་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་ཁམས་དང༌། ཡིད་ཀྱི་དབང་པོ་དང༌། གསུམ་ཀ་བཤད་ཀྱང༌། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་བདག་རྐྱེན་ནི་འདས་མ་ཐག་པའི་ཚོགས་དྲུག་ཉིད་བཤད་པ་ཡིན་ཏེ། ཇི་སྐད་དུ། ཐ་མའི་རྟེན་འདས་ཤེས་དང༌། །དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་སོ། །མདོར་ན་ཆོས་མངོན་པ་ལས་འབྱུང་བའི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ཡིད་དབང་ནི། གཉིས་སུ་བསྡུ་བར་ནུས་ཏེ། གང་ཞེ་ན། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཤེས་རང་དུས་སུ་འགག་མ་ཐག་པའི་ཚོགས་དྲུག་པོ་གང་ཡང་རུང་བ་ཉིད་དོ། །དབང་པོ་ཉེར་གཉིས་ཀྱི་ནང་གི་ཡིད་ཀྱི་དབང་པོ་དེ་ནི། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ཁོ་ནར་བཤད་པའི་ངེས་པ་མེད་དོ། །གཉིས་པ་ནི། སྤྱིར་ཚད་མའི་མདོ་དང་སྡེ་བདུན་རང་གི་འགྲེལ་པར་བཅས་པ་ན། སྤྱིར་ཡིད་ཀྱི་དབང་པོའི་ངོས་འཛིན་དང༌། ཁྱད་པར་ཡིད་ཀྱི་མངོན་སུམ་གང་ཡིན་པ་དེ་རང་གི་བདག་རྐྱེན་ཡིད་དབང་ལས་ངེས་པར་སྐྱེད་དགོས་པའི་བཤད་པ་གསལ་པོ་མེད་དོ། །དེ་ལྟ་མོད་ཀྱི། འོན་ཀྱང་བོད་ཀྱི་ཤིང་རྟ་ཆེན་པོ་རྔོག་ལོཙྪ་བའི་བཞེད་པ་ནི། ཚད་མརརྣམ་པར་ངེས་པ་ལས། འཛིན་པར་བྱེད་པ་ཡིད་ཀྱང་ངོ༌། །ཞེས་པས་བདག་རྐྱེན་ཡིད་ཀྱི་དབང་པོ་བསྟན་པ་བཞེད། ཡིད་ཀྱི་དབང་པོ་དེའི་མཚན་གཞི་ནི། ཚད་མ་རིགས་པའི་གཏེར་ལས་འགག་མ་ཐག་པའི་དབང་ཤེས་ཉིད་ལ་བཤད་ལ། དྲུག་པ་ལ་མི་བཞེད་པར་སྣང་སྟེ། དེའི་རྒྱུ་མཚན་ཡང༌། རྣམ་པར་ངེས་པ་ལས། དབང་ཤེས་དེ་མ་ཐག་རྐྱེན་ལས། །ཞེས་གསུངས་པའི་དོན་ལ་རྣམ་པར་བརྟགས་ནས་བཤད་པ་ཡིན་ནོ། །དེས་ན་རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པ་འཛིན་ནུས་སུ་སྐྱེད་པར་བྱས་ཟིན་པའི་གཙོ་བོ་རྣམ་རིག་དེ་སྤྱིར་ཡིད་ཀྱི་དབང་པོ་ཙམ་གྱི་མཚན་ཉིད། མཚན་གཞི་ནི། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་རང་དུས་སུ་འགག་མ་ཐག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་རུང་དེ་ཉིད་དོ། །འགགས་མ་ཐག་པ་ཞེས་པའི་དོན་ཡང༌། རང་གི་དེ་མ་ཐག་རྐྱེན་བྱས་ནས་འགགས་པའི་དོན་ཡིན་ཏེ། གཞན་དུ་ན་སྒྲ་འཛིན་དབང་མངོན་དང་དུས་མཉམ་པའི་གཟུགས་འཛིན་དབང་པོའི་མངོན་སུམ་དེ་སྒྲ་ངེས་པའི་ངེས་ཤེས་ཀྱི་བདག་རྐྱེན་དུ་ཐལ་བར་འགྱུར་བས་སོ། །བྱེ་བྲག་ཏུ་རང་གི་དེ་མ་ཐག་འབྲས་ཡིད་ཀྱི་མངོན་སུམ་དེ་གཟུགས་སོགས་དོན་ལྔ་པོ་གང་རུང་འཛིན་པའི་ནུས་པ་ཅན་དུ་བྱས་ཟིན་པའི་གཙོ་བོ་རྣམ་རིག་དེ་ཡིད་མངོན་གྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་གི་མཚན་ཉིད་མཚན་གཞི། གཟུགས་འཛིན་ཡིད་ཀྱི་མངོན་སུམ་རང་དུས་སུ་འདས་མ་ཐག་པའི་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་དེ་ཉིད་དོ། །དེ་ཉིད་གཞུང་གིས་ཇི་ལྟར་བསྟན་ཞེ་ན། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་པའི་གཞུང་དེ་ཉིད་ཀྱིས་བསྟན་ལ། དེ་ཡང་རྣམ་པར་ཤེས་པའི་གཅིག་པུ་དེ་ཉིད་ཀྱིས་རང་གི་དངོས་འབྲས་ལ་བྱ་བ་གཉིས་བྱེད་དེ། གསལ་རིག་གི་ངོ་བོར་སྐྱེད་པ་དང༌། ཡུལ་འཛིན་ནུས་སུ་བསྐྱེད་པའོ། །དང་པོའི་ཆ་ནས་དེ་མ་ཐག་རྐྱེན་དང༌། གཉིས་པའི་ཆ་ནས་བདག་པོའི་རྐྱེན་དུ་འགྱུར་བ་ཡིན་ནོ། །དེ་ཡང་གཟུགས་འཛིན་དབང་པོའི་རྣམ་པར་ཤེས་པ་དེ་རང་དུས་སུ་རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་དེའི་དེ་མ་ཐག་རྐྱེན་ཡིན་ཀྱང་དུས་དེར་བདག་པོའི་རྐྱེན་ནི་མ་ཡིན་ཏེ། དུས་དེར་ཡིད་མ་ཡིན་པའི་ཕྱིར། དུས་དེར་འགགས་མ་ཐག་པའི་གཙོ་བོ་སེམས་མ་ཡིན་པའི་ཕྱིར། འོ་ན་དུས་ནམ་གྱི་ཚེ་བདག་པོའི་རྐྱེན་དུ་འགྱུར་ཞེ་ན་རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་སྐྱེས་ཟིན་པའི་དུས་དེར་དེའི་བདག་པོའི་རྐྱེན་དུ་འགྱུར་བ་ཡིན་ནོ། །དེ་ཡང་འདི་ལྟར་གཟུགས་འཛིན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དུ་གྱུར་པའི་གཙོ་བོ་སེམས་ཆོས་ཅན། ཁྱོད་རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་ཡིད་མངོན་གྱི་རང་དུས་དེར་དེའི་བདག་པོའི་རྐྱེན་དུ་འཇོག་པ་ཡིན་ཏེ། དུས་དེར་འགགས་མ་ཐག་པའི་ཡིད་གང་ཞིག དེ་ཕྱི་རོལ་དོན་གྱི་རྣམ་ལྡན་དུ་བསྐྱེད་པར་བྱས་ཟིན་པའི་ཕྱིར། ལུང་དང་རིགས་པ་འདི་ལ་བརྟེན་ནས་ཡིད་དབང་ལ་རྒྱུན་མེད་པའི་ཚུལ་ཡང་བདེ་བླག་ཏུ་རྟོགས་པར་ནུས་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་རང་དུས་སུ་ཡིད་དབང་མ་ཡིན་པ་དེའི་ཕྱིར་རོ། །དེ་མ་ཐག་རྐྱེན་ལ་ནི་མི་མཚུངས་ཏེ། རང་དུས་སུ་རིགས་ཕྱི་མའི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར་རོ། །དཔེར་ན། བུ་མོ་དང༌། མ་དང༌། ཕྱི་མོ་གསུམ་རིམ་པར་སྐྱེས་པ་དེ་ཚེ། བུད་མེད་གསུམ་རྒྱུན་མ་ཆད་པར་འབྱུང་བ་ནི་ཡིན་ཏེ། དེ་རྣམས་རང་དུས་སུ་བུད་མེད་ཁོ་ནར་ངེས་པའི་ཕྱིར། མ་གསུམ་བར་མ་ཆད་པར་བྱུང་བ་ནི་མ་ཡིན་ཏེ། ཇི་སྲིད་བུ་མ་སྐྱེས་བར་དེ་སྲིད་དུ་མར་འཇོག་མི་ནུས་པའི་ཕྱིར། ཞེས་བྱ་བ་འདི་སྔ་མའི་དཔེ་ཡིན་ནོ། །སྐབས་འདིའི་བདག་རྐྱེན་ཡིད་དབང་དུ་གྱུར་པའི་དྲུག་པ་ཡིད་ཀྱི་རྣམ་ཤེས་ནི་མེད་དེ། བདག་འབྲས་ཡིད་མངོན་ལ་དྲུག་པ་མ་བཤད་པའི་ཕྱིར་རོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །བདག་རྐྱེན་གསུམ་པ་ཏིང་ངེ་འཛིན་ལ། སྤྱིར་བཤད་པ་དང༌། འདིར་བསྟན་བྱེ་བྲག་ཏུ་ངོས་བཟུང་བའོ། །དང་པོ་ནི། ཆོས་མངོན་པ་ལས། དཀར་པོ་དགེ་བའི་ཆོས་ཐམས་ཅད་ཀྱི་བདག་པོའི་རྐྱེན་ནི། དད་སོགས་དབང་པོ་ལྔ་ཡིན་ཏེ། དཀར་པོ་དགེ་བའི་ཆོས་ཐམས་ཅད་ཀྱི་ཚོགས་པ་ན་ལྔ་པོ་དེ་ཡོད་པའི་ཕྱིར། རྟེན་གྱི་གང་ཟག་ནི་དགེ་རྩ་མ་ཆད་པའི་སྐྱེས་བུ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ལ། དེ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་གཉིས་སོ། །དང་པོས་ནི། འཇིག་རྟེན་པའི་དགེ་བ་ཐམས་ཅད་ཀྱི་བདག་པོའི་རྐྱེན་དང༌། གཉིས་པས་ནི་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཀྱི་བདག་པོའི་རྐྱེན་བྱེད་དོ་ཞེས་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་གྲངས་ངེས་འཆད་པའི་སྐབས་སུ་འབྱུང་བ་ནི་བཤད་པའི་རྣམ་གྲངས་གཅིག་ཡིན་ནོ། །རྣམ་གྲངས་གཉིས་པ་ནི། ཚོགས་ལམ་མན་ཆད་ཀྱི་དད་སོགས་ལྔ་ནི། འཕགས་ལམ་བསྐྱེད་པ་ལ་བདག་པོར་མ་གྱུར་པའི་ཕྱིར་དབང་པོར་མི་འཇོག་ལ། སྦྱོར་ལམ་དྲོད་ནས་དབང་པོར་འཇོག་པ་ཡིན་ཏེ། རང་འབྲས་བདག་མེད་མངོན་སུམ་དུ་རྟོགས་པའི་འཕགས་ལམ་སྐྱེད་པ་ལ་བདག་པོར་གྱུར་པའི་ཕྱིར། འདི་ལ་རྒྱུད་པའི་བདག་རྐྱེན་དང༌། དངོས་ཀྱི་བདག་རྐྱེན་གྱི་དབྱེ་བས་གཉིས་ཡོད་ལ། དང་པོའི་ས་མཚམས་དྲོད་ནས་འཇོག་ཅིང༌། གཉིས་པའི་ས་མཚམས་ཆོས་མཆོག་གི་སྐད་ཅིག་ཐ་མ་ནས་སོ། །གཉིས་པ་ནི། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་རྟོག་གེའི་གཞུང་དུ་རྣལ་འབྱོར་མངོན་སུམ་གྱི་བདག་པོའི་རྐྱེན་གསལ་བར་བཤད་པ་མེད་ཀྱང༌། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་སྟེ་བསྒོམ་བྱུང་ཡིན། །ཞེས་གསུངས་པ་ལ་བརྟེན་ནས་རྔོག་ལོ་ཆེན་པོ་ལ་སོགས་པ་དེ་ཁོ་ན་ཉིད་གོམས་པའི་ཏིང་ངེ་འཛིན་དང་སྨོན་ལམ་བདག་པོའི་རྐྱེན་དུ་འཆད་ལ། རིགས་པའི་གཏེར་ལས། ཡང་དེ་ཁོ་ན་ཉིད་གོམས་པར་བྱས་པའི་ཡིད་ཀྱི་དབང་པོ་བདག་རྐྱེན་ཡིན་པར་གསུངས་སོ། །ལུགས་དེ་གཉིས་ཀས་ཀྱང༌། རྣལ་འབྱོར་པའི་མངོན་སུམ་ཡིད་མངོན་གྱི་ནང་ཚན་ཡིན་པར་བཤད་ཅིང༌། མངོན་སུམ་བཞིའི་གྲངས་ངེས་བྱེད་པའི་ཚེ། རང་གི་གཟུང་དོན་ལས་སྐྱེས་མ་སྐྱེས་ཀྱི་སྒོ་ནས་འཇོག་པ་ཡིན་ནོ། །དེས་ན་རང་གི་དངོས་འབྲས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པ་ལ་བདག་པོར་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ་རྣལ་འབྱོར་མངོན་སུམ་གྱི་བདག་པོའི་རྐྱེན་གྱི་མཚན་ཉིད་ཅེས་པའམ། རིགས་པའི་གཏེར་གྱི་ཚིག་ཟིན་དང་བསྟུན་ན། བདག་མེད་པའི་དོན་གོམས་པར་བྱས་པའི་གཙོ་བོ་རྣམ་རིག་གང་ཞིག་རང་འབྲས་འཕགས་ལམ་བསྐྱེད་པ་ལ་བདག་པོར་གྱུར་པ་ཞེས་བྱའོ། །ཡིད་དབང་འདི་ལ་ནི་རྒྱུན་མེད་པ་མ་ཡིན་ཏེ། ཆོས་མཆོག་ནས་མི་སློབ་པའི་ལམ་གྱི་བར་དུ་རྒྱུན་ཆད་པ་མི་སྲིད་པའི་ཕྱིར། གཉིས་པ་དམིགས་པའི་རྐྱེན་ལ། ཕལ་ཆེར་ནི་སྔར་བཤད་ཟིན་པའི་གཟུང་ཡུལ་དང་རྣམ་བཞག་འདྲ་བས་རྒྱས་པར་འཆད་མི་དགོས་ལ། འདིར་ཅུང་ཟད་འཆད་ན་རང་རིག་ལ་ནི་གཟུང་ཡུལ་མི་སྲིད་ཅིང༌། རྣལ་འབྱོར་མངོན་སུམ་ལ་གཟུང་ཡུལ་དང་དམིགས་རྐྱེན་སྲིད་ཀྱང༌། འདིར་དེའི་རྣམ་གཞག་མི་འཆད་དེ། ཇི་སྐད་དུ། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །ཞེས་སོགས་གསུངས་པས་སོ། །དེ་ཡང་ཆོས་མངོན་པ་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་ཆོས་ཐམས་ཅད་དམིགས་པའི་རྐྱེན་ཡིན་པ་དང༌། བྱེ་བྲག་ཏུ་རིག་པ་སྔ་མས་རིག་པ་ཕྱི་མ་ལ་རྐྱེན་བཞི་ཀ་བྱེད་པར་བཤད་ཅིང༌། མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། འདིའི་དམིགས་པ་དངོས་མེད་དེ། །ཅེས་གསུངས་པ་ཡོད་ཀྱང༌། འདིར་ནི་གཟུགས་སོགས་དོན་ལྔ་པོ་ཉིད་དམིགས་པའི་རྐྱེན་དུ་འདོད་པ་ཡིན་ནོ། །དེས་ན་རང་འཛིན་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་གཏོད་བྱེད་དེ་དམིགས་རྐྱེན་གྱི་མཚན་ཉིད་དོ། །དེ་ལ་དམིགས་རྐྱེན་ཙམ་དང༌། ཁྱད་པར་ཅན་མངོན་སུམ་གྱི་དམིགས་རྐྱེན་ནོ། །དང་པོ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་དང༌། མར་མེའི་རྩེ་མོའི་ཁྲ་དགོར་བ་འཛིན་པའི་དབང་ཤེས་ལྟ་བུ་རྟོག་མེད་ལོག་ཤེས་འགའ་ཞིག་ལ་ཡང་ཡོད་པ་ཡིན་ཏེ། ཇི་སྐད་དུ། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། །གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཞེས་འབྱུང་བ་ལྟར་རོ། །རྟོག་པ་ལ་ནི་འདི་སྲིད་པ་མ་ཡིན་ཏེ། དམིགས་རྐྱེན་ཅན་གྱི་ཤེས་པ་ཡིན་ན་རང་ཡུལ་གསལ་བར་སྣང་བའི་རིག་པ་ཡིན་དགོས་པའི་ཕྱིར། གཉིས་པ་དམིགས་རྐྱེན་ཁྱད་པར་ཅན་ནི། མདོ་སྡེ་པ་རང་གི་རིགས་པས་རྣམ་པར་བརྟགས་ནས་བཤད་པར་བྱ་སྟེ། འདི་ལ་མཚན་ཉིད་དང་མཚན་གཞིའོ། །དང་པོ་ནི། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་གཏོད་པར་བྱེད་པའི་བེམ་པོ་དེ་དེའི་མཚན་ཉིད་དོ། །མིང་གི་རྣམ་གྲངས་ནི་དམིགས་རྐྱེན་ཁྱད་པར་ཅན་དང༌། གཟུང་ཡུལ་དང༌། གཟུང་དོན་རྣམས་སོ། །འདིར་མཁས་པ་མ་ཡིན་པ་ཁ་ཅིག འཛིན་པ་ཡི་ནི་ཉེར་ལེན་དང༌། །མྱོང་བ་སེམས་ཀྱི་གཟུང་མཚན་ཉིད། །ཅེས་པའི་དོན་དུ་བསམས་ནས། བློ་སྔ་མ་རང་གི་དེ་མ་ཐག་འབྲས་སུ་གྱུར་པའི་བློ་ཕྱི་མའི་གཟུང་ཡུལ་དུ་ཁས་ལེན་པ་ནི། ཆོས་ཀྱི་གྲགས་པའི་ལུགས་འཇིག་པར་བྱེད་པ་ཡིན་པས་རྣ་བ་གཏད་པར་མི་བྱ་ལ། ཡང་བོད་མཁས་པར་རློམ་པ་ཕལ་ཆེ་བ་རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་གཏོད་བྱེད་ཅེས་ཟེར་བ་ཡང་མདོ་སྡེ་པ་རང་གི་ལུགས་མ་ཡིན་ཏེ། ཇི་སྐད་དུ། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ཞེས་སོགས་ཤླཽ་ཀ་དང༌། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་སོགས་ཀྱི་རིགས་པས་ཁྱོད་ཀྱི་འདོད་པ་དེ་ལེགས་པར་བཀག་པའི་ཕྱིར། ཇི་ལྟར་བཀག་ན། དོན་སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། ཡིད་དུ་འོང་མི་འོང་གཉིས་སུ་ཐལ། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་དེ་གཉིས་སུ་སྣང་བ་གང་ཞིག ཁྱོད་ཀྱིས་དེ་ལ་རང་འདྲའི་རྣམ་པ་གཏོད་པའི་ཕྱིར། ཅེས་པའི་རིགས་པས་སོ། །འོ་ན་སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན་རང་འཛིན་ཤེས་པའི་གཞལ་བྱ་མ་ཡིན་པར་ཐལ། དེ་ཁྱོད་དང་འདྲ་བར་མ་སྐྱེས་པའི་ཕྱིར། སྙམ་པའི་དོགས་པ་བསུ་ནས། སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། ཁྱོད་ལ་ལྟ་བའི་མིག་ཤེས་མ་འཁྲུལ་བ་དེ་ཁྱོད་དང་མི་འདྲ་ཡང༌། ཁྱོད་དེའི་གཞལ་བྱ་ཡིན་ཏེ། ཁྱོད་དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེས་འཆད་པའི་དབང་དུ་བྱས་ནས། དེ་དང་འདྲའམ་གཞན་འདྲའང་རུང༌། །ཞེས་སོགས་ཤླཽ་ཀ་གཅིག་གསུངས་པས་སོ། །མདོ་སྡེ་པས་རྣམ་པར་རིག་པའི་ངོར་ཕྱི་རོལ་གྱི་དོན་སྒྲུབ་པའི་རིགས་པའི་མཐར་ཐུག་ཀྱང་འདི་ཉིད་ཡིན་གྱི། དོན་འདྲ་བ་ཙམ་མ་ཡིན་ཏེ་ཇི་སྐད་དུ། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །ཞེས་སོགས་དང༌། རྣམ་པར་ངེས་པ་ལས། ཕྱི་རོལ་བཟློག་པ་ལས་གྲུབ་འགྱུར། །ཞེས་འབྲས་བུ་རྣམ་ཤེས་བཟློག་པའི་གཏན་ཚིགས་གསུངས་ཕྱིར་དང༌། དེ་ལས་གཞན་དུ། དོན་སྣང་གི་ཤེས་པ་མ་འཁྲུལ་པ་ཕྱི་རོལ་གྱི་དོན་དང་འདྲ་བར་ཁས་ལེན་པ་དང་ཕྱི་རོལ་དོན་གྱི་གནས་ཚུལ་རྡུལ་ཕྲན་དུ་ཁས་ལེན་པ་དང༌། དོན་སྣང་གི་ཤེས་པ་མ་འཁྲུལ་པ་ལ་རྡུལ་ཕྲ་རབ་ཀྱི་རྣམ་པ་མི་སྣང་བར་འདོད་པ་སྟེ། རང་ཚིག་སྔ་ཕྱི་འགལ་བའི་དམ་བཅའ་གསུམ་གྱི་རང་གི་ལུགས་དེ་མ་ཐག་ཏུ་འཇིག་པར་འགྱུར་རོ། །འོ་ན་ཇི་སྐད་དུ། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། །ཅེས་དང༌། སྡུག་བསྔལ་ཀར་སོགས་ཐ་དད་སྣང༌། །ཞེས་སོགས་ཀྱི་གཞུང་འདི་རྣམས་མདོ་སྡེ་པ་རང་གི་གཞུང་མ་ཡིན་ནམ་ཞེ་ན། ཡིན་མོད་དེ་ལས་ཅིར་འགྱུར། འོ་ན་སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། ཡིད་དུ་འོང་མི་འོང་སྣ་ཚོགས་སུ་ཐལ། བློ་མ་འཁྲུལ་པ་ལ་དེར་སྣང་བའི་ཕྱིར། ཞེས་པའི་རིགས་པས་གནོད་དོ་ཞེ་ན། འདིའི་ལན་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། འོ་ན་ཁྱེད་རང་ལྟ་ན་ཡང་དེར་ཐལ། དེའི་ཕྱིར། འཁོར་གསུམ་དངོས་འགལ་དུ་ཁས་བླངས་སོ། །ཡང་གསེར་བུམ་གྱི་སྟེང་གི་རྡུལ་གྱི་རྫས་རྣམས་ཆོས་ཅན། རགས་པར་ཐལ། རང་འཛིན་གྱི་ཤེས་པ་མ་འཁྲུལ་བ་ལ་དེར་སྣང་བའི་ཕྱིར། འདོད་ན་རྫས་སུ་མ་གྲུབ་པར་ཐལ་ལོ། །གཉིས་པ་ནི། གལ་ཏེ་སྣ་ཚོགས་དེ་གཅིག་ན། ཞེས་པར། ཕྱེ་མ་ལེབ་གཤོག་སྟེངས་ཀྱི་ཁྲ་བོ་དེ་ཆ་མེད་གཅིག་ཏུ་བདེན་པར་ཁས་ལེན་པ་ལ་དེ་ཆོས་ཅན། གཅིག་ཏུ་བདེན་པ་མ་ཡིན་ཏེ། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བའི་ཕྱིར། ཞེས་སྟོན་པ་ནི། སྣ་ཚོགས་གཅིག་པའི་རང་བཞིན་མིན། །ཞེས་པ་ཡིན་ལ། དེ་ལ་གཞན་དག་ན་རེ། ཁྲ་འཛིན་དབང་མངོན་ལ་རགས་པར་སྣང་བའི་གཟུང་རྣམ་ཆོས་ཅན། དེར་ཐལ་དེའི་ཕྱིར་ཞེས་པའི་རྩོད་པ་ནི། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །ཞེས་སོགས་ཡིན་ལ། དེ་ལ་སེམས་ཙམ་པའི་རིགས་པས་འདོད་ལེན་འདེབས་པ་ནི་ཇི་ལྟ་ཇི་ལྟར་སོགས་ཡིན་ལ་མདོ་སྡེ་པའི་རིགས་པས་རྟགས་མ་གྲུབ་ཀྱི་ལན་འདེབས་པ་ནི། ཤེས་པ་སྔོ་སོགས་སྣ་ཚོགས་པ། །ཞེས་སོགས་ཀྱིས་རྒྱས་པར་འཆད་པ་ཡིན་ནོ། །དེ་ལྟ་ན་ཡང་རྡུལ་ཕྲན་འདབ་འབྱར་དུ་འབྲེལ་བའི་རྡུལ་ཕྲ་རབ་ཆོས་ཅན། གཅིག་ཏུ་མི་བདེན་པར་ཐལ་རགས་པར་སྣང་བའི་ཕྱིར། ཞེས་འཕེན་ནོ་སྙམ་ན་དེ་ལ་ནི་འདོད་པ་ཡིན་ཏེ། རགས་པ་ཡན་ལག་ཅན་གྱི་གདགས་གཞིར་གྱུར་པའི་རྡུལ་ཡིན་པའི་ཕྱིར། དེ་དུས་ཀྱི་རྡུལ་ཕྲ་རབ་གཅིག་ཆོས་ཅན་དུ་འཛིན་ན་ནི་རྟགས་མ་གྲུབ་ཀྱི་ལན་ཐེབས་པ་ཡིན་ནོ། །རྣལ་མའི་ལན་རྣམ་གྲངས་གཉིས་པ་ནི། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །ཞེས་སོགས་ནི་གཟུགས་འཛིན་གྲངས་མཉམ་པའི་མདོ་སྡེ་པའི་རིགས་པ་འཆད་པའི་དབང་དུ་བྱས་ལ། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་ནི། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་རིགས་པ་འཆད་པའི་དབང་དུ་བྱས་པ་ཡིན་ནོ། །འདིར་ནི་ཕྱི་མ་དབང་བཙན་པ་ཡིན་ཏེ། སྔ་མས་ནི། འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་ཕྱི་རོལ་གྱི་དོན་རྟོགས་པའི་སྒྲུབ་བྱེད་འཇོག་ལ། གཉིས་པས་ནི། རང་གི་རིགས་པས་དཔྱད་ནས་འཇོག་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལ་མྱུར་དུ་འཇུག་པའི་སྒོ་ཡིན་པའི་ཕྱིར། དཔེར་ན། རྣམ་པར་རིག་པ་ཙམ་གྱི་ལུགས་ཚད་མར་ཁས་ལེན་པ་ནི་རྣམ་རྫུན་པའི་ལུགས་དབང་བཙན་པར་བྱེད་དགོས་པ་བཞིན་ནོ། །གཞན་ཡང་བུམ་གཟུགས་ཀྱི་སྟེང་གི་འབྱུང་བ་བཞིའི་རྡུལ་ཆོས་ཅན། བུམ་གཟུགས་འཛིན་པའི་མིག་ཤེས་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་དུ་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་གཟུགས་ཀྱི་རྣམ་ལྡན་དུ་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ལ་དེའི་རྣམ་པ་རང་དང་འདྲ་བ་ཁོ་ན་ཤར་བར་འགྱུར་ལ། དེ་ཡང་དེ་ལྟ་ན་དེ་རེག་བྱའི་སྐྱེ་མཆེད་མ་ཡིན་པར་འགྱུར་རོ། །གཞན་ཡང་སྔོན་པོའི་སྟེང་གི་མི་རྟག་པ་ཆོས་ཅན། དེར་ཐལ། སྔོ་འཛིན་སྔོན་གསུམ་གྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། དེ་སྔོན་པོའི་རྣམ་ལྡན་དུ་དངོས་སུ་བསྐྱེད་པར་བྱེད་པའི་ཕྱི་རོལ་དོན་གྱི་རྫས་ཡིན་པའི་ཕྱིར། རྩ་བར་འདོད་ན་དེ་ལ་དེའི་རྣམ་པར་ཤར་བར་འགྱུར་ལ། འདོད་པར་མི་ནུས་ཏེ། མི་རྟག་པ་རྣམ་མེད་ཡིན་པའི་ཕྱིར་དང༌། ཚུ་རོལ་མཐོང་བའི་མིག་ཤེས་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་རྣམ་པ་རང་ཇི་ལྟ་བ་བཞིན་འཆར་བ་མི་སྲིད་པའི་ཕྱིར། དེ་ལ་འདི་སྙམ་དུ། དེ་ཆོས་ཅན་གཟུགས་ཡིན་པར་ཐལ། གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་རང་ལྟར་ན་མེ་ཆོས་ཅན་དང་ཙནྡན་གྱི་ཀ་བ་ཆོས་ཅན། གཟུགས་ཡིན་པར་ཐལ། རང་འབྲས་གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར། ཁོ་བོ་ཅག་ལྟར་ན་གཟུགས་ཀྱི་རྡུལ་ཕྲན་ཆོས་ཅན་གྱིས་མ་ངེས་སོ། །གཉིས་པ་མཚན་གཞི་ལ། རགས་པ་དམིགས་རྐྱེན་དུ་འདོད་པ་དགག རྡུལ་ཕྲན་དམིགས་རྐྱེན་དུ་འདོད་པའི་རང་ལུགས་བཞག དེ་ལ་རྩོད་པ་སྤངས་སྟེ་དམིགས་བསལ་ཅུང་ཟད་བསྟན་པའོ། །དང་པོ་ནི། བོད་མཁས་པར་རློམ་པ་དག་ན་རེ། སྤྱིར་ཕྱི་རོལ་གྱི་དོན་ལྔ་པོ་ཁོ་ན་དོན་རིག་པའི་མངོན་སུམ་ལྔའི་དམིགས་རྐྱེན་དང༌། བྱེ་བྲག་ཏུ་རགས་པ་ཁོ་ན་དམིགས་རྐྱེན་ཡིན་ཏེ། ཚུར་རོལ་མཐོང་བའི་དབང་ཤེས་ལ་དངོས་སུ་སྣང་བའི་ཕྱིར། རྡུལ་ཕྲན་ནི་ཚུར་རོལ་མཐོང་བའི་དབང་ཤེས་ཀྱི་མ་དམིགས་པའི་ཕྱིར་ཞེས་ཟེར་རོ། །རེག་བྱའི་སྐྱེད་མཆེད་ལ་དཔྱད་པ་བོར་ནས་གཞན་རྣམས་མི་འཐད་པའི་ཚུལ་ལ་དངོས་དང༌། དེས་ན་ཕྱི་དོན་ལྐོག་ན་མོར་གྲུབ་པའོ། །དང་པོ་ནི། བུམ་གཟུགས་རགས་པ་ཆོས་ཅན། བུམ་གཟུགས་མཐོང་བའི་མིག་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་དང༌། དོན་དམ་པར་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར་དང༌། ཚོགས་སྤྱི་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཚོགས་སྤྱི་ཡིན་ན་སྤྱི་མཚན་ཡིན་དགོས་ལ། སྤྱི་མཚན་ཡིན་ན་ཚུ་རོལ་མཐོང་བའི་མིག་ཤེས་ལ་ལྐོག་ཏུ་གྱུར་དགོས་པར་ནི་ཚད་མས་གྲུབ་དགོས་ལ། དེའི་དམིགས་རྐྱེན་དེ་ལ་མངོན་དུ་གྱུར་དགོས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དམིགས་རྐྱེན་ཡིན་ན་རྫས་སུ་ཡོད་དགོས་ཏེ། དེ་ཡིན་ན་དོན་དམ་པར་རང་འབྲས་སྐྱེད་བྱེད་ཡིན་དགོས་པའི་ཕྱིར་དང༌། དེ་ཡིན་ན་རྟོག་པས་འབྲས་བུ་སྐྱེད་བྱེད་དུ་སྒྲོ་བཏགས་པ་ཙམ་ཡིན་པར་འགལ་བའི་ཕྱིར་དང༌། རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། །ཞེས་པའི་རིགས་པས་མདོ་སྡེ་པ་བཀག་པའི་ཚེ། ཁྱབ་པ་དེ་མདོ་སྡེ་པ་རང་གི་ཚད་མས་གྲུབ་དགོས་པའི་ཕྱིར། གཞན་ཡང་བུམ་པའི་སྟེང་གི་འབྱུང་བ་ལས་གྱུར་པའི་སྐྱེ་མཆེད་བཞི་ཆོས་ཅན། རང་རང་འཛིན་པའི་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་དང༌། དོན་དམ་པར་དོན་བྱེད་མི་ནུས་པའི་ཕྱིར་ཏེ་བཏགས་ཡོད་ཡིན་པའི་ཕྱིར། དེ་ཡིན་ཏེ། རང་གི་གདགས་གཞི་འབྱུང་བ་བཞི་ཀ་ཚོགས་པའི་གནས་སྐབས་དང་ཁྱད་པར་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། དཔེར་ན་ནགས་ཚལ་དང་ཕྲེང་བ་དང་དམག་བཞིན་ནོ། །དེ་བས་ན་དེ་དང་དེའི་དམིགས་རྐྱེན་ཡིན་ན་དེ་དང་དེས་དམིགས་དགོས་སོ་ཞེས་ཟེར་བ་ནི་དམིགས་པ་དང༌། རྐྱེན་གྱི་ཁྱད་པར་མ་ཤེས་པས་ནོངས་པ་ཡིན་ཏེ། རྐྱེན་གཞན་ཞིག་གིས་བྱས་ནས་དམིགས་པ་གཞན་ཞིག་དམིགས་པར་འདོད་པ་ནི་མདོ་སྡེ་པའི་རིང་ལུགས་བླ་ན་མེད་པ་ཡིན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། རྡུལ་ཕྲ་རབ་ཀྱིས་རྐྱེན་བྱས་ནས་རགས་པའི་རྣམ་པ་དམིགས་པར་འདོད་པས་སོ། །འོ་ན་རགས་པ་མིག་ཤེས་ཀྱི་བཟུང་བྱ་སོགས་སུ་ཐལ་བའི་ཉེས་པ་ཁྱོད་ཉིད་ལ་འཇུག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྒོ་ལྔའི་དབང་ཤེས་ཀྱིས་ཕྱི་དོན་རགས་པའི་རྣམ་པ་དམིགས་པར་འདོད་ཀྱི། རགས་པ་ཉིད་དམིགས་པར་མི་འདོད་པས་སོ། །གཉིས་པ་ནི། ཚུར་རོལ་མཐོང་བའི་མིག་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པའི་ཕྱི་རོལ་གྱི་དོན་གང་ཡིན་པ་དེ་ནི། དེ་ལ་ལྐོག་ཏུ་གྱུར་པ་ཁོ་ན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རེག་བྱའི་སྐྱེ་མཆེད་ཡིན་པའི་ཁྱབ་པའི་ཕྱིར་དང༌། དེ་ཡིན་ན་རྡུལ་ཕྲ་རབ་ཉིད་ཡིན་པས་ཁྱབ་པའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་ཡིན་ན་ལྐོག་གྱུར་ཡིན་དགོས་ཏེ། ཕྱི་དོན་རགས་པ་ཡིན་ན་ཡང་ལྐོག་གྱུར་ཡིན་དགོས། རྡུལ་ཕྲ་རབ་ཡིན་ན་ཡང་ལྐོག་གྱུར་ཡིན་དགོས་པའི་ཕྱིར། དེ་དགོས་པ་ཡིན་ཏེ། དེ་གཉིས་རེ་རེ་ནས་སྣང་ཡུལ་དུ་བྱེད་པའི་ཚུར་མཐོང་གི་རྟོག་མེད་ཀྱི་ཤེས་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པའི་ཕྱིར་གཉིས་པ་གྲུབ་སྟེ། རགས་པ་ཡིན་ན་སྣང་ཚུལ་ཚོགས་སྤྱི་ཡིན་དགོས་པའི་ཕྱིར་དང༌། གནས་ཚུལ་ལ་རྡུལ་རྫས་བརྒྱད་ཀའི་ངོ་བོར་སྐྱེས་དགོས། དེ་བརྒྱད་ཀ་སྣང་ཡུལ་དུ་བྱེད་པའི་ཚུར་རོལ་མཐོང་བའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་པའི་ཕྱིར། གལ་ཏེ་རགས་པ་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་དང༌། རྡུལ་ཕྲན་རེ་རེ་བ་ལྐོག་གྱུར་ཡིན་དུ་ཆུག་གཟུགས་སོགས་དོན་ལྔ་རེ་རེ་ནས་གཟུང་དོན་དུ་བྱས་ནས་འཛིན་པའི་ཚུར་མཐོང་གི་དབང་ཤེས་གྲུབ་པའི་ཕྱིར་ལྐོག་གྱུར་མ་ཡིན་ནོ་ཞེ་ན། དེའི་གཟུང་དོན་ཡིན་ཀྱང་དེ་ལ་ལྐོག་ཏུ་གྱུར་པ་ཡིན་ཏེ། དེ་ལ་དངོས་སུ་མི་སྣང་བའི་ཕྱིར་ཏེ། དེའི་གཟུང་དོན་ཡིན་ན་དེའི་དུས་ན་མེད་པས་ཁྱབ་པའི་ཕྱིར་དང༌། དེའི་རྣམ་པ་སྣང་བ་ལ་དེ་སྣང་བར་འཇོག་པ་ནི་འཇིག་རྟེན་གྱི་གྲགས་པས་ཡིན་གྱི། རང་གི་ལུགས་མ་ཡིན་པའི་ཕྱིར། འོ་ན་ཚུར་མཐོང་གི་རྒྱུད་ལ་དོན་རིག་མངོན་སུམ་ཁས་ལེན་པ་དང༌། ཕྱི་རོལ་གྱི་དོན་ལྐོག་ན་མོ་ཁས་ལེན་པ་འགལ་ལོ་ཞེ་ན། མི་འགལ་ཏེ། དོན་རིག་མངོན་སུམ་གྱིས་དོན་རྟོགས་པར་ཁས་མི་ལེན་པའི་ཕྱིར། གལ་ཏེ་ལེན་ན་སེམས་ཙམ་པས་ཕྱི་རོལ་གྱི་དོན་མ་གྲུབ་པར་ཁས་བླངས་པའི་ཚེ། མངོན་སུམ་དང་འགལ་བའི་ཉེས་པ་སྟོན་རིགས་པར་འགྱུར་ཏེ། སེམས་ཙམ་པའི་རྒྱུད་ཀྱི་མངོན་སུམ་ཚད་མས་ཕྱི་རོལ་གྱི་དོན་གྲུབ་པའི་ཕྱིར། ཡང་སྔར་རྒོལ་མདོ་སྡེ་པས་ཕྱིར་རྒོལ་སེམས་ཙམ་པའི་ངོར་ཕྱི་རོལ་གྱི་དོན་རྟགས་ཀྱིས་སྒྲུབ་མི་དགོས་པར་འགྱུར་ཏེ། མངོན་སུམ་ལ་བསྙོན་པ་ནི་གྲུབ་པའི་མཐའ་རྩོད་པའི་སྐབས་ཀྱི་ལོག་རྟོག་དང༌། ཐེ་ཚོམ་སེལ་བའི་སྣོད་དུ་མི་རུང་བའི་ཕྱིར། དེས་ན་ཕྱི་རོལ་དོན་གྱི་རྣམ་པ་རིག་པའི་མངོན་སུམ་ལ་དོན་རིག་མངོན་སུམ་ཞེས་བཏགས་པར་ཟད་ཀྱི། ཕྱི་རོལ་གྱི་དོན་གྱི་དངོས་པོ་ཉིད་རྟོགས་པའི་མངོན་སུམ་མི་སྲིད་དེ། དེ་དངོས་སུ་རིག་པ་མི་སྲིད་པ་གང་ཞིག དེ་དངོས་སུ་མི་རིགས་ན་དེ་ལ་མངོན་སུམ་ཡིན་པར་འགལ་བའི་ཕྱིར། དེའི་ཕྱིར་དོན་རིག་མངོན་སུམ་གྱི་དམིགས་རྐྱེན་ཡིན་ན་དེས་དམིགས་དགོས་སོ་ཞེས་བྱ་བ་དང༌། དེའི་དམིགས་རྐྱེན་ཡིན་ན་དེ་དང་འདྲ་བའི་རྣམ་པ་ཤར་དགོས་སོ་ཞེས་བྱ་བ་འདི་གཉིས་ནི་མདོ་སྡེ་པ་རང་གི་གཞུང་ན་མེད་ཅིང༌། རང་འདྲའི་རྣམ་པ་གཏོད་བྱ་དེ་ཞེས་པ་ནི་འཇིག་རྟེན་ན་གྲགས་པའི་གཟུང་ཡུལ་གྱི་སྐབས་ཡིན་པས། དམིགས་སོ་སོར་ཕྱེད་པ་བྱའོ། །གཉིས་པ་རང་གི་ལུགས་བཞག་པ་ནི། རྡུལ་ཕྲན་དུ་མ་འདབས་ཆགས་པར་འབྲེལ་བའི་གཟུགས་ཀྱི་རྡུལ་ཕྲ་རབ་དེ། གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ནས་ཡང་དེར་འབྲེལ་བའི་འབྱུང་བ་ལས་གྱུར་པའི་རེག་བྱའི་རྡུལ་ཕྲ་རབ་དེ། རེག་བྱ་འཛིན་པའི་ལུས་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་བར་ཁས་བླངས་བར་བྱའོ། །འབྱུང་བཞིའི་རྡུལ་ཕྲ་རབ་ལ་ཡང་རགས་པས་རྩོམས་པའི་གནས་སྐབས་ཀྱི་རྡུལ་ཕྲ་རབ་དང༌། མ་བརྩམས་པའི་གནས་སྐབས་གཉིས་ལས། དང་པོ་ནི་ལུས་ཤེས་མངོན་སུམ་གྱི་དམིགས་རྐྱེན་དུ་རུང་ལ། གཉིས་པ་ནི། དེར་མི་རུང་སྟེ། ཆོས་ཀྱི་སྐྱེད་མཆེད་པའི་གཟུགས་སུ་བཤད་པའི་ཕྱིར། དེ་སྒྲུབ་པ་ན། དེ་དང་དེ་ཆོས་ཅན། དེའི་དམིགས་རྐྱེན་ཡིན་ཏེ། དེ་དང་དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་པར་ནུས་པའི་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། འོ་ན་རྣམ་པ་ཇི་ལྟར་གཏད་ཅེ་ན་གཟུགས་ཀྱི་རྫས་སུ་གྱུར་པའི་རྡུལ་ཕྲན་གྱིས་ནི་རང་གི་ངོ་བོ་རེག་བྱའི་སྐྱེ་མཆེད་ཡིན་ཀྱང༌། མིག་ཤེས་ལ་གཟུགས་ཀྱི་རྣམ་པ་གཏོད་པར་བྱེད། དེ་བཞིན་དུ། སྒྲའི་རྫས་སུ་གྱུར་པའི་རྡུལ་ཕྲན་གྱིས་ནི་རང་གི་ངོ་བོ་རེག་བྱའི་སྐྱེ་མཆེད་ཡིན་ཀྱང༌། སྒྲ་འཛིན་ཉན་ཤེས་ལ་སྒྲའི་རྣམ་པ་གཏོད་དོ། །སྐབས་འདིར་རྡུལ་ཕྲ་རབ་ཡིན་ན་འབྱུང་བའི་རྡུལ་ཡིན་དགོས་སོ། །འབྱུང་བ་ལས་གྱུར་པའི་རྡུལ་ཡིན་ན་བསགས་རྡུལ་ཡིན་དགོས་པའི་ཕྱིར། དེའི་ཕྱིར་གཟུགས་ཀྱི་ཚོགས་པ་ན་རྡུལ་རྫས་བརྒྱད་ཀ་ཡོད་ཀྱང་འབྱུང་བ་བཞིའི་རྡུལ་ཁོ་ན་གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་ཡིན་ཏེ། འབྱུང་བ་ལས་གྱུར་པའི་རྡུལ་གཞན་གསུམ་གྱིས་ནི་གཟུགས་འཛིན་མིག་ཤེས་ལ་གཟུགས་ཀྱི་རྣམ་པ་གཏོད་པར་འགལ་བའི་ཕྱིར་དང༌། རྡུལ་རྫས་བརྒྱད་ཀྱི་ཟླས་ཕྱེ་བའི་གཟུགས་ཀྱི་རྡུལ་ཡིན་ན་རགས་པ་ཡིན་དགོས་པའི་ཕྱིར། དོན་དེ་དག་ཀྱང༌། ཇི་སྐད་དུ། དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །ཞེས་ཟླ་མེད་ཀྱི་རྡུལ་ཕྲན་རེ་རེ་བ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་བསལ་ནས། རྡུལ་ཕྲན་གཞན་དང་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་རེ་རེ་ནས་དབང་ཤེས་ཀྱི་དམིགས་རྐྱེན་དུ་བཤད་དོ། །གཞུང་འདིས་རྡུལ་ཕྲན་མང་པོ་ཚོགས་པའི་ཚོགས་པ་ཁྱད་པར་ཅན་དེ་དམིགས་རྐྱེན་དུ་སྟོན་པ་མ་ཡིན་ཏེ། གལ་ཏེ་ཡིན་ན། བསགས་པ་དག་ནི་ཚོགས་པ་ཡིན། །ཞེས་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པས། དབང་ཤེས་རྟོག་པར་ཐལ་བའི་ཉེས་པ་སོ་ན་འདུག་པའི་ཕྱིར། གལ་ཏེ་རྡུལ་ཕྲན་གྱི་རྫས་ཁོ་ན་དབང་ཤེས་ཀྱི་དམིགས་པའི་རྐྱེན་ཡིན་ན། སློབ་དཔོན་དབྱིག་གཉེན་གྱིས། རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། རྡུལ་ཕྲན་གཞན་དང་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་གྱི་ཁྱད་པར་རེ་རེ་བ་རྣམས་ལ་སྐྱེ་མཆེད་དམ། སྤྱིའི་མིང་གིས་བཏགས་པའི་ཕྱིར་ཞེས་སྟོན་པ་ནི། རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་དེ་གཅིག་ལས་ངེས་མིན་ཕྱིར། །སྤྱིའི་སྤྱོད་ཡུལ་ཅན་དུ་བཤད། །ཅེས་གསུངས་སོ། །འོ་ན་རྡུལ་ཕྲན་གཞན་དང་མཉམ་དུ་ཚོགས་པའི་རྫས་སོ་སོ་བ་དེ་རྣམས་ཆོས་ཅན། དབང་ཤེས་ཀྱིས་ཅིག་ཆར་དུ་མི་འཛིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར་ཞེས་རྩོད་པ་ནི། གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང༌། གཅིག་ཆར་དུ་མ་འཛིན་པ་ཡིན། །ཞེས་པའོ། དེའི་ལན་ནི། ཁྱད་པར་སྐྱེས་གྱུར་མང་པོ་དག །གཅིག་ཆར་བློའི་རྒྱུར་འགྱུར་ཡང༌། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅེས་གསུངས་ལ། གཞུང་དེ་དག་གིས་ནི་རྡུལ་ཕྲན་མང་པོ་ལྷན་ཅིག་ཏུ་ཚོགས་པའི་རྡུལ་ཕྲན་རེ་རེ་བ་རྣམས་དབང་ཤེས་ཀྱི་དམིགས་རྐྱེན་དང་གཟུང་ཡུལ་དུ་བཤད་པ་ཡིན་ནོ། །འོ་ན་དེ་རྣམས་ཆོས་ཅན། དེའི་གཟུང་ཡུལ་མ་ཡིན་ཏེ་རྡུལ་ཕྲན་ཡིན་པའི་ཕྱིར། ཞེས་པའི་ཉེས་པ་འཇུག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟར་བཤད་པ་དེ་ནི་སྣང་ཡུལ་མ་ཡིན་པ་ལ་དགོངས་པའམ། ཡང་ན་རགས་པ་ཡན་ལག་ཅན་གྱི་རྫས་མ་བརྩམས་གོང་གི་རྡུལ་ཕྲན་རེ་རེ་བ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། དུ་མ་ཉིད་ནའང་སྔ་མ་བཞིན། །ཁྱད་མེད་ཕྱིར་དང་ཕྲ་རབ་ཕྱིར། །རྟོག་མིན་ཞེས་ན་ཁྱད་མེད་པར། །མ་གྲུབ་ཁྱད་པར་ཅན་རྣམས་ནི། །དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་པས་སོ། །དབང་ཤེས་ཀྱི་རྡུལ་ཕྲན་མང་པོ་གཟུང་ཡུལ་དུ་བྱེད་པར་བཤད་པ་འདི་ཡང༌། རྡུལ་ཕྲ་རབ་ཀྱི་རྣམ་པ་རགས་པར་སྣང་བ་དེ་ཉིད་གཟུང་བ་ཡིན་གྱི། རྡུལ་ཕྲ་རབ་ཉིད་སྣང་བའི་སྒོ་ནས་གཟུང་བ་མ་ཡིན་ཏེ། དེ་དང་མི་འདྲ་བའི་ཕྱིར་དང༌། དེའི་དུས་ན་འདས་པའི་ཕྱིར་དང༌། རེག་བྱའི་སྐྱེ་མཆེད་ཡིན་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི་རགས་པ་དང་རྒྱུན་གྱི་དངོས་པོ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ། སྤྱི་མཚན་ཡིན་ན་རང་སྣང་ཡུལ་དུ་བྱས་ནས་འཛིན་པའི་རྟོག་མེད་ཀྱི་ཤེས་པ་མེད་པས་ཁྱབ། འབྱུང་བ་ལས་གྱུར་པའི་གཟུགས་སོགས་དོན་ལྔ་པོ་གང་རུང་ཡིན་ན་ཡང་རགས་པ་ཡིན་པས་ཁྱབ་བོ་ཞེས་བྱ་བ་དང༌། ཡང་རགས་པ་མ་བརྩམས་གོང་གི་འབྱུང་བ་བཞི་པོ་གང་རུང་གི་རྡུལ་ཡིན་ན། དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་པར་མི་ནུས་པས་ཁྱབ་པའི་ཕྱིར། དབང་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པའི་རྡུལ་ཕྲན་ཡིན་ན་ཟླ་བོ་དང་བཅས་པའི་རྡུལ་ཕྲན་ཁྱད་པར་ཅན་རེ་རེ་བ་ཡིན་པས་ཁྱབ་སྟེ། དེ་ཡིན་ན། རང་འབྲས་དོན་སྣང་གི་རྣམ་པར་ཤེས་པ་ལྔ་པོ་གང་རུང་ལ་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་གཏོད་བྱེད་ཡིན་དགོས་པའི་ཕྱིར། དེ་ན་དམིགས་རྐྱེན་ཡིན་ན་ཕྱི་རོལ་གྱི་དོན་རང་མཚན་ཡིན་དགོས། དེ་ཡིན་ན་ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲན་ཡིན་པས་ཁྱབ་བོ་ཞེས་བྱ་བ་འདིས་ངེས་སོ། །གསུམ་པ་རྩོད་པ་སྤང་བ་ལ་ཤེས་པའི་རྒྱུན་སྤྱི་མཚན་ཡིན་པ་ལ་རྩོད་པ་སྤང༌། དབང་ཤེས་ལ་རང་གི་དམིགས་རྐྱེན་མི་སྣང་ན། གཟུང་ཡུལ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་ཤེས་པའི་རྒྱུན་སྤྱི་མཚན་ཡིན་ན་ལྐོག་གྱུར་ཡིན་དགོས་ལ། དེ་ལྟ་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པར་འགྱུར་རོ། །ཞེས་ན། དེ་ལྟར་ཐལ་བའི་དོན་གང་ཡིན། ད་ལྟར་གྱི་ཤེས་པ་རང་གི་ངོ་བོ་གསལ་རིག་དེ་རང་ལ་ལྐོག་ཏུ་གྱུར་པར་ཐལ་ཟེར་བ་ཡིན་ནམ། རང་བློའི་ཐ་སྙད་ལྐོག་ཏུ་གྱུར་པ་སྲིད་པར་ཐལ་ཟེར་བ་ཡིན་ནམ། རྒྱུན་ལ་ལྟོས་ནས་རང་གི་བློ་རང་ལ་ལྐོག་ཏུ་གྱུར་པ་གཅིག་སྲིད་པར་ཐལ། ཞེས་ཟེར་བ་གང་ཡིན། དང་པོ་ལྟར་ན་འདོད་པར་མི་ནུས་ཏེ། །རང་ལས་རང་གི་ངོ་བོ་རྟོགས། །ཞེས་བཤད་པའི་ཕྱིར་རོ། །དེ་གཉིས་ཀྱི་ཕྱིར་ཁྱབ་པ་མ་ངེས་པ་ཡིན་ཏེ། ཤེས་པའི་རྒྱུན་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན་པ་ཡིན་པའི་ཕྱིར་ཏེ། དེ་ཡང་མངོན་པ་ཀུན་ལས་བཏུས་པར། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་དབྱེ་བ་འཆད་པ་ན། འབྱོར་འབྲེལ་བ་ཞེས་བཤད་པ་དེ་ཉིད་ཡིན་ནོ། །བརྟག་པ་ཕྱི་མ་གཉིས་ལྟར་ན་འདོད་པ་ཡིན་ཏེ། གྲངས་ཅན་གྱི་ངོར་བདེ་སོགས་ཤེས་པའི་ཐ་སྙད་བྱ་རུང་དུ་བསྒྲུབ་དགོས་པའི་ཕྱིར་དང༌། རིག་པའི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་བསྒྲུབ་དགོས་པའི་ཕྱིར་དང༌། རང་གི་སྐྱེ་བ་སྔ་ཕྱིའི་ཤེས་པ་རང་ལ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པའི་རྡུལ་ཕྲན་ཁྱད་པར་ཅན་དེ་རྣམས་ཆོས་ཅན། དབང་ཤེས་ཀྱི་གཟུང་ཡུལ་མ་ཡིན་པར་ཐལ། དེ་ལ་མི་སྣང་བའི་ཕྱིར། ཁྱབ་པ་ནི་དེ་མི་སྣང་ཕྱིར་དེ་ཡུལ་མིན། །ཞེས་པའི་ཁྱབ་པ་མདོ་སྡེ་པ་རང་གི་ལུགས་ལ་ཡང་ཁས་ལེན་དགོས་པས་སོ། །ཡང་བུམ་གཟུགས་ཆོས་ཅན། དེ་འཛིན་མིག་ཤེས་ཀྱི་གཟུང་ཡུལ་མ་ཡིན་པར་ཐལ་དེའི་རྒྱུ་མ་ཡིན་པའི་ཕྱིར། ཁྱབ་པ་ནི་རྒྱུའི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད། །ཅེས་གསུངས་སོ། རྟགས་མ་གྲུབ་ན། དམིགས་རྐྱེན་མ་ཡིན་པར་འགལ་ལོ་སྙམ་པའི་དོགས་པ་འདི་སེལ་དགོས་པ་ཡིན་ནོ། །ཇི་ལྟར་སེལ་ཞེ་ན། ཐལ་བ་སྔ་མ་ལ་ཁྱབ་པ་མ་ངེས་ཏེ། སྤྱི་གཟུང་ཡུལ་ཡིན་ན་སྣང་བར་འགལ་བའི་ཕྱིར་ཏེ། སྤྱིར་སྣང་ན་དངོས་སུ་སྣང་དགོས་པའི་ཕྱིར། དེ་ལྟ་ན་ཡང་ཟླ་མེད་ཀྱི་རྡུལ་ཕྲན་ཡན་གར་བ་རྣམས་ནི་དབང་ཤེས་ཀྱི་གཟུང་ཡུལ་ཡང་མ་ཡིན་ཏེ། དེའི་རྣམ་པ་དབང་ཤེས་ལ་མི་སྣང་བའི་ཕྱིར། དེ་མི་སྣང་བ་ཡིན་ཏེ། རང་གི་ངོ་བོ་ནི་རྣམ་མེད་ཡིན། རག་པའི་རྣམ་པ་ནི་དུས་དེར་མ་སྐྱེས་པའི་ཕྱིར། ཐལ་བ་གཉིས་པའི་ལན་ལ། དབང་ཤེས་ཀྱི་གཟུང་ཡུལ་ཡིན་ལ། རྒྱུ་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ་དང་གསུམ་མོ། །མུ་བཞི་པ་ནི་མེད་དེ། དབང་ཤེས་ཀྱི་དམིགས་རྐྱེན་ནམ་དངོས་རྒྱུར་གྱུར་པའི་ཕྱི་རོལ་གྱི་དོན་ཡིན་པའི་རྟགས་ཀྱིས་དབང་ཤེས་ཀྱི་གཟུང་ཡུལ་ཡིན་པར་བསྒྲུབ་པ་ནི། གཞུང་གི་དོན་ལ་ཤིན་ཏུ་གསལ་བའི་ཕྱིར་དང༌། མུ་དང་པོ་ནི། ཕྱི་རོལ་གྱི་དོན་རགས་པའི་ངོ་བོར་གྲུབ་ཟིན་པའི་གཟུགས་སྒྲ་ལ་སོགས་པ་ལྔའོ། །དེ་ཆོས་ཅན་དེ་ཡིན་ཏེ། ཕྱི་རོལ་དོན་སྣང་གི་ཤེས་པས་ཁྱོད་ཀྱི་རྣམ་པ་གཟུང་བ་གང་ཞིག ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། རྒྱུ་ནི་མིན་ཏེ། སྤྱི་མཚན་ཡིན་པའི་ཕྱིར། ཁྱབ་པ་ཡོད་པ་ནི་ཇི་སྐད་དུ། དེ་ཕྱིར་དེ་ནི་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་རུང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་རགས་པ་གཟུང་ཡུལ་དུ་རུང་ལ། དམིགས་རྐྱེན་དུ་མི་རུང་བ་འདི་ནི་གོང་དུ་བཤད་མ་ཐག་པའི་དམིགས་ཀྱིས་བསལ་བ་ཅུང་ཟད་གཅིག་གོ །གཉིས་ཀ་ཡིན་པའི་མུ་ནི་ཟླ་བོ་དང་བཅས་པའི་རྡུལ་ཕྲན་ཁྱད་པར་ཅན་རྣམས་སོ། །དེ་ཆོས་ཅན་དེ་གཉིས་ཀ་ཡིན་ཏེ། རང་འཛིན་དབང་པོའི་རྣམ་པར་ཤེས་པ་ལ་རགས་པའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་དུས་ཀྱི་རགས་པའི་རྣམ་པ་དེ། དེ་དུས་ཀྱི་རྡུལ་ཕྲན་མང་པོ་ལྷན་ཅིག་ཏུ་ཚོགས་པ་ཁོ་ནའི་རྣམ་པ་ཡིན་ཏེ། གཡག་རྔ་དང་ནེའུ་གསིང་གི་རྣམ་པ་བཞིན་ནོ། །ཡང་ན་དོན་དེ་ལྟར་ཡིན་པ་ལ་བུམ་གཟུགས་རང་མཚན་པ་དེ་དེ་འཛིན་པའི་མིག་ཤེས་ཀྱི་དམིགས་རྐྱེན་དང་གཟུང་ཡུལ་གཉིས་ཀ་ཡིན་ནོ། །དེ་ཆོས་ཅན་དེའི་དམིགས་རྐྱེན་ཡིན་ཏེ། དེ་ལ་བུམ་གཟུགས་རང་མཚན་གྱི་རྣམ་པ་གཏོད་པར་བྱེད་པའི་ཕྱི་དོན་ཡིན་པའི་ཕྱིར། དེ་ཡིན་ཏེ། རློམ་ཚོད་ལ་རགས་པར་རློམ་ཡང་གནས་ཚོད་བུམ་པའི་རྡུལ་ཕྲན་གྱི་ངོ་བོར་གནས་པའི་ཕྱིར། དེས་ན་བུམ་གཟུགས་ཞེས་བརྗོད་པའི་ཚེ་རགས་པ་བཏགས་ཡོད་དང༌། དེ་རང་མཚན་ཞེས་བརྗོད་པའི་ཚེ། རྡུལ་ཕྲན་རྫས་ཡོད་ལ་གོ་བར་བྱའོ། །མུ་གསུམ་པ་ནི་རྟོགས་པར་སླའོ། །ཡང་ལ་ལ་ན་རེ། བུམ་གཟུགས་རགས་པ་མིག་ཤེས་ཀྱི་གཟུང་ཡུལ་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་ཡིན་ན་རགས་པའི་རྣམ་པ་སྣང་བའི་རྟོག་མེད་ཀྱི་ཤེས་པ་མེད་པའམ། ཡོད་ཀྱང་མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ལ་གཟུགས་འཛིན་དབང་ཤེས་ཀྱི་དངོས་ཀྱི་གཟུང་བྱ་དང༌། དངོས་ཡུལ་དུ་སོང་ཚོད་ནི་ཕྱི་དོན་རགས་པའི་རྣམ་པ་དེ་ཉིད་ཡིན་ལ། རྗེས་ཀྱི་རྟོགས་པས་རློམ་ཚོད་ནི་ཕྱི་དོན་རགས་པ་དེ་ཉིད་གཟུང་ཡུལ་དང་དངོས་ཡུལ་དུ་བྱས་པར་རློམ་པ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་ཇི་ལྟར་འདི་རང་བཞིན། །དེ་ལྟར་དོན་ནི་རྣམ་པར་ངེས། །ཞེས་དང༌། གང་ཕྱིར་ཇི་ལྟར་དོན་བདག་སྟེ། །ཤེས་ལ་གནས་པ་དེ་ལྟ་བུར། །འདི་ནི་དེ་ལྟར་གནས་སོ་ཞེས། །ངེས་བྱེད་བདག་ཉིད་རིག་པ་ཡིན། །འདི་ལྟར་དོན་བདག་སྣང་མ་ཡིན། །ཞེས་གསུངས་པས་སོ། །དེ་བཞིན་དུ་སོང་ཚོད་དམ་གནས་ཚོད་ལ་རྡུལ་ཕྲན་ཁྱད་པར་ཅན་དབང་ཤེས་ཀྱི་དམིགས་རྐྱེན་དུ་སོང་བ་ཡིན་ཀྱང༌། རྗེས་ཀྱི་རྟོག་པས་རློམ་ཚོད་ལ་རགས་པ་དམིགས་རྐྱེན་དུ་རློམ་པ་ཡིན་ཏེ། དབང་ཤེས་ལ་རགས་པའི་རྣམ་པ་སྣང་བ་ལྟར། རགས་པ་རྟོག་པར་རློམ་པའི་ཕྱིར། དེ་ལྟར་རློམ་ཡང་ཕྱི་རོལ་གྱི་དོན་གནས་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་མ་ཡིན་ཏེ། ཕྱི་རོལ་དོན་ནི་གནས་ཚུལ་ལ། །རྡུལ་ཕྲན་དུ་གནས་པ་ཡིན་ལ། །དོན་སྣང་གི་དབང་ཤེས། རྡུལ་ཕྲན་དང་འདྲ་བར་མ་སྐྱེས་པའི་ཕྱིར། དེའི་ཕྱིར་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་འཇོག་པ་འདི་ནི་མདོ་སྡེ་པ་རང་གི་རིགས་པས་བཞག་པའི་གྲུབ་མཐའ་མ་ཡིན་ཏེ། དོན་སྣང་གི་དབང་ཤེས་རྡུལ་རགས་པ་དང་འདྲ་ཡང་དེ་ལས་མ་སྐྱེས། རྡུལ་ཕྲན་ལས་སྐྱེས་ཀྱང་དེ་དང་མི་འདྲ་བའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་རྟོགས་པ་ལ་མངོན་སུམ་གྱི་སྒྲུབ་བྱེད་མེད་དོ། །འོ་ན་དེས་དེ་རྟོགས་པར་གང་གིས་གྲུབ་ཅེ་ན། རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་ཀྱིས་སོ། །དོན་དེ་ལ་དགོངས་ནས་རིགས་པའི་གཏེར་ལས། དོན་རིག་མངོན་སུམ་གྱི་ཚད་འབྲས་འཆད་པ་ན། དོན་རྟོགས་བཏགས་པའི་ཐ་སྙད་འབྲས་བུར་གསུངས་སོ། །འོ་ན་གཟུགས་རགས་པའི་གཟུང་རྣམ་དེ་མིག་ཤེས་ཀྱི་བཟུང་བྱ་དངོས་ཡིན་ན་དེའི་གཟུང་ཡུལ་དུ་ཡང་ཁས་ལེན་པར་ནུས་སམ་ཞེ་ན། མིན་ཏེ། དེ་ལ་དེའི་རྣམ་པ་མ་ཤར་བའི་ཕྱིར་དང༌། དེ་དེ་ལ་རང་རིག་ཏུ་སོང་བའི་ཕྱིར་དང༌། དེ་གཉིས་དུས་མཉམ་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཟུགས་ཀྱི་གཟུང་རྣམ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་དུ་ཐལ། ཚུར་རོལ་མཐོང་བའི་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། གཞན་བཞི་ལ་ཡང་དེ་བཞིན་དུ་སྦྱར་བའི་རིགས་པས་ཁྱེད་ལ་གནོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་རྣམ་པར་དཔྱོད་པ་དང་ལྡན་པས་ལན་འདི་ལྟར། མིག་ཤེས་ཀྱི་བཟུང་བྱ་ལ་གཟུགས་ཀྱིས་ཁྱབ་པ་སོགས་ནི་འཇིག་རྟེན་གྱི་གྲགས་པ་དང་སྒོ་བསྟུན་ནས། གཙོ་བོ་རྣམ་མེད་པའི་ལུགས་ཡིན་ལ། མདོ་སྡེ་པས་དཔྱད་པའི་རྣམ་གཞག་ལ་མ་ཡིན་ཏེ། ལུགས་དེ་ལ་མིག་ཤེས་ཀྱི་དངོས་ཀྱི་གཟུང་བྱ་ཡིན་ན་གཟུགས་ཡིན་པར་འགལ་བའི་ཕྱིར་དང༌། མིག་ཤེས་དེ་ཡིན་ན་ཡིན་ལུགས་ལ་རང་རིག་ཡིན་དགོས་པའི་ཕྱིར། ཇི་སྐད་དུ། དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་གསུངས་སོ། །དེ་ལྟར་ཡིན་ན་རྡུལ་ཕྲན་ཁྱད་པར་ཅན་ཆོས་ཅན། གཟུགས་ཡིན་པར་ཐལ། མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་པའི་ཉེས་པས་ཀྱང་རེག་པར་འགྱུར་རོ། །འོ་ན་ཅི་ཞེ་ན། མིག་ཤེས་ཀྱི་བཟུང་བྱར་གྱུར་པའི་ཕྱི་དོན་རགས་པ་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད། ཅེས་སོགས་རིགས་པས་བརྟགས་ནས་ཁས་བླང་བར་བྱའོ། །དེ་ལྟར་རང་གི་ལུགས་བཞག་པ་འདི་ལ་སེལ་དགོས་པའི་དོགས་པ་གཉིས་ཤིག་འབྱུང་སྟེ། གང་ཞེ་ན་ཆུ་ནང་གི་ཟླ་བའི་གཟུགས་བརྙན་སྣང་བའི་མིག་ཤེས་ཆོས་ཅན། ནམ་མཁར་གནས་པའི་ཟླ་བའི་གཟུགས་རང་མཚན་པ་དེ་ཁྱོད་ཀྱི་དམིགས་རྐྱེན་དུ་ཐལ། དེ་ཁྱོད་ལ་ཕྱི་རོལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། འདོད་ན། དེའི་དངོས་རྒྱུ་མིན་པས་བསལ་ལོ་སྙམ་ན། དེ་ལ་དངོས་སུ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་ཉེས་པ་མེད་དོ། འོ་ན་དེའི་དམིགས་རྐྱེན་གང་ཡིན་དེ་ལ་དེ་མེད་ན་ནི་དེ་མ་འཁྲུལ་བའི་དོན་རིག་ཏུ་འགལ་བའོ། །ཟླ་བའི་གཟུགས་བརྙན་དེ། དེའི་དམིགས་རྐྱེན་ཡིན་ན་ནི། དེ་ལ་འབྱུང་བ་བཞིའི་རྡུལ་ཚོགས་པ་འགྱུར་རོ་སྙམ་པའི་དོགས་པ་འདི་ནི་ཅུང་ཟད་དཀའ་བའི་གནས་སོ། །དེའི་ལན་ནི། གཟུགས་བརྙན་མཐོང་བའི་མིག་ཤེས་དང༌། སྒྲ་བརྙན་ཐོས་པའི་ཉན་ཤེས་ནི་ལོག་ཤེས་ཁོ་ན་ཡིན་ཏེ། རྟོག་པ་མེད་ཅིང་འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་སྐྱེད་པའི་ཕྱིར། འདི་ནི་འཁྲུལ་རྒྱུ་ཡུལ་ལ་ཡོད་པ་སྟེ། འགལ་མེའི་འཁོར་ལོ་བཞིན་ནོ་ཞེས་བྱ་བ་འདི་ངེས་སོ། །དོགས་པ་གཉིས་པ་ནི་དོན་རིག་མངོན་སུམ་མཐའ་དག་ཆོས་ཅན། འཁྲུལ་ཤེས་སུ་ཐལ། རང་གི་གཟུང་ཡུལ་རྡུལ་ཕྲ་རབ་རྣམས་རགས་པ་མ་ཡིན་པ་ལ་དེར་སྣང་བའི་ཕྱིར། ཟླ་བ་གཉིས་སྣང་གི་དབང་ཤེས་བཞིན་ནོ་སྙམ་ན། འདིའི་ལན་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། ཐག་རིང་པོའི་མྱ་ངམ་གྱི་ཐང་ན་ཆེན་པོ་ལ་ཆུང་ངུར་སྣང་བའི་མིག་ཤེས་ཆོས་ཅན། དེ་མ་ཡིན་པ་དེར་སྣང་བའི་ཕྱིར་ན་འཁྲུལ་ཤེས་སུ་ཐལ་ལོ། །འདོད་ན། རྣམ་པར་ངེས་པ་ལས། ཆུང་ངུ་ཆེན་པོར་སྣང་བ་བཞིན་ཞེས་པའི་དོན་འགྲེལ་པ་ན་ཆོས་མཆོག་གིས། ཆེན་པོ་ལ་ཆུང་ངུར་སྣང་བའི་མིག་ཤེས་མ་འཁྲུལ་པར་བཤད་པ་ལྟར་ཁྱོད་ཀྱིས་ཁས་ལེན་དགོས་པས་སོ། །གཞན་ཡང་དོན་རིག་མངོན་སུམ་ཇི་སྙེད་པ་ཐམས་ཅད་ཆོས་ཅན། འཁྲུལ་ཤེས་སུ་ཐལ། རང་ལ་དངོས་སུ་སྣང་བའི་གཟུང་རྣམ་དེ་ཕྱི་དོན་མ་ཡིན་པ་ལ་ཕྱི་དོན་དུ་སྣང་བའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དེ་དང་དུས་མཉམ་པ་ཡང་ཡིན། དེ་ལ་ཕྱི་རོལ་དོན་དུ་སྣང་བ་ཡང་ཡིན་པའི་གཞི་མཐུན་གྲུབ་པའི་ཕྱིར། གཞན་ཡང་ཀ་བའི་གཟུགས་མཐོང་བའི་མིག་ཤེས་ཆོས་ཅན། འཁྲུལ་ཤེས་སུ་ཐལ། ཀ་བའི་རྡུལ་རྫས་བརྒྱད་ཚོགས་པའི་ཚོགས་པ་དེ་ཀ་བའི་གཟུགས་མ་ཡིན་བཞིན་དུ་དེར་སྣང་བའི་ཕྱིར། ཞེས་སོགས་ཀྱིས་མ་ངེས་སོ། །གཉིས་པ་རྣལ་ལན་ནི། རགས་པ་མ་ཡིན་པ་ལ་རགས་པར་སྣང་བ་ཙམ་གྱིས་འཁྲུལ་ཤེས་སུ་འཇོག་མི་ནུས་ཏེ། དེ་ལྟར་སྣང་བ་དེ་འཕྲལ་གྱི་འཁྲུལ་རྒྱུས་སྐྱེད་པ་མ་ཡིན་པའི་ཕྱིར། དཔེར་ན་བུམ་པའི་ཡན་ལག་རྣམས་ཚོགས་ཙམ་དེ་བུམ་པ་མ་ཡིན་ཡང༌། དེ་ལ་བུམ་པར་སྣང་བའི་བློ་འཁྲུལ་པ་མ་ཡིན་པ་བཞིན་ནོ། །དེ་ལྟར་བཤད་པ་དེ་ནི་མདོ་སྡེ་པ་རང་གི་རིགས་པ་མཐར་ཐུག་གིས་རྣམ་པར་དཔྱད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཟུང་འཛིན་གྲངས་མཉམ་པའི་མདོ་སྡེ་པའི་གྲུབ་མཐའ་དང་འགལ་ལོ་སྙམ་དུ་དོགས་པར་མི་བྱའོ། །གསུམ་པ་དེ་མ་ཐག་པའི་རྐྱེན་ལ། སྤྱིར་ཆོས་མངོན་པ་སོགས་ལས། དེ་མ་ཐག་རྐྱེན་ཙམ་དང༌། མཚུངས་པ་དེ་མ་ཐག་རྐྱེན་གཉིས་སུ་ཡོད་ཅིང༌། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་དུ། རང་སྡེ་དངོས་སྨྲ་བའི་འདོད་པ་འཆད་པ་ན། རྒྱུ་འགགས་མ་ཐག་པ་འབྲས་བུའི་དེ་མ་ཐག་རྐྱེན་དུ་འདོད་པར་བཤད་དོ། །འདིར་སྐབས་སུ་བབ་པ་ནི་མཛོད་ལས། སེམས་དང་སེམས་བྱུང་སྐྱེས་པ་རྣམས། ཐ་མའི་མིན་མཚུངས་དེ་མ་ཐག ཅེས་གསུངས་པ་ལྟར་ཁས་བླང་བར་བྱའོ། །འདི་ལ་མཚན་ཉིད། མཚན་གཞི། དོགས་པའི་མཐའ་དཔྱད་པའོ། །དང་པོ་ནི། རང་འབྲས་རིག་པ་ཕྱི་མ་མྱོང་བ་གསལ་རིག་གི་ངོ་བོར་དངོས་སུ་སྐྱེད་བྱེད་དེ། འདིར་མཚུངས་པ་དེ་མ་ཐག་རྐྱེན་གྱི་མཚན་ཉིད། གཉིས་པ་ནི། ཤེས་པ་ཐམས་ཅད་ཀྱི་སྟེང་གི་རིག་ཅིང་གསལ་ཙམ་གྱི་ཆའོ། །འདི་ནི་ཐེག་པ་ཆེ་ཆུང་གི་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་གནས་སྐབས་སུ་ཡང་རྒྱུན་ཆད་པ་མི་སྲིད་ན། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་སུ་རྒྱུན་ཆད་པ་ལྟ་ཅི་སྨོས། ལྷག་མེད་མྱང་འདས་སུ་དེ་རྒྱུན་ཆད་པར་འདོད་ན་ནི་འཇིག་རྟེན་རྒྱང་འཕན་གྱི་གྲུབ་པའི་མཐའ་ལ་གནས་པར་འགྱུར་ཞིང༌། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་གང་ལ་རྟེན་པའི་གཞི་མེད་པས་བཏགས་ཡོད་མིན་པར་འགྱུར་བ་དང༌། མེད་པར་དགག་པ་ཁོ་ནར་འགྱུར་ཞིང༌། དེ་ལྟ་ན་འདི་དོན་དམ་པའི་བདེན་པར་མི་འགྱུར་ཏེ། བདེན་པར་མ་གྲུབ་པའི་ཕྱིར། འོ་ན་དགྲ་བཅོམ་པ་ཐ་མའི་སེམས་སེམས་བྱུང་རྣམས་དེ་མ་ཡིན་པར་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ནི་རང་འབྲས་སེམས་སེམས་བྱུང་ཕྱི་མའི་རྐྱེན་མི་བྱེད་པ་ལ་དགོངས་པ་ཡིན་ཏེ། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་རྒྱུན་ཆད་པའི་ཕྱིར། འོ་ན་གསལ་རིག་གི་ཆ་རྒྱུན་ཆད་པར་ཇི་ལྟར་ཞེ་ན། གལ་ཆེ་བའི་དོན་འདི་ལྟར་ཤེས་དགོས་ཏེ། དེ་ཡང་དམྱལ་བ་ནས་སངས་རྒྱས་ཀྱི་བར་གྱི་མྱོང་བ་གསལ་རིག་གི་ཆ་ལ་ནི། ངོ་བོའི་སྒོ་ནས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དང༌། རིག་ཅིང་གསལ་ཙམ་གྱི་ངོ་བོ་ལས་གཞན་དུ་མ་འདས་པའི་ཕྱིར་ནམ་མཁའ་བཞིན་ནོ། །འདིས་དམིགས་རྣམ་གྱི་ཁྱད་པར་ཅུང་ཟད་ཙམ་ཡང་འཛིན་པ་མ་ཡིན་ཏེ། གལ་ཏེ་འཛིན་ན་གསལ་རིག་ཙམ་གྱི་ངོ་བོར་མི་འགྱུར་ཏེ། ཡུལ་གྱིས་ཁ་བསྒྱུར་བའི་ཕྱིར། འདི་གཙོ་བོ་སེམས་མ་ཡིན་ཏེ། དོན་གྱི་ངོ་བོ་མི་འཛིན་པའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་སོ་སོ་རེ་རེ་ནས་གཅིག་གི་མཚན་ཉིད་དང་ཡང་མི་ལྡན་པའི་ཕྱིར། དཔེར་ན། བདག་རྐྱེན་མིག་ལ་བརྟེན་པ་མ་ཡིན་ཞིང༌། དམིགས་པ་གཟུགས་ལ་མ་དམིགས་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་མཚན་ཉིད་དང་མི་ལྡན་པ་བཞིན་ནོ། །མདོར་ན་ཁ་ནང་ཁོ་ནར་ཕྱོགས་པའི་རིག་པ་ཡིན་པའི་ཕྱིར། བདག་རྐྱེན་དབང་ཡིད་ཀྱི་ཤེས་པ་གཉིས་ལ་བརྟེན་པར་འགལ་ལོ། །དེའི་ཕྱིར་གཙོ་བོ་སེམས་ཀྱི་མཚན་ཉིད་དང་མི་ལྡན་པར་གྲུབ་པའོ། །སེམས་ལས་བྱུང་བ་ཡང་མ་ཡིན་ཏེ། རང་གི་གཙོ་བོ་སེམས་དང་མཚུངས་ལྡན་ལྔ་པོ་གང་དང་ཡང་མི་ལྡན་པའི་ཕྱིར། རྟེན་མཚུངས་པ་མ་ཡིན་ཏེ། ཁྱོད་ཀྱི་རྟེན་བདག་རྐྱེན་མེད་པའི་ཕྱིར། དམིགས་རྣམ་མཚུངས་པ་མ་ཡིན་ཏེ། དམིགས་རྣམ་མི་འཛིན་པའི་ཕྱིར། དུས་མཚུངས་པ་མིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་གནས་སྐབས་ཀུན་ཏུ་རྒྱུན་ཆད་པ་མི་སྲིད་པའི་ཕྱིར། རྫས་མཚུངས་པ་མ་ཡིན་ཏེ། ཁྱོད་ལ་རྫས་གཅིག་དང་གཉིས་ལ་སོགས་པའི་དབྱེ་བ་མེད་པའི་ཕྱིར། སངས་རྒྱས་ཀྱི་སེམས་གསལ་རིག་དང་སེམས་ཅན་གྱི་སེམས་གསལ་རིག་ངོ་བོ་གཅིག་ཡིན་པ་བཞིན་ནོ། །འོ་ན་སངས་རྒྱས་ཀྱི་ཐུགས་རྒྱུད་སྟོབས་སོགས་ཡོན་ཏན་གྱིས་ཕྱུག་པའི་ཚེ། སེམས་ཅན་གྱི་ཤེས་རྒྱུད་ཡང་དེས་ཕྱུག་པར་འགྱུར་རོ་སྙམ་ན། འོ་ན་གསེར་བུམ་གྱི་ནང་གི་ནམ་མཁའ་ཆུས་ཁེངས་པའི་ཚེ་ན། དངུལ་བུམ་ནང་གི་ནམ་མཁའ་ཡང་ཁེངས་པར་འགྱུར་ཏེ། ནམ་མཁའ་དེ་གཉིས་ལ་ངོ་བོ་ཐ་དད་པ་མེད་པའི་ཕྱིར། ཡང་གསལ་རིག་དེ་རྟོག་པ་མ་ཡིན་ཏེ། སྒྲ་དོན་མི་འཛིན་པའི་ཕྱིར། རང་ཡུལ་གསལ་བར་མི་སྣང་ཡང༌། རྟོག་པ་མ་ཡིན་པའི་ཤེས་པ་ཡིན་པའི་ཕྱིར་དང༌། དེ་བས་ན་རིག་པ་དང༌། བློ་དང༌། ཤེས་པ་ནི་ཡིན་ནོ། །འོ་ན་ཤེས་པ་ལ་སེམས་སེམས་བྱུང་གཉིས་སུ་མ་ངེས་པར་འགྱུར་རོ། །ཞེ་ན། དེ་ནི་ཤིན་ཏུ་འདོད་པ་ཡིན་ཏེ། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་འདོད་པ་བཞིན་དང༌། དབུ་མ་པས། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་རྒྱུ་བ་འགགས་པར་འདོད་པ་བཞིན་ནོ། །འོ་ན་རྣམ་པར་ཤེས་པའི་ཚོགས་དྲུག་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་གཉིས་ལས་རྫས་ཐ་དད་པའི་ཤེས་རིག་ཁས་བླངས་པས་མདོ་སྡེ་པའི་གྲུབ་པའི་མཐའ་ལས་ཉམས་སོ་སྙམ་ན། དེ་ལྟར་ཁས་བླངས་པ་མེད་དེ། གསལ་རིག་ཆ་དེ་ཤེས་པ་ཐམས་ཅད་དང་ངོ་བོ་གཅིག་པར་ཁས་བླངས་པའི་ཕྱིར། དོན་འདི་ནི་ཐེག་པ་ཆེ་ཆུང་གི་གྲུབ་པའི་མཐའ་ཐམས་ཅད་ལ་ཤིན་ཏུ་གསལ་བར་བཞུགས་ཀྱང༌། སྔོན་གྱི་ཆེན་པོ་དག་ཀྱང་ཤིན་ཏུ་འཁྲུལ་པར་གྱུར་པའི་དབང་གིས་ཉན་ཐོས་སྡེ་གཉིས་ཀྱི་འདོད་པ་ལ། ལྷག་མེད་དུ་རིག་པ་རྒྱུན་ཆད་དོ་ཞེས་དང༌། དབུ་མ་པས་སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པར་འདོད་དོ་ཞེས་དང༌། སྙོམས་པར་འཇུག་པ་རྣམ་པ་གཉིས་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཆད་པའི་གནས་སྐབས་སུ། འགགས་ནས་ཡུན་རིང་དུ་ལོན་པའི་རིག་པ་སྔ་མ་ཤེས་པ་ཕྱི་མའི་དེ་མ་ཐག་རྐྱེན་དུ་ཁས་ལེན་པ་སོགས་འཁྲུལ་པ་མང་པོ་ཞིག་བྱུང་བར་སྣང་ངོ༌། །གསུམ་པ་ལ། འདུ་ཤེས་མེད་པའི་སྙོམས་འཇུག་དང༌། འགོག་པའི་སྙོམས་འཇུག་ལས་ལངས་པའི་ལྡང་སེམས་སྐད་ཅིག་མ་དང་པོ་དང༌། འདུ་ཤེས་མེད་པ་པའི་སེམས་ཅན་གྱི་འཆི་སེམས་སྐད་ཅིག་མ་དང་པོ་དང༌། གཉིད་ཐུག་པོ་དང་བརྒྱལ་བ་ལས་སད་མ་ཐག་པའི་སེམས་དང་སེམས་ལས་བྱུང་བ་སྐད་ཅིག་མ་དང་པོའི་དེ་མ་ཐག་རྐྱེན་གང་ཡིན་སྙམ་པའི་དོགས་པ་ནི་རིགས་པ་སྔ་མ་དེ་ཉིད་ཀྱིས་སེལ་ནུས་པ་ཡིན་ཏེ། གནས་སྐབས་དེ་དག་ན་གསལ་རིག་གི་ངོ་བོ་རྒྱུན་མ་ཆད་པར་ཡོད་པའི་ཕྱིར། གཞན་དུ་ཤི་བའི་རོའམ། ས་རྡོ་སོགས་དང་ཁྱད་པར་ཅི་ཡོད། དེ་ལྟ་བས་ན་དེས་དེ་མ་ཐག་པའི་རྐྱེན་བྱས། མིག་སོགས་དབང་པོ་དྲུག་གིས་བདག་པོའི་རྐྱེན་བྱས། དམིགས་པའི་རྐྱེན་གང་དང་གང་ཡིན་པ་དེའི་རྐྱེན་གྱིས་གནས་སྐབས་དེ་དང་དེ་ལས་ལངས་པའི་ཤེས་པ་རྣམས་སྐྱེ་བར་ངེས་སོ། །འཕྲོས་པའི་དོགས་པ་གཉིས་པ་ནི་གཟུགས་མེད་ཁམས་ནས་ཤི་འཕོས་ནས་འདོད་གཟུགས་སུ་སྐྱེས་པའི་སྲིད་པ་དང་པོ་པའི་མིག་སོགས་སྐྱེ་མཆེད་ལྔའི་དངོས་ཀྱི་ཉེ་བར་ལེན་པའི་རྒྱུ་གང་ཡིན་ཞེ་ན། འདིའི་ལན་ལ་བྱེ་བྲག་ཏུ་སྨྲ་བ་ནི། ཇི་སྐད་དུ། གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཞེས་འཆད་ལ། རྣལ་འབྱོར་སྤྱོད་པ་པ་ནི་ཀུན་གཞིའི་སྟེང་གི་ས་བོན་ལས་དངོས་སུ་སྐྱེ་བར་འཆད་ལ་ལུགས་དེར་ནི་བེམ་པོ་ཁས་མི་ལེན་པས། དེ་ལྟར་བཤད་པ་ལ་མི་རིགས་པ་ཅི་ཡང་མེད་དོ། །མདོ་སྡེ་པའི་སྐབས་འདིར་ནི། ཇི་སྐད་དུ། གང་གི་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་གསུངས་པ་དེའི་ལྟར་ན་ཅུང་ཟད་དཀའ་བའི་གནས་སུ་སྣང་བས། འདིར་དོགས་པ་དེ་སེལ་དགོས་པ་ཡིན་ནོ། །འདིའི་ཚུལ་ལ་རྣམ་བཤད་མཛད་པ་པོ་བྱོན་ཟིན་པ་དེ་དག་གིས་གཟུགས་མེད་དུ་ཉིང་མཚམས་སྦྱོར་ཁའི་མིག་སོགས་ཐ་མ་ཡིན་ནོ་ཞེས་པ་དང༌། གཟུགས་མེད་ནས་འཆི་ཁའི་ལས་ཀྱི་བག་ཆགས་ཡིན་ཞེས་ཟེར་བ་དང༌། ཤེས་པ་བེམ་པོའི་ཉེར་ལེན་བྱེད་པ་ལུགས་འདི་ལ་ཡོད་པ་ཡིན་ཏེ། དེས་དེ་མི་བྱེད་པར་བཤད་པ་དེ་ནི་རྣམ་པར་རིག་པའི་ལུགས་ཡིན་པའི་ཕྱིར་ཞེས་གསུངས་པ་དག་སྣང་མོད། འདི་ལྟར་འཆད་དགོས་པ་ཡིན་ཏེ། རེ་ཤིག་ཐོག་མར་མིག་སོགས་སྐྱེ་མཆེད་ལྔ་ལ་རང་གི་དངོས་ཀྱི་ཉེར་ལེན་མིག་སོགས་སྔ་མ་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། དེ་དག་ནི་འབྱུང་བ་ལས་གྱུར་པ་ཁོ་ན་ཡིན་པའི་ཕྱིར། དཔེར་ན་སྒྲ་ལ་སྒྲའི་རིགས་འདྲ་སྔ་མ་སྔོན་དུ་འགྲོ་མི་དགོས་པ་བཞིན་ནོ། །དེ་ལས་གཞན་དུ་ན་སྣོད་ཀྱི་འཇིག་རྟེན་སྔ་མ་ཞིག་ནས་ཕྱི་མ་དང་པོར་ཆགས་པའི་ཚེ། སྣོད་ཀྱི་འཇིག་རྟེན་དང་པོའི་ཉེར་ལེན་གྱི་རྒྱུ་གང་ཡིན། འཇིག་རྟེན་སྔ་མ་ཞིག་པའི་འབྱུང་བའི་རྡུལ་ཕྲན་ནམ་མཁའི་ཁམས་ན་གནས་པ་དེ་ཉིད་དོ་ཞེ་ན། འོ་ན་དེ་ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་ལས་གང་དུ་གཏོགས། ཁམས་གཟུགས་ཅན་བཅུ་དང༌། སྐྱེ་མཆེད་གཟུགས་ཅན་བཅུའི་ནང་དུ་མི་གཏོགས་ཏེ། གལ་ཏེ་དེར་གཏོགས་ན་ཕྱིའི་ཁམས་དང་སྐྱེ་མཆེད་དུ་གཏོགས་དགོས་པས་མིག་ཤེས་སོགས་ཀྱི་ཡུལ་དུ་བསྟན་དུ་ཡོད་པར་ཐལ་ལོ། །དེ་ལྟར་བཤད་པ་ན་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་འགའ་ཞིག་གཟུགས་ཅན་གྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཉེར་ལེན་དུ་ཁྱེད་ཀྱིས་འདོད་དགོས་ལ། དེ་ལྟར་འདོད་ན་མིག་སོགས་སྐྱེ་མཆེད་ལྔའི་ཉེར་ལེན་དུ་དེའི་རིགས་འདྲ་སྔ་མ་སྔོན་དུ་འགྲོ་དགོས་པ་ཉམས་སོ། །དེ་ལྟར་དཔེ་བཤད་ནས་དོན་ནི་འདི་ཡིན་ཏེ། གཟུགས་མེད་པའི་ཁམས་ནས་འདོད་པའི་ཁམས་སུ་སྐྱེས་མ་ཐག་པའི་མིག་སོགས་སྐྱེ་མཆེད་ལྔའི་དངོས་ཀྱི་ཉེར་ལེན་ནི། འདོད་པ་ཁམས་ཀྱི་འབྱུང་བ་བཞི་པོ་ཉིད་ཡིན་ལ། དེ་ལ་ཉེར་ལེན་འབྱུང་བ་སྔོན་དུ་འགྲོ་མི་དགོས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ཁོ་ན་ཡིན་པའི་ཕྱིར་དང༌། རྣམ་སྨིན་གྱི་རྒྱུས་རྣམ་སྨིན་གྱི་འབྲས་བུ་སྐྱེད་པ་ནི་ཉེར་ལེན་ལ་ལྟོས་པའི་བཤད་པ་མེད་པའི་ཕྱིར་དང༌། བེམ་པོར་གྱུར་པའི་འབྲས་བུ་བསྐྱེད་པ་ལ་མཚུངས་ལྡན་གྱི་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་གང་རུང་དང༌། དམིགས་རྐྱེན་དང༌། དེ་མ་ཐག་རྐྱེན་མ་གཏོགས་པའི་རྐྱེན་གཉིས་གང་རུང་གིས་ཆོག་གི་ཉེར་ལེན་གྱི་རྒྱུ་ཞེས་བྱ་བའི་ཐ་སྙད་མེད་པའི་ཕྱིར་དང༌། རྟོག་གེའི་སྐབས་འདིར་ཡང་རྣམ་ཤེས་ཀྱིས་བེམ་པོའི་ཉེར་ལེན་མི་བྱེད་པར་བཤད་མོད། རྒྱུ་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་སྟེང་ན། བེམ་པོ་ཉེར་ལེན་མེད་པའི་བཤད་པ་མི་སྣང་བའི་ཕྱིར་དང༌། འབྲས་བུ་སྐྱེད་པ་ལ་ཉེར་ལེན་གྱི་རྒྱུ་ངེས་པར་དགོས་པའི་བཤད་པ་མི་སྣང་བའི་ཕྱིར་དང༌། གལ་ཏེ་ཡོད་དུ་ཆུག་ཀྱང་འཕེན་བྱེད་ཀྱི་ལས་དེ་རྣམ་སྨིན་གྱི་ཉེར་ལེན་དུ་ཁས་ལེན་པ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར། གལ་ཏེ། ཆོས་མངོན་པ་ལས། སྐལ་མཉམ་གྱི་རྒྱུ་བཤད་པས་ཉེར་ལེན་གྱི་རྒྱུའི་དོན་གྲུབ་པ་ཡིན་ནོ་སྙམ་ན། འོ་ན། དེ་ལྟ་ན་ནི་ཁྱེད་ཀྱི་ཕྱོགས་ལ་གཟུགས་ཀྱི་ཁམས་ནས་འདོད་པར་སྐྱེས་པའི་མིག་སོགས་དང་པོའི་ཉེར་ལེན་གྱི་རྒྱུ་རྙེད་དཀའ་བ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་འབྲས་ལ་མཚུངས་པ་དགོས་པའི་ཕྱིར། འོ་ན་ཇི་སྐད་དུ། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་སྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེས་ནི་འདོད་པ་ཁམས་ཀྱི་བར་སྲིད་དང་པོའི་མིག་སོགས་སྐྱེ་མཆེད་ལྔ་པོ་དེ། ཉེར་ལེན་གྱི་རྒྱུ་སྔ་མ་སྔོན་དུ་འགྲོ་དགོས་པ་ལ་ཕན་པ་ཅི་ཡང་མེད་དོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འབྱུང་རིམ་ལས་ཀྱང༌། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུངས་འབྱུང་བར་གསུངས་ཀྱི། གཟུགས་ཀྱི་ཕུང་པོ་སྔ་མ་སྔོན་དུ་སོང་བའི་བཤད་པ་མེད་པ་དང༌། མངལ་སྐྱེས་ཀྱི་མིག་སོགས་སྐྱེ་མཆེད་ལྔ་པོ་དེ་ཉེར་ལེན་མའི་མངལ་གྱི་འབྱུང་བ་བཞི་ལས་སྐྱེ་བར་བཤད་ཀྱི། བར་སྲིད་ཀྱི་མིག་སོགས་ཀྱི་རིགས་འདྲ་ལས་སྐྱེ་བར་མ་བཤད་པའི་ཕྱིར་དང༌། མའི་མངལ་གྱི་འབྱུང་བ་བཞི་པོ་དེ་ཡང་བར་སྲིད་ཀྱི་འབྱུང་བ་བཞིའི་རིགས་འདྲའི་རྒྱུན་མ་ཡིན་པའི་ཕྱིར། དེས་ན་འདི་ལྟ་བུའི་ཚུལ་མི་ཤེས་པར་དེ་དང་དེ་ལ་དཀའ་བའི་གནས་ལ་དོགས་པ་གཅོད་པ་ནི་ངལ་བ་འབྲས་བུ་མེད་པ་ཡིན་ཏེ། ལས་ཀྱི་རྣམ་སྨིན་བསྐྱེད་པའི་ཚུལ་ལ་ཤིན་ཏུ་རྨོངས་པའི་ཀླན་ཀ་དང་འབྲེལ་བ་མེད་པའི་ལན་གྱི་ཕྲེང་བ་མཚར་དུ་བཀོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་སེམས་ཙམ་པའི་ལུགས་ཀྱི་རྐྱེན་གསུམ་གྱི་རྣམ་པར་བཞག་པ་ལ། དངོས་དང༌། དེ་ལ་འཕྲོས་ནས་སེམས་སེམས་འབྱུང་གི་རྣམ་གཞག་ཟུར་ཙམ་བསྟན་པའོ། །དང་པོ་ལ། དམིགས་པའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་ནོ། །དང་པོ་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ་མདོ་སྡེ་པའི་རྩ་བའི་འདོད་པ་དགག དོགས་པའི་མཐའ་གཞན་དགག དེ་ལྟར་བཀག་པས་གྲུབ་པའི་དོན་ནོ། །དང་པོ་ནི། ཇི་སྐད་དུ། དམིགས་པ་བརྟག་པ་ལས། དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེ་མི་སྣང་ཕྱིར་དེ་ཡུལ་མིན། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་གསུངས་སོ། །དེའི་དོན་ནི། རྡུལ་ཕྲན་གཞན་དང་འདབ་འབྱར་དུ་འབྲེལ་བའི་རྡུལ་ཕྲན་རེ་རེ་བ་རྣམས་ཆོས་ཅན། དབང་ཤེས་ཀྱི་དངོས་ཀྱི་ཡུལ་མིན་ཏེ། དེ་ལ་མི་སྣང་བའི་ཕྱིར། རྟགས་དང་ཁྱབ་པ་ཚད་མས་གྲུབ། འདོད་ན་གཟུང་ཡུལ་ཡིན་པ་ཉམས་སོ། །ཡང་དེ་ཆོས་ཅན། དེའི་དངོས་ཀྱི་ཡུལ་མ་ཡིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་དབང་པོ་བཞིན་ནོ། །རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ། འདོད་ན་གཟུང་ཡུལ་ཡིན་པ་ཉམས་སོ། །འདིར་རང་ལུགས་ལ་ནུས་པ་དམིགས་རྐྱེན་དུ་ཁས་ལེན་བཞིན་དུ་དམིགས་རྐྱེན་མ་ཡིན་ཏེ། རྒྱུ་ཡིན་པའི་ཕྱིར། ཞེས་འཆད་པ་ནི་མ་ཤེས་པ་ཡིན་ཏེ། རང་ལུགས་ཀྱི་དམིགས་རྐྱེན་ལའང་མཚུངས་པའི་ཕྱིར། གཉིས་པ་ནི། རྡུལ་ཕྲན་དམིགས་རྐྱེན་དུ་ཁས་བླངས་ན་ཉེས་པ་དེ་འཇུག་ཀྱང༌། རགས་པ་དམིགས་རྐྱེན་དུ་ཁས་ལེན་ནོ་ཞེ་ན། དེ་འགོག་པ་ནི། གང་ལྟར་སྣང་བ་དེ་ལྟ་མིན། །རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། །ཞེས་གསུངས་ལ། ཕྱི་རོལ་གྱི་དོན་རགས་པ་ཆོས་ཅན། དབང་ཤེས་ལ་ཁྱོད་ཀྱི་རྣམ་པ་སྣང་ཡང༌། ཁྱོད་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར། འདིར་ཡུལ་མ་ཡིན་ཏེ་ཞེས་བཀོད་ན་མདོ་སྡེ་པའི་ངོར་ཁྱབ་པ་མི་འགྲུབ་སྟེ། སྔོ་སེར་ལ་སོགས་པའི་རགས་པ་རྣམས་རྫས་སུ་མེད་པ་དང༌། དབང་ཤེས་ཀྱི་གཟུང་ཡུལ་ཡིན་པ་གཉིས་ཀ་མདོ་སྡེ་པའི་གྲུབ་མཐའ་ལ་གསལ་བའི་ཕྱིར། གསུམ་པ་ནི། དེ་ཕྱིར་ཕྱི་རོལ་གཉིས་ཀ་ཡང༌། །བློ་ཡི་ཡུལ་དུ་མི་རུང་ངོ༌། །ཞེས་གསུངས་ལ། ཕྱི་དོན་འགོག་བྱེད་ཀྱི་རིགས་པའི་སྙིང་པོ་ནི་འདི་ཡིན་ལ། འདི་ལ་ངེས་པ་མ་རྙེད་ན་མདོ་སྡེ་པ་དང༌། སེམས་ཙམ་པ་གཉིས་ཀྱི་གྲུབ་མཐའི་བར་ཁྱད་འཇོག་མི་ཤེས་པས་འདི་ལྟར། མདོ་སྡེ་པ་ན་རེ། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རྟོགས་པར་མངོན་སུམ་གྱིས་མི་འགྲུབ་སྟེ། དེ་ལ་དེ་དངོས་སུ་མི་སྣང་བའི་ཕྱིར། འོ་ན་དེས་དེ་རྟོགས་པར་གང་གིས་འགྲུབ་ཅེ་ན། དོན་སྣང་གི་རྣམ་པར་ཤེས་པ་ཆོས་ཅན། ཕྱི་རོལ་གྱི་དོན་གཟུང་བ་ཡིན་ཏེ། ཕྱི་རོལ་གྱི་དོན་དང་འདྲ་བའི་ཕྱིར། དཔེར་ན་བུ་ཕ་དང་འདྲ་བར་སྐྱེས་པ་ལ་དེས་དེའི་གཟུགས་འཛིན་པར་འཇིག་རྟེན་ན་གྲགས་པ་བཞིན་ནོ། །དེ་དང་འདྲ་བ་ཡིན་ཏེ། ཁྱོད་ལ་ཕྱི་རོལ་དོན་གྱི་རྣམ་པ་ཤར་བ་གང་ཞིག རྣམ་པ་གཏོད་པར་བྱེད་པའི་ཕྱི་རོལ་གྱི་དོན་ཞིག་ཡོད་པའི་ཕྱིར། དེ་དོན་ཡོད་པ་ཇི་ལྟར་ཞེ་ན། དོན་སྣང་གི་དབང་ཤེས་ཆོས་ཅན། དབང་ཡིད་ལས་གཞན་པའི་རྒྱུ་གཅིག་ཡོད་དེ། དེ་མེད་ན་མི་སྐྱེ་ཞིང་རེས་འགའ་སྐྱེ་བའི་ཕྱིར། ཞེས་པའི་རྟགས་ཀྱིས་བསྒྲུབ་པར་འདོད་དོ། །དེ་འགོག་པ་སེམས་ཙམ་པས་ནི་ཕྱི་རོལ་གྱི་ཡོད་པ་ལ་མངོན་སུམ་གྱིས་གནོད་པ་དང༌། ཕྱི་དོན་མེད་ཀྱང་དོན་སྣང་གི་རྣམ་ཤེས་པ་རེས་འགའ་སྐྱེ་བའི་འཐད་པ་གཉིས་ཀྱི་སྒོ་ནས་བསྟན་ནོ། །དང་པོ་ནི། དོན་རིག་པའི་མངོན་སུམ་ཡོད་ན་ཕྱི་དོན་ཕྲ་རགས་གཉིས་ཀ་དོན་རིག་མངོན་སུམ་ལ་དངོས་སུ་མི་སྣང་བ་དང་འགལ་ལོ་ཞེས་པ་སྟེ། དེ་མི་སྣང་ཕྱིར་དེ་ཡུལ་མིན། །ཞེས་པའོ། གཉིས་པ་ནི། ཕྱི་རོལ་གྱི་དོན་ཆོས་ཅན། དོན་སྣང་གི་རྣམ་པར་ཤེས་པའི་གཞལ་བྱ་ཡིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར་ཞེས་པ་ལ་ནི་བདག་རྐྱེན་དབང་པོས་མ་ངེས་སོ་ཞེས་འཆད་པ་ནི། རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་པའོ། །ཡང་དེ་དེའི་རྒྱུ་ཡིན་ཏེ། དེ་རེས་འགའ་སྐྱེ་བའི་ཕྱིར་ཞེས་པ་ལ་ཁྱབ་པ་མ་ངེས་པར་སྟོན་པ་ནི། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་དང༌། འདིར་འགའ་ཞིག་ནི་འགའ་ཞིག་གིས། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་བས་ན་མདོ་སྡེ་པས་ཕྱི་རོལ་གྱི་དོན་མེད་པ་ལ་མངོན་སུམ་དང་འགལ་བ་མ་བསྟན་གྱི། སེམས་ཙམ་པས་ཕྱི་དོན་ཡོད་པ་ལ་མངོན་སུམ་དང་འགལ་བ་བསྟན་པར་ངེས་སོ། །ཡང་མདོ་སྡེ་པ་རང་གི་རིགས་པས་དཔྱད་པ་ན་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་གོ་ཆོད་པོར་མི་འདོད་ཀྱི། དོན་རིག་པའི་མངོན་སུམ་གྱི་མིང་ཅན་དེ་དག་ཐམས་ཅད་དོན་རིག་པའི་མངོན་སུམ་བཏགས་པ་བ་དང༌། རང་རིག་པའི་མངོན་སུམ་མཚན་ཉིད་པ་དང༌། ཕྱི་དོན་ནི་ལྐོག་ཏུ་གྱུར་པའི་ཚུལ་གྱིས་ཁས་བླངས་པ་ཡིན་ནོ། །གཉིས་པ་སེམས་ཙམ་པ་རང་གི་ལུགས་བཞག་པ་ལ། བཤད་བྱའི་མདོ་བཀོད། མདོ་དེའི་དོན་རྣམ་པར་བཤད་པའོ། དང་པོ་ནི། ཇི་སྐད་དུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ནུས་པ་འཇོག་ཕྱིར་རིམ་གྱི་ཡིན། །ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། གཞན་གྱིས་བཏགས་པའི་མཐའ་དགག་པ་དང༌། རང་གི་འདོད་པ་རྣམ་པར་བཤད་པའོ། །དང་པོ་ནི། བར་དུ་བྱོན་པའི་སློབ་དཔོན་རྣམས་ན་རེ། གཞུང་འདིས་བསྟན་པའི་དམིགས་རྐྱེན་ལ་གཉིས་ཏེ། སྣང་བའི་དམིགས་རྐྱེན་དང༌། ནུས་པ་འཇོག་པའི་དམིགས་རྐྱེན་ནོ། །དང་པོ་ནི། དམིགས་པ་མཚན་ཉིད་པ་དང༌། རྐྱེན་བཏགས་པ་བ་ཡིན་ལ། ཕྱི་མ་ནི་རྐྱེན་མཚན་ཉིད་པ་དང༌། དམིགས་པ་བཏགས་པ་བ་ཡིན་ནོ། །ཞེས་གསུངས་པ་དང༌། ཡང་ལ་ལ་ན་རེ། སྔ་མ་ནི་རྒྱུ་འབྲས་དུས་མཉམ་དུ་བཞེད་པ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་དང༌། ཕྱི་མ་ནི་རྒྱུ་འབྲས་སྔ་ཕྱི་བར་བཞེད་པ་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ཡིན་ནོ་ཞེས་གསུང༌། འདི་ནི་འཐད་པ་མ་ཡིན་ཏེ། དམིགས་རྐྱེན་ལ་དེ་འདྲ་གཉིས་སུ་འབྱེད་པའི་བཤད་པ། སྤྱིར་རྣལ་འབྱོར་སྤྱོད་པའི་གཞུང་ན་མེད་པའི་ཕྱིར་དང༌། བྱེ་བྲག་ཏུ་ནུས་པ་འཇོག་པའི་དམིགས་རྐྱེན་གྱི་བཤད་པ་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ན་མེད་པའི་ཕྱིར། འོ་ན། གལ་ཏེ་མཚུངས་པ་དེ་མ་ཐག །ཅེས་སོགས་ཀྱིས་ཅི་ཞིག་བཤད་ཅེ་ན། གཞུང་དེ་ནི། དེ་མ་ཐག་རྐྱེན་གྱི་ནུས་པ་ལས་སྐྱེ་བར་བཤད་ཀྱི། ནུས་པ་དེ་ཉིད་དམིགས་རྐྱེན་དུ་བཤད་པ་ཅུང་ཟད་ཀྱང་མེད་དོ། །འོ་ན་ཅི་ཞིག་བཤད་ཅེ་ན། ནུས་པ་དེ་ཡོངས་སུ་སྨིན་པ་ལས་དོན་དུ་སྣང་བའི་དབང་ཤེས་སྐྱེ་ལ། དེ་ལ་དེར་སྣང་བ་དེ་ནི་དེའི་དམིགས་རྐྱེན་དུ་ཁས་ལེན་པ་ཡིན་ཏེ། དབུ་མ་ལ་འཇུག་པར། རྣལ་འབྱོར་སྤྱོད་པའི་གཞུང་གི་འདོད་པ་འཆད་པ་ན། འདི་ན་དབང་པོ་ལས་བྱུང་རྣམ་པར་རིག །ཕྱི་གཟུང་མེད་ཕྱིར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་འབྱུང་བ་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་གཟུང་བར་སེམས་ཁས་ལེན། །ཞེས་དབང་པོས་རྒྱུ་བྱས་ནས་སྣང་བ་དམིགས་པར་བཤད་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་མེད་ན་དོན་སྣང་གི་རྣམ་པར་ཤེས་པ་རེས་འགའ་སྐྱེ་བ་མི་འཐད་ཅེས་མདོ་སྡེ་པས་རྩོད་པ་ན། དེའི་ཉེས་པ་མེད་དེ། དེ་འདྲའི་ནུས་པ་དམིགས་རྐྱེན་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་འདྲ་དེ་དམིགས་པ་བཏགས་པ་བ་དང་རྐྱེན་མཚན་ཉིད་པ་ཡིན་པའི་ཕྱིར། ཞེས་བཀོད་ན། མདོ་སྡེ་པའི་ངོར་མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པར་སོང་བའི་ཕྱིར་དང༌། མདོ་སྡེ་པའི་ལུགས་ལ་དེའི་དམིགས་རྐྱེན་ཡིན་ན་དེས་དམིགས་པས་ཁྱབ་པར་འདོད་པ་ཁྱོད་ཀྱི་ལྟར་ན། སྒྲུབ་བྱེད་གཉིས་པ་དེའི་ཁྱབ་པ་རྒོལ་བའི་བློ་ངོར་འགལ་བའི་ཕྱིར། ཡང་རྒྱུ་འབྲས་དུས་མཉམ་དུ་འདོད་པ་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ཡང་མ་ཡིན་ཏེ། དེའི་གཞུང་ལས་དེ་ལྟར་བཤད་པ་མེད་པའི་ཕྱིར། མངོན་པ་གོང་མར། ལྷན་ཅིག་འབྱུང་བའི་རྒྱུ་དང༌། མཚུངས་ལྡན་གྱི་རྒྱུ་བཤད་ཀྱང༌། གཅིག་ཤོས་དེའི་འབྲས་བུར་བཤད་པ་མེད་པའི་ཕྱིར་དང༌། དེ་ལྟར་བཤད་པ་དེ་ནི་ཚོགས་པ་གཅིག་ལ་རག་ལས་ཀྱི་དོན་ཡིན་པའི་ཕྱིར་དང༌། ཕྱོགས་གླང་ཡབ་སྲས་ཀྱི་ཀྱང་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་ཞལ་གྱིས་བཞེས་དགོས་པའི་ཕྱིར། དཔེར་ན་བུ་རམ་གྱི་རོ་གཟུགས་དང༌། སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །ཡང་བོད་ཕྱི་རབས་པ་རྣམས་ན་རེ། དོན་སྣང་གི་རྣམ་པར་ཤེས་པའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་ན། ཤེས་པ་ཕྱི་མ་ཡུལ་གྱི་རྣམ་ལྡན་དང༌། ཡུལ་འཛིན་ནུས་དང༌། གསལ་རིག་གི་ངོ་བོར་སྐྱེད་པའི་ནུས་པ་གསུམ་ཡོད་པ་དེ་རྐྱེན་གསུམ་སོ་སོར་འཇོག་པ་ཡིན་ནོ་ཞེས་ཟེར། དེ་ཡང་དགོངས་པ་མིན་ཏེ། གཞུང་འགྲེལ་ན་དེ་མ་ཐག་རྐྱེན་གྱི་ནུས་པ་ལ་བདག་རྐྱེན་དབང་པོར་འཇོག་པའི་བཤད་པ་ཡོད་ཀྱི་ནུས་པ་ལ་དམིགས་རྐྱེན་དུ་འཇོག་པའི་བཤད་པ་ཅུང་ཟད་ཀྱང་ཁྱེད་ཀྱིས་མི་རྙེད་པའི་ཕྱིར་དང༌། དམིགས་རྐྱེན་ཡིན་ན་ཤེས་པ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པས་ཁྱབ་པར་འདོད་པ་ཡང་མདོ་སྡེ་པའི་རིགས་འགྲེ་ཡིན་གྱི། རྣལ་འབྱོར་སྤྱོད་པའི་གཞུང་ན་དེ་འདྲའི་བཤད་པ་མེད་པའི་ཕྱིར་རོ། །ཡང་དར་ཊཱིཀ་པ་ལ་སོགས་པ་སྔོ་སྣང་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དེ་དེར་བསྐྱེད་པའི་ནུས་པ་དེ། སྔོན་པོའི་མཚན་གཞིར་ཁས་བླངས་ནས་དེ་གཉིས་ཀ་དེའི་དམིགས་རྐྱེན་ཡིན་ནོ་ཞེས་ཟེར་རོ། །འདི་ནི་རིགས་པ་མ་ཡིན་ཏེ། སྔོ་སྣང་དབང་ཤེས་ཀྱིས་རང་གི་མཚུངས་པ་དེ་མ་ཐག་རྐྱེན་མངོན་སུམ་དུ་མཐོང་བར་ཐལ་བ་དང༌། སྔོན་པོ་དང་དེ་སྣང་དབང་ཤེས་རྫས་གཞན་དུ་ཐལ་བ་དང༌། སྔོ་འཛིན་མངོན་སུམ་དང༌། དེའི་དམིགས་རྐྱེན་དུ་གྱུར་པའི་སྔོན་པོ་གཉིས། ལྷན་ཅིག་དམིགས་ངེས་མ་ཡིན་ན་ནི་ཁྱོད་རང་གི་འདོད་པའི་གྲུབ་མཐའ་ཉམས་ལ། ཡིན་ན་ནི་དེ་གཉིས་དུས་མཉམ་དུ་ཐལ་བར་འགྱུར་རོ། །ཡང་ལུགས་འདིའི་རྗེས་འབྲང་དག སྔོན་པོ་དང་སྔོ་འཛིན་གྱི་ཚད་མ་གཉིས་ལྷན་ཅིག་དམིགས་ངེས་སུ་ཁས་ལེན་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྔོ་འཛིན་ཚད་མའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དེའི་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་དེ་སྔོན་པོ་ཡིན་ནམ་མིན་མིན་ན་དམ་བཅའ་སྔ་མ་ཉམས་ལ། ཡིན་ན། སྔོ་འཛིན་ཚད་མའི་རྒྱུར་གྱུར་པའི་སྔོན་པོ་ཡོད་པར་འགྱུར་ལ། དེ་ལྟ་ན་གཟུང་འཛིན་རྫས་གཞན་ཡོད་པར་ཐལ་བ་ལ་སོགས་པ་འགལ་བའི་ཁུར་མི་ཟད་པ་འབྱུང་བར་འགྱུར་རོ། །གཉིས་པ་རང་གི་འདོད་པ་ལ། སྣང་བ་དམིགས་རྐྱེན་དུ་བཤད་པ་དང༌། ནུས་པ་བདག་རྐྱེན་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དམིགས་པར་བཤད་པ་དང༌། རྐྱེན་དུ་བཤད་པའོ། །དང་པོ་ནི། དོན་སྣང་གི་རྣམ་པར་ཤེས་པ་ལ་ཕྱི་རོལ་དོན་དུ་སྣང་བ་ཆོས་ཅན། ཤེས་པ་དེས་དམིགས་པ་ཡིན་ཏེ། གནས་ཚུལ་ལ་ཤེས་པ་རང་གི་ངོ་བོར་གནས། སྣང་ཚུལ་ལ་ཕྱི་རོལ་དོན་དུ་སྣང་བའི་ཕྱིར་ཞེས་སྟོན་པ་ནི། ནང་གི་སོགས་རྐང་པ་གསུམ་མོ། །གཉིས་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པའོ། །གཉིས་པ་ལ་གཉིས་ཏེ། དོན་སྣང་གི་ཤེས་པ་རང་ཉིད་ལ་མི་འཁྲུལ་བའི་གཏན་ཚིགས་དང༌། དོན་སྣང་གི་ཤེས་པ་ཕྱི་མ་ལ་ནུས་པ་འཇོག་པའི་གཏན་ཚིགས་སོ། །དང་པོ་ནི། དེ་ཆོས་ཅན། དེ་དང་ཚོགས་པ་གཅིག་གི་ཆར་གནས་ནའང་དེའི་རྐྱེན་ཡིན་ཏེ། དེས་དམིགས་པ་གང་ཞིག དེ་དང་ཕན་ཚུན་རྗེས་སུ་འགྲོ་ལྡོག་མི་འཁྲུལ་པའི་ཕྱིར། དཔེར་ན་ཚོགས་པ་གཅིག་པའི་རོ་གཟུགས་བཞིན་ནོ་ཞེས་སྟོན་པ་ནི། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་པའོ། །གཉིས་པ་ནི། ཡང་དེ་ཆོས་ཅན། དེའི་རྐྱེན་ཡིན་ཏེ། དོན་སྣང་གི་ཤེས་པ་ཕྱི་མ་ལ་དོན་སྣང་བའི་ནུས་པ་རིམ་གྱིས་འཇོག་པའི་ཕྱིར་རོ། །འདིར་ནུས་པ་ཆོས་ཅན་དུ་འཛིན་རྒྱུ་མ་ཡིན་ཏེ། རང་གི་འགྲེལ་པ་དང་འགལ་བའི་ཕྱིར། འདིར་དེའི་རྐྱེན་ཡིན་པ་ལ་དེ་བསྐྱེད་བྱེད་ཡིན་པས་ཁྱབ་པ་ནི་མིན་ཏེ། དེ་དང་ལྷན་ཅིག་ཏུ་ཚོགས་ནས་དེའི་རྒྱུན་ཕྱི་མ་བསྐྱེད་པ་ལ་དེའི་རྐྱེན་དུ་བཤད་པའི་ཕྱིར། དེ་ཡང་ཆོས་མངོན་པ་ལས་བཤད་པའི་དམིགས་པའི་རྐྱེན་ཐམས་ཅད་དེ་ཉིད་དོ། །གཉིས་པ་ནི། དོན་སྣང་གི་རྣམ་པར་ཤེས་པའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དོན་སྣང་གི་ཤེས་པ་དོན་གྱི་རྣམ་པ་འཛིན་ནུས་སུ་སྐྱེད་པའི་ནུས་པ་དེ་ཆོས་ཅན། དོན་སྣང་གི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ཡིན་ཏེ། དེ་རང་དབང་དུ་བསྐྱེད་བྱེད་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། ལྷན་ཅིག་ཅེས་སོགས་སོ། །འདིར་ཡུལ་ཅན་གྱི་ཤེས་པ་དང་ཡུལ་དུ་སྣང་བ་གཉིས་ཀ་བདག་རྐྱེན་དུ་བཤད་མ་ཐག་པ་དེའི་དབང་གི་འབྲས་བུ་ཡིན་ཏེ། གདུགས་ནམ་མཁའ་ལ་ཕུབ་པའི་དབང་གིས་གྲིབ་མ་ས་ལ་འབྱུང་བ་བཞིན་ནོ། །དེའི་ཕྱིར། འདིར་བདག་འབྲས་ཀྱི་ཕྱོགས་གཅིག་དམིགས་རྐྱེན་དུ་བཞེད་པ་ཡིན་གྱི། རྐྱེན་གསུམ་པོ་དུས་མཉམ་པར་འདོད་པ་ནི་རིགས་པ་སྨྲ་བའི་མདོ་སྡེ་པ་ཁོ་ནའི་ལུགས་སོ། །དེ་ལྟར་བཤད་པའི་དོན་ནི། མདོ་སྡེ་པའི་ལུགས་ལ་གང་དང་གང་གི་དམིགས་རྐྱེན་ཡིན་ན་དེ་དང་དེའི་རྒྱུ་ཡིན་དགོས་ཤིང༌། དེ་དངོས་སུ་མ་དམིགས་དགོས་པ་དང༌། སེམས་ཙམ་དུ་སྨྲ་བའི་ལུགས་ལ། དེ་ཡིན་ན་དེས་དངོས་སུ་དམིགས་དགོས་ཤིང༌། དེ་དང་དེའི་རྒྱུ་མ་ཡིན་དགོས་སོ་ཞེས་བྱ་བ་འདི་ཡིན་ནོ། །གསུམ་པ་དེ་མ་ཐག་རྐྱེན་ལ། ཡིད་བྱེད་སྔ་མ་དེ་མ་ཐག་རྐྱེན་དུ་འདོད་པའི་ལུགས་དང༌། མྱོང་བ་གསལ་རིག་གི་ཆ་སྔ་མ་དེར་འདོད་པའི་ལུགས་གཉིས་ལས། དང་པོ་འདི་ནི། སྤྱིར་དོན་སྣང་གི་ཤེས་པ་དང༌། བྱེ་བྲག་ཏུ་ཡིད་སྔོན་སོང་ལ་འཐད་ཀྱང་རྐྱེན་ཉེར་གནས་ལ་མ་ཁྱབ་པའི་ཕྱིར། མི་འཐད་པ་ལ་ལུགས་ཕྱི་མ་ལྟར་ཁས་ལེན་དགོས་ཤིང༌། འདི་ནི་རང་སྡེ་གྲུབ་པའི་མཐའ་སྨྲ་བ་ཐམས་ཅད་ཀྱི་ལུགས་སོ། །དེ་ལྟར་བཤད་པ་ན། ཤེས་པ་ཐམས་ཅད་ཀྱི་དེ་མ་ཐག་རྐྱེན་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང༌། གསལ་རིག་གི་ཆ་དེ་ཡང༌། སེམས་སེམས་བྱུང་དང་དབང་ཤེས་དང་ཡིད་ཤེས་གང་དུ་ཡང་རྒྱ་ཡོངས་སུ་མ་ཆད་པ་གཅིག་ཡིན་ནོ། །ཡིད་བྱེད་སྔ་མ་ལ་དེ་མ་ཐག་རྐྱེན་དུ་བཤད་ན། རང་དང་དམིགས་རྣམ་མཚུངས་པའི་རིགས་འདྲའི་རྒྱུན་སྔ་མ་ཁོ་ནར་འདོད་དགོས་པས། སེམས་ལས་བྱུང་བ་སྔ་མ་རྣམས་ཕྱི་མའི་དེ་མ་ཐག་རྐྱེན་དུ་མི་རིགས་པ་ཡིན་ནོ། །ལུགས་འདི་ལ་བསམས་ནས་དོན་གསང་རྣམ་བཤད་པ་སོགས་སེམས་ལས་བྱུང་བ་རྣམས་ལ་རྒྱུན་མེད་པར་འདོད་པའི་གྲུབ་པའི་མཐའ་ཡང་ཤིན་ཏུ་མང་ངོ༌། །མདོར་ན་དོན་སྣང་གི་རྣམ་པར་ཤེས་པ་ད་ལྟར་བས་དངོས་སུ་དམིགས་ཤིང༌། དེ་ཕྱི་མ་ལ་དོན་སྣང་གི་བག་ཆགས་འཇོག་བྱེད་དེ། དོན་སྣང་གི་རྣམ་པར་ཤེས་པ་ད་ལྟར་བའི་དམིགས་རྐྱེན་གྱི་མཚན་ཉིད། དཔེར་ན་སྔོ་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་ལྟ་བུའོ། །ཡང་དོན་སྣང་གི་རྣམ་པར་ཤེས་པ་ད་ལྟར་བ་དོན་གྱི་རྣམ་པ་འཛིན་ནུས་སུ་གཙོ་བོར་སྐྱེད་བྱེད་དེ། ད་ལྟ་བའི་བདག་རྐྱེན་གྱི་མཚན་ཉིད། དཔེར་ན་སྔོ་སྣང་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི དེ་སྔོན་པོའི་རྣམ་པ་འཛིན་ནུས་སུ་སྐྱེ་བའི་ནུས་པ་ལྟ་བུའོ། །དེའི་སྟེང་གི་དེ་དེའི་རྣམ་ལྡན་དུ་གཙོ་བོར་བསྐྱེད་པའི་ནུས་པ་དེ་ཡང༌། དེའི་དམིགས་རྐྱེན་དུ་ཁས་བླངས་པ་ལ་མི་རིགས་པ་ཅི་ཞིག་ཡོད་ཟེར་ན། དེ་ཆོས་ཅན་དེའི་དམིགས་རྐྱེན་མ་ཡིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་དབང་པོ་བཞིན་ནོ། །ཞེས་པ་ནི་སེམས་ཙམ་དུ་སྨྲ་བའི་རིགས་པའོ། །གཉིས་པ་འཕྲོས་དོན་བཤད་པ་ལ། གཙོ་བོ་སེམས་ཀྱི་དཀའ་བའི་གནས་ཅུང་ཟད་བཤད་པ་དང༌། འཁོར་སེམས་བྱུང་གི་དཀའ་བའི་གནས་འགའ་ཞིག་བཤད་པའོ། །དང་པོ་ནི་གཞན་དག་ལ་གསལ་བར་གྲགས་ཟིན་པ་དེ་དག་ནི་འདིར་མི་འཆད་པས། མ་གྲགས་པའི་གནས་འགའ་ཞིག་གསལ་བར་འཆད་པ་ནི། འདིར་ཀུན་གཞི་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། གཅིག་ཆར་རིགས་མི་མཐུན་སྐྱེ་ཡང༌། །ཞེས་ཀུན་གཞི་ལས་འཇུག་ཤེས་དྲུག་གཅིག་ཆར་དུ་སྐྱེ་བར་བཤད་པའི་ཕྱིར། དེའི་རང་བཞིན་ཅི་ཞེ་ན། འཁོར་བ་དང་མྱང་འདས་ཀྱི་གནས་སྐབས་ཐམས་ཅད་དུ་གསལ་རིག་ཙམ་དུ་ཁྱད་པར་མེད་པ་དེ་ཡིན་ནོ། །འདི་ལ་འཁོར་བའི་གནས་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དང༌། མྱ་ངན་ལས་འདས་པའི་གནས་སྐབས་སུ་ཆོས་ཀྱི་དབྱིངས་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱའོ། །དང་པོ་ནི། མ་སྒྲིབས་ལ་ལུང་དུ་མ་བསྟན་པའོ། །འདི་རྣམ་པར་ཤེས་པའི་ཚོགས་བདུན་ལས་རྫས་ཐ་དད་དུ་ཡོད་པ་མ་ཡིན་ཏེ། བདུན་པོ་ཐམས་ཅད་འདིའི་ངོ་བོར་རྫས་གཅིག་པའི་ཕྱིར་དང༌། བདུན་པོའི་སྟེང་གི་ཡུལ་གྱི་ཁ་མ་བསྒྱུར་བའི་གསལ་རིག་གི་ཆ་དེ་དང༌། བདུན་པོའི་རྫས་སུ་མ་འདུས་པའི་གསལ་རིག་གི་ཆ་གཅིག་སྟེ་བརྒྱད་ཀ་ལ་ཀུན་གཞིའི་རྣམ་ཤེས་སུ་འཇོག་དགོས་པའི་ཕྱིར། རྣམ་སྨིན་དང་ས་བོན་ཐམས་ཅད་པ་དང༌། ལེན་པའི་རྣམ་པར་ཤེས་པ་ལ་སོགས་པའི་མིང་གིས་བསྟན་པ་དེ་ནི་བརྒྱད་པ་དེ་ཉིད་ཡིན་ནོ། །ཚོགས་བདུན་ལས་རྫས་ཐ་དད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཁས་ལེན་པ་དེ་སེམས་ཙམ་པའི་གྲུབ་མཐའ་ཡིན་ཞེས་ཕྱི་རབས་པ་ཕལ་ཆེར་ལ་གྲགས་པ་དེ་དག་ནི། དེའི་གྲུབ་པའི་མཐའ་མ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཅི་ལ་ཟེར་མ་ཤེས་པས་ཀུན་ནས་བསླངས་པའི་ངག་ཡིན་པའི་ཕྱིར། འོ་ན་འདི་དང་དོན་དམ་པའི་ཤེས་པ་རང་རིག་རང་གསལ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་དང་ཀུན་གཞིའི་གསལ་ཆ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་བསགས་པའི་ཆ་ནས་ཀུན་གཞི་དང༌། གསལ་ཆ་ལ་དོན་དམ་པའི་ཤེས་པར་མིང་བཏགས་པའི་ཕྱིར། འོ་ན་མིག་ཤེས་ཀྱི་སྟེང་གི་གསལ་ཆ་ཆོས་ཅན། ཀུན་གཞི་མིན་ཏེ། རང་གི་བདག་རྐྱེན་མིག་དབང་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར་སྙམ་ན། དེའི་ལན་ནི་གོང་དུ་རྒྱས་པར་བཤད་ཟིན་ནོ། །དེ་ལྟ་བུའི་ཀུན་གཞི་དེ་ལ་དོན་ལ་གནས་ཚོད་དང༌། མིང་གིས་བསྟན་ཚུལ་ལོ། །དང་པོ་ནི། དེ་ལྟ་བུའི་ཀུན་གཞི་དེ་ཆོས་ཅན། གཙོ་བོ་སེམས་མ་ཡིན་ཏེ་དོན་གྱི་ངོ་བོ་ཙམ་འཛིན་པ་མིན་པའི་ཕྱིར་ཏེ། དོན་གང་གི་ཡང་རྣམ་པ་མ་ཤར་བའི་ཕྱིར། ཇི་སྐད་དུ། རྣམ་པར་རིག་པ་མི་རིག་པ། །ཞེས་གསུངས་པ་ལྟར་རོ། །འོ་ན་གཞུང་ལས་སེམས་སུ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་མོད། གཙོ་འཁོར་གྱིས་ཟླས་ཕྱེ་བའི་གཙོ་བོར་ཁས་ལེན་པ་མ་ཡིན་ཏེ་རང་གི་འཁོར་དུ་བྱུང་བའི་སེམས་བྱུང་དང༌། མཚུངས་ལྡན་རྣམས་པ་ལྔས་མཚུངས་པ་དེ་མ་ཚང་བའི་ཕྱིར། འོ་ན་ཇི་སྐད་དུ། དེ་ནི་མ་སྒྲིབས་ལུང་མ་བསྟན། །རེག་ལ་སོགས་པའང་དེ་བཞིན་ནོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་མོད་ཀྱང༌། བཤད་པ་དེ་ནི་སྒྲས་སྟོན་ཚུལ་ཙམ་ཡིན་གྱི། དོན་གྱི་གནས་ཚུལ་མ་ཡིན་ཏེ། འདི་ལྟར་ཀུན་གཞི་འཁོར་བཅས་རྟེན་མཚུངས་པ་མ་ཡིན་ཏེ། དེ་དག་ལ་བདག་རྐྱེན་དབང་པོ་འདི་ཡིན་ནོ་ཞེས་བྱ་བའི་ལུང་གི་བཤད་པ་མེད་པའི་ཕྱིར་དམིགས་རྣམ་མཚུངས་པ་མ་ཡིན་ཏེ། དམིགས་རྣམ་གང་དུ་ཡང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བའི་ཕྱིར། འོ་ན་ཇི་སྐད་དུ། དེ་ནི་ལེན་པ་དག་དང་གནས། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཀུན་གཞིའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་སེམས་ཅན་དང༌། སྣོད་ཀྱི་འཇིག་རྟེན་ལ་ཟེར་བ་ཡིན་ལ། དེ་འདྲ་དེ་ནི་ཀུན་གཞི་ལས་ཐ་དད་དུ་མ་ཕྱེད་པའི་ཕྱིར། དེ་ལ་དེའི་རྣམ་པ་ཤར་བའི་མི་ནུས་སོ། །དེ་ལྟ་མ་ཡིན་ན་རྣམ་སྨིན་གྱི་ངོ་བོར་གྱུར་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཆོས་ཅན། རྣམ་སྨིན་ལས་བྱུང་བར་ཐལ། རང་གི་ཡུལ་ཅན་གྱི་གཙོ་བོ་རྣམ་རིག་ལ་ཁྱོད་ཀྱི་རྣམ་པ་ཤར་བའི་ཕྱིར། དཔེར་ན་དོན་དུ་སྣང་བའི་རྣམ་རིག་བཞིན་ནོ། །དུས་མཚུངས་པ་ཡང་མིན་ཏེ། ཁམས་གསུམ་གང་རུང་གཅིག་གི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཀུན་གཞི་དང༌། དེའི་འཁོར་དུ་བྱུང་བའི་སེམས་བྱུང་གཉིས་དུས་མི་མཉམ་པའི་ཕྱིར། དེ་ཡིན་ན་དེ་ལས་བྱུང་དགོས་པའི་ཕྱིར་ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུངས་འབྱུང་བར་བཤད་པའི་ཕྱིར། གཞན་ཡང་དེའི་འཁོར་ན་རེག་པ་སོགས་མཚན་ཉིད་པ་ཡོད་པ་དཀའ་སྟེ། ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་རེག་པ་དང༌། དེའི་རྐྱེན་གྱི་ཚོར་བ་འབྱུང་བར་བཤད་ཅིང་ཀུན་གཞིའི་སྟེང་དུ་དེ་གསུམ་འདུ་བ་མི་སྲིད་པའི་ཕྱིར་དང༌། འདུ་ཤེས་ནི་ཡུལ་ལ་བཀྲ་བ་དང༌། མཚན་མར་འཛིན་པ་ཡིན་ལ་ཀུན་གཞི་ལ་དེ་མེད་པའི་ཕྱིར། འདུ་བྱེད་སེམས་པ་དང་ཡིད་ལ་བྱེད་པ་གཉིས་ཀྱི་མཚན་ཉིད་ཀྱང་སྐབས་དེར་ཚང་བ་མི་སྲིད་པའི་ཕྱིར། ཡང་དེའི་འཁོར་དུ་བྱུང་བའི་ཀུན་འགྲོ་ལྔ་ཆོས་ཅན། སེམས་བྱུང་གོ་ཆོད་པོ་མིན་ཏེ། དོན་གྱི་ཁྱད་པར་མི་འཛིན་པའི་ཕྱིར། གཞན་དུ་ན་དེའི་འཁོར་གྱི་ཚོར་འདུ་གཉིས་ཆོས་ཅན། འཇུག་ཤེས་སུ་ཐལ། དམིགས་རྐྱེན་ཡུལ་དང༌། བདག་རྐྱེན་དབང་པོ་དང་དེ་མ་ཐག་རྐྱེན་ཡིད་ལ་བྱེད་པ་གསུམ་འདུས་པའི་སྟོབས་ཀྱིས་དོན་གྱི་ངོ་བོ་དང༌། ཁྱད་པར་གང་རུང་མཐོང་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ལ་ལུང་གི་སྒྲས་སྟོན་པའི་ཚེ། ལེན་པའི་རྣམ་པར་ཤེས་པ་དང་ཀུན་གཞིའི་རྣམ་པར་ཤེས་པ་དང༌། སེམས་ཞེས་བྱ་བ་ལ་སོགས་པ་གཙོ་བོ་རྣམ་རིག་གི་སྒྲས་བསྟན་ལ། དེའི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་འབྱུང་བ་དང༌། དེ་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་སུ་བཤད་ལ། འདི་ནི་སྒྲ་ཇི་བཞིན་པ་མིན་ཏེ་དགོངས་གཞི་དགོས་པ། དངོས་ལ་གནོད་བྱེད་གསུམ་ཚང་བའི་ཕྱིར་དང་པོ་ནི། དེའི་སྟེང་ན་སེམས་བྱུང་ཀུན་འགྲོ་ལྔ་དང༌། དེའི་གཙོ་བོ་རྣམ་རིག་དེ་མ་ཐག་ཏུ་སྐྱེད་པའི་ནུས་པ་ཡོད་པ་ལ་དགོངས། དགོས་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུའི་ལུས་ཀྱི་རྩ་བར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་ལ། དངོས་ལ་གནོད་བྱེད་ནི་བཤད་མ་ཐག་པ་དང༌། དེར་མ་ཟད་ཀྱི་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་རང་གི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་དང་མཚུངས་ལྡན་རྣམ་པ་ལྔའམ། བཞིས་མཚུངས་པར་ཐལ། གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། རྟགས་ཁས་བླངས་འདོད་ན། དེའི་འཁོར་དུ་བྱུང་བའི་རེག་པ་དང་ཚོར་བ་ཆོས་ཅན། ཁ་ཕྱིར་ལྟའི་ཤེས་པར་ཐལ། ཡུལ་དབང་ཡིད་བྱེད་གསུམ་འདུས་པའི་རྐྱེན་གྱིས་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་དང༌། རང་རྒྱུ་རྐྱེན་གསུམ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཡང་དེའི་འཁོར་གྱི་འདུ་ཤེས་ཆོས་ཅན། དེར་ཐལ། རང་ཡུལ་ལ་མཚན་མར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན་འདུ་ཤེས་མཚན་ཉིད་པ་ཡིན་པ་ཉམས་སོ། །དེ་ལྟར་ལུགས་འདི་ལ་ཀུན་གཞི་ཁས་ལེན་པར་གྲུབ་པ་ན། ཉོན་མོངས་པ་ཅན་གྱིས་ཡིད་ཀྱང་བཞེད་པར་གྲུབ་སྟེ། དེ་གཉིས་བསྒྲུབ་བྱེད་ཀྱི་རིགས་པ་ཕལ་ཆེར་གཅིག་པའི་ཕྱིར་དང༌། འཇིག་ཚོགས་ལ་ལྟ་བ་དང༌། རྐྱེན་གང་ཟག་གི་བདག་ཏུ་འཛིན་པ་རང་ལུགས་ལ་ཁས་ལེན་དགོས་པའི་ཕྱིར། ཡང་འདི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་རིགས་པ་མ་ཡིན་ཏེ། འདི་རང་གི་བདག་རྐྱེན་ཡིད་ཀྱི་དབང་པོ་ལ་མ་བརྟེན་པའི་ཕྱིར། ཁོ་རང་གི་རིགས་འདྲ་སྔ་མ་ནི་བདག་ཏུ་འགལ། གཞན་ནི་མེད་པའི་ཕྱིར་ཡང་དེ་ཆོས་ཅན། རྐྱེན་གསུམ་གྱི་ཁྱད་པར་དང་ལྡན་པའི་ཤེས་པར་ཐལ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། འཇུག་ཤེས་སུ་ཐལ། རང་གི་བདག་རྐྱེན་དབང་པོ་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བདག་རྐྱེན་གྱི་བྱེད་ལས་ནི་དོན་དུ་སྣང་བའི་རྣམ་པ་འཛིན་ནུས་སུ་བསྐྱེད་པར་བྱེད་པ་ཁོ་ན་ཡིན་པའི་ཕྱིར། དེའི་འཁོར་དུ་བྱུང་བའི་སེམས་བྱུང་ཀུན་འགྲོ་ལྔ། གཙོ་བོ་ཡིད་དང་བཅས་པ་ཆོས་ཅན། ཆོས་ཀྱི་སྐྱེ་མཆེད་ལ་དམིགས་པའི་ཤེས་པར་ཐལ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། འདོད་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཆོས་ཀྱི་སྐྱེ་མཆེད་དམ་གང་ཟག་གི་བདག་དེ་ཆོས་ཀྱི་སྐྱེ་མཆེད་དུ་ཁས་ལེན་དགོས་པ་གང་རུང་ལས་མ་འདས་སོ། །འདི་ལ་མི་མཁས་བདག་ན་རེ། དེ་ཆོས་ཅན་དབང་ཤེས་དང་ཡིད་ཤེས་གང་རུང་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འདི་ལ་མ་ངེས་པ་གསུམ་འཇུག་སྟེ། གང་ཞེ་ན་ཀུན་གཞིའི་རྣམ་པར་ཤེས་པས་མ་ངེས་པ་དང༌། དོན་དམ་པའི་ཤེས་པ་རང་རིག་རང་གསལ་གྱིས་མ་ངེས་པ་དང༌། གཟུགས་འཛིན་མིག་ཤེས་ལྟ་བུ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་མ་ངེས་པའོ། །དང་པོ་ལ་འདོད་པར་མི་ནུས་ཏེ། དེའི་བདག་རྐྱེན་ཡིད་དབང་འཆད་བྱེད་ཀྱི་གཞུང་གཅིག་ཀྱང་མི་སྣང་བའི་ཕྱིར། ཕྱི་མ་གཉིས་ལ་འདོད་ན་ཁ་ཕྱིར་བལྟའི་ཤེས་པར་ཐལ། རང་གི་བདག་རྐྱེན་དབང་པོ་ལས་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་གི་བདག་རྐྱེན་ལས་བྱུང་བའི་ཤེས་པ་ཡིན་ན་བདག་རྐྱེན་དེའི་དབང་གིས་གྲུབ་པའི་དམིགས་རྐྱེན་ཞིག་ངེས་པར་ཁས་ལེན་དགོས་པ་འདི་ནི། རྣལ་འབྱོར་སྤྱོད་པའི་སྤྱི་ལུགས་ཡིན་པའི་ཕྱིར། དེས་ན་དབང་ཤེས་དང་ཡིད་ཤེས་གང་རུང་ཡིན་ན་འཇུག་ཤེས་ཡིན་པས་ཁྱབ། དེ་ཡིན་ན་ཁ་ཕྱིར་ལྟ་བའི་ཤེས་པ་ཡིན་པས་ཁྱབ་ཅེས་བྱ་བ་འདི་ངེས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་རྣམ་པར་ཤེས་པའི་ཚོགས་བརྒྱད་འཁོར་དང་བཅས་པ་ནི་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་རྣམ་པར་ཕྱེ་བའི་དབྱེ་བ་ཡིན་ལ། རང་རིག་པའི་མངོན་སུམ་ནི་ལུགས་འདི་ལ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཁོ་ན་ཡིན་པས་སྐབས་དེར་མི་འཆད་པ་ཡིན་ནོ། །དེ་ཆོས་ཅན་དེ་ཡིན་ཏེ། ཁྱད་པར་གསུམ་ལྡན་གྱི་འཛིན་རྣམ་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ཅག་ལ་ཉེས་པ་འདི་འབྱུང་སྟེ། འདོད་པའི་སས་བསྡུས་ཀྱི་གཟུགས་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པར་ཐལ། འདོད་པའི་སས་བསྡུས་ཀྱི་གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། འདོད་ན་དོན་དམ་པའི་བདེན་པ་མིན་པར་ཐལ་བ་དང༌། རྣམ་རིག་བཞི་པོ་གང་རུང་མཚུངས་ལྡན་དང་བཅས་པར་ཐལ་བའི་སྐྱོན་ཡོད་དོ། །གཞན་ཡང་དཀའ་བའི་གནས་འདི་དང་འདི་ཡོད་དེ། ཉོན་ཡིད་འཁོར་གྱི་རེག་སོགས་ལྔ་ལ་དེ་དང་དེའི་མཚན་ཉིད་ཚང་བ་མེད་དེ། རྣལ་འབྱོར་སྤྱོད་པའི་གཞུང་ན་རེག་པ་དང་ཚོར་བ་ལ་དེ་དང་དེའི་ཚོགས་དྲུག་ལས་མ་བཤད་པའི་ཕྱིར་དང༌། སྐབས་དེ་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་མེད་པའི་ཕྱིར་དང༌། ལྷག་མ་གསུམ་གྱི་མཚན་ཉིད་འཆད་པ་ན་ཁ་ཕྱིར་ལྟའི་ཤེས་པ་ཁོ་ནར་བཤད་པའི་ཕྱིར། དེ་བས་ན་འདིའི་འཁོར་ངེས་པ་བཞི་ནི་དེ་ཁོ་ན་ལྟར་ངེས་ལ། གཞན་ལྔ་ནི་སྔ་མ་ཀུན་གཞིའི་གནས་སྐབས་བཞིན་དུ་མིང་བཏགས་པ་ཁོ་ནའོ། །ཡང་འདི་དཔྱད་པར་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་རྟོག་གེ་ལ་གྲགས་པའི་རྟོག་པ་མ་ཡིན་ཏེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་བློ་མ་ཡིན་པའི་ཕྱིར་དང༌། རང་ཡུལ་ཀློག་ཏུ་གྱུར་པ་ལ་དམིགས་པའི་བློ་མ་ཡིན་པའི་ཕྱིར། རྟོག་གེ་ལ་གྲགས་པའི་རྟོག་མེད་ཀྱི་ཤེས་པ་མ་ཡིན་ཏེ། གསལ་སྣང་ཅན་གྱི་ཤེས་པ་མ་ཡིན་པའི་ཕྱིར་མི་གསལ་བའི་རྣམ་པ་ཅན་དུ་བཤད་པའི་ཕྱིར། མི་མཁས་པ་དག་འདི་རྟོག་མེད་ཀྱི་ཤེས་པ་ཡིན་ཞེས་ཟེར་བ་མི་འཐད་དེ། བརྒྱད་པ་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་ལ་ཁྱོད་རང་གི་དམིགས་པར་གྱུར་པའི་ལེན་པ་དང་གནས་གསལ་བར་སྣང་བར་ཡིན་པར་ཐལ། ཁྱོད་ཀྱི་དེ་ལ་དམིགས་པ་གང་ཞིག་ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཐལ་བ་ལས་དེ་ཆོས་ཅན། རྟོག་མེད་ཀྱི་ཤེས་པ་མིན་ཏེ། རང་གི་དམིགས་པ་ལ་མི་གསལ་བའི་ཚུལ་གྱིས་དམིགས་པའི་རིག་པ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་མངོན་སུམ་དུ་ཐལ་བར་འགྱུར་ཏེ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན་རྟོག་མེད་ལོག་ཤེས་སུ་ཐལ། རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར། འདོད་ན་དམིགས་རྣམ་ཕྱིན་ཅི་ལོག་ཏུ་འཛིན་པར་ཐལ་ལོ། །རྩ་བར་འདོད་ན་ཚད་མ་ཉིད་དུ་ཐལ་བར་འགྱུར་ལ། དེ་ཡང་འདོད་ན་རང་གི་གཞལ་བྱ་རྟོགས་པར་ཐལ་བ་དང༌། དེ་ཡང་སྔར་མ་རྟོགས་པར་གསར་དུ་རྟོགས་པར་ཐལ་ལོ། །དེ་ལྟ་མོད་ཀྱི་ཞིབ་མོར་ཕྱེ་ན་ཀུན་གཞི་འདི་དང་རང་རིག་པའི་མངོན་སུམ་གྱི་གཞི་མཐུན་ཁས་བླངས་པ་ལ་ཉེས་པ་མེད་དོ། །ཡང་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་རྣལ་འབྱོར་སྤྱོད་པའི་གཞུང་དུ་གྲགས་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡང་མ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མི་སྣང་བའི་ཕྱིར་དང༌། གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པར་ཐལ་བའི་ཕྱིར་རོ། །འོ་ན་དེ་གཞན་དབང་མ་ཡིན་པར་ཐལ་བ་མིན་ནམ་ཞེ་ན། དེ་ལྟར་ཐལ་བ་ལའང་འདོད་པ་ཡིན་ཏེ། ཐེག་པ་ཆེན་པོ་བསྡུས་པར། དེ་ཤེས་བྱའི་གནས་སུ་བཤད་ཀྱི། ཤེས་བྱ་དངོས་སུ་གྱུར་པའི་མཚན་ཉིད་གསུམ་པོ་གང་རུང་གི་ནང་དུ་བསྡུས་པར་མ་བཤད་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་སེམས་དང་སེམས་ལས་བྱུང་བ་དང༌། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་དང༌། ཚད་མ་དང་ཚད་མིན་གྱི་བློ་དང༌། འཁྲུལ་པ་དང་མ་འཁྲུལ་བའི་ཤེས་པ་རྣམས་ལས་གང་ཡང་རུང་བ་མ་ཡིན་གྱི། དེ་ཐམས་ཅད་གང་ལས་བྱུང་བའི་གནས་སམ། གཞི་ལྟ་བུ་ཡིན་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་བཞིན་ནོ། །འོ་ན་རྩ་བའི་རྣམ་པར་རྟོག་པ་ཞེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་རྒྱུ་མཚན་གྱིས་དེར་བཏགས་པ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་ཀུན་གྱི་གཞི་ཡིན་པ་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བའི་མིང་གིས་བཏགས་པ་བཞིན་ནོ། །དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་འདི་ལ་ལྡོག་པས་ཕྱེ་ན་གཉིས་ཏེ། ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆའོ། །དང་པོ་ནི་ཤེས་པ་མིན་ཏེ། ལྡན་པ་མིན་པའི་འདུ་བྱེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྣམ་སྨིན་ཟག་བཅས་ཀྱི་ཆ་དང༌། གསལ་རིག་ཟག་མེད་ཀྱི་ཆའོ། །དང་པོ་ནི་ཁམས་གསུམ་གང་རུང་གི་བསྡུས་ལ། གཉིས་པ་ནི་ཁམས་ཀྱིས་མ་བསྡུས་ཏེ། ཟག་མེད་ཡིན་པའི་ཕྱིར། དེ་ལྟ་ན་ཡང་ཟག་མེད་ཀྱི་དགེ་བར་ནི་མི་ཐལ་ཏེ། སོ་སོར་བརྟགས་མིན་གྱི་འགོག་པ་དང་ནམ་མཁའ་བཞིན་ནོ། །དེ་ནས་འཇུག་ཤེས་དྲུག་གི་དཀའ་བའི་གནས་ལ། ཇི་སྐད་དུ། སུམ་ཅུ་པར། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་རྒྱལ་མ་གཏོགས། །ཞེས་གསུངས་པ་ཡང་རགས་པའི་རྣམ་གཞག་ཡིན་གྱི། ལུང་དང་མཐུན་པའི་རིགས་པས་ཞིབ་མོར་དཔྱད་པ་ན། སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་སྟེ། གལ་ཏེ་རུང་ན་འདི་ལྟར། འདུ་ཤེས་མེད་པ་པའི་གང་ཟག་གི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དེ། དེར་སྐྱེ་བའི་སྲིད་པ་དང༌། འཆི་བའི་སྲིད་པ་མངོན་དུ་བྱེད་པའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་བཤད་པའི་ཕྱིར་དང༌། རྟེན་དེ་ལ་ལོག་ལྟ་སྐྱེ་བར་བཤད་པའི་ཕྱིར། ཁྱབ་པ་ཡོད་དེ། ལོག་ལྟ་ཡིན་ན་ཡིད་ཀྱི་ས་པ་ཡིན་དགོས་པའི་ཕྱིར་དང༌། འཆི་སེམས་དང་ཉིང་མཚམས་སྦྱོར་སེམས་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་དགོས་པའི་ཕྱིར། ཡང་འདུ་ཤེས་མེད་པའི་སྙོམས་འཇུག་གི་སྐབས་ན་དེ་ཡོད་དེ། དེའི་ངོ་བོར་གྱུར་པའི་སེམས་པའི་ལས་ཡོད་པའི་ཕྱིར། དེ་ཡོད་དེ། འདུ་ཤེས་མེད་པ་པའི་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། གཞན་དུ་ན་དེའི་འགྲུབ་བྱེད་ཀྱི་རྒྱུ་ངོས་འཛིན་པར་དཀའོ། །འགོག་པ་ལ་མཉམ་པར་བཞག་བཞིན་པའི་སྐབས་ན་དེ་ཡོད་པ་ཡིན་ཏེ། དེར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡོད་པའི་ཕྱིར་དང༌། དེའི་རྒྱུད་ལ་ཟག་མེད་སྒོམ་ལམ་ཡོད་པའི་ཕྱིར་དང༌། དེའི་དུས་ཀྱི་ཉན་ཐོས་དེ་བསྒོམ་ལམ་ཟག་མེད་ལ་གནས་པའི་ཕྱིར། ཡང་དེའི་རྒྱུད་ལ་དེ་ཡོད་དེ། དེར་ཏིང་ངེ་འཛིན་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་དགེ་བའི་ངོ་བོར་གྱུར་པའི་སྙོམས་འཇུག་ཡོད་པའི་ཕྱིར། གཞན་དུ་ན་སྲིད་རྩེའི་སྐྱེ་བ་འགྲུབ་བྱེད་ཀྱི་ལས་དང་འགོག་སྙོམས་ཀྱི་གཞི་མཐུན་མེད་པར་འགྱུར་ཏེ། སྙོམས་འཇུག་དེ་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཆད་པའི་གནས་སྐབས་ཡིན་དགོས་པའི་ཕྱིར་དང༌། འགྲུབ་བྱེད་ཀྱི་ལས་ཡིན་ན་ཡིད་ཤེས་ཀྱི་ས་པ་ཡིན་དགོས་པའི་ཕྱིར། གཞན་ཡང་ཆོས་མངོན་པའི་ལུང་སྒྲ་ཇི་བཞིན་པར་ཁས་ལེན་པ་ཁྱེད་ལ་ཁས་བླངས་ནང་འགལ་བ་འདི་ལྟ་སྟེ། འགོག་པ་ལ་མཉམ་པར་བཞག་བཞིན་པའི་ཉན་ཐོས་སྒོམ་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སེམས་ཚོར་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ་སེམས་ཚོར་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་ལྡན་དུ་བྱུང་བས་ཁྱབ་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། ཁྱོད་ཀྱི་རྒྱུད་ལ་ཚོར་བ་ཡོད། ལུས་ཚོར་མེད། ཚོར་བ་ལ་དེ་གཉིས་སུ་ངེས་པའི་ཕྱིར། རྟགས་སྔ་མ་ཁས་བླངས་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར། དེ་བཞིན་དུ་རེག་པ་དང་འདུ་ཤེས་དང་སེམས་པ་གསུམ་ལ་ཡང་སྦྱར་བར་བྱ་སྟེ། དེ་གསུམ་ལ་ཡང་མིག་ནས་ཡིད་ཀྱི་བར་གྱི་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་བྱུང་བའི་ཚོགས་དྲུག་ཏུ་གྲངས་ངེས་པར་བཤད་ཀྱི། དེ་ལས་གཞན་མ་བཤད་པའི་ཕྱིར། ཡང་གཉིད་འཐུག་པོའི་གནས་སྐབས་ན་ཡིད་ཤེས་མེད་པར་བཤད་པ་ཡང་སྒྲ་ཇི་བཞིན་པ་མིན་ཏེ། གཉིད་འཐུག་པ་ཁོ་རང་ཉིད་ཡིད་ཤེས་འཁོར་དུ་བྱུང་བའི་སེམས་བྱུང་ཡིན་པའི་ཕྱིར། ཡང་གནས་སྐབས་ལྔ་པོ་དེར་ཡིད་ཀྱི་རྣམ་ཤེས་མངོན་གྱུར་བ་མི་འབྱུང་བར་འདོད་པ་དང༌། ཡིད་ཀྱི་རྣམ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡིད་ཤེས་སུ་འདོད་པ་ནང་འགལ་ལོ། །དེའི་རྒྱུ་མཚན་ཡང་ཡིད་ཤེས་ཀྱི་སྟེང་གི་འཛིན་རྣམ་གྱི་ཆ་རྒྱུན་ཆད་པའི་གནས་སྐབས་ནི་གང་དུ་ཡང་མི་སྲིད་པའི་ཕྱིར། གཞན་ཡང་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པ་དེ་མིན་པར་ཐལ། ཁྱོད་ཀྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེར་གྱུར་པའི་ཉོན་ཡིད་ཀྱང་མེད། དེར་གྱུར་པའི་ཚོགས་དྲུག་འདས་མ་ཐག་པ་ཡང་མེད་པའི་ཕྱིར་དང༌། སྐབས་འདིར་བདག་རྐྱེན་ལ་དངོས་རྒྱུས་ཁྱབ་པའི་ཕྱིར། གཞན་ཡང་འདི་དཔྱད་དགོས་ཏེ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པའི་བྱང་སེམས་བསྒོམ་ལམ་པའི་རྒྱུད་ཀྱི་རྣམ་པར་ཤེས་པ་དེའི་བདག་རྐྱེན་ཡིད་ཀྱི་དབང་པོ་དེ་གང་ཡིན། ཉོན་ཡིད་ནི་མིན་ཏེ། འཇིག་རྟེན་ལས་འདས་པའི་ཡིད་ཤེས་ཡིན་པའི་ཕྱིར། ཚོགས་དྲུག་གང་རུང་འདས་མ་ཐག་པ་ཡང་མིན་ཏེ། ད་ལྟ་བ་ཡིན་པའི་ཕྱིར། དེ་ན་དེ་མེད་པ་ཡང་མིན་ཏེ། དེ་ན་ཀུན་ཤེས་པའི་དབང་པོ་ཡོད་པའི་ཕྱིར། ཞེས་རྣམ་པར་དཔྱད་ན་འཇིག་རྟེན་པའི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ལ་དེ་གཉིས་སུ་གྲངས་ངེས་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡིད་ཤེས་ཀྱི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ནི་དེ་གཉིས་གང་ཡང་རུང་བ་མ་ཡིན་ནོ་ཞེས་ལན་འདེབས་དགོས་པ་བཞིན་ནོ། །ཡང་འགོག་པ་ལ་མཉམ་པར་བཞག་བཞིན་པའི་ཚེ། ཉོན་མོངས་པ་ཅན་གྱི་ཡིད་མེད་པ་ལ་ཡང་སྒྲ་ཇི་བཞིན་པ་མ་ཡིན་ཏེ། དེར་ངར་འཛིན་ཡོད་པའི་ཕྱིར་དང༌། ཉོན་མོངས་བ་ཅན་གྱི་མ་རིག་པ་ཡོད་ཕྱིར། གཞན་ཡང་འགོག་སྙོམས་ལ་ལངས་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་ཅན་དེ་ལ་བདག་རྐྱེན་ཡིད་དབང་མེད་པར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་མཉམ་གཞག་ལས་ལངས་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་ཅན་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་སེམས་བྱུང་ལ་དཔྱད་པ་ལ། ཆོས་མངོན་པའི་སྒྲ་ཟིན་ལ་སྒོ་ལྔའི་དབང་པོའི་རྣམ་པར་ཤེས་པའི་འཁོར་ན་ཉོན་མོངས་པ་དུག་གསུམ་དང༌། ཀུན་འགྲོ་ལྔ་དང༌། ཡུལ་ངེས་ལྔ་དང༌། རྟོག་དཔྱོད་གཉིས་དང༌། ཉེ་བའི་ཉོན་མོངས་པ་ཉི་ཤུའི་ནང་ནས། བཅུ་ཚན་གཉིས་པ་རྣམས་འབྱུང་བར་བཤད་དོ། །འདི་ཡང་ཚད་མ་སྡེ་བདུན་གྱི་རིགས་པས་རྣམ་པར་དཔྱད་ན་སྒྲ་ཇི་བཞིན་པ་མ་ཡིན་ཏེ། འདི་ལྟར། སེམས་བྱུང་འདུ་ཤེས་ཆོས་ཅན་ཁྱོད་དང་མཚུངས་ལྡན་དུ་བྱུང་བའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་དེ། ཁྱོད་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རང་ཡུལ་ལ་མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར་དང༌། དོན་དེའི་མིང་འདི་ཡིན་ནོ་ཞེས་ཐ་སྙད་འདོགས་པའི་བློ་ཡིན་པའི་ཕྱིར། ཡང་རྟོག་དཔྱོད་གཉིས་ལ་ཡང་དེ་བཞིན་དུ་སྦྱར་ནས། དེ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཏེ། རིག་པ་གང་ཞིག་ཡུལ་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་གྱི་ཡིད་ཀྱི་བརྗོད་པ་ཡིན་པའི་ཕྱིར། ཡང༌། འདུན་མོས་དྲན་གསུམ་ལ་ཡང་དེ་བཞིན་དུ་སྦྱར་ནས་དེ་གསུམ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཏེ། རིམ་པ་བཞིན་དུ་ཡུལ་མ་འོངས་པ་དོན་དུ་གཉེར་བའི་བློ་གང་ཞིག འཕགས་པའི་བློ་མ་ཡིན་པའི་ཕྱིར་དང༌། ཡུལ་ད་ལྟར་བ་ལ་དམིགས་ནས་འདིའོ་སྙམ་དུ་འཛིན་པའི་བློ་ཡིན་པའི་ཕྱིར། ཡུལ་འདས་པ་ལ་དམིགས་པའི་བློ་གང་ཞིག དེ་ཡིན་པའི་ཕྱིར་དང༌། གཞན་ཡང་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཁྱོད་དང་མཚུངས་ལྡན་དུ་བྱུང་བའི་ཏིང་ངེ་འཛིན་མི་སྲིད་དེ། དེར་བྱུང་བའི་ཞི་གནས་མི་སྲིད་པའི་ཕྱིར། ཁྱོད་ངོ་བོ་ཉིད་ཀྱི་གཡེང་བ་ཡིན་པའི་ཕྱིར། དེ་ལྟ་མོད་ཀྱི་ཆོས་མངོན་པ་ལས་དེ་དང་དེ་མཚུངས་ལྡན་དུ་བཤད་པ་དེ་ནི། དབང་ཤེས་འཁོར་ན་རྟོག་པ་དེ་དང་དེ་དེ་མ་ཐག་ཏུ་འདྲེན་པར་ནུས་པའི་སེམས་བྱུང་གི་ཁྱད་པར་མི་འདྲ་བ་དུ་མ་ཡོད་པ་ལ་དགོངས་པ་ཡིན་ཏེ། དཔེར་ན་སྙོམས་འཇུག་ཉོན་མོངས་ཅན་བཞིན་ནོ། །ཡང་ཆགས་སྡང་རྨོངས་གསུམ་ཆོས་ཅན། ཁྱོད་དང་མཚུངས་ལྡན་དུ་བྱུང་བའི་སྤྱིར་དབང་ཤེས་དང༌། ཁྱད་པར་དབང་ཤེས་མ་འཁྲུལ་པ་སྲིད་པ་མིན་ཏེ། རྟོག་པ་ཡིན་པའི་ཕྱིར་དང༌། འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་གཟུགས་ཡིད་འོང་ལ་ལྟ་བའི་གཟུགས་འཛིན་མིག་ཤེས་མ་འཁྲུལ་བའི་འཁོར་དུ་བྱུང་བའི་སེམས་བྱུང་འདོད་ཆགས་དང་རྨོངས་པ་གཉིས་ཆོས་ཅན། མངོན་སུམ་དུ་ཐལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། འདོད་ན་ཚད་མར་འགྱུར་ལ། དེ་ཡང་འདོད་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་དུ་འགྱུར་ལ། དེ་ཡང་འདོད་ན་དེ་གཉིས་ཆོས་ཅན། རང་གི་འགལ་ཟླ་མ་ཆགས་པ་དང་གཏི་མུག་མེད་པའི་དགེ་བའི་རྩ་བ་གཉིས་འཇོམས་ནུས་པར་ཐལ། ཁྱོད་དང་དེ་གཉིས་སོ་སོ་ནས་དམིགས་ནས་འཛིན་སྟངས་འགལ་བའི་རྣམ་པ་ཅན་གང་ཞིག ཁྱོད་ཀྱི་འཛིན་སྟངས་དོན་ལ་མི་བསླུ་བའི་ཕྱིར། ཡང་གཟུགས་ཡིད་མི་འོང་ལ་ལྟ་བའི་གཟུགས་འཛིན་མི་ཤེས་མ་འཁྲུལ་བ་དང༌། མཚུངས་ལྡན་དུ་བྱུང་བའི་ཞེས་སྡང་ཆོས་ཅན་དུ་བཟུང་ནས། ཐལ་བ་སྔ་མ་བཞིན་དུ་འཕེན་ནོ། །ཡང་དབང་ཤེས་འཁོར་ན་ཁོང་ཁྲོ་ཡོད་པར་འདོད་བཞིན་དུ་ཁྲོ་བ་དང༌། འཁོན་དུ་འཛིན་པ་སོགས་མེད་པར་འདོད་པ་གཉིས་ནང་འགལ་ཏེ། དེ་རྣམས་ཁོང་ཁྲོའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། ཞེས་བྱ་བ་འདི་དག་ནི། རྣམ་འགྲེལ་མཛད་པའི་རིགས་པ་དང༌། ཆོས་མངོན་པ་གོང་མའི་ལུང་ལ་བརྟེན་ནས། མངོན་པ་གོང་མ་ཉིད་ཀྱི་ལུང་དོན་འགའ་ཞིག་ལ་རྣམ་པར་དཔྱད་ནས་མང་དུ་ཐོས་པ་དང་ལྡན་པ་རྣམས་དོགས་པ་སྐྱེ་བའི་གཞིར་བཀོད་པ་ཡིན་ནོ།།  །།གཉིས་པ་ཡིད་ཀྱི་མངོན་སུམ་ལ། མཚན་ཉིད། མཚན་གཞིའི་དབྱེ་བ། རྣམ་གཞག་གཏན་ལ་ཕབ་པ་དང་གསུམ་མོ། །དང་པོ་ནི། རང་གི་བདག་རྐྱེན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཤེས་པའོ། །འདིར་རྣལ་འབྱོར་མངོན་སུམ་ཡིད་དབང་དུ་འདོད་པའི་གྲུབ་པའི་མཐའ་དང༌། སྦྱོར་ལམ་མཉམ་གཞག་ཡེ་ཤེས་ལྟ་བུ་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གི་བདག་རྐྱེན་ཡིད་དབང་ལས་སྐྱེ་བར་འདོད་པ་དེའི་ལྟར་ན། གཟུང་དོན་ལ་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཞེས་སྦྱར་ཡང་ཆོག་མོད། འོན་ཀྱང་འདིར་ནི་དེ་དག་ཁས་ལེན་དགོས་པའི་ངེས་པ་མེད་དོ། །རྔོག་ལོ་ཙྪ་བ་ཆེན་པོ་ནི། ཇི་སྐད་དུ། དབང་ཤེས་དེ་མ་ཐག་རྐྱེན་ལས་བྱུང་ཞིང་ཞེས་པར། དེ་མ་ཐག་རྐྱེན་གྱི་ཁྱད་པར་དང༌། །དེ་དོན་དེ་མ་ཐག ཅེས་པས་དམིགས་རྐྱེན་གྱི་ཁྱད་པར་དང༌། འཛིན་པར་བྱེད་པ་ཡིད་ཀྱང་ངོ༌། །ཞེས་པས་བདག་རྐྱེན་གྱི་ཁྱད་པར་བསྟན་པ་ཡིན་པར་བཞེད་དོ། །འོན་ཀྱང་སྡེ་བདུན་མཛད་པ་རང་གི་འགྲེལ་པ་དང༌། འགྲེལ་པ་བྱེད་པ་གཞན་གྱི་ལྟར་ན་ནི། བདག་རྐྱེན་ཡིད་ཀྱི་དབང་པོའི་བཤད་པ་མེད་ཅིང༌། ཡིད་ཀྱང་ངོ་ཤེས་པའི་དོན་ཁྱད་པར་གཉིས་པོ་དེ་དང་ལྡན་པའི་ཡིད་ཀྱང་མངོན་སུམ་ཡིན་ནོ་ཞེས་འཆད་དོ། །རིགས་པའི་གཏེར་ལས་ནི། དབང་ཤེས་དེ་མ་ཐག་རྐྱེན་ལས། །ཞེས་པས་བདག་པོའི་རྐྱེན་དབང་ཤེས་སྔ་མ་འགགས་མ་ཐག་པ་དེ་བསྟན་པ་དང༌། དེ་དོན་དེ་མ་ཐག་ཅེས་པས་གཟུང་ཡུལ་གྱི་ཁྱད་པར་བསྟན་པར་བཞེད་ལ། འཛིན་པར་བྱེད་པའི་ཡིད་ཀྱང་ངོ༌། །ཞེས་ཉེར་ལེན་གྱི་རྒྱུ་བསྟན་པ་དང༌། དེའི་ངོས་འཛིན་ཡང་རང་འབྲས་ཡིད་མངོན་ཡུལ་འཛིན་པར་བསྐྱེད་པའི་ཡིད་འདི་ལ་བཤད་པ་ནི་ཅུང་ཟད་ཡི་གེ་མ་དག་པ་འདྲའོ། །དགོངས་པ་ནི་འདི་ཡིན་ཏེ། དེའི་དེ་མ་ཐག་རྐྱེན་གྱིས་སྟེང་ན་ཡིད་མངོན་རང་གི་ཉེར་ལེན་གྱི་རྒྱུ་བྱེད་པའི་ཆ་དང༌། ལྷན་ཅིག་བྱེད་པའི་རྐྱེན་བྱེད་པའི་ཆ་གཉིས་ལས། དང་པོ་ནི་དེ་སྟེང་གི་གསལ་རིག་གི་ཆ་ཡིན་ལ། གཉིས་པ་ནི། དེའི་སྟེང་གི་རང་ཉིད་ཡུལ་འཛིན་ནུས་སུ་སྐྱེད་པར་བྱས་ཟིན་པའི་ཆ་དེ་ཉིད་དོ། །དེ་ལྟར་གཉིས་ཀྱི་ནང་ནས་དང་པོ་ནི། དབང་ཤེས་སོགས་ཀྱིས་སྟོན་ལ། གཉིས་པ་ནི་དེ་དོན་སོགས་ཀྱིས་སྟོན་ཅིང༌། གཟུང་ཡུལ་གྱི་ཁྱད་པར་ཡང་ཞར་ལ་ཐོན་པ་ཡིན་ནོ། །ཡིད་ཀྱང་ངོ་ཞེས་པའི་ཀྱང་གི་སྒྲ་ནི་གོང་གི་བྱུང་ཞིང་ཞེས་པ་ལ་བསྙེག་པར་བཞེད་དོ། །དོན་དེ་ཉིད་ཀྱང༌། ཇི་སྐད་དུ། ཡུལ་དང་དབང་ཤེས་རྣམ་གཉིས་ཀྱི། །དེ་མ་ཐག་ལས་སྐྱེས་པ་ཡིད། །དེ་ལ་བརྟེན་ནས་མ་འཁྲུལ་བའི། །ཤེས་པ་ཡིད་ཀྱི་མངོན་སུམ་ཡིན། །ཞེས་གསུངས་སོ། །གཉིས་པ་མཚན་གཞི་ལ། སློབ་དཔོན་ཆོས་མཆོག་ནི། འདི་ཡང་ལུང་ལ་གྲགས་པ་ཙམ་ཡིན་གྱི། ཚུ་རོལ་མཐོང་བའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མི་འགྲུབ་པར་འདོད་ཅིང༌། དོན་རིག་པའི་མངོན་སུམ་སྐད་ཅིག་མ་གཅིག་ཁོ་ནར་འདོད་དོ། །རྒྱན་མཁན་པོ་ནི། དོན་ལ་ངེས་པ་འདྲེན་ཁ་མའི་དོན་རིག་མངོན་སུམ་སྐད་ཅིག་མ་ཕྱི་མ་དང༌། བདེ་སྡུག་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་རྣམས་ཡིད་མངོན་གྱི་མཚན་གཞིར་བཞེད་ཅིང༌། དེའི་ཤེས་བྱེད་ཀྱང་ཇི་སྐད་དུ། ཡིད་ཀྱང་དོན་དང་ཞེས་དང་ཆགས་ལ་སོགས། །རང་གི་རྟོག་པ་མེད་པ་ནི། །ཞེས་པའི་གཞུང་གཉིས་ཀྱིས་བསྟན་པར་བཞེད་དོ། །རྒྱལ་བ་ཅན་ན་རེ། རྒྱན་མཛད་པ་ཡིད་མངོན་མེད་པར་བཞེད་དོ་ཞེས་ཟེར་ཞིང་ཁོ་རང་གི་ལུགས་ལ་དབང་མངོན་དང་རང་རིག་མངོན་སུམ་ཡོད་ན་དེས་ཡིད་མངོན་ཡང་ཡོད་པར་གྲུབ་པ་ཡིན་ཏེ། སེམས་ཡོད་ན་སེམས་བྱུང་བཞིན་ནོ་ཞེས་འཆད་དོ། །མདོའི་རང་འགྲེལ་དུ་རང་རིག་མངོན་སུམ་འཆད་པ་ན། དབང་པོ་ལ་མི་ལྟོས་པའི་ཕྱིར་རང་རིག་པའི་མངོན་སུམ་མོ་ཞེས་གསུང་ལ། དེའི་འགྲེལ་བཤད་དུ། རྒྱལ་དབང་བློས་དབང་པོ་ལ་མི་བརྟེན་ན་མངོན་སུམ་ཇི་ལྟར་ཡིན་ཞེས་པའི་དྲི་བ་བཀོད་ནས་དེའི་ལན་དུ་ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཕྱིར་མངོན་སུམ་ཡིན་ནོ་ཞེས་དང༌། གང་ཡིད་ལ་བརྟེན་པའི་མངོན་སུམ་ཐམས་ཅད་ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེས་བཤད་པས། རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་གཉིས་ཀྱང་ཡིད་ཀྱི་མངོན་སུམ་དུ་བཞེད་པ་འདྲའོ། །རྔོག་ལོ་ཆེན་པོས་རྒྱན་གྱི་དགོངས་པ་འཆད་པ་ན། གོམས་པ་ལས་གསལ་བར་སྣང་བའི་ཤེས་པ་ནི་གཉིས་ཏེ། ཐ་མལ་པ་རྣམས་ཀྱི་ཀུན་རྫོབ་པའི་ཡུལ་ལ་དམིགས་ཏེ། གོམས་པ་ལས་གསལ་བར་སྣང་བ་དང༌། རྣལ་འབྱོར་པ་རྣམས་ཀྱི་ཡང་དག་པའི་དོན་ལ་དམིགས་ཏེ་གོམས་པ་ལས་གསལ་བར་སྣང་བའོ། །དང་པོ་ཡིད་ཀྱི་མངོན་སུམ་ཡིན་ལ། གཉིས་པ་ནི། རྣལ་འབྱོར་པའི་མངོན་སུམ་ཡིན་ནོ། །དོན་དེ་ལ་བསམས་ནས་ཇི་སྐད་དུ། རྒྱན་ལས། གོམས་ཕྱིར་མདུན་ན་གནས་པ་ལ། །འདིའོ་ཞེས་སོགས་ཤེས་པ་གང༌། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་བཤད་པ་ཡིན་ནོ་ཞེས་གསུངས་ལ། རྔོག་ལོ་རང་གི་བཞེད་པ་ནི། དབང་མངོན་སྐད་ཅིག་མ་དང་པོའི་རྗེས་ཐོགས་སུ་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་ཞིང༌། དེ་དང་དབང་མངོན་སྐད་ཅིག་མ་དང་པོ་གཉིས་ཀ་བསྡོམས་ནས་ཚད་མ་གཅིག་གི་བྱ་བ་བྱེད་པ་ཡིན་ནོ། །ཡིད་མངོན་དེ་དང་དབང་མངོན་སྐད་ཅིག་མ་གཉིས་པ་མཉམ་དུ་སྐྱེ་ཞིང༌། གཉིས་པའི་རྗེས་ཐོགས་དེ་མ་ཐག་ཏུ་ཡང་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བ་སོགས་ཇི་སྲིད་དེ་ལྟར་སྐྱེ་བའི་རྒྱུ་ཚོགས་ཚང་བ་དེ་སྲིད་དུ་དེ་ལྟར་སྐྱེ་བ་ཡིན་ནོ། །དེ་ལྟ་ན་ཡང་དབང་མངོན་སྔ་མས་ཕྱི་མའི་ཉེར་ལེན་བྱེད་ལ། ཡིད་མངོན་སྔ་མས་ཕྱི་མའི་ཉེར་ལེན་བྱེད་པ་མ་ཡིན་ཏེ། དཔེར་ན། སྒྲོན་མ་ཉིད་འོད་ཀྱི་ཉེར་ལེན་ཡིན་གྱི། འོད་སྔ་མ་ཕྱི་མའི་ཉེར་ལེན་མིན་པ་བཞིན་ནོ། །ཞེས་གསུང་ངོ༌། །གཉིས་པ་རང་གི་འདོད་པ་ནི། རྣལ་འབྱོར་མངོན་སུམ་དང་རང་རིག་མངོན་སུམ་དང༌། ཚུ་རོལ་མཐོང་བའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ལ་སོགས་པ་ཡིད་ཀྱི་མངོན་སུམ་དུ་འཇོག་པ་ནི་མི་འཐད་དེ། དེ་དང་དག་བདག་རྐྱེན་ཡིད་ཀྱི་དབང་པོ་ལ་བརྟེན་ནས་གཙོ་བོར་ཡུལ་འཛིན་ནུས་སུ་སྐྱེས་པ་མིན་པའི་ཕྱིར་དང༌། དེ་དག་དེ་ཡིན་ན་མངོན་སུམ་བཞིའི་གྲངས་ངེས་འཇིག་པའི་ཕྱིར། དེ་ན་འདིར་བསྟན་གྱི་ཡིད་མངོན་ཡིན་ན་དོན་རིག་པའི་མངོན་སུམ་ཡིན་དགོས་ཏེ། ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །ཅེས་སོགས་གཞུང་ཉིད་ལ་གསལ་བའི་ཕྱིར། བདག་རྐྱེན་ཡིད་ཀྱི་དབང་པོ་ལ་རྟེན་དགོས་པ་ཡིན་ཏེ། སྡེ་བདུན་མཛད་པའི་གཞུང་ན་མི་གསལ་ཡང༌། མདོ་ལས་དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་གསུངས་སོ། །བོད་ཕྱི་མ་མི་མཁས་པ་དག་རང་རིག་ཡིད་མངོན་གྱི་ཐ་སྙད་བྱེད་པ་མི་འཐད་དེ། ལུང་མེད་པ་དང༌། རིགས་པས་གནོད་པའི་ཕྱིར། དང་པོ་ནི། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་འགྲེལ་གང་ལས་ཀྱང་རང་རིག་ཡིད་མངོན་གྱི་དོན་དང་ཐ་སྙད་གཉིས་ཀ་མི་ཐོན་པའི་ཕྱིར། གཉིས་པ་ནི། འོ་ན་རང་རིག་དབང་མངོན་ཡང་ཡོད་པར་ཐལ། རང་རིག་ཡིད་མངོན་ཡོད་པ་གང་ཞིག་ཡིད་མངོན་ཡིན་ན་རང་གི་དེ་མ་ཐག་རྐྱེན་དབང་མངོན་གྱི་ཡུལ་གྱི་དེ་མ་ཐག་འབྲས་ཡུལ་དུ་བྱེད་དགོས་པའི་ཕྱིར། ཅི་སྟེ་དེ་ལྟར་བཤད་པ་དེ་དག་དོན་རིག་ཡིད་མངོན་གྱི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། འོ་ན་རང་རིག་དབང་མངོན་ཡོད་པར་ཁས་བླངས་ན་ཅིས་དགག དེ་མེད་དེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་ཞེ་ན། དབང་མངོན་གྱི་མཚན་ཉིད་གཞུང་ལས་གསུངས་པ་དེ་དག་དོན་རིག་དབང་མངོན་ལ་དགོངས་སོ་ཞེས་མཚུངས་སོ། །གལ་ཏེ་རང་རིག་མངོན་སུམ་ཐམས་ཅད་ཆོས་ཅན། ཡིད་ཀྱི་མངོན་སུམ་ཡིན་ཏེ། རང་གི་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་སྙམ་ན། བདག་རྐྱེན་ཡིད་དབང་ལ་རྟེན་པ་ནི་རྟགས་མ་གྲུབ་ལ། རྟེན་ཙམ་ལ་འདོད་ན་སྒོ་ལྔའི་དབང་ཤེས་ཆོས་ཅན་དེར་ཐལ་དེའི་ཕྱིར། རྟགས་གྲུབ་ཏེ། མཛོད་ལས། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། ཞེས་འང་གི་སྒྲས་ཡིད་ལ་བརྟེན་པར་བཤད་པའི་ཕྱིར། ཡང་ཕྱི་རབས་ཀྱི་མཁས་པ་དག གཞན་སེམས་ཤེས་པའི་མངོན་ཤེས་ཡིད་མངོན་དུ་བཞེད་པ་ཡང་དཀའ་བའི་གནས་ཡིན་ཏེ། བདག་རྐྱེན་ཡིད་ཀྱི་དབང་པོ་ལ་མི་བརྟེན་པའི་ཕྱིར་དང༌། དམིགས་རྐྱེན་གྱི་རྣམ་པ་མི་འཛིན་པའི་ཕྱིར་དང༌། དེ་མ་ཐག་རྐྱེན་དབང་ཤེས་ལས་མ་བྱུང་བའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། བདག་རྐྱེན་ཏིང་ངེ་འཛིན་ཁོ་ན་ལ་བརྟེན་པའི་ཕྱིར། གལ་ཏེ་དེ་ཆོས་ཅན་དེ་ཡིན་ཏེ། ཚུལ་རོལ་མཐོང་བའི་རྒྱུད་ཀྱི་མངོན་སུམ་དང་ཡིད་ཀྱི་ཤེས་པའི་གཞི་མཐུན་ཡིན་པའི་ཕྱིར་ཞེ་ན། འོ་ན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཐམས་ཅད་ཀྱང་དེར་ཐལ་བའི་ཕྱིར་རོ། །དེ་ལྟར་རང་གི་ལུགས་ལ་ཡིད་ཀྱི་མངོན་སུམ་ནི་ལྔ་ཁོ་ན་སྟེ། གཟུགས་འཛིན་ཡིད་ཀྱི་མངོན་སུམ་ནས་རེག་འཛིན་ཡིད་ཀྱི་མངོན་སུམ་གྱི་བར་ལྔ་ཁོ་ནའོ། །མཚན་ཉིད་ནི། རང་གི་བདག་རྐྱེན་ཡིད་དབང་དང༌། དེ་མ་ཐག་རྐྱེན་གཟུགས་འཛིན་དབང་མངོན་ལས་དངོས་སུ་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པའོ། །འོ་ན་ལྔ་པོ་འདི་རྫས་གཅིག་གམ་ཐ་དད་ཅེ་ན། རྫས་ཐ་དད་པ་ཁོ་ན་ཡིན་ཏེ། དེར་ཚད་མས་གྲུབ་པའི་ཕྱིར། དཔེར་ན་དབང་མངོན་ལྔ་བཞིན་ནོ། །དེ་ལྟ་ན་གང་ཟག་དེ་རྒྱུད་དུ་མར་ཐལ་ལོ་སྙམ་ན། གང་ཟག་གཅིག་གི་རྒྱུད་ལ་ཡིད་ཤེས་རྫས་གཞན་ལྔ་གཅིག་ཆར་དུ་སྐྱེ་ཡང་རྒྱུད་དུ་མར་མི་འགྱུར་ཏེ། ཡིད་མངོན་ལྔ་པོ་རིགས་གཅིག་པའི་ཕྱིར། དཔེར་ན་དབང་ཤེས་ལྔ་བཞིན་ནོ། །དེ་སྐད་དུ་ཡང༌། དེ་རྣམས་མཐུན་པ་ཉིད་ལ། །ནུས་པ་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །ཇི་སྐད་དུ། ཡིད་ཀྱི་མངོན་སུམ་དུ་མ་དང༌། །དབང་ཤེས་བཞིན་དུ་རང་རིག་གཅིག །ཅེས་པའི་སྒྲ་ཇི་བཞིན་པ་ལྟར་ན། རྒྱུད་དུ་མར་མི་འགྱུར་ཏེ། རང་རིག་གཅིག་གིས་བསྡུས་པའི་ཤེས་པ་ཡིན་པའི་ཕྱིར། གཞུང་འདིའི་དོན་ལ་རྣམ་པར་དཔྱད་དགོས་པར་སྣང་ཞིང༌། དན་འབག་པ་དང༌། མཉལ་པ་ལ་སོགས་པའི་བོད་སྔ་མ་རྣམས་ནི། ཡིད་ཀྱི་མངོན་སུམ་དུ་མ་ཡང༌། །རང་རིག་མི་གཅིག་དབང་ཤེས་བཞིན། །ཞེས་འཆད་དོ། །གསུམ་པ་རྣམ་གཞག་གཏན་ལ་དབབ་པ་ལ་རྒྱུན་ཡོད་མེད་ལ་དཔྱད་པ། ཚད་མར་གྱུར་པའི་འཐད་པ་ལ་དཔྱད་པ། སྐྱེ་ཚུལ་ལ་དཔྱད་པའོ། །དང་པོ་ནི་ཇི་སྐད་དུ། དབང་པོ་གཟུགས་ཅན་ལས་དབང་སྐྱེ། །དེས་ན་དབང་ཤེས་རྒྱུན་བཅས་ཡིན། །ཡིད་དབང་ལས་ནི་ཡིད་དབང་མིན། །དེ་ཡི་ཕྱིར་ན་དེ་རྒྱུན་མེད། །ཅེས་གསུངས་སོ། །གཟུགས་འཛིན་ཡིད་མངོན་ལ་རྒྱུན་མེད་དེ། དེ་སྔ་མས་ཕྱི་མའི་ཉེར་ལེན་བྱེད་པ་མེད་པའི་ཕྱིར། །དེ་མེད་དེ། དེ་རྒྱུན་ཆད་ཅིང་སྐྱེ་བའི་ཕྱིར། དེ་ཡིན་ཏེ། དེའི་བདག་རྐྱེན་ཡིད་ཀྱི་དབང་པོ་དེ་རྒྱུན་ཆད་ཅིང་སྐྱེ་བའི་ཕྱིར། དེའི་བདག་རྐྱེན་ཡིད་དབང་དུ་འགྲོ་རྒྱུའི་རྫས་དེ་རང་དུས་སུ་ཡིད་དབང་མིན་པའི་ཕྱིར་ཏེ། རང་མ་འགགས་ཀྱི་བར་དུ་ཡིད་དབང་གི་མིང་མི་ཐོབ་པའི་ཕྱིར་ཞེས་པའོ། །འདི་ལ་གཞན་དག་ན་རེ། ཡིད་མངོན་ལ་རྒྱུན་ཡོད་དེ། གཟུགས་འཛིན་དབང་མངོན་སྐད་ཅིག་མ་བཅུ་སྐྱེ་བ་དེའི་ཚེ་ཡིད་མངོན་སྐད་ཅིག་མ་དགུ་རིམ་ཅན་དུ་སྐྱེ་བའི་ཕྱིར་ཞེས་ཟེར་རོ། །འདིའི་ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། སྒྲ་སྐད་ཅིག་མ་དགུ་སྐྱེ་བ་དེའི་ཚེ། སྒྲ་རྒྱུན་ཡོད་པར་ཐལ་བ་དང༌། གཙོ་བོ་རྣམ་ཤེས་སྐད་ཅིག་མ་བཅུ་སྐྱེ་བ་དེའི་ཚེ་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་ལ་རྒྱུན་ཡོད་པར་ཐལ་བ་དང༌། རྣམ་པ་གཅིག་ཏུ་ན་འབྱུང་བ་ལས་གྱུར་པ་རྣམས་ཀྱང་སྔ་མས་ཕྱི་མའི་ཉེར་ལེན་བྱེད་པ་ཡོད་པར་ཐལ་ལོ། །དེ་ལྟ་ན་དབང་པོ་གཟུགས་ཅན་ལས་དབང་སྐྱེ། །ཞེས་པ་ལ་མི་གནོད་དམ་ཞེ་ན། དེའི་ཤེས་བྱེད་ཀྱང༌། དེའི་རྟེན་འབྱུང་བ་རྒྱུན་ལྡན་ཡིན་པ་དང༌། དེ་རང་དུས་སུ་དབང་པོ་གཟུགས་ཅན་ཡིན་པ་གཉིས་ཚོགས་པ་ལ་ཐུག་པ་ཡིན་ནོ། །གཉིས་པ་ནི། ཁྱོད་ཀྱི་ཐལ་བ་དེ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། དེའི་དུས་ཀྱི་དབང་མངོན་སྐད་ཅིག་མ་བཅུ་པོ་དེ་བྱ་རྫོགས་ཀྱི་སྐད་ཅིག་མ་བཅུ་ཡིན་ལ། ཡིད་མངོན་དགུ་པོ་དེ་དུས་མཐའི་སྐད་ཅིག་མ་ཁོ་ནར་ངེས་པས་རྒྱུན་ཆད་ཅིང་སྐྱེ་བར་ངེས་པའི་ཕྱིར། དེ་དེར་ངེས་པའི་རྒྱུ་མཚན་ཡང་བདག་རྐྱེན་དེར་ངེས་པའི་ཕྱིར་ཏེ། འགགས་མ་ཐག་ཞེས་བྱ་བའི་ཚིག་གི་ནུས་པ་ལས་དེ་གྲུབ་པའི་ཕྱིར་རོ། །འདི་ལ་དར་ཊཱིཀ་པ་ན་རེ། ཡིད་དབང་ཡིན་ན་དོན་བྱེད་མི་ནུས་དགོས་པར་འགྱུར་ཏེ། དེ་ཡིན་ན་འདས་པ་ཡིན་པས་ཁྱབ་པའི་ཕྱིར་ཞེས་ཟེར་བ་དེའི་ལྟར་ན། འདས་པ་ཡིན་ན་དོན་བྱེད་མི་ནུས་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་མ་འོངས་པ་ཡིན་ན་དངོས་པོ་མིན་དགོས་པར་འགྱུར་ལ། དེ་ཡང་དེ་ལྟ་ན་མ་འོངས་པ་ཡིན་ན་མི་སྐྱེ་བས་ཁྱབ་པ་དང༌། འདས་པ་ཡིན་ན་མ་སྐྱེས་པས་ཁྱབ་པར་འགྱུར་རོ། །གཞན་ཡང་ཁ་སང་གི་དུས་ཀྱི་བུམ་པ་ཆོས་ཅན། དོན་བྱེད་མི་ནུས་པར་ཐལ། འདས་པའི་ཕྱིར། རྟགས་མ་གྲུབ་ན། འདས་པའི་མཚན་གཞི་གང་ཡིན། བུམ་པ་འདས་པ་དེའོ་ཞེས་ཟེར་ཞིང་བུམ་པ་མ་སྐྱེས་པ་དེ་མ་འོངས་པའི་མཚན་གཞི་ཡིན་ནོ་ཞེས་ཟེར་བ་ཤ་སྟག་ཏུ་སྣང་བ་དེ་དག་གི་ལྟར་ན། འོ་ན་དུས་དེ་གཉིས་ལྟོས་ས་གང་ལ་ལྟོས་ནས་དུས་དེ་དང་དེར་འཇོག བུམ་པ་ད་ལྟར་བ་ལ་ལྟོས་ནས་དེར་འཇོག་ཅེས་ཟེར་བ་ལས་འོས་གཞན་མེད་པས། འོ་ན་བུམ་པ་ཆོས་ཅན་མ་སྐྱེས་པའི་གོང་རོལ་ཏུ་ཁྱོད་རང་ཞིག་ཟིན་པར་ཐལ། ཁྱོད་འདས་པ་དེ་ཁྱོད་མ་འོངས་པའི་སྔ་རོལ་དུ་བྱུང་བའི་ཕྱིར། ཡང་བུམ་པ་ཆོས་ཅན་ཁྱོད་ད་ལྟ་བ་ཡིན་པ་མི་སྲིད་པར་ཐལ། ཁྱོད་ཞིག་ཟིན་པ་དེ་ཁྱོད་ཀྱི་སྔ་རོལ་དུ་བྱུང་བའི་ཕྱིར། རྟགས་ཁས་བླངས་ཤིང་མ་གྲུབ་ན་བུམ་པ་ཞིག་པ་ཆོས་ཅན། བུམ་པའི་སྔ་རོལ་དུ་བྱུང་བར་ཐལ། བུམ་པ་ལ་བལྟོས་ཏེ་འདས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང་དེར་ཐལ། བུམ་པ་ཡིན་ན་ད་ལྟར་བ་ཡིན་པས་ཁྱབ། ཁྱོད་བུམ་པ་ད་ལྟར་བ་ལ་བལྟོས་ཏེ་འདས་པ་ཡིན་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། །དེ་ལྟར་ཐལ་བ་ལས། དུས་གཉིས་ཀྱི་མཚན་གཞི་དེ་རིགས་པ་མིན་ཏེ། ཁྱེད་ཀྱི་དུས་གཉིས་ཀྱི་མཚན་གཞིར་བཟུང་བ་དེ་ནི་རྟག་པ་ཡིན་ལ། རྟག་པ་དུས་ཀྱིས་བསྡུས་པར་འདོད་པ་ནི་སྡེ་བདུན་མཛད་པའི་ལུགས་ལས་འདས་པའི་ཕྱིར་དང༌། གལ་ཏེ་མཚན་གཞིར་བཟུང་བའི་དེ་གཉིས་དངོས་པོ་ཡིན་དུ་ཆུག་ཀྱང༌། ཁྱེད་ཀྱི་འདོད་པའི་དུས་གསུམ་གྱི་མཚན་གཞི་འཛིན་ཚུལ་དེ་གོ་རིམ་ལོག་པ་ཡིན་ཏེ། བུམ་པ་མ་འོངས་པ་དེ་ལྟར་འབྱུང༌། དེ་ནས་བུམ་པ་ད་ལྟར་བ་འབྱུང་དེའི་རྗེས་སུ་བུམ་པ་འདས་པར་འགྱུར་བའི་ཕྱིར། དེ་ལྟ་བས་ན་བུམ་པ་འདས་པ་ཆོས་ཅན། བུམ་པ་ད་ལྟར་བ་ལ་ལྟོས་པའི་འདས་པ་མ་ཡིན་པར་ཐལ། དེ་ལ་ལྟོས་པའི་མ་འོངས་པ་ཡིན་པའི་ཕྱིར། ཡང་བུམ་པ་མ་འོངས་པ་ཆོས་ཅན། དེ་ལ་ལྟོས་པའི་མ་འོངས་པ་མ་ཡིན་ཏེ། དེ་ལ་ལྟོས་པའི་འདས་པ་ཡིན་པའི་ཕྱིར། ཡང་བུམ་པ་ད་ལྟར་བ་ཆོས་ཅན། བུམ་པ་འདས་པ་ལ་ལྟོས་ནས་ད་ལྟར་བ་མིན་ཏེ། དེ་ལ་ལྟོས་པའི་འདས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ་བུམ་པ་ད་ལྟར་བ་དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་འཇོག་དགོས་པའི་ཕྱིར། ཡང་བུམ་པ་ད་ལྟར་བ་ཆོས་ཅན་བུམ་པ་མ་འོངས་པ་ལ་ལྟོས་པའི་ད་ལྟར་བ་མིན་ཏེ། ཁྱོད་དེའི་རྗེས་སུ་བྱུང་བའི་ཕྱིར། ཞར་ལ་རང་གི་ལུགས་བཞག་པ་ནི། སྐྱེས་ལ་འགགས་པ་དེ་འདས་པའི་མཚན་ཉིད། ཁ་སང་གི་བུམ་པ་ལྟ་བུའོ། །སྐྱེས་ལ་མ་འགགས་པ་དེ་ད་ལྟར་བའི་མཚན་ཉིད། དེ་རིང་གི་དུས་ཀྱི་བུམ་པ་ལྟ་བུའོ། །སྐྱེ་བའི་རྒྱུ་ཡོད་ཅིང་མ་སྐྱེས་པ་དེ་མ་འོངས་པའི་མཚན་ཉིད། སང་ཉིན་གྱི་བུམ་པ་ལྟ་བུའོ། །དེ་ལ་འདི་སྙམ་དུ། ཁ་སང་གི་བུམ་པ་ཆོས་ཅན། འདུས་བྱས་ཡིན་པར་ཐལ། སྐྱེས་པའི་ཕྱིར། འདོད་ན་མི་རྟག་པར་ཐལ། དེ་ཡང་འདོད་ན་འཇིག་པར་ཐལ། དེ་ལ་འདོད་མི་ནུས་ཏེ་ཞིག་ཟིན་པའི་ཕྱིར། སྙམ་པའི་དོགས་པ་དང༌། སང་ཉིན་གྱི་བུམ་པ་ཆོས་ཅན། མ་བྱས་པར་ཐལ། མ་སྐྱེས་པའི་ཕྱིར། འདོད་ན་དངོས་པོ་མ་ཡིན་པར་ཐལ་ལོ་སྙམ་པའི་དོགས་པ་དང༌། ཡང་དེ་གཉིས་ཀ་ཆོས་ཅན། འཇིག་པར་ཐལ། དངོས་པོ་ཡིན་པའི་ཕྱིར་སྙམ་པའི་དོགས་པ་གསུམ་པོ་འདི་སེལ་དགོས་པ་ཡིན་ནོ། །ཇི་ལྟར་སེལ་ཞེ་ན་དངོས་པོ་ཡིན་ན་འདུས་བྱས་ཡིན་པས་མ་ཁྱབ་སྟེ། སང་ཕོད་ཀྱི་ལོ་ཐོག་ལྟ་བུའོ། །སྐྱེས་པ་ཡིན་ན་འཇིག་པ་ཡིན་པས་མ་ཁྱབ་སྟེ། བསྐལ་པ་དང་པོའི་མི་ལྟ་བུའོ། །མི་རྟག་པ་ཡིན་ན་འཇིག་པས་མ་ཁྱབ་པ་ཡིན་ཏེ། ཞིག་ཟིན་པའི་བུམ་པ་བཞིན། དེ་ཆོས་ཅན་མི་རྟག་པ་ཡིན་ཏེ། སྐད་ཅིག་གིས་ཞིག་པའི་ཕྱིར། འོ་ན་དེ་ཆོས་ཅན། རྟག་པར་ཐལ། མི་འཇིག་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ནི། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་གསུངས་པས་སོ་ཞེ་ན། འོ་ན་རྒྱལ་པོ་མ་སྐྱེས་དགྲ་ཆོས་ཅན། ཤི་མ་ཟིན་པར་ཐལ། མི་འཆི་བའི་སེམས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། ཤི་ཟིན་པ་མ་ཡིན་པར་ཐལ། འཆི་བའི་ཕྱིར། ཁྱབ་པ་མེད་ན། སྐྱེས་ཟིན་སླར་ཡང་སྐྱེ་བ་ཡོད་པར་ཐལ། ཤི་ཟིན་སླར་ཡང་འཆི་བ་ཡོད་པའི་ཕྱིར། འདོད་ན་བདག་ལས་སྐྱེ་བ་ཡོད་པར་ཐལ་ལོ། །གཞན་ཡང་ཁྱོད་ལྟར་སྐྱེས་ཟིན་གྱི་བུམ་པ་ཆོས་ཅན། སྐྱེ་བར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ནི། མཚན་ཉིད་དག་ནི་སྐྱེ་བ་ན། །རྒ་དང་གནས་དང་མི་རྟག་ཉིད། །ཅེས་གསུངས་པས་སོ། །དེའི་ཁྱབ་པ་ལུང་མཚུངས་སུ་ཁས་བླངས་སོ། །འདོད་ན་བུམ་པ་ཆོས་ཅན། ཁྱོད་སྐྱེས་ཟིན་སླར་ཡང་སྐྱེ་བ་མ་ཡིན་ཏེ་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། སྐྱེ་ལ་ཡོད་གནོད་བཞིན། ཞེས་བྱ་བ་འདི་ནི་གལ་ཆེ་བའི་དོན་འགའ་ཞིག་ཞར་ལ་འོངས་པའོ། །གཉིས་པ་ཚད་མ་ཡིན་མིན་དཔྱད་པ་ལ། སློབ་དཔོན་ཕྱྭ་པ་ནི། ཚུ་རོལ་མཐོང་བའི་རྒྱུད་ལ་ཡིད་ཀྱི་མངོན་སུམ་ཚད་མ་མི་སྲིད་དེ། དེའི་གཟུང་དོན་དུས་མཐའི་སྐད་གཅིག་མ་གཅིག་ཁོ་ན་ཡིན་པའི་ཕྱིར། གཞན་དུ་ན་ཕྲ་བའི་མི་རྟག་པ་མངོན་སུམ་རྟོགས་པའི་ཚུར་མཐོང་ཡོད་པར་ཐལ་ལོ། །ཞེས་གསུང་ལ། དར་ཊཱིཀ་པ་ནི། འདིའི་རྗེས་སུ་འབྲང་ཞིང༌། གཟུགས་འཛིན་ཡིད་ཀྱི་མངོན་སུམ་དེ་རང་རྒྱུད་ལྡན་གྱི་སོ་སོ་སྐྱེ་བོ་ལ་ཡང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་རོ། །འདི་དག་ནི་རིགས་པ་མ་ཡིན་ཏེ། འོ་ན་ཚུ་རོལ་མཐོང་བའི་རྒྱུད་ལ་དོན་རིག་མངོན་སུམ་ཚད་མ་མི་སྲིད་པར་ཐལ་ལོ། །དེའི་རྒྱུད་ཀྱི་དོན་རིག་མངོན་སུམ་གྱི་གཟུང་དོན་ཡིན་ན། དུས་ཀྱི་ཐུང་བའི་སྐད་ཅིག་མ་གཅིག་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས་བླངས་རྟགས་གྲུབ་སྟེ། དེའི་དངོས་རྒྱུ་ཡིན་ན་དུས་མཐའི་སྐད་ཅིག་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། གཟུགས་འཛིན་དབང་པོའི་མངོན་སུམ་གྱི་དངོས་རྒྱུར་གྱུར་པའི་གཟུགས་དེ་ལ་སྐད་ཅིག་སྔ་ཕྱི་གཉིས་ཡོད་པར་ཐལ། དེ་ཡོད་དེ་ཡིན་ན་དུས་མཐའི་སྐད་ཅིག་མ་གཅིག་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། དེའི་དངོས་རྒྱུར་གྱུར་པའི་གཟུགས་སྐད་ཅིག་མ་སྔ་མ་ཆོས་ཅན། ཁྱོད་དེའི་དངོས་རྒྱུ་མ་ཡིན་པར་ཐལ། ཁྱོད་དང་དེ་གཉིས་ཀྱི་བར་དུ་དེའི་དངོས་རྒྱུར་གྱུར་པའི་གཟུགས་སྐད་ཅིག་ཕྱི་མས་ཆོད་པའི་ཕྱིར། བྱེ་བྲག་ཏུ་དར་ཊཱིཀ་པ་ལ་འདི་སྐད་ཅེས། ཚུར་མཐོང་ལྷ་སྦྱིན་གྱི་རྒྱུད་ཀྱི་ཡིད་མངོན་ཆོས་ཅན། ཁྱོད་རང་རྒྱུད་ལྡན་གྱི་ཚུར་མཐོང་དེ་ལ་ཤིན་ལྐོག་མིན་པར་ཐལ། དེའི་རྒྱུད་ལ་ཁྱོད་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཁྱོད་མྱོང་རང་རིག་མངོན་སུམ་ཡོད་པའི་ཕྱིར། གཞན་ཡང་མར་མེའི་སྐད་ཅིག་མ་ཐ་མ་འཛིན་པའི་མངོན་སུམ་ཚད་མ་ཚུར་མཐོང་གི་རྒྱུད་ལ་མི་སྲིད་པར་ཐལ། དེའི་གཟུང་དོན་དུ་གྱུར་པའི་མར་མེའི་སྐད་ཅིག་ཐ་མ་དེ་ཡིན་ན། དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས་བླངས། གཞན་ཡང་ཕྲ་བའི་མི་རྟག་པ་མངོན་སུམ་དུ་མཐོང་བའི་ཚུར་མཐོང་ཡོད་ལ། དེ་མངོན་སུམ་དུ་རྟོགས་པའི་ཚུར་མཐོང་མེད་པའི་ཁྱད་པར་ནི་ཁྱོད་ཀྱིས་དབྱེ་བར་ནུས་པ་མིན་ཏེ། ཕྲ་བའི་མི་རྟག་པ་མངོན་སུམ་དུ་མཐོང་ན་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་དགོས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་ཚུར་མཐོང་གི་རྒྱུད་ཀྱིས་གཟུགས་འཛིན་ཡིད་མངོན་གྱི་གཟུང་དོན་དེ། དེའི་རྒྱུད་ཀྱི་དེ་འཛིན་ཡིད་མངོན་ལ་ཤིན་ལྐོག་ཏུ་ཁས་བླངས་ན་ཉེས་པ་ཅི་ཡོད། དེ་ཡང་དེ་ལྟར་ཁས་ལེན་ནོ་ཞེ་ན། ཁྱོད་རང་ལྟར་ན། གང་ལ་དོན་གྱི་ནུས་པ་ལ། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །ཞེས་སོགས་ཀྱི་དོན་དང་འགལ། གལ་ཏེ་དེ་དེ་ལ་ཤིན་ལྐོག་མིན་ཏེ། དེ་དེའི་རྒྱུད་ཀྱི་དོན་རིག་མངོན་སུམ་གྱི་བཟུང་དོན་ཡིན་པའི་ཕྱིར། ཞེ་ན། འོ་ན་ཡིད་མངོན་ཡང་རང་རྒྱུད་ལྡན་གྱི་གང་ཟག་ལ་ཤིན་ལྐོག་མིན་པར་ཐལ། དེ་དེའི་རང་རིག་མངོན་སུམ་གྱིས་མྱོང་བྱ་ཡིན་པའི་ཕྱིར། ཞེས་མཚུངས་སོ། །རྔོག་ལོ་ཆེན་པོ་ནི། ཚུར་མཐོང་གི་ཡིད་མངོན་རང་གི་དེ་མ་ཐག་རྐྱེན་དང་སྡོམ་ནས་ཚད་མར་འཇོག་ཅིང༌། རིགས་པའི་གཏེར་ལས། འཁྲུལ་པ་མེད་ཕྱིར་ཚད་མ་ཡིན། །རྒྱུན་མེད་ཕྱིར་ན་ངེས་མ་ནུས། །ཞེ་གསུངས། འདིའི་དོན་ནི། རང་ཉིད་ཚད་མ་ཡིན་པའི་ཐ་སྙད་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་ཞེས་པའི་དོན་ཡིན་གྱི། རང་གི་གཞལ་བྱ་ལ་ངེས་པ་འདྲེན་མི་ནུས་ཞེས་པའི་དོན་མིན་ཏེ། བསྒྲུབ་བྱ་མི་འགྲུབ་པ་དང༌། སྒྲུབ་བྱེད་འཁྲུལ་པའི་ཕྱིར། དང་པོ་ནི། གཟུགས་འཛིན་ཡིན་མངོན་དང༌། དེའི་དེ་མ་ཐག་རྐྱེན་གཉིས་ཀས་བྱེད་པ་བསྡོམས་ནས་གཟུགས་ངེས་པའི་ངེས་ཤེས་གཅིག་འདྲེན་པའི་ཕྱིར། གཉིས་པ་ནི། གོམས་པ་ཅན་གྱི་མངོན་སུམ་སྐད་ཅིག་ཐ་མ་ཆོས་ཅན། དེར་ཐལ། རྒྱུན་མེད་པའི་ཕྱིར། འོ་ན་འདི་ལ་ཚད་མའི་ཐ་སྙད་གང་གིས་འགྲུབ་ཅེ་ན། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་རྟགས་ཀྱིས་སོ། །ཞེས་དགོངས་སོ། །གསུམ་པ་སྐྱེས་ཚུལ་ལ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བ་དང་གསུམ། དང་པོ་ནི། རྒྱན་མཛད་པ། དབང་ཡིད་ཀྱི་མངོན་སུམ་གཉིས་སྤེལ་མར་སྐྱེ་བར་བཞེད་དོ་ཞེས་གྲགས་ལ། དེའི་བཤད་པ་རྒྱན་ན་མི་བཞུགས་ཀྱང༌། ཡིད་མངོན་གྱི་བཞེད་ཚུལ་དེ་ལ་བོད་སྔ་མ་རྣམས་ཀྱིས་བཏགས་ནས་སྨྲས་པ་ཡིན་ནོ། །འདི་འགོག་པ་ནི་རིགས་པའི་གཏེར་ལས། སྤེལ་མར་འབྱུང་བ་ལ་དབང་ཤེས་ངེས་ལ། ཡིད་ཤེས་མི་ངེས་པ་མི་འཐད་པའི་ཕྱིར་ཞེས་གསུངས་ལ། འོན་ཀྱང་མི་འཐད་པའི་རིགས་པ་ནི་འདི་ཡིན་ཏེ། ཡིད་མངོན་གྱི་དེ་མ་ཐག་རྐྱེན་ལས་བྱུང་བའི་དབང་མངོན་ཡོད་པར་ཐལ་བ་དང༌། དབང་མངོན་སྐད་ཅིག་སྔ་ཕྱི་རྒྱུན་ཆད་ཅིང་སྐྱེ་བར་ཐལ་ལོ། །སློབ་དཔོན་ཆོས་མཆོག་ནི། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱེད་པ་འདས་པའི་ཚེ་མངོན་སུམ་དུ་འདོད་དོ། །མིག་གི་བྱེད་པ་དང་ལྡན་པའི་ཚེ་ནི་གཟུགས་ཤེས་པ་དེ་ཐམས་ཅད་ཀྱང་མིག་ལ་བརྟེན་པ་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་རྣམ་པར་ཤེས་པ་གང་མིག་ལ་བརྟེན་པ་མི་འཐད་པར་འགྱུར་རོ། །འདི་ཡང་གྲུབ་པའི་མཐའ་ལ་གྲགས་པ་ཡིན་གྱི། སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ་ཞེས་གསུང༌། དེ་ལ་རྔོག་ལོས་དགག་པ་མཛད་པ་ནི། འདི་མི་འཐད་དེ། རྒྱུ་མ་ཚང་བ་མེད་པའི་འབྲས་བུ་ཟློག་པ་མི་འཐད་པའི་ཕྱིར་ཏེ། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་བཤད་པ་བཞིན་ནོ། །དེ་ལྟ་མིན་ན། མེ་ཉེ་བར་གནས་པ་ན་ཡོད་པའི་དུ་བ་མཐའ་དག་ནི་མེའི་འབྲས་བུ་ཡིན་ཏེ། དེ་ལྟ་མིན་ན་དུ་བ་འགའ་ཡང་མེའི་འབྲས་བུ་ཡིན་པ་མི་འཐད་དོ་ཞེས་བྱ་བར་ཡང་འགྱུར་ཏེ། རིགས་པ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན། དུ་བ་ལས་དུ་བ་སྐྱེ་བ་མངོན་སུམ་སྣང་བས་གནོད་དོ་ཞེས་གསུངས་སོ། །རིགས་པ་འདིའི་ཤུགས་ལ་ཡིད་མངོན་གྱི་སྐྱེ་ཚུལ་འགྲོས་གསུམ་པ་བཞེད་པར་གྲུབ་བོ། །རིགས་པའི་གཏེར་ལས་ཀྱང༌། རྒྱུ་མཚན་ཁྱད་པར་མེད་པ་ལ་སྔར་མི་སྐྱེ་ལ་ཕྱིས་སྐྱེ་བ་མི་འཐད་པའི་ཕྱིར་ཞེས་གསུངས་སོ། །དར་ཊཱིཀ་པ། དབང་མངོན་རྫོགས་པའི་རྗེས་དེར་ཡིད་མངོན་དུས་མཐའི་སྐད་ཅིག་མ་གཅིག་ཁོ་ན་སྐྱེ་བར་འདོད་པ་ནི། ཆོས་མཆོག་གི་དགོངས་པ་མ་ལོངས་ཤིང༌། སུ་ཆུག་ཀྱང་མ་འཐད་དོ། །ཅི་སེར་འཛིན་དབང་མངོན་སྐད་ཅིག་མ་ལྔ་དང༌། དེའི་དེ་མ་ཐག་ཏུ་སྔོན་འཛིན་དབང་མངོན་སྐད་ཅིག་མ་ལྔ་སྐྱེ་བའི་ཚེ། བར་དེར། སེར་འཛིན་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན་ཡིད་མངོན་གྱི་སྐྱེ་ཚུལ་འགྲོས་གསུམ་པར་ཐལ། སེར་འཛིན་དབང་མངོན་སྐད་ཅིག་ལྔ་པའི་དེ་མ་ཐག་འབྲས་སུ་གྱུར་པའི་དབང་མངོན་དང་ཡིད་མངོན་གཉིས་གཅིག་ཆར་དུ་སྐྱེ་བའི་ཕྱིར། ཡང་དེ་གཉིས་ཆོས་ཅན། གཟུང་དོན་གཅིག་ལས་སྐྱེས་པའི་དོན་རིག་མངོན་སུམ་ཡིན་པའི་ཕྱིར། གཞན་ཡང་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མའི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་མེད་པའམ། ཡོད་ཀྱང་གཟུགས་འཛིན་ཡིད་མངོན་དང་དེ་གཉིས་གཅིག་ཆར་དུ་སྐྱེ་བ་གང་ཡིན། དང་པོ་ལྟར་ན་མི་འཐད་པར་རྟོགས་སླ་ལ། གཉིས་པ་ལྟར་ན་གཟུགས་འཛིན་ཡིད་མངོན་ཆོས་ཅན་ཚད་མར་ཐལ། རང་གི་གཟུང་དོན་གྱི་རིགས་འདྲ་སྔ་མ་ལ་སྒྲོ་འདོགས་གཅོད་བྱེད་ཀྱི་རྟོགས་པ་དང་ཤེས་རྒྱུད་གཅིག་ལ་གཅིག་ཆར་དུ་འཇུག་པའི་མངོན་གཞན་ཡང་མར་མེའི་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྱི་རྒྱུན་མཐར་ཡིད་མངོན་སྐད་ཅིག་མ་གཅིག་སྐྱེ་བར་ཡང་ཧ་ཅང་ཐལ་ལོ། །གཉིས་པ་རང་གི་ལུགས་བཞག་པ་ནི། ཇི་སྐད་དུ། དེས་ན་དབང་པོ་དབང་ཤེས་ཀྱི། །རྒྱུ་ཡིན་ཡིད་ཀྱི་རྐྱེན་དུ་འགྱུར། །རང་རིག་ཡིན་ཕྱིར་རྒྱུད་གཞན་མེད། །དེས་ན་མངོན་སུམ་འགྲོས་གསུམ་པ། །ཞེས་གསུངས་སོ། །དེའི་དོན་ནི། དབང་མངོན་སྐད་ཅིག་མ་དུ་མ་སྐྱེ་བ་དེའི་ཚེ། དབང་མངོན་སྐད་ཅིག་མ་གཉིས་པ་དང༌། ཡིད་མངོན་སྐད་ཅིག་མ་དང་པོ་དུས་མཉམ་དུ་སྐྱེ་བ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པ་སྐད་ཅིག་དང་པོ་དེ། དེ་སྐད་ཅིག་གཉིས་པའི་དངོས་ཀྱི་ཉེར་ལེན་གྱི་རྒྱུ་ཁོ་ན་བྱེད། ཡིད་མངོན་སྐད་ཅིག་དང་པོའི་ཉེར་ལེན་གྱི་དངོས་ཀྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་གཉིས་ཀ་བྱེད་པའི་ཕྱིར། གཟུགས་འཛིན་པའི་མངོན་སུམ་རྫས་གཞན་གཉིས་གང་ཟག་གཅིག་གི་རྒྱུད་ལ་གཅིག་ཆར་དུ་སྐྱེ་ཡང་རྒྱུད་དུ་མར་མི་འགྱུར་ཏེ། དེ་གཉིས་ཀ་ནང་ལྟ་རང་རིག་གཅིག་གིས་བསྡུས་པའི་ཕྱིར། དེའི་དོན་ཡང་མངོན་སུམ་དེ་གཉིས་ཀས་ངེས་ཤེས་རིགས་མཐུན་གཅིག་ཁོ་ན་འདྲེན་པ་ལ་དགོངས་སོ། །འདི་ལ་འགྲོས་གསུམ་པ་ཞེས་བྱ་སྟེ་སྐྱེ་ཐེབས་གཅིག་ལ་རྣལ་འབྱོར་མངོན་སུམ་མ་གཏོགས་པའི་མངོན་སུམ་གཞན་གསུམ་ཀའི་འགྲོ་ཚུལ་ཚང་བའི་ཕྱིར། འདིར་རྐྱེན་གསུམ་གྱི་འགྲོས་དཔྱད་ན། དུས་དེར་ཡུལ་གྱི་འགྲོས་གཅིག་ཁོ་ན་ཡིན་ཏེ། གཉིས་པོ་གཟུང་དོན་གཅིག་ཁོ་ན་ལས་སྐྱེས་པའི་ཕྱིར། བདག་རྐྱེན་དབང་པོའི་འགྲོས་ནི་གཉིས་ཡིན་ཏེ། བདག་རྐྱེན་དབང་ཡིད་སོ་སོར་ངེས་པའི་ཕྱིར། དེ་མ་ཐག་རྐྱེན་གྱི་འགྲོས་ནི་གཅིག་ཡིན་ཏེ། ཉེར་ལེན་གཅིག་ཁོ་ན་ལས་སྐྱེས་པའི་ཕྱིར། དེ་ལྟར་ན། རྒྱུ་རྐྱེན་གསུམ་གྱི་འགྲོས་བཞི། འབྲས་བུ་མངོན་སུམ་གྱི་འགྲོས་གསུམ་སྟེ། རྒྱུ་འབྲས་ཀྱི་འགྲོས་བདུན་ཚང་བ་ཡིན་ནོ་ཞེས་བྱ་བ་འདི་རྗེ་བཙུན་གྱི་དགོངས་པ་ཡིན་པར་ངེས་སོ། །འདིར་ཡང་དམིགས་ཀྱི་བསལ་བ་འདི་ལྟར་ཁས་ལེན་དགོས་ཏེ། འགྲོས་གསུམ་པར་སྐྱེས་པའི་རྒྱུན་གྱི་མཐར་ཡིད་མངོན་སྐད་ཅིག་མ་གཅིག་ཟླ་མེད་དུ་སྐྱེ་རུང་བ་ཡིན་ཏེ། དེའི་རྒྱུ་ཚོགས་ཚང་བའི་ཕྱིར། འདིས་ནི་དབང་ཡིད་ཀྱི་མངོན་སུམ་གཉིས་གྲངས་མཉམ་པར་སྐྱེ་ཞེས་པའི་དོན་ཡང་ལེགས་པར་གྲུབ་པ་ཡིན་ནོ། །དབང་མངོན་གྱི་རྒྱུན་མཐར་ཡིད་མངོན་སྐད་ཅིག་ཟླ་མེད་དུ་མ་སྐྱེས་ན་གྲངས་མཉམ་དུ་མི་འགྲུབ་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ལ་དར་ཊཱིཀ་པ་ན་རེ། འགྲོས་གསུམ་པའི་ལུགས་ལ་གནོད་བྱེད་འདི་ལྟར་འཇུག་སྟེ། གཟུགས་འཛིན་དབང་མངོན་སྐད་ཅིག་མ་གཉིས་པ་དང༌། ཡིད་མངོན་སྐད་ཅིག་མ་དང་པོ་ཆོས་ཅན། རྫས་གཅིག་པར་ཐལ། ཉེར་ལེན་གཅིག་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་མཚུངས་པ་ལས་སྐྱེས་པ་དེ། བློ་ལས་ཐ་དད་གང་ལས་ཡིན། །ཞེས་གསུངས་པས་སོ། །ཡང་དེ་གཉིས་ཆོས་ཅན་གཟུང་དོན་གཅིག་ལས་སྐྱེས་པ་མིན་ཏེ། དེ་ཡིན་ན། གང་ཟག་གཅིག་གི་རྒྱུད་ལ་གཟུང་དོན་གཅིག་འཇལ་བྱེད་དུ་ཤེས་པ་རྫས་གཞན་གཉིས་ཡོད་དགོས་པ་ལས། དེ་ཡང་ཡོད་པ་མིན་པའི་ཕྱིར་ཏེ། ཇི་སྐད་དུ། དོན་གཅིག་ཡིན་ན་གཉིས་དོན་མེད། །ཅེས་གསུངས་པས་སོ། །ཡང་འགྲོས་གསུམ་གྱི་གྲངས་ངེས་ཡང་མི་འཐད་དེ། ཕྱིར་ལྟ་ལ་དོན་རིག་གི་འགྲོས་གཉིས་ཡོད་པ་བཞིན་དུ། ནང་ལྟ་ལའང་དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གཉིས་ཡོད་དགོས་པའི་ཕྱིར། ནང་ལྟ་གཉིས་པོ་རང་རིག་ཏུ་མཚུངས་པས་རང་རིག་གི་འགྲོས་གཅིག་ཏུ་འཇོག་ན། ཕྱིར་ལྟ་གཉིས་པོའང་འགྲོས་གཅིག་ཏུ་ཐལ་བར་འགྱུར་ཏེ། དོན་རིག་ཏུ་མཚུངས་པའི་ཕྱིར་ཞེས་ཟེར་རོ། །དེའི་ལན་ནི་འདི་ལྟར། ཐལ་བ་དང་པོའི་ཁྱབ་པ་མ་ངེས་པ་ཡིན་ཏེ། གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོས་དྲངས་ནས་སྐྱེས་པའི་ངེས་ཤེས་དང༌། གཟུངས་འཛིན་དབང་མངོན་སྐད་ཅིག་གཉིས་པོ་ཆོས་ཅན། དེར་ཐལ། ཉེར་ལེན་གཅིག་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཡང་ཀུན་གཞི་ལས་འཇུག་ཤེས་དྲུག་གཅིག་ཆར་དུ་སྐྱེས་པའི་ཚེ་ཆོས་ཅན། དེར་ཐལ་དེའི་ཕྱིར་ཞེས་པ་དང༌། ཡང་དང་པོར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་བ་དེའི་ཚེ། མིང་གཞིའི་ཕུང་པོ་ཆོས་ཅན། དེར་ཐལ་དེའི་ཕྱིར་ཞེས་བྱ་བ་རྣམས་ཀྱིས་མ་ངེས་སོ། །ཉེས་པ་གཉིས་པ་བསྒྲུབ་བྱེད་ཀྱང་མ་ངེས་པའི་ཚུལ་ནི། གཙོ་བོ་གཟུགས་འཛིན་མིག་ཤེས་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་གཅིག་ཆར་སྐྱེ་བ་དེའི་ཚེ། ཀུན་འགྲོ་ལྔ་པོ་ཆོས་ཅན་གཟུང་དོན་གཅིག་ལས་སྐྱེས་པ་མིན་པར་ཐལ། དེ་ཡིན་ན་དེ་ཡིན་དགོས་པ་ལས། གང་ཟག་གཅིག་གི་རྒྱུད་ལ་གཟུང་དོན་གཅིག་འཇལ་བྱེད་དུ་ཤེས་པ་གཉིས་མི་འབྱུང་བའི་ཕྱིར། གལ་ཏེ་མི་མཚུངས་ཏེ། དེ་ལྔ་པོ་ནང་ཕན་ཚུན་དུ་རྫས་གཅིག ལྔ་པོ་དེ་དང་དེའི་གཙོ་བོ་རྣམ་རིག་གཉིས་ཀྱང་རྫས་གཅིག་གོ་ཞེ་ན། དེ་ལྟར་ན་སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཐ་དད་པར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་བྱ་བའི་གཞུང་གིས་དོན་དང་ཤིན་ཏུ་འགལ་ལོ། །གལ་ཏེ་གཞུང་དེ་གཙོ་བོ་གཅིག་གི་དབང་དུ་བྱས་པའི་ཀུན་འགྲོ་ལྔ་པོ་སྤྱིར་ཐ་དད་ཙམ་དུ་བསྟན་པ་ཡིན་གྱི་རྫས་ཐ་དད་དུ་མ་བསྟན་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། གཞུང་གི་འཕྲོས་དང་མི་མཐུན་པའི་ཕྱིར། ཇི་ལྟར་མི་མཐུན་ཞེ་ན། གྲངས་ཅན་གྱི་བློ་མྱོང་རྫས་ཐ་དད་དུ་ཁས་བླངས་པ་ལ། དེ་མིན་ཏེ། དེར་མ་མཐོང་བའི་ཕྱིར་ཞེས་འཆད་པ་ནི། མངོན་སུམ་དྲན་པའི་རྣམ་པ་ཅན། །ཞེས་སོགས་དང༌། དེའི་ཉེས་སྤོང་དུ། རྫས་ཐ་དད་དུ་མ་དམིགས་ན་དེར་མེད་མི་དགོས་ཏེ། ལྕགས་གོང་དམར་འབར་བར་གྱུར་པའི་དུས་ཀྱི་མེ་ལྕགས་གཉིས་དང༌། གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་བཞིན་ནོ། །ཞེས་ཟེར་བ་ལ་དང་པོ་མ་གྲུབ་སྟེ། དེ་དག་རྫས་ཐ་དད་དུ་ཚད་མས་མཐོང་བའི་ཕྱིར་ཞེས་འཆད་པ་ནི། སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཞེས་སོགས་དང༌། དེའི་རིགས་པས། ལྕགས་དང་མེའི་རྒྱུན་དག་ལ། །ཐ་དད་བར་ནི་མཐོང་བའི་ཕྱིར། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་སྦྱར་ནས་འཆད་རྒྱུ་ཡིན་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུ་གཅིག་གི་རྒྱུད་ཀྱི་མིག་གཡས་གཡོན་གཉིས་ལ་བརྟེན་པའི་ཤེས་པས་གཟུགས་གཅིག་གཟུང་དོན་དུ་བྱས་ནས་འཛིན་པ་མི་སྲིད་པར་ཐལ་བ་དང༌། རྣ་བ་གཡས་གཡོན་གཉིས་ལ་བརྟེན་པའི་ཤེས་པས་སྒྲ་གཅིག་གཟུང་དོན་དུ་བྱས་ནས་འཛིན་པ་མི་སྲིད་པར་ཐལ་བར་འགྱུར་རོ། །ཉེས་པ་གསུམ་པས་མི་གནོད་པའི་ཚུལ་ནི། འགྲོས་བཞི་དང་གཉིས་སུ་ཐལ་བའི་ཉེས་པ་མེད་དེ། མངོན་སུམ་བཞིའི་གྲངས་ངེས་བྱེད་པའི་ཚེ། གཞན་རིག་པའི་མངོན་སུམ་ལ་གསུམ་དུ་འཇོག་ཅིང༌། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཐམས་ཅད་གཅིག་ཏུ་འཇོག་པ་བཞིན་ནོ། །གསུམ་པ་རང་རིག་པའི་མངོན་སུམ་ལ། མཚན་ཉིད། མཚན་གཞི། རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། ཤེས་པ་རང་གི་ངོ་བོ་ལ་རྟོག་པ་དང་བྲལ་ཞིང་དེ་ལ་མ་འཁྲུལ་བའི་རིག་པ་དེ་ཤེས་པ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པའི་མཚན་ཉིད་དོ། །ཡང་ན་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་གང་ཞིག རང་གི་དངོས་ཀྱི་མྱོང་བྱ་ཡིན་ན་ཤེས་པ་ཡིན་པས་ཁྱབ་པ་དེ་རང་རིག་པའི་མངོན་སུམ་གྱི་མཚན་ཉིད་དོ། །རིག་བྱེད་དོན་གཞན་ལ་མི་ལྟོས་པར་རང་རྒྱུ་ལས་རིག་པའི་ངོར་སྐྱེས་པ་དེ་རང་རིག་པའི་མཚན་ཉིད། འདིར་རང་རིག་དང་རང་རིག་མངོན་སུམ་དང་དེ་ཚད་མ་གསུམ་ལ་ཁྱད་པར་ཡོད་པ་མིན་ཏེ། ཤེས་པ་གང་ལ་རང་རིག་ཏུ་སོང་ན། དེ་ལ་མངོན་སུམ་དང་ཚད་མར་ཡང་སོང་དགོས་པའི་ཕྱིར། རང་རིག་པ་དང་རང་རིག་པའི་མངོན་སུམ་ལ་ནི་ཁྱད་པར་ཡོད་པ་ཡིན་ཏེ། ཤེས་པ་ལ་དང་པོས་ཁྱབ་པའི་ཕྱིར་དང༌། གཉིས་པ་ལ་མངོན་སུམ་གྱིས་ཁྱབ་པའི་ཕྱིར། རང་རིག་པའི་རྗེས་དཔག་དང༌། རང་རིག་པའི་ཚད་མིན་གྱི་བློ་ཡང་མེད་པ་མིན་ནོ། །གང་ཤེས་པ་ཡིན་ན་རང་རིག་པ་ཡིན་དགོས་ཏེ། རང་གི་ངོ་བོ་གསལ་ཙམ་གྱི་ཆ་དེ་མ་མྱོང་བའི་ཤེས་པ་མི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་རང་རིག་ཡིན་མི་དགོས་ཏེ། མཚོ་ལས་སྐྱེས་པ་ཡིན་ན་མཚོ་སྐྱེས་ཡིན་མི་དགོས་པ་དང༌། ལག་པ་དང་ལྡན་པ་ཡིན་ན་ལག་ལྡན་ཡིན་མི་དགོས་པ་དང༌། ལྷ་མིན་པ་ཡིན་ཙམ་གྱིས་ལྷ་མིན་ཡིན་མི་དགོས་པ་བཞིན་ནོ། །གལ་ཏེ་ཆོས་གཅིག་ལ་རང་རིག་ཡིན་ན་རང་རིག་ཡིན་དགོས་ཏེ། ཆོས་གཅིག་ལ་མངོན་སུམ་ཡིན་ན་མངོན་སུམ་ཡིན་དགོས་པ་དང༌། ཆོས་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་དགོས་པ་བཞིན་ནོ། །གལ་ཏེ་དེ་ལྟ་མིན་ན་མངོན་སུམ་དང་ཚད་མའི་མཚན་གཞི་མི་རྙེད་པར་འགྱུར་རོ། །ཆོས་གཅིག་ལ་དེ་ཡིན་པ་ཙམ་གྱིས་དེའི་གོ་མི་ཆོད་པ་གང་ཞིག ཆོས་ཐམས་ཅད་ལ་མངོན་སུམ་དང་ཚད་མ་ཡིན་པ་མི་སྲིད་པའི་ཕྱིར་སྙམ་ན། དེ་ནི་གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་རིག་མངོན་སུམ་དུ་ཐལ། ཆོས་གཅིག་ལ་དེ་ཡིན་པའི་ཕྱིར་ཏེ། གཟུགས་ཀྱི་རྣམ་པ་ལ་དེ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་ཀྱིས་དེ་མྱོང་བ་གང་ཞིག་དེ་ཤེས་པ་ཡིན་པའི་ཕྱིར། དེ་མྱོང་བ་ཡིན་ཏེ། དེས་ན་དོན་མྱོང་བར་བཤད་དེ་ཞེས་གསུངས་པས་སོ། །གཞན་ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་དང༌། སྒྲ་རྟག་འཛིན་རྟོག་པ་སོགས་ཆོས་ཅན། དེར་ཐལ། ཆོས་གཅིག་ལ་དེ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་ཀྱི་དངོས་ཀྱི་མྱོང་བྱ་དང་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ལ། རང་རིག་པ་ནི་ཤེས་པ་ཐམས་ཅད་དོ། །རང་རིག་པའི་མངོན་སུམ་གྱི་མཚན་གཞི་ནི་མངོན་སུམ་ཐམས་ཅད་དོ། །རང་རིག་དང་རང་རིག་མངོན་སུམ་གྱི་མཚན་གཞི་ནི་འཛིན་རྣམ་མོ། །དེ་ཡང་གང་ཞེ་ན། ཤེས་པ་ཐམས་ཅད་ཀྱི་སྟེང་གི་ཕྱི་རོལ་ཡུལ་གྱིས་ཁ་མ་བསྒྱུར་བའི་མྱོང་བ་གསལ་རིག་གི་ཆ་དེ་ཉིད་དོ། །འདིར་མངོན་སུམ་བཞིའི་དབྱེ་བར་བཀོད་པ་ནི་ཕྱི་མ་ཁོ་ན་ཡིན་ཞིང༌། བློ་རང་རིག་བསྒྲུབ་ཀྱི་སྐབས་སུ་ཕྱི་རོལ་གྱི་དོན་མ་རིག་པའི་རྟགས་ཀྱིས་རང་རིག་པར་བསྒྲུབ་པའི་རིགས་པ་མང་དུ་གསུངས་པ་དེ་ནི། རང་རིག་པའི་མངོན་སུམ་ཙམ་པོའི་དབང་དུ་བྱས་པ་ཡིན་ནོ། །དེས་ན་འཛིན་རྣམ་དེ་འདིར་བསྟན་རང་རིག་དང༌། རང་རིག་མངོན་སུམ་གྱི་མཚན་ཉིད་དོ། །གསུམ་པ་རྣམ་གཞག་གཏན་ལ་དབབ་པ་ལ་གཉིས་ཏེ། རང་གི་ལུགས་སྔོན་རབས་མཁས་པའི་ལུགས་དང་མཐུན་པར་བཞག དེ་ལ་ཕྱི་རབས་པ་གཞན་གྱིས་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ། རང་རིག་པའི་མངོན་སུམ་གྱི་རྣམ་གཞག་རྒྱས་པར་བཤད། སྐབས་སུ་བབས་པ་རང་རིག་མངོན་སུམ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་དང༌། སེམས་ཙམ་རྣམ་བདེན་པའི་ལུགས་ཐུན་མོང་དུ་རྒྱས་པར་བཤད། གཟུགས་འཛིན་གྲངས་མཉམ་དུ་སྨྲ་བ་བའི་མདོ་སྡེ་པ་དང༌། སེམས་ཙམ་རྣམ་བརྫུན་པའི་ལུགས་ཐུན་མོང་དུ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། མདོ་སྡེ་པའི་ལུགས་དང༌། རྣམ་བདེན་པའི་ལུགས་སོ། །དང་པོ་ནི། ལུགས་འདི་ལ་ཚུ་རོལ་མཐོང་བའི་རྒྱུད་ཀྱི་དོན་རིག་པའི་མངོན་སུམ་ཡིན་ན་རང་རིག་པའི་མངོན་སུམ་དུ་འགལ་བ་ལྟ་ཅི་སྨོས། དེ་ཡིན་ན་དེ་ཡིན་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་ཡིན་ན་རང་རིག་པ་མཚན་ཉིད་པ་དང༌། ཕྱི་རོལ་གྱི་དོན་རིག་བཏགས་པར་འཇོག་དགོས་པའི་ཕྱིར། དེ་དགོས་པ་ཡིན་ཏེ། དོན་འཇོག་དེའི་བདག་ཉིད་ཕྱིར། །རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་པའི་སྐབས་ནས་བསྟན་པའི་རང་རིག་པ་དེ་དངོས་པོའི་གནས་ལུགས་ཡིན་པ་དང༌། དོན་རིག་པ་དེ་རྗེས་ཀྱི་ངེས་པ་འདྲེན་ཚུལ་ལ་བལྟོས་ནས་བཞག་པར་འཆད་དགོས་པའི་ཕྱིར། འབྲས་རྟོག་གསུམ་པར་བཟུང་རྣམ་ཚད་མ་ལ་རང་རིག་པ་འབྲས་བུར་བཤད་པའི་ཕྱིར། འོ་ན་རང་རིག་དང་དོན་རིག་དངོས་བཏགས་སུ་བཤད་པའི་རྒྱུ་མཚན་དང་དགོས་པ་ཅི་ཞེ་ན། གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་རིག་པའི་མངོན་སུམ་མཚན་ཉིད་པ་ཡིན་ཏེ། མངོན་སུམ་གང་ཞིག་ཁྱོད་ཀྱི་དངོས་ཀྱི་རིག་བྱ་ཡིན་ན་ཤེས་པ་ཡིན་དགོས། ཕྱི་རོལ་གྱི་དོན་དང་དངོས་མེད་མིན་དགོས་པའི་ཕྱིར། དེ་ལྟ་ན་ཡང་དོན་རིག་ཏུ་འདོགས་པའི་རྒྱུ་མཚན་ཡོད་དེ། དོན་དང་འདྲ་བ་མཐོང་བ་ལ་དོན་མཐོང་བར་ཐ་སྙད་བཏགས་པའི་ཕྱིར། དེ་ལ་དེར་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་དུ་དོན་རིག་མངོན་སུམ་གྱི་རྣམ་གཞག་འགྲུབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི། སྒྲ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་རང་གི་གཟུང་དོན་དུ་གྱུར་པའི་སྒྲ་དངོས་སུ་རིག་པ་མིན་ཏེ། དེ་ཁྱོད་ཀྱི་དུས་སུ་ཞིག་པའི་ཕྱིར། དེ་སྐད་དུ། སྐད་ཅིག་རྣམས་ནི་ཞིག་པའི་ཕྱིར། །གང་གིས་ཤེས་ལ་མེད་གསལ་འགྱུར། །ཞེས་གསུངས་སོ། །མདོར་ན། འབྲས་རྟོག་གསུམ་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་དང༌། ཕྱི་རོལ་གྱི་དོན་ཁས་བླངས་ནས་བློ་རང་རིག་ཏུ་བསྒྲུབ་པའི་རིགས་པའི་སྙིང་པོ་ནི་ཕྱི་རོལ་གྱི་དོན་གྱི་རྣམ་པར་སྣང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་རྩོད་གཞིའི་ཆོས་ཅན་གང་དང་གང་ཡིན་པ་དེ་རང་རིག་པར་བསྒྲུབ་པ་ཡིན་གྱི་དེ་ལས་གཞན་མེད་དོ། །གཉིས་པ་རྣམ་བདེན་པའི་ལུགས་ལ། ཕྱི་རོལ་གྱི་དོན་སྣང་གི་ཤེས་པ་ཐམས་ཅད་རང་གི་རློམ་ཚོད་ཀྱི་ཡུལ་ལ་ལྟོས་ནས་ལོག་ཤེས་སུ་འཇོག་པ་ཡིན་ཏེ། དེས་ཕྱི་རོལ་གྱི་དོན་མཐོང་བར་རྟོག་པ་ལྷན་སྐྱེས་ཀྱི་རློམ་པ་གང་ཞིག ཕྱི་རོལ་གྱི་དོན་མེད་པའི་ཕྱིར། སོང་ཚོད་ཀྱི་གཞལ་བྱ་ལ་མངོན་སུམ་དང་ཚད་མ་ཡིན་ཏེ། ཕྱི་རོལ་དོན་གྱི་རྣམ་པ་དེ་དེའི་གཞལ་བྱར་སོང་དེ་དེ་ལ་མངོན་སུམ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེའི་རྣམ་པ་དེ་ཤེས་པ་རང་ཉིད་ཀྱི་ངོ་བོར་མྱོང་བྱ་ཡིན་པའི་ཕྱིར། འོ་ན་འདིར་མྱོང་བྱ་དེ་གང༌། མྱོང་བྱེད་དེ་ཅི་ཞེ་ན། དོན་སྣང་གི་ཤེས་པ་གཅིག་པོ་དེའི་སྟེང་གི་དོན་དུ་སྣང་བའི་ཆ་ནི་མྱོང་བྱ་དང་གཟུང་རྣམ་ཡིན་ལ། གསལ་རིག་གི་ཆ་ནི་མྱོང་བྱེད་དང་འཛིན་རྣམ་མོ། །དེ་སྐད་དུ་ཡང༌། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་དེ། །དེའི་བདག་ཉིད་ཕྱིར་བདག་རིག །དེ་ཕྱིར་དེ་དེའི་སྒྲུབ་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་དོན་སྣང་གི་ཤེས་པ་རང་ལྡོག་ནས་གཟུང་རྣམ་དུ་ཁས་བླང་བར་བྱ་བ་ཡིན་གྱི། འཛིན་རྣམ་དང་རང་རིག་ཏུ་ཁས་བླང་བར་བྱ་བ་མིན་ཏེ། བློ་ཚུལ་གཉིས་ཀྱི་ཟླས་ཕྱེ་བའི་འཛིན་རྣམ་དུ་མི་རུང་བའི་ཕྱིར་ཏེ། ཁ་ཕྱི་རོལ་དུ་ཕྱོགས་པའི་ཕྱིར། དེ་སྐད་དུ་ཡང༌། བློ་ལ་འཛིན་པར་བྱེད་པའི་བློ། །རྟག་ཏུ་བདག་ལ་ནང་མངོན་ཕྱོགས། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན་ལུགས་འདི་ལ་ཡང་ཁ་ཕྱིར་ལྟའི་ཤེས་པ་ཡིན་ན། རང་རིག་པར་འགལ་བ་ལྟ་ཞོག དེ་ཡིན་ན་རང་རིག་དགོས་པ་ཡིན་ཏེ། ཇི་སྐད་དུ། དེའི་མྱོང་དེ་བདག་ཉིད་དེ། །ཞེས་པ་ནས། རང་རིག་འབྲས་བུ་ཡིན་པར་འདོད། །ཅེས་པའི་བར་གྱི་དོན་སྣང་གི་རྣམ་པར་ཤེས་པས་དོན་རིག་པ། བཀག་ནས་རང་རིག་པར་བསྒྲུབ་པའི་ཕྱིར་དང༌། སྐབས་དེར་དེ་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བ་ནི་རྒྱས་པར་སྒྲུབས་པའི་ཕྱིར། དེ་ལྟ་ན་ཡང་རང་རིག་པའི་མངོན་སུམ་ཁས་མིན་ཏེ། ལོག་ཤེས་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་ལུགས་འདི་གཉིས་ཀ་ལ་ཤེས་པ་ཡིན་ན་རང་རིག་པ་དང༌། མངོན་སུམ་ཡིན་ན་རང་རིག་པའི་མངོན་སུམ་ཡིན་པས་ཁྱབ་ཀྱང༌། རང་རིག་ཏུ་འཇོག་པ་ནི་ཡུལ་གྱིས་ཁ་མ་བསྒྱུར་བའི་གསལ་རིག་ཁོ་ན་ལ་བཞག་དགོས་པ་ཡིན་ཏེ། རང་རིག་མཚན་ཉིད་པ་འབྲས་བུར་བྱས་པ་ལ་འཛིན་རྣམ་ཚད་མར་བཤད་པའི་ཕྱིར། གཉིས་པ་ལ། གཟུང་འཛིན་གྲངས་མཉམ་པའི་ལུགས་དང༌། རྣམ་རྫུན་པའི་ལུགས་སོ། །དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་དོན་རིག་པའི་མངོན་སུམ་ཡིན་ན་རང་རིག་པའི་དེ་ཡིན་པར་འགལ་བ་ཡིན་ཏེ། དེ་ཡིན་ན་ཕྱི་རོལ་དོན་གྱི་རྣམ་པ་ཤར་དགོས། དེ་ཤར་ན་ཕྱི་དོན་རིག་པ་དང་རྟོགས་པ་ཡིན་དགོས་པའི་ཕྱིར། དེ་སྐད་དུ། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཞེས་གསུངས་པ་དང༌། བློ་རྣམས་སྣ་ཚོགས་ངོ་བོ་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། །ཅེས་གསུངས་སོ། །ལུགས་འདི་ལ་དོན་རིག་མངོན་སུམ་གྱིས་ཕྱི་དོན་རྟོགས་པ་ཁོ་ནར་འདོད་པ་ཡིན་ཏེ། ཕྱི་རོལ་གྱི་དོན་ལ་སྐྱེས་པ་དང༌། དེ་དང་འདྲ་བ་དང༌། དེ་ལ་ངེས་པ་འདྲེན་པ་དང་གསུམ་ཚང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་དེས་དེ་རྟོགས་པར་སྒྲུབ་པའི་ཕྱིར། དེ་སྐད་དུ་ཡང་དེ་འདྲ་བ་དང་དེ་ལས་བྱུང༌། གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །ཞེས་གསུངས་པས་སོ། །དེ་ཡང་དེ་དུས་ཀྱི་ཡུལ་མངོན་གྱུར་དང༌། ཡུལ་ཅན་དོན་རིག་པའི་མངོན་སུམ་ཁོ་ནར་ཁས་ལེན་པ་ཡིན་ཏེ། དེ་ལས་གཞན་དུ་ན། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པར་ཐལ་བའི་ཕྱིར། སྐབས་འདིའི་མདོ་སྡེ་པ་དེས། དོན་རིག་མངོན་སུམ་རྣམས་ཀྱིས་རང་རིག་པར་ཁས་མི་ལེན་ཏེ། འབྲས་རྟོག་དང་པོ་ཁས་ལེན་པའི་མདོ་སྡེ་པའི་ངོར། དེའི་མྱོང་དེའི་བདག་ཉིད་དེ། །དེ་ཡང་གཞན་འགའ་ཞིག་གིས་མིན། །ཞེས་སོགས་ཀྱི་སྐབས་སུ་དོན་སྣང་གི་རྣམ་པར་ཤེས་པས། རང་རིག་པའི་ཚུལ་རྒྱས་པར་སྒྲུབ་པའི་ཕྱིར། དེ་བས་ན་ལུགས་འདི་ལ་དོན་རིག་མངོན་སུམ་དང༌། རང་རིག་མངོན་སུམ་འགལ་བ་ཁོ་ནར་མ་ཟད། ཚུ་རོལ་མཐོང་བའི་རྒྱུད་ཀྱི་དོན་རིག་པའི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་གཉིས་ལ་གཞི་མཐུན་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ལུགས་འདི་ལ་རང་རིག་དང་རང་རིག་པའི་མངོན་སུམ་ཡིན་ན་འཛིན་རྣམ་ཡིན་པས་ཁྱབ་པ་དང༌། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་ཡིན་པས་ཁྱབ་པ་ཡིན་ནོ། །གཉིས་པ་རྣམ་རྫུན་པའི་ལུགས་ལ། ཁ་ཕྱིར་ལྟའི་ཤེས་པ་རྣམས་ནི་རང་རིག་པ་མིན་ཏེ། དེ་དངོས་ཀྱི་རིག་བྱ་ཡིན་ན་ཤེས་པ་ཡིན་པར་འགལ་བའི་ཕྱིར་ཏེ། གཟུང་རྣམ་ཡིན་ན་ཤེས་པ་ཡིན་པར་འགལ་བའི་ཕྱིར། དེའི་ཕྱིར། ལུགས་འདིའི་རང་རིག་གི་ངོས་འཛིན་ཚུལ་ཡང་བཤད་མ་ཐག་པ་དེ་དང་འདྲའོ། །གཉིས་པ་སྐབས་སུ་བབས་པའི་དོན་བསྡུས་ཏེ་བསྟན་པ་ནི། འབྲས་རྟོག་གསུམ་པ་འཇོག་པའི་མདོ་སྡེ་པ་དེའི་ལུགས་ལ། དོན་རིག་པའི་མངོན་སུམ་ཡིན་ན་རང་རིག་པའི་མངོན་སུམ་ཡིན་དགོས་ཏེ། དེས་དོན་རིག་པར་བཤད་པ་བཏགས་པ་བ་དང༌། རང་རིག་པར་བཤད་པ་དེ་ནི་མཚན་ཉིད་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེའི་དངོས་ཀྱི་རིག་བྱ་ཡིན་ན་ཕྱི་དོན་ཡིན་པར་འགལ། ཤེས་པ་ཡིན་དགོས་པའི་ཕྱིར། ཡང་ལུགས་འདི་ལ་རྟོག་མེད་ལོག་ཤེས་ཡིན་ན་རང་རིག་པ་ཡིན་དགོས་ཏེ། དེའི་དངོས་ཀྱི་རིག་བྱ་ཡིན་ན་གཟུང་རྣམ་ཡིན་དགོས་པའི་ཕྱིར། རྟོག་པ་ཡིན་ན་ཡང་རང་རིག་པ་ཡིན་དགོས་ཏེ། དེའི་དངོས་ཀྱི་རིག་བྱ་ཡིན་ན་ཁོ་རང་གི་ཤེས་རྣམ་ཡིན་དགོས་པའི་ཕྱིར། དེས་ན་ལུགས་འདི་ལ་མངོན་སུམ་ཡིན་ན་རང་རིག་པའི་མངོན་སུམ་དང༌། ཤེས་པ་ཡིན་ན་རང་རིག་པ་ཡིན་པས་ཁྱབ་ལ། རྣམ་བདེན་པའི་ལུགས་ཀྱང་དེ་དང་ཚུལ་མཚུངས་ཤིང༌། ལུགས་འདི་གཉིས་ལ་མངོན་སུམ་བཞིའི་ཟླས་ཕྱེ་བའི་རང་རིག་མངོན་སུམ་ནི་འཛིན་རྣམ་ཁོ་ལ་འཆད་དགོས་པ་ཡིན་ཏེ། དེ་ཡིན་ན་དབང་པོ་ལ་བརྟེན་པའི་ཤེས་པ་མིན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། ཚད་མའི་མདོར། ཆགས་ལས་སོགས། རང་རིག་རྟོག་པ་མེད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། དབང་པོ་ལ་མི་བརྟེན་པའི་ཕྱིར་རང་རིག་པའི་མངོན་སུམ་མོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཤེས་པ་ཐམས་ཅད་བསྡུ་ན་གཉིས་སུ་འདུས་ཏེ། བདག་རྐྱེན་དང༌། དམིགས་རྐྱེན་གཉིས་ཀ་ལ་མི་ལྟོས་པ་དང༌། གང་རུང་ལ་ལྟོས་པའོ། །དང་པོ་ནི། ཤེས་པ་རྣམས་ཀྱི་མྱོང་བ་གསལ་རིག་གི་ཆ་ཡིན་ལ། མིང་གི་རྣམ་གྲངས་ནི། རང་རིག་མངོན་སུམ་དང༌། འཛིན་རྣམ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཞེས་བཤད་དོ། །གཉིས་པ་ལ་ནི་གཞན་རིག་གི་ཤེས་པ་ཞེས་བྱ་ལ། དེ་ལ་དབང་ཤེས་དང་ཡིད་ཤེས་ཀྱི་དབྱེ་བས་གཉིས་སུ་འགྱུར་ཞིང༌། གཉིས་པ་ལ་ཡང་རྟོག་པ་དང་རྟོག་མེད་ཀྱི་དབྱེ་བས་གཉིས་སོ། །དེ་ཐམས་ཅད་ཀྱི་སྟེང་གི་གསལ་རིག་གི་ཆ་དེ་ལ། རང་ཉམས་སུ་མྱོང་བའི་རང་རིག་ཅེས་གསུངས། འཛིན་རྣམ་ཞེས་ཀྱང་བྱ་ལ་དེ་རྣམས་རང་ལ་ནི་གཟུང་རྣམ་ཞེས་བྱའོ། །དེའི་ཚེ་ན་གཟུང་རྣམ་དེ་རང་ཉམས་སུ་མྱོང་བའི་འཛིན་རྣམ་དེའི་གཞལ་བྱ་དང་འཇུག་ཡུལ་དུ་ཁས་བླངས་པ་ལ་འགལ་བ་མེད་ཀྱང༌། གཟུང་ཡུལ་དང་སྣང་ཡུལ་ནི་མིན་ཏེ། དེ་དེ་ལ་མི་སྣང་བའི་ཕྱིར་རོ། །འོ་ན་རང་རིག་པ་དང་རང་རིག་ཙམ་ལ་ཁྱད་པར་དབྱེ་བ་དང༌། རང་རིག་པའི་མངོན་སུམ་དང༌། རང་རིག་མངོན་སུམ་ཁྱད་པར་དབྱེ་བ་འདི་ནི་ཚིག་གི་སྤྲོས་པ་ལྷུར་ལེན་པ་ཙམ་དུ་ཟད་ཀྱི། དོན་མེད་དོ་ཞེ་ན། མངོན་སུམ་བཞིའི་གྲངས་ངེས་མི་འཇོག་པ་དེའི་ཚེ་ཤེས་པ་ཡིན་ན་རང་རིག་ཡིན་པས་ཁྱབ་པ་དང༌། མངོན་སུམ་ཡིན་ན་རང་རིག་པའི་མངོན་སུམ་ཡིན་པས་ཁྱབ་པར་ཁས་བླངས་ཀྱང་འགལ་བ་མེད་མོད། འོན་ཀྱང་མངོན་སུམ་བཞིའི་གྲངས་ངེས་བྱེད་པ་དེའི་ཚེ་ན་དེ་ལྟ་མིན་ཏེ། བཞིའི་ཟླས་ཕྱེ་བའི་རང་རིག་ངོས་འཛིན་པ་དེའི་ཚེ། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་དང༌། དེ་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །ཞེས་གསལ་རིག་གི་ཆ་ཁོ་ན་ལ་བཤད་ལ། ཅི་སྟེ་རང་དངོས་མི་རིག་ན། །ཇི་ལྟར་གཞན་གྱི་ངོ་བོ་རིག །ཅེས་ཤེས་པ་ཐམས་ཅད་རང་རིག་པར་བཤད་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤོང་བ་ནི། དེ་ལྟར་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པ་ཁས་བླངས་པ་ལ་དར་ཊཱིཀ་མཛད་པ་ན་རེ། སྔོ་སྣང་དབང་ཤེས་ཀྱིས་སྔོ་སྣང་དབང་ཤེས་དང་སྔོན་པོ་གཉིས་ཀ་རིག་པར་ཐལ་ལོ། །འདོད་ནུས་པ་མིན་ཏེ། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་དེའི་གཞལ་བྱ་ཡིན་པར་ཐལ། དེ་ཁྱོད་ལ་རང་རིག་མངོན་སུམ་ཚད་མ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་དེའི་ཡུལ་མིན་པར་ཐལ། དེས་ཁྱོད་མ་ངེས་པའི་ཕྱིར། ཁྱབ་པ་ནི་ཇི་སྐད་དུ། ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་གསུངས་ལ། རྟགས་མ་གྲུབ་ན། དེ་ཁྱོད་ལ་རྟོག་པར་ཐལ་ལོ། །ཡང་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྟོས་ཏེ་ལྐོག་གྱུར་དུ་ཐལ། དེའི་རྒྱུད་ཀྱི་རྗེས་དཔག་ཚད་མས་གཞལ་བྱ་ཡིན་པའི་ཕྱིར། འདོད་ན། རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཐལ་ལོ། །ཡང་སྔོ་སྣང་དབང་ཤེས་དེ་རང་གི་ངོ་བོ་གཟུང་རྣམ་ལ་མངོན་སུམ་ཡིན་ནམ། རང་གི་ངོ་བོ་འཛིན་རྣམ་ལ་མངོན་སུམ་ཡིན། དང་པོ་ལྟར་ན་རང་གི་ངོ་བོ་འཛིན་རྣམ་ལ་ཡང་མངོན་སུམ་དུ་ཐལ། རང་གཟུང་རྣམ་ལ་མངོན་སུམ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དེ་འདོད་ན། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པར་ཐལ། རང་གི་ངོ་བོ་འཛིན་རྣམ་ལ་རང་རིག་མངོན་སུམ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཡང་ཉེས་པ་དེ་ཉིད་དོ། །གཞན་ཡང་ཁ་ཕྱིར་ལྟའི་ཤེས་པ་རྣམས། ཁ་ཕྱི་ནང་དུ་རིམ་གྱིས་བལྟ་བ་ཡིན་ནམ་གཅིག་ཆར་དུ་ལྟ་བ་ཡིན། དང་པོ་ལྟར་ཁ་ནང་དུ་མི་ལྟ་བའི་ཤེས་པ་ཅུང་ཟད་ཅིག་ཡོད་པར་ཐལ་ལོ། །གཉིས་པ་ལྟར་ན། ཁ་ནང་ལྟའི་ཤེས་པ་ཐམས་ཅད་ཁ་ཕྱིར་ལྟའི་ཤེས་པར་ཁས་བླངས་པས་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པས་ཁྱབ་པའི་དམ་བཅའ་ཉམས་ཞེས་ཟེར་རོ། །དེའི་ལན་ནི། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །ཞེས་སོགས་ཀྱི་ལུང་དང་འགལ་བ་མིན་ཏེ། ལུང་དེའི་དོན་ནི་གཙོ་བོ་གཟུགས་འཛིན་དབང་ཤེས་ཀྱིས་ཁོ་རང་གི་འཁོར་དུ་བྱུང་བའི་བདེ་སོགས་མྱོང་བར་ཕྱོགས་སྔ་མས་ཁས་བླངས་པ་ལ། འོ་ན་བདེ་སོགས་ཆོས་ཅན། དེའི་གཟུང་དོན་ཡིན་པར་ཐལ། ཁྱོད་བེམ་པོ་གང་ཞིག དེས་ཁྱོད་རྟོགས་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས། འདོད་ན་གཙོ་བོ་གཟུགས་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཀྱིས་དེ་གཉིས་ཀ་གཟུང་དོན་དུ་བྱས་ནས་ཤེས་པ་མིན་ཏེ། གཟུགས་ཁོ་ནའི་གཟུང་དོན་ཅན་དུ་ངེས་པའི་ཕྱིར། དེས་ཁྱོད་ལ་ཕན་མི་འདོགས་པའི་ཕྱིར་ཞེས་འཆད་དགོས་པ་ཡིན་ཏེ། དབང་པོའི་སེམས་ནི་དེས་ཕྱིར་དང༌། །བདེ་སོགས་མེད་ཀྱང་དོན་དག་ལས། །སྐྱེ་ཕྱིར་དེ་ནུས་གྲུབ་མེད་ཕྱིར། །ཞེས་གསུངས་པའི་ཕྱིར་དང༌། གོང་འོག་གི་འཕྲོས་ལས་གསལ་བའི་ཕྱིར། ལུང་དང་འགལ་བའི་ཉེས་པ་འདི་ནི་ཁྱོད་ལ་འཇུག་གོ །འདི་ལྟར། བདེ་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་བདེ་སོགས་མྱོང་བ་མིན་པར་ཐལ། དེས་ཁྱོད་ལ་ཕན་པའི་ནུས་པ་གྲུབ་པ་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཁྱོད་དེའི་འབྲས་བུར་ཐལ་ལོ། །ཅི་སྟེ། གཟུང་དོན་དུ་བྱས་ཏེ་འཛིན་པ་མིན་ཏེ་ཞེས་པ་གཞུང་གི་དོན་ཡིན་ནོ་ཞེ་ན། དེ་ལྟར་ན་གཞུང་དེས་ཁོ་བོ་ཅག་ལ་མི་གནོད་དེ། ཁོ་བོ་ཅག་གི་ཤེས་པ་རང་ཉིད་རང་གི་གཟུང་དོན་དུ་ཁས་བླངས་པ་མེད་པའི་ཕྱིར། ཐལ་བ་གཉིས་པས་ཀྱང་མི་གནོད་དེ། འདི་ལྟར། སྒྲ་མི་རྟག་པ་རང་མཚན་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འཛིན་སེམས་ཀྱི་ཡུལ་མིན་པར་ཐལ། དེས་མ་ངེས་པའི་ཕྱིར། འདོད་མི་ནུས་ཏེ་དེའི་འཇུག་ཡུལ་ཡིན་པའི་ཕྱིར། ཤེས་བྱ་ཐམས་ཅད་ཆོས་ཅན། ཁྱོད་ཁྱོད་རང་བདག་མེད་དུ་རྟོགས་པའི་རྗེས་དཔག་གི་ཡུལ་མིན་པར་ཐལ། དེས་ཁྱོད་མ་ངེས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེའི་ཞེན་ཡུལ་ཡིན་པའི་ཕྱིར། ཡང་ཁྱོད་རང་ལྟར་ན། སྒྲ་མི་རྟག་པའི་དོན་སྤྱི་ཆོས་ཅན། དེའི་ཡུལ་མིན་པར་ཐལ། དེས་ཁྱོད་མ་ངེས་པའི་ཕྱིར། མ་གྲུབ་ན། དེས་ཁྱོད་རྟོགས་པར་ཐལ། ཚད་མ་དེས་ཁྱོད་ངེས་པའི་ཕྱིར། འདོད་ན། དེ་ཁྱོད་ལ་ལོག་ཤེས་མིན་པར་ཐལ་ལོ། །ཞེས་འཕངས་པས་འཁོར་གསུམ་གྲུབ་མཐའ་ལ་ཁས་བླངས་སོ། །དེ་བས་ན་གཞུང་འདིའི་དོན་སྒྲ་མི་རྟག་པ་རང་མཚན་དེ་སྒྲ་བྱས་པར་ངེས་པའི་ངེས་ཤེས་སྒྲུབ་པས་འཇུག་པའི་ཡུལ་དུ་བྱེ་བྲག་པས་ཁས་བླངས་པ་ལ་གཞུང་དེ་གསུངས་པ་ཡིན་ནོ། །དེས་ན་དེ་ཆོས་ཅན། དེའི་སྣང་ཡུལ་མིན་ཏེ། དེས་མ་ངེས་པའི་ཕྱིར་ཞེས་པའོ། །རང་ལུགས་ལ་ནི། སྒྲ་མི་རྟག་པའི་དོན་སྤྱི་རྗེས་དཔག་དེའི་གཞལ་བྱ་དང༌། དེས་ངེས་པར་ཁས་ལེན་དགོས་ཏེ། གཞན་དུ་ན་རྗེས་དཔག་དེའི་གཞལ་བྱ་སྤྱི་མཚན་མེད་པར་ཐལ་བའི་ཕྱིར་རོ། །ཐལ་བ་གསུམ་པས་ཀྱང་མི་གནོད་དེ། རྒྱང་འཕེན་གྱི་རྒྱུད་ཀྱི་དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་རྒྱུད་ལྡན་གྱི་རྒྱང་འཕན་ལ་ལྐོག་གྱུར་དུ་ཐལ། དེའི་རྒྱུད་ཀྱི་རྗེས་དཔག་ཚད་མས་གཞལ་བར་བྱ་བ་ཡིན་པའི་ཕྱིར་ཏེ། དེའི་ངོར་རྟགས་ཡང་དག་གི་སྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། ཁས་བླངས་མོད། རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཐལ་ལོ། །ཁྱེད་ལ་ཁས་བླངས་ནང་འགལ་བ་ཡང་འདི་ལྟར། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་ཡིད་ཀྱི་མངོན་སུམ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེ་ལ་ལྐོག་གྱུར་དུ་ཐལ། དེའི་རྒྱུད་ཀྱི་ཡིད་ཆེས་པའི་རྗེས་དཔག་ཁོ་ནས་གཞལ་བྱ་ཡིན་པའི་ཕྱིར། འདོད་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པར་ཐལ་ལོ། །འོ་ན་ཁྱེད་རང་གི་ལུགས་ལ་ཅི་ཞེ་ན། རང་བློའི་ཐ་སྙད་རང་ལ་ལྐོག་ཏུ་གྱུར་པ་ནི་ཤིན་ཏུ་མང་ལ་དོན་ལྐོག་ཏུ་གྱུར་པ་མི་སྲིད་དོ། །ཐལ་བ་བཞི་པས་ཀྱང་མི་གནོད་དེ། མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། འོ་ན་སྔོ་སྣང་དབང་ཤེས་ཀྱི་གཟུང་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྔོ་སྣང་དབང་ཤེས་ཀྱི་འཛིན་རྣམ་ལ་རང་རིག་མངོན་སུམ་དུ་ཐལ། དེའི་གཟུང་རྣམ་ལ་དེ་གང་ཞིག་དེ་གཉིས་གྲུབ་བདེ་རྫས་གཅིག་པའི་ཕྱིར། འདོད་ན་དེའི་འཛིན་རྣམ་ཆོས་ཅན། དེའི་གཟུང་རྣམ་དུ་ཐལ། ཤེས་པ་གང་ཞིག་དེའི་མྱོང་བྱ་ཡིན་པའི་ཕྱིར། འདོད་ན་ཁ་ཕྱིར་ལྟའི་ཤེས་པར་ཐལ་ལོ། །གཞན་ཡང་ཁྱོད་ལ་ཁས་བླངས་ནང་འགལ་བ་འདི་ལྟར་འབྱུང་སྟེ། སྔོ་འཛིན་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྔོན་པོ་ལ་རང་རིག་མངོན་སུམ་དུ་ཐལ། སྔོ་འཛིན་མངོན་སུམ་ལ་དེ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་མོད། དེ་གཉིས་ཆོས་ཅན། དེར་ཐལ། རྫས་སུ་གྲུབ་པ་གང་ཞིག་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། འཁོར་གསུམ་དངོས་སུ་ཁས་བླངས་པ་ཡིན་ནོ། །ནང་འགལ་གཉིས་པ་ནི་གཙོ་བོ་སྔོན་སྣང་དབང་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རང་གི་གཙོ་བོ་སེམས་ལ་རང་རིག་མངོན་སུམ་དུ་ཐལ། དེ་ལ་དེ་གང་ཞིག དེ་གཉིས་གྲུབ་བདེ་རྫས་གཅིག་པའི་ཕྱིར་རྟགས་གཉིས་པ་དངོས་འགལ། འདོད་ན་གཙོ་བོ་དབང་ཤེས་ཆོས་ཅན། སེམས་བྱུང་དུ་ཐལ། ཚོར་བ་བདེ་བ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་མྱོང་བྱ་ཡིན་པའི་ཕྱིར། ཁྱབ་པ་ཡང་ཁྱོད་ཀྱིས་ཁས་བླངས་ཏེ། །གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །ཞེས་པའི་གཞུང་དོན་དེ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཁྱེད་རང་གི་ལུགས་ལ་ཅི་ཞེ་ན། མཚུངས་ལྡན་རྣམ་པ་ལས་མཚུངས་པར་ལྡན་པའི་གཙོ་འཁོར་ཐམས་ཅད་རང་རིག་གཅིག་གི་མྱོང་བྱ་ཡིན་ཏེ། དེ་ཐམས་ཅད་ཀྱི་ནང་ལྟ་གསལ་རིག་གི་ཆ་དེ་ཡུལ་དང༌། དུས་དང༌། ངོ་བོ་དང༌། ཤེས་རྒྱུད་གཅིག་གིས་བསྡུས་ཤིང༌། རང་གི་མྱོང་བྱར་གྱུར་པའི་གཟུང་རྣམ་ཐམས་ཅད་དང༌། དམིགས་རྣམ་མཚུངས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་གཙོ་འཁོར་ཐམས་ཅད་སྡོམ་ནས་ངེས་ཤེས་གཅིག་ཁོ་ན་འདྲེན་པ་ཡིན་ནོ། །གཉིས་པ་རྣལ་མ་ནི། གྲུབ་བདེ་རྫས་གཅིག་པའི་ཆོས་གཉིས་ལས། གཅིག་ལ་མངོན་སུམ་དུ་སོང་ན། གཅིག་ཤོས་ལ་ཡང༌། སྤྱིར་མངོན་སུམ་དུ་འགྲོ་དགོས་པ་ཡིན་མོད། མངོན་སུམ་དུ་འགྲོ་ཚུལ་གྱི་ཁྱད་པར་སོ་སོར་ངེས་པ་ཡིན་ཏེ། དཔེར་ན་ཁྱེད་རང་གི་ལུགས་ལ་སྔོ་འཛིན་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་དེ སྔོན་པོ་དང༌། སྔོན་འཛིན་མངོན་སུམ་གཉིས་ཀ་ལ། མངོན་སུམ་གྱི་ཚད་མར་སོང་བར་འདྲ་ནའང༌། རང་རིག་དང༌། གཞན་རིག་ཏུ་འགྲོ་ཚུལ་སོ་སོར་ངེས་པ་བཞིན་དང༌། ཁོ་བོ་ཅག་ལྟར་ན་ཤེས་པ་གཅིག་གི་གཟུང་རྣམ་དེ། རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་ཀྱང་ཤེས་པ་དེའི་འཛིན་རྣམ་ལ་རང་རིག་མངོན་སུམ་དུ་ཁས་མི་ལེན་པ་བཞིན། དེ་དེར་ཁས་བླངས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟ་ན་ནི་འཛིན་རྣམ་གཞལ་བྱ་ལ་གཟུང་རྣམས་ཚད་མར་ཁས་ལེན་རིགས་པར་འགྱུར་རོ། །ཉེས་པ་ལྔ་པས་ཀྱང་མི་གནོད་དེ། འདི་ལྟ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། སངས་རྒྱས་ཀྱི་ཡེ་ཤེས་དེ་ཁ་ཕྱི་ནང་དུ་གཅིག་ཆར་དུ་ལྟའམ། རིམ་གྱིས་ལྟ་བ་ཡིན། དང་པོ་ལྟར་ན་ཁ་ནང་དུ་མི་ལྟ་བའི་སངས་རྒྱས་ཀྱི་ཡེ་ཤེས་ཅུང་ཟད་ཅིག་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པ་ཉམས་སོ། །གཉིས་པ་ནི། དོན་རིག་མངོན་སུམ་ཐམས་ཅད་ལ་ཁ་ནང་ལྟ་དང༌། ཕྱིར་ལྟའི་ཆ་གཉིས་གཉིས་ཡོད་པར་ཁས་བླངས་ཀྱི། ཕྱིར་ལྟའི་ཤེས་པ་ཐམས་ཅད་ནང་ལྟའི་ཤེས་པར་ཁས་བླངས་པ་མེད་པས་ཉེས་པ་མེད་དོ། །འོ་ན་ཕྱི་ལྟའི་ཤེས་པ་དེ་རང་གི་ངོ་བོ་ལ་རང་རིག་ཏུ་ཁས་བླངས་པ་མིན་ནམ་ཞེ་ན། ཡིན་མོད། དེའི་ཚེ་དེ་ལ་ནང་ལྟའི་ཆ་གཅིག་ཡོད་པར་ཁས་བླངས་ཀྱི་ཕྱིར་ལྟ་དེ་ཉིད་ནང་ལྟ་ཡིན་པར་ཁས་མ་བླངས་སོ། །དེ་ནས་གཞན་གྱི་ཕྱོགས་ལ་ཉེས་པ་བརྗོད་པར་བྱ་སྟེ། དེ་ཡང་བོད་ཕྱི་རབས་པ་ཕལ་ཆེ་བ་ན་རེ། ཤེས་པ་ཐམས་ཅད་ལ་མྱོང་བྱེད་རང་རིག་མངོན་སུམ་ཚད་མ་རེ་རེ་ཡོད་པ་ཡིན་གྱི། ཤེས་པ་རང་གི་རང་རིག་པ་རང་རིག་གི་དོན་དུ་འཆད་པ་ནི་རིགས་པ་མིན་ཏེ། དེ་ལྟ་ན་ཤེས་པ་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ། །ཞེས་ཟེར་འདི་ནི་རིགས་པ་མིན་ཏེ། ལུང་དང་འགལ་བ་རིགས་པ་དང་འགལ་བ། ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། འོ་ན་སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་ཤེས་པ་ཡིན་ན་རང་ལས་ཐ་དད་ཡིན་དགོས་པར་ཐལ། དེ་ཉམས་སུ་མྱོང་བྱེད་ཀྱི་ཤེས་པ་ཡོད་དེ་དང་གཅིག་ཡིན་ན་དེ་མྱོང་བྱེད་ཀྱི་ཤེས་པ་ཡིན་པར་འགལ་བའི་ཕྱིར། དེ་འདོད་ན། བློ་རང་རིག་ཏུ་སྒྲུབ་པའི་སྐབས་སུ་བློ་ཉིད་དེ་ལས་ཐ་དད་གཞན། །དེ་ཤེས་གང་ཡིན་ཅུང་ཟད་ཀྱང༌། །རྟོག་མེད་ཅེས་གསུངས་པ་རང་འགལ། གཞན་ཡང༌། ལྷ་སྦྱིན་གྱི་ཤེས་པས་མཆོད་སྦྱིན་གྱི་ཤེས་པ་མྱོང་བར་ཐལ། སྔོ་སྣང་དབང་ཤེས་མྱོང་བྱེད་ཡིན་ན་དེ་དང་ཐ་དད་ཡིན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། གཞན་གྱི་རིགས་ཡིན་ན། །གཞན་གྱིས་ཀྱང་ནི་དེ་སྤྱོད་འགྱུར། །ཞེས་གསུངས་སོ། །གལ་ཏེ་གཞུ་དེའི་དོན་མྱོང་བྱེད་རྫས་གཞན་མེད་པ་ལ་དགོངས་པ་ཡིན་ནོ་ཞེ་ན། འོ་ན་བློ་ཉིད་དེ་ལ་ཐ་དད་གཞན། །ཞེས་གསུངས་པའི་གཞུང་གི་དོན་བློ་གང་ཞིག རང་ལས་རྫས་ཐ་དད་པའི་མྱོང་བྱེད་མེད་ན་རང་མྱོང་བྱེད་ཀྱི་རང་རིག་མངོན་སུམ་ཡོད་པར་གྲུབ། ཅེས་པར་སོང་བས། དེ་ལྟ་ན་ནི་སྐབས་དེའི་རྒོལ་བ་གྲངས་ཅན་གྱིས་ཁྱབ་པ་ལ་དངོས་སྐྱོན་ཐོངས་པ་ཡིན་ཏེ། ཇི་ལྟར་ཞེ་ན། བློའམ་ཆེན་པོ་ཆོས་ཅན། རང་མྱོང་རང་རིག་མངོན་གསུམ་ཡོད་པར་ཐལ། བློ་གང་ཞིག རང་གི་མྱོང་བྱེད་རང་ལས་རྫས་གཞན་མེད་པའི་ཕྱིར་ཏེ། དེ་ཡོད་ན་སྐྱེས་བུས་མྱོང་དགོས་པ་ལ་མ་མྱོང་བའི་ཕྱིར་ཏེ། སྐྱེས་བུས་བློ་ལ་གནས་པའི་བདེ་སོགས་དེ་མྱོང་བ་ཡིན་གྱི། བློ་རང་ཉིད་མྱོང་བ་མིན་པའི་ཕྱིར་ཞེས་བྱ་བ་ནི་གྲངས་ཅན་གྱི་གྲུབ་པའི་མཐའ་ལ་གནས་པས་སོ། །དེས་ན་གཞུང་གི་དགོངས་པ་ནི་བདེ་སོགས་བློ་ཡིན་པར་གྲུབ་པ་ན་རང་རིག་པར་ཡང་བདེ་བླག་ཏུ་འགྲུབ་པ་ཡིན་ཏེ། དེར་གྲུབ་པ་ན། དེ་ལ་མྱོང་བྱེད་གཅིག་ཡོད་པར་གྲུབ། རང་ལས་ཐ་དད་པའི་མྱོང་བྱེད་མེད་པའི་ཕྱིར། རྟགས་དང་པོ་གྲངས་ཅན་གྱི་ཁས་ཀྱང་བླངས་ཏེ། མྱོང་བ་གློ་གནས་དེ་རིག་ན། །ཞེས་ཁས་བླངས་པས་སོ། །རྟགས་གཉིས་པ་མ་གྲུབ་ན། དེ་གང་ཡིན་སྐྱེས་བུ་ཡིན་པ་ནི་སྔར་བཀག་ཟིན་ལ། ཤེས་པ་ཕྱི་མ་ཡིན་པར་འདོད་ན་གཞན་གྱིས་ཀྱང་ནི་དེ་སྤྱོད་འགྱུར། ཞེས་པའི་རིགས་པས་འགོག་པ་ཡིན་ནོ། །ལུང་དང་འགལ་བ་གཉིས་པ་ནི། བདེ་སོགས་རང་གིས་རང་མི་རིག་ན་གཞན་གྱིས་རིག་དགོས་པས། དབང་ཤེས་ཀྱི་རིག་པ་ཡིན་ནམ་ཡིད་ཤེས་ཀྱི་རིག་པ་ཡིན་ནམ། དེ་གཉིས་སུ་མ་འདུས་པ་གཞན་ཡོད། གསུམ་པ་མི་འཐད་དེ། བྱེ་བྲག་པས་བདེ་སོགས་རང་གིས་རང་མི་རིག་པར་ཁས་བླངས་པ་ལ། རིགས་པ་མཁྱེན་པས། གཞན་གྱི་རིག་ཚུལ་དེ་གཉིས་སུ་ཁ་ཚོན་བཅད་ནས་དགག་པ་མཛད་པའི་ཕྱིར། དང་པོ་ལྟར་ན། དེ་བོར་ནས་ནི་བདེ་སོགས་ཉིད། །དེས་ནི་ཇི་ལྟར་རྟོགས་པར་འགྱུར། །ཞེས་པའི་རིགས་པས་གནོད་དོ། །གཉིས་པ་ལྟར་ན། རིམ་གྱི་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། །ཞེས་དང༌། ཡུལ་དེ་དང་ནི་དེ་ཡོད་ལས། །བློ་ནི་གཅིག་ཆར་སྐྱེས་ན་ནི། །གཅིག་ཆར་དོན་ནི་ཡོད་པ་ན། །བདེ་སྡུག་དག་ནི་རིག་པར་འགྱུར། །ཞེས་པའི་རིགས་པས་གང་བཀག་པ་དེ་ཉིད་སླར་འོངས་པ་ཡིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། གཟུགས་འཛིན་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། ཁྱོད་རང་རིག་མངོན་སུམ་མིན་པར་ཐལ། ཁྱོད་ཀྱི་ཉམས་སུ་མྱོང་བྱ་ཡིན་ན་ཁྱོད་ཡིན་པར་འགལ་བའི་ཕྱིར། དཔེར་ན། མར་མེའི་གསལ་བྱ་ཡིན་ན་མར་མེ་ཡིན་པར་འགལ་བས་ཁྱབ་ན། མར་མེ་རང་གསལ་མ་ཡིན་པར་འདོད་དགོས་པ་བཞིན་ནོ། །གཞན་ཡང་ཁྱོད་ལྟར་ན་གཟུགས་འཛིན་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་དབང་ཤེས་ཡིན་ནམ། ཡིད་ཤེས་ཡིན་ནམ། ཕུང་པོ་གསུམ་པ་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། གཟུགས་འཛིན་དབང་ཤེས་སུ་ཐལ། དབང་ཤེས་གང་ཞིག་གཞན་བཞི་པོ་གང་རུང་མིན་པའི་ཕྱིར། འདོད་ན་གཟུགས་འཛིན་དབང་ཤེས་རང་གིས་རང་རིག་པར་ཐལ་ལོ། །གཉིས་པ་ལྟར་ན་གཟུགས་འཛིན་དབང་ཤེས་འཁོར་གྱི་བདེ་སོགས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཀྱང་ཡིད་ཤེས་སུ་ཁས་ལེན་དགོས་པར་འགྱུར་ལ། འདོད་ན། བདེ་སོགས་ཡིད་ཤེས་ཀྱིས་མྱོང་བར་འདོད་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པས་མུ་སྟེགས་བྱེ་བྲག་པའི་ལུགས་བླ་ན་མེད་པ་དེ་ཉིད་འདི་ཡིན་ནོ། །གསུམ་པ་ལྟར་ན་ཁྱོད་ཀྱི་ཤེས་པ་ཐམས་ཅད་དབང་ཤེས་དང༌། ཡིད་ཤེས་གཉིས་སུ་ཁ་ཚོན་བཅད་པ་དེ་ཉམས་སོ། །གཞན་ཡང་ཚོར་བ་བདེ་བ་ཉམས་སུ་མྱོང་བའི། རང་རིག་མངོན་སུམ་དེ་ཚོར་བ་བདེ་བ་ཡིན་ནམ་མིན། དང་པོ་ལྟར་ན་བདེ་བར་རང་གིས་རང་རིག་པར་ཐལ་བ་དང༌། དེ་ཆོས་ཅན། ཁ་ཕྱི་རོལ་དུ་ཕྱོགས་པར་ཐལ། གཙོ་བོ་གཟུགས་འཛིན་དབང་ཤེས་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པའི་ཕྱིར། གཉིས་པ་ལྟར་ན། སེམས་བྱུང་མིན་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་ལ་སོགས་པ་རེ་རེ་ནས་མིན་པའི་ཕྱིར། འདོད་ན་གཙོ་བོ་སེམས་ཡིན་པར་འགྱུར་ཏེ། ཤེས་པ་ཡིན་སེམས་བྱུང་མིན་པའི་ཕྱིར། ཁྱབ་པ་མེད་ན་ཁྱེད་ཅག་གི་ལུགས་ལ། ཤེས་པ་ཐམས་ཅད་དེ་གཉིས་སུ་ཁ་ཚོན་ཆོད་པ་ཉམས་སོ། །གསུམ་པ་ཁས་བླངས་འགལ་བ་ནི། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ངེས། །རང་རིག་ཉམས་སུ་མྱོང་ངམ་མ་མྱོང༌། །མྱོང་ན་དེ་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འགྱུར། དེ་ཡང་འདོད་ན། ཤེས་པ་ཐ་མས་རང་གི་ངོ་བོ་ལ་རང་རིག་མངོན་སུམ་དུ་འགྱུར་ཏེ། ཤེས་པ་གཅིག་རང་གི་ངོ་བོ་ལ་དེ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། རང་གི་ངོ་བོ་ཉམས་སུ་མྱོང་བར་ཐལ། གཟུགས་འཛིན་དབང་ཤེས་ཉམས་སུ་མྱོང་བ་གང་ཞིག དེ་དང་རང་གི་ངོ་བོ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པ་དང༌། མྱོང་བྱ་དང་མྱོང་བྱེད་ཐ་དད་པ་གཉིས་སུ་སོ་སོར་མི་འབྱེད་པ་དང༌། རང་མྱོང་བྱེད་ཡིན་ན་རང་ལས་ཐ་དད་མིན་དགོས་པ་དང༌། རང་གི་མྱོང་བྱ་ཡིན་ན་རང་དང་གཅིག་ཡིན་དགོས་པ་སོགས་ཁས་བླང་བར་བྱ་བ་ཡིན་ཏེ། རང་རིག་གི་སྒྲུབ་བྱེད་འཆད་པ་ན། མར་མེས་རང་གཞན་གཉིས་ཀ་གསལ་བ་དཔེར་བྱས་པ་དང༌། རང་གིས་རང་མི་རིག་ན་མྱོང་བྱེད་ཐུག་མེད་དུ་ཐལ་བ་སོགས་འཕངས་པའི་ཕྱིར། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ། རྣམ་བདེན་པ་དང༌། མདོ་སྡེ་པ་ལྟར་ན་སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱི་མཚན་གཞི་ནི། སྔོ་སྣང་དབང་ཤེས་ཀྱི་སྟེང་གི་མྱོང་བ་གསལ་རིག་ཡུལ་གྱིས་ཁ་མ་བསྒྱུར་བའི་ཆ་དེ་ཉིད་ཡིན་ལ། དེ་ལ་འཛིན་པའི་རྣམ་པར་ཞེས་ཀྱང་བྱ། མྱོང་བྱ་ནི་སྔོ་སྣང་དབང་ཤེས་ཡུལ་སྔོན་པོ་དང་རང་འདྲ་བར་སྐྱེས་པའི་ཆ་དེ་ཉིད་ཡིན་ལ། དེ་ལ་མིང་གི་རྣམ་གྲངས་གཟུང་བའི་རྣམ་པ་ཞེས་ཀྱང་བྱའོ། །འོ་ན་གཟུང་རྣམས་ཆོས་ཅན། ཁྱོད་ཀྱི་མྱོང་བྱ་ཡིན་ན། ཁྱོད་དང་ཐ་དད་ཡིན་དགོས་པར་ཐལ། ཁྱོད་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡིན་ན་འཛིན་རྣམ་ཡིན་དགོས། འཛིན་རྣམ་ཡིན་ན་ཁྱོད་དང་ཐ་དད་ཡིན་དགོས་པའི་ཕྱིར། ཞེས་པའི་ཉེས་པ་འདི་ཁྱེད་ལ་འཇུག་པ་མིན་ནམ་ཞེ་ན། མིན་ཏེ། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡིན་ན། དེ་དང་ཐ་དད་ཡིན་དགོས། སྤྱིར་དེ་ཉམས་སུ་མྱོང་བའི་ཤེས་པ་ཡིན་ན་དེ་དང་ཐ་དད་ཡིན་མི་དགོས་པའི་ཕྱིར། གལ་ཏེ་དེ་ཉམས་སུ་མྱོང་བའི་ཤེས་པ་ཡིན་ན་དེ་མྱོང་རང་རིག་ཡིན་དགོས་སོ་ཞེ་ན། དེ་ནི་དགོས་པ་མིན་ཏེ། དཀར་འཛིན་ཤེས་པ་ཆོས་ཅན། དེ་མྱོང་རང་རིག་ཏུ་ཐལ། དེ་ཉམས་སུ་མྱོང་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་དཀར་པོ་གསལ་བར་སྣང་བ་དེ་ཁྱོད་རང་གི་དངོས་པོ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། ཇི་ལྟར་རང་དངོས་འོ་ན་དེ། །རང་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་གསུང༌། གཞན་ཡང༌། གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། གཞན་གྱི་སེམས་མྱོང་བའི་རང་རིག་ཏུ་ཐལ། དེ་ཉམས་སུ་མྱོང་བའི་ཕྱིར། འདོད་པ་ནུས་པ་མིན་ཏེ། ཇི་སྐད་དུ། གལ་ཏེ་དེ་སྐྱེས་པ་དང་དེར། །སྣང་བའི་བློས་རིག་གཞན་མིན་ན། །དམིགས་པར་བྱེད་པ་གཞན་ལ་ཡང༌། །གཉིས་ནི་གདོན་མི་ཟ་བར་ཡོད། །ཅེས་གསུངས་པའི་ཕྱིར། ཡང༌། ཁ་ཕྱིར་ལྟའི་ཚོར་བ་བདེ་བ་ཆོས་ཅན། བདེ་བ་ཉམས་སུ་མྱོང་བའི་རང་རིག་ཏུ་ཐལ། བདེ་བ་མྱོང་བའི་ཤེས་པ་ཡིན་པའི་ཕྱིར་རོ། །རང་གཞན་གྲུབ་མཐའི་དེ་ཉིད་ལེགས་གོ་ནས། རང་རིག་རྣམ་གཞག་འཆད་མཁས་ངོ་མཚར་ཅན། །རང་གིས་རང་ལ་ཡིད་ཆེས་རྙེད་དེ་དག །རང་ལ་ཡིད་བརྟོན་ཀུན་གྱི་ཕྱག་གི་གནས། །རང་དང་མཉམ་པ་ཀུན་ལ་ཕྲག་དོག་ཅིང༌། །རང་ལས་མཐོ་ལ་ནམ་ཡང་འགྲན་སེམས་ཅན། །རང་ཉིད་ཆེན་པོར་འཆོས་པའི་མངོན་རློམ་གྱིས། །རང་མཚན་གསལ་བར་སྟོན་པ་འགའ་མེད་དམ། །ཞེས་བྱ་བ་འདིས་ནི་ཚུ་རོལ་མཐོང་བའི་མངོན་སུམ་གྱི་གནས་ལེགས་པར་གྲུབ་པ་ཡིན་ནོ། །ཕ་རོལ་རྒོལ་བས་ནམ་ཡང་མི་རྫི་ཞིང༌། །ཕ་མཐའ་མེད་པའི་ཆོས་ཚུལ་ཀུན་མཁྱེན་ནས། །ཕ་མ་བཞིན་དུ་ཀུན་ལ་ལེགས་འདོམས་པའི། །ཕ་གཅིག་བརྩེ་བའི་ཕྱག་རིངས་འདིར་རྐྱོང་ཞིག །ཅེས་མཆོད་པར་བརྗོད་ནས། བཞི་པ་རྣལ་འབྱོར་མངོན་སུམ་ལ། མཚན་ཉིད་མདོར་བསྟན། རྣམ་གཞག་རྒྱས་པར་བཤད། མངོན་སུམ་བཞིའི་གྲངས་ངེས་བསྟན་པས་འཇུག་བསྡུ་བའོ། །དང་པོ་ནི། རང་གི་བདག་རྐྱེན་འཕགས་ལམ་དངོས་སུ་སྐྱེད་པ་ལ་བདག་པོར་གྱུར་པའི་ཏིང་ངེ་འཛིན་ལས་བྱུང་ཞིང༌། རང་ཡུལ་མ་འདྲེས་པའི་དོན་གསལ་བར་མཐོང་བའི་མ་འཁྲུལ་པའི་རིག་པའོ། །འདིར་ཏིང་ངེ་འཛིན་བདག་མེད་པའི་དོན་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ལ་བྱ་བ་ཡིན་གྱི། འཇིག་རྟེན་པའི་དགེ་བ་དག་པ་པ་ལ་བྱ་བ་མིན་ཏེ། ཇི་སྐད་དུ། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་སྒོམ་བྱུང་ཡིན། །ཞེས་གསུངས་པས་སོ། །མ་འདྲེས་པའི་དོན་ནི་ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པ་ཡིན་ལ། དེ་ལ་ཡང་ཕྱི་རོལ་གྱི་དོན་རང་མཚན་དང༌། ཤེས་པ་རང་མཚན་གཉིས་སོ། །དང་པོ་གཟུང་དོན་དུ་བྱས་ནས་འཛིན་པ་ནི་མིན་ཏེ། དེ་ལྟར་བྱས་ནས་འཛིན་པའི་མངོན་སུམ་དེ་ནི་འཕགས་པའམ། སོ་སྐྱེ་གང་གི་རྒྱུད་ལ་ཡོད་ཀྱང་རུང༌། དབང་ཡིད་ཀྱི་མངོན་སུམ་ལས་མ་འདས་པས་སོ། །འོ་ན་ཅི་ཞེ་ན། མ་འོངས་པའི་གཟུགས་སོགས་དང༌། འགགས་ནས་ཡུན་རིང་དུ་ལོན་པ་དང༌། དུས་མཉམ་པའི་གཟུགས་སོགས་ཀུན་རྫོབ་རྣམས་གསལ་བར་སྣང་བའོ། །དོན་དེ་ལ་དགོངས་ནས། རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། གཟུང་འཛིན་གཉིས་སྟོང་གི་ཤེས་པ་དོན་དམ་པའི་བདེན་པ་དང༌། གཟུང་འཛིན་གཉིས་སྣང་གི་ཤེས་པ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པའོ། །གོམས་པའི་སྟོབས་ཀྱིས་དང་པོ་ཉམས་སུ་མྱོང་བའི་འཕགས་པའི་ལམ་ཤེས་པ་ནི་རྣལ་འབྱོར་མངོན་སུམ་ཁོ་ན་ཡིན་ལ། གཉིས་པ་ཉམས་སུ་མྱོང་བའི་རང་རྒྱུད་ཀྱི་ཤེས་པ་ནི་སྐྱེ་འཕགས་གང་ལ་ཡོད་ཀྱང་རུང༌། རང་རིག་པའི་མངོན་སུམ་ཁོ་ན་ཡིན་ལ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་བསྡུས་པ་རྣམས་ནི། འཕགས་རྒྱུད་ལ་ཡོད་པ་རྣམས་སྣང་བཅས་རྣལ་འབྱོར་མངོན་སུམ་དང༌། སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་རྣམས་ནི་མངོན་པར་ཤེས་པ་ཡིན་ཀྱང་མངོན་སུམ་དུ་བསྡུ་བར་མི་ནུས་སོ། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་པའི་དོན་ཕྱི་རབས་པ་དག་མེད་དགག་ལ་འཆད་པ་ནི། མ་ཤེས་པ་ཡིན་ཏེ། སྤྱི་མཚན་ཡིན་ནམ་འདྲེས་པའི་དོན་མིན་དགོས་པའི་ཕྱིར། དེ་བས་ནས་མདོ་སྡེ་པའི་ལུགས་སོར་བཞག་པ་ན། སྣང་བཅས་དང་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་གང་ཡིན་ཀྱང་རུང༌། དོན་རང་མཚན་མཐོང་བས་ཁྱབ་པ་ཡིན་ཏེ། དོན་དམ་པའི་བདེན་པ་ལ་རང་མཚན་གྱིས་ཁྱབ་པའི་ཕྱིར། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ཁས་ལེན་པ་ལ་སྣང་བཅས་ལ་དེས་ཁྱབ་ཅིང༌། སྣང་མེད་ལའང་མཐོང་བ་མཚན་ཉིད་པ་ནི་དོན་རང་མཚན་ཁོ་ན་ཡིན་ཏེ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཁོ་ན་མཐོང་བའི་ཕྱིར། འགྱུར་མེད་ཡོངས་གྲུབ་མེད་དགག་ནི། །ཅིར་ཡང་མ་མཐོང་བ་ལ་མཐོང་བར་བཏགས་པ་ཙམ་ཡིན་ནོ། །འདི་དོན་དམ་པའི་བདེན་པར་བཞག་དཀའ་བ་ཡིན་ཏེ། བདེན་པར་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལའང་དབྱེ་བ་དངོས་དང༌། མཐའ་དཔྱད་པའོ། །དང་པོ་ནི། རྟེན་གྱི་སྒོ་ནས་དབྱེ་ན། འཕགས་པ་གསུམ་གྱི་རྣལ་འབྱོར་མངོན་སུམ་གསུམ་ཡོད་ལ། གསུམ་པོ་དེ་ལ་སློབ་མི་སློབ་ཀྱི་སྒོ་ནས་ཕྱེ་ན་ལྔར་འགྱུར་ཞིང༌། ལྔ་པོ་དེ་ལ་སྣང་བཅས་སྣང་མེད་ཀྱི་དབྱེ་བས་ཕྱེ་ན་རྣམ་པ་བཅུ་ཡིན་ནོ། །གཉིས་པ་ལ། སྣང་བཅས་ངོས་བཟུང༌། རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་མེད་པའི་རྒྱུ་མཚན་ནོ། །དང་པོ་ནི། འོ་ན་ཅི། འཕགས་པའི་རྒྱུད་ཀྱི་ཆོས་ཅན་ཀུན་རྫོབ་པའི་སྣང་བ་དང་བཅས་པའི་མངོན་སུམ་ཐམས་ཅད། རྣལ་འབྱོར་མངོན་སུམ་དུ་ཁས་ལེན་པ་ཡིན་ནམ་ཞེ་ན་མིན་ཏེ། འཕགས་པའི་རྒྱུད་ཀྱི་བདག་རྐྱེན་དབང་ཡིད་གང་རུང་ལ་བརྟེན་ནས་རང་གི་གཟུང་དོན་ལ་མ་འཁྲུལ་པའི་རིག་པ་རྣམས་ནི། དབང་ཡིད་གང་རུང་གི་མངོན་སུམ་དུ་ཁས་ལེན་པ་ཡིན་གྱི། དེར་ཁས་མི་ལེན་པའི་ཕྱིར། དེའི་རྒྱུད་ཀྱི་རང་རིག་པའི་མངོན་སུམ་སྒོམས་པ་ལས་བྱུང་བའི་རྗེས་ཐོབ་ཀྱི་ཤེས་པ་རྣམས་ཀྱང་རང་རིག་པའི་མངོན་སུམ་ཁོ་ནར་ཁས་ལེན་གྱི་རྣལ་འབྱོར་མངོན་སུམ་དུ་ཁས་མི་ལེན་པའི་ཕྱིར། འོ་ན་གང་ཞེ་ན། སྒོམ་པ་ལས་བྱུང་བའི་རྗེས་ཐོབ་ཀྱི་ཡིད་ཤེས་འཕགས་ལམ་གྱིས་བསྡུས་པ་རྣམས་སོ། །འདི་ལའང་གཉིས་ཏེ་བསམ་གཏན་གྱི་དངོས་གཞི་ལ་མི་ལྟོས་པར་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ལས་ཡུལ་དུས་ཀྱིས་མ་སྐལ་བའི་ཀུན་རྫོབ་སྒྱུ་མ་ལྟ་བུར་མཐོང་བ་དང༌། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཡུལ་དུས་ཀྱིས་བསྐལ་བའི་ཀུན་རྫོབ་ཙམ་གསལ་བར་མཐོང་བའོ། །དང་པོ་ནི། རྣམ་ཤེས་དང་ཡེ་ཤེས་ལ་གཞི་མཐུན་མི་སྲིད་པའི་དབང་དུ་བྱས་ན་ཡེ་ཤེས་ཁོ་ན་ཡིན་གྱི། རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་ཡང་མིན་ལ། གཞི་མཐུན་སྲིད་པའི་དབང་དུ་བྱས་ན་ཡིད་ཀྱི་ཤེས་པ་དང་མངོན་སུམ་གྱི་གཞི་མཐུན་ཡིན་མོད། ཚད་མ་སྡེ་བདུན་དུ་གྲགས་པའི་ཡིད་མངོན་ནི་མིན་ཏེ། དེ་མ་ཐག་རྐྱེན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་གང་རུང་ལས་བྱུང་བ་མིན་ཞིང༌། དེའི་གཟུང་དོན་གྱི་རིགས་འདྲ་འཛིན་པ་ཡང་མིན་པའི་ཕྱིར། དེའི་ཕྱིར་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་ཆ་ནས་ཡིད་ཀྱི་ཤེས་པ་དང༌། བདག་རྐྱེན་ཏིང་ངེ་འཛིན་ལ་སྐྱེས་པའི་ཆ་ནས་རྣལ་འབྱོར་མངོན་སུམ་དུ་རྣམ་པར་བཞག་གོ །གཉིས་པ་ལའང་མངོན་པར་ཤེས་པ་ལྔ་དང༌། རྣམ་པར་ཐར་པ་བརྒྱད་ཀྱི་ཁྱད་པར་འགའ་ཞིག་ལྟ་བུ་མ་འཁྲུལ་བ་དང༌། ཟད་པར་དང་ཟིལ་གནོན་ལ་སོགས་པ་ལྟ་བུ་འཁྲུལ་བའི་ཤེས་པ་གཉིས་སོ། །གཉིས་པ་ནི་མངོན་སུམ་མིན་པ་རྟོགས་པ་སླ་ལ། དང་པོ་ལ་གཉིས་ཏེ། ལྷའི་མིག་དང་རྣ་བའི་མངོན་པར་ཤེས་པ་ལྟ་བུ་བདག་རྐྱེན་དབང་པོ་ལ་དངོས་སུ་བརྟེན་པ་དང༌། དེ་ལས་གཞན་པ་ལྟ་བུ་བདག་རྐྱེན་ཏིང་ངེ་འཛིན་ཁོ་ན་ལ་བརྟེན་པའོ། །གཉིས་པ་རྣམས་ནི་རྣལ་འབྱོར་མངོན་སུམ་དུ་བཞག་སླ་བ་ཡིན་ཏེ། དེའི་མཚན་ཉིད་ཞུགས་པར་རྟོགས་སླ་བའི་ཕྱིར། དང་པོ་ནི། རང་གི་བདག་རྐྱེན་བསམ་གཏན་གྱི་སས་བསྡུས་པའི་མིག་གི་དབང་པོ་དང༌། རྣ་བའི་དབང་པོ་ལ་དངོས་སུ་བརྟེན་པའི་ཆ་ནས་དབང་མངོན་དུ་བཞག་དགོས་པ་ཡང་ཡོད་དོ། །དཔེར་ན་གཟུགས་ཀྱི་ཁམས་སུ་སྐྱེ་བས་ཐོབ་པ་ལྷའི་མིག་དང༌། རྣ་བའི་མངོན་པར་ཤེས་པ་བཞིན་ནོ། །དོན་དེ་ལ་དགོངས་ནས་མཛོད་དུ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང༌། །ཞེས་གསུངས་སོ། །དེའི་ཚེ་ཡང་བདག་རྐྱེན་དབང་པོ་གཟུགས་ཅན་པ་དང༌། དམིགས་རྐྱེན་གཟུགས་སོགས་དོན་ལྔ་གང་རུང་གི་གཟུང་དོན་ལས་སྐྱེས་པ་དེའི་ཚེ་ནི་རྣལ་འབྱོར་མངོན་སུམ་དུ་མི་བཞག་སྟེ། དབང་ཡིད་ཀྱི་མངོན་སུམ་གང་རུང་ལས་མ་འདས་པའི་ཕྱིར། ཡང་ཡུམ་གྱི་མདོ་དང༌། དེའི་འགྲེལ་པ་དག་ཏུ་འབྱུང་བའི་ཤའི་སྤྱན་དང༌། རྣམ་པ་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་དང༌། ཞེས་བཤད་པ་དེ་དག་ནི་དབང་ཡིད་ཀྱི་མངོན་སུམ་ཁོ་ན་ཡིན་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་དང༌། དམིགས་རྐྱེན་གཟུགས་སོགས་རང་མཚན་གྱི་གཟུང་དོན་ལས་སྐྱེ་དགོས་པའི་ཕྱིར། ཞར་ལ་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ནི་བདག་མེད་གསུམ་མངོན་སུམ་དུ་རྟོགས་པའི་དབྱེ་བས་གསུམ་དེ་རེ་རེ་ལ་ཡང་སློབ་པ་དང༌། མི་སློབ་པའི་དབྱེ་བས་དྲུག་གོ །འོ་ན་མདོ་སེམས་གཉིས་ཀྱི་གཞུང་ནས་རང་རྒྱལ་ལ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་གཞག་གསུངས་པ་མེད་པས་ཇི་ལྟར་བྱ་ཞེ་ན། ལུགས་དེ་གཉིས་ཀྱི་ལྟར་ན་ཉན་རང་གཉིས་ཀྱི་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་གྱི་དམིགས་རྣམ་གྱི་ཁྱད་པར་ནི་འདི་ཡིན་ཏེ། གཉིས་ཀས་དམིགས་པ་བདེན་པ་བཞི་ལ་དམིགས་པར་འདྲ་ཡང༌། རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་དང༌། ཀུན་བྱང་གི་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་ལྡོག་གི་རྣམ་པ་མི་འདྲ་བའི་ཁྱད་པར་གྱིས་སོ་སོར་འབྱེད་པ་ཡིན་ནོ། །གཉིས་པ་ལ་འོ་ན་རིག་པའི་གཏེར་ལས་རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་མེད་པར་གསུངས་པ་དང༌། གལ་ཏེ་ཡོད་ཀྱང་ཉན་ཐོས་དང༌། ཐེག་ཆེན་གྱི་སློབ་པ་གང་རུང་ལས་མ་འདས་པར་གསུངས་པ་དེའི་དགོངས་པ་ཅི་ཞེ་ན། ལན་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། དངོས་ཀྱི་ལན་ནོ། །དང་པོ་ནི། སྤྱིར་རང་རྒྱལ་ལ་སློབ་པ་མེད་པ་ནི་གཞུང་ལུགས་ཆེན་པོ་གང་གིས་ཡང་ལུགས་མིན་ཏེ། བྱེ་མདོ་གཉིས་ཀྱི་གཞུང་དང༌། རྣལ་འབྱོར་སྤྱོད་པའི་གཞུང་དུ་ཉན་ཐོས་ལས་ལོགས་ཤིག་ཏུ། རང་རྒྱལ་སློབ་པའི་ལམ་གྱི་བགྲོད་ཚུལ་རྒྱས་པར་གསུངས་པ་དང༌། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དུ། རང་རྒྱལ་སློབ་པའི་ལམ་བགྲོད་ཚུལ་གྱི་རྣམ་གཞག་རྒྱས་པར་གསུངས་པའི་ཕྱིར་དང༌། རྟོག་གེ་ལ་འབར་བར་ཡང༌། དེའི་རྣམ་གཞག་གསུངས་པའི་ཕྱིར། བྱེ་བྲག་ཏུ་ཐེག་ཆེན་གྱི་སློབ་པ་དང༌། རང་རྒྱལ་གྱི་གཞི་མཐུན་སྲིད་པ་མིན་ཏེ། རང་རྒྱལ་མཚན་ཉིད་པ་ཡིན་ན་ཐེག་དམན་གྱི་གང་ཟག་ཡིན་དགོས་པའི་ཕྱིར། གཉིས་པ་ནི། དེ་ལྟར་བཤད་པ་དེ་ནི་རང་སངས་རྒྱས་ལ་དགོངས་པ་ཡིན་ཏེ། དེ་ཡིན་ན་མི་སློབ་པ་ཡིན་དགོས་པའི་ཕྱིར། དེ་ཡིན་ན་རང་གི་བྱང་ཆུབ་མངོན་དུ་བྱས་དགོས་པའི་ཕྱིར། རང་རྒྱལ་སློབ་པ་མེད་པ་ནི་རིགས་གཏེར་རྩ་འགྲེལ་གྱི་དགོངས་པ་མིན་ཏེ། ཚེ་གསུམ་བསྐལ་པ་བརྒྱ་དང་ནི། །གྲངས་མེད་གསུམ་གྱིས་དེ་མཐར་ཕྱིན། །ཞེས་དང༌། དེའི་འགྲེལ་པར། རང་རྒྱལ་སློབ་པའི་ལམ་གྱི་རྣམ་གཞག་རྒྱས་པར་གསུངས་པའི་ཕྱིར། བྱེ་བྲག་ཏུ། བྱང་སེམས་སློབ་པར་བཤད་པ་དེ་ནི་སྤྲུལ་པ་ལ་དགོངས་པ་ཡིན་ཏེ། མཚོན་བྱ་དོན་གྱི་དགེ་འདུན་སྐབས་སུ། བྱང་ཆུབ་སེམས་དཔའ་རང་རྒྱལ་གྱི་མིང་ཅན་བཤད་པ་ལྟ་བུའོ། །ཉན་ཐོས་ཀྱི་སློབ་པར་བཤད་པ་ཡང་ཚོགས་ན་སྤྱོད་པའི་རང་རྒྱལ་ཉན་ཐོས་སྔོན་འགྲོ་ལ་དགོངས་པ་ཡིན་ནོ། །འོ་ན་རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་ཡོད་བཞིན་དུ། རྣལ་འབྱོར་མངོན་སུམ་གྱི་དབྱེ་བར་མི་འཆད་པའི་རྒྱུ་མཚན་ཅི། རྒྱུ་མཚན་ལ་མི་ལྟོས་ན་ནི་སློབ་པ་གཞན་གཉིས་ཀྱི་རྣལ་འབྱོར་མངོན་སུམ་ཡང་མི་འཆད་པར་མཚུངས་སོ་ཞེ་ན། མཚུངས་པ་མིན་ཏེ། སློབ་པ་གཞན་གཉིས་ཀྱི་རྣལ་འབྱོར་མངོན་སུམ་ནི། སྣང་བཅས་དང་སྣང་མེད་གཉིས་ཀྱི་དབྱེ་གཞིར་རུང་ལ། རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་ནི་དེ་དག་ཉིད་ཀྱི་དབྱེ་གཞིར་མི་རུང་བས། རྣལ་འབྱོར་མངོན་སུམ་གྱི་དབྱེ་བར་མ་བཀོད་པ་ཡིན་པའི་ཕྱིར། དེར་མི་རུང་བ་ཅི་ཞེ་ན། རང་རྒྱལ་སློབ་པའི་རྣལ་འབྱོར་མངོན་སུམ་ལ་སྣང་བཅས་མེད་པས་སོ། །དེ་ཡང་ཅི་ཞེ་ན། རང་རྒྱལ་ནི་སྦྱོར་ལམ་དྲོད་ནས་སམ། ཕྱིར་མི་འོང་བའི་འབྲས་བུ་ནས་བཟུང་སྟེ། ཟད་པ་ཤེས་པའི་ཡེ་ཤེས་ཀྱི་བར་མཉམ་གཞག་ཐུན་གཅིག་ལ་མངོན་དུ་བྱེད་པར་ངེས་པས། རྗེས་ཐོབ་ཀྱིས་བར་ཆོད་པ་མི་སྲིད་པའི་ཕྱིར། ཡང་རིགས་པའི་གཏེར་ལས། ཉན་ཐོས་པ་འགའ་ཞིག་བྱང་ཆུབ་སེམས་དཔའ་ལ་འཕགས་པ་མེད་པར་འདོད་དོ། །ཞེས་གསུངས་པ་ཡང་སྣང་བཅས་མི་སྲིད་པར་འདོད་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ་མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །དེ་ལྟར་ན་ཡང་རང་རྒྱལ་སློབ་པའི་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་མི་འཆད་པ་ཅི་ཞེ་ན། སྡེ་བདུན་གྱི་རང་ལུགས་འདིར། རང་རྒྱལ་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རྣམ་གཞག་ཁས་མི་ལེན་པས། ཉན་ཐོས་དང་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་མཚུངས་པས་མ་བཤད་པ་ཡིན་ཏེ། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་གྱི་ཁྱད་པར་ནི། བདག་མེད་མཐོང་ཚུལ་ལས་ཕྱེ་དགོས་ལ། སྣང་བཅས་རྣལ་འབྱོར་མངོན་སུམ་གྱི་ཁྱད་པར་ནི་ཆོས་ཅན་ཇི་སྙེད་པ་མཐོང་ཚུལ་ལས་སོ་སོར་ཕྱེ་དགོས་པའི་ཕྱིར། གསུམ་པ་རྣལ་འབྱོར་མངོན་སུམ་གྱི་སྒྲུབ་བྱེད་ནི། ཚད་མ་གྲུབ་པའི་ལེའུར་གཉིས་གསུངས་ཏེ། བྱུང་ཟིན་སྒྲུབ་པ་འབྲས་བུའི་གཏན་ཚིགས་དང༌། འབྱུང་རུང་སྒྲུབ་པ་རང་བཞིན་གྱི་གཏན་ཚིགས་སོ། །དང་པོ་ནི། ཇི་སྐད་དུ། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །མ་ལུས་ཁྱད་པར་མཁྱེན་པ་གྲུབ། །ཅེས་པས་སྟོན་ལ། སྒྲུབ་པའི་ངག་ནི། གང་བདེན་བཞི་སྟོན་པའི་དཔྱད་གསུམ་གྱིས་དག་པའི་ལུང་ཡིན་ན། རང་གི་བསྟན་བྱའི་དོན་མངོན་སུམ་དུ་མཐོང་བའི་ཚད་མ་སྔ་མ་སྔོན་དུ་སོང་བས་ཁྱབ། དཔེར་ན་རང་གི་ཡུལ་ཕྱོགས་འཆད་པ་བཞིན། ཤེར་ཕྱིན་གྱི་མདོ་སྟོང་ཕྲག་བརྒྱ་པ་ཡང་དེ་ཡིན་ནོ་ཞེས་པའོ། །དེ་སྐད་དུ་ཡང༌། ཚིག་གི་ཁྱད་པར་ངེས་གྱུར་ན། །སྔོན་འབྱུང་བ་ཡང་དཔག་པར་ནུས། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་གསུངས་ལ། དོན་ནི་བྱང་སེམས་མཐོང་ལམ་པའི་སེམས་རྒྱུད་དེར་ཆོས་ཅན། འབྲས་བུ་དོན་གཉིས་ཕུན་ཚོགས་ཁྱད་པར་ཅན་འབྱུང་དུ་རུང་སྟེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར། དེའི་ཁྱབ་པ་བསྒྲུབ་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆོས་ཅན། སྒོམ་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་བསྒོམ་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་དུ་རུང་སྟེ། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་ཆགས་སོགས་གོམས་པའི་བློ་བཞིན། འདིའི་ཁྱབ་པ་ནི། དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་ལ། ཕྱོགས་ཆོས་གྲུབ་པ་ལ་རིག་པའི་ཡ་མཐའ་ཐུག་མེད་དུ་རྟགས་ཀྱིས་བསྒྲུབ། རིག་པའི་མ་མཐའ་ཐུག་མེད་དུ་བསྒྲུབ་པའོ། །དང་པོ་ནི། སྐྱེས་མ་ཐག་པའི་སེམས་ཆོས་ཅན། ཉེར་ལེན་སྔ་མ་སྔོན་དུ་སོང་སྟེ་རིག་པ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་ལ། ཁྱབ་པ་ལ་ལུས་བློའི་ཉེར་ལེན་ཡིན་པ་འགོག་པའི་གཞུང་རྣམས་གསུངས་པ་ཡིན་ནོ། །གཉིས་པ་ལ། བདག་འཛིན་དང་བཅས་པའི་སེམས་ཀྱིས་སེམས་ཕྱི་མ་སྐྱེད་པར་སྒྲུབ། བདག་འཛིན་མེད་པའི་སེམས་གསལ་རིག་ཙམ་ཐུག་མེད་དུ་སྒྲུབ་པའོ། །དང་པོ་ནི། ཐ་མལ་པ་འཆི་ཁའི་སེམས་ཆོས་ཅན། སེམས་ཕྱི་མ་བསྐྱེད་པར་ངེས་ཏེ། དེའི་རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར། དཔེར་ན། འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པའི་ཚོགས་པ་ཐ་མ་བཞིན་ནོ། །འདིར་རྒྱུ་ནི་བདག་འཛིན་དང༌། གེགས་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་བཤད་པས་སེམས་དང་སེམས་ལས་བྱུང་བ་ནི། འཁོར་བའི་གནས་སྐབས་ཁོ་ན་ལ་ཡོད་པར་བཞེད་དོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། སེམས་ལས་གཞན་ལ་ལྟོས་མེད་པའི། །རྟགས་ཀྱིས་སྔོན་མཐའ་ཐུག་མེད་འགྲུབ། །རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི། །རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ། །ཅེས་གསུངས་སོ། །གཉིས་པ་ནི། འདིར་སྐབས་དོན་གྱི་གཙོ་བོ་མིན་ཡང༌། ཇི་སྐད་དུ། གསལ་བ་སྐྱེས་ལ་རྒྱུ་ཚང་ཞིང༌། །གེགས་མེད་ཕྱིར་ན་སྐྱེད་པར་ངེས། །ཞེས་གསུངས་པ་དེའི་དོན་ནི། ཐེག་པ་ཆེ་ཆུང་གི་གྲུབ་མཐའི་སྐབས་གང་དུ་ཡང༌། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དབྱིངས་སུ་སེམས་བྱུང་གི་རྒྱུ་བ་འགགས་ཀྱང་གསལ་རིག་ཙམ་གྱི་ངོ་བོ་རྒྱུན་ཆད་པ་མི་སྲིད་དོ་ཞེས་དགོངས་པ་ཡིན་ནོ། །གསུམ་པ་མངོན་སུམ་བཞིའི་གྲངས་ངེས་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་པ་ཐམས་ཅད་བསྡུ་ན་གཉིས་སུ་འདུས་ཏེ། དམིགས་རྐྱེན་དང་བདག་རྐྱེན་གང་རུང་ལ་མི་ལྟོས་པར་མྱོང་བ་གསལ་རིག་གི་ངོ་བོར་སྐྱེ་བ་དང༌། བདག་པོའི་རྐྱེན་ལ་བལྟོས་ནས་ཡུལ་འཛིན་ནུས་སུ་སྐྱེ་བའོ། །དང་པོ་ནི། རང་རིག་པའི་མངོན་སུམ་ཁོ་ནའོ། །གཉིས་པ་ལ། བདག་རྐྱེན་དབང་པོའི་དང༌། དམིགས་རྐྱེན་དོན་ལྔ་པོ་གང་རུང་ལ་ངེས་པར་ལྟོས་པ་དང༌། བདག་རྐྱེན་ལ་བལྟོས་ཤིང་དམིགས་རྐྱེན་ལ་མི་བལྟོས་པའོ། །དང་པོ་ལ་གཉིས་ཏེ། བདག་རྐྱེན་དབང་པོ་གཟུགས་ཅན་ལ་བལྟོས་པ་དང༌། ཡིད་ཀྱི་དབང་པོ་ལ་བལྟོས་པའོ། །དེ་རེ་རེ་ལའང་འཁྲུལ་བ་དང་མ་འཁྲུལ་བའི་དབྱེ་བས་གཉིས་གཉིས་ཡོད་པ་ལས། མ་འཁྲུལ་བ་ནི་དབང་ཡིད་ཀྱི་མངོན་སུམ་ཁོ་ནའོ། །གཉིས་པ་ལའང༌། འཁྲུལ་བ་དང་མ་འཁྲུལ་བའི་དབྱེ་བས་གཉིས་ལས་མ་འཁྲུལ་བའི་ཆ་ནི་རྣལ་འབྱོར་པའི་མངོན་སུམ་ཁོ་ནའོ། །མུ་གསུམ་པ་དམིགས་བདག་གཉིས་ཀ་ལ་མི་ལྟོས་པ་ནི། རྟོག་པའི་ཤེས་པ་ཇི་སྙེད་པ་རྣམས་ཡིན་ལ། མུ་བཞི་པ་དམིགས་རྐྱེན་ལ་ལྟོས། བདག་རྐྱེན་ལ་མི་ལྟོས་པ་མི་སྲིད་དེ། ཤེས་པ་གང་དམིགས་རྐྱེན་གྱི་རྣམ་པ་ཅན་དུ་སྐྱེ་བ་ནི་ངེས་པར་བདག་རྐྱེན་དབང་པོ་ལ་ལྟོས་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་མངོན་སུམ་གྱི་དབྱེ་བ་སོ་སོའི་གནས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་རྗེས་དཔག་བསྡུས་ཏེ་བསྟན་པ་ལ། མཚན་ཉིད་དང་དབྱེ་བའོ། །དང་པོ་ལ་བོད་སྔ་རབས་པ་རྣམས་ན་རེ། ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ་དེ་རྗེས་དཔག་ཚད་མའི་མཚན་ཉིད། འདིར་རྗེས་དཔག་ཚད་མ་ཡིན་ལ། རྗེས་དཔག་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུ་དང་གསུམ་བརྩི་བ་ཡིན་གྱི། མངོན་སུམ་གྱི་སྐབས་བཞིན་དུ་རྗེས་དཔག་ཡིན་ལ། མཚན་མ་མིན་པ་ནི་མི་སྲིད་དེ། རྗེས་དཔག་ཡིན་ན་གཞལ་བྱ་རྟོགས་དགོས་པའི་ཕྱིར་དང༌། རྗེས་དཔག་ཡིན་ན་ཚུལ་གསུམ་ཚང་བའི་རྟགས་ལ་དངོས་སུ་བརྟེན་དགོས་པའི་ཕྱིར། དེ་ཡང་མུ་དང་པོ་ནི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལྟ་བུའོ་ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། མཚན་ཉིད་མི་འཐད་པ་དང༌། མཚན་གཞི་མི་འཐད་པའོ། །དང་པོ་ནི། མེའི་ཁ་དོག་འཛིན་པའི་དབང་པོའི་མངོན་སུམ་ཆོས་ཅན། དེར་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། དེ་ཡིན་ཏེ། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་བསླུ་བའི་རིག་པ་གང་ཞིག དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་ན་རང་གི་རྟེན་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ལ་བརྟེན་པས་ཁྱབ་པའི་ཕྱིར། འོ་ན་དེའི་རྟེན་དེ་གང་ཞེ་ན། ཁ་དོག་ལས་གཞི་འགའ་ཞིག་ཏུ་རེག་བྱ་དཔོག་པའི་རྒྱུ་ཆོས་རྗེས་སུ་དཔོག་པའི་གཏན་ཚིགས་སོ། །རྟགས་དང་པོ་གྲུབ་སྟེ། མེའི་རེག་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་གང་ཞིག དེ་ཁྱོད་ལ་ལྐོག་གྱུར་ཡིན་པའི་ཕྱིར། དེ་ཡིན་ཏེ། ཚུར་རོལ་མཐོང་བའི་མིག་ཤེས་ཡིན་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། ཁྱོད་དེ་ལ་མི་བསླུ་བའི་རིག་པ་གང་ཞིག་ཁྱོད་ཀྱིས་དེ་ལ་ངེས་པ་གསར་དུ་འདྲེན་པའི་ཕྱིར། མི་བསླུ་བ་ཡིན་ཏེ། རིག་པ་གང་ཞིག་དེ་ཁྱོད་ཀྱི་འཇུག་ཡུལ་ཡིན་པའི་ཕྱིར། གཞན་ཡང་ཚུ་རོལ་མཐོང་བའི་གཟུགས་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རྗེས་དཔག་ཏུ་ཐལ། མཚན་ཉིད་དེ་ཞུགས་པའི་ཕྱིར། དེ་ཡིན་ཏེ། རང་གི་འཇུག་ཡུལ་ལྐོག་ཏུ་གྱུར་པའི་གཟུགས་ཀྱི་རྡུལ་རང་མཚན་ལ་གསར་དུ་མི་བསླུ་བའི་རིག་པ་གང་ཞིག ཁྱོད་ཀྱིས་དེ་རྟོགས་པ་ཚུལ་གསུམ་ཚང་བའི་རྟགས་ལ་ངེས་པར་བལྟོས་པའི་ཕྱིར། དེའི་རྟེན་གཏན་ཚིགས་དེ་གང་ཞེ་ན། རྒྱུའི་ཁྱད་པར་དཔོག་པའི་གཏན་ཚིགས་སོ། །རྟགས་སྔ་མ་གྲུབ་སྟེ། ཁྱོད་དེ་འཇུག་ཡུལ་དུ་བྱེད་པའི་ཚད་མ་ཡིན་པའི་ཕྱིར། གཉིས་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། རྗེས་དཔག་ཏུ་ཐལ། རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཡིན་པའི་ཕྱིར། དེ་ཆོས་ཅན་རྟོག་པར་ཐལ། རང་ཡུལ་ལྐོག་ཏུ་གྱུར་པ་འཇལ་བའི་བློ་ཡིན་པའི་ཕྱིར། ཡང་གཞན་དག་ན་རེ། ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་རང་གི་བསྒྲུབ་བྱ་གསར་དུ་རྟོགས་པའི་བློ་དེ་རྗེས་དཔག་གི་མཚན་ཉིད། ཅེས་གསུངས་པའང་དཔྱད་དགོས་པ་ཡིན་ཏེ། བསྒྲུབ་བྱ་ནི་གཞན་སེལ་གྱི་ཆ་ནས་འཇོག་ལ། རྗེས་དཔག་ཚད་མར་ལྐོག་ཏུ་གྱུར་པའི་འཇུག་ཡུལ་རང་མཚན་ལ་མི་བསླུ་བའི་ཆ་ནས་འཇོག་དགོས་པའི་ཕྱིར་དང༌། རྣམ་མཁྱེན་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། རྗེས་དཔག་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་བསྒྲུབ་བྱར་ཐལ་ལོ། །རྩ་བའི་རྟགས་གྲུབ་སྟེ། ཚུ་རོལ་མཐོང་བའི་རྒྱུད་ལ་རྣམ་མཁྱེན་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འོ་ན་ཚད་མ་དེའི་རྟེན་གཏན་ཚིགས་གང་ཞེ་ན། སངས་རྒྱས་འཕགས་པ་རྣམ་མཁྱེན་རྒྱུད་ལྡན་གྱི་སྐྱེས་བུར་སྒྲུབ་པའི་གཏན་ཚིགས་སོ། །གཞན་ཡང་མེ་རང་མཚན་རྟོགས་པའི་རྗེས་དཔག་ཆོས་ཅན། དེར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཆོས་ཅན་དེ་གྲུབ་པ་ཡིན་ཏེ། དེ་རང་མཚན་འཇུག་ཡུལ་དུ་བྱེད་པའི་རྗེས་དཔག་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས། རྩ་བར་འདོད་མི་ནུས་པ་ཡིན་ཏེ་དེ་རྟགས་ཡང་དག་གི་བསྒྲུབ་བྱ་མིན་པའི་ཕྱིར། མདོར་ན་རྗེས་དཔག་གི་མཚན་ཉིད་དེ་ལྟར་བཤད་ན། ལྐོག་གྱུར་ལ་བསྒྲུབ་བྱས་ཁྱབ་པ་ཁས་ལེན་དགོས་པར་འགྱུར་ཏེ། མཚན་ཉིད་དེ་འཐད་པ་གང་ཞིག ལྐོག་གྱུར་ཡིན་ན་རང་རྟོགས་པའི་རྗེས་དཔག་ཡོད་དགོས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། རང་གི་རྟེན་ཚུལ་གསུམ་པ་ཅན་གྱི་རྟགས་ལ་བརྟེན་ནས་སོང་ཚོད་ཀྱི་གཞལ་བྱ་ལྐོག་གྱུར་གསར་དུ་རྟོགས་ཤིང༌། རློམ་ཚོད་ཀྱི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་རིག་པའོ། །ཡང་ན་རང་གི་རྟེན་དེ་ལ་བརྟེན་ནས་དངོས་ཀྱི་གཞལ་བྱ་སྤྱི་མཚན་རྟོགས་ཤིང༌། རང་གི་འཇུག་ཡུལ་གྱི་གཞལ་བྱ་ལྐོག་ཏུ་གྱུར་པའི་རང་མཚན་ལ་གསར་དུ་མི་བསླུ་བའི་རིག་པའོ། །དེ་ཡང་རྟོགས་པ་ནི་སྤྱི་མཚན་ཡིན་ཏེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱིའི་ངོ་བོ་ཉིད་དུ་རྟོགས། །ཞེས་གསུངས་པའི་ཕྱིར། མི་བསླུ་བ་ནི། རང་མཚན་ལ་ཡིན་ཏེ། ཇི་སྐད་དུ། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་གསུངས་པ་དང༌། སློབ་དཔོན་ཆོས་མཆོག་གི་ལུང་ཚད་མར་ཁས་ལེན་པ་དག་གི་ངོར་ཡང་ཇི་སྐད་དུ། རིགས་ཐིགས་ཀྱི་རྒྱ་ཆེར་འགྲེལ་ལས་རྗེས་སུ་དཔག་པ་འདིའི་འཇུག་པའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ལ། གཟུང་བར་བྱ་བ་ནི་དོན་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དེ་ལ་ཁ་ཅིག་ན་རེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པའི་དོན་སྤྱི་མ་རྟོགས་ཏེ། དེ་ལ་ལོག་ཤེས་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་སྒྲ་མི་རྟག་པ་མིན་པ་ལ་དེར་ཞེན་པའི་བློ་ཡིན་པའི་ཕྱིར་ཞེས་ཟེར་རོ། །འདིའི་ལན་ལ་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། འོ་ན་དེ་ཆོས་ཅན། སྒྲ་མི་རྟག་པ་མ་རྟོགས་པར་ཐལ། ཁྱོད་ཀྱི་སྒྲུབ་བྱེད་དེ་དག་རིམ་པར་ཞུགས་པའི་ཕྱིར། བསལ་བ་ཁས་བླངས་སོ། །ཞར་ལ་འདི་ཡང་ཤེས་དགོས་ཏེ། དོན་སྤྱི་ལ་རང་མཚན་དུ་ཞེན་ཞེས་པ་ཡང་རྗེས་དཔག་གི་འཛིན་སྟངས་ལ་ཡོད་པ་མིན་ཏེ། རྗེས་དཔག་གིས་ནི་སྒྲ་མི་རྟག་གོ་སྙམ་དུ་ཞེན་པ་ཡིན་གྱི། སྒྲ་མི་རྟག་པའི་དོན་སྤྱི་འདི་ནི་སྒྲ་མི་རྟག་པའོ་སྙམ་དུ་ཞེན་པ་མིན་པའི་ཕྱིར། གཞན་དུ་ན། དེའི་དོན་སྤྱི་དེ་ཡིན་པ་ཆོས་ཅན། རྟགས་ཡང་དག་གི་བསྒྲུབ་བྱར་ཐལ། རྗེས་དཔག་གི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། འོ་ན་ཇི་སྐད་དུ། དེའི་ངོ་བོས་སྟོང་དེ་དག །དེའི་ངོ་བོར་ཞེན་པའི་ཕྱིར། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་སོང་ཚོད་ལ་དོན་སྤྱི་རྟོགས་ཀྱང་རློམ་ཚོད་ལ་རང་མཚན་རྟོགས་པར་རློམ་པའི་དོན་ཡིན་ཏེ། ཇི་སྐད་དུ། དེ་བྱེད་མིན་ལ་དེ་བྱེད་པས། །འདྲ་བའི་ངོ་བོར་སྣང་བ་ཅན། །ཞེས་བཤད་པ་ལྟར་རོ། །དེའི་ཕྱིར་དོན་སྤྱི་རྟོགས་པ་ལ་རང་མཚན་རྟོགས་པར་ཞེན་ནས་ཞུགས་པས་མཐར་འཇུག་ཡུལ་རང་མཚན་ཐོབ་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ན་ལེགས་སོ། །གཉིས་པ་ནི། རྗེས་དཔག་གིས་དོན་སྤྱི་རྟོགས་པ་ཡིན་ཏེ། དེས་སོང་ཚོད་ཀྱིས་བསྒྲུབ་བྱ་རྟོགས་པའི་ཕྱིར་དང༌། རྗེས་དཔག་གི་གཞལ་བྱ་སྤྱི་མཚན་ཡོད་ཅིང་དེ་དེའི་འཇུག་ཡུལ་གྱི་གཞལ་བྱ་ནི་མིན་པའི་ཕྱིར། གཞན་དུ་ན་སྤྱི་མཚན་ཡིན་ན་ཚད་མས་མ་རྟོགས་དགོས་པར་འགྱུར་ཏེ། དེ་ཡིན་ན་མངོན་སུམ་གྱིས་མ་རྟོགས་དགོས་པར་གང་ཞིག རྗེས་དཔག་གིས་ཀྱང་མ་རྟོགས་དགོས་པའི་ཕྱིར། གལ་ཏེ་དེ་མངོན་སུམ་གྱིས་རྟོགས་ཏེ། རྣམ་མཁྱེན་གྱིས་རྟོགས་པའི་ཕྱིར་ཏེ་ཡོད་པའི་ཕྱིར། ཞེས་ཟེར་བ་ནི་དེ་མ་ཤེས་པ་ཡིན་ཏེ། འོ་ན་རྣམ་མཁྱེན་ཆོས་ཅན། རྟོག་པར་ཐལ། སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། འོ་ན་དེ་ཆོས་ཅན་མེད་པར་ཐལ། རྣམ་མཁྱེན་གྱིས་མ་རྟོགས་པའི་ཕྱིར་ཞེ་ན། འོ་ན་ཤིན་ཏུ་ལྐོག་གྱུར་ཆོས་ཅན། དེར་ཐལ་དེའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། རྟོག་པར་ཐལ། ཤིན་ཏུ་ལྐོག་གྱུར་གྱི་རྣམ་པ་ཤར་བའི་བློ་ཡིན་པའི་ཕྱིར། གཞན་ཡང༌། རྣམ་མཁྱེན་ཤིན་ལྐོག་ལ་ཚད་མ་ཡིན་ན་དེ་དེ་ལ་མངོན་སུམ་ཡིན་དགོས་ལ། དེ་ལ་འདོད་པར་ནུས་པ་མིན་ཏེ། ཤིན་ལྐོག་འཇལ་བའི་མངོན་སུམ་རིགས་པ་མཁྱེན་པའི་གཞུང་ནས་མ་བཤད་པའི་ཕྱིར་རོ། །གཞན་ཡང་རྣམ་མཁྱེན་གྱིས་དོན་སྤྱི་དང་ཤིན་ལྐོག་འཛིན་ན་རྣམ་མེད་དུ་འཛིན་ནམ། རྣམ་པར་ཤར་ནས་འཛིན། དང་པོ་ལྟར་ན། དེ་ཆོས་ཅན། རང་མཚན་དང་དོན་དམ་པའི་བདེན་པ་གང་རུང་དུ་ཐལ། རྣམ་མཁྱེན་གྱིས་ཁྱོད་རྣམ་མེད་དུ་རྟོགས་པའི་ཕྱིར། གཉིས་པ་ལྟར་ན། རྟོག་པར་ཐལ་བ་བཟློག་ཏུ་མེད་དོ། །དེའི་ཕྱིར་ན་གཞལ་བྱ་ཡིན་ན་ཚད་མས་རྟོགས་དགོས་ཞེས་བྱ་བ་འདི་སྡེ་བདུན་ན་བཞུགས་ཀྱི། གཞལ་བྱ་ཡིན་ན་མངོན་སུམ་གྱིས་རྟོགས་དགོས་ཞེས་ཟེར་བ་འདི་ནི། ཚད་མ་མངོན་སུམ་གཅིག་པུར་སྨྲ་བའི་ལུགས་བླ་ན་མེད་པ་ཡིན་པས་དོར་བར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*