ཚད་མ་རིགས་གཏེར་གྱི་དགོངས་རྒྱན་བསྟན་བཅོས་སྨད་ཆ། ཆ ༽

གལ་ཏེ་མངོན་སུམ་ཉིད་ལོག་ལས། །མེད་པར་ངེས་པ་ཡིན་ཞེ་ན། །ཞེས་པའི་གཞུང་གིས་བསྟན་པའི་ཕྱོགས་སྔ་མ་དེ་ཉིད་ཁས་བླངས་པ་ཡིན་ཏེ། མངོན་སུམ་གྱིས་མ་དམིགས་ན་མེད་པས་ཁྱབ་པར་ཁས་བླངས་པའི་ཕྱིར། འོ་ན་དེ་ལ་དེས་མ་ཁྱབ་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལྟར་སངས་རྒྱས་འཕགས་པའི་དོན་རིག་མངོན་སུམ་ཆོས་ཅན། དངོས་པོར་མེད་པ་འཇལ་བྱེད་དུ་འཇུག་པ་མིན་ཏེ་རང་རྒྱུ་རྐྱེན་གསུམ་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། ཇི་སྐད་དུ། མེད་ལ་དབང་སྐྱེས་བློ་མིན་ཏེ། །དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། །ཞེས་གསུངས་སོ། །གལ་ཏེ། ཆོས་ཀྱི་བདག་མེད་ཆོས་ཅན། རང་མཚན་དུ་ཐལ། རྣལ་འབྱོར་མངོན་སུམ་གྱིས་མཐོང་བའི་ཕྱིར། ཞེ་ན། ཆོས་ཀྱི་བདག་མེད་ཅེས་པ་མེད་དགག་གི་ཆ་ལ་བྱའམ། མིན་པར་དགག་པ་དོན་དམ་པའི་བདེན་པར་འགྲོ་རྒྱུ་དེ་ལ་བྱེད། དང་པོ་ལྟར་ན་རྟགས་མ་གྲུབ་སྟེ། མ་འདྲེས་པའི་དོན་མིན་པའི་ཕྱིར་ཏེ། སྤྱི་མཚན་ཡིན་པའི་ཕྱིར། སྔ་མ་ཁྱབ་པ་ཡོད་དེ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་གསུངས་སོ། །གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། བདེན་པར་གྲུབ་པའི་ཕྱིར། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། གཉིས་པ་མཚན་གཞི་ལ། སྤྱིར་རྗེས་སུ་དཔག་པའི་ཚད་མ་དང༌། བྱེ་བྲག་ཏུ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཚད་མ་མེད་པར་འདོད་པའི་ལོག་པར་རྟོག་པ་ནི། འཇིག་རྟེན་རྒྱང་འཕེན་པ་ལ་ཡོད་པ་ཡིན་ཏེ། དེས་མངོན་སུམ་གྱིས་མཐོང་བའི་དོན་ལ་མི་བསྙོན་ཞིང༌། མ་མཐོང་བའི་དོན་ཐམས་ཅད་མེད་པར་འདོད་པའི་ཕྱིར། ཇི་སྐད་དུ། མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན་ཞེས་གསུངས་པས་སོ། །དེའི་རྟེན་གཏན་ཚིགས་ཀྱང་མེད་པར་འདོད་པ་ཡིན་ཏེ། རྟགས་ལོགས་མཐོང་ཕྱིར་དེ་དེ་འདྲ། །ཞེས་གསུངས་སོ། །འདིར་རྒྱང་འཕན་རྟགས་ཡང་དག་དང་རྗེས་དཔག་མེད་པར་འདོད་དོ་ཞེས་སྡེ་བདུན་གྱི་སྐབས་མང་པོ་ཡང་ཡང་བཤད་ནས། ཡང་སྐབས་གཞན་དུ། གཉིས་བཅས་ཀྱི་སྦྱོར་བ་གཏན་ཚིགས་ཡང་དག་ཏུ་འདོད་པ་དང༌། འཆི་སེམས་ཡིན་པའི་རྟགས་ཀྱིས་ཐ་མལ་པ་འཆི་ཁའི་སེམས་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འདོད་པ་དང༌། རིག་པ་ཕྱི་མའི་ཉེར་ལེན་གྱི་རྒྱུ་ལུས་དང༌། དབང་པོ་དང་བྲལ་བ་དེ་དགྲ་བཅོམ་པ་འཆི་ཁའི་སེམས་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་འདོད་དོ་ཞེས་བཤད་པ་ནི་ཅུང་ཟད་དཀའ་བའི་གནས་སོ། །དེའི་ལན་ནི་གཉིས་ཏེ། དབུས་པ་བློ་གསལ་གྱི་གྲུབ་མཐའི་རྣམ་དབྱེ་ལས་གཏན་ཚིགས་ཡང་དག་འདོད་པར་བཤད་པ་དེ་དག་ནི་གཞན་ལ་གྲགས་ཀྱི་གཏན་ཚིགས་ཡིན་ལ། མི་འདོད་པར་བཤད་པ་དེ་དག་ནི་རང་རྒྱུད་ཀྱི་གཏན་ཚིགས་ལ་བསམ་པ་ཡིན་ནོ་ཞེས་གསུང་ངོ༌། །རང་གི་ལན་ལ་གཉིས་ཏེ། དང་པོ་ནི། གྲུབ་མཐའ་ལ་ནང་འགལ་ཞུགས་པའི་དབང་གིས་དེ་ལྟར་བྱུང་བ་ཡིན་ཏེ། ཇི་སྐད་དུ། འགལ་བའམ་དེ་ཉིད་ལྡོག་པ་དང༌། །རྗེས་འགྲོ་ཅན་གྱི་རྟགས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྒྱང་འཕན་པས། རྗེས་དཔག་ཚད་མ་དང་རྟགས་ཡང་དག་གི་དོན་གྲུབ་ཀྱང་ཐ་སྙད་ཁས་མི་ལེན་པའི་དབང་གི་བཤད་ཚུལ་གཉིས་བྱུང་བ་ཡིན་ཏེ། ཇི་སྐད་དུ། དེ་ངེས་ཚད་མ་གཉིས་པ་ཉིད། །ཅེས་དང༌། བསླུ་མེད་ཕྱིར་དེ་ཚད་མ་ཉིད། །ཅེས་གསུངས་པ་ལྟར་རོ། །ཡང་གྲགས་པའི་རྗེས་དཔག་དང༌། གཏན་ཚིགས་མཁས་ལེན་ཀྱང་དེ་ལ་ལོག་པར་ཞུགས་པ་ནི་མུ་སྟེགས་བརྡ་སྤྲོད་པ་དང༌། སློབ་དཔོན་བདག་ཉིད་ཆེན་པོའི་སློབ་མ་འགའ་ཞིག་ཡིན་ལ། དེ་ཡང་བརྡ་སྤྲོད་པ་ལྟར་ན་དོན་གང་ལ་འཇུག་ཏུ་རུང་བའི་མིང་ཡིན་ན་བཤད་པ་རྒྱུ་མཚན་གྱི་མིང་ཡིན་པས་ཁྱབ། དཔེར་ན་རི་བོང་ཅན་ལ་རྒྱུ་སྐར་བདག་པོ་དང༌། ཀུ་མུད་གཉེན་གྱི་མིང་བཏགས་པ་བཞིན། དེ་ལ་ཟླ་བ་ཞེས་པའི་མིང་བཏགས་པ་ནི་འཇུག་ཏུ་རུང་བའི་མིང་མིན་ཏེ། རྒྱུ་མཚན་ལ་མ་ལྟོས་པར་འདོད་རྒྱལ་དུ་སྦྱར་བའི་མིང་ཡིན་པའི་ཕྱིར། དེའི་ལོག་ཕྱོགས་ཁས་བླངས་ཀྱང་གྲགས་པ་དང་འགལ་བའི་ཉེས་པ་མེད་དོ་ཞེས་ཟེར། རང་སྡེ་དེ་དག་ནི་འཇིག་རྟེན་ན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་རི་བོང་ཅན་གཅིག་པུ་ལས་མེད་ཅིང༌། དེའི་ལོག་ཕྱོགས་ཁས་བླངས་ན་གྲགས་པ་དང་འགལ་བ་ཡིན་ནོ་ཞེས་ཟེར། དེ་དག་འགོག་བྱེད་ཀྱི་རིགས་པ་ནི་གཞུང་ན་འབྱུང་བ་བཞིན་སྔར་རྒྱས་པར་བཤད་པ་ཟིན་ལ། རང་ལུགས་ཀྱི་གྲགས་པའི་རྟགས་དང་རྗེས་དཔག་ནི་གཉིས་ཏེ། རྒྱུ་བརྗོད་རུང་ལ་འབྲས་བུ་གྲགས་པའི་མིང་གིས་བཏགས་པ་དང༌། འབྲས་བུ་གྲགས་པ་ཉིད་ལ་གྲགས་པར་བཞག་པའོ། །དང་པོ་ནི། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་དཔོག་པ་ལྟ་བུའོ། །གཉིས་པ་ནི་དོན་བྱེད་ནུས་པའི་རྟགས་ཀྱིས་བུམ་པ་དངོས་པོའི་ཐ་སྙད་བྱ་རུང་དུ་དཔོག་པ་ལྟ་བུའོ། །གསུམ་པ་ཡིད་ཆེས་པའི་རྗེས་དཔག་ཁས་ལེན་ཀྱང༌། ལོག་པར་ཞུགས་པ་ནི་གྲངས་ཅན་དང༌། བྱེ་བྲག་པ་དང༌། བདག་ཉིད་ཆེན་པོའི་སློབ་མ་འགའ་ཞིག་ཡིན་ཏེ། དངོས་སྟོབས་ཡུལ་ལ་ལུང་བསྒྲུབ་བྱེད་དུ་ཁས་ལེན་པའི་ཕྱིར་དང༌། ལུང་དོན་སྒྲུབ་བྱར་འདོད་པའི་ཕྱིར་རོ། །རང་ལུགས་ཀྱི་ཡིད་ཆེས་པའི་རྟགས་དང༌། རྗེས་དཔག་འཇུག་པའི་ཡུལ་ནི། གཞལ་བྱའི་གནས་དང་པོ་གཉིས་མིན་ཏེ། ལུང་དེ་ནས་བཞད་པའི་གཞལ་བྱའི་གནས་དང་པོ་གཉིས་ཚད་མ་མངོན་རྗེས་ཀྱིས་མ་གྲུབ་པ་དེ་སྲིད་དུ་ནི། ལུང་དེ་དཔྱད་པ་རྣམ་པར་མ་དག་པའི་ཕྱིར་སྒྲུབ་བྱེད་དུ་མི་རུང་ལ། དེ་དེས་དག་པའི་ཚེ་ནི་དེ་གཉིས་གྲུབ་ཟིན་པའི་ཕྱིར་རོ། །དེ་བས་ན། དེ་འཇུག་པའི་ཡུལ་ནི་ཤིན་ཏུ་ལྐོག་གྱུར་ཁོ་ན་ཡིན་ནོ། །དེ་ལྟར་ལོག་པར་རྟོག་པ་བསལ་ནས། ཁས་ལེན་པའི་རྟགས་དང་རྗེས་དཔག་ནི་གཉིས་ཏེ། དོན་དཔོག་པ་དང་ཐ་སྙད་འབའ་ཞིག་དཔོག་པའོ། །དང་པོ་ལ། མངོན་གྱུར་དཔོག་པ་ནི་མི་སྲིད་དེ་མངོན་སུམ་གྱི་གྲུབ་པའི་དོན་རྟགས་ཀྱིས་དཔོག་དགོས་ན་ཧ་ཅང་ཐལ་བའི་ཕྱིར། དེས་ན་ལྐོག་ཏུ་གྱུར་པའི་འཇུག་ཡུལ་རང་མཚན་ཙམ་དཔོག་པ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པའི་རང་མཚན་དཔོག་པའོ། །དང་པོ་ལ། དངོས་པོ་སྟོབས་ཞུགས་ཀྱི་དང༌། གཉིས་པ་ལ་ཡིད་ཆེས་པའི་རྟགས་དང་རྗེས་དཔག་འཇུག་པ་ཡིན་ཏེ། ཚུལ་གསུམ་དངོས་པོ་སྟོབས་ཀྱི་ཚད་མས་གྲུབ་པའི་རྟགས་དང༌། དེ་ལ་བརྟེན་པའི་རྗེས་དཔག་གིས་གཞལ་བྱ་ལྐོག་གྱུར་ཙམ་དཔོག་ནུས་ཤིང༌། ཕྱོགས་ཆོས་མངོན་སུམ་དང་ཁྱབ་འབྲེལ་གྲུབ་པ་ལུང་ལ་ངེས་པར་ལྟོས་པའི་རྟགས་དང་རྗེས་དཔག་གིས་ཤིན་ཏུ་ལྐོག་ཏུ་གྱུར་པའི་རང་མཚན་དཔོག་དགོས་པའི་ཕྱིར། དེ་ལ་ལྟོས་པ་ཇི་ལྟར་ཞེ་ན། ལུང་དེ་ནས་བཤད་པ་དང༌། བཤད་པ་ལྟར་དོན་ལ་གནས་པའི་གཞལ་བྱ་དང་པོ་གཉིས་དཔེར་བྱས་ནས་ཁྱབ་འབྲེལ་བསྒྲུབ་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་ཞེས་གསུངས་པས་སོ། །འདིར་ཡང་མཐར་ནི་དངོས་པོ་སྟོབས་ཞུགས་ལ་ཐུག་པ་ཡིན་ཏེ། སྒྲ་མི་རྟག་པར་ལུང་ལས་བཤད་པ་དང༌། དེར་དོན་ལ་གནས་པ་གཉིས་ཚོགས་ཏེ། མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཚད་མས་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། གྲགས་པའི་རྟགས་དང་རྗེས་དཔག་ཡིན་ལ། འདིའི་ཡང་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ཅིང་ཁྱབ་འབྲེལ་གྲགས་པས་གྲུབ་པ་ཡིན་ཏེ། རྟོག་པ་ལྷན་སྐྱེས་ཀྱིས་གྲུབ་པའི་ཕྱིར། ཇི་སྐད་དུ། འདོད་པས་འཇུག་ཕྱིར་དགག་མེད་པ། །ཞེས་གསུངས་སོ། །རྗེས་དཔག་འདིའི་འཇུག་ཡུལ་ནི་ཤེས་བརྗོད་རང་མཚན་པ་དེ་ཁོ་ན་ཡིན། དེ་ལས་མ་གཏོགས་པའི་དོན་རང་མཚན་དེའི་འཇུག་ཡུལ་དུ་ཁས་མི་ལེན་ཏེ། ཐ་སྙད་ཁོ་ན་དཔོག་པ་ཡིན་གྱི་དོན་མི་དཔོག་པའོ། །དེ་ལྟར་རྗེས་དཔག་ལ་རྟེན་གྱི་སྒོ་ནས་ཕྱེ་ན། རང་དོན་སྐབས་ཀྱི་གཏན་ཚིགས་ལ་བརྟེན་པ་དང༌། གཞན་དོན་སྐབས་ཀྱི་གཏན་ཚིགས་ལ་བརྟེན་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བ་གཞན་ལ་མ་ལྟོས་པ་དང༌། ལྟོས་པའོ། །དང་པོ་ནི། གློ་བུར་བའི་རྟགས་ལ་བརྟེན་པའི་རྗེས་དཔག་ལྟ་བུའོ། །གཉིས་པ་ནི། སྔར་རྒོལ་རང་གི་ཚུལ་གསུམ་མི་ཤེས་བཞིན་དུ་གཞན་ངོར་སྒྲུབ་པའི་ངག་བཀོད་པ་ལྟ་བུའོ། །འདི་རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཡིན་ཏེ། གཏན་ཚིག་ཡང་དག་ནི་ཡིན། གཞན་དོན་གྱི་རྟགས་ཡང་དག་མིན་པའི་ཕྱིར་ཏེ། ཚུལ་གསུམ་སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བ་རང་གིས་མི་ཤེས་པའི་ཕྱིར། རྟགས་ཡང་དག་ནི་ཡིན་ཏེ། ཚུལ་གསུམ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་ཤེས་པའི་ངོར་དེ་དྲན་ལམ་དུ་འཕེན་པར་ནུས་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །དེས་ཉེ་བར་མཚོན་ནས་སྔར་རྒོལ་གྱི་རྩ་བའི་རྟགས་བཀོད་ཅིང་སྒྲུབ་པའི་ངག་མ་བཀོད་པའི་བར་དེར་ཕྱིར་རྒོལ་གྱི་ཚུལ་གསུམ་དྲན་པ་དེའི་ཚེ་ཡང་གཏན་ཚིགས་དེ་རང་དོན་སྐབས་ཀྱི་གཏན་ཚིགས་ཡིན་ཏེ། གཏན་ཚིག་ཡང་དག་ནི་ཡིན། གཞན་དོན་གྱི་རྟགས་ཡང་དག་ནི་མིན་པའི་ཕྱིར། གལ་ཏེ་ཡིན་ན་སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར། ཞེས་པའི་སྦྱོར་ངག་ཆོས་ཅན། གཞན་དོན་རྗེས་དཔག་ཏུ་ཐལ། སྔར་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ་ཕྱིར་རྒོལ་གྱི་དྲན་ལམ་དུ་འཕེན་པར་ནུས་པའི་རྟགས་སྦྱོར་རྣམ་དག་གང་ཞིག ཁྱོད་ཀྱི་བསྟན་བྱར་གྱུར་བའི་གཏན་ཚིགས་དེ་ཡིན་ན་གཞན་དོན་སྐབས་ཀྱི་གཏན་ཚིག་ཡང་དག་ཡིན་དགོས་པའི་ཕྱིར། འོ་ན་ཁྱོད་ཀྱི་ལྟར་ན་ཡང༌། དེ་འདྲ་དེ་སྒྲུབ་པའི་ངག་ཏུ་ཐལ་བ་མིན་ནམ་ཞེ་ན། མི་མཚུངས་ཏེ། གཞན་དོན་རྗེས་དཔག་ཏུ་འགྱུར་བ་ལ་དེ་ཙམ་གྱིས་ཆོག་ཅིང༌། སྤྱིར་སྒྲུབ་ངག་གང་དག་ཏུ་གྱུར་པ་ལ་དེ་ཙམ་གྱིས་མི་ཆོག་པའི་ཕྱིར། དང་པོ་གྲུབ་ཏེ། ཇི་སྐད་དུ། གཞན་དོན་རྗེས་དཔག་རང་ཉིད་ཀྱིས། །མཐོང་བ་གཞན་ལ་སྟོན་པའི་ངག །ཅེས་གསུངས་པའི་ཕྱིར། ཡང་ན་འདི་ལྟར། དེ་རང་དོན་སྐབས་ཀྱི་སྒྲུབ་ངག་ཏུ་ཐལ་བ་འདོད་པས། རང་དོན་སྐབས་ཀྱི་སྒྲུབ་ངག་ལ་སྒྲའི་སྐྱོན་མི་བརྩི་བར་རིགས་པའི་གཏེར་ལས་གསུངས་པ་ལྟར་ཡིན་པས་སོ། །གཉིས་པ་མ་གྲུབ་ན། རྒོལ་བ་རང་ཉིད་ཀྱི་ངོར་དུ་བ་ཡོད་པའི་ཕྱིར་དུ་ལྡན་གྱི་ལ་ལ་མེ་ཡོད་དོ་ཞེས་པའི་སྦྱོར་ངག་ཆོས་ཅན། རང་དོན་སྐབས་ཀྱི་སྒྲུབ་ངག་ཏུ་ཐལ། རྒོལ་བ་རང་གི་ཚད་མས་མཐོང་བའི་རྟགས་ཀྱིས་ཚུལ་གསུམ། རྒོལ་བ་རང་ཉིད་ཀྱི་དྲན་ལམ་དུ་འཕེན་པར་ནུས་པའི་རྟག་སྦྱོར་རྣམ་དག་གང་ཞིག ཁྱོད་ཀྱི་བསྟན་བྱར་གྱུར་པའི་གཏན་ཚིགས་དེ་ཡིན་ན། རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་ཡིན་དགོས་པའི་ཕྱིར། དེ་ལྟར་མི་མཚུངས། དེའི་རྒྱུ་མཚན་ཡང་གཞན་དོན་རྟགས་ཡང་དག་ལ་བརྟེན་པའི་རྗེས་དཔག་ཡིན་ན་རང་གི་རྟེན་གཞན་དོན་རྗེས་དཔག་ལ་ངེས་པར་ལྟོས་དགོས་ལ། གཅིག་ཤོས་དེ་རང་གི་རྟེན་སྒྲུབ་ངག་ཡང་དག་ལ་ངེས་པར་མི་ལྟོས་པའི་རྒྱུ་མཚན་གྱིས་སོ། །དང་པོ་གྲུབ་སྟེ། དེ་ལ་དྲན་པ་སྐྱེད་པ་ནི། །དེ་ཉིད་ཚིག་ལ་ཡང་དག་གནས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་ཏེ། གློ་བུར་བའི་རྟགས་མཐོང་ཙམ་གྱི་ཚུལ་གསུམ་དྲན་པར་ནུས་པའི་ཕྱིར། ཡང་འདི་སྒྲུབ་ངག་ལ་མི་ལྟོས་པའི་ཁྱབ་པ་ཡང་ཡོད་པ་མིན་ཏེ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པའི་ཆོས་ཀྱི་གྲགས་པའི་གཞུང་ལ་རྒོལ་བ་རང་ཉིད་གཅིག་བུས་ཐོས་བསམ་གྱིས་སྦྱངས་པས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐྱེ་བ་མཐོང་བའི་ཕྱིར། འདིར་གལ་ཆེ་བའི་དམ་བཅའ་གསུམ་སྟེ། རྗེས་དཔག་ཡིན་ན་རང་གང་ལ་རྗེས་དཔག་ཚད་མར་སོང་བའི་འཇུག་ཡུལ་གྱི་གཞལ་བྱ་དེ་ལ་འཁྲུལ་པས་ཁྱབ་པ་དང༌། རྗེས་དཔག་ཚད་མ་ཡིན་ན་རང་གང་ལ་རྗེས་དཔག་ཏུ་སོང་བའི་གཞལ་བྱ་དེ་རང་དངོས་ཀྱི་རྒྱུད་ལྡན་གྱི་གང་ཟག་ལ་ལྐོག་ཏུ་གྱུར་པས་ཁྱབ་ཀྱང༌། རང་གི་འཇུག་ཡུལ་ཡིན་ན་རང་རྒྱུད་ལྡན་གང་ཟག་ལ་ལྐོག་གྱུར་ཡིན་པས་མ་ཁྱབ་པ་དང༌། སྒྲ་མི་རྟག་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་མངོན་སུམ་དང༌། དེ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་རྗེས་དཔག་གཉིས་ཀྱི་ཚད་མར་སོང་སའི་གཞལ་བྱ་ལ་མངོན་ལྐོག་གི་ཁྱད་པར་སོ་སོར་ངེས་པའོ། །དང་པོའི་སྒྲུབ་བྱེད་ལ་བོད་སྔ་རབས་པ་རྣམས། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྣང་ཡུལ་ལ་འཁྲུལ། འཇུག་ཡུལ་ལ་མ་འཁྲུལ་བ་ཡིན་ནོ་ཞེས་ཟེར་ཞིང༌། བོད་ཕྱི་རབས་པ་རྣམས་དེ་ལྟར་ཁས་ལེན་པ་གཞིར་བྱས་པ་ལ། རྗེས་དཔག་དེའི་འཇུག་ཡུལ་ཡིན་ན་དེས་རྟོགས་པས་ཁྱབ་ཞེས་ཟེར་རོ། །འདི་ནི་མི་འཐད་དེ། ལུང་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་འཇུག་ཡུལ་སྒྲ་མི་རྟག་པ་ལ་མ་འཁྲུལ་བར་སྟོན་པའི་ལུང་ཡོད་པ་མིན་ཏེ། ཇི་སྐད་དུ། འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་དང༌། རྣམ་པར་ངེས་པ་ལས། འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད། །ཅེས་བཤད་པའི་ཕྱིར། འོ་ན་རྣམ་པར་ངེས་པ་ལས། རང་གི་སྣང་བ་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་པ་འཇུག་པའི་ཕྱིར་འཁྲུལ་པ་ཡིན་ཡང་དོན་དང་འབྲེལ་བས་དེ་ལ་མི་འཁྲུལ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་བཤད་པ་མིན་ནམ་ཞེ་ན། གཞུང་དེའི་དོན་ནི་འཁྲུལ་ཡང་མི་བསླུ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་པའི་དོན་ཏེ། གོང་འོག་གི་སྐབས་ཐམས་ཅད་དུ་དེ་ཁོ་ན་ལྟར་བཤད་པའི་ཕྱིར། གཞན་དུ་ན་འཇུག་ཡུལ་ལ་མི་འཁྲུལ་ཏེ། དེ་ལ་འབྲེལ་བའི་ཕྱིར་ཞེས་སམ། དེ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཞེས་འདོད་དགོས་ལ། དེ་ལྟ་ན་བུམ་འཛིན་རྟོག་པ་དང༌། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་སོགས་ཆོས་ཅན། རང་གི་འཇུག་ཡུལ་ལ་མི་འཁྲུལ་པར་ཐལ། དེ་ལ་འབྲེལ་བའི་ཕྱིར། གཉིས་པ་རིགས་པ་མེད་པ་ནི། དེ་ཆོས་ཅན། སྒྲ་རྟག་པ་མིན་པ་ལ་མ་འཁྲུལ་བར་ཐལ། སྒྲ་མི་རྟག་པ་ལ་མ་འཁྲུལ་བའི་ཕྱིར་འདོད་ན་དེ་ལ་མངོན་སུམ་དུ་ཐལ། དེ་ལ་རྟོག་པ་དང་བྲལ་ཞིང༌། དེ་ལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེའི་སྒྲ་དོན་འཛིན་པར་འགྱུར་ཏེ། དེ་ལ་རྟོག་པ་ཡིན་པའི་ཕྱིར། དེ་ཡང་འདོད་ན། དགག་པའི་རྣམ་པ་ཅན་གྱི་རྟོག་པར་འགྱུར་རོ། །གཞན་ཡང་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་འཁྲུལ་པར་ཐལ། དེ་ལ་རྟོག་པ་ཡིན་པའི་ཕྱིར། དེ་ལྟ་ན། རྟོག་པ་དང་མ་འཁྲུལ་བའི་ཤེས་པའི་གཞི་མཐུན་གྲགས་པའི་ཞབས་ཀྱི་གཞུང་ན་མེད་དོ། །གལ་ཏེ་དེ་ཆོས་ཅན། སྒྲ་མི་རྟག་པ་ལ་ལོག་ཤེས་སུ་ཐལ། དེ་ལ་ལྟོས་ཏེ་དེ་མིན་ལ་དེར་འཛིན་གྱི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན་དེ་ལ་འཁྲུལ་ཤེས་ཡིན་པར་འགལ་ལོ་ཞེ་ན། འོ་ན་དེ་ཆོས་ཅན། སྒྲ་མི་རྟག་པའི་དོན་སྤྱི་ལ་ལོག་ཤེས་སུ་ཐལ། གཏན་ཚིགས་སྔ་མ་དེ་དག་གི་ཕྱིར་རོ། །འདོད་ན། དེ་ཁྱོད་ཀྱི་གཞལ་བྱ་མིན་པར་ཐལ། ཁྱོད་དེ་ལ་ལོག་ཤེས་ཡིན་པའི་ཕྱིར། འོ་ན་ཅི་ཞེ་ན། རྗེས་དཔག་དེ་རང་གི་སྣང་ཡུལ་དང་འཇུག་ཡུལ་གཉིས་ཀ་ལ་འཁྲུལ་བར་འདྲ་ཡང༌། སྣང་ཡུལ་དེ་གསར་དུ་རྟོགས་པ་དང་འཇུག་ཡུལ་ལ་མི་བསླུ་བ་ཡིན་ནོ། །དེ་ཆོས་ཅན། སྒྲ་མི་རྟག་པའི་དོན་སྤྱི་རྟོགས་པ་ཡིན་ཏེ། ཁྱོད་ཀྱིས་གསར་དུ་རྟོགས་པའི་གཞལ་བྱ་སྤྱི་མཚན་གཅིག་ཡོད། དེ་ལས་གཞན་མེད་པའི་ཕྱིར། དང་པོ་མ་གྲུབ་ན། སྤྱི་མཚན་ཡིན་ན་ཚད་མའི་གཞལ་བྱ་མིན་དགོས་པར་ཐལ། སྤྱི་མཚན་རྟོགས་པའི་ཚད་མ་མེད་པའི་ཕྱིར། གལ་ཏེ་ཡོད་ན་སྒྲ་མི་རྟག་པའི་དོན་སྤྱི་རྟོགས་པའི་ཚད་མ་ཅིའི་ཕྱིར་མེད། གཞན་ཡང་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་སོགས་རང་གི་སྣང་ཡུལ་དུ་གྱུར་པའི་སྤྱི་མཚན་ལ་མ་རྟོགས་པའི་བློར་ཁས་ལེན་པ་དང༌། རང་གི་འཇུག་ཡུལ་དུ་གྱུར་པའི་རང་མཚན་གསར་དུ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི། ཆོས་ཀྱི་གྲགས་པའི་གཞུང་ལུགས་ལས་ཕྱི་རོལ་དུ་གྱུར་པ་ཁོ་ན་ཡིན་ཏེ། དེའི་གཞུང་ལས་རང་མཚན་གསར་དུ་རྟོགས་པའི་ཚད་མ་ནི་མངོན་སུམ་ཁོ་ནར་ངེས་པ་དང༌། སྤྱི་མཚན་གསར་དུ་རྟོགས་པའི་ཚད་མ་ནི་རྗེས་དཔག་ཁོ་ནར་ངེས་སོ་ཞེས་གསལ་བར་གསུངས་པའི་ཕྱིར། ཇི་སྐད་དུ། རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་མངོན་སུམ། །རྣམ་རྟོག་མེད་པར་སྤྱི་འཛིན་མིན། །དེ་ཕྱིར་དེ་ལ་རྗེས་དཔག་ཉིད། །ཅེས་གསུངས་པའི་ཕྱིར། འོ་ན་རྗེས་དཔག་དེས་སྒྲ་མི་རྟག་པ་མ་རྟོགས་པར་ཁས་ལེན་ནམ་ཞེ་ན། འཇུག་ཚེ་དེས་དེ་རྟོགས་པར་ཁས་ལེན་པ་ཡིན་ཏེ། དོན་སྤྱི་རྟོགས་པ་ལ་རང་མཚན་རྟོགས་པར་འཁྲུལ་བའི་ཕྱིར། འཆད་ཚེ་དེས་དེ་མ་རྟོགས་པར་ཁས་ལེན་པ་ཡིན་ཏེ། དེའི་སོང་ཚོད་ཀྱི་དངོས་ཀྱི་གཞལ་བྱ་ཡིན་ན་རང་མཚན་དུ་འགལ་བའི་ཕྱིར་རོ། །དམ་བཅའ་གཉིས་པའི་སྒྲུབ་བྱེད་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་གང་ལ་ཚད་མར་སོང་བའི་དངོས་ཀྱི་གཞལ་བྱ་དེ་རང་རྒྱུད་ལྡན་གྱི་གང་ཟག་དེ་ལ། ལྐོག་ཏུ་གྱུར་པ་ཁོ་ན་ཡིན་ཏེ། དེ་ཡིན་ན་སྤྱི་མཚན་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཁྱོད་རྗེས་དཔག་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་གང་ལ་རྗེས་དཔག་ཚད་མར་སོང་བའི་འཇུག་ཡུལ་གྱི་གཙོ་བོ་དེ་གང་ཟག་དེ་ལ་ལྐོག་ཏུ་གྱུར་པ་ཁོ་ནར་མ་ངེས་ཏེ། རེས་འགའ་དེ་ལ་མངོན་དུ་གྱུར་པ་སྲིད་པའི་ཕྱིར། དེ་སྒྲུབ་པ་ནི། སྒྲ་མི་རྟག་པ་རང་མཚན་ཆོས་ཅན། གང་ཟག་དེའི་རྒྱུད་ཀྱི་ཁྱོད་རྟོགས་པའི་ཚད་མ་ཡིན་ན་ཁྱོད་ལ་རྗེས་དཔག་ཡིན་པས་མ་ཁྱབ་སྟེ། དེའི་རྒྱུད་ལ་ཁྱོད་རྟོགས་པའི་མངོན་སུམ་ཡོད་པའི་ཕྱིར་དང༌། ཁྱོད་དོན་རང་མཚན་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། རང་མཚན་སྤྱིའི་ཚུལ་གྱིས་རྟོགས་པའི་རྗེས་དཔག་སྲིད་པའི་ཕྱིར་ཏེ། ཇི་སྐད་དུ། མ་མཐོང་བདག་ཉིད་ངོ་བོ་དེ། །རྟོགས་པའི་རྟེན་ནི་དོན་གཞན་ཡིན། །ཞེས་གསུངས་པས་སོ་ཞེ་ན་རྗེས་སུ་དཔག་པས་རང་མཚན་སྤྱིའི་ཚུལ་གྱིས་རྟོགས་པ་ཞེས་བྱ་བ་འདི་ནི་དགོངས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྱིའི་ཚུལ་གྱིས་ཐོབ་པ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། འཇུག་ཚུལ་སྒོ་ནས་རང་སྤྱི་གཉིས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་འཇུག་ཡུལ་རང་མཚན་གཅིག་ཉིད་ལ་འཇུག་ཚུལ་ཐ་དད་པ་གཉིས་ཀྱིས་འཇུག་པ་ཡིན་ཏེ། གྲོང་གཅིག་ལ་ལམ་ཐ་དད་ནས་འཇུག་པ་བཞིན་ནོ། །དེ་ལྟ་ན་ཡང་རྗེས་དཔག་དེ་ཉིད་ལ་ནི་དེའི་འཇུག་ཡུལ་ལྐོག་ཏུ་གྱུར་པས་ཁྱབ་པར་ཁས་ལེན་ནོ། །དམ་བཅའ་གསུམ་པའི་བསྒྲུབ་བྱེད་ནི། སྒྲ་མི་རྟག་པ་འཛིན་པའི་མངོན་སུམ་གྱི་གཟུང་བྱར་གྱུར་པའི་སྒྲ་མི་རྟག་པ་དེ་ནི་མངོན་གྱུར་ཁོ་ན་ཡིན་ཏེ། སྒྲ་དང་གྲུབ་བདེ་རྫས་གཅིག་པའི་ཕྱིར། རྗེས་དཔག་གི་གཟུང་བྱར་གྱུར་པའི་སྒྲ་མི་རྟག་པ་དེ་ནི་ལྐོག་གྱུར་ཁོ་ན་ཡིན་ཏེ། སྤྱི་དང་གཞན་སེལ་ཡིན་པའི་ཕྱིར། དེ་ལྟར་ན་སྒྲ་འཛིན་མངོན་སུམ་གྱི་གཟུང་བྱར་གྱུར་པའི་སྒྲ་མི་རྟག་པ་ནི་སྒྲ་ཁོ་ན་ཡིན་ཏེ། རྗེས་དཔག་གི་གཟུང་བྱར་གྱུར་པའི་སྒྲ་མི་རྟག་པ་ནི་གཞན་སེལ་ཁོ་ན་ཡིན་ལ། རྣལ་འབྱོར་མངོན་སུམ་གྱི་གཟུང་བྱར་གྱུར་པའི་སྒྲ་མི་རྟག་པ་ནི་ལྡན་པ་མིན་པའི་འདུ་བྱེད་དང༌། ཆོས་ཀྱི་སྐྱེ་མཆེད་དུ་གཞག་དགོས་པ་ཡིན་ནོ། །འོ་ན་གང་ཟག་གཅིག་གི་རྒྱུད་ལ་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ལྟ་བུ་གཅིག་ལ་མི་བསླུ་བའི་ཚད་མ་མངོན་རྗེས་གཉིས་གཅིག་ཆར་ཡོད་པ་དེའི་ཚེ། དེ་གཉིས་དེ་ཚད་མར་འགྲོ་ཚུལ་ལ་ཁྱད་པར་ཅི་ཞིག་ཅེ་ན། གཞན་ལས་ངེས་དང་རང་ལས་ངེས་ཀྱི་ཁྱད་པར་ལས་སོ། །དོན་དེ་ལ་རང་ལས་ངེས་ཀྱི་མངོན་སུམ་འཇུག་པ་དེ་སྲིད་དུ་ནི་དེ་ལ་རྗེས་དཔག་འཇུག་པ་མི་སྲིད་དེ། ཚད་མ་སྔ་མས་ངེས་པ་དྲངས་པའི་སྒོ་ནས་འཇུག་ཡུལ་དུ་བྱས་ཟིན་པ་ལ་ཚད་མ་ཕྱི་མ་མི་བསླུ་བར་འགྱུར་བ་མི་སྲིད་པའི་ཕྱིར། ཇི་སྐད་དུ། གཟུང་བ་འཛིན་ཕྱིར་ཅེས་གསུངས། དེ་ལྟ་ཡིན་པ་དེའི་ཕྱིར། དང་པོར་སྒྲ་འཛིན་མངོན་སུམ་གྱིས་སྒྲ་མི་རྟག་པ་རྟོགས། བར་དུ་རྗེས་དཔག་གིས་སྒྲ་མི་རྟག་པ་རྟོགས། ཐ་མར་རྣལ་འབྱོར་མངོན་སུམ་གྱིས་སྒྲ་མི་རྟག་པ་རྟོགས་པའི་ཚེ། ཕྱི་མ་ཕྱི་མ་རྣམས་རྟོགས་ཟིན་རྟོགས་པའི་བློ་ཡིན་པའི་རྒྱུ་མཚན་གྱི་མ་རྟོགས་པའི་བློར་ཐལ་བའི་ཉེས་པ་མེད་དོ་ཞེས་པ་འདི་ཡང་ཞར་ལ་གྲུབ་པ་ཡིན་ནོ། །རྗེས་སུ་བསམས་ན་ཡིད་ཆེས་བཟང་པོ་ནི། །རྗེས་འབྲང་མིན་ཡང་ངེས་པར་རྙེད་པའི་ཐབས། །རྗེས་དཔག་ཚད་མའི་འཆད་ཚུལ་འདི་ལོང་ལ། །རྗེས་མེད་ཚིག་གི་ཕྲེང་བ་དེ་ཐོང་ཞིག །དེ་ལྟར་ཡང་དག་པའི་མངོན་སུམ་དང་རྗེས་དཔག་བཤད་ཟིན་ནས། གཉིས་པ་ལྟར་སྣང་བཤད་པ་ལ་གཉིས་ཏེ། མངོན་སུམ་ལྟར་སྣང་དང༌། རྗེས་དཔག་ལྟར་སྣང་ངོ༌། །དང་པོ་ནི། ཚད་མའི་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་སོ། །དེ་དག་ཀྱང་བསྡུ་ན་གཉིས་ཏེ། རྟོག་པ་དང༌། རྟོག་མེད་འཁྲུལ་པའོ། །དང་པོ་ཡང་གསུམ་དུ་འདུ་སྟེ། བརྡའ་རྟེན་ཅན་གྱི་རྟོག་པ་དང༌། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང༌། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པའོ། །དང་པོ་ནི། ཀུན་རྫོབ་ཤེས་པ་ལ་ཟེར་བ་ཡིན་ལ། དེ་ཡང་བྱེ་བྲག་པས་དབང་ཤེས་སུ་འདོད་པའི་བ་ལང་ཉིད་ལ་སོགས་པ་འཛིན་པའི་རྟོག་པའོ། །གཉིས་པ་ནི། འཁྲུལ་པའི་ཤེས་པ་ལ་བྱ་བ་ཡིན་ལ། དེ་ཡང་སྨིག་རྒྱུ་ལ་ཆུར་སྒྲོ་འདོགས་པའི་རྟོག་པ་ལྟ་བུའོ། །གསུམ་པ་ནི་རྗེས་དཔག་ལ་སོགས་པ་བཞི་ཡིན་ལ། དེ་ལ་རྗེས་སུ་དཔག་པ་ནི་རྟགས་འཛིན་གྱི་སེམས་སོ། །རྗེས་སུ་དཔག་པ་ལས་བྱུང་བ་ནི་རྟགས་ཅན་རྗེས་དཔག་གོ །དྲན་པ་ནི་འདས་པ་ལ་དམིགས་པའོ། །མངོན་པར་འདོད་པ་ནི་མ་འོངས་པ་དོན་དུ་གཉེར་བའོ། །འདོར་ན་སྒྲ་དོན་འཛིན་པའི་རྟོག་པ་ཐམས་ཅད་དྲུག་པོ་དེ་དག་ཏུ་འདུས་པ་ཡིན་ནོ། །གཉིས་པ་རྟོག་མེད་ནི། རབ་རིབ་ཀྱིས་ཉེ་བར་མཚོན་པའི་ཕྲལ་གྱི་འཁྲུལ་པའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་སྐྱེད་པའི་རྟོག་པ་མེད་པའི་ཤེས་པ་རྣམས་ཏེ། དེ་ལ་ཡང་དབང་ཤེས་དང་ཡིད་ཤེས་འཁྲུལ་པའི་དབྱེ་བས་གཉིས་སོ། །དེ་ལྟར་བཤད་པ་ན། གང་འཁྲུལ་པའི་ཤེས་པ་ཡིན་ན་མངོན་སུམ་ལྟར་སྣང་བ་ཡིན་པས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་གི་ཤེས་པ་བཞིན། རྟོག་པ་ཇི་སྙེད་པ་ཐམས་ཅད་ཀྱང་འཁྲུལ་པའི་ཤེས་པ་ཡིན་ནོ། །སློབ་དཔོན་བདག་ཉིད་ཆེན་པོའི་སློབ་མ་འགའ་ཞིག་ན་རེ། དྲངས་མ་ཐག་པའི་ཚིགས་སུ་བཅད་པ་གཅིག་པུ་དེས་བྲལ་བྱ་རྟོག་པ་ངོས་འཛིན་པ་ཡིན་ནོ་ཞེས་ཟེར་བ་དག་ཡོད་པ་དེ་འགོག་པའི་དབང་དུ་བྱས་ནས། དེ་ཡང་ཡིད་ཀྱི་ཞེས་ཁ་ཅིག་ཅེས་སོགས་གསུངས་པ་ཡིན་ནོ། །འོ་ན་གཞུང་དེ་དག་གིས་ཅི་ཞིག་བསྟན་ཞེ་ན། གོང་དུ། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་བཤད་པ་ལ་འཕྲོས་ནས། འོ་ན་དེ་ཙམ་གྱིས་ཆོག་གམ་ཞེ་ན་མིན་ཏེ། དེའི་སྟེང་དུ་མ་འཁྲུལ་བའི་ཤེས་པ་ཡིན་པ་གཅིག་ཀྱང་དགོས་པའི་ཕྱིར། འོ་ན་འཁྲུལ་པའི་ཤེས་པ་ལ་དུ་ཡོད་ཅེ་ན། རྟོག་པ་དྲུག་དང༌། རྟོག་མེད་གཅིག་གོ་ཞེས་འཆད་པ་ནི་སྔར་གྱི་གཞུང་དེ་དག་གོ །དེའི་ཕྱིར། འཁྲུལ་པའི་ཤེས་པ་དེ་མངོན་སུམ་ལྟར་སྣང་གི་མཚན་ཉིད། མ་འཁྲུལ་བའི་རིག་པ་མངོན་སུམ་ཡང་དག་གི་མཚན་ཉིད་ཅེས་སམ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད། རྟོག་པ་ཡིན་པའམ་འཕྲལ་གྱི་འཁྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་བསྐྱེད་པའི་རིག་པ་དེ་མངོན་སུམ་ལྟར་སྣང་གི་མཚན་ཉིད་དོ། །འདིར་མ་འཁྲུལ་བའི་དོན་ནི་རྟོག་མེད་ཀྱི་ཤེས་པ་གཞིར་བྱས་པ་ལ་འཁྲུལ་པའི་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་བསྐྱེད་པའོ། །འཁྲུལ་པའི་དོན་ནི་རྟོག་པ་ཡིན་པའམ། རྟོག་མེད་ཀྱི་ཤེས་པ་ཡིན་ཀྱང་དེ་བཞི་པོ་གང་རུང་གིས་དེར་སྐྱེད་པའོ། །འདི་ནི་མདོ་སྡེ་པའི་ལུགས་ཡིན་ལ། རྣམ་རིག་པའི་ལུགས་ལ་རྟོག་པ་ཇི་སྙེད་པ་དང་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་ཐམས་ཅད་འཁྲུལ་པ་ཡིན་ལ། གཉིས་པོ་མིན་པའི་ཤེས་པ་ཐམས་ཅད་འཁྲུལ་པ་ཡིན་ལ། གཉིས་པོ་མིན་པའི་ཤེས་པ་ཐམས་ཅད་མ་འཁྲུལ་བར་བཞག་གོ །གཉིས་པ་རྗེས་དཔག་ལྟར་སྣང་ནི། གཏན་ཚིགས་ལྟར་སྣང་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཇི་སྙེད་པའོ། །དབྱེ་ན་འགལ་བ་དང༌། མ་ངེས་པ་དང༌། མ་གྲུབ་པའི་རྟགས་ལ་བརྟེན་པའི་དབྱེ་བས་གསུམ་ཡིན་ལ། གསུམ་པོ་དེའི་མིང་ནི་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉིད་དང༌། །མི་འདོད་ཅེས་གསུངས་སོ། །གསུམ་པོ་དེ་ཆོས་ཅན། རྗེས་དཔག་ལྟར་སྣང་ཡིན་ཏེ། རྗེས་དཔག་ཡིན་པ་ལྟ་བུར་སྣང་ལ། དེ་མ་ཡིན་པའི་ཕྱིར། དེར་སྣང་བ་ཡིན་ཏེ། གཏན་ཚིགས་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན་འཁྲུལ་པ་དང་ཀུན་རྫོབ་པའི་ཤེས་པ་གཉིས་མངོན་སུམ་ལྟ་བུར་སྣང་ཡང༌། དེ་མིན་པའི་རྒྱུ་མཚན་གྱིས་མངོན་སུམ་ལྟར་སྣང་དུ་འཇོག་དགོས་པ་བཞིན་ནོ། །དེ་ལྟར་བཤད་པ་དེ་དག་གི་ནང་ནས་ཅུང་ཟད་ཤེས་པར་དགའ་བ་རྟགས་འཛིན་གྱི་སེམས་བཤད་པ་ལ་གཉིས་ཏེ། གཞུང་འགྲེལ་ལས་ཇི་ལྟར་འབྱུང་བའི་ཚུལ་དང༌། རང་གི་འདོད་པ་ངོས་བཟུང་བའོ། །དང་པོ་ནི། ཚད་མའི་མདོར་མངོན་སུམ་ལྟར་སྣང་གི་སྡེ་ཚན་དུ་བཤད་པ་དང༌། རྗེས་དཔག་གི་སྡེ་ཚན་ལས་ལོགས་སུ་བཤད་པས་རྟགས་འཛིན་སེམས་དང༌། ཚད་མ་མངོན་རྗེས་གཉིས་པོ་གང་རུང་གི་གཞི་མཐུན་མེད་པ་ལྟ་བུར་བཤད། ཡང་ཚད་མའི་མདོར། འབྲེལ་བ་མེད་ཕྱིར་རྟགས་བློ་མིན། །རྟགས་ལས་བྱུང་བ་བསྟན་པའི་ཕྱིར། །ཞེས་པས་གཏན་ཚིགས་ལྟར་སྣང་རྣམས་ལ་རྟགས་ཅན་གྱི་བློ་མེད་པར་བསྟན་ཅིང༌། ཁྱབ་འབྲེལ་ཚད་མས་ངེས་པ་དང༌། ཟུང་དུ་མ་འབྲེལ་བའི་རྟགས་རྐྱང་པ་ཆོས་ཅན་གྱི་སྟེང་དུ་འཛིན་པའི་བློ་རྣམས་རྟགས་འཛིན་གྱི་སེམས་མ་ཡིན་པར་བསྟན། ཡང་མདོའི་འགྲེལ་པར། རྟགས་ཤེས་པ་རྗེས་དཔག་གི་དངོས་ཀྱི་རྒྱུ་ནི་མིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར་ཞེས། རྟགས་ཅན་རྗེས་དཔག་གི་དངོས་ཀྱི་རྒྱུ་མིན་པར་བསྟན། རྣམ་འགྲེལ་མཛད་པས། དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་ཞེས་སོགས་ཀྱིས། །དེ་དེའི་རྒྱུ་ཡིན་པར་བསྟན། །དངོས་གང་ཇི་ལྟ་བུར་གྱུར་པ། །ཞེས་དང༌། ཁྱབ་བྱེད་དེའི་ངོ་བོའམ། །རྒྱུ་དག་ཁྱབ་པར་བྱ་སེམས་ཀྱི། །རྒྱུ་མཚན་ཞེས་པས། སྦྱོར་བ་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་གྱི་གཙོ་བོ་གང་ཡིན་པ་དེ། དེ་སྐོར་གྱི་རྟགས་འཛིན་སེམས་ཀྱི་རྒྱུ་དང་འཇུག་ཡུལ་དུ་བསྟན། རྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་བསླུ་བྱེད་ཉིད་མ་ཡིན། །ཞེས་པས། དེ་སྐོར་གྱི་རྟགས་འཛིན་གྱི་སེམས། དེ་སྐོར་གྱི་སྒྲུབ་བྱ་ལ་མི་བསླུ་བར་བསྟན་ནོ། །འགྲེལ་པ་མཁན་པོ་དག་གི་འདོད་པ་ནི། སློབ་དཔོན་ཤཱཀྱ་བློ། ཕྱོགས་ཆོས་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་ངེས་ཤེས་ལ་རྟགས་འཛིན་སེམས་སུ་འདོད། སློབ་དཔོན་ཆོས་མཆོག་ཆོས་ཅན་གྱི་སྟེང་དུ་རྟགས་སུ་འགོད་བྱ་འཛིན་པའི་ཤེས་པ་རྟགས་འཛིན་གྱི་སེམས་མིན་གྱི། རྟགས་དང་བསྒྲུབ་བྱའི་འབྲེལ་བ་འཛིན་པའི་ཤེས་པ་ལ་རྟགས་འཛིན་གྱི་སེམས་སུ་འདོད། རྒྱན་མཁན་པོ། འབྲས་བུའི་གཏན་ཚིགས་རྣམས་ལ་རྟགས་འཛིན་གྱི་སེམས་དང༌། རྟགས་ཅན་གྱི་རྗེས་དཔག་སོར་གཞག་ཏུ་ཡོད་པ་ཡིན་གྱི། རང་བཞིན་གྱི་གཏན་ཚིགས་རྣམས་ལ་ནི་རྟགས་དང་རྟགས་ཅན་འཛིན་པའི་བློ་སོ་སོར་ཡོད་པ་མིན་ཏེ། རྟགས་འཛིན་པའི་བློ་ཉིད་ཀྱིས་རྟགས་ཅན་འཛིན་པའི་ཕྱིར། དོན་དེ་ལ་བསམས་ནས་རྟགས་ཀྱི་བློ་རྟགས་ཅན་ལ་མི་བསླུ་བར་བཤད་པ་ཡིན་ནོ་ཞེས་གསུངས་ལ། གཞུང་འགྲེལ་དེ་དག་གིས་ནི་དགག་པའི་གཏན་ཚིགས་ཀྱི་རྟགས་འཛིན་དང༌། རྟགས་ཅན་གྱི་བློ་ལ་དཔྱད་པ་མཛད་པ་མི་སྣང་ངོ༌། །གཉིས་པ་དགོངས་དོན་ངོས་བཟུང་བ་ལ། དོན་གྱི་ཁོག་ཕུབ་པ་དང༌། ངོས་འཛིན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། འདིར་རྟགས་དང༌། རྟགས་ཅན་བསྒྲུབ་བྱ་ཡུལ་དུ་བྱེད་པའི་མི་བསླུ་བའི་ཤེས་པ་ནི་བཞི་སྟེ། གང་ཞེ་ན། ཚུལ་གསུམ་འཇལ་བར་བྱེད་པའི་ཚད་མ་དང༌། ཚད་མ་དེས་གྲངས་པའི་ངེས་ཤེས་བལྟོས་གཞི་སོ་སོའི་སྟེང་དུ་ཚུལ་གསུམ་དྲན་པའི་བློ་སོ་སོ་བ་དང༌། ཚུལ་གསུམ་སྡོམས་ནས་གཅིག་ཆར་དུ་འདྲེན་པའི་འདྲེན་བློ་ཐུན་མོང་བ་གཅིག་དང༌། རྟགས་ཅན་རྗེས་དཔག་རྣམས་སོ། །འོ་ན་བློ་རིགས་བཞི་པོ་དེ་དག་གནས་སྐབས་གང་དུ་གང་སྐྱེ་ཞེ་ན་དུ་བས་ལ་མེ་ལྡན་དུ་སྒྲུབ་པ་དང༌། མེ་མེད་ཀྱིས་མཚན་མོའི་རྒྱ་མཚོ་དུ་མེད་དུ་བསྒྲུབ་པ་ལ་མཚོན་ན། སྔར་བཤད་པའི་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་དང༌། དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་གཉིས་མཐོང་བ་ལས་རྟགས་དེ་གཉིས་ཀའི་ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་སྐྱེའོ། །ལའི་སྟེང་དུ་དུ་བ་མཐོང་མ་ཐག་ཏུ་ལ་མེ་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མ་དང༌། རྒྱ་མཚོར་མེ་ཚད་མས་མ་མཐོང་བ་ཉིད་ལ་གཅིག་ཤེས་ཀྱི་ཕྱོགས་ཆོས་འཇལ་བའི་ཚད་མ་སྐྱེས་པ་ཞེས་བྱའོ། །བློ་རིགས་གཉིས་པ་ནི་དེ་ལྟ་བུའི་ངེས་ཤེས་ཀྱི་རྒྱུན་ལྟོས་གཞི་སོ་སོ་དང་འབྲེལ་བ་རྟགས་ཅན་རྗེས་དཔག་གི་དངོས་ཀྱི་རྒྱུ་མ་ཡིན་པ་ཞིག་གོ །འདི་ལའང་གཉིས་ཏེ། ཁྱབ་འབྲེལ་ཚད་མས་ངེས་པ་སྔོན་དུ་སོང་ནས་ཕྱོགས་ཆོས་དྲན་པའི་བློ་དང༌། ཕྱོགས་ཆོས་ཚད་མས་ངེས་པ་སྔོན་དུ་སོང་ནས་ཁྱབ་འབྲེལ་དྲན་པའི་བློའོ། །དེ་ལྟར་གཉིས་ལས་སྒྲུབ་པའི་གཏན་ཚིགས་རྣམས་ལ་ནི་དང་པོ་རྟགས་འཛིན་གྱི་སེམས་སུ་བཞག་དགོས་ལ། དགག་པའི་གཏན་ཚིགས་རྣམས་ལ་ནི། གཉིས་པ་རྟགས་འཛིན་སེམས་སུ་བཞག་དགོས་པ་ཡིན་ཏེ། གཞུང་ལས། དེ་ཕྱིར་དངོས་པོ་རྟོགས་བྱ་ལ། །ཞེས་པར། ཁྱབ་བྱེད་འཛིན་པའི་སེམས་ལ་རྟགས་འཛིན་སེམས་སུ་བཤད་པའི་ཕྱིར་དང༌། དགག་པ་ཉིད་ནི་ཐམས་ཅད་དུ། །ཞེས་པར། ལྡོག་འབྲེལ་འཛིན་པའི་སེམས་ལ་རྟགས་འཛིན་གྱི་སེམས་སུ་བཤད་པའི་ཕྱིར། དེ་ལས་གཞན་དུ་ན་གཞུང་དེ་དག་གིས་དགག་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་རང་མཚན་ལ་མི་བསླུ་བའི་ཚུལ་ཇི་ལྟར་བསྟན་པ་ཁྱེད་ཀྱིས་བསམ་དགོས་པ་ཡིན་ནོ། །བློ་རིགས་གསུམ་པ་ནི། གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་ཅེས་སོགས་ཆོས་མཐུན་པ་དང༌། མི་མཐུན་པའི་སྒྲུབ་ངག་བཀོད་པའི་དེ་མ་ཐག་ཏུ་ཚུལ་གསུམ་བསྡོམས་ནས་དྲན་པའི་བློ་དེ་ཉིད་སྐྱེ་བ་ཡིན་ནོ། །བློ་རིགས་བཞི་པ་ནི། གཏན་ཚིགས་དང་སྒྲུབ་པའི་ངག་ལ་མི་ལྟོས་པར། བཤད་མ་ཐག་པའི་དྲན་བློ་དེ་ཉིད་ལས་དངོས་སུ་སྐྱེ་བ་ཡིན་ནོ། །དེ་དེའི་དངོས་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་བློ་རིགས་དང་པོ་གསུམ་ཀ་ཚུལ་གསུམ་པ་ཅན་གྱི་རྟགས་འཛིན་པ་ལ་ཁྱད་པར་མེད་བཞིན་དུ། ཐོག་མཐའ་གཉིས་རྟགས་འཛིན་སེམས་སུ་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བཤད་པ། ཚུལ་གསུམ་གང་རུང་འཇལ་བའི་ཚད་མ་ཡིན་ན་རྟགས་འཛིན་སེམས་སུ་འགལ་བའི་ཕྱིར་དང༌། བར་དུ་གཅོད་བྱེད་ཀྱི་དྲན་པ་ནི་ཚུལ་གསུམ་ཆར་བསྡོམས་ནས་འཛིན་པ་ཡིན་པས། ཕྱོགས་ཆོས་དང་ཁྱབ་འབྲེལ་འཛིན་པའི་ཚུལ་ལ་ཤས་ཆེ་ཆུང་གི་ཁྱད་པར་མེད་པའི་ཕྱིར། རྟགས་དང་པོ་སྒྲུབ་པ་ནི། མངོན་སུམ་ཡིན་ན་རྟགས་འཛིན་སེམས་སུ་འགལ་བ་ཡིན་ཏེ། དེ་ཡིན་ན་འཁྲུལ་ཤེས་ཡིན་དགོས་པའི་ཕྱིར་ཏེ། མངོན་སུམ་ལྟར་སྣང་གི་དབྱེ་བར་བཀོད་པའི་ཕྱིར་དང་རྗེས་དཔག་ཡང་དེ་མིན་དགོས་ཏེ། སྤྱིར་རྟགས་འཛིན་སེམས་ཡིན་ན་རྟགས་ཅན་རྗེས་དཔག་མིན་དགོས་པའི་ཕྱིར། འདིར་རྟོགས་དཀའ་བ་དགག་པའི་གཏན་ཚིགས་ཀྱི་རྟགས་འཛིན་སེམས་དང༌། དེ་འཇུག་ཡུལ་ལ་མི་བསླུ་བའི་ཚུལ་འདི་ལྟར་བཤད་དགོས་ཏེ། ལ་མེ་ལྡན་དུ་སྒྲུབ་པ་དང༌། མཚན་མོའི་རྒྱ་མཚོར་དུ་བ་མེད་པར་བསྒྲུབ་པ་གཉིས་ཀའི་འཇུག་ཡུལ་ནི་མེ་རང་མཚན་གཅིག་པུ་དེ་ཉིད་ཡིན་ལ། དེ་ཉིད་དེ་གཉིས་ཀའི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ནོ། །དེ་དེ་གཉིས་ཀའི་འཇུག་ཡུལ་ཡིན་ཏེ། སྔ་མའི་འཇུག་ཡུལ་ཡིན་པ་ལ་དོགས་པ་མེད་ཅིང༌། དེ་ཕྱི་མའི་འཇུག་ཡུལ་མིན་ན་དེའི་རྟགས་འཛིན་སེམས་དང་འཇུག་ཡུལ་རང་མཚན་གྱི་འབྲེལ་བ་རྙེད་དཀའ་བའི་ཕྱིར་དང༌། རྒྱུ་མ་དམིགས་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་དེ། དུ་བས་ལ་མེ་ལྡན་དུ་བསྒྲུབ་པའི་ལྡོག་ཁྱབ་འཇལ་བའི་ཚད་མར་སོང་བ་སྲིད་པ་གང་ཞིག་དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་ཚད་མར་སོང་བ་སྲིད་པ་གང་ཞིག དེ་སྐོར་གྱི་ལྡོག་ཁྱབ་འཇལ་བའི་ཚད་མ་ཡིན་ན། དེ་སྐོར་གྱི་རྟགས་ཅན་རྗེས་དཔག་གི་འཇུག་ཡུལ་ལ་མི་བསླུ་བས་ཁྱབ་པའི་ཕྱིར། རྟགས་གཉིས་པ་བསྒྲུབ་པ་ནི། དེ་དེ་གཉིས་ཀའི་རྒྱུ་ཡིན་ཏེ། དུ་བས་ལ་མེ་ལྡན་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་རྟགས་འཛིན་སེམས་དེ་མེའི་འབྲས་བུ་ཡིན་པ་གང་ཞིག མེ་མེད་ཀྱིས་མཚན་མོའི་རྒྱ་མཚོར་དུ་མེད་དུ་བསྒྲུབ་པའི་ལྡོག་འབྲེལ་འཇལ་བའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་རྟགས་འཛིན་སེམས་དེ་ཡང་མེའི་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། སྦྱོར་བ་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་ངེས་ཤེས་གང་ཞིག དེ་སྐོར་གྱི་རྟགས་ཅན་རྗེས་དཔག་རྒྱུད་ནས་སྐྱེད་བྱེད་དོ། །གཉིས་པ་ལ་སྒྲུབ་རྟགས་ཡང་དག་གི་རྟགས་འཛིན་སེམས་དང༌། དགག་རྟགས་ཡང་དག་གི་རྟགས་འཛིན་སེམས་སོ། །དང་པོ་ལ་མཚན་ཉིད་ནི། སྦྱོར་བ་དེ་སྐོར་གྱི་ཁྱབ་འབྲེལ་ཚད་མས་ངེས་པ་སྔོན་དུ་སོང་བ་ཅན་གྱི་དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་དེ་སྐོར་གྱི་ཕྱོགས་ཆོས་ངེས་པའི་ངེས་ཤེས་གང་ཞིག་རང་འབྲས་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་རྒྱུད་ནས་བསྐྱེད་བྱེད་དོ། །དཔེར་བརྗོད་པ་ནི་མེ་དུའི་འབྲེལ་བ་ཚད་མས་ངེས་ཟིན་མ་བརྗེད་པའི་རྒོལ་བའི་རྒྱུད་ཀྱི་ལའི་སྟེང་གི་དུ་བ་མཐོང་བའི་མངོན་སུམ་གྱིས་དྲངས་པའི་ལའི་དུ་བ་ངེས་པའི་ངེས་ཤེས་ལྟ་བུའོ། །དེའི་ཚེ་མེའི་དུའི་འབྲེལ་བ་དྲན་ལམ་ན་ཡོད་བཞིན་པ་མིན་པ་གཅིག་དགོས་ཏེ། གལ་ཏེ་ཡོད་ན་ཚུལ་གསུམ་གཅིག་ཆར་དུ་དྲན་པས་བར་དུ་གཅོད་བྱེད་ཀྱི་དྲན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང༌། དུས་དེར་སྒྲུབ་ངག་བཀོད་པ་ལ་མ་ལྟོས་པར་རྗེས་དཔག་སྐྱེ་བར་ཐལ་བའི་ཕྱིར་རོ། །འདིར་རྟགས་འཛིན་སེམས་ཀྱི་རྒྱུ་ནི་ལའི་དུ་བ་དེ་ཉིད་ཡིན་ལ། དེའི་རྒྱུ་ཡང་ལའི་མེའི་དེ་ཉིད་ཡིན་པར་འཇོག་པའི་ཕྱིར། རྟགས་འཛིན་དང༌། རྟགས་ཅན་གཉིས་ཀ་འཇུག་ཡུལ་གཅིག་ཉིད་ལ་མི་བསླུ་བར་བཞག་གོ །འོ་ན་རྟགས་སུ་འགོད་བྱ་དངོས་པོར་གྱུར་པ་རྣམས་ལ་དེ་ལྟར་ཡིན་མོད། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པ་ལྟ་བུ་རྟགས་སུ་བཟུང་བྱ་དངོས་པོར་མེད་པ་རྣམས་ལ་མི་ཇི་ལྟར་ཞེ་ན། འདིའི་ལན་ལ། རྔོག་ལོ་ཆེན་པོ་ལྟར་ན་རྟགས་འཛིན་སེམས་ཀྱི་རྒྱུར་གྱུར་པའི་རྟགས་དེ། རྟགས་སུ་བཟུང་བྱ་ལ་མི་བཞེད་པར་ཕྱོགས་ཆོས་ཚད་མས་ངེས་པའི་བློ་ལས་རྟགས་འཛིན་སྐྱེ་བར་བཞེད་པ་ལྟར་ན། དོན་འདི་ལ་དཀའ་བའི་གནས་མེད་ལ། རིགས་པའི་གཏེར་དུ་རྟགས་སུ་བཀོད་བྱ་ལས་སྐྱེ་བར་གསུངས་པ་ལྟར་ན། ཅུང་ཟད་དཀའ་བའི་གནས་ཡིན་པས་རྣམ་པར་བསམ་དགོས་པ་ཡིན་ནོ། །དེ་ལྟར་བསམ་པའི་ཚེ་ན་དགག་པའི་གཏན་ཚིགས་རྣམས་དང་འདྲ་བར་ལྡོག་འབྲེལ་ངེས་བྱེད་ཀྱི་ཚད་མ་ལས་སྐྱེས་ལ། ཚད་མ་དེ་ཡང་མཐར་ཐུག་གི་འཇུག་ཡུལ་ལ་འབྲེལ་བ་ཅན་གྱི་རྟགས་སུ་བཟུང་བྱ་དེ་ལས་སྐྱེ་བར་ཁས་ལེན་དགོས་པ་འདྲའོ། །གཉིས་པ་ལ་མཚན་ཉིད་ནི། དེ་སྐོར་གྱི་ཕྱོགས་ཆོས་འཇལ་བའི་ཚད་མ་སྔོན་དུ་སོང་བ་ཅན་གྱི། དེ་སྐོར་གྱི་ཁྱབ་འབྲེལ་འཇལ་བའི་ཚད་མས་དྲངས་ནས་སྐྱེས་པའི་དེ་སྐོར་གྱི་ལྡོག་འབྲེལ་ངེས་པའི་ངེས་ཤེས་གང་ཞིག་རང་འབྲས་དེ་སྐོར་གྱི་རྟགས་ཅན་རྗེས་དཔག་རྒྱུད་ནས་སྐྱེད་བྱེད་དོ། །དཔེར་བརྗོད་པ་ནི། མེ་མེད་ཀྱི་རྟགས་ཀྱི་མཚན་མོའི་རྒྱ་མཚོ་དུ་མེད་དུ་བསྒྲུབ་པའི་ཚུལ་གསུམ་འཇལ་བའི་ཚད་མས་དྲངས་པའི་མེ་དུའི་འབྲེལ་བ་ངེས་པའི་བློ་ལྟ་བུའོ། །དེའི་ཚེ་ཡང་ཕྱོགས་ཆོས་ནི་ཚད་མས་སྐྱེད་པའི་དྲན་ལམ་ན་མེད་པ་ཞིག་དགོས་ཏེ། ཡོད་ན་རྗེས་དཔག་གི་དངོས་རྒྱུར་ཐལ་བའི་ཕྱིར་རོ། །འོ་ན་རྟགས་འཛིན་སེམས་དེའི་རྒྱུ་གང་ཞེ་ན། དེ་ནི་ཚང་མང་གི་སྟེང་གི་མེ་ལས་སྐྱེ་བར་མངོན་སུམ་གྱི་གྲུབ་པའི་ཕྱིར་དུ་བ་དེ་ཉིད་དོ། །དེ་ཆོས་ཅན་དེའི་རྒྱུ་ཡིན་ཏེ། མེ་དུའི་འབྲེལ་བ་འཛིན་པའི་ངེས་ཤེས་དངོས་སུ་འདྲེན་པའི་མངོན་སུམ་གྱི་དངོས་རྒྱུ་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས་རྣམ་འགྲེལ་ངེས་སུ་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་ཤེས་བྱེད་དུ། རྟགས་ཅན། རྟགས་འཛིན་ལས་སྐྱེ་བ་དང༌། རྟགས་འཛིན་རྟགས་ལས་སྐྱེ་བ་དང༌། རྟགས་སྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་བཤད་ལ། དགག་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་ཤེས་བྱེད་དུ་དགག་པའི་གཏན་ཚིགས་ཡང་དག་གིས་དགག་བྱ་འགོག་པ་དགག་བྱ་དམིགས་བྱེད་ཀྱི་ཚད་མ་བཀག་པ་ལ་རག་ལས་པར་བཤད་པས་དེ་ཡང་དགག་བྱ་བུམ་པ་ལྟ་བུ་དམིགས་བྱེད་ཀྱི་ཚད་མ་དེ་ཉིད་བུམ་པ་ཡོད་པར་ངེས་པའི་ངེས་ཤེས་དོན་མཐུན་གྱི་རྒྱུ་ཡིན་པ་ལ་ཐུག་ཅིང་བུམ་པ་དམིགས་བྱེད་ཀྱི་ཚད་མ་དེ་ཉིད་ཀྱང་སྣང་རུང་བུམ་པ་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེས་དག་པའི་ས་ཕྱོགས་སུ་དེ་མེད་པར་སྒྲུབ་པའི་རྗེས་དཔག་གི་འཇུག་ཡུལ་ཡིན་པའི་ཕྱིར། དེ་དེ་ཡིན་ཏེ། དེ་ལྟར་རྟོགས་པའི་རྗེས་དཔག་དེ་བུམ་པ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་འཇུག་པའི་རྟགས་ཀྱིས་གཞི་འགའ་ཞིག་ཏུ་བུམ་པ་དམིགས་བྱེད་ཀྱི་ཚད་མ་མངོན་སུམ་དུ་སྒྲུབ་པའི་རྟགས་ཀྱིས་ལྡོག་པ་འཇལ་བའི་ཚད་མར་སོང་བ་སྲིད་པའི་ཕྱིར། ཇི་སྐད་བཤད་པ་ལས་གཞན་དུ་ན། དགག་རྟགས་ལ་བརྟེན་པའི་རྗེས་དཔག་འཇུག་ཡུལ་ལ་མི་བསླུ་བའི་སྒྲུབ་བྱེད་དུ་དགག་པ་ཉིད་ནི་ཐམས་ཅད་དུ། ཞེས་གསུངས་པའི་ཁྱབ་འབྲེལ་གང་ཡིན་ཞེས་རྣམ་པར་བསམ་དགོས་པ་ཡིན་ནོ། །དེ་ལྟར་རྒྱས་པར་བཤད་པ་འདི་དག་ནི། སློབ་དཔོན་ཆོས་མཆོག་དང་མཐུན་པར་བཤད་པ་ཡིན་པ་སྟེ། འཐད་ལྡན་ལས། རྟགས་མི་འཁྲུལ་བར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་ཆོས་ཅན་ལ་མི་ལྟོས་པར་ཁྱབ་པ་སྤྱི་འཛིན་པ་ཡིན་ལ། གཞན་ནི་ཕྱོགས་ཀྱི་ཆོས་ངོས་བཟུང་བ་ན་བཟུང་ཟིན་པ་ཉིད་ཀྱི་མི་འཁྲུལ་བ་གང་ཡིན་པ་དྲན་པ་སྟེ། བཟུང་ཟིན་པའི་མི་འཁྲུལ་བ་མ་དྲན་ན་ནི་སྒྲུབ་བྱ་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་དུ་བ་མཐོང་བ་ནས་འདི་ནི་ཐམས་ཅད་དུ་མེ་ལས་སྐྱེ་བའི་ཕྱིར་འདི་ཡང་མེ་ལས་སྐྱེ་བ་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །ཐམས་ཅད་དུ་མེ་ལས་སྐྱེ་བ་དྲན་པ་གང་ཡིན་པ་དེ་ནི་རྟགས་ཤེས་པ་ཡིན་ནོ། །ལ་འདི་ཡང་མེ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡིན་ནོ། །དེ་ཡང་སྤྱིར་ཁྱབ་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་བས་ན་རྟགས་ཤེས་པ་རྟགས་ཅན་གྱི་རྒྱུ་ཡིན་ཏེ་སྤྱི་ཁྱབ་མི་འཁྲུལ་བ་འཛིན་པ་ནི་ཆོས་ཅན་ལ་མི་འཁྲུལ་བ་དྲན་པའི་ཡན་ལག་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། འབྲེལ་བ་འདིའི་དོན་ལ་རྟགས་ནི་སྤྱི་ཁྱབ་འཛིན་པའི་བློ་རྟགས་འཛིན་གྱི་སེམས་དང༌། ཕྱོགས་ཆོས་མཐོང་བས་རྐྱེན་བྱས་ནས་སྤྱི་ཁྱབ་དྲན་པའི་བློ་བར་དུ་གཅོད་བྱེད་ཀྱི་དྲན་པ་ཡིན་ཞིང༌། དེ་ལས་རྗེ་དཔག་དངོས་སྐྱེ་བར་གསལ་ལོ། །ཡང་ན་འདི་ལྟར་བཤད་པར་བྱ་སྟེ། དངོས་གང་ཞེས་པ་ནས། དེ་ཡང་དེའི་བློ་ཡིན་ཞེས་པའི་བར་གྱིས་སྒྲུབ་རྟགས་ལ་བརྟེན་པའི་རྗེས་དཔག་ལ་འཇུག་ཡུལ་རང་མཚན་མི་སྣང་ཡང༌། དེའི་དོན་སྤྱི་ལ་དེར་ཞེན་པའི་རྒྱུ་མཚན་དང་དེ་རང་མཚན་པ་དེ་ཉིད་རྗེས་དཔག་གི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས། དེ་དེ་ལ་མི་བསླུ་བར་བཤད་ནས། འོ་ན་དགག་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་རྣམས་ལ་རློམ་ཚོད་ཀྱི་བསྒྲུབ་བྱ་རང་མཚན་པ་མེད་པས་ཇི་ལྟར་འཇུག་ཡུལ་རང་མཚན་ལ་མི་བསླུ་སྙམ་པ་ལ། སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་ན་རློམ་ཚོད་ཀྱི་བསྒྲུབ་བྱ་རང་མཚན་པ་གཅིག་ཡོད་དགོས་ཏེ། དེ་ཡིན་ན་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ། བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་ངེས་པར་སྒྲུབ་པས་ཁྱབ་པའི་ཕྱིར་དང༌། དེ་ཡིན་ན་རང་གི་སྒྲུབ་བྱ་སྒྲུབ་པའི་ཆ་ནས་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན་དགོས་པའི་ཕྱིར་ཞེས་སྟོན་པ་ནི། དགག་པ་ཡི་ནི་ཞེས་སོགས་ཡིན་ནོ། །དེ་གཉིས་ཀ་དེ་ལ་མི་བསླུ་བ་ཡིན་ཀྱང་སྔ་མ་དེ་ཚད་མ་མ་ཡིན་པའི་ཤེས་བྱེད་ནི། དེས་འཇུག་ཡུལ་དེ་མ་བཅད་པའི་རྒྱུ་མཚན་གྱིས་སོ། །དེ་གཉིས་ཀ་དེ་ཡིན་ཀྱང་ཕྱི་མ་གསར་དུ་མི་བསླུ་བ་མ་ཡིན་པར་མི་འགྱུར་བའི་ཤེས་བྱེད་ཀྱང༌། དེས་དེ་གསར་དུ་བཅད་པའི་རྒྱུ་མཚན་གྱིས་ཡིན་ནོ། །རྟགས་དང་བསྒྲུབ་བྱའི་འབྲེལ་ཚུལ་མི་ཤེས་པར། །རྟགས་འཛིན་འཆད་པར་རློམ་པ་ངོ་ཚའི་གནས། །རྟགས་ཅན་ཡུལ་ལ་འཇུག་པའི་ཚུལ་བསླབས་ནས། །རྟགས་སེམས་ལེགས་པར་བཤད་འདི་རྟོག་གེའི་རྒྱན།།  །།འབྲས་མེད་བརྫུན་གྱི་རང་རྒྱུད་མཐའ་དག་དང༌། །འབྲས་མཚུངས་གཡོ་སྒྱུའི་ཐལ་འགྱུར་མང་པོ་ལ། །འབྲས་བུའི་ཆ་ཤས་འགའ་ཡང་མེད་གཟིགས་ནས། །འབྲས་རྟོག་གསུང་བ་དེ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་ཀྱི་འབྲས་བུ་འཆད་པ་ལ། སྤྱིའི་རྣམ་པར་བཞག་པ་དང༌། སོ་སོའི་རྣམ་པར་བཞག་པའོ། །དང་པོ་ལ། ཚད་མ་མདོ་ལས་ཇི་ལྟར་གསུངས་པའི་ཚུལ། རྣམ་འགྲེལ་ངེས་སུ་ཇི་ལྟར་བཀྲལ་བའི་ཚུལ། འགྲེལ་པ་བྱེད་པ་དག་གིས་ཇི་ལྟར་བཤད་པའི་ཚུལ། རང་གི་འདོད་པས་ཇི་ལྟར་བརྟགས་པའི་ཚུལ་བཤད་པའོ། །དང་པོ་ལ་ཚད་མའི་འབྲས་བུ་ཞེས་པའི་དོན་ནི། ཚད་མ་རྒྱུད་ལ་སྐྱེད་པའི་དགོས་པའམ་ཚད་མའི་བྱ་བ་ལ་ཟེར་བ་ཡིན་ལ། དེ་ལའང་གཉིས་ཏེ། གཞལ་བྱ་རྟོགས་པ་དང་འཇུག་ཡུལ་ལ་མི་བསླུ་བའོ། །དེ་ལའང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ཡོད་ཀྱང༌། དང་པོའི་སྒྲུབ་བྱེད་ནི་ཇི་སྐད་དུ། དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་སོགས་སུ་རྒྱས་པར་བཤད་ཟིན་པས་འདིར་མི་འཆད་ལ། གཉིས་པའི་སྒྲུབ་བྱེད་ཀྱང་ཇི་སྐད་དུ། བླངས་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅད་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་མི་བསླུ་ཞེས་སོགས་ཀྱིས་བཤད་པས་འདིར་མི་འཆད་དོ། །འདིར་ནི་དང་པོ་གཞལ་བྱ་རྟོགས་པ་དང༌། དེའི་སྒྲུབ་བྱེད་འཆད་པ་ཡིན་ཏེ། ཇི་སྐད་དུ་རྣམ་པར་ངེས་པ་ལས། ཚད་མ་འདིའི་འབྲས་བུ་གང་ཡིན། གཞལ་བྱ་རྟོགས་པའོ་ཞེས་གསུངས་པའོ། །དེ་ལ་ཡང་མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་གཉིས་ཡིན་ཏེ། མདོར་འབྲས་བུ་སྔར་བཞིན། ཞེས་དང༌། རྣམ་པར་ངེས་པ་ལས། འདིའི་འབྲས་བུའི་རྣམ་པར་རྟོག་པ་ནི་མངོན་སུམ་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །དང་པོ་མངོན་སུམ་གྱི་འབྲས་བུ་ནི་གཉིས་ཁོ་ན་གསུངས་ཏེ། ཕྱི་རོལ་གྱི་དོན་རྟོགས་པ་དང༌། རང་རིག་པའོ། །དང་པོ་ནི། བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཞེས་ཤླཽ་ཀ་གཅིག་དང༌། གཉིས་པ་ནི། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་རྐང་པ་གཅིག་གིས་བཤད་ལ། དེའི་སྒྲུབ་བྱེད་འཆད་པ་ནི། །དེ་ཡི་ངོ་བོ་ལས་དོན་ངེས། །ཞེས་རྐང་པ་གཅིག་གོ །དེའི་ཕྱིར་ཚད་མའི་མདོ་ལས། མངོན་སུམ་གྱི་འབྲས་བུའི་རྣམ་པར་རྟོག་པ་ནི་གཉིས་ཁོ་ན་བཤད་ཀྱི། གསུམ་པ་མེད་དོ། །འབྲས་བུ་དེ་འཇོག་པར་བྱེད་པའི་ཚད་མ་ཡང་གཉིས་ཁོ་ན་གསུངས་ཏེ་དེ་གང་ཞེ་ན། ཇི་སྐད་དུ། འཇལ་བྱེད་ལ་ཚད་མ་ཉིད་དུ་འདོགས་པ་སྟེ། །ཞེས་པའི་གཞུང་གིས་བསྟན་པ་དང༌། ཡུལ་གྱི་སྣང་བ་ཉིད་དེ་འདིའི་ཚད་མ་ཞེས་པའི་གཞུང་གིས་བསྟན་པའོ། །འོ་ན་ཚད་མ་དེ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། གཞུང་གི་སྐབས་སོ་སོར་བསྟན་པ་མ་གཏོགས་ཚད་མ་རང་གི་ངོ་བོ་ལ་ཁྱད་པར་ནི་འགའ་ཡང་ཡོད་པ་མིན་ཏེ། གཞུང་དེ་གཉིས་ཀས་གཟུང་བའི་རྣམ་པ་ཁོ་ན་ཚད་མར་བསྟན་པའི་ཕྱིར་རོ། །འོ་ན་འཛིན་རྣམ་ཚད་མར་སྟོན་པའི་མདོ་མེད་དམ་ཞེ་ན། འགྲེལ་པ་བྱེད་པ་རྣམས་ལ་ཚད་མ་དང་འབྲས་བུའི་རྣམ་པར་རྟོག་པ་གསུམ་དུ་གྲགས་པ་དེའི་བཤད་བྱའི་མདོའི་ནང་ན་འཛིན་རྣམ་ཚད་མར་བཤད་པ་གཅིག་ཀྱང་མེད་ལ། འབྲས་རྟོག་གསུམ་དུ་གྲགས་པ་དེ་རྫོགས་པའི་འོག་ནས། ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པ་དེའི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པར་འཛིན་རྣམ་ཚད་མར་བཤད་པ་གཅིག་ཡོད་ཅིང༌། དེའི་དགོངས་པ་ནི་འོག་ཏུ་རང་བློས་རྟགས་པའི་ཚུལ་འཆད་པའི་སྐབས་སུ་འབྱུང་བར་འགྱུར་རོ། །མདོར་ན། མདོ་ལས་གསུངས་པའི་ཚད་མ་ཡང་གཉིས་ཁོ་ན་སྟེ། གཟུང་བའི་རྣམ་པ་དང༌། འཛིན་པའི་རྣམ་པའོ། །དེར་གསུངས་པའི་གཞལ་བྱ་ཡང་གཉིས་ཁོ་ན་སྟེ། ཕྱི་རོལ་གྱི་དོན་དང༌། གཟུང་བའི་རྣམ་པའོ། །དེ་གཉིས་མདོ་གང་གིས་བསྟན་ཞེ་ན། འབྲས་རྟོག་དང་པོ་དང༌། གཉིས་པར་གྲགས་པ་དེའི་མདོ་ན། གཞལ་བྱ་སྟོན་བྱེད་ཀྱི་གཞུང་གསལ་པོ་མི་སྣང་ལ། གསུམ་པར་གྲགས་པ་དེ་སྟོན་པའི་མདོའི་རང་འགྲེལ་ན། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ་ཞེས་གསུངས་ཤིང༌། འབྲས་རྟོག་གསུམ་པར་གྲགས་པ་དེ་རྫོགས་པའི་འོག་ནས། གང་གི་ཚེ་རྣམ་པ་དེ་གཞལ་བྱ་ཞེས་བཤད་ཅིང༌། དེ་ལྟ་བཤད་པ་དེ་ནི་ཇི་སྐད་དུ། །གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །ཞེས་པའི་བཤད་བྱའི་མདོ་ཡིན་ལ། དེའི་དགོངས་པ་ཡང་འོག་ནས་འཆད་པར་འགྱུར་རོ། །མདོར་བསྡུ་ན་བདག་ཉིད་ཆེན་པོས། ཚད་མའི་མདོར་གསུངས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ནི་རེ་རེ་ལ་གཉིས་གཉིས་ཁོ་ན་བཤད་ཀྱི། གསུམ་པ་བཤད་པ་མེད་དོ། །གཉིས་པ་རྣམ་འགྲེལ་ངེས་སུ་ཇི་ལྟར་བཀྲལ་བའི་ཚུལ་ལ། བྱ་དང་བཅས་པར་རྟོགས་པའི་ཕྱིར། །ཞེས་སོགས་རྩ་འགྲེལ་གྱི་དོན་འཆད་པ་ནི། བྱ་བ་བསྒྲུབ་པར་བྱེད་ཅེས་ནས། །འཇུག་ཕྱིར་རོ་ཞེས་པའི་བར་ཡིན་ལ། འདིར་འབྲས་བུ་དང༌། ཚད་མ་གཉིས་གསལ་བར་གསུངས་ཀྱང་གཞལ་བྱ་འདི་ཡིན་གྱི་གསལ་ཁ་མེད་ལ། དེའི་རྒྱུ་མཚན་ཡང་གཞལ་བྱར་འགྲོ་རྒྱུའི་ཕྱི་རོལ་གྱི་དོན་དེ་ཉིད། སྐབས་འདིར་སྒྲུབ་བྱ་ཡིན་གྱི། བསྒྲུབ་མ་ཟིན་པའི་རྒྱུ་མཚན་གྱིས་སོ། །འོ་ན་དེ་གྲུབ་ཟིན་པའི་སྐབས་ནི་གང་དུ་ཡིན། སྒྲུབ་བྱེད་ཀྱི་རིགས་པ་ནི་ཅི་ཞེ་ན། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པར་དེར་གྲུབ་ཟིན་པ་ཡིན་ནོ། །རིགས་པ་ནི་དོན་འདྲ་བ་དང༌། དོན་རྟོགས་ཀྱི་འབྲེལ་བ་བསྒྲུབ་པ་ལས་སོ། །དེའི་ཡང་རིགས་པ་ནི། དོན་སྣང་གི་ཤེས་པ་ལ། ཕྱི་རོལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་གཅིག་ནི་ཡོད་ལ། ཕྱི་རོལ་དོན་ལས་གཞན་མེད་པའི་ཕྱིར་ཞེས་པ་སྟེ། ཇི་སྐད་དུ། རྒྱུ་ནི་དོན་ཡང་ཡིན་པས་ན། །ཞེས་གསུངས་པས་སོ། །དེ་ལྟར་ན་ཚད་འབྲས་དང་པོའི་གཞལ་བྱ་ནི། འོག་ནས་འབྱུང་བ་གོང་དུ་ལེན་དགོས་པ་ཡིན་ནོ། །དེ་ལྟར་བཤད་པ་ན་ཕྱི་རོལ་པས་ནི། དོན་རྟོགས་པའི་སྒྲུབ་བྱེད་དུ། དེའི་རྒྱུ་ཡིན་པ་འགོད་ལ། རང་གི་ལུགས་ལ་ནི་དོན་གཞལ་བྱ་ཡིན་པའི་སྒྲུབ་བྱེད་དུ། དོན་རྒྱུ་ཡིན་པ་འགོད་པས་ཁྱད་པར་སོ་སོར་ཕྱེད་དགོས་ཏེ། ཕྱི་རོལ་པ་ནི་ཚད་འབྲས་རྫས་གཞན་དུ་ཁས་ལེན་ལ། རང་གི་ལུགས་འདིར་ཚད་འབྲས་གཉིས་དང་གཞལ་བྱ་རྫས་གཞན་དུ་ཁས་ལེན་པའི་ཕྱིར། འོ་ན་ཚད་འབྲས་དང་པོའི་ཚད་མ་ནི་གང༌། འབྲས་བུ་ནི་ཅི་ཞེ་ན། དང་པོ་ནི་ཕྱི་རོལ་དོན་གྱི་རྣམ་པ་ཤར་བའོ། །བོད་ཕྱི་མ་རྣམས་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བ་ཞེས་ཟེར་བ་ལ་ནི་ཚད་ལྡན་གྱི་ཁུངས་མེད་ཅིང༌། རིགས་པས་མི་འཐད་དེ་ཇི་སྲིད་ཕྱི་རོལ་གྱི་དོན་རྟོགས་པ་བསྒྲུབ་བྱ་ཡིན་པ་དེ་སྲིད་དུ་དོན་ལ་མི་བསླུ་བ་ཡང་བསྒྲུབ་དགོས་པའི་ཕྱིར་དང༌། མདོ་སྡེ་པའི་གཞུང་གི་ཆ་ཤས་སུ། དོན་རྟོགས་པའི་སྒྲུབ་བྱེད་དུ་དོན་གྱི་རྣམ་པ་ཤར་བ་བཀོད་པ་ཡོད་ཀྱི། དོན་ལ་མི་བསླུ་བ་བཀོད་པ་མེད་པའི་ཕྱིར། གཉིས་པ་ནི་ཕྱི་རོལ་གྱི་དོན་རྟོགས་པའོ། །བོད་ཕྱི་མ་རྣམས་ཕྱི་རོལ་གྱི་དོན་དངོས་སུ་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར་བ་ལ་ནི། མདོ་སྡེ་པའི་རང་ལུགས་ཀྱི་ཁུངས་མེད་ཅིང༌། འཇིག་རྟེན་གྱི་ལུགས་ཡང་མིན་ཏེ། དེའི་ལུགས་ལ་དངོས་རྟོགས་དང་ཤུགས་རྟོགས་ཀྱི་དཔྱད་པ་ཞིབ་མོ་མེད་པའི་ཕྱིར། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་པའི་རྐང་པ་གཅིག་པོ་རྩ་འགྲེལ་གྱི་དོན་འཆད་པ་ལ། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རིག་པའི་སྒྲུབ་བྱེད་མི་འཐད་པ་དང༌། དེས་ན་རང་རིག་པར་བསྟན་པ་གཉིས་ལས་དང་པོ་ནི་དོན་རིག་གང་ཡིན་སོགས་ཡིན་ལ། གཉིས་པ་ལ། དོན་སྣང་གི་ཤེས་པས་རང་རིག་པ་སྤྱིར་བསྟན་པ། ཕྱི་དོན་ཁས་བླངས་ཀྱང༌། དེས་རང་རིག་པ་མི་འགལ་བའི་ཚུལ། ཕྱི་རོལ་གྱི་དོན་བཀག་ནས་དེས་དེ་རིག་པ་འཐད་ལྡན་དུ་བསྒྲུབ་པ། དེ་གཉིས་ཀའི་སྒྲུབ་བྱེད་བཤད་པ་དང་གསུམ་མོ། །དང་པོ་ནི། དེ་ཡི་མྱོང་དེ་བདག་ཉིད་དེ། །ཞེས་སོགས་ཡིན་ལ། གཉིས་པ་ནི། དེ་ཡི་དངོས་དེ་སྔོ་སོགས་ཕྱིར། །ཞེས་སོགས་ཀྱིས་འཆད་ཅིང༌། གསུམ་པ་ལ་དངོས་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། རིག་བྱ་རིག་བྱེད་རྣམ་པ་མེད། །ཅེས་སོགས་ཡིན་ལ། །གཉིས་པ་ནི། མཐོང་བའི་ཁྱད་པར་དང་བྲལ་བ། །ཞེས་སོགས་སོ། །གསུམ་པ་ནི། དེའི་ངོ་བོ་ལས་དོན་ས། །ཞེས་པ་རྐང་པ་གཅིག་གི་དོན་འཆད་པ་ཡིན་ལ། འདི་ལ་ཕྱི་རོལ་གྱི་དོན་ཁས་བླངས་ཀྱང་རང་རིག་པ་འབྲས་བུར་འཐད་པའི་རྒྱུ་མཚན་དང༌། ཕྱི་དོན་ཁེགས་པའི་རྒྱུ་མཚན་གྱིས་རང་རིག་འབྲས་བུ་ཡིན་པའི་རྒྱུ་མཚན། དེ་ལྟ་ན་ཡང་འཇིག་རྟེན་ན་དོན་རིགས་པར་གྲགས་པ་དང་མི་འགལ་བའི་ཤེས་བྱེད་དོ། །དང་པོ་ནི། གང་ཚེ་རྣམ་རིག་རྒྱུའི་ཡུལ། །ཞེས་སོགས་དང༌། གཉིས་པ་ནི། གང་ཚེ་ཤེས་བྱ་དོན་དུ་ནི། །སོགས་དང༌། གསུམ་པ་ནི། གལ་ཏེ་འདི་བདག་འདོད་རྣམས་དང༌། །ཞེས་སོགས་ཀྱིས་འཆད་པ་ཡིན་ནོ། །དེ་བས་ན་འབྲས་རྟོག་གཉིས་པའི་སྐབས་འདིར་འབྲས་བུའི་རྣམ་པར་རྟོག་པ་གསལ་བར་གསུངས་ཀྱང༌། ཚད་མ་དང་གཞལ་བྱ་ནི་འདི་ཡིན་ནོ་ཞེས་གསལ་བར་བཤད་པ་གཅིག་ཀྱང་མེད་དོ། །འོ་ན་ཇི་སྐད་དུ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པས་གཟུང་རྣམ་གཞལ་བྱ་དང༌། འཛིན་རྣམ་ཚད་མར་བསྟན་པ་མིན་ནམ་ཞེ་ན་མིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། གཞུང་དེའི་དོན་ནི་ཕྱི་རོལ་གྱི་དོན་མེད་ན་གཟུང་འཛིན་གཉིས་སུ་སྣང་བ་ཅི་ཞེ་ན། དེ་མེད་ཀྱང་དོན་སྣང་གི་ཤེས་པ་གཅིག་ཉིད་ལ་གཟུང་འཛིན་གྱི་ཚུལ་གཉིས་ཡོད་ཅེས་འཆད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གཞུང་འདི་དག་གིས་འབྲས་བུའི་རྣམ་པར་རྟོག་པ་གཉིས་འཆད་པ་ཡིན་མོད། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་གཉིས་པ་འཆད་པ་མིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། ཚད་མ་དང་གཞལ་བྱ་མིན་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་མི་འབྱུང་བའི་ཕྱིར། ཡང་བོད་ཕྱི་མ་རྣམས་གང་ཚེ་རྣམ་རིག་ཅེས་པ་འབྲས་རྟོག་དང་པོའི་དོན་བསྡུད་ཡིན་པར་འཆད་པ་མི་རིགས་ཏེ། དེ་དང་བསྟན་བྱའི་གཙོ་བོ་འགལ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན། དེར་ནི་དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་རིག་པར་སྒྲུབས་ལ། འདིར་ནི་དེས་དེ་རིག་པ་བཀག་པའི་ཕྱིར་དང༌། དེར་ནི་འཇིག་རྟེན་གྱི་གྲགས་པ་ཁས་བླངས་པའི་འབྲས་བུའི་རྣམ་པར་རྟོག་པ་དང་པོ་བཤད་པ་ཡིན་ལ། འདིར་ནི་མདོ་སྡེ་པ་རང་གི་རིགས་པས་དཔྱད་པའི་རྣམ་པར་རྟོག་པ་གཉིས་པ་འཆད་པའི་ཕྱིར། ཡང་གང་ཚེ་ཤེས་ཆ་དོན་དུ་ནི། །ཞེས་སོགས་འབྲས་རྟོག་གཉིས་པའི་དོན་བསྡུ་ཡིན་ཞེས་པ་ཡང་དཔྱད་དགོས་པ་ཡིན་ཏེ། འདི་དེའི་ངོ་བོ་ལས་དོན་ངེས། །ཞེས་པའི་དོན་འཆད་བྱེད་ཡིན་ཅིང༌། མདོ་དེས་ནི་འབྲས་རྟོག་གཉིས་པའི་འབྲས་བུ་སྒྲུབ་བྱེད་སྟོན་པ་ཡིན་གྱི། གྲུབ་དོན་འཆད་པ་མིན་པའི་ཕྱིར། དེས་ན་འབྲས་རྟོག་གཉིས་པ་དང་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་གཉིས་པ་སོ་སོར་ཕྱེ་དགོས་པའི་རྒྱུ་མཚན་ཡང་འོག་ནས་འཆད་པར་འགྱུར་རོ། །ཡང་མདོ་ལས། ཡུལ་གྱི་སྣང་བ་ཉིད་དེ་འདི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་རྐང་པ་གཉིས་པོ་རྩ་འབྲེལ་གྱི་དོན་འཆད་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པ་ནས་དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པའི་བར་གསུངས་སོ། །རྣམ་པར་བཞག་པ་འདིའི་སྐབས་སུ་ཚད་མའི་མདོར་ནི་འབྲས་བུའི་གསལ་ཁ་མེད་ལ། དེའི་རྒྱུ་མཚན་ཡང༌། འབྲས་བུའི་རྣམ་པར་རྟོག་པ་གཉིས་ལས་མེད་ཅིང༌། གཉིས་པོ་དེ་ནི། དེའི་ངོ་བོ་ལས་དོན་ངེས། ཞེས་པ་ཡན་ཆོད་དུ་བཤད་ཟིན་པའི་ཕྱིར། རྣམ་འགྲེལ་མཛད་པས་ནི། རྣམ་པར་བཞག་པ་འདི་ལ། ཚད་འབྲས་གཞལ་གསུམ་ཀའི་ངོས་འཛིན་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་དང༌། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཞེས་གསུངས་པའི་ཕྱིར། དེའི་ཕྱིར་མདོ་དང་རྣམ་འགྲེལ་ངེས་ཐམས་ཅད་ཚད་འབྲས་གཞལ་གསུམ་ཀའི་རྣམ་གཞག་ཚད་མར་སྟོན་པ་སྐབས་འདི་གཅིག་པུ་ལས་གཞན་མེད་དོ། །འདིར་ཡང་གཞལ་བྱ་དང་ཚད་མའི་འཇོག་ཚུལ་ལ་བོད་སྔ་མ་རྣམས་མི་མཐུན་པ་མེད་ཀྱང་འབྲས་བུའི་འཇོག་ཚུལ་ལ་ཐ་སྙད་དུ་དོན་རིག་པ་འབྲས་བུར་འཇོག་པ་ནི་མི་འཐད་དེ། ལུང་མེད་ཅིང་རིགས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། ཚད་མའི་མདོ་ན་འབྲས་བུའི་རྣམ་པར་རྟོག་པ་འཆད་ཚུལ་སྔར་གྱི་གཉིས་པོ་དེ་ཁོ་ན་ཡོད་ཀྱི། ཁྱེད་འདོད་པ་གསུམ་པ་འདི་འདྲའི་བཤད་པ་ཡེ་མེད་པའི་ཕྱིར། རྣམ་འགྲེལ་ངེས་གཉིས་ལས་ཀྱང་རྣམ་གཞག་འདིའི་སྐབས་སུ་ཐ་སྙད་དུ་དོན་རིག་པ་འབྲས་བུར་གསུངས་པ་མེད་པའི་ཕྱིར། གལ་ཏེ་ཡོད་ན་རྣམ་གཞག་འདི་འབྲས་བུ་འཆད་པའི་སྐབས་དེ་ཉིད་དུ་འབྱུང་བར་རིགས་པ་ལས་མི་འབྱུང་བའི་ཕྱིར་དང༌། རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་པ་ནི་རང་རིག་པ་འབྲས་བུར་བཞག་པའི་དུས་སུ་གཟུང་རྣམས་ཚད་མ་ཡིན་པ་ལ་བརྩོད་པ་སྤོང་བའི་གཞུང་ཡིན་པའི་ཕྱིར་དང༌། རྣམ་པར་ངེས་པ་ལས། འབྲས་བུ་ལས་འདི་ནི་དོན་རིག་པ་ཡིན་པར་ལྟའོ་ཞེས་གསུངས་པ་ཡང་སྔ་མ་དེ་ཉིད་དང་དོན་གཅིག་པའི་ཕྱིར་རོ། །གཉིས་པ་རིགས་པས་མི་འཐད་པ་ནི་སྐབས་འདིར་ཐ་སྙད་དུ་དོན་རིག་པ་འབྲས་བུར་བྱེད་པ་ཡིན་ནོ། །དེ་ཚེ་དོན་སྣང་འདི་ཉིད་ནི། ཞེས་པ་མན་ཆད་ཀྱི་གཞུང་ཐམས་ཅད་འབྲེལ་མེད་ཁོ་ནར་འགྱུར་ཏེ། ཐ་སྙད་དུ་དོན་རིག་པ་འབྲས་བུར་བཞག་པའི་ཚེ། འཛིན་རྣམ་ཚད་མར་འགྱུར་རོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་དང༌། ཐ་སྙད་དུ་དོན་རིག་འབྲས་བུ་ལ་གཟུང་རྣམ་ཚད་མར་བཞག་པ་དེའི་ཚེ། ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པར་འགྱུར་རོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་དང༌། ཡང་དེ་ལྟར་བཞག་པ་ལ་འབྲས་རྟོག་དང་པོ་དང་འགལ་ལོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་དང༌། ཡང་ཐ་སྙད་དུ་དོན་རིག་པ་འབྲས་བུ་ཡིན་ན་ཕྱི་དོན་གཞལ་བྱར་མི་རིགས་སོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་རོ། རང་རིག་པ་འབྲས་བུར་བཞག་པ་ལ་ནི་དེ་ལྟ་བུའི་དོགས་པ་བཞི་སེལ་བའི་དགོས་པ་ཡིན་ཏེ། ཚུལ་འདི་ལྟར། སྐབས་འདིར་རང་རིག་ལ་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་ཡོད་ལ། དེ་སེལ་བ་ནི། གང་ཕྱིར་ཇི་ལྟར་འདི་རང་བཞིན་ཞེས་སོགས་སོ། །ཡང་རང་རིག་པ་འབྲས་བུ་ལ་གཟུང་བའི་རྣམ་པ་ཚད་མ་ཡིན་ན་ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པར་འགྱུར་རོ་སྙམ་པའི་དོགས་པ་ཡོད་པས་དེ་སེལ་བ་ནི། དོན་འཇོག་དེའི་བདག་ཉིད་ཕྱིར། །ཞེས་སོགས་སོ། །ཡང་ཕྱི་རོལ་གྱི་དོན་གཞལ་བྱ་དང༌། གཟུང་རྣམ་ཚད་མ་ལ་རང་རིག་འབྲས་བུ་ཡིན་ན་འབྲས་རྟོག་དང་པོའི་རྣམ་གཞག་ཏུ་དེ་དང་དེ་ལ་དོན་རིག་པ་འབྲས་བུར་གསུངས་པ་དང་འགལ་ལོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་ཡོད་པས། དེ་སེལ་བ་ནི། རང་གི་ངོ་བོ་སྤྱོད་པ་ན། །ཞེས་སོགས་སོ། །སྐབས་འདིར་རང་རིག་པ་འབྲས་བུ་ཡིན་ན། ཕྱི་རོལ་གྱི་དོན་གཞལ་བྱ་མ་ཡིན་པར་འགྱུར་རོ་སྙམ་པའི་དོགས་པ་ཡོད་པས་དེ་སེལ་བ་ནི། དེ་དང་འདྲའམ་གཞན་འདྲའང་རུང༌། །ཞེས་སོགས་ཤླཽ་ཀ་གཅིག་གསུངས་ལ། གཞན་ཡང་ཕྱི་དོན་གཞལ་བྱ་དང་གཟུང་རྣམ་ཚད་མ་ལ་ཐ་སྙད་དུ་དོན་རིག་པ་འབྲས་བུར་བཞག་པའི་རྣམ་བཞག་དེ་ནི་སྔར་ཚད་འབྲས་དང་པོའི་སྐབས་སུ་བཤད་ཟིན་པས། སླར་ཡང་འདིར་འོངས་པ་ལ་དགོས་པ་དང་ནུས་པ་གཉིས་ཀ་མེད་དོ། །ཡང༌། གང་ཚེ་སྣ་དག་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ་དེའི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པའི་ཤླཽ་ཀ་གཅིག་པོ་དེའི་དོན་འགྲེལ་པ་ནི། དོན་དངོས་མེད་པར་སྣང་ཅན་དེ་ཞེས་པ་ནས། འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་པའི་བར་གསུངས་སོ། །འདི་ལའང་གཉིས་ལས། རྐང་པ་ཐ་མའི་དོན་འཆད་པ་ནི་གཞུང་སྔ་མ་རྣམས་ཡིན་ལ། རྐང་པ་དང་པོ་གསུམ་གྱི་དོན་འཆད་པ་ནི། གཟུང་བ་འཛིན་པ་རིག་པ་དག །ཞེས་པ་ནས། གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་པའི་བར་གསུངས་སོ། །དེ་ལྟར་བཤད་པ་རྣམས་ཀྱི་གྲུབ་པའི་དོན་ནི་འདི་ཡིན་ཏེ། བདག་ཉིད་ཆེན་པོ་ཡབ་སྲས་གཉིས་ཀྱི་གཞུང་ལས་གསུངས་པའི་འབྲས་བུའི་རྣམ་པར་རྟོག་པ་ནི་གཉིས་ཁོ་ནར་ངེས་ལ། ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ནི་བཞི་ཁོ་ནའོ། །འོ་ན་གཉིས་པོ་དེ་གང༌། རྣམ་འགྲེལ་མཛད་པ་ནི་གཞུང་གང་གིས་བསྟན་ཞེ་ན། དང་པོ་ནི་དོན་རྟོགས་པ་ཡིན་ལ། དེ་ཡང་བྱ་བ་སྒྲུབ་པ་ནས་འཇུག་ཕྱིར་རོའི་བར་གྱིས་སྟོན། གཉིས་པ་ནི་རང་རིག་པ་ཡིན་ལ། དེ་ནི་དོན་རིག་ནས། མྱོང་བ་ཉིད་ནི་འབྲས་བུ་ཡིན། །ཞེས་པའི་བར་གྱིས་འཆད་ལ། འདི་ལ་མདོ་སེམས་ཀྱི་དབྱེ་བས་གཉིས་སུ་འགྱུར་ཏེ། སེམས་ཙམ་པས་འདོད་པའི་འཛིན་རྣམ་ཁོ་ན་ལ་རང་རིག་ཏུ་བྱས་པ་རྒྱ་ཆུང་བའི་རྣམ་པར་བཞག་པ་གཅིག་དང༌། མདོ་སྡེ་པའི་འདོད་པ་ལྟར་ན་ཁ་ཕྱིར་ལྟའི་མངོན་སུམ་རྣམས་ཀྱང་རང་རིག་པའི་མངོན་སུམ་དུ་བསྡུད་པ། ཁྱབ་ཆེ་བའི་རྣམ་པར་བཞག་པ་གཅིག་དང་གཉིས་ཡོད་དོ། །འོ་ན་རྣམ་གཞག་བཞི་པོ་གང་ཡིན་དེ་གཞུང་གང་གིས་ཇི་ལྟར་སྟོན་ཞེ་ན། འདི་ལྟར་བཞི་ནི། མདོ་སྡེ་པས་བཤད་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་གཉིས་དང༌། སེམས་ཙམ་པས་བཤད་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་གཉིས་རྣམས་སོ། །དང་པོ་ནི། གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པས། འབྲས་བུའི་རྣམ་པར་རྟོག་པ་འཇིག་རྟེན་ན་གྲགས་པ་བཞིན་ཁས་བླངས་ནས། དེའི་སྒྲུབ་བྱེད་ཀྱི་ཚད་མ་རང་གི་རིགས་པས་བཞག་པ་གཅིག་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པས་འབྲས་བུ་དང་དེའི་སྒྲུབ་བྱེད་ཚད་མ་གཉིས་ཀ་རང་གི་རིགས་པས་དཔྱད་ནས་བཞག་པ་གཅིག་དང་གཉིས་ཡོད་ལ། དེ་གཉིས་ཀ་ལ་ཡང་ཕྱི་རོལ་གྱི་དོན་གཞལ་བྱར་བྱེད་པ་ལ་ཁྱད་པར་མེད་དོ། །གཉིས་པ་ནི་རྣམ་བདེན་པས་གཟུང་རྣམ་གཞལ་བྱ་ལ་རང་རིག་མཚན་ཉིད་པ་འབྲས་བུར་བྱས་པའི་ཚེ། འཛིན་རྣམ་སྒྲུབ་བྱེད་ཚད་མར་བཤད་པའི་རྣམ་པར་བཞག་པ་གཅིག་དང༌། རྣམ་བརྫུན་པས་གཟུང་རྣམ་གཞལ་བྱ་ལ་རང་རིག་བཏགས་པ་བ་འབྲས་བུར་བྱས་པའི་ཚེ། འཛིན་རྣམ་བསྒྲུབ་བྱེད་ཚད་མར་བྱས་པའི་རྣམ་གཞག་གཅིག་རྣམས་སོ། །དེ་ཡང་རྣམ་བཞག་དང་པོའི་གནས་སྐབས་སུ། དོན་རྟོགས་མཚན་ཉིད་པ་སོང་ཚོད་ཀྱི་འབྲས་བུ་དང༌། རྣམ་གཞག་གཉིས་པར་དོན་རྟོགས་བཏགས་པ་བ་སོང་ཚོད་ཀྱི་འབྲས་བུ་དང༌། རྣམ་གཞག་གསུམ་པ་རང་རིག་མཚན་ཉིད་པ་སོང་ཚོད་ཀྱི་འབྲས་བུ་དང༌། རྣམ་གཞག་བཞི་པར་རང་རིག་བཏགས་པ་བ་འབྲས་བུར་འཇོག་པ་ཡིན་ནོ། །དེ་ཡང་རྣམ་རྫུན་པས་རང་རིག་མཚན་ཉིད་པ་ཁས་མི་ལེན་པ་མིན་གྱི། འོ་ན་ཅི་ཞེ་ན་གཟུང་རྣམ་ཤེས་པར་མི་འདོད་པས་དེ་ཉམས་སུ་མྱོང་བའི་རང་རིག་བཏགས་པ་བར་འཆད་པ་ཡིན་ནོ། །གཉིས་པ་དེ་གཞུང་གིས་བསྟན་པའི་ཚུལ་ནི། རྣམ་གཞག་དང་པོ་ནི་བྱ་བ་སྒྲུབ་པ་སོགས་བཤད་བྱའི་མདོ་དང་བཅས་པས་བསྟན་ནོ། །དེ་ལ་ནི་དོན་རིག་གི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ཞེས་བྱའོ། །གཉིས་པ་རང་རིག་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ལ་གཉིས་ཏེ། ཕྱི་དོན་ཁས་བླངས་པའི་དང༌། བཀག་པའི་འོ། །དེ་ལའང་གཉིས་ཏེ། རྣམ་བདེན་པ་དང་རྣམ་རྫུན་པའོ། །དེ་ལྟར་གསུམ་ལས། དང་པོ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་སོགས་སོ། །གཉིས་པ་ནི། བློ་བདག་རྣམ་པར་དབྱེར་མེད་སོགས་སོ། །གསུམ་པ་ནི་དེ་ལ་སོགས་སོ། །འོ་ན། དོན་རིག་གང་ཡིན་སོ་སོར་རིག །ཅེས་པ་ནས་དོན་རིག་པར་ནི་འགྱུར་བ་ཡིན། ཞེས་པའི་བར་གྱིས་ཅི་ཞིག་བསྟན་ཞེ་ན། རྣམ་གཞག་ཕྱི་མ་གསུམ་པོ་དེའི་ཐུན་མོང་གི་འབྲས་བུའི་རྣམ་པར་བཞག་པ་འཆད་པ་ཡིན་ཏེ། དོན་སྣང་གི་ཤེས་པ་ཐམས་ཅད་ཀྱིས་རང་རིག་པའི་ཚུལ་རྒྱས་པར་འཆད་པའི་ཕྱིར་རོ། །ཡང་ན་ཚད་འབྲས་ཀྱི་རྣམ་པར་བཞག་པ་གསུམ་དུ་བསྡུ་བར་ནུས་ཏེ། དོན་རིག་གིས་ཚད་འབྲས་ཀྱི་རྣམ་པར་བཞག་པ་གཅིག་དང༌། རང་རིག་ཚད་འབྲས་ཀྱི་རྣམ་པར་བཞག་པ་གཉིས་རྣམས་སོ། །དང་པོ་གཉིས་ནི་མདོ་སྡེ་པ་གཉིས་ཀྱི་ལུགས་ཏེ་བསྟན་ཚུལ་སྔ་མ་ཁོ་ན་བཞིན་ནོ། །གསུམ་པ་ནི། ཤེས་པ་རང་ཉིད་གཞལ་བྱ་འཛིན་པའི་རྣམ་པ་ཚད་མ་རང་རིག་པ་འབྲས་བུར་བྱས་པ་སྟེ། རང་བདག་ཡུལ་དུ་བཞག་པ་ན། །ཞེས་སོགས་དང༌། དེ་ལྟར་རུང་ཉིད་དེ་ཚད་བདག །གཞལ་བྱ། ཞེས་བཤད་པ་རྣམས་ཀྱིས་སྟོན་ནོ། །འདི་ལའང་གསལ་བའི་དབྱེ་བས་གསུམ་སྟེ། རང་རིག་སྨྲ་བ་ཀུན་གྱི་ཐུན་མོང་གི་ལུགས་དང༌། རྣམ་བདེན་པའི་དང༌། དེ་རྫུན་པའི་ལུགས་སོ། །ལུགས་དེ་གསུམ་ཀ་སྟོན་པའི་གཞུང་ནི། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །ཞེས་པ་མན་ཆད་ན་བཞུགས་ཀྱང༌། འཆད་པ་པོ་རྣམས་ཀྱི་འཆད་ཚུལ་ལ། གོང་འབྲས་རྟོག་གཉིས་པའི་སྐབས་དེར་དྲངས་ནས་བཤད་ཀྱང་འགལ་བ་མེད་པ་ཙམ་མོ། །གསུམ་པ་འགྲེལ་པ་བྱེད་པ་དག་གི་འཆད་ཚུལ་ལ། འབྲས་རྟོག་གསུམ་གྱི་ཐ་སྙད་ནི། ལྷ་ཤཱཀ་དང་རྒྱན་ལ་ཅུང་ཟད་བརྟེན་པར་སྣང་མོད། ཇི་ལྟ་བ་བཞིན་དུ་ཐོན་པ་མེད་པ་དེའི་ཚུལ་ཡང་འཆད་པར་འགྱུར་ལ། ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ཚན་པ་གསུམ་དུ་ནི་སློབ་དཔོན་ཆོས་མཆོག་གིས་གསལ་བར་བཤད་དོ། །དེ་ཇི་ལྟར་ལྟ་ཞེ་ན། ཕྱི་རོལ་གྱི་དོན་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ་དོན་རིག་པ་འབྲས་བུ། ཞེས་དང༌། བདག་ཉིད་གཞལ་བྱ། འཛིན་པའི་རྣམ་པ་ཚད་མ། རང་རིག་འབྲས་བུའོ་ཞེས་དང༌། ཕྱི་རོལ་དོན་གྱི་ཚུལ་ལ་འབྲས་བུའི་རྣམ་པར་བཞག་པ་གཉིས་པ་ནི། ཕྱི་རོལ་གྱི་དོན་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུའོ། །ཞེས་གསུངས་ལ། གསུམ་པོ་དེ་གཞུང་གང་དང་སྦྱོར་རྒྱུ་ཡིན་གྱི་གསལ་ཁ་མི་སྣང་ངོ༌། །ཡང་གསུམ་པོ་དེར་མ་འདུས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་གཅིག་ཀྱང་སློབ་དཔོན་ཆོས་མཆོག་གིས་གསུངས་ཏེ། ཇི་སྐད་དུ། རང་རིག་འབྲས་བུ་ཡིན་པར་འདོད་ཅེས་པའི་འགྲེལ་པར་གཟུང་བའི་རྣམ་པ་ལ་དོན་དུ་ཞེན་པར་བྱས་པ་ནི་གཞལ་བྱ། འཛིན་པའི་རྣམ་པ་ནི་ཚད་མ། གཟུང་བའི་རྣམ་པ་རིག་པ་རང་གི་རང་བཞིན་རིག་པའི་བདག་ཉིད་ཡིན་ཡང༌། གཟུང་བ་རིག་པ་ཉིད་དུ་ངེས་པ་ནི་འབྲས་བུ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཡང་བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །ཞེས་པ་མན་ཆད་ནི་འབྲས་རྟོག་གཉིས་པར་ཕྱི་རོལ་གྱི་དོན་བཀག་པ་ལ། འོ་ན་ཚད་མ་དང་འབྲས་བུ་གཞལ་བྱ་གསུམ་གྱི་རྣམ་པར་གཞག་པ་མི་འཐད་དོ་ཞེས་པ་རྩོད་པའི་ལན་དུ་གསུངས་པ་ཡིན་པས་ཚད་འབྲས་དངོས་འཆད་བྱེད་ཀྱི་གཞུང་མིན་ནོ། །ཞེས་བོད་ཀྱི་ཊཱིཀ་བྱེད་པ་དག་མཐུན་པར་སྨྲའོ། །གྲུབ་པའི་མཐའ་གང་གི་དབང་དུ་བྱས་པ་ཡང་འབྲས་རྟོག་ཐོག་མཐའ་གཉིས་དོན་སྨྲ་བའི་དབང་དུ་བྱས་པ་དང༌། བར་པ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་དབང་དུ་བྱས་པར་གཞུང་འགྲེལ་ཀུན་ལས་གསལ་ལ། དོན་དེ་ཙམ་ཞིག་ལ་དཔགས་ནས་བོད་ཀྱི་ཊཱིཀ་བྱེད་པ་རྣམས་ཀྱིས། འབྲས་རྟོག་གསུམ་གྱི་རྣམ་པར་བཞག་པ་ཞེས་སྒྲོ་བཏགས་སོ། །བཞི་པ་རང་གི་འདོད་པ་ནི་འདིར་འབྲས་བུའི་རྣམ་པར་རྟོག་པ་གཉིས་ཁོ་ནའོ། །ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་ནི་བསྡུ་ན་གསུམ་དུ་འདུས་ཤིང༌། རྣམ་བདེན་བརྫུན་གྱི་དབྱེ་བས་སོ་སོར་ཕྱེ་བ་བཞིར་འགྱུར་ཞིང༌། རང་རིག་འདོད་པ་ཐམས་ཅད་ཀྱིས་ཐུན་མོང་དུ་ཁས་ལེན་པའི་རྣམ་གཞག་དེ་བགྲངས་ན་ལྔར་ཡང་འགྱུར་ལ། ལྔ་པོ་དེ་ཐམས་ཅད་ཀྱང་རྣམ་འགྲེལ་མཛད་པའི་གཞུང་ལས་གསལ་བར་གསུངས་སོ། །བོད་ཕྱི་མ་དག་གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་བྱས་པའི་རྣམ་བཞག་འདི་རང་རིག་ཁས་ལེན་པ་ཀུན་གྱི་ཐུན་མོང་གི་རྣམ་གཞག་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། དེ་ལྟར་སྟོན་པའི་ཚད་ལྡན་གྱི་ལུང་མེད་པའི་ཕྱིར་དང༌། རྣམ་རྫུན་པས་གཟུང་རྣམ་ཤེས་པར་མི་བཞེད་པའི་ཕྱིར། ཡང་གང་དག་སློབ་དཔོན་ལྷ་དབང་བློ་འབྲས་བུའི་རྣམ་པར་རྟོག་པ་གསུམ་དུ་བཤད་དོ་ཞེས་ཟེར་བ་དེ་ཡང་མ་ཤེས་པ་ཡིན་ཏེ། སློབ་དཔོན་དེའི་ལུགས་ལ་ཚད་འབྲས་ཕྱི་མ་གཉིས་ལ་འབྲས་བུའི་ཁྱད་པར་མི་འདྲ་བ་སོ་སོར་བཤད་པ་མི་སྣང་བའི་ཕྱིར། འོ་ན་སློབ་དཔོན་དེས་འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་བཤད་ཟིན་ཏོ། །ཞེས་བཤད་པ་མིན་ནམ་ཞེ་ན། དེ་ཡང་ཚད་འབྲས་ཀྱི་རྣམ་གཞག་གསུམ་པ་ལ་དགོངས་པ་ཡིན་གྱི། འབྲས་རྟོག་གསུམ་པ་ལ་དགོངས་པ་མིན་ཏེ། སློབ་དཔོན་དེ་འབྲས་རྟོག་གསུམ་པ་འཆད་པ་ན། དེ་ལྟར་ན་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་སྐབས་འདི་དག་ཏུ་འབྲས་བུ་ལ་ལོག་པར་རྟོག་པ་བསལ་བ་ཞེས་འགྲེལ་པ་མཛད་པ་ཀུན་ལ་ཐུན་མོང་དུ་གྲགས་མོད། འབྲས་རྟོག་དང་པོའི་སྐབས་སུ་ནི་འབྲས་བུ་ལ་ལོག་པར་རྟོག་པ་འགའ་ཡང་མེད་དོ། །འོ་ན་ཅི་ཞིག་སེལ་ཞེ་ན། ཚད་མ་ལ་ལོག་པར་རྟོག་པ་ཁོ་ན་བསལ་བ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་མཐོང་དང་དབང་འབྲེལ་དང༌། །ཞེས་སོགས་རྒྱས་པར་གསུངས་པ་ལས་ཤེས་པས་སོ། །འབྲས་བུའི་རྣམ་པར་རྟོག་པ་གཉིས་པར་ནི་འབྲས་བུ་ལ་ལོག་པར་རྟོག་པ་སེལ་བ་ཡིན་ཏེ། དེར་དོན་སྣང་གི་རྣམ་པར་ཤེས་པས་ཕྱི་རོལ་གྱི་དོན་རིག་པ་བཀག་ནས། རང་རིག་པར་སྒྲུབ་པའི་ཕྱིར་རོ། །འབྲས་རྟོག་གཉིས་པ་ཞེས་གྲགས་པ་དེར་ཚད་མ་ལ་ལོག་པར་རྟོག་པ་འགའ་ཡང་བསལ་བ་མེད་དེ། ཇི་སྐད་དུ། དེ་བདག་ཉིད་ཀྱིས་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་པ་བཤད་པ་ལྟར་འཛིན་རྣམ་གྱི་ངོ་བོ་ལ་གྲུབ་པའི་མཐའ་སུས་ཀྱང་མི་རྩོད་པའི་ཕྱིར་རོ། །འབྲས་རྟོག་གསུམ་པ་ཞེས་གྲགས་པ་དེར། ཚད་མ་དང༌། འབྲས་བུ་གཉིས་ཀ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། གཟུང་རྣམ་རིག་པས་སྒྲུབ་པའི་ཕྱིར་དང༌། དོན་རིག་མངོན་སུམ་གྱིས་རང་རིག་པར་བསྒྲུབ་པའི་ཕྱིར་དང༌། གཟུང་རྣམ་རང་རིག་པའི་སྒྲུབ་བྱེད་ཚད་མར་བཤད་པ་ལ་མི་འཐད་པའི་རྩོད་པ་སྤོང་ཚུལ་རྒྱས་པར་གསུངས་པའི་ཕྱིར་རོ། །འོ་ན་ཚད་མའི་འབྲས་བུར་ཞེས་ཟེར་བའི་ཚད་མ་དེ་དང༌། ཚད་འབྲས་གཉིས་ཀྱི་ཟླས་ཕྱེ་བའི་ཚད་མ་དེ་ལ་ཁྱད་པར་ཅི་ཡོད་ཅེ་ན་དེ་ཤིན་ཏུ་ཆེ་བ་ཡིན་ཏེ། དང་པོ་ནི། མཚན་གཞི་མངོན་རྗེས་ཀྱི་ཚད་མ་ལྟ་བུ་ལ་འདོད་དགོས་པ་ཡིན་ལ། གཉིས་པ་ནི། མཚན་གཞི་དེའི་སྟེང་དུ་འབྲས་བུར་བཞག་པ་དེ་དང་དེ་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་ཚད་མ་ལ་འཆད་དགོས་པའི་ཕྱིར། དེ་ཡང་རྣམ་གཞག་དང་པོའི་སྐབས་སུ་བྱ་བ་དང་བྱེད་པ་ཞེས་པའི་མིང་གིས་བཏགས་ཤིང་ཚད་མ་དང་འབྲས་བུ་ཞེས་པའི་ཐ་སྙད་བསལ་བར་མི་སྣང་ལ། རྣམ་གཞག་གཉིས་པའི་སྐབས་སུ། བྱ་བྱེད་ཅེས་དང༌། ཚད་འབྲས་ཤེས་པའི་ཐ་སྙད་གཉིས་ཀ་གསལ་བར་མི་འབྱུང་ཞིང༌། རྣམ་གཞག་གསུམ་པར་གྲགས་པ་དེའི་སྐབས་སུ་གཞལ་བྱ་དང༌། ཚད་མ་དང༌། འབྲས་བུ་གསུམ་ཀའི་ཐ་སྙད་གསལ་བར་གསུངས་སོ། །དེའི་རྒྱུ་མཚན་ཡང༌། དོན་རིག་པ་འབྲས་བུར་འཇོག་པའི་སྐབས་སུ། འབྲས་བུ་དེ་གང་ལ་ལྡན་པའི་མཚན་གཞི་ཚད་མ་དེ་ཉིད། འབྲས་བུ་དེའི་སྒྲུབ་བྱེད་དུ་འཇོག་མི་ནུས་པར་སྒྲུབ་བྱེད་གཞན་ཞིག་ཚོལ་དགོས་ལ། རང་རིག་པ་འབྲས་བུར་འཇོག་པའི་སྐབས་ནི་འབྲས་བུ་དེ་གང་ལ་ལྡན་པའི་མཚན་གཞི་ཚད་མ་དེ། འབྲས་བུ་དེའི་ཡང་སྒྲུབ་བྱེད་དུ་གྱུར་པ་ལ་བསམ་ནས་དེ་ལྟར་བཤད་པ་ཡིན་ནོ། །ཡང་བོད་ཕྱི་མ་དག ཚད་འབྲས་གཉིས་མཚན་མཚོན་དུ་ཁས་ལེན་པ་ནི་རིགས་པ་མིན་ཏེ། ལུང་མེད་པ་དང༌། རིགས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། ཚད་འབྲས་གཉིས་མཚན་མཚོན་དུ་བཞག་པ་དང༌། ཚད་འབྲས་གཉིས་ཁྱབ་མཉམ་ཙམ་ཡང་དགོས་པར་སྟོན་པའི་ཚད་ལྡན་གྱི་གཞུང་འགྲེལ་གཅིག་ཀྱང་མི་སྣང་བའི་ཕྱིར། འོ་ན་རྣམ་པར་བཞག་འཇོག་ཏུ་བཤད་པ་མིན་ནམ་ཞེ་ན། དེ་ཙམ་གྱིས་མཚན་མཚོན་དུ་བཞག་མི་ནུས་ཏེ། རྣམ་པར་བཞག་འཇོག་གི་དོན་ནི་རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང༌། རྣམ་པར་བཞག་བྱའི་འབྲས་བུ་ལ་ཟེར་བ་ཡིན་ལ། དེ་ནི་སྒྲུབ་བྱ་དང་སྒྲུབ་བྱེད་ཡང་དག་ཐམས་ཅད་ལ་ཚང་བའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་ལྟ་ཡིན་ན་གཞུང་འགྲེལ་ཚད་ལྡན་ནས་བཤད་པའི་ཚད་འབྲས་ཀྱི་རྣམ་གཞག་ཐམས་ཅད་འཁྲུལ་བར་འགྱུར་ཏེ། ཚད་ལྡན་གྱི་གཞུང་འགྲེལ་མཐའ་དག་ཏུ་རྣམ་གཞག་དང་པོ་འཆད་པ་ན། དོན་འདྲ་བ་ཚད་མ་དང༌། དོན་རྟོགས་པ་འབྲས་བུར་བཞག་ཅིང་རྣམ་གཞག་གཉིས་པ་འཆད་པ་ན་འཛིན་པའི་རྣམ་པ་ཚད་མ་ལ། རང་རིག་པ་འབྲས་བུར་བཤད་པ་དང༌། རྣམ་གཞག་གསུམ་པ་འཆད་པ་ན་གཟུང་བའི་རྣམ་པ་ཚད་མ་ལ། རང་རིག་པ་འབྲས་བུར་བཤད་པ་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། དོན་དང་འདྲ་བ་ལ་དོན་རྟོགས་པས་ཁྱབ་ན་ཧ་ཅང་ཐལ་བའི་ཕྱིར་དང༌། འདྲ་བའི་དོན། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བ་ལ་བྱེད་ན། དེ་མ་ངེས་པར་དོན་རྟོགས་ཚད་མའི་ཐ་སྙད་མི་ངེས་པར་འགྱུར་ལ། དེ་ལྟ་ན་བྱེ་བྲག་ཏུ་སྨྲ་བ་དང༌། རྣམ་རྫུན་པ་སོགས་རྣམ་མེད་པའི་ཕྱོགས་མཐའ་དག་ལ་དོན་དེ་དང་དེ་རྟོགས་པ་ལ་ཚད་མའི་ཐ་སྙད་རྒྱུན་ཆད་པར་འགྱུར་རོ། །དེ་ཁོ་ནར་མ་ཟད་ཀྱི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་རྣམ་པ་ཤར་བར་འགྱུར་ཞིང༌། འདོད་ན་དེས་དེ་ལ་དེའི་རྣམ་པ་གཏད་པར་འགྱུར་ལ། དེ་ཡང་འདོད་ན་ཕྱི་རོལ་དོན་གྱི་རང་དུས་ན་དེའི་ཡུལ་ཅན་གྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་འགྱུར་རོ། །ཡང་རྣམ་གཞག་གཉིས་པ་ལ་སྐྱོན་ཆགས་པར་འགྱུར་ཏེ། རང་རིག་པ་ལ་འཛིན་རྣམ་གྱིས་མ་ཁྱབ་པའི་ཕྱིར་དང༌། དེ་ལ་གཟུང་རྣམ་གྱིས་ཀྱང་མ་ཁྱབ་པའི་ཕྱིར་དང༌། རེས་འགའ་རང་རིག་པའི་མཚན་ཉིད་དུ་འཛིན་རྣམ་འཆད་པ་དང༌། རེས་འགའ་དེའི་མཚན་ཉིད་དུ་གཟུང་རྣམ་འཆད་པ་ནི་ཤིན་ཏུ་མི་རིགས་པའི་ཕྱིར། གལ་ཏེ་རྣམ་གཞག་གཉིས་པར་འཛིན་རྣམ་རང་རིག་གི་མཚན་ཉིད་དུ་ཁས་ལེན་གྱི། རང་རིག་པ་ཙམ་གྱི་མཚན་ཉིད་དུ་ཁས་མི་ལེན་པ་དང༌། རྣམ་གཞག་གསུམ་པར། གཟུང་རྣམ་དེ་དཔྱད་ན་རང་རིག་ཅིང་ཐ་སྙད་དུ་དོན་རིག་པའི་མཚན་ཉིད་དུ་ཁས་ལེན་པ་ཡིན་ནོ་ཞེ་ན། དེ་ལྟར་འཆད་པའི་ཚད་ལྡན་གྱི་ལུང་མེད་པས་མི་རིགས་པར་མ་ཟད་ཀྱི། ཁས་བླངས་ནང་འགལ་བ་འདི་ལྟར། གཟུང་རྣམ་ཇི་སྙེད་པ་ཆོས་ཅན། དཔྱད་ན་འཛིན་རྣམ་དུ་ཐལ། དཔྱད་ན་རང་རིག་ཡིན་པའི་ཕྱིར། དབང་ཤེས་འཁྲུལ་པའི་གཟུང་རྣམ་ཆོས་ཅན། ཐ་སྙད་དུ་དོན་རིག་པ་ཡིན་པར་ཐལ། གཟུང་རྣམ་ཡིན་པའི་ཕྱིར། ཞེས་བྱ་བའི་ཉེས་པ་འདི་ཁྱེད་ཅག་གིས་བཟློག་པར་ནུས་པ་མིན་ནོ། །ཡང་བོད་ཕྱི་མ་དག་ཡང་ཚད་འབྲས་གཉིས་ཀྱི་ཟླས་ཕྱེ་བའི་ཚད་མ་དང་འབྲས་བུ་གང་རུང་ཡིན་ན་སྤྱིར་ཚད་མ་ཡིན་པས་ཁྱབ་པ་དང༌། གཞལ་བྱ་དེ་སྐབས་ཀྱི་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་དང་འབྲས་བུ་དེ་མཚན་གཞིའི་སྟེང་དུ་རྟགས་ཀྱིས་བསྒྲུབ་བྱ་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི། མ་ཤེས་པ་ཡིན་ཏེ་དེ་ལྟ་ཡིན་ན་གཞུང་འགྲེལ་ནས་བཤད་པའི་ཚད་འབྲས་གཞལ་གསུམ་ཐམས་ཅད་སྐྱོན་ཅན་དུ་ཧ་ཅང་ཐལ་བའི་ཕྱིར་དང༌། དེ་ལྟར་འཆད་པའི་ཚད་ལྡན་གྱི་ལུང་གཅིག་ཀྱང་མི་སྣང་བའི་ཕྱིར། ཇི་ལྟར་ཞེ་ན། དོན་འདྲ་བ་ཡིན་ན་ཚད་མ་ཡིན་པས་ཁྱབ་པ་དང༌། གཟུང་རྣམ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་འགྱུར་ཏེ། ཚད་ལྡན་གྱི་གཞུང་འགྲེལ་མཐའ་དག་ལས། དེ་དང་དེ་ལ་འབྲས་བུའི་ཟླས་ཕྱེ་བའི་ཚད་མ་བཤད་པའི་ཕྱིར་དང༌། གཞན་ཡང༌། སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་པའི་རང་བཞིན་དེ་དང༌། དོན་རྟོགས་པ་ཡི་བདག་ཉིད་ཀྱི། བྱེད་པས་ཞེས་པའི་སྐབས་ནས་བསྟན་པའི་སྒྲུབ་བྱེད་དེ་ཡིན་ན་ཚད་མ་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་དེ་ཡིན་ན་དོན་རྟོགས་པའི་ཚད་མ་ཡིན་དགོས་པར་འགྱུར་ལ། དེ་ཡང་དེ་ལྟ་ན་འབྲས་རྟོག་དང་པོའི་སྐབས་ནས་བསྟན་པའི་བསྒྲུབ་བྱ་སྒྲུབ་བྱེད་དུ་གཞག་པ་དེ་ལ། དེ་འདྲ་ལས་ཡིན་འཁྲུལ་པར་འགྱུར། །ཞེས་སོགས་ཀྱི་སྐབས་ནས་དངོས་སྐྱོན་འཕངས་པ་དེ་མི་འཇུག་པར་འགྱུར་ཏེ། འབྲས་རྟོག་དང་པོའི་སྒྲུབ་བྱེད་ཀྱི་ཚད་མ་དེ་ཡིན་ན་དོན་རྟོགས་པའི་ཚད་མ་ཡིན་དགོས་པའི་ཕྱིར། གཞན་ཡང་དོན་རྟོགས་པ་ཡིན་ན་ཚད་མ་ཡིན་དགོས་པར་འགྱུར་ཏེ། དོན་རྟོགས་པ་ཁོ་ན་འབྲས་བུའི་རྣམ་པར་རྟོག་པ་དང་པོར་བཤད་པའི་ཕྱིར། དེས་ན་དེ་དང་དེ་ལ་ཚད་མས་ཁྱབ་པར་སྟོན་པའི་ལུང་མེད་དོ། །གཉིས་པ་མི་འཐད་པའི་ཚུལ་ནི། ཚད་མ་དང་འབྲས་བུ་དང་གཞལ་བྱ་གསུམ་གྱི་རྣམ་གཞག་འཇོག་པའི་དུས་ཀྱི་གཞལ་བྱ་དེ་ཡིན་ན་སྐབས་བབས་ཀྱི་རྒོལ་བས་གྲུབ་ཟིན་པས་མ་ཁྱབ་སྟེ། མདོ་སྡེ་པས་སེམས་ཙམ་པའི་ངོར། ཕྱི་རོལ་གྱི་དོན་རྟགས་ཀྱིས་སྒྲུབ་དགོས་པའི་ཕྱིར་དང༌། གཟུང་རྣམ་གཞལ་བྱ་ཡིན་པ་ཡང་མདོ་སེམས་གཉིས་ཀས་བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་ལ་བརྟེན་ནས། རྒོལ་བ་གཞན་གྱི་བློ་ངོར་བསྒྲུབ་དགོས་པའི་ཕྱིར་དང༌། གྲུབ་ཟིན་པའི་འོག་རོལ་དུ་གཞལ་བྱར་འཇོག་པ་ཡང་མ་ཡིན་ཏེ། ཕྱི་རོལ་གྱི་དོན་དང་གཟུང་རྣམ་སྒྲུབ་བྱེད་ཀྱི་རིགས་པ་ནི་ཚད་མ་དང་འབྲས་བུའི་རྣམ་གཞག་བཤད་ཟིན་པའི་འོག་རོལ་དུ་འབྱུང་བའི་ཕྱིར། འབྲས་རྟོག་དང་པོར་འབྲས་བུར་བཞག་པ་དེ་མཚན་གཞིའི་སྟེང་དུ་རྟགས་ཀྱིས་བསྒྲུབ་དགོས་པ་མིན་ཏེ། སྐབས་འདིར་རྒོལ་ཕྱིར་རྒོལ་གཉིས་ཀ་འབྲས་བུ་མཐུན་སྣང་དུ་གྲུབ་པར་བྱས་ནས་དེའི་སྒྲུབ་བྱེད་ལ་མི་མཐུན་པ་ཙམ་ཡིན་པའི་ཕྱིར། དེ་ལས་གཞན་དུ་ན་ཚད་འབྲས་དང་པོའི་བསྟན་བྱའི་གཙོ་བོ་ཅི་ཞིག་ཡིན་ཞེས་ཁྱེད་ཀྱིས་ཚོལ་དགོས་པ་ཡིན་ནོ། །ཡང་འབྲས་རྟོག་གཉིས་པ་འཆད་པའི་སྐབས་སུ་རང་རིག་པ་མཚན་གཞིའི་སྟེང་དུ་སྒྲུབ་བྱ་ཡིན་ཡང་དེའི་གྲུབ་བྱེད་དུ་འཛིན་རྣམ་འགོད་པ་ནི་མིན་ཏེ། ཇི་སྐད་དུ། མངོན་སུམ་སོ་སོར་རིག་བྱ་ཡང༌། །དེ་ཡི་དེ་ནི་བདག་ཉིད་ཡིན། །ཞེས་དང༌། སྐབས་གཞན་དུའང་རང་རིག་གི་སྒྲུབ་བྱེད་ནི་གཟུང་རྣམ་ཁོ་ནར་ངེས་པའི་ཕྱིར། དེ་ལྟ་ན་ཡང་འབྲས་རྟོག་གསུམ་པར་ནི་རང་རིག་པ་དང༌། གཟུང་རྣམ་གཉིས་བསྒྲུབ་བྱ་སྒྲུབ་བྱེད་དུ་འཇོག་པ་མིན་ཏེ། དུས་དེར་རང་རིག་གྲུབ་ཟིན་པའི་ཕྱིར། འོ་ན་ཇི་སྐད་དུ། དེ་རྣམ་གཞག་ལ་བརྟེན་ནས་ནི། །ཆ་དག་བསྒྲུབ་བྱ་སྒྲུབ་བྱེད་བཞག །ཅེས་བཤད་པའི་དོན་ཅི་ཞེ་ན། དེའི་དོན་ནི་རྟགས་དང་རྟགས་ཅན་གྱི་དོན་མིན་ཏེ། གལ་ཏེ་ཡིན་ན། སྦྱོར་བ་འགོད་པའི་ཚེ་རྟགས་སྦྱོར་རམ། མཚོན་སྦྱོར་རམ་སྒྲུབ་པའི་ངག་གང་རུང་ཅིག་འགོད་པར་རིགས་པ་ལས། དེ་ལྟར་མ་བཀོད་པར་ཚད་འབྲས་སུ་བཀོད་པ་ལ་དགོས་པ་དང་ནུས་པ་གང་ཡང་མེད་པའི་ཕྱིར། དེ་བས་ན་རྣམ་པར་བཞག་འཇོག་གི་དོན་ནི། དེའི་དོན་ཡང་ཅི་ཞེ་ན་རྔོག་ལོ་ཆེན་པོ་ནི། དོན་གྱི་རྣམ་པ་ཤར་བ་རྫས་ཡོད་དང༌། དོན་རྟོགས་པའི་ཐ་སྙད་ནི་བཏགས་ཡོད་ཡིན་པས་མཚན་ཉིད་དང་མཚོན་བྱ་བཏགས་པ་བ་ཡིན་གྱི། གོ་ཆོད་པོ་ནི་མ་ཡིན་ཏེ། དོན་རྟོགས་ཚད་མའི་མཚན་ཉིད། མི་བསླུ་བ་དང༌། མ་ཤེས་དོན་གསལ་གཉིས་པོ་གང་རུང་ཡིན་པའི་ཕྱིར་ཞེས་གསུང་ངོ༌། །རང་གི་ལུགས་ནི་འདི་ལྟར་ཡིན་ཏེ། དོན་འདྲ་བ་དང༌། དོན་རྟོགས་བསྒྲུབ་བྱ་དང་སྒྲུབ་བྱེད་ནི་མཚན་ཉིད་པ་མིན་ཏེ། ཇི་སྐད་དུ། བྱེད་པས་རང་གི་ལས་ལ་ནི། །བྱེད་དང་བཅས་པ་ལྟ་བུར་སྣང༌། །ཞེས་བསྒྲུབ་བྱ་སྒྲུབ་བྱེད་བཏགས་པ་བར་བཤད་པའི་ཕྱིར། རྣམ་པར་བཞག་འཇོག་ནི་མཚན་ཉིད་པ་ཡིན་ཏེ། དོན་གྱི་རྣམ་པ་ཤར་བའི་དབང་གིས་དོན་རྟོགས་པར་འཇོག་པའི་ཕྱིར་ཇི་སྐད་དུ། བདག་ཉིད་བྱེད་པོ་མིན་ན་ཡང༌། །དེའི་དབང་གིས་དེར་གཞག་ཕྱིར། །ཞེས་བཤད་པའི་ཕྱིར། འཛིན་རྣམ་དང་རང་རིག་ནི་བྱ་བྱེད་དང་རྣམ་པར་བཞག་འཇོག་གཉིས་ཀ་མཚན་ཉིད་པ་ཡིན་ཏེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལྟ་ན་ཡང་རང་རིག་པའི་ཐ་སྙད་ཀྱི་སྒྲུབ་བྱེད་ཡིན་གྱི། དོན་གྱི་སྒྲུབ་བྱེད་ནི་མིན་ཏེ་འཛིན་རྣམ་གྲུབ་པ་ན་རང་རིག་གི་དོན་གྲུབ་ཟིན་པའི་ཕྱིར། གཟུང་རྣམ་དང་རང་རིག་ནི་རྣམ་པར་བཞག་འཇོག་བཏགས་པ་བ་དང༌། བསྒྲུབ་བྱ་བསྒྲུབ་བྱེད་མཚན་ཉིད་པ་ཡིན་ཏེ། ཇི་སྐད་དུ། རང་གི་ངོ་བོར་གྱུར་སྣང་བ། །དེ་ཚེ་མྱོང་བར་གྲུབ་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་འབྲས་རྟོག་དང་པོའི་སྐབས་སུ་ནི་དོན་གྱི་རྣམ་པ་ཤར་བའི་དབང་གིས་དོན་རྟོགས་པར་འཇོག་པ་དེ་ཉིད་བསྒྲུབ་བྱ་ཡིན་གྱི། དོན་རྟོགས་པའི་ཚད་མ་ནི་གྲུབ་ཟིན་པའི་ཕྱིར་བསྒྲུབ་བྱ་མིན་ལ། ཕྱི་རོལ་གྱི་དོན་ནི་སྐབས་འདིར་གྲུབ་ཟིན་པ་དང་བསྒྲུབ་བྱ་གཉིས་ཀ་མིན་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་སྒྲུབ་བྱེད་འོག་ནས་འཆད་པའི་ཕྱིར། འབྲས་རྟོག་གཉིས་པའི་སྐབས་སུ་ནི་རང་རིག་པ་བསྒྲུབ་བྱ་ཡིན་ཏེ། དེ་ལ་སྒྲུབ་བྱེད་དང་དོན་རིག་ལ་གནོད་བྱེད་བརྗོད་པའི་ཕྱིར། སྐབས་འདིར་གཟུང་རྣམ་གྲུབ་མ་ཟིན་ཀྱང་བསྒྲུབ་བྱ་མིན་ཏེ། ཚུལ་གཉིས་བསྒྲུབ་ཀྱི་རིགས་པ་ལ་བརྟེན་པ་འོག་ཏུ་བསྒྲུབ་པའི་ཕྱིར། རྣམ་གཞག་དེ་ཉིད་ངེས་པར་བྱ་བ་ཞེས་བྱ་བའི་དོན་ཡང་དེ་ཉིད་ཡིན་ནོ། །འཛིན་རྣམ་ནི་གྲུབ་ཟིན་པ་དང༌། སྒྲུབ་བྱེད་དང༌། འཇོག་བྱེད་གསུམ་ཀ་ཡིན་ནོ། །རྣམ་གཞག་གསུམ་པའི་སྐབས་སུ། འབྲས་བུར་བཞག་པའི་རང་རིག་ནི་ཚད་མའི་མདོ་ལྟར་ན། འོག་ནས་བསྒྲུབ་བྱ་ཡིན་ཀྱང༌། རྣམ་འགྲེལ་ལྟར་ན་གོང་དུ་གྲུབ་ཟིན་པའི་ཕྱིར་འདིར་བསྒྲུབ་བྱ་ཡིན་ལ། འོག་ཏུ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ཡང་མདོའི་དོན་རྒྱས་པར་འགྲེལ་པའི་དབང་དུ་བྱས་པ་ཡིན་ནོ། །ཚད་མར་བཞག་པའི་གཟུང་རྣམ་དང་གཞལ་བྱར་བཞག་པའི་ཕྱི་རོལ་གྱི་དོན་གཉིས་བསྒྲུབ་བྱ་ཡིན་ཏེ། ཇི་སྐད་དུ། ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་ཀྱིས་གཟུང་རྣམ་བསྒྲུབས་ཤིང༌། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པས། ཕྱི་རོལ་གྱི་དོན་གཞལ་བྱར་བསྒྲུབས་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་གྱི་ཚད་འབྲས་སྤྱིའི་རྣམ་པར་བཞག་པ་བཤད་ཟིན་ནས། ད་ནི་གཉིས་པ་རྗེས་སུ་དཔག་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ནི་ཚད་མའི་མདོར། འབྲས་བུ་སྔར་བཞིན་ཞེས་དང༌། རྣམ་ངེས་ལས་ཀྱང་དེ་ལྟར་གསུངས་པའི་དོན་ལ་རྟགས་ན། འདི་འབྱུང་བ་ཡིན་ཏེ། འབྲས་བུའི་རྣམ་པར་རྟོག་པ་དང་པོ་དང་གཉིས་པའོ། །དང་པོ་ནི། དོན་རིག་པ་ཡིན་ལ། གཉིས་པ་ནི། རང་རིག་པའོ། །གཉིས་པ་ལའང་གཉིས་ཏེ། ཕྱི་རོལ་གྱི་དོན་གཞལ་བྱར་བྱས་པ་དང༌། དེ་བཀག་ནས་གཟུང་རྣམ་གཞལ་བྱར་བྱས་པའོ། །དེ་ལའང་རྣམ་བདེན་བརྫུན་གྱི་དབྱེ་བས་གཉིས་ཏེ་བཞི་ཡིན་ནོ། །དེ་ལས་དང་པོ་གཉིས་ནི་གོ་རིམ་བཞིན་དུ། འཇིག་རྟེན་གྱི་གྲགས་པས་གཞག་པ་དང༌། མདོ་སྡེ་པ་རང་གི་རིགས་པས་རྣམ་པར་དཔྱད་ནས་བཞག་པའོ། །དེ་ཡང་འདི་ལྟར་དང་པོ་ནི། ལྐོག་ཏུ་གྱུར་བའི་མེ་གཞལ་བྱ། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེར་སྣང་བའི་ཤེས་རྣམ་ཚད་མ་རྟགས་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་མེ་རྟོགས་པ་འབྲས་བུའོ། །དེ་ནི་ཇི་སྐད་དུ། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་པས་བསྟན་ནོ། །གཉིས་པ་ནི། ཡང་སྔ་མ་དེ་གཞལ་བྱ། དེ་རྟོགས་པའི་ཤེས་རྣམ་ཚད་མ་རང་རིག་པ་འབྲས་བུའོ། །དེ་ནི་ཇི་སྐད་དུ། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། །རང་ཉིད་ཉམས་སུ་མྱོང་འབྲས་ཡིན་རིགས། །ཞེས་པའི་གཞུང་གིས་བསྟན་པ་ཡིན་ནོ། །གསུམ་པ་ནི་རྗེས་སུ་དཔག་པའི་བཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་མཚན་ཉིད་པ་འབྲས་བུའོ། །བཞི་པ་ནི་དེ་གཞལ་བྱ། དེ་ཚད་མ། རང་རིག་བཏགས་པ་བ་འབྲས་བུའོ། །དེ་གཉིས་ནི་ཇི་སྐད་དུ། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་ཞེས་སོགས་དང༌། །དེ་ཕྱིར་དེ་དེའི་སྒྲུབ་བྱེད་ཡིན། །ཞེས་པས་བསྟན་པ་ཡིན་ནོ། །དེ་ལྟར་སྤྱིའི་རྣམ་པར་བཞག་པ་བཤད་ཟིན་ནས། གཉིས་པ་སོ་སོའི་རྣམ་པར་བཞག་པ་ལ། འབྲས་བུའི་རྣམ་པར་རྟོག་པ་དང་པོ་བཤད་པ་དང༌། གཉིས་པ་བཤད་པའོ། །དང་པོ་ལ་འཕྲོས་ནས། གོང་དུ་ཚད་མའི་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་བཤད་ནས། ཚད་མ་དེའི་འབྲས་བུ་གང་ཞེ་ན་གཞལ་བྱ་རྟོགས་པའོ། །དེ་ལའང་གཉིས་ཏེ། ཕྱི་རོལ་གྱི་དོན་རྟོགས་པ་དང་རང་རིག་པའོ། །དང་པོ་ཚད་མའི་འབྲས་བུར་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་གཉིས་ཏེ། ཕྱི་རོལ་པ་དང་རང་གི་སྡེ་པའོ། །དེ་ལའང་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པའོ། །དེ་ཡང་དོན་རྟོགས་ཚུལ་ལ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བ་དང༌། གཟུང་འཛིན་གྲངས་མཉམ་དུ། སྨྲ་བའི་མདོ་སྡེ་པས་ནི་ཕྱི་རོལ་གྱི་དོན་རྟོགས་མཚན་ཉིད་པ་ཁས་ལེན། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པས་ནི། དོན་རྟོགས་བཏགས་པ་བར་ཁས་ལེན་པ་ཡིན་ཏེ། མངོན་སུམ་ལ་དོན་ལྐོག་ན་མོར་ཁས་ལེན་པའི་ཕྱིར། འབྲས་བུ་དེའི་སྒྲུབ་བྱེད་གང་ཡིན་ཞེ་ན། འདི་ལ་གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པའོ། །དང་པོ་ནི། ཕྱི་རོལ་པ་དང༌། བྱེ་སྨྲ་བའི་བར་གྱིས་ནི། བྱ་བྱེད་རྫས་གཞན་དུ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ལྟ་དང་ངེས་པ་ཚད་འབྲས་དང༌། །ཕྲད་དང་དོན་རྟོགས་ཚད་འབྲས་འདོད། །ཁྱད་པར་ཁྱད་པར་ཅན་དེ་སྨྲ། །ལ་ལ་དབང་ཤེས་ཚད་འབྲས་འདོད། །ཅེས་གསུངས་པ་ལྟར་རོ། །དང་པོར་དོན་མཐོང་བའི་རྟོག་མེད་ཀྱི་ཤེས་པ་སོགས་ཆོས་ཅན། ཚད་མས་དོན་རྟོགས་པའི་འཇོག་བྱེད་མིན་ཏེ། དོན་རྟོགས་པ་དང་འབྲེལ་བ་མེད་པའི་ཕྱིར། གཉིས་པ་ལ། རྣམ་གཞག་ངོས་བཟུང༌། དེ་བསྒྲུབ་བྱེད་ཀྱི་རིགས་པ་བཤད། དེ་ལ་རྩོད་པ་སྤང༌། གཞན་གྱིས་བཏགས་པའི་མཐའ་དགག་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་གཞལ་བྱ། ཕྱི་རོལ་གྱི་དོན་དང་འདྲ་བ་ཚད་མ། ཕྱི་རོལ་གྱི་དོན་རྟོགས་པ་འབྲས་བུའོ། །གཉིས་པ་ལ་བྱ་བྱེད་ལས་གསུམ་གྱི་དངོས་རྟགས་བསམ་པ་དང༌། དེ་སྒྲུབ་པའོ། །དང་པོ་ནི། འདིར་ལས་ནི་གཞལ་བྱའོ། །བྱ་བ་ནི་འབྲས་བུའོ། །བྱེད་པ་ནི་དེ་འཇོག་བྱེད་ཀྱི་ཚད་མ་ལ་ཟེར་བ་ཡིན་ནོ། །དེ་ལ་དང་པོ་སོང་ཚོད་ཀྱི་གཞལ་བྱ་ནི། ཕྱི་རོལ་གྱི་དོན་ལྐོག་ན་མོ་དོན་སྣང་ཤེས་པའི་སྔ་ལོགས་ན་ཡོད་པ་དེ་ཉིད་ཡིན་ལ། རློམ་ཚོད་ནི་ཤེས་པ་དང་དུས་མཉམ་པར་རློམ་པའོ། །གཉིས་པ་འབྲས་བུ་ལ་སོང་ཚོད་ནི། དོན་གྱི་རྣམ་པ་རིག་པའི་རང་རིག་དེ་ཉིད་ཡིན་ལ། རློམ་ཚོད་ནི་ཕྱི་རོལ་གྱི་དོན་རིག་པར་རློམ་པའོ། །ཚད་མ་ནི་མདོ་སྡེ་པ་རང་གི་རིགས་པས་རྣམ་པར་དཔྱད་ནས་བཞག་པའི་ཕྱིར་སོང་ཚོད་ཁོ་ནར་ངེས་སོ། །དེ་ལྟར་རློམ་སོང་གཉིས་ལས་འདིར་ནི་རློམ་ཚོད་གཙོ་ཆེ་བ་ཡིན་ཏེ། འབྲས་རྟོག་དང་པོའི་སྐབས་འདིར་གཞལ་བྱ་ལ་རིགས་པས་མི་དཔྱོད་པའི་ཕྱིར་དང༌། འབྲས་བུ་ཡང་འཇིག་རྟེན་གྲགས་པ་ཁོ་ན་ལྟར་བཞག་པ་ཡིན་གྱི། གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་བཞག་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དོན་འདྲ་བ་དང༌། དོན་རྟོགས་པ་ཆོས་ཅན། བྱ་བྱེད་མིན་ཡང་བྱ་བྱེད་དུ་འདོགས་པའི་རྒྱུ་མཚན་ཡོད་དེ། བྱ་བྱེད་ཀྱི་ཆོས་གསུམ་ཚང་བའི་ཕྱིར། གཞི་གང་གི་སྟེང་དུ་ཇི་ལྟར་ཚང་ཞེ་ན། དོན་རིག་པའི་མངོན་སུམ་ཆོས་ཅན། རང་ཉིད་བྱ་བའི་ལས་དང་ལྡན་པ་ཡིན་ཏེ། ཕྱི་རོལ་གྱི་དོན་འཇལ་བའི་ཕྱིར། བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་ཡིན་ཏེ། ཁྱོད་ཀྱིས་དེ་འཇལ་བ་དོན་གྱི་རྣམ་པ་ཤར་བ་ལ་རག་ལས་པའི་ཕྱིར། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ཡིན་ཏེ། ཕྱི་རོལ་གྱི་དོན་རྟོགས་པའི་ཕྱིར། དེ་གཉིས་བྱ་བྱེད་དངོས་མིན་ཡང་བྱ་བྱེད་དུ་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་གྱི་རྣམ་པ་ཤར་བའི་དབང་གིས་དོན་རྟོགས་པའི་ཐ་སྙད་བཞག་པ་ཡིན་གྱི། དོན་དངོས་སུ་རྟོགས་པ་མིན་ནོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ནི་དོན་གྱི་རྣམ་པ་ཤར་བ་དེ་དོན་རྟོགས་པའི་སྒྲུབ་བྱེད་དངོས་མིན་ཏེ། དོན་གྱི་རྣམ་པ་ཤར་བ་དེ་དོན་སྣང་གི་ཤེས་པས་རང་རིག་པའི་སྒྲུབ་བྱེད་དངོས་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ཆོས་ཅན། ཕྱི་རོལ་གྱི་དོན་རྟོགས་པར་ཐལ། དོན་དང་འདྲ་བ་ཡིན་པའི་ཕྱིར་ཏེ། དེའི་རྣམ་པར་ཤར་བའི་ཕྱིར། ཞེས་དང༌། དོན་རིག་མངོན་སུམ་རྒྱུད་ལ་ལྡན་པའི་སྐྱེས་བུ་ཆོས་ཅན། དོན་འདྲ་བ་ཡིན་པར་ཐལ། དོན་རྟོགས་པའི་ཕྱིར་ཞེས་པའི་ཉེས་པས་ཁྱེད་ལ་སྐབས་འདིར་གནོད་པ་མིན་ནམ་ཞེ་ན། ཉེས་པ་དང་པོས་མི་གནོད་དེ། དོན་གྱི་རྣམ་པ་ཤར་པ་ལ་དོན་རྟོགས་པར་བཞག་པ་འདི། འཇིག་རྟེན་གྱི་གྲགས་པས་བྱས་པ་ཡིན་གྱི། རང་གི་ལུགས་ལ་དེ་ལྟར་ཁས་མི་ལེན་པའི་ཕྱིར། དེ་སྐད་དུ་ཡང༌། བྱ་བ་ལས་ཀྱི་རྣམ་གཞག་གི །འདི་ནི་འཇིག་རྟེན་ན་རྒྱུར་འགྱུར། །ཞེས་དང༌། མྱོང་བ་སྒྲོ་འདོགས་འཁྲུལ་པ་ལས། །སྔོ་སོགས་མྱོང་བར་གྲགས་ཡིན་གྱི། །ཞེས་དང༌། དེ་མྱོང་ཕྱིར་ན་འཇིག་རྟེན་འདོགས། །ཞེས་གསུངས་པའི་ཕྱིར། འོ་ན་རྣམ་པར་བཞག་འཇོག་ཏུ་ཁས་བླངས་ནས་རྩ་བའི་ཁྱབ་པ་ཁས་མི་ལེན་པ་འཁྲུལ་ལོ་ཞེ་ན་མིན་ཏེ། འཇིག་རྟེན་གྱི་ལུགས་སོར་བཞག་པ་ཡིན་པའི་ཕྱིར། འོ་ན་དེ་གཉིས་བསྟན་བཅོས་སུ་བཤད་ནས་ཁས་ལེན་དགོས་སོ་ཞེ་ན། དེ་ལྟར་ན་བུ་ཆོས་ཅན། ཕའི་གཟུགས་འཛིན་པར་ཐལ། དེ་དང་འདྲ་བའི་ཕྱིར་དེའི་ཁྱབ་པ་ཡང་ཁས་ལེན་དགོས་པར་ཐལ། བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་བསྟན་བཅོས་སུ་བཤད་པའི་ཕྱིར། ཉེས་པ་གཉིས་པས་ཀྱང་མི་གནོད་དེ། རྣམ་པར་བཞག་འཇོག་ཡིན་པ་ཙམ་གྱིས་ཁྱབ་མཉམ་དུ་ཁས་མི་ལེན་པའི་ཕྱིར། དེ་ལྟར་བཤད་པས་ཚད་ལྡན་གྱི་གཞུང་འགྲེལ་ལས་གསུངས་པའི་ཚད་འབྲས་དང་པོའི་རྣམ་གཞག་སྒྲ་ཇི་བཞིན་དུ་ཁས་བླངས་པ་ལ་སྐྱོན་མེད་པར་གྲུབ་པ་ཡིན་ནོ། །འོ་ན་འདི་གྲུབ་པའི་མཐའ་གང་གི་དབང་དུ་བྱས་ཞེ་ན། འབྲས་བུ་ནི་འཇིག་རྟེན་གྱི་གྲགས་པ་ཙམ་གྱིས་བཞག་པ་ཡིན་གྱི། གྲུབ་པའི་མཐས་མི་འཇོག་ལ། ཚད་མ་ནི་མདོ་སྡེ་པ་རང་གི་གྲུབ་པའི་མཐས་བཞག་པ་ཡིན་ཞིང༌། དེ་གཉིས་བྱ་བྱེད་ཡིན་པ་ནི་གཟུང་འཛིན་གྲངས་མཉམ་པས་ཁས་བླངས་པའོ། །བཞི་པ་ནི། བོད་ཕྱི་རབས་པ་དག་ན་རེ། ཕྱི་རོལ་གྱི་དོན་གཞལ་བྱ་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ་དེ་རྟོགས་པའི་ཚད་མ་འབྲས་བུ་ཞེས་འཇོག་ཅིང་དེ་དེའི་མཚན་ཉིད་ཡིན་ནོ་ཞེས་གསུང་ངོ༌། །འདི་ལ་དར་ཊཱིཀ་པ་ན་རེ། སྐབས་འདིར་ཕྱི་རོལ་དོན་གྱི་རང་ལྡོག་ནས་གཞལ་བྱར་འཇོག་པ་ནི་མི་འཐད་དེ། སེམས་ཙམ་པས་མདོ་སྡེ་པ་ལ་ཕྱི་རོལ་གྱི་དོན་མ་གྲུབ་པར་བརྩད་པ་ན། མདོ་སྡེ་པས་འབྲས་བུ་རྣམ་ཤེས་བཟློག་པའི་རྟགས་ཀྱིས་གནོད་པ་བསྟན་པ་ཡིན་གྱི་མངོན་སུམ་དང་འགལ་བའི་གནོད་པ་མ་བསྟན་པའི་ཕྱིར། དེས་ན་སྔོ་སེར་སོགས་གཞལ་བྱ། དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ་དེ་རྟོགས་པའི་ཚད་མ་འབྲས་བུར་བྱས་པའི་རྣམ་གཞག་འདི། འབྲས་རྟོག་དང་པོའི་རྣམ་གཞག་ཡིན་ཞིང༌། དེ་ནི་མདོ་སེམས་ཐུན་མོང་བའི་ལུགས་སོ་ཞེས་ཟེར་རོ། །དེ་ལྟར་ལུགས་གཉིས་ལས། ལུགས་དང་པོའི་གཞལ་བྱ་དང་འབྲས་བུའི་འཇོག་ཚུལ་འཐད་ཀྱང༌། ཚད་མའི་འཇོག་ཚུལ་དེ་ནི་རང་བཟོ་ཁོ་ན་ཡིན་ཏེ། ལུང་མེད་པ་དང༌། རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བའི་ཕྱིར་རོ། །དང་པོ་ནི། འབྲས་རྟོག་དང་པོར་ཕྱི་རོལ་དོན་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མར་འཇོག་པ་ལ་ལུང་ཡོད་པ་མིན་ཏེ། མདོ་དང་སྡེ་བདུན་རྩ་འགྲེལ་དང༌། རིགས་པའི་གཏེར་སོགས་ནས་མ་བཤད་པའི་ཕྱིར། གཉིས་པ་ནི། མི་བསླུ་བའི་དོན་གང་ཡིན། རྟོགས་པའོ་ཟེར་བ་ལས་འོས་མེད་པས། ཕྱི་རོལ་གྱི་དོན་རྟོགས་པའི་སྒྲུབ་བྱེད་དུ་ཕྱི་དོན་གསར་དུ་རྟོགས་པ་འགོད་ན་རིགས་པ་དང་འགལ་བ་ཡིན་ཏེ། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པའི་ཕྱིར། གསུམ་པ་ནི་ལུང་དང་ཡང་འགལ་བ་ཡིན་ཏེ། མདོ་སྡེ་པ་དོན་རིག་མངོན་སུམ་གྱིས་དོན་རྟོགས་པའི་སྒྲུབ་བྱེད་འགོད་པ་ན། དོན་དང་འདྲ་བ་དང་དོན་ལས་སྐྱེས་པ་དང༌། དོན་ལ་ངེས་པར་འདྲེན་པ་ཞེས་བྱ་བ་གསུམ་འགོད་པར་བྱེད་ཀྱི། དོན་ལ་མི་བསླུ་བའི་ཕྱིར་ཞེས་བཀོད་པ་གཅིག་ཀྱང་མི་སྣང་བའི་ཕྱིར། དེས་ན་འབྲས་རྟོག་དང་པོར་དོན་ལ་མི་བསླུ་བ་སྒྲུབ་བྱ་ཡིན་པ་ལ། སྒྲུབ་བྱེད་དུ་འཁྲུལ་བས་ཕྱི་རབས་པ་ཐམས་ཅད་ཀྱིས་ནོངས་སོ། །ལུགས་གཉིས་པ་མི་འཐད་པ་ལ། དང་པོར་གཞལ་བྱ་འཇོག་ཚུལ་མི་འཐད་པ་ནི། འོ་ན་སྔོ་སེར་སོགས་ཀྱི་རང་ལྡོག་ནས་ཀྱང་གཞལ་བྱ་འཇོག་པ་མི་འཐད་པར་ཐལ། མདོ་སྡེ་པ་ལ་སེམས་ཙམ་པས་སྔོ་སེར་སོགས་མ་གྲུབ་པར་རྩད་པའི་ཚེ། འབྲས་བུ་རྣམ་ཤེས་བཟློག་པའི་རྟགས་ཀྱིས་གནོད་པ་སྟོན་གྱི། མངོན་སུམ་དང་འགལ་བའི་ཉེས་པ་མི་སྟོན་པའི་ཕྱིར། དེས་དེ་ལ་སྔོ་སེར་སོགས་མེད་པར་མི་རྩོད་དོ། །ཞེ་ན། འོ་ན་དེས་དེ་ལ་སྐབས་འདིར་ཕྱི་རོལ་གྱི་དོན་ཡང་མེད་པར་མི་རྩོད་དོ། །ཞེས་མཚུངས་སོ། །དེ་བས་ན་རྣམ་གཞག་དང་པོ་འདི་ནི་མདོ་སྡེ་པ་དང༌། བྱེ་བྲག་ཏུ་སྨྲ་བ་ཕན་ཆད་མི་མཐུན་པ་གཙོ་བོར་བྱེད་པའི་སྐབས་ཡིན་གྱི། རྣམ་རིག་པ་དང་རྩོད་པའི་སྐབས་མིན་པས་ཁྱེད་ཀྱི་སྒྲུབ་བྱེད་དེ་ལ་འབྲེལ་བ་མེད་དོ། །གཞན་ཡང་འབྲས་རྟོགས་གཉིས་པ་འཆད་པའི་གཞུང་གིས་དགག་བྱའི་གཙོ་བོར་བྱས་ནས་འགོག་པའི་ཚད་འབྲས་དང་པོའི་རྣམ་གཞག་གཅིག་མེད་པར་འགྱུར་ཏེ། ཕྱི་རོལ་གཞལ་བྱར་བྱེད་པའི་ཚད་འབྲས་དང་པོའི་རྣམ་གཞག་ནི་མེད། སྔོ་སེར་སོགས་གཞལ་བྱ་བྱེད་པའི་རྣམ་གཞག་དེ་ནི་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཕྱིར། གཉིས་པ་ཚད་མའི་འཇོག་ཚུལ་མི་འཐད་པ་ལ། འཆད་དགོས་པ་མ་བཤད་པའི་ཉེས་པ་དང༌། འཆད་མི་དགོས་པ་བཤད་པའི་ཉེས་པའོ། །དང་པོ་ནི། དོན་གྱི་རྣམ་པ་ཤར་བའམ། དོན་དང་འདྲ་བ་དེ་གཞུང་ལས་སྐབས་འདིའི་འབྲས་བུ་འཇོག་བྱེད་ཀྱི་ཚད་མར་བཤད་པ་ལ་ཁྱེད་ཀྱིས་ནི་དེ་མ་བཤད་པའི་ཕྱིར། དེ་ཡང་དོན་གྱིས་ཐོབ་པ་ཡིན་ནོ་ཞེས་ན། དེ་ལྟར་ན་ཁས་བླངས་ནང་འགལ་ཏེ། སྔོན་པོ་ཤུགས་ལ་རྟོགས་པའི་ཚད་མ་ཆོས་ཅན། སྔོན་པོའི་རྣམ་པ་ཤར་བ་སོགས་སུ་ཐལ། དེ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཉིས་པ་ནི། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཞེས་འཆད་པ་ནི་རང་བཟོ་ཁོ་ན་ཡིན་ཏེ། ཚད་འབྲས་དང་པོ་ལྟ་ཞོག གསུམ་ཀའི་སྐབས་སུ་ཚད་མ་འཆད་པའི་ཟུར་དུ་ཚད་ལྡན་གྱི་གཞུང་འགྲེལ་ལས་བཤད་པ་མེད་པའི་ཕྱིར་དང༌། རྣམ་པར་བཞག་བྱ་དེ་ཉིད་འཇོག་བྱེད་དུ་བཀོད་པར་སོང་བའི་ཕྱིར། གསུམ་པ་འབྲས་བུའི་འཇོག་ཚུལ་དཔྱད་པ་ནི་གཉིས་ཏེ། འབྲས་བུའི་ཟུར་དུ་ཚད་མ་ཞེས་སྦྱོར་བ་མི་འཐད་པ་དང༌། དངོས་སུ་རྟོགས་པ་ཞེས་སྦྱོར་བ་མི་འཐད་པའོ། །དང་པོ་ནི། དེའི་ཟུར་དུ་ཚད་མ་ཞེས་སྦྱོར་བ་མི་འཐད་དེ། དེ་ལྟར་སྦྱོར་བ་གཞུང་འགྲེལ་ལས་ཟུར་ཙམ་ཡང་མི་སྣང་བའི་ཕྱིར་དང༌། གཞལ་བྱ་རྟོགས་པ་དེ་ཚད་མའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་རིགས་ཤིང་གཞུང་ཡི་གེའི་དོན་ལ་ཞུགས་པ་ཡིན་གྱི། གཞལ་བྱ་རྟོགས་པའི་ཚད་མ་དེ་ཚད་མའི་འབྲས་བུ་ཡིན་ནོ་ཞེས་ཟེར་བ་འདི་འདྲ་འདི་ནི་ཡི་གེའི་དོན་དང་མི་འཚམས་པའི་ཕྱིར་རོ། །གཉིས་པ་ནི། འབྲས་བུའི་ཟུར་དུ་དོན་དངོས་སུ་རྟོགས་པ་ཞེས་སྦྱོར་བ་ནི་མི་འཐད་དེ། གཞུང་འགྲེལ་ལས་མ་བཤད་པའི་ཕྱིར་དང༌། རྣམ་བཅད་མེད་པའི་ཕྱིར་དང༌། རྟོགས་པ་ལ་དངོས་རྟོགས་དང་ཤུགས་རྟོགས་གཉིས་སུ་འབྱེད་ན་ཤུགས་རྟོགས་ལ་མ་ཁྱབ་པའི་སྐྱོན་ཡོད་པ་ཡིན་པའི་ཕྱིར་དང༌། ཤུགས་རྟོགས་ཚད་མའི་འབྲས་བུར་མི་འཇོག་པའི་ཤེས་བྱེད་ཀྱང་ཁྱེད་ལ་མེད་པའི་ཕྱིར། ཡང་རྣམ་གཞག་དང་པོ་མདོ་སེམས་ཐུན་མོང་དུ་སྦྱོར་བ་མི་རིགས་ཏེ། དེས་སྔོ་སེར་སོགས་ཐ་སྙད་དུ་ཡང་ཁས་མི་ལེན་པའི་ཚུལ་གོང་དུ་རྒྱས་པར་བཤད་ཟིན་པའི་ཕྱིར་དང༌། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །ཞེས་པའི་སྐབས་ནས་བསྟན་པའི་འབྲས་བུ་དང་དེའི་འཇོག་བྱེད་གཉིས་ཀ་དོན་རིག་གང་ཡིན་སོ་སོར་རིག ཅེས་པའི་སྐབས་ནས་འགོག་པ་དེ་ཉིད་ཡིན་པའི་ཕྱིར། དེ་ལ་འདི་སྐད་དུ་རྒོལ་ཏེ། སེམས་ཙམ་པས་དེ་ཁས་མི་ལེན་ན། བག་ཆགས་བརྟེན་བྱུང་གི་དབང་ཤེས་ཚད་མར་ཁས་མི་ལེན་པར་འགྱུར་ཞི་ང༌། དེ་ལྟ་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ལྟར་རྟོག་མེད་ལོག་ཤེས་སུ་འགྱུར་ལ། དེ་ཡང་དེ་ལྟ་ན། སློབ་དཔོན་ཕྱོགས་གླང་གིས་རྩོད་སྒྲུབ་ལ། བརྟག་པ་བྱེད་པ་སོགས་ཕྱི་རོལ་གྱི་དོན་འགོག་པའི་སྐབས་སུ་དབང་ཤེས་འཁྲུལ་པ་དང༌། མ་འཁྲུལ་བའི་སུན་འབྱིན་གཉིས་བརྗོད་པ་འབྲེལ་མེད་དུ་འགྱུར་ཞིང༌། མངོན་སུམ་གྱི་མཚན་ཉིད་སྟོན་པའི་སྤྱིར་བཏང་དང༌། དམིགས་བསལ་གྱི་ཚིག་རང་ལུགས་ལ་ཁས་ལེན་དུ་མི་རུང་བས་ཚད་མ་ཀུན་ལས་བཏུས་པར་རང་ལུགས་ཀྱི་མངོན་སུམ་གྱི་མཚན་ཉིད་ཅུང་ཟད་ཀྱང་མ་བསྟན་པར་གྱུར་རོ། །གཞན་ཡང་རྣམ་རིག་པ་དབང་མངོན་ཁས་མི་ལེན་ན། དེའི་ལུགས་ལ་སོ་སོ་སྐྱེ་བོའི་མངོན་སུམ་ཡིན་ན་རང་རིག་མངོན་སུམ་ཡིན་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་མི་རིགས་པ་ཤིན་ཏུ་མང་སྟེ་རེ་ཤིག་བཞག་གོ་ཞེས་ཟེར་རོ། །འདི་དག་ནི་ཤིན་ཏུ་མི་རིགས་ཏེ། བག་ཆགས་བརྟེན་བྱུང་གི་དབང་ཤེས་ལ་ཚད་མས་ཁྱབ་ན་ཕྱི་རོལ་དོན་སྣང་གི་དབང་ཤེས་ཐམས་ཅད་ཚད་མར་ཐལ་བ་དང༌། ཁྱོད་རང་གི་བཅད་ཤེས་སུ་འདོད་པའི་དབང་མངོན་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་མངོན་སུམ་ལ་མ་འཁྲུལ་བས་ཁྱབ་ན་དབང་ཡིད་ཀྱི་མངོན་གསུམ་གཉིས་འཁྲུལ་ཤེས་སུ་ཁྱེད་རང་གིས་ཁས་བླངས་པ་དང་འགལ་ལོ། །ཚུར་མཐོང་གི་མངོན་སུམ་ཡིན་ན། རང་རིག་མངོན་སུམ་ཡིན་པས་ཁྱབ་པར་ཁས་བླངས་པ་ཡིན་མི་རིགས་པ་ཅི་ཡང་ཡོད་པ་མིན་ཏེ། དེའི་ལུགས་ཀྱི་ཐུན་མོང་བའི་གཞུང་འཆད་པ་ན། དབང་ཡིད་ཀྱི་མངོན་སུམ་བཤད་པ་མེད་པའི་ཕྱིར། གལ་ཏེ་ཡོད་ན་སྔོ་འཛིན་དབང་པོའི་མངོན་སུམ་གྱིས་སྔོན་པོ་རྟོགས་པའི་བསྒྲུབ་བྱེད་གང་ཡིན་འདྲ་བས་སམ། སྐྱེས་ལ་འདྲ་བས་སམ། ངེས་ཤེས་དང་གསུམ་ཚོགས་པ་ཡིན་ནམ་དེ་ལས་གཞན་ཡོད། ཅེས་བརྟགས་ན་འཇིག་པ་ཡིན་ནོ། །ཡང་བོད་ཕྱི་རབས་ཀྱི་མཁས་པར་རློམ་པའི་བྱིས་པ་དག་ན་རེ། སྔོན་པོ་གཞལ་བྱ། རང་ཡུལ་གྱི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ། སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ་ཞེས་ཟེར་ཞིང༌། རང་ཡུལ་གྱི་ཞེས་པ་མངོན་སུམ་ཤུགས་རྟོགས་བསྡུད་པ་ཡིན་ནོ་ཞེས་ཟེར། ཡང་ལ་ལ་ན་རེ། ཕྱི་རོལ་དོན་དུ་གྱུར་པའི་སྔོན་པོ་གཞལ་བྱ། དེའི་རྣམ་པ་ཤར་ནས་དེ་ལས་སོགས་ཚད་མ། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུར་བྱས་པ་འདི། མདོ་སྡེ་པའི་ཐུན་མོང་མིན་པའི་ལུགས་སོ་ཞེས་ཟེར། ལུགས་དང་པོ་མི་འཐད་པ་ནི། སྔོན་པོ་ཤུགས་ལ་རྟོགས་པའི་ཚད་མའི་མཚན་གཞི་གང་ཡིན། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལྟ་བུའོ། །ཞེ་ན། འོ་ན་དེ་ཆོས་ཅན། རང་ཡུལ་གྱི་རྣམ་པ་ཤར་བ་སོགས་སུ་ཐལ། སྔོན་པོ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པའང་ཁྱེད་རང་ལྟ་ན་ཁས་བླངས་སོ། །འདོད་ན། གཉིས་སྣང་ཅན་གྱི་ཤེས་པར་ཐལ་ལོ། །གཞན་ཡང་དེ་ལ་རང་ཡུལ་སྔོན་པོ་མིན་པ་ཞིག་གི་རྣམ་པ་ཤར་ནས་སྔོན་པོ་ལ་མི་བསླུ་བ་ཡིན་ནམ། རང་ཡུལ་སྔོན་པོའི་རྣམ་པ་ཤར་ནས་སྔོན་པོ་ལ་གསར་དུ་མི་སླུ་བ་ཡིན། དང་པོ་ལྟར་ན། སྟ་རེའི་བྱེད་པ་སེང་ལྡེང་ལ་ཞུགས་ནས། འབྲས་བུ་ལ་ཤུག་པ་དུམ་བུར་སོང་བ་དང་མཚུངས་པས་མི་རིགས་སོ། །གཉིས་པ་ལྟར་ན། དེ་ཆོས་ཅན་སྔོན་པོ་དངོས་སུ་རྟོགས་པར་ཐལ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གཞན་ཡང་སྐབས་འདིར་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་བཤད་པ་འདིས་ཀྱང་མངོན་སུམ་ཤུགས་རྟོགས་ཁེགས་པ་ཡིན་ནོ། །ལུགས་གཉིས་པ་མི་འཐད་པ་ནི། ཕྱི་རོལ་དུ་གྱུར་པའི་སྔོན་པོ་དངོས་སུ་རྟོགས་པའི་ཚད་མ། ཚད་འབྲས་དང་པོའི་སྐབས་ཀྱི་འབྲས་བུར་འཇོག་ན། དེ་མངོན་སུམ་གྱི་ཚད་འབྲས་ཡིན་པ་ལས་འོས་མེད་པས། སྔོན་པོ་ཕྱི་རོལ་གྱི་དོན་ཡིན་པ་དེ། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་རྟོགས་པར་འགྱུར་ལ། དེ་ཡང་འདོད་པར་ནུས་པ་མིན་ཏེ། རྟགས་ཡང་དག་གིས་བསྒྲུབ་བྱ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྣམ་པར་ངེས་པ་ལས། གལ་ཏེ་སྣང་བའི་ཡུལ་གྱི་རྣམ་པ་བློ་ལས་ཐ་མི་དད་ན། དེ་ལས་ཐ་དད་པ་ཡོད་དོ་ཞེས་གང་ལས་ཤེས་ཞེ་ན། ཕྱི་རོལ་བཟློག་པ་ལས་གྲུབ་འགྱུར། ནུས་པའི་རྒྱུ་གཞན་ཡོད་ཀྱང་འབྲས་བུ་ཤེས་པ་མི་སྐྱེ་ན། རྒྱུ་གཞན་མ་ཚང་བར་སྟོན་པ་ཡིན་ལ། དེ་ཡང་ཕྱི་རོལ་གྱི་དོན་ཡིན་ནོ་ཞེས་གསུངས་པས་སོ། །གཞན་ཡང་འདི་ལྟར་དོན་རིག་མངོན་སུམ་གྱི་དོན་དངོས་སུ་རྟོགས་པ་མདོ་སྡེ་པའི་གྲུབ་པའི་མཐའ་མིན་ལ། འཇིག་རྟེན་གྱི་གྲགས་པ་ལ་ནི་དངོས་རྟོགས་དང་ཤུགས་རྟོགས་ཀྱི་རྣམ་དབྱེ་མེད་པའི་ཕྱིར། དངོས་སུ་ཞེས་པའི་ཚིག་སྦྱར་བ་ལ་ནུས་པ་མེད་དོ། །གཞན་ཡང་ཁྱེད་ལ་ནང་འགལ་འདི་ལྟར་འབྱུང་སྟེ། སྔོ་སྣང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྔོན་པོ་དངོས་སུ་རྟོགས་པའི་ཚད་མར་ཐལ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དེའི་རྣམ་པ་ཤར་བར་ཐལ། དེའི་རྣམ་པ་མཐོང་བའི་ཕྱིར། དེར་ཐལ། སྔོ་སྣང་དབང་ཤེས་ལ་སྣང་འཇུག་གང་ཞིག དེ་དང་སྔོན་པོའི་རྣམ་པ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། སྔོན་པོ་ལ་གསར་དུ་མི་བསླུ་བའི་རྟགས་ཁྱོད་ཀྱིས་ཁས་བླངས་ཏེ། དེས་དེ་རྟོགས་པར་ཁས་བླངས་པའི་ཕྱིར། གཞན་ཡང་ཀུན་མཁྱེན་ཡེ་ཤེས་ཆོས་ཅན། སྔོན་པོའི་རྣམ་པར་ཤར་བ་སོགས་སུ་ཐལ། དེ་དངོས་སུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ནུས་པ་མིན་ཏེ། དེ་ལ་དེ་རྣམ་མེད་རྗེན་ཆེར་དུ་སྣང་བའི་ཕྱིར། དེ་ཆོས་ཅན། དེ་ལ་དེར་སྣང་བ་ཡིན་ཏེ་ཡོད་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། དོན་འདྲ་བ་ཚད་མ་ལ་དོན་རྟོགས་འབྲས་བུར་གཞག་པ་ནི། གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པའི་ལུགས་ཡིན་ལ། དེའི་ཚེའི་ཁྱབ་པའི་སྒོ་གཅིག་ལས་ཁས་མི་ལེན་ཞིང༌། དོན་དང་འདྲ་བར་འཇོག་པ་ལ་ཁྱད་པར་གསུམ་དང་ལྡན་པ་ཞིག་དགོས་ཏེ། དོན་གྱི་རྣམ་པ་ཤར་བ་དང༌། དོན་སོ་སོར་འབྱེད་ནུས་པ་དང༌། དོན་རྟོགས་པ་དེའི་བདག་ཉིད་དུ་གྱུར་པའོ། །དེ་སྐད་དུ་ཡང༌། འདི་ནི་དོན་དང་འབྲེལ་བྱེད་པ། །དོན་གྱི་ངོ་བོ་ལས་གཞན་མིན། །ཞེས་དང༌། བྱེད་པ་ཡི་ནི་ལས་ངེས་ཏེ། །དེ་ཡི་སྒྲུབ་བྱེད་ཅན་དུ་གྲུབ། །ཅེས་དང༌། བདག་ཉིད་གྱུར་མིན་རྒྱུ་དག་ལས། །ཞེས་གསུངས་སོ། །དེ་ལྟར་ན་ཁྱབ་པའི་སྒོ་གཅིག་པོ་དེ་ཁས་ལེན་པའི་ཚེ། ཕྱི་རོལ་གྱི་དོན་གཞལ་བྱ། ཁྱད་པར་གསུམ་ལྡན་པའི་དོན་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུ་ཞེས་སྦྱར་ན། འཁྲུལ་པ་མེད་པ་ཡིན་ནོ། །གལ་ཏེ་དོན་རིག་མངོན་སུམ་ཆོས་ཅན། དོན་མ་རྟོགས་པར་ཐལ། དེ་དངོས་སུའང་མ་རྟོགས། ཤུགས་ལའང་མ་རྟོགས་པའི་ཕྱིར་ཞེ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པ་རང་མཚན་མ་རྟོག་པར་ཐལ་བ་དང༌། དེ་དེའི་ཤུགས་ཀྱི་བསྒྲུབ་བྱར་ཐལ་ལོ། །ཡང་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་འཛིན་པའི་མིག་ཤེས་ཀྱིས་བྱད་གཟུགས་མ་རྟོགས་པར་ཐལ་ལོ་ཞེས་བྱ་བ་འདི་སྐབས་འདིའོ། །ལུང་རིགས་འཛུམ་ཕྲེང་ལྡན་པའི་འདོད་ལྡན་མ། །རྣམ་དཔྱོད་མཛའ་བའི་སྙིང་གི་ཁྱམས་སུ་འོངས། །ཆོས་འདོད་གྲོགས་པོའི་མིག་གིས་ཅི་ཡང་བླངས། །ལེགས་བཤད་གཏམ་གྱི་སྦྱོར་བ་ངོ་མཚར་ཅན། །བརྒྱ་ཕྲག་དབྱངས་སུ་ལེན་པའི་ལང་ཚོ་མས། །དབྱངས་ཅན་མགྲིན་པའི་དྲིལ་ཆུང་དང་འགྲོགས་ནས། །ལེགས་བཤད་དྲི་ཟའི་རྒྱུད་མངས་འདི་བསྒྲེང་བ། །འབྲས་རྟོག་མཆེད་གསུམ་ཀུན་དགའི་དོན་དུ་བསྔོ། །ཞེས་བྱ་བ་འདིས་ནི་འབྲས་རྟོག་སྤྱི་དང༌། དང་པོའི་རྣམ་གཞག་ལེགས་པར་གྲུབ་པ་ཡིན་ནོ། །འབྲས་རྟོག་གཉིས་པའི་གྲུ་ཆེན་ལ་ཞོན་ནས། མདོ་སེམས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ། །རིངས་པར་སླེབ་འདོད་སྐལ་བཟང་སློབ་མ་དག །ལེགས་བཤད་དེད་དཔོན་གང་འདིར་ཕྱག་བྱོས་ཤིག །ཅེས་མཆོད་པར་བརྗོད་ནས། འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་འཆད་པ་ལ། རང་རིག་ལ་འབྲས་བུར་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད། འབྲས་བུ་དེ་དང་ལྡན་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ། ཕྱི་མ་གཉིས་རྒྱས་པར་བཤད་པའོ། །དང་པོ་ལ་དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་དངོས་སུ་མི་རིག་པའི་རྒྱུ་མཚན་གྱིས། རང་རིག་པར་བསྒྲུབ་པ་དང༌། ཕྱི་རོལ་དོན་གྱི་རྣམ་པ་རིག་པའི་རྒྱུ་མཚན་གྱིས་རང་རིག་པར་སྒྲུབ་པའོ། །དང་པོ་ལ་མདོ་སྡེ་པ་དང༌། སེམས་ཙམ་པ་ཐུན་མོང་གི་རིགས་པ་ལ་བརྟེན་ནས་དོན་སྣང་གི་རྣམ་པར་ཤེས་པས་དོན་རྟོགས་པ་བཀག་ནས་རང་རིག་པར་སྒྲུབ་པ་དང༌། ཐུན་མོང་མིན་པ་སེམས་ཙམ་པའི་རིགས་པས་དེ་བཀག་ནས་དེར་སྒྲུབ་པའོ། །དང་པོ་ནི། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པས། འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པ་ལ་དྲིས་པ། འབྲས་བུའི་རྣམ་པར་རྟོག་པ་དང་པོར། ཕྱི་རོལ་གྱི་དོན་རྟོགས་པ་འབྲས་བུར་འཇོག་ན་དེ་མཚན་གཞི་དེ་གང་ཡིན། གཟུགས་སྒྲ་སོགས་ཀྱི་རྣམ་པ་སོ་སོར་རིག་པའི་མངོན་སུམ་གང་ཡིན་པ་དེ་ཉིད་དོ། །ཞེ་ན། དེས་དོན་རྟོགས་པའི་རྒྱུ་མཚན་ཅི། སྔར་འབྲས་རྟོག་དང་པོར་བཤད་མ་ཐག་པའི་དོན་དང་འདྲ་བ་དེ་ཉིད་དོ་ཞེ་ན། འདི་མི་འཐད་པ་ལ་གཉིས་ཏེ། རྟགས་མ་གྲུབ་པར་བསྟན་པ་དང༌། གྲུབ་ཀྱང་ཁྱབ་པ་འཁྲུལ་པའོ། །དང་པོ་ནི། དོན་སྣང་གི་ཤེས་པ་ཆོས་ཅན། ཁྱོད་ཕྱི་རོལ་གྱི་དོན་དང་འདྲ་བ་ཡིན་ཏེ། ཁྱོད་ལ་སྣང་ཚུལ་དང་ཕྱི་རོལ་གནས་ཚུལ་མི་མཐུན་པའི་ཕྱིར། མི་མཐུན་པ་ཡིན་ཏེ། ཕྱི་རོལ་དོན་གྱི་གནས་ཚུལ་ནི་རྡུལ་ཕྲ་རབ་ཏུ་གནས་ལ། དེ་ལ་སྣང་ཚུལ་ནི་རགས་པ་སྣང་བའི་ཕྱིར་དང༌། སྐབས་འདིར་རྡུལ་ཕྲ་རབ་ཁས་བླངས་ནས་དོན་འདྲ་བ་འགོག་པ་ཡིན་ཏེ། ཇི་སྐད་དུ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་དང༌། རྣམ་པར་ངེས་པ་ལས་ཀྱང་སྐབས་འདིར་ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་ཏུ་གནས་པར་བསྒྲུབ་ཤིང༌། རགས་པར་གནས་པ་ལ་དགག་པ་རྒྱས་པར་མཛད་དོ། །གཉིས་པ་ནི། ཚེ་མ་བྷ་ལི་དང༌། མགྲིན་བཟངས་ལྟ་བུ་འདྲ་བ་ཐམས་ཅད་ཕན་ཚུན་དུ་གཅིག་གིས་གཅིག་རྟོགས་པར་ཧ་ཅང་ཐལ་ལོ། །དེ་སྐད་དུ་ཡང་ཡིན་ཡང་འཁྲུལ་པ་ཅན་ཡིན་པས། ཞེས་དང༌། འདྲ་བ་རྣམས་ནི་ཕན་ཚུན་དུ། །ཞེས་གསུངས་སོ། །དེ་ལ་གཟུགས་འཛིན་གྲངས་མཉམ་པ་ན་རེ། འདྲ་བའི་དོན་ཚེ་མ་གཉིས་པོ་ཕན་ཚུན་དུ་འདྲ་བ་ལྟ་བུ་མིན་གྱི། རྣམ་པ་ཤར་བ་ལ་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དོན་རིག་པའི་སྒྲུབ་བྱེད་དུ་མ་སོང་སྟེ། དོན་གྱི་རྣམ་པ་ཤར་བ་དེ་ནི་རང་རིག་པའི་སྒྲུབ་བྱེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གལ་ཏེ་བློ་འདྲ་དེ་མྱོང་ན། །དེ་ནི་འདྲ་ལས་མྱོང་མ་ཡིན། །ཞེས་དང༌། འདི་དེ་བདག་ཉིད་རིགས་པས་ན། །དོན་གྱིས་ཅི་ཞིག་ཉེ་བར་བསྒྲུབས། །ཞེས་གསུངས་སོ། །དེ་ལ་འདི་སྙམ་དུ། དེ་ལྟར་དོན་རིག་མངོན་སུམ་གྱིས་དོན་རིག་པའི་སྒྲུབ་བྱེད་དྲིས་ནས། འགོག་མཁན་གྱི་རྒོལ་བ་དེ་སེམས་ཙམ་པ་ཡིན་གྱི། མདོ་སྡེ་པ་ལ་སྦྱོར་བ་ནི་ཤིན་ཏུ་མི་རིགས་ཏེ། མདོ་སྡེ་པ་ནི་དོན་རིག་མངོན་སུམ་གྱིས་དོན་རྟོགས་པར་འབད་ནས་བསྒྲུབ་པའི་ཕྱིར་སྙམ་ན། དེ་ཡང་མིན་ཏེ། འདྲ་བ་ཐམས་ཅད་ཕན་ཚུན་དུ། །མྱོང་བ་ཉིད་ནི་ཐོབ་པར་འགྱུར། །ཞེས་པ་ནས་ཉམས་མྱོང་ཉམས་སུ་མྱོང་ངོ་ཞེས། དོན་དེ་བཞིན་དུ་ངེས་མིན་པ། །དེ་ཕྱིར་ཉེས་པ་མེད་ཅེ་ན། །ཞེས་པའི་བར་གྱི་གཞུང་འདི་མདོ་སྡེ་པ་ལ་ངེས་པར་སྦྱོར་དགོས་པའི་ཕྱིར། ཇི་ལྟར་ཞེ་ན། དེས་དེ་མྱོང་མིན་ཞེས་པའང་ཐོབ། །ཅེས་པར་མདོ་སྡེ་པས་རང་རིག་མི་འདོད་པ་དག་ལ་ཐལ་བ་འཕངས་པ་ནི། དོན་སྣང་གི་ཤེས་པས་རང་མི་རིག་ན། ཕྱི་རོལ་དོན་ཡང་མི་རིག་གོ་ཞེས་འཕངས་པ་ལ། གཞན་དག་གིས་ལན་སྨྲས་པ། རང་རིག་པ་མེད་ཀྱང༌། དོན་དང་འདྲ་བ་ལས་མྱོང་བར་འཇོག་གོ་ཞེས་འཆད་པ་ནི། གལ་ཏེ་དེ་དང་འདྲ་བ་ལས། །མྱོང་གཞན་ཅི་ཡོད་ཅེས་འདོད་ན། །ཞེས་པའོ། །དེ་འགོག་པ་ལ་དོན་གྱི་རྣམ་པ་ཤར་བ་ལས། མ་གཏོགས་པའི་འདྲ་བ་མི་སྲིད་པ་དང༌། སྲིད་དུ་ཆུག་ཀྱང་དེ་ལས་དོན་རྟོགས་པར་སྒྲུབ་པའི་ཁྱབ་པ་འཁྲུལ་ལོ་ཞེས་འཆད་པ་ནི། བདག་ཉིད་ཀུན་གྱིས་འདྲ་ན་ནི། །ཞེས་དང༌། འདྲ་བ་ཐམས་ཅད་ཕན་ཚུན་དུ། །ཞེས་པའོ། །འོ་ན་ཐ་སྙད་དུ་དོན་རྟོགས་པའི་སྒྲུབ་བྱེད་མེད་དམ་སྙམ་ན། ཐ་སྙད་དུ་དོན་གྱི་རྣམ་པ་ཤར་བ་དེ། དེའི་སྒྲུབ་བྱེད་ཡིན་ནོ་ཞེས་འཆད་པ་ནི། བྱ་བ་ལས་ཀྱི་རྣམ་གཞག་གི །ཞེས་པ་ནས། ཕྱི་རོལ་དོན་ལ་ཚད་མ་གང༌། །ཞེས་པའི་བར་རོ། །མདོར་ན་སྐབས་འདི་དག་ཏུ་སྤྱིར་དོན་རྟོགས་པའི་ཚད་མ་ཁས་ལེན་པའི་མདོ་སྡེ་པ་དང༌། བྱེ་བྲག་ཏུ་མངོན་སུམ་གྱིས་དོན་རྟོགས་པ་བཀག་པའི་ཕྱིར། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་ལུགས་སོ། །འོ་ན་དོན་རྟོགས་པའི་ཚད་མ་དེ་གང་ཞེ་ན། རྟགས་ལ་བརྟེན་པའི་རྗེས་སུ་དཔག་པས་སོ། །རྟགས་དེ་ཡང་གང་ཞེ་ན། དོན་སྣང་གི་ཤེས་པ་རེ་འགའ་སྐྱེ་བའི་རྟགས་ཀྱིས་གཞི་འགའ་ཞིག་ཏུ་ཕྱི་རོལ་གྱི་དོན་ཡོད་པར་བསྒྲུབ་པའི་གཏན་ཚིགས་སོ། །འོ་ན་རྗེས་དཔག་དེས་ཀྱང་རང་གི་གཟུང་རྣམ་དངོས་སུ་རིག་པའི་ཕྱིར་རང་རིག་མཚན་ཉིད་པ་ཡིན་མོད། ཇི་ལྟར་ན་དོན་རྟོགས་མཚན་ཉིད་པར་འཇོག་ཅེ་ན། ཚུལ་གསུམ་ཚང་བའི་རྟགས་ལས་ཕྱི་དོན་ལྐོག་ན་མོ་གསར་དུ་རྟོགས་པའི་རྒྱུ་མཚན་གྱིས་དེར་འཇོག་གོ །འོ་ན་དོན་རིག་མངོན་སུམ་གྱིས་ཀྱང་ཕྱི་རོལ་གྱི་དོན་རྟོགས་པར་མཚུངས་སོ། །ཞེ་ན། མཚུངས་པ་མིན་ཏེ། མངོན་སུམ་གྱིས་རྟོགས་ན་དངོས་སུ་རྟོགས་དགོས་པ་ལས་དེས་དེའི་རྣམ་པ་ཙམ་དངོས་སུ་རྟོགས་ཀྱི། དོན་དངོས་སུ་རྟོགས་པ་མི་སྲིད་པའི་ཕྱིར་དང༌། རྗེས་དཔག་གི་རྟོགས་ཚུལ་ནི་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པ་དེ་ཡིན་ལ། རྗེས་དཔག་དེས་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་རྟོགས་པ་དང༌། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པའི་ཚུལ་གྱིས་རྟོགས་པ་གཉིས་དོན་གཅིག་ལ་འདུ་བས་སོ། །དེ་ལྟར་ན་རྗེས་དཔག་གིས་དོན་རྟོགས་པ་མཚན་ཉིད་པ་དང༌། མངོན་སུམ་གྱིས་དོན་རྟོགས་པ་བཏགས་པ་བར་འཇོག་པ་སྣ་ཚོགས་གཉིས་མེད་པའི་ལུགས་དང༌། མངོན་སུམ་གྱིས་ཀྱང་དོན་རྟོགས་མཚན་ཉིད་པར་འཇོག་པ་གཟུང་འཛིན་གྲངས་མཉམ་པའི་ལུགས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་ནི། དེས་ན་དོན་སྣང་གི་རྣམ་པར་ཤེས་པའམ། དོན་གྱི་རྣམ་པ་རིག་པའི་མངོན་སུམ་ཆོས་ཅན། རང་རིག་པ་ཁོ་ནར་གྲུབ་སྟེ། ཁྱོད་གང་ལ་ཚད་མར་སོང་བའི་དངོས་པོ་གཅིག་ཡོད་དེ་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར་ཞེས་འཆད་པ་ནི། དེ་ཡི་མྱོང་དེ་བདག་ཉིད་དེ། །ཞེས་པའོ། །འོ་ན་འཇིག་རྟེན་ན་དེས་ཕྱི་རོལ་གྱི་དོན་རིག་པར་གྲགས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེས་དེ་ལ་དེར་ཞེན་པའི་ཕྱིར་ཞེས་འཆད་པ་ནི། དེའི་དངོས་དེ་སྔོ་སོགས་ཕྱིར། །ཞེས་སོགས་སོ། །མདོར་ན། དེ་ཡན་ཆོད་དུ་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་རྟོགས་པ་བཀག་ཀྱང༌། སྤྱིར་དེ་རྟོགས་པའི་ཚད་མ་དང༌། ཕྱི་རོལ་གྱི་དོན་རང་ལྡོག་ནས་བཀག་པ་མེད་དོ། །གཉིས་པ་སེམས་ཙམ་པའི་རིགས་པས་དེ་བཀག་ནས་དེར་སྒྲུབ་པ་ལ། རང་རིག་པར་སྒྲུབ་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། ཕྱི་དོན་མེད་པའི་དམ་བཅའ་བཞག་པ། དེ་ལ་རྩོད་པ་སྤང་བ། དེས་ན་དོན་སྣང་གི་ཤེས་པས་རང་རིག་པ་སྒྲུབ་པའོ། །དང་པོ་ནི། དེ་ཡི་རིག་བྱ་དོན་གཞན་ན། །ཞེས་སོགས་དང༌། གཉིས་པ་ནི། གང་ཚེ་སོགས་དང༌། གསུམ་པ་ནི། དེས་ན་གཞན་རིག་སོགས་སོ། །གཉིས་པ་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་ན་རེ། གཞི་འདིར་ཆོས་ཅན། ཕྱི་རོལ་གྱི་དོན་ཡོད་དེ། དོན་སྣང་གི་ཤེས་པ་ལ་དེའི་རྣམ་པ་སྣང་བའི་ཕྱིར། དེ་འདྲའི་རྣམ་པ་དེ་ཆོས་ཅན། རང་རྒྱུད་ཕྱི་རོལ་གྱི་དོན་སྔོན་དུ་སོང་བ་ཡིན་ཏེ། ཕྱི་རོལ་དོན་གྱི་རྣམ་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་ཡོད་པར་གྲུབ་བོ་ཞེ་ན། དེའི་ལན་ལ་སྤྱིར་བསྟན་པ་ནི། ཕྱི་རོལ་དོན་ནི་མྱོང་གྱུར་ན། །ཞེས་སོགས་སོ། །དེ་བཤད་པ་ལ་གཉིས་ཏེ། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་དང༌། དོན་སྣང་གི་ཤེས་པ་རེས་འགའ་སྐྱེ་བའི་འཐད་པའོ། །དང་པོ་ནི། གཞི་འདིར་ཆོས་ཅན། ཕྱི་རོལ་གྱི་དོན་ཡོད་པ་མིན་ཏེ། དོན་སྣང་གི་ཤེས་པ་ལ་དོན་དུ་སྣང་བ་འདི་ནི། དོན་མིན། དེ་ལ་མི་སྣང་བའི་དོན་ནི། སྣང་རུང་ཚད་མས་མ་དམིགས་པའི་ཕྱིར། དང་པོ་བསྒྲུབ་པ་ནི། དེ་ལ་དེར་སྣང་བ་ཆོས་ཅན། ཤེས་པ་ཡིན་ཏེ། དོན་སྣང་གི་ཤེས་པ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་འཆད་པ་ནི། མཐོང་བའི་ཁྱད་པར་དང་བྲལ་བ། ཞེས་སོགས་སོ། །མདོར་གོང་དུ། སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་པར་རྣམ་རྫུན་པའི་རིགས་པས་ཕྱི་དོན་བཀག་པའོ། །འདིར་ནི་རྣམ་བདེན་པའི་རིགས་པས་ཕྱི་རོལ་གྱི་དོན་བཀག་པའོ། །ཕྱི་རོལ་གྱི་དོན་དང་དོན་རྟོགས་པའི་མངོན་སུམ་མི་སྲིད་པའི་ཕྱིར། བློ་གཅིག་ཉིད་ཚུལ་གཉིས་པ་ཅན་དང༌། འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་གྲུབ་པ་ཡིན་ནོ་ཞེས་འཆད་པ་ནི། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་སོགས་སོ། །གཉིས་པ་ཕྱི་རོལ་དོན་གྱི་རྣམ་པ་རིག་པའི་རྒྱུ་མཚན་གྱིས། རང་རིག་པར་སྒྲུབ་པ་ལ། ཚད་མའི་མདོར་དེའི་ངོ་བོ་ལ་དོན་ངེས། ཞེས་གསུངས་པ་དེའི་དོན་འཆད་པ་ལ་གཉིས་ཏེ། མདོ་སྡེ་པའི་རིགས་པ་ལ་བརྟེན་ནས་དོན་གྱི་རྣམ་པ་རིག་པའི་མངོན་སུམ་ཐམས་ཅད་རང་རིག་པའི་མངོན་སུམ་དུ་བསྒྲུབ། སེམས་ཙམ་པའི་རིགས་པ་ལ་བརྟེན་ནས་དེ་དེར་བསྒྲུབ། དེ་གཉིས་ཀ་ལ་འཇིག་རྟེན་གྱི་གྲགས་པ་དང་འགལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། གང་ཚེ་རྣམ་རིག་ཅེས་སོགས་སོ། །གཉིས་པ་ནི། གང་ཚེ་ཤེས་བྱ་ཞེས་སོགས་སོ། །གསུམ་པ་ནི། གལ་ཏེ་འདི་དག་འདོད་རྣམ་དང༌། །ཞེས་སོགས་སོ། །དེ་དག་གིས་ནི་འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་ལེགས་པར་གྲུབ་པ་ཡིན་ལ། སྐབས་དེ་དག་ཏུ་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་འདི་ལྟ་བུ་ཞིག་བསྟན་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་གཞུང་འགྲེལ་མཐའ་དག་ལས་གསུངས་པ་མེད་ཅིང༌། གཞུང་དེ་དག་སེམས་ཙམ་པ་ཁོ་ནའི་རང་གཞུང་དུ་སྦྱོར་བ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། རྡུལ་ཕྲན་དེ་དག་གང་གིས་ན། །ཞེས་པ་དང༌། དེ་དག་འབྲེལ་བ་ལ་བརྟེན་ནས། །ཞེས་པ་མདོ་སྡེ་པའི་གཞུང་དུ་གསལ་བ་དང༌། སྐྲ་སོགས་ཤེས་པའི་ཐ་དད་བཞིན། །ཞེས་པ་རྣམ་རྫུན་པ་དང༌། སྔོན་པོར་སྣང་བ་མཐོང་བ་ན། །ཞེས་རྣམ་བདེན་པའི་གཞུང་དུ་གསལ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་དེ་དང་ལྡན་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་ལ་གཉིས་ཏེ། ཕྱི་དོན་ཁས་བླངས་ནས་རང་རིག་པའི་མངོན་སུམ་འབྲས་བུར་འཇོག་པ་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་དང༌། དེ་བཀག་ནས་རང་རིག་པའི་མངོན་སུམ་འབྲས་བུར་འཇོག་པ་སེམས་ཙམ་པའི་ལུགས་ཀྱི་ཚད་མ་དང་འབྲས་བུ་གཞལ་བྱ་གསུམ་གྱི་རྣམ་པར་བཞག་པའོ། །དང་པོ་ལ་རང་གི་ལུགས་གཞག གཞན་གྱིས་བཏགས་པ་མི་འཐད་པའོ། །དང་པོ་ལ། རྣམ་གཞག་ངོས་བཟུང༌། དེ་ཉིད་གཞུང་དང་སྦྱར་བའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ལྐོག་ན་མོ་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་འབྲས་བུའོ། །འོ་ན་འདིར། ཕྱི་དོན་ལྐོག་ན་མོ་ཡིན་པར་གང་གིས་གྲུབ་ཅེ་ན། དེ་གཞལ་བྱར་ནི་བཤད་ལ་དོན་རིག་མངོན་སུམ་ལ་དངོས་སུ་མི་སྣང་བར་བཤད་པའི་ཕྱིར། འདིར་ཚད་མར་འཇོག་རྒྱུའི་གཟུང་རྣམ་ནི་ཕྱི་རོལ་དོན་དུ་སྣང་བའི་ཤེས་པ་ལ་འདོད་པ་ཡིན་གྱི། དེར་སྣང་ཙམ་གྱི་ལྡོག་པ་ལ་བྱ་བ་མ་ཡིན་ཏེ། དེ་འདྲ་དེ་ནི་སྐབས་དེའི་ཚད་མ་དང་འབྲས་བུ་གཉིས་ཀའི་སོང་ཚོད་ཀྱི་གཞལ་བྱ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཕྱི་རོལ་གཞལ་བྱ་ལ་རང་རིག་པ་འབྲས་བུར་བསྒྲུབ་བྱེད་ཀྱི་རིགས་པ་བཤད། རང་རིག་པ་འབྲས་བུ་ལ་གཟུང་རྣམ་ཚད་མར་སྒྲུབ་བྱེད་ཀྱི་རིགས་པ་བཤད། དོན་གྱི་རྣམ་པ་རིག་པའི་མངོན་སུམ་ལ་ཕྱི་རོལ་གྱི་དོན་མི་སྣང་ཡང་ཕྱི་དོན་གཞལ་བྱར་སྒྲུབ་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་སོགས་སོ། །གཉིས་པ་ནི། གང་ཕྱིར་ཇི་ལྟར་འདི་རང་བཞིན། །ཞེས་སོགས་སོ། །དེ་ལ་རྩོད་པ་གཉིས་འབྱུང་སྟེ། ཚད་འབྲས་གཉིས་ཡུལ་རྫས་གཞན་ལ་འཇུག་པར་ཐལ་བ་དང༌། འབྲས་རྟོག་དང་པོ་དང་འགལ་བའི་རྩོད་པའོ། །དང་པོ་ལ་ནི། དོན་འཇོག་དེའི་བདག་ཉིད་ཕྱིར། །ཞེས་སོགས་སོ། །གཉིས་པ་ནི། རང་གི་ངོ་བོ་དཔྱོད་པ་ན། །ཞེས་སོགས་སོ། །གསུམ་པ་ནི། དེ་དང་འདྲ་བ་བའང་གཞན་འདྲའང་རུང༌། །ཞེས་སོགས་སོ། །གཉིས་པ་གཞན་གྱིས་བཏགས་པའི་མཐའ་བཀག་པ་ལ། དར་ཊཱིཀ་པ་རྗེས་འབྲངས་དང་བཅས་པ་ན་རེ། ཚད་འབྲས་དངོས་ནི། སྔོན་པོ་གཞལ་བྱ་རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་འབྲས་བུ་ཞེས་བྱའོ། །འདི་རྣམ་རིག་པ་ཁོ་ནའི་ལུགས་ཡིན་གྱི། མདོ་སྡེ་པ་ལ་སྦྱོར་བ་ནི། འགྲེལ་བཤད་བྱེད་པ་སུ་གང་གིའང་ལུགས་མ་ཡིན་ཏེ། སློབ་དཔོན་ལྷ་དབང་བློས། དོན་མེད་པ་ལ་འབྲས་བུའི་རྣམ་པར་རྟོག་པ་འདི་ནི་གཅིག་ཡིན་ནོ་ཞེས་དང༌། རྣམ་གཞག་གསུམ་པ་ལས་དེ་ལྟར་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་སོགས་གསུངས་པ་ལྟར་རོ། །ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་སོགས་ཀྱི་དོན་ཡང་མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་གཞལ་བྱར་བྱེད་པའི་ཚེ་ཡང་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པ་འབྲས་བུ་ཡིན་གྱི། དོན་གཞན་རིག་པ་འབྲས་བུ་མི་རིགས་ཞེས་པའོ། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ་ཡང་རང་ལུགས་ལ་ཕྱི་རོལ་གྱི་དོན་གཞལ་བྱར་བསྒྲུབ་བཞེད་པ་མ་ཡིན་ཏེ། མདོ་སྡེ་པ་ལ་ཁས་བླངས་ནང་འགལ་བསྟན་པའི་ཆེད་དུ་ཡིན་པའི་ཕྱིར། ཇི་ལྟར་ཡིན་ན། སྔོན་འཛིན་དབང་པོའི་ཤེས་པ་ཆོས་ཅན་དོན་སྔོན་པོ་དེ་ཁྱོད་ཀྱི་རྒྱུ་ཡིན་པས་གཞལ་བྱ་ཉིད་དུ་འདོད་རིགས་པར་ཐལ། འདྲ་བར་སྐྱེད་བྱེད་གཞལ་བྱའི་མཚན་ཉིད་གང་ཞིག ཕྱི་རོལ་དོན་དང་འདྲ་བ་མི་སྲིད་པའི་ཕྱིར། འདོད་ན་དབང་པོ་དང་ཡིད་བྱེད་ཀྱང་གཞལ་བྱར་ཐལ་ཞེས་པའོ། །འདི་ཡང་སློབ་དཔོན་ཆོས་མཆོག་གིས་དགོངས་པ་ཡིན་ཏེ། ཇི་སྐད་དུ། འཐད་ལྡན་ལས། གང་གིས་ཕྱི་དོན་རྒྱུ་ཡིན་པ་དེའི་ཕྱིར་དོན་དེ་གཞལ་བྱ་ཡིན་པར་འདོད་པར་འགྱུར་རོ། །དགོངས་པ་ནི་འདི་ཡིན་ཏེ། འདྲ་བར་ངེས་པ་ནི་གཉིས་ཀ་མཐོང་བ་ལ་རག་ལས་པ་ཡིན་ལ། རྣམ་པ་དང་བཅས་པའི་ཕྱོགས་ལ། དོན་ནི་སྔར་གང་གིས་ཀྱང་མཐོང་བ་ཡིན་དེ་ཇི་ལྟར་འདྲ་བར་བརྟག་ཅེས་གསུངས་སོ། །ཞེས་སྨྲ་བར་བྱེད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། རྣམ་གཞག་དེ་ཉིད་རང་བཟོ་ཁོ་ན་ཡིན་པར་བསྟན། དེ་ལྟར་འཆད་པ་གཞུང་དང་མི་འབྱོར་བའི་ཚུལ། འགྲེལ་བཤད་བྱེད་པའི་དགོངས་པ་མིན་པའི་ཚུལ་བཤད་པའོ། །དང་པོ་ལ། གཞལ་བྱ་མི་འཐད་པ་དང༌། ཚད་མ་མི་འཐད་པ་དང༌། འབྲས་བུ་མི་འཐད་པའོ། །དང་པོ་ལ། ཁས་བླངས་ནང་འགལ་བས་མི་འཐད་པ་དང༌། རིགས་པས་མི་འཐད་པའོ། །དང་པོ་ནི། ཁྱོད་ལྟར་ན་ཚད་འབྲས་འདིའི་གཞལ་བྱ་སྟོན་བྱེད་ཀྱི་གཞུང་མེད་དོ། །གལ་ཏེ། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པས་བསྟན་ནོ་ཞེ་ན། གཞུང་དེས་ཕྱི་རོལ་གྱི་དོན་མེད་པར་བསྟན་པར་མིན་ནམ། དེ་ལྟར་སྟོན་པའི་གཞུང་གིས་སྔོན་པོ་གཞལ་བྱར་སྟོན་པ་ཇི་ལྟར་འབྲེལ། གལ་ཏེ་ཕྱི་རོལ་གཞལ་བྱ་ལའང༌། །ཞེས་པ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་གཞལ་བྱར་བསྟན་པ་ཡིན་ནོ་ཞེ་ན། འོ་ན་མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་ཆོས་ཅན། རང་འཛིན་མངོན་སུམ་གྱི་སྔ་ལོགས་ན་ཡོད་པར་ཐལ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་ཡིན་པའི་ཕྱིར། འདོད་ན། རང་འཛིན་མངོན་སུམ་དང་ལྷན་ཅིག་དམིགས་ངེས་ཡིན་པ་ཉམས་ཤིང༌། ཁྱབ་པ་མེད་ན་རང་འཛིན་མངོན་སུམ་དང་དུས་མཉམ་པའི་སྔོན་པོ་ཡང་ཡིན། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་འགྱུར་ལ། དེ་ལྟར་ན། མདོ་སྡེ་པས་སྔོན་པོ་དང་རང་འཛིན་མངོན་སུམ་དུས་མཉམ་དུ་ཁས་ལེན་པར་འགྱུར་རོ། །གཞན་ཡང་མདོ་སྡེ་པའི་ཐུན་མོང་མིན་པའི་ཚད་འབྲས་ཀྱི་རྣམ་གཞག་འཇོག་པ་ན། སེམས་ཙམ་པས་ཤེས་པའི་བདག་ཉིད་དུ་འདོད་པའི་སྔོན་པོ་གཞལ་བྱར་བྱེད་རིགས་པར་ཐལ། སེམས་ཙམ་པའི་ཐུན་མོང་མིན་པའི་དེ་འཇོག་པ་ན་མདོ་སྡེ་པས་དེར་འདོད་པའི་དེ་གཞལ་བྱར་བྱེད་རིགས་པའི་ཕྱིར། འདོད་ན་སེམས་ཙམ་པས་དེར་འདོད་པའི་སྔོན་པོ་ཆོས་ཅན། དེའི་གཞལ་བྱར་བྱེད་མི་རིགས་པར་ཐལ། རང་འཛིན་མངོན་སུམ་དང་དུས་མཉམ་ཡིན་པའི་ཕྱིར། རྟགས་ཁས་བླངས། མ་ཁྱབ་ན་མདོ་སྡེ་པས་རང་རིག་མངོན་སུམ་གྱིས་དོན་རྣམ་མེད་ཐུག་ཕྲད་དུ་འཛིན་པ་ཁས་ལེན་པར་ཐལ། མདོ་སྡེ་པས་ཐུན་མོང་མིན་པའི་འབྲས་རྟོག་དང་པོའི་སྐབས་ཀྱི་གཞལ་བྱ་ཡང་ཡིན། རང་འཛིན་མངོན་སུམ་དང་དུས་མཉམ་པ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། གཉིས་པ་རིགས་པས་མི་འཐད་པ་ནི། སྔོན་པོ་ཤེས་པའི་བདག་ཉིད་དུ་ཁས་ལེན་ན་རྣལ་འབྱོར་པས་གཞན་རྒྱུད་ཀྱི་སྡུག་བསྔལ་མྱོང་བར་ཐལ་བ་དང༌། ངན་སོང་པས་མཐོ་རིས་ཀྱི་བདེ་བ་མྱོང་བར་འགྱུར། མཐོ་རིས་པས་ངན་སོང་གི་སྡུག་བསྔལ་མྱོང་བར་ཐལ་བ་དང༌། སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཡོད་པར་ཐལ་བ་དང༌། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བསྡུས་པའི་སེམས་ཅན་ཡོད་པ་ལ་སོགས་པར་ཧ་ཅང་ཐལ་བར་འགྱུར་ཏེ། གཏན་ཚིགས་གོ་རིམ་བཞིན་དུ། རྣལ་འབྱོར་མངོན་སུམ་གྱིས་དམྱལ་བ་པའི་སྡུག་བསྔལ་ལ་དམིགས་པའི་ཚེ། དེའི་ཡུལ་དུ་གྱུར་པའི་སྡུག་བསྔལ་དེ་རྣལ་འབྱོར་མངོན་སུམ་གྱི་བདག་ཉིད་ཡིན་པ་ལ་སོགས་པའི་ཕྱིར། ཁྱབ་པ་ཡོད་དེ། རང་གི་བདག་གྱུར་དེ་མྱོང་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཚད་མ་མི་འཐད་པ་ནི། རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མར་འཇོག་པ་མི་འཐད་དེ། དེ་ལྟར་སྟོན་པའི་གཞུང་མེད་པའི་ཕྱིར་དང༌། མདོ་སྡེ་པས་དངོས་ཀྱི་མ་ངེས་པ་ཐེངས་པའི་ཕྱིར་དང༌། གལ་ཏེ་མི་ཐེངས་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར། དང་པོ་ནི། དེ་ལྟར་སྟོན་པའི་ལུང་མེད་དེ། གལ་ཏེ་ཡོད་ན་དེ་ཚེ་དོན་སྣང་འདི་ཉིད་ནི། ཚད་ཡིན། ཞེས་པའི་གཞུང་གིས་བསྟན་དགོས་པ་ལས་དེས་དེ་ལྟར་བསྟན་པ་མེད་པའི་ཕྱིར་ཏེ། རྣམ་པ་ཤར་བ་ཙམ་བསྟན་དུ་ཆུག་ཀྱང་སྔོན་པོ་ལ་གསར་དུ་མི་བསླུ་བ་གཞུང་དེས་བསྟན་ན་གཞུང་གོང་མ་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན། སྔོན་པོ་ལ་ལྟ་བའི་དགྲའི་མིག་ཤེས་དང་གཉེན་གྱི་མིག་ཤེས་གཉིས་ཀ་ཆོས་ཅན། སྔོན་པོ་ལ་གསར་དུ་མི་བསླུ་བའི་ཤེས་པར་ཐལ། སྔོན་པོ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་རྟགས་ཁས་བླངས། འདོད་ན་འགལ་བ་ལ་མི་འཁྲུལ་པའི་ཚད་མ་ཡོད་པར་ཐལ་ལོ། །གཉིས་པ་ནི། ཁྱེད་ཀྱི་ཚད་འབྲས་དེ་ལ་ཁྱེད་རང་ལྟར་ན། མདོ་སྡེ་པས་དངོས་སྐྱོན་ཐེངས་པ་ཡིན་ཏེ། འདི་ལྟར་མདོ་སྡེ་པ་ན་རེ། སྔོ་འཛིན་དབང་སྔོན་ཆོས་ཅན། ཤེས་པ་རང་གི་བདག་ཉིད་དུ་གྲུབ་པའི་སྔོན་པོ་རྟོགས་པའི་ཚད་མར་ཐལ། རང་ཡུལ་གྱི་རྣམ་པ་ཤར་ནས་སྔོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འཇུག་པས་སོ། །གསུམ་པ་ནི། འབྲས་བུ་ལ་ཤེས་པ་རང་གི་བདག་ཉིད་དུ་གྱུར་པ་ཞེས་སྦྱོར་བ་བཞིན་དུ་ཚད་མ་ལ་ཡང་སྦྱོར་བས་སྐྱོན་འདི་མི་འཇུག་གོ་ཞེ་ན། དེ་ལྟ་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ཏེ། ཤེས་པའི་བདག་ཉིད་དུ་གྱུར་བའི་སྔོན་པོ་རྟོགས་པའི་སྒྲུབ་བྱེད་ཏུ་དེ་གསར་དུ་རྟོགས་པ་ཉིད་བཀོད་པའི་ཕྱིར་རོ། །གལ་ཏེ་མི་བསླུ་བའི་དོན་རྟོགས་པ་ལ་མི་བྱེད་ཀྱི། ཐོབ་པ་ལ་བྱེད་དོ་ཞེ་ན། ཁྱེད་རང་གི་རྩ་བའི་དམ་བཅའ་ཉམས་པར་མ་ཟད། མ་ངེས་པ་འདི་ལྟར། བཻ་ཌཱུརྻའི་ཁ་དོག་སེར་པོར་སྣང་བའི་མིག་ཤེས་ཆོས་ཅན། འབྲས་བུ་དེར་ཐལ། ཚད་མ་དེའི་ཕྱིར་རོ། །གསུམ་པ་འབྲས་བུ་མི་འཐད་པ་ནི། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་སྐབས་འདིའི་འབྲས་བུར་འཆད་པ་མི་རིགས་ཏེ། དེ་ལྟར་སྟོན་པའི་གཞུང་མེད་པའི་ཕྱིར། གལ་ཏེ་རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་དང༌། རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་པའི་གཞུང་གིས་དེ་ཉིད་བསྟན་པ་ཡིན་ནོ་ཞེས་ན། འོ་ན། ཡང་ན་རང་རིག་འདིར་འབྲས་བུ། །ཞེས་པའི་གཞུང་གིས་ཀྱང་སྔ་མ་དེ་འབྲས་བུ་ཉིད་དུ་བསྟན་པར་ཐལ། གཞུང་དེས་དེ་བསྟན་པ་གང་ཞིག་གཞུང་དེ་དག་དང་མདོ་དེ་བསྟན་བྱའི་དོན་གཅིག་ལ་འཇུག་པའི་ཕྱིར། དེ་ལྟ་མིན་ན་འབྲས་རྟོག་གསུམ་པར་གྲགས་ལ་འདིའི་འབྲས་བུ་འཆད་བྱེད་ཀྱི་ཚད་མའི་མདོ་གང་ན་ཡོད་ཁྱེད་ཀྱིས་བཙལ་དགོས་པ་ཡིན་ནོ། །གཉིས་པ་གཞུང་དང་མི་འབྱོར་བའི་ཚུལ་ནི། འདི་ལྟར་རང་ཉིད་ཉམས་མྱོང་འབྲས་ཡིན་རིགས། །ཞེས་པ་ཡན་ཆད་དུ། མདོ་སྡེ་པས་ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་གཞལ་བྱ་ལ་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པའི་ཚད་མ་འབྲས་བུར་བཞག་པ་ཡིན་ན། འོ་ན་འཛིན་རྣམ་ཚད་མར་འགྱུར་རོ་སྙམ་པའི་དོགས་པ་སྐྱེ་བའི་གཞི་དང༌། རྣམ་གཞག་འདིའི་ཚད་འབྲས་གཉིས་ཡུལ་སོ་སོ་ཁོ་ན་ལ་འཇུག་པར་འགྱུར་རོ་སྙམ་པའི་དོགས་པ་དང༌། འབྲས་རྟོག་དང་པོ་དང༌། ཚད་མ་དང་གཞལ་བྱ་མཚུངས་པ་ལ་འབྲས་བུ་མི་འདྲ་བར་འཇོག་པའི་རྒྱུ་མཚན་ཅི་ཡིན་སྙམ་པའི་དོགས་པ་གསུམ་འབྱུང་བའི་གཞི་མེད་དོ། །དེའི་ཚུལ་ཡང་འདི་ལྟར་འཛིན་རྣམ་ཚད་མར་ཐལ་བའི་དོགས་པ་མི་འབྱུང་སྟེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རྟོགས་པའི་ཚད་མ་དེ་རང་རིག་པའི་ཤེས་པ་མཚན་ཉིད་པ་མིན་པའི་ཕྱིར། སྐབས་འདི་ནས་བསྟན་པའི་རང་རིག་དེ་དོན་ལ་གཞན་རིག་ཏུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། ཕྱི་རོལ་ལ། །འཛིན་བདག་ལྟོས་པར་བྱ་བ་མིན། །ཞེས་བྱ་བའི་གཞུང་དང་ཡང་མི་འགྲིག་སྟེ། སྐབས་འདིར་ཕྱི་དོན་གཞལ་བྱར་མི་འཇོག་པའི་ཕྱིར། ཡང་དོགས་པ་གཉིས་པ་སྐྱེ་བའི་གཞི་མེད་དེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་རིག་པའི་ཚད་མ་དང༌། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བའི་རིག་པ་གཉིས་ཡུལ་སོ་སོ་ལ་འཇུག་གམ་སྙམ་པའི་དོགས་པ་གྲུབ་མཐའ་ལ་ཞུགས་པ་སུ་ལའང་མི་འབྱུང་བའི་ཕྱིར། ཡང་རང་རིག་ཡིན་ཡང་དོན་རིགས་འདོད། །ཅེས་པའི་དོན་རིག་དེ་རྗེས་ཀྱི་རྟོག་པ་ལོག་ཤེས་ལ་སྦྱོར་བ་མི་འཐད་དེ། དེ་འཐད་ན། དེ་ཚེ་དོན་སྣང་འདི་ཉིད་ནི། །ཚད་ཡིན་ཞེས་པའི་ཚད་མ་དེ་ཡང་རྟོག་པ་ལོག་ཤེས་ཀྱི་ངོར་ཚད་མ་ཡིན་པ་ལ་སྦྱོར་དགོས་པར་འགྱུར་བས་སོ། །དོགས་པ་གསུམ་པ་ཡང་སྐྱེ་བའི་གཞི་མེད་དེ། དེ་ལྟ་བུའི་དོགས་པ་སྐྱེ་བའི་གཞི་གོང་དུ་ཁེགས་ཟིན་པའི་ཕྱིར་ཏེ། གཞལ་བྱ་དེ་ཤེས་པའི་བདག་ཉིད་ཡིན་པར་གོང་དུ་བསྒྲུབ་ཟིན་པའི་ཕྱིར། གཞལ་ཡང་མདོ་སྡེ་པས། ཕྱི་རོལ་དོན་དུ་འདོད་པའི་སྔོན་པོ་ཆོས་ཅན། ཤེས་པ་ཡིན་པར་ཐལ། མངོན་སུམ་གྱིས་ཉམས་སུ་མྱོང་བྱ་ཡིན་པའི་ཕྱིར་ཏེ། རྟགས་ནི་ཉམས་མྱོང་འབྲས་ཡིན་རིགས། །ཞེས་དང༌། ཁྱབ་པ་ནི། མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་པར་ཁྱོད་ཀྱི་ཁས་བླངས་སོ། །ཡང་དེ་དང་འདྲ་བའམ་གཞན་འདྲ་རུང༌། །ཞེས་སོགས་ཀྱི་གཞུང་དོན་འཆད་ཚུལ་ཁྱེད་ཀྱི་དེ་ལྟ་ཡིན་ན་གཞུང་ཤླཽ་ཀ་གཅིག་པོ་དེ། འབྲས་རྟོག་གསུམ་པོ་ལ་བལྟོས་པའི་ཕྱོགས་སྔའི་གཞུང་ཡིན་པར་འགྱུར་ལ། དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། དེ་ལྟར་འཆད་པའི་འགྲེལ་པ་མཁན་པོ་སུ་ཡང་མེད་པའི་ཕྱིར་དང༌། སློབ་དཔོན་ཆོས་མཆོག་གི་བཞེད་པ་ཡང་ཁྱེད་འདོད་པ་དེ་མིན་པར་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཕྱིར། གསུམ་པ་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། འབྲས་བུའི་རྣམ་པར་རྟོག་པ་འདི་མདོ་སྡེ་པ་ལ་སྦྱོར་བ་འགྲེལ་བཤད་བྱེད་པ་སུའི་ཡང་ལུགས་མིན་ནོ་ཞེས་ཟེར་བ་ནི། ལྷ་ཤཱཀ་གཉིས་དང་ཆོས་མཆོག་དང༌། རྒྱལ་དབང་བློ་རྣམས་ཀྱི་འགྲེལ་པ་དེ་དག་མ་གཟིགས་བཞིན་དུ་སྨྲས་པའམ། ཡང་ན་མཐོང་བཞིན་དུ་ལོག་པར་འཆད་པ་ཁོ་ན་ཡིན་ཏེ། འགྲེལ་པ་དེ་དང་དེ་དག་ན། ཕྱི་དོན་གཞལ་བྱ་ཡིན་པ་ཚད་སྒྲུབ་ཏུ་བྱེད་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། ཤེས་བྱ་ནང་གིར་སྨྲ་བ་རྣམས་སྐབས་འདིའི་ཕྱོགས་སྔ་སྨྲ་བ་ཡིན་པར་འགྲེལ་པ་དེ་དག་རྣམས་ལས་ཤིན་ཏུ་གསལ་བའི་ཕྱིར། གཉིས་པ་ལ། ལྷ་དབང་བློའི་བཞེད་པ་མིན་པར་བསྟན། ཆོས་མཆོག་གི་བཞེད་པ་མིན་པར་བསྟན། རྒྱན་མཁན་པོའི་བཞེད་པ་མིན་པར་བསྟན། མདོའི་རང་འགྲེལ་དང་འགལ་བར་བསྟན་པའོ། །དང་པོ་ནི། སློབ་དཔོན་ལ་ལྷ་དབང་བློས། ཕྱི་དོན་བཀག་པའི་ཚད་འབྲས་ལ་གཉིས་སུ་འབྱེད་པར་བཞེད་པ་མིན་ཏེ། འབྲས་བུའི་རྣམ་པར་རྟོག་པ་གཅིག་ཡིན་ནོ་ཞེས་བཤད་པ་དེ་ནི་སྔར་ཕྱི་རོལ་གྱི་དོན་ཁས་བླངས་པའི་འབྲས་རྟོག་དང་པོ་ལ་ལྟོས་ཏེ་དེ་དང་མི་འདྲ་བ་གཞན་གཅིག་ཡིན་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་དང༌། འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་བཤད་པ་ཡིན་ནོ་ཞེས་གསུངས་པ་དེ་ནི། གང་ཚེ་ཤེས་བྱ་དོན་དུ་ནི། །ཞེས་སོགས་ཀྱི་འགྲེལ་པར་བྱུང་བ་ཡིན་ལ། དེའི་དོན་ནི་ཚད་མའི་མདོར་འབྲས་བུའི་རྣམ་པར་རྟོག་པ་གཉིས་ལས་གསུངས་པ་མེད་ལ། དེའི་ནང་གི་གཉིས་པ་དེ་རྣམ་འགྲེལ་མཛད་པའི་གཞུང་འདིས་བསྟན་ཞེས་བྱ་བའི་ཐ་སྙད་ཀྱི་ཚིག་ཡིན་པའི་ཕྱིར། ཡང་ལྷ་དབང་བློའི་འགྲེལ་ཚིག་དེས་འབྲས་རྟོག་གསུམ་པར་གྲགས་པ་འདི་སེམས་ཙམ་པ་ལ་སྦྱོར་བ་ལ་ཅི་ཡང་ཕན་པ་མིན་ཏེ། དྲངས་མ་ཐག་པའི་འགྲེལ་ཚིག་དེ་ནི། དོན་རིག་པར་ནི་འགྱུར་བ་ཡིན། །ཞེས་པའི་གཞུང་རྫོགས་མཚམས་དེར་འབྱུང་ལ། ཁྱེད་ཀྱིས་ནི་གཞུང་དེ་དག་འབྲས་རྟོག་གཉིས་པའི་གཞུང་ཁོ་ནར་འདོད་ཀྱི། འབྲས་རྟོག་གསུམ་པའི་འབྲས་བུ་སྟོན་བྱེད་དུ་མི་འདོད་པའི་ཕྱིར་དང༌། དོན་རིག་དེ་བདག་ཉིད་ཕྱིར་རོ། །ཞེས་པའི་ལྷ་དབང་བློར། འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་བཤད་ཟིན་ཞེས་འབྱུང་ལ། དེའི་གསུམ་པ་དེ་ཡང་གང་ཡིན་ཁྱེད་ཀྱིས་སྨྲ་དགོས་པའི་ཕྱིར། ཅི་སྟེ་འབྲས་རྟོག་གསུམ་གྱི་ཟླས་ཕྱེ་བའི་གསུམ་པ་ལ་འཆད་དོ་ཞེ་ན། སྔ་མ་དེ་ཡང་གསུམ་གྱི་ཟླས་ཕྱེ་བའི་གཉིས་པ་ལས་འོས་མེད་པས་ཁྱེད་ཀྱི་ཁུངས་སུ་ཇི་ལྟར་རུང༌། ཡང་ལ་ལ་ན་རེ། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པའི་ལྷ་དབང་བློར། དེ་ཡང་གཞན་མི་འདོད་མོད་ཀྱི། གཞན་དགག་པར་བཞེད་ནས་བསྟན་པ་ཡིན་ནོ་ཞེས་བཤད་པས། ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་དེ་འབྲས་རྟོག་འདིའི་རང་ལུགས་མིན་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་ནི་སློབ་དཔོན་དེའི་ལུགས་མིན་ཏེ། སློབ་དཔོན་དེས་གོང་དུ་ཕྱི་རོལ་གྱི་དོན་གཞལ་བྱ་ཡིན་པ་སྒྲ་ཇི་བཞིན་དུ་ཞལ་གྱིས་བཞེས་པའི་ཕྱིར། འོ་ན་འགྲེལ་པ་དེའི་དོན་ཅི་ཞེ་ན། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ། གཞན་རྣམ་འགྲེལ་མཛད་པས་རང་དགར་བཞེད་པ་མིན་གྱི། གཞན་མདོ་སྡེ་པ་དགག་པར་བཞེད་ནས་དེ་སྐད་དུ་བསྟན་པ་ཡིན་ནོ། །ཞེས་པའོ། །འགོག་བྱེད་ཀྱི་རིགས་པ་དེ་ཡང་གང་ཞེ་ན། དོན་དངོས་མེད་པར་སྣང་ཅན་དེ། །ཇི་ལྟར་དོན་འཛིན་ཞེ་ན། ཞེས་པ་ལ་བདེན་ལེན་བྱིན་པ་ངེས་སོ། །མདོར་ན་དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ་དང༌། དེ་འདྲ་ངས་ཀྱང་མི་ཤེས་སོ། །ཞེས་པ་གཉིས་འགལ་ལོ་སྙམ་པའི་དོགས་པ་སྤོང་བ་ལ་འགྲེལ་པ་དེ་གསུངས་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་འདིའི་དགོངས་པ་ནི། སེམས་ཙམ་པ་ཚད་འབྲས་འདིའི་ཕྱོགས་སྔ་སྨྲ་བ་པོར་བཞེད་པ་ཡིན་ཏེ། དེ་ཚེ་དོན་སྣང་འདི་ཉིད་ནི། །ཞེས་པའི་སྔ་འགྲེལ་དུ་རང་རིག་པ་འབྲས་བུ་ལ་འཛིན་པའི་རྣམ་པ་ཚད་མར་འགྱུར་རོ་ཞེས་ནང་གིར་སྨྲ་བའི་ཕྱོགས་ཀྱི་དོགས་པ་བསལ་བའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་མཆོག་གི་དགོངས་པ་མིན་པ་ནི། དོན་ནི་གཞལ་བྱ་ཉིད་དུ་འདོད། །ཅེས་པ་འབྲས་རྟོག་གསུམ་པ་ལ་བལྟོས་པའི་ཕྱོགས་སྔ་མར་འཆད་པ་སློབ་དཔོན་དེའི་དགོངས་པ་མིན་ཏེ། སློབ་དཔོན་དེས་ཚད་འབྲས་འདིའི་རྣམ་གཞག་འཆད་པ་ན་ཕྱི་རོལ་གྱི་དོན་གཞལ་བྱ་གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུ་ཞེས་གསུངས་པའི་ཕྱིར། སྔར་དྲངས་པའི་ཆོས་མཆོག་གི་འགྲེལ་པ་དེའི་བསམ་པ་ནི་འདི་ཡིན་ཏེ། མདོ་སྡེ་པ་རང་ལུགས་ལ་ཕྱི་རོལ་གྱི་དོན་དེ་དོན་སྣང་མངོན་སུམ་གྱི་གཞལ་བྱ་ཡིན་པའི་བསྒྲུབ་བྱེད་མཐར་ཐུག་པ་ནི། དེའི་རྒྱུ་ཡིན་པ་ལ་ཐུག་པ་ཡིན་ཏེ། འདྲ་བ་ནི་དེའི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར། མི་རུང་བ་ཡིན་ཏེ། འདྲ་བར་ཤེས་པ་ལ་གཉིས་ཀ་མཐོང་དགོས་པ་ལས་ཕྱི་རོལ་གྱི་དོན་མཐོང་བའི་དབང་ཤེས་མི་སྲིད་པའི་ཕྱིར་ཞེས་པའོ། །དེ་སྐད་དུ་ཡང༌། དོན་ནི་སྔར་མཐོང་ཡོད་མིན་པས། །ཇི་ལྟར་དེ་ནི་མཐོང་བ་དང༌། །འདྲ་བ་ཡིན་པར་དེས་ངེས་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། །གསུམ་པ་ནི། འདི་དེ་ལ་སྦྱོར་བ་རྒྱན་མཛད་པའི་བཞེད་པ་མིན་ཏེ། སློབ་དཔོན་དེས་ཇི་སྐད་དུ། མ་རྟགས་ཅུང་ཟད་བརྟགས་སོགས་ཀྱི། །དབྱེ་བས་ཐ་སྙད་འདི་རྣམ་གསུམ། །ཞེས་ཕྱི་དོན་གཞལ་བྱ་ལ་དོན་རིག་འབྲས་བུ་གཞག་པ་དེ་མ་རྟགས་པའི་རྣམ་གཞག་དང༌། ཕྱི་དོན་གཞལ་བྱ་ལ་རང་རིག་པ་འབྲས་བུར་བྱས་པ་དེ་ཅུང་ཟད་དཔྱད་པའི་རྣམ་གཞག་དང༌། ཕྱི་དོན་བཀག་ནས་གཟུང་རྣམ་གཞལ་བྱར་བྱས་པའི་རྣམ་གཞག་དེ། ཤིན་ཏུ་དཔྱད་པའི་རྣམ་གཞག་གི་དབང་དུ་བྱས་པར་གསུངས་པའི་ཕྱིར་རོ། །བཞི་པ་ནི། འདིར་ཕྱི་རོལ་གྱི་དོན་གཞལ་བྱར་ཁས་མི་ལེན་ན་ཚད་མའི་མདོ་དང་འགལ་ཏེ། ཇི་སྐད་དུ། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེའི་ཚེ། ཡུལ་དུ་སྣང་བ་ཉིད་དེ་འདི། །ཚད་མ་ཞེས་གསུངས་པས་སོ། །མདོར་ན་འབྲས་རྟོག་གསུམ་པར་གྲགས་པ་འདི། སྤྱིར་སེམས་ཙམ་པ་ལ་སྦྱོར་བ་དང༌། བྱེ་བྲག་ཏུ་རྣམ་རྫུན་པ་ལ་སྦྱོར་བ་དང༌། མདོ་སེམས་ཐུན་མོང་དུ་སྦྱོར་བ་དང༌། གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མིན་ནོ་ཞེས་སྨྲ་བ་དེ་དག་ནི། ཚད་ལྡན་གྱི་གཞུང་འགྲེལ་ལ་རྣམ་པར་མ་བརྟགས་པ་ཡིན་པ་ཁོ་ནར་མ་ཟད། སྤྱིར་མདོ་སྡེ་པ་དང་བྱེ་བྲག་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་གྲུབ་མཐའ་ལ་མ་ལྟས་པར་ཕྱི་དོན་གཞལ་བྱ་ལ་རང་རིག་པ་འབྲས་བུར་འཇོག་པ་མ་བདེ་ནས། རང་གི་བློ་གྲོས་ཀྱི་དྲི་མ་ངན་པས་དྲི་མ་མེད་པའི་བསྟན་བཅོས་ཆུད་གསན་པར་ཟད་དོ། །ཡང་བོད་སྔ་རབས་པ་དག དཔྱད་ན་རང་རིག་པ་ཡིན་ཡང༌། ཐ་སྙད་དུ་དོན་རིག་པ་ཅེས་དང༌། ཡང་ཐ་དད་དུ་དོན་རིག་པ་ཡིན་ཡང་དཔྱད་ན་རང་རིག་པ་ཞེས་དང༌། ཡང་ལ་ལ་དཔྱད་ན་རང་རིག་པ་འབྲས་བུ་ཞེས་གསུངས་ཡང༌། རང་རིག་པ་འབྲས་བུ་ལ་ཕྱི་རོལ་དོན་གྱི་རྣམ་པ་ཅན་གྱི། གཟུང་རྣམ་ཚད་མར་བཞག་པ་མ་བདེ་བས་ནོངས་པ་ཡིན་ཏེ། དེ་ལྟ་མིན་ན་ཐ་སྙད་དུ་དོན་རིག་འབྲས་བུ་ཞེས་ཟེར་བ་དོན་མེད་པའི་ཕྱིར་དང༌། དཔྱད་ན་ཞེས་ཟེར་བའི་དོན་མེད་པའི་ཕྱིར་དང༌། དེའི་རྒྱུ་མཚན་ཡང་དོན་རིག་འབྲས་བུར་སྟོན་པའི་གཞུང་མེད་པའི་ཕྱིར་དང༌། རང་གི་ངོ་བོར་དཔྱོད་པ་ན། །ཞེས་པ་རྩོད་པ་སྤང་བའི་གཞུང་ཡིན་གྱི། ཚད་འབྲས་འཇོག་པ་ན། དཔྱད་ན་ཞེས་འཇོག་དགོས་པའི་དོན་མིན་པའི་ཕྱིར་རོ། །འོ་ན་གཟུང་རྣམ་ཚད་མ་ལ་རང་རིག་པ་འབྲས་བུར་གཞག་ན་འཛིན་རྣམ་ཐམས་ཅད་གཟུང་རྣམ་དུ་ཐལ་བ་དང༌། ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་རང་རིག་ཏུ་ཐལ་བ་མིན་ནམ་ཞེ་ན། དེ་ནི་རྣམ་འགྲེལ་མཛད་པ་རང་ཉིད་ཀྱིས་སྤངས་ཟིན་པའི་དོགས་པ་དེ་ཉིད་སླར་འོངས་པ་ཡིན་ཏེ། ཇི་སྐད་དུ། འཛིན་བདག་ལྟོས་པར་བྱ་བ་མིན། །ཞེས་དང༌། དེ་ཕྱིར་ཡུལ་ཐ་དད་པའང་མིན། །ཞེས་པའི་གཞུང་གིས་སྤངས་ཟིན་པའི་དོགས་པ་དེ་ཉིད་དེ་ཡིན་པའི་ཕྱིར་རོ། །འོན་ཀྱང་གོ་སླ་བའི་ལན་ནི་འདི་ཡིན་ཏེ། ཉེས་པ་དང་པོས་མི་གནོད་དེ། ཚད་འབྲས་གཉིས་ལ་ཁྱབ་པ་སྒོ་བཞི་ཁས་མི་ལེན་པའི་ཕྱིར་ཏེ། དེ་ལྟར་ཁས་ལེན་དགོས་པའི་ཚད་ལྡན་གྱི་ལུང་མི་སྣང་བའི་ཕྱིར་དང༌། གཞན་དུ་ན་ཚད་འབྲས་ཀྱི་གཞུང་འདི་དག་རང་རིག་པ་དང༌། དོན་རིག་པ་གཉིས་ཀྱི་མཚན་ཉིད་སྟོན་བྱེད་དུ་ཧ་ཅང་ཐལ་བའི་ཕྱིར་དང༌། ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་འདི་མཚོན་སྦྱོར་དུ་ཧ་ཅང་ཐལ་བའི་ཕྱིར། ཉེས་པ་གཉིས་པས་ཀྱང་མི་གནོད་དེ། ཤེས་པ་ཡིན་ན་རང་རིག་པས་ཁྱབ་པའི་ཕྱིར་རོ། །ཡང་བོད་མཁས་པ་དག་འབྲས་རྟོག་འདི་ཕྱོགས་སྔ་མ་བྱེ་བྲག་ཏུ་སྨྲ་བ་ལ་སྦྱོར་བ་ཡང་དགོངས་པ་མིན་ཏེ། འདིའི་ཕྱོགས་སྔ་མ་དེས་ནི་ཕྱི་རོལ་དོན་གྱིས་དོན་སྣང་གི་རྣམ་པར་ཤེས་པ་ལ་རང་འདྲའི་རྣམ་པ་གཏད་པར་ཁས་བླངས་ལ། དེས་ནི་དེ་ལྟར་ཁས་མི་ལེན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་གཟུང་འཛིན་གྲངས་མཉམ་པར་སྨྲ་བའི་མདོ་སྡེ་པས། དེས་དོན་རིག་མངོན་སུམ་ལ་རང་འདྲའི་རྣམ་པ་གཏད་པ་དང༌། དེས་ཀྱང་དེ་རྟོགས་པར་ཁས་ལེན་པ་ལ་གནོད་བྱེད་ཀྱི་རིགས་པ་བརྗོད་ནས། དེས་དེའི་རྣམ་པ་དངོས་སུ་རིག་པ་ཡིན་གྱི། དེས་ཕྱི་རོལ་གྱི་དོན་རིག་པ་མིན་པ་དང༌། དེ་ལྟ་ན་ཡང་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ནི་ཕྱི་རོལ་གྱི་དོན་ཉིད་ཡིན་གྱི་དེ་ལས་གཞན་མེད་པའི་ཕྱིར། ཕྱི་རོལ་གྱི་དོན་གཞལ་བྱར་འཇོག་པ་མི་འགལ་བ་དང༌། རྣམ་པ་དེ་ཉིད་ཤེས་པ་ཡིན་པའི་རྒྱུ་མཚན་གྱི་རང་རིག་པ་འབྲས་བུ་ཡིན་ནོ་ཞེས་པའི་ཚད་འབྲས་ཀྱི་རྣམ་པར་བཞག་པ་ཅིག་འདིར་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་དགོས་པ་ནི། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་ཡིན་ནོ། །དེ་ལྟར་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་གཉིས་པ་བཤད་ཟིན་ནས། རྣམ་པར་བཞག་པ་གསུམ་པ་བཤད་པ་ལ། བཤད་བྱའི་མདོ་དགོད། མདོ་དེ་ཉིད་ཀྱིས་འདི་རྣམ་བཞག་གསུམ་པ་ཡིན་པར་གྲུབ་པའི་ཚུལ། དེ་ཉིད་རྣམ་འགྲེལ་མཛད་པའི་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ། བསྟན་པའི་རྣམ་གཞག དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་གསུངས་སོ། །དེ་ཡང་མདོ་དང་པོས་རྣམ་བདེན་པ་དང༌། དེའི་ཕྱིར་ཞེས་པ་མན་གྱིས། རྣམ་རྫུན་པའི་ལུགས་ཀྱི་དེ་གསུམ་གྱི་རྣམ་གཞག་འཆད་པ་ཡིན་ནོ། གཉིས་པ་ནི། གཟུང་རྣམ་གཞལ་བྱར་བྱས་པའི་ཚད་འབྲས་ཀྱི་རྣམ་གཞག་འདི། ཚད་འབྲས་གསུམ་པར་འཆད་དགོས་པ་ཡིན་ཏེ། དྲངས་མ་ཐག་པའི་མདོ་དེའི་གྲོང་དུ་ཚང་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་ཚད་མ་གཉིས་ལས་མ་གསུངས་པའི་ཕྱིར་དང༌། དེ་གཉིས་ཀ་ལ་ཡང་ཕྱི་རོལ་གྱི་དོན་གཞལ་བྱར་འཇོག་དགོས་པའི་ཕྱིར་དང༌། ཁྱད་པར་དུ་གཟུང་རྣམ་གཞལ་བྱར་བྱས་པའི་རྣམ་གཞག་ནི། མདོ་དེའི་གོང་ན་གཅིག་ཀྱང་མེད་པའི་ཕྱིར་དང༌། ཡང་ན་རང་རིག་འདིར་འབྲས་བུར་ཞེས་པའི་མདོ་རྩ་འགྲེལ་གཉིས་ཀ་ན། ཚད་མ་དང་གཞལ་བྱའི་བཤད་པ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་དང༌། རིགས་པས་ཀྱང་ཐོབ་པ་ཡིན་ཏེ། མདོ་སྡེ་པའི་རྣམ་གཞག་གཉིས་ཀྱི་བར་དུ་རྣམ་རིག་པའི་ཚད་འབྲས་ཀྱི་རྣམ་གཞག་བཅུག་ན། མདོ་སེམས་གཉིས་ཀྱི་ལྟ་བའི་རིམ་པ་སྟོན་ཚུལ་དང་མི་མཐུན་པའི་ཕྱིར། འོ་ན་ལྟ་བ་སྟོན་ཚུལ་གྱི་རིམ་པ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བས་དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་ཐུག་ཕྲད་དུ་འཛིན་པ་བཀག་ནས། དོན་གྱི་རྣམ་པ་ཤར་བའི་དབང་གིས་དོན་རིག་པར་བསྒྲུབ་པ་ནི་ཚད་མ་དང་འབྲས་བུ་གཞལ་བྱ་གསུམ་གྱི་རྣམ་གཞག་དང་པོའོ། །གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པས་དོན་རིག་མངོན་སུམ་ཕྱི་རོལ་གྱི་དོན་དང་འདྲ་བ་དང༌། དེའི་དབང་གིས་དེས་དེ་རྟོགས་པར་འདོད་པ་བཀག་ནས་དེ་དེ་དང་མི་འདྲ་བ་དང༌། དེས་རང་རིག་པར་བསྒྲུབ་པ་ནི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་གཉིས་པའོ། །རྣམ་གཞག་གཉིས་པའི་སྐབས་དེར་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པས། ཕྱི་རོལ་གྱི་དོན་དེ་དོན་སྣང་གི་རྣམ་པར་ཤེས་པ་ལ། དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པའི་རྟགས་ཀྱིས་གཞལ་བྱར་འདོད་པ་བཀག་ནས་ཕྱི་རོལ་གྱི་དོན་གྱི་རྣམ་པ་ཉིད་གཞལ་བྱར་སྒྲུབ་པ་ནི། ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་གསུམ་པའོ། །སྐབས་དེར་རྣམ་བདེན་པས་གཟུང་རྣམ་ཤེས་པར་འདོད་པ་བཀག་ནས། དེ་བདེན་མེད་དུ་སྒྲུབ་པའི་རྣམ་གཞག་གཅིག་ཀྱང་འབྱུང་སྟེ། དེ་དག་ནི་འཇམ་དབྱངས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཐུགས་བཞེད་ལས་གསལ་བར་ཐོན་པ་ཡིན་ནོ། །གསུམ་པ་དེ་ཉིད་རྣམ་འགྲེལ་མཛད་པའི་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་ལ། ཚད་འབྲས་ཕྱི་མ་གཉིས་ཀའི་འབྲས་བུ་ཐུན་མོང་དུ་སྟོན་པའི་མདོ་རྐང་པ་གཉིས་པོ་དེའི་དོན་བཤད་པའི་སྒོ་ནས། མདོ་སེམས་གཉིས་ཀའི་རིགས་པས་རྣམ་གཞག་ཕྱི་མ་གཉིས་ཀྱི་འབྲས་བུ་ཐུན་མོང་དུ་བསྒྲུབ་པའི་གཞུང་ནི། དོན་རིག་གང་ཡིན་སོ་སོ་རིགས། །ཞེས་པ་ནས། དོན་རིག་པར་ནི་འགྱུར་བ་ཡིན། །ཞེས་པའི་བར་གསུངས་སོ། །འབྲས་བུ་བཤད་མ་ཐག་པ་དེ་ལ་ཕྱི་དོན་གཞལ་བྱ་དང༌། གཟུང་རྣམ་ཚད་མར་སྦྱར་ནས་འཆད་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པ་ནས། རང་རིག་འབྲས་བུ་ཡིན་པར་བཤད །ཅེས་པའི་བར་གསུངས་སོ། །ཕྱི་དོན་གཞལ་བྱར་བསྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ནི། དེ་དང་འདྲ་བའམ་ཞེས་སོགས་ཤླཽ་ཀ་གཅིག་གོ །སྐབས་དེར་བསྟན་བཅོས་མཛད་པ་ལ་གཞན་དག་གིས་སྨྲས་པ། དོན་གྱི་རྣམ་པ་རིག་པའི་མངོན་སུམ་གྱིས་ཕྱི་རོལ་གྱི་དོན་མི་འཇལ་བར་ཐལ། དེ་ལ་ཕྱི་རོལ་དོན་གྱི་དངོས་པོ་མི་སྣང་བའི་ཕྱིར། ཞེས་པའི་དོགས་པ་བསླངས་ནས་རྩོད་པ་དེ་ལ་བདེན་ལེན་བྱིན་པའི་སྒོ་ནས། ཕྱི་དོན་གཞལ་བྱ་ཡིན་པ་དེ་བསྟན་བཅོས་མཛད་པ་རང་གི་ཕུགས་ཀྱི་བཞེད་པ་མིན་པར་སྟོན་པ་ནི། ཇི་ལྟར་རྣམ་པ་འགའ་ཞིག་ལྟར། །ཞེས་སོགས་ཤླཽ་ཀ་གཅིག་གོ །དེ་ནས་རྣམ་གཞག་གསུམ་པ་འཆད་པ་ལ། ཕྱི་རོལ་དོན་ཁས་མི་ལེན་པ་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་མི་འཐད་པའི་རྩོད་པ་སྤང་བ་དང༌། རྣམ་གཞག་ཇི་ལྟར་འཐད་པའི་ཚུལ་བཤད་པའོ། །དང་པོ་ནི། གོང་དུ་རྣམ་གཞག་གཉིས་པར་ཕྱི་དོན་ཁས་བླངས་པའི་ཕྱོགས་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བཤད་པ་ལ་འཕྲོས་ནས། འོ་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱོགས་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་མི་འཐད་པར་འགྱུར་ཏེ། རང་རིག་པ་འབྲས་བུ་ཡིན་པ་ཙམ་ཞིག་སྔར་བཤད་ཀྱང༌། ཚད་མ་དང་གཞལ་བྱ་འདི་ཡིན་ནོ་ཞེས་མ་བཤད་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་མེད་ན་གཞལ་བྱ་དང་ཚད་མའི་རྣམ་པར་བཞག་པ་མི་འབྱུང་བའི་ཕྱིར། ཞེས་རྩོད་པ་ནི་ཇི་སྐད་དུ། རྣམ་པར་ངེས་པ་ལས། ཕྱི་རོལ་གྱི་དོན་མེད་ན། འོ་ན་ཇི་ལྟར་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྣམ་པར་གནས་ཞེ་ན། འདི་ལ་རྣམ་པར་བཞག་པ་འདི་ནི་ཇི་ལྟར་སྣང་བ་བཞིན་ཡིན་གྱི། དེ་ཁོ་ན་ཇི་ལྟ་བ་བཞིན་ནི་མིན་ནོ་ཞེས་བཤད་ཟིན་ཏོ། །ཡུལ་གྱི་རྣམ་པ་འགའ་ཞིག་དང་ནང་དུ་ཡོངས་སུ་སྤྱོད་པ་ནི་རང་རིག་པའི་རང་བཞིན་དུ་སྐྱེ་བ་ན་མཚོན་པར་འགྱུར་རོ། །དེ་ལ་ཚད་མ་དང་གཞལ་བྱ་དང་འབྲས་བུའི་རྣམ་པར་བཞག་པ་འདི་ནི། ཇི་ལྟར་མཚོན་པ་དེ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །གཞུང་འདིའི་དོན་ནི། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཕྱོགས་ལ་ཕྱི་རོལ་གྱི་དོན་མེད་ཀྱང་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་འཐད་དེ། ཕྱི་རོལ་གྱི་དོན་མེད་བཞིན་དུ་དེར་སྣང་བའི་གཟུང་རྣམ་གཞལ་བྱ། བློ་རང་ཉིད་ཡོངས་སུ་གཅོད་པར་བྱེད་པའི་འཛིན་རྣམ་ཚད་མ། རང་རིག་པ་འབྲས་བུར་འཇོག་པའི་ཕྱིར། ཞེས་པའོ། །སྐབས་འདིར་མཚོན་པ་ཞེས་པའི་གཞུང་སྔ་ཕྱི་གཉིས་ལ་བརྟེན་ནས། རྔོག་ལོ་ཆེན་པོས་ཚད་འབྲས་གཉིས་མཚན་མཚོན་བཏགས་པ་བར་འཆད་ལ། བོད་ཕྱི་མ་རྣམས་མཚན་མཚོན་མཚན་ཉིད་པར་འཆད་མོད། འདི་ནི་དེའི་ཁུངས་མ་ཡིན་ཏེ། མཚོན་པ་ཞེས་གསུངས་པའི་དོན། སློབ་དཔོན་ཆོས་མཆོག་གིས་འཁྲུལ་པ་ལ་བཤད་པའི་ཕྱིར། ཡང་རྩོད་པ་གཉིས་པ་ནི་གཟུང་འཛིན་རིག་གསུམ་ཚད་འབྲས་གཞལ་གསུམ་དུ་འཇོག་པ་མི་འཐད་དེ། གཞལ་བྱ་དང་ཚད་འབྲས་གཉིས་རྫས་ཐ་དད་པ་ཞིག་དགོས་པ་ལས་འདིར་དེ་མེད་པའི་ཕྱིར། དཔེར་ན་ཚད་འབྲས་དང་པོ་གཉིས་བཞིན་ནོ་ཞེས་མདོ་སྡེ་པས་རྩོད་པ་ཡིན་ལ། འདིའི་ལན་ནི། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །ཞེས་པ་ནས། ཆུང་ངུ་ཆེན་པོར་སྣང་བ་བཞིན། །ཞེས་པའི་བར་ཡིན་ནོ། །དེའི་དོན་ནི། གཟུང་རྣམ་ཆོས་ཅན། འཛིན་རྣམ་ལས་རྫས་གཞན་མིན་ཀྱང༌། དེའི་གཞལ་བྱར་འཇོག་པའི་རྒྱུ་མཚན་ཡོད་དེ། བློ་འཁྲུལ་པའི་ངོར་ཁྱོད་དེ་ལས་རྫས་གཞན་དང༌། དེའི་ཡུལ་དུ་སྣང་བའི་རྒྱུ་མཚན་གྱིས་དེར་བཞག་པའི་ཕྱིར། དཔེར་ན། དབང་པོ་སྔགས་སོགས་ཀྱིས་བསླད་པའི་མིག་ཤེས་ལ་རྟ་གླང་སོགས་མེད་ཀྱང་དེར་སྣང་བ་བཞིན་ནོ་ཞེས་པའོ། །གཞུང་འདིས་ནི། སྤྱིར་གཟུང་རྣམ་རྫས་སུ་མེད་པར་བསྟན་པ་མིན་གྱི། དེ་དེ་ལ་རྫས་གཞན་དུ་མེད་པར་བསྟན་པ་ཅན་ཡིན་ནོ། །གཉིས་པ་རྣམ་གཞག་ཇི་ལྟར་འཐད་པའི་ཚུལ་ནི། གཟུང་བ་འཛིན་པ་རིག་པ་དག །ཅེས་སོགས་ཤླཽ་ཀ་གཅིག་ཡིན་ལ། དོན་ནི་གཟུང་རྣམ་ཆོས་ཅན། ཁྱོད་འཛིན་རྣམ་དང་རང་རིག་ལས་རྫས་གཞན་དུ་ཡོད་པ་མིན་ཡང༌། ཁྱོད་འཛིན་རྣམ་གྱི་གཞལ་བྱ་དང༌། འཛིན་རྣམ་ཁྱོད་ཀྱི་འཇལ་བྱེད་དང༌། རང་རིག་འབྲས་བུར་འཇོག་པའི་རྒྱུ་མཚན་ཡོད་དེ། བློ་འཁྲུལ་པ་ལ་ཁྱོད་དང་འཛིན་རྣམ་རྫས་གཞན་ཡུལ་ཡུལ་ཅན་དུ་སྣང་བའི་རྒྱུ་མཚན་གྱིས་དེར་བཞག་པའི་ཕྱིར། ཞེས་པའོ། །གཞུང་འདིས་རྣམ་བདེན་པའི་ལུགས་ཀྱི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པའམ། ཡང་ན་རྣམ་བདེན་བརྫུན་སོ་སོར་མ་ཕྱེ་བའི་རྣམ་གཞག་བསྟན་པ་ཡིན་ཏེ། འདི་ཡན་ཆད་དུ། གཟུང་འཛིན་གཉིས་རྫས་གཞན་ཡིན་པ་བཀག་ཀྱང༌། གཟུང་རྣམ་རྫས་སུ་མ་གྲུབ་པར་བཤད་པ་མེད་པའི་ཕྱིར་རོ། །དེ་ནས་གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་འཆད་པ་ནི། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ཞེས་པ་ནས། གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པའི་བར་ཡིན་ལ། དེའི་དོན་ནི། གཟུང་རྣམ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། ཞེས་པའོ། །གཞུང་འདི་དག་ལ་བརྟེན་ནས་རྣམ་བརྫུན་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཐོན་པར་འཆད་དགོས་པ་ཡིན་ནོ། །དེ་ལྟར་གཟུང་རྣམ་བདེན་མེད་དུ་བསྟན་པ་ལ་རྩོད་པ་སྤང་བ་ནི། ཆོས་མཐུན་པ་ཉིད་མཐོང་བ་ལས། །ཞེས་པ་ནས། ལྟོས་མེད་རབ་རིབ་ལ་སོགས་བཞིན། ཞེས་པའི་བར་ཡིན་ནོ། །འདིར་བོད་ཕྱི་རབས་པ་དག་གིས་ནི། གཟུང་འཛིན་རིག་གསུམ་ཐ་དད་པའི་ཆ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པར་རློམ་པས། གཞུང་གི་དོན་ཕྱོགས་ཙམ་ཡང་མ་གོ་བ་ཡིན་ཏེ། དེ་འདྲ་དེ་བདེན་མེད་དུ་མི་འདོད་པའི་རང་སྡེ་སུ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་བདེན་རྫུན་གཉིས་ཀྱི་ཐུན་མོང་མིན་པའི་ཚད་འབྲས་ཀྱི་རྣམ་གཞག་སོ་སོར་བཤད་ཟིན་ནས། རང་རིག་འདོད་པའི་རང་སྡེ་ཐམས་ཅད་ཀྱི་ཐུན་མོང་དུ་ཁས་ལེན་པའི་རང་རིག་གི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་འཆད་པ་ནི། དེ་ལ་བློ་ནི་ཡོངས་དཔྱོད་པ། །ཞེས་པ་ནས། གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་པའི་བར་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་ཚད་མ་མདོའི་གཞུང་དེས། གོང་དུ་བཤད་མ་ཐག་པའི་རྣམ་རྫུན་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ནི་གསལ་བར་མི་ཐོན་ལ། རྣམ་འགྲེལ་མཛད་པའི་གཞུང་གིས་གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིགས་པ་རྒྱས་པར་གསུངས་པ་འདི་ངེས་སོ། །བཞི་པ་དེས་བསྟན་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་བཞག་རྒྱས་པར་བཤད་པ་ལ། འབྲས་རྟོག་གསུམ་དང༌། ཚད་འབྲས་གཞལ་གསུམ་གྱི་ཁྱད་པར་སོ་སོར་ཕྱེ་བ་དང༌། དེ་ལྟར་ཕྱེ་བའི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་མ་འདྲེས་པར་བཤད་པའོ། །དང་པོ་ནི། མདོ་དང་གཞུང་ལས་འབྲས་རྟོག་གཉིས་ལས་མ་གསུངས་ཤིང༌། ལྷ་ཤཱཀ་གིས་འབྲས་བུའི་རྣམ་པར་རྟོག་པ་གསུམ་དུ་འཆད། གཉིས་སམ་གསུམ་གང་ཡིན་ཀྱང་རུང་སྟེ། འབྲས་བུའི་རྣམ་པར་རྟོག་པ་ནི། །རང་གི་ངོ་བོ་དཔྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་པ་ཡན་ཆད་དུ་བཤད་ཟིན་ཏོ། །ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་དང་པོ་ནི། བྱ་བ་སྒྲུབ་པར་བྱེད་པ་སྟེ། །ཞེས་པ་ནས། འཇུག་ཕྱིར་རོའི་བར་གྱིས་འཆད་ལ། རྣམ་གཞག་གཉིས་པ་ནི། ཕྱི་རོལ་དོན་ནི་ཡོད་ན་ཡང༌། །ཞེས་པ་ནས། དོན་ནི་རིག་གཞལ་བྱ་ཉིད་དུ་འདོད། །ཅེས་པའི་བར་གྱིས་འཆད་ཅིང༌། དེ་དག་ནི་མདོ་སྡེ་པ་རྣམ་པ་གཉིས་ཀྱི་ལུགས་སོ། །རྣམ་གཞག་གསུམ་པ་ལ་གསུམ་སྟེ། རྣམ་བདེན་པའི་ཐུན་མོང་མིན་པའི་ལུགས། རྣམ་རྫུན་པའི་ཐུན་མོང་མིན་པའི་ལུགས། རང་རིག་འདོད་པ་ཀུན་གྱི་ཐུན་མོང་གི་ལུགས་སོ། །དེ་དག་གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་ནི། བཤད་མ་ཐག་པ་དེ་ཡིན་ནོ། །གཉིས་པ་ལ། འདིར་རྣམ་གཞག་ཐམས་ཅད་བསྡུ་ན་གཉིས་སུ་འདུས་ཏེ། དོན་རིག་པའི་དང༌། རང་རིག་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་གཞལ་བྱ། ཁྱད་པར་གསུམ་ལྡན་གྱི་དོན་འདྲ་བ་ཚད་མ། དོན་རྟོགས་པ་འབྲས་བུའོ། །གསུམ་པ་ནི། དོན་གྱི་རྣམ་པ་ཤར་བ། དོན་སོ་སོར་འབྱེད་ནུས་པ། དོན་རྟོགས་པ་དང་ངོ་བོ་ཐ་དད་པ་མིན་པའོ། །གཉིས་པ་ལ། ཕྱི་དོན་ཁས་བླངས་པ་དང༌། བཀག་པའི་འོ། །དང་པོ་ནི། ཕྱི་དོན་ལྐོག་ན་མོ་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུའོ། །གཉིས་པ་ཕྱི་དོན་བཀག་ནས་རང་རིག་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་ལ། རྣམ་བདེན་རྫུན་སོ་སོར་མ་ཕྱེ་བའི་ལུགས་དང༌། སོ་སོ་ཕྱེ་བའི་ལུགས་དང༌། གྲུབ་མཐའ་ཕལ་ཆེ་བའི་ལུགས་ཀྱི་རྣམ་པར་བཞག་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་མེད་བཞིན་དུ་དེར་སྣང་བའི་གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། རང་རིག་པ་འབྲས་བུའོ། །རྣམ་གཞག་གསུམ་པ་དངོས་ནི་འདི་ཁོ་ན་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ཐུན་མོང་མིན་པའི་རྣམ་པར་གཞག་པ་ཡིན་ཞིང༌། རྣམ་བདེན་རྫུན་གཉིས་ཀས་ཐུན་མོང་དུ་ཁས་ལེན་པའི་ཕྱིར། ཚད་མ་མདོའི་དངོས་བསྟན་དེ་ཉིད་དོ། །རྣམ་གཞག་འདི་འབྲས་རྟོག་གསུམ་པའི་སྐབས་སུ་འཆད་པ་རིགས་པ་མཁྱེན་པའི་དགོངས་པ་མ་ཡིན་ཏེ། རྣམ་གཞག་འདི་དེར་བསྟན་ཟིན་ན་ཕྱི་དོན་མེད་པ་ལ་དེ་གསུམ་གྱི་རྣམ་གཞག་མི་འཐད་པའི་རྩོད་པ་དེ་འབྲས་རྟོག་གསུམ་པའི་འོག་ཏུ་འོང་དོན་མེད་པའི་ཕྱིར་རོ། །གཉིས་པ་ལ་རྣམ་བདེན་པའི་ལུགས་དང༌། རྣམ་རྫུན་པའི་ལུགས་སོ། །དང་པོ་ནི་ཕྱི་དོན་མེད་བཞིན་དུ་དེར་སྣང་བའི་གཟུང་རྣམ་གཞལ་བྱ། དེ་འཇལ་བར་བྱེད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུའོ། །འདི་རྣམ་རྫུན་པས་ཁས་ལེན་པ་མིན་ཏེ། དེས་གཟུང་རྣམ་རང་རིག་གི་མྱོང་བྱར་མི་འདོད་པའི་ཕྱིར། དེས་དེ་ཤེས་པར་མི་འདོད་པའི་ཕྱིར། གཉིས་པ་ནི། གཟུང་རྣམ་སྒྲོ་བཏགས་གཞལ་བྱ། འཛིན་པའི་རྣམ་པ་ཚད་མ། རང་རིག་བཏགས་པའི་ཐ་སྙད་འབྲས་བུའོ། །གསུམ་པ་ནི། འདོད་ཆགས་ལ་སོགས་པའི་ཤེས་པ་རང་ཉིད་གཞལ་བྱ། དེ་འཇལ་བར་བྱེད་པའི་འཛིན་རྣམ་ཚད་མ། དེ་ཉམས་སུ་མྱོང་བའི་རང་རིག་འབྲས་བུའོ། །འདི་ནི་ཤེས་པ་ཐམས་ཅད་ཀྱི་འབྲས་བུ་ཡིན་ཏེ། རང་མི་རིགས་པའི་ཤེས་པ་འགའ་ཡང་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་རང་རིག་ཁས་མི་ལེན་ཞེས་པ་ཡང་ཐ་སྙད་ཁས་མི་ལེན་པ་ཡིན་གྱི། དོན་ནི་ངེས་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། དེ་བདག་ཉིད་ཀྱི་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། དཔེར་ན་གྲངས་ཅན་བཞིན་ནོ། །དེས་ཀྱང་རང་རིག་གི་དོན་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། མྱོང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་རྣམ་པར་བཞག་པ་འདི་ནི་གྲུབ་མཐའ་སྨྲ་བ་ཕལ་ཆེར་ལ་སྦྱར་བར་བྱ་བ་ཡིན་ཏེ། ཇི་སྐད་དུ། རང་བདག་ཡུལ་དུ་བཞག་པ་ན། །འདི་ནི་ཀུན་ལ་སྦྱར་བར་བྱ། །ཞེས་དང་དེ་ལ་རང་རིག་ཚད་འབྲས་ཀྱི། །རྣམ་གཞག་གྲུབ་མཐའ་ཕལ་ཆེར་མཐུན། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཁྱོད་ཀྱི་རྣམ་པར་བཞག་པ་གསུམ་པ་དེ་ལྟར་ཡིན་ན་སློབ་དཔོན་ཆོས་མཆོག་གིས་རྣམ་གཞག་གསུམ་གྱི་རྣམ་པར་བཤད་པ་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཤད་པ་དེའི་ཚེ། བདག་ཉིད་གཞལ་བྱ། འཛིན་པའི་རྣམ་པ་ཚད་མ། བདག་ཉིད་རིག་པ་ནི་འབྲས་བུ་ཡིན་ནོ། །ཞེས་རྣམ་གཞག་གཉིས་པར་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་མོད། ཆོས་མཆོག་གི་བཤད་པ་ཐམས་ཅད་ཁོ་བོ་ཅག་ལ་ཚད་མར་མི་རུང་ཞིང༌། བཤད་པ་དེ་ཡང་ལྷ་ཤཱཀ་གིས། འབྲས་རྟོག་དང་ཚད་འབྲས་ཀྱི་རྣམ་གཞག་གཅིག་ཏུ་འཁྲུལ་ནས། འབྲས་རྟོག་གསུམ་གྱིས་རྣམ་གཞག་ལེགས་པར་བཤད་པ་མ་ཡིན་པ་དེ་ཉིད་ཆོས་མཆོག་གིས་ཀྱང་བསྙད་པའོ། །འབྲས་རྟོག་གསུམ་མི་འཐད་པའི་རྒྱུ་མཚན་ཡང༌། ཚད་འབྲས་ཕྱི་མ་གཉིས་ལ་འབྲས་བུ་ནི་རང་རིག་པ་གཅིག་པུ་ལས་གཞན་མེད་པ་ལ་ཚད་མ་དང༌། གཞལ་བྱ་སོ་སོར་སྦྱར་བའི་དབང་གིས་འབྲས་བུ་ཡང་གསུམ་དུ་འབྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དོན་འདི་ལ་ནི་སློབ་དཔོན་རྒྱལ་དབང་བློ་ཁོ་ནས་ལེགས་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། དེས་བྱས་པའི་མདོའི་འགྲེལ་བཤད་ལས། ཕྱི་རོལ་གྱི་དོན་དང༌། གཅིག་ཤོས་ཀྱི་ཕྱོགས་དག་ལ། མདོ་གཅིག་ཁོ་ནས་འབྲས་བུའི་རྣམ་པར་རྟོག་པ་འཆད་པར་བཞད་པས་བཤད་པ་ཡང་ན་རང་རིག་འདིར་འབྲས་བུ། ཞེས་བཤད་པའི་ཕྱིར་རོ། །རྣམ་དཔྱོད་གོམ་པའི་འགྲོས་ཆེན་གསུམ་བཏབ་པས། །རྣམ་མང་ཤེས་བྱའི་ས་ཆེན་གསུམ་རྒལ་ནས། །དམ་གཞག་གཞན་གྱིས་མ་ཤེས་གསུམ་པོ་དེ། །རྣམ་པར་བཤད་པ་མཁས་མཆོག་གསུམ་གྱི་ལུགས། །ཞེས་བྱ་བ་འདིས་ནི་ཚད་འབྲས་གཞལ་གསུམ་གྱི་གནས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་པ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། སྡེ་བདུན་མཛད་པས་རང་ལུགས་སུ་ཞལ་གྱིས་བཞེས་པའི་གྲུབ་པའི་མཐའ་ནི་གཉིས་ཏེ། གནས་སྐབས་སུ་མདོ་སྡེ་པ་དང༌། ཡིན་ལུགས་ཀྱི་དོན་ཚུལ་བཞིན་དུ་སེམས་པའི་ཚེ་རྣལ་འབྱོར་སྤྱོད་པའོ། །དང་པོ་ལ་ཡང་གཉིས་ཏེ། གཟུང་འཛིན་གྲངས་མཉམ་པ་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའོ། །དང་པོ་ནི། གྲུབ་པའི་མཐའ་འདི་གཉིས་ལ་དང་པོར་བསླབ་དགོས་པ་ཡིན་ཏེ། འདི་མ་ཤེས་ན། འཇིག་རྟེན་པ་དག་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་རིམ་གྱིས་འཁྲིད་པའི་ཐབས་གཞན་མེད་པའི་ཕྱིར། འོ་ན་དེའི་སྔ་རོལ་དུ་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་ལ་སློབ་དགོས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། དེས་འདོད་པའི་དོན་སྣང་གི་ཤེས་པས་དོན་རྟོགས་ཚུལ་དེ་ཁས་བླངས་ན། རྣལ་འབྱོར་སྤྱོད་པའི་གཞུང་གི་དེ་ཁོ་ན་ཉིད་ལ་འཇུག་པའི་གེགས་སུ་གྱུར་པའི་ཕྱིར། མདོ་སྡེ་པ་དང་པོའི་ལུགས་དེ་ནི། དེ་ལ་འཇུག་པའི་ཐབས་ཀྱི་ཐོག་མ་ཡིན་ཏེ། དེས་དོན་སྣང་གི་རྣམ་པར་ཤེས་པ་ལ། དོན་ཇི་ལྟ་བའི་རྣམ་པ་ཤར་བ་ལས་དོན་རྟོགས་པར་འཇོག་གི དེས་དོན་དངོས་སུ་མ་རིག་པར་ཁས་ལེན་པའི་ཕྱིར། དེ་ལྟར་ཤེས་པ་ན་ཕྱི་རོལ་གྱི་དོན་ལྐོག་ན་མོ་ཡིན་པ་དེ་ཚད་མས་ཤེས་པར་འགྱུར་བ་ཡིན་ནོ། །མདོ་སྡེ་པ་གཉིས་པའི་གྲུབ་པའི་མཐའ་ནི། དེ་ལ་འཇུག་པའི་ཐབས་བླ་ན་མེད་པ་ཡིན་ཏེ། དོན་སྣང་གི་ཤེས་པ་ལ་ཕྱི་རོལ་གྱི་དོན་གྱིས་རང་ཇི་ལྟ་བའི་རྣམ་པ་གཏད་པ་བཀག་ནས་དོན་གྱི་རྣམ་པ་རིག་པའི་མངོན་སུམ་གྱི་དོན་མ་རྟོགས་པར་སྒྲུབ་པའི་ཕྱིར། དེ་ལྟར་ཤེས་པ་ན་སྣང་རུང་མ་དམིགས་པའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་མེད་ངེས་སུ་སྒྲུབ་པའི་ཕྱོགས་ཆོས་ཁོང་དུ་ཆུད་པར་འགྱུར་རོ། །གཉིས་པ་རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའ་ལ་གཉིས་ཏེ། སེམས་ཙམ་དུ་སྨྲ་བ་དང༌། དབུ་མར་སྨྲ་བའོ། །དང་པོ་ནི། ཕྱི་རོལ་གྱི་དོན་མེད་ན་མངོན་སུམ་ལ་སྣང་བ་དང་འགལ་ལོ་ཞེས་རྩོད་པའི་ལན་དུ་སྣང་བ་ཐམས་ཅད་སེམས་སུ་སྒྲུབ་པ་ཡིན་ནོ། །དེ་ལྟར་ཤེས་པས་དོན་སྣང་གི་ཤེས་པ་ལས་རྫས་གཞན་དུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་པར་ཁོང་དུ་ཆུད་པར་ཡིན་ནོ། །གཉིས་པ་དབུ་མར་སྨྲ་བ་ལ། གཞི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པ། ལམ་བསྒོམ་པས་ཉམས་སུ་ལེན་པའི་རྣལ་འབྱོར། འབྲས་བུ་གནས་གྱུར་མཐར་ཕྱིན་པའི་ཚེ། དོན་གཉིས་ལྷུན་གྱིས་གྲུབ་པའོ། །དང་པོ་ནི། དོན་སྣང་དུ་སྣང་བ་ཆོས་ཅན། སེམས་མིན་ཏེ། དངོས་པོར་མེད་པའི་ཕྱིར། དེ་ཆོས་ཅན་བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར་ཞེས་པའི་རིགས་པས་གཞི་དུས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་གཏན་ལ་ཕེབས་པ་ཡིན་ནོ། །གཉིས་པ་ནི། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི། ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་གོམས་པར་བྱས་པས་གོམས་པའི་སྟོབས་གྲུབ་པ་ན་གཟུང་འཛིན་གཉིས་རྫས་གཞན་དུ་ཞེན་པའི་ཤེས་སྒྲིབ་ས་བོན་དང་བཅས་པ་སྤོང་བར་འགྱུར་རོ། །གསུམ་པ་ནི། དེ་ལྟར་གོམས་པ་མཐར་ཕྱིན་པ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་གྱུར་ཏེ། ཡེ་ཤེས་བཞིའི་ངོ་བོར་གྱུར་པའི་སྐུ་གསུམ་ཕྲིན་ལས་དང་བཅས་པ་མངོན་དུ་གྱུར་ཏེ། གདུལ་བྱའི་སྐལ་བ་དང་འཚམས་པར་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས། ལྷུན་གྱི་གྲུབ་ཅིང་རྒྱུན་མི་ཆད་པའི་ཕྲིན་ལས་ཀྱི། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཐའ་ཡས་པའི་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་ནུས་པ་ཡིན་ནོ་ཞེས་བྱ་བ་འདི་ནི། ཚད་མ་རིགས་པའི་གཏེར་གྱི་དགོངས་རྒྱན་ལུང་དང་རིག་པའི་འཁོར་ལོས་ལུགས་ངན་ཕམ་བྱེད་ཅེས་བྱ་བའི་བསྟན་བཅོས་ལས། གཞན་རྗེས་སུ་བཟུང་ནས་གཞལ་བྱའི་གནས་གསུམ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱེད་པའི་ཐབས་ཀྱི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།།  །།དེ་ལྟར་ཡོངས་སུ་རྫོགས་པའི་ལེའུ་ཆེན་པོ་གཉིས། ལེའུ་ལག་ཉི་ཤུ་རྩ་གཉིས་ཚང་བར་བཞུགས་པའི་བསྟན་བཅོས་འདིའི་མིང་གི་རྣམ་གྲངས་གཉིས་པ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་མཛོད་ཅེས་ཀྱང་བྱ། མིང་གཞན་གསུམ་པ་རྟོགས་གེའི་འཁྲུལ་འཇོམས་ཞེས་ཀྱང་བྱ་བའི་བསྟན་བཅོས་ཆེན་པོ་འདི་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་ནོ།།  །།འཕྲོག་བྱེད་རལ་པའི་ཐོར་ཅོག་བཅིངས་པའི་རྩེར། །སྙན་གྲགས་ཆུ་ཤེལ་དཀར་པོའི་མདངས་ཀྱིས་མཚོན། །ཞབས་བརྟེན་ཨུཏྤལ་བཞེད་པའི་ཕྲེང་བ་ནི། །ལྷ་བརྒྱའི་ཟུར་ཕུད་རྩེ་ལ་འཛེག་བཞིན་དུ། །མུ་སྟེགས་འཁྲུལ་པའི་གཙུག་གི་ནགས་ཁྲོད་ན། །ཞབས་ཟུང་རིགས་པའི་ང་རོ་འཇིགས་མེད་ཅིང༌། །ཐུགས་རྗེའི་ངང་མོས་ཡོངས་ཀྱི་སྙིང་ཁ་ཡི། །ཆུ་གཏེར་མཛེས་བྱེད་ཁྱོད་དང་མཚུངས་པ་སུ། །མི་དབང་དབང་པོའི་དགྲ་དང་པད་དཀར་མིག །མིག་གསུམ་པས་མཆོད་མཆོད་སྦྱིན་བརྒྱ་པའི་ལྷ། །ལྷ་ཡི་བླ་ཁྱོད་ཁྱོད་རང་ཉིད་དང་མཚུངས། །མཚུངས་མེད་ཀུན་མཁྱེན་མཁྱེན་པའི་དབང་ཕྱུག་ཡིན། །ནམ་ཡང་ཚད་མ་མིན་པ་ཀུན་དོར་ནས། །ཆོས་ཀུན་ཚད་མའི་ལམ་ནས་གསུང་བརྩོན་པ། །ཀུན་མཁྱེན་ཚད་མ་གསུང་མཁས་ཁྱོད་ལས་གཞན། །འདི་ན་ཚད་མར་གྱུར་པའི་དབང་པོ་གང༌། །གང་སྐུ་སྐུ་ལྔའི་བདག་ཉིད་ཆོས་ཀུན་གསུངས། །གསུང་དབྱངས་དབྱངས་ཀྱི་ཕྲེང་བ་རྣ་བར་སྙན། །སྙན་གྲགས་གྲགས་པའི་རྔ་ཆེན་སྒྲོགས་པའི་ཐུགས། །ཐུགས་རྗེ་རྗེ་བཙུན་ཉིད་དང་མཚུངས་མ་མཆིས། །སློབ་དཔོན་ལུང་རིགས་དཔུང་ཚོགས་ཡན་ལག་བཞིས། །ཐུབ་བསྟན་ཕྱོགས་ཀྱི་ཐ་གྲུ་བསྲུང་མཁས་ཤིང༌། །ཆོས་ཀྱི་ཁུར་ཆེན་འདེགས་པའི་གླང་པོ་ནི། །འབིགས་བྱེད་ཞི་པའི་ནགས་ཚལ་སྟུག་པོར་ཞུགས། །ཆོས་ཀྱི་ཉི་མ་གྲགས་པའི་ལང་ཚོ་ཅན། །ཆོས་མིན་ཕམ་པའི་སྙན་གྲགས་འཆར་ཁའི་མདངས། །ཆོས་དང་གྲགས་པའི་ཁྲི་ལ་འཁོད་གྱུར་ནས། །ཆོས་ཚུལ་གྲགས་པའི་མཁའ་ལ་ནམ་ཡང་འཆར། །ཀུན་ལས་རབ་འཕགས་འཕགས་པའི་ཡུལ་དག་ཏུ། །དུ་མས་རབ་བསྔགས་བསྔགས་པའི་ཕྲེང་ལྡན་དཔལ། །དཔལ་ལྡན་སྙན་གྲགས་གྲགས་པའི་གཞུང་གཅིག་ཡིན། །ཡིན་ལུགས་ལེགས་མཁྱེན་མཁྱེན་ལྡན་ཀུན་ལ་ཡང༌། །ཡང་དག་རིགས་པ་མཁྱེན་པའི་གཞུང་ཞེས་གྲགས། །གྲགས་པའི་དཔལ་མངའ་མངའ་བདག་ཀླུ་སྒྲུབ་དང༌། །དང་པོའི་བུ་ཆེན་ཆེན་པོའི་གྲགས་ཐོབ་ལྷ། །ལྷ་གཅིག་རབ་ཞི་ཞི་བའི་མཚན་ལྡན་གསུམ། །གསུམ་པོ་དེ་ཙམ་རིགས་པའི་དབང་ཕྱུག་དེ། །དེ་ལས་གཞན་ན་ཕྱོགས་གླང་གྲགས་པའི་ཞབས། །ཞབས་ཟུང་མཁས་པ་ཀུན་གྱིས་བཏེག་པ་གཉིས། །གཉིས་ལྡན་དུས་ཀྱི་རྩོད་པའི་ཁྱུ་མཆོག་ཡིན། །ཚད་ལྡན་ཀུན་ལ་གྲགས་པའི་རྟོག་གེ་ཡི། །བསྟན་བཅོས་རྩོམ་མཁས་གཉིས་ལས་སྔོན་མ་བྱུང༌། །རང་གཞུང་བསྒྲུབ་དང་གཞན་གཞུང་འགོག་པ་དང༌། །སྟོན་པའི་བསྟན་པ་རིགས་པའི་ལམ་ཉིད་ནས། །འདྲེན་མཁས་འདི་ལས་གཞན་པ་སུ་ཞིག་བྱུང༌། །དེས་གསུངས་ཚད་མའི་གཞུང་མདོ་མདོ་བཞིན་རྣམ་འགྲེལ་འགྲེལ་བྱེད་གཞན་ལས་རབ་འཕགས་རྒྱས་པའི་བསྟན་བཅོས་དང༌། །དང་པོའི་བློ་ཅན་སློབ་དཔོན་ལ་སྨོད་སྨོད་པའི་ཚིག་དག་དག་པ་མིན་ཞེས་ཅུང་ཟད་བསྡུས་པ་དེ། །དེ་དག་གཉིས་ཀའི་དོན་མང་རབ་བསྡུས་བསྡུས་དོན་ལུང་ཐག་འཇམ་པོས་ལེགས་འབྲེལ་འབྲེལ་ཆགས་ཤིན་ཏུ་བསྡུས་པ་གང༌། །གང་གི་ཐོག་མཐར་མཛད་པ་ལ་འཕྲོས་འཕྲོས་དོན་གཏན་ཚིགས་དང་འབྲེལ་འབྲེལ་བ་བརྟག་པའི་རབ་ཏུ་བྱེད། །བྱེད་པོ་ཉིད་དང་གཞན་རྩོད་རྩོད་པའི་རིགས་པ་རབ་རྒྱུད་རྒྱུད་གཞན་སྒྲུབ་པ་ཞེས་བྱ་དེ་མཛད་དོ། །ལྷ་ཤཱཀ་གཉིས་དང་དུལ་ལྷ་ཆོས་མཆོག་དང༌། །ཤེས་རབ་འབྱུང་གནས་བདེ་བྱེད་དགའ་བ་སོགས། །དེ་དོན་འབྲེལ་བའི་བཤད་སྲོལ་མང་བྱུང་ཡང༌། །ཀུན་ལ་གྲགས་པའི་ཚད་ལྡན་གཞུང་མ་ཡིན། །སྔོན་ཚེ་སྔོན་གྱི་ལྷ་གཅིག་རྩེ་ལྡེའི་བཀས། །དགེ་བློ་དགེ་བའི་བློ་ཡིས་གཞུང་ཙམ་བསྒྱུར། །དེ་ནས་ལྷ་དབང་དབང་སྡེའི་བཀས་བསྐུལ་ནས། །རབ་ཡངས་བློ་མངའ་བློ་ལྡན་བཟང་པོ་ཡིས། །རྣམ་འགྲེལ་འགྲེལ་པའི་མཆོག་གྱུར་རྒྱན་ཆེན་དང༌། །རྣམ་ངེས་ངེས་པར་འཆད་པའི་ཆོས་མཆོག་སོགས། །ལེགས་པར་བསྒྱུར་ནས་ཡུན་རིང་གཏན་ལ་ཕབ། །བུ་སློབ་ཉིང་སློབ་ཉི་ཟླའི་འཆར་རེས་ཀྱིས། །གངས་ཅན་འགྲོ་བློའི་མུན་པ་དང་པོར་བསལ། །མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི། །སློབ་མར་བཅས་པའི་གསུང་གི་བདུད་རྩི་ལས། །འཇམ་དབྱངས་རྣམ་འཕྲུལ་པཎ་ཆེན་ས་སྐྱ་པས། །རྒྱ་གར་མཁས་པའི་འཆད་ཚུལ་ཀུན་གསན་ཅིང༌། །ཕྱྭ་རྔོག་གཉིས་ཀྱི་འཆད་ཚུལ་ལ་བརྟགས་ནས། །མཐུན་པ་སྒྲུབས་ཤིང་མི་མཐུན་སུན་ཕྱུང་སྟེ། །རིགས་པའི་གཏེར་གཞུང་འགྲེལ་པར་བཅས་པ་ཡིས། །གངས་ཅན་བློ་མཚོའི་མུན་པ་གཉིས་པར་བསལ། །དེ་ནས་ལོ་གྲངས་གཉིས་བརྒྱའི་བར་དག་ཏུ། །སྡེ་བདུན་རིགས་པའི་ཉིང་ཁུ་གཅིག་ནས་གཅིག །ལེགས་པར་བརྒྱུད་ཅིང་འཁྲུལ་པའི་རང་བཟོ་མེད། །འཆད་པོ་དེ་དག་སྔོན་གྱི་ལུགས་བཞིན་འཆད། །ལོ་གྲངས་བདུན་བཅུའི་གོང་ཞིག་ནས། །ཚད་མའི་ཆོས་སྐད་ཤིན་ཏུ་འཁྲུལ། །བློ་ངན་ཕལ་ཆེར་དེར་རྗེས་འཇུག །གཞུང་ཙམ་ཉན་ཅིང་འཆད་པས་དགེ །དིང་སང་ད་ནི་གཞུང་ཙམ་དང༌། །འབྲུ་ཡང་མི་གཉེར་བློ་ངན་གྱིས། །རྣམ་བརྟགས་ཚིག་གི་སྦྱོར་བ་ལ། །ཚད་མ་ཡིན་ཞེས་ཅ་ཅོ་སྒྲོག །དེ་འདྲ་དེ་དག་འཆད་པ་ཡི། །སློབ་དཔོན་དེ་ཡིས་བསྟན་པ་ལ། །བྱ་བ་བྱས་པ་ཕར་ཞོག་ལ། །བསྟན་པ་ཕུང་བར་བྱེད་མིན་ནམ། །སློབ་མ་དེ་ཡི་དུས་དང་ནི། །བློ་གྲོས་གྲོན་དུ་བྱས་གྱུར་ཀྱང༌། །རྟོག་གེའི་དེ་ཉིད་མ་མཐོང་བས། །སྐལ་བ་ངན་པ་མ་ཡིན་ནམ། །དུས་དེར་བློ་གྲོས་ཤེལ་གྱི་ཁྱམས་ཆེན་ངོས་ལ་འཆུག་མེད་ལུང་གིས་གསེར་ཐིག་དྲང་པོར་བཏབ་ནས་རིགས་པའི་རྣམ་འགྱུར་མི་འདྲ་མཚོན་བརྒྱའི་འབྱེད་ཀྱི་བཞིན་མདངས་ཕྱི་བའི་འཛུམ་ཕྲེང་གསལ་པོར་བྲིས་པ་ན། །བློ་གྲོས་ལང་ཚོ་དར་ལ་བབ་པའི་སྒེག་འཆང་མ་རྣམས་ལེགས་བཤད་མཛའ་བོའི་གདོང་ལ་བལྟ་བའི་རྩེ་དགའི་མེ་ཏོག་གསར་པས་བཞིན་གྱི་དངུལ་སྐྱོགས་བཀང་ནས་རྣམ་དཔྱོད་མིག་ཟུང་ངོས་ལ་ཅི་ཡང་ལེན། །བློ་གྲོས་ན་ཆུང་འཁྱོག་པོའི་ལམ་དུ་རབ་ཞུགས་སྐལ་མེད་ཉམ་ངའི་ཐང་ལ་ཚིག་ཕྲེང་སྨིག་རྒྱུའི་ལྦུ་བས་ངོམས་པར་རློམས་པའི་ཁེངས་ལྡན་དེ་དང་ལུགས་ངན་གཞན་ལ་སྦྱངས་པའི་ཡུས་ཅན་རྒན་པོ་དེས། །ལེགས་བཤད་ཡིད་བཞིན་རྒྱ་མཚོ་ཆེན་པོའི་དྲུང་དེར་མི་བགྲོད་ཤེས་མེད་དམུས་ལོང་དག་ལ་རྣམ་བཀྲའི་གཟུགས་ཀྱིས་ཅི་བྱ་ཡིད་འོང་ངོ་མཚར་ཅན་གྱི་བསྟན་བཅོས་གསར་པའི་གླེགས་བམ་ཁྱམས་ཆེན་ག་ལ་མཐོང༌། །ལེགས་བཤད་ཐུར་མས་བློ་མིག་རབ་ཕྱེ་ཕྲག་དོག་གདོན་གྱིས་དཀྲུགས་པའི་འཇིགས་པ་དང་བྲལ་གཟུ་བོའི་མགོ་འཕངས་བསྟོད་ནས་གྲུབ་མཐའ་རྒྱ་མཚོའི་དེ་ཉིད་དཔྱོད་པའི་བློ་ཆེན་དེ་ཡིས་མཐོང་ན་དོན་ཡོང་འགྱུར། །འདིར་བཤད་འདི་ནི་སྔོན་གྱི་མཁས་པའི་ལུང༌། །ལུང་དང་རིགས་པའི་འཁོར་ལོས་གཞན་ཕམ་བྱེད། །བྱེད་པོ་གཞན་དང་མི་མཉམ་གྲུབ་མཐའི་མཚོ། །མཚོ་ཆེན་ཇི་བཞིན་འཁྲུལ་པའི་དྲི་མ་འཁྲུད། །འདི་དང་མཉམ་པའི་ལེགས་བཤད་འགའ་ཡོད་ན། །ན་ཚོད་རྒན་པོའི་མཁས་པས་བྱས་པར་ངེས། །ངེས་མེད་ཚིག་གི་འཕྲེང་བ་འཁྱམ་པོ་ལ། །ལ་ལས་བྲིས་ཞུས་བྱས་དང་འདི་མི་མཉམ། །དེ་འདྲ་དེ་ནི་གཞུང་ལུགས་རབ་མཁས་མཁས་པའི་གཞུང་ལ་གུས་བརྟེན་བརྟེན་པ་གཞན་དང་མི་མཉམ་མཉམ་པོར་རློམ་རྣམས་ལན་གཅིག་ཞལ་སྐྱེངས་སྐྱེངས་ཀྱང་ཡིད་འཕྲོག་འདི། །དིང་སང་འདི་ནི་གཞན་གྱིས་རབ་ཁྲེལ་ཁྲེལ་མེད་བརྩོམ་གྱི་ཕྲེང་བ་མི་ཤེས་ཤེས་བློའི་རློམ་པས་རབ་ཁེངས་ཁེངས་པས་མཁས་པའི་ལེགས་བཤད་བཤད་ཀྱང་སྤོང་བྱེད་པ། །དེ་དག་ཀུན་གྱིས་རྒྱ་ཆེར་རབ་བཤད་བཤད་པས་གཏམ་འདི་ཐོས་ཚེ་ཚེ་འདི་དོན་མེད་བྱས་ཞེས་རབ་ཞུམ་ཞུམ་པའི་ཚུལ་གྱིས་ང་རྒྱལ་བྱེད་པ་དེ་ཐོང་ལ། །འདིར་བྲིས་འདི་དག་རི་མོར་བྲིས་ལ་གཏམ་འདི་གཏམ་དུ་བྱོས་དང་སྔོན་གྱི་ཉེས་བཤད་ཉེས་པར་གོ་ནས་ལེགས་བཤད་ལེགས་པའི་ཚོགས་འདི་ཁྱེད་ཀྱི་བློ་ལ་གཤིན་ཞིང་ཤིས་པར་གྱུར། །དེ་སྐད་སྨྲ་ངེས་སྡེ་སྣོད་གསུམ་ཤེས་ཤེས་བྱའི་གནས་ལ་བློ་གྲོས་ཞུགས། །རིགས་གནས་གཞན་དང་བརྡའ་སྤྲོད་བྱེད་གཞུང་ལ་རྟོག་རྟོག་གེའི་གཞུང་ལུགས་སྦྱངས། །ཐེག་མཆོག་གཞུང་ལ་ཐོས་པ་རབ་མང་མང་པོས་འགྲན་པར་ག་ལ་ནུས། །རྒྱ་ཆེན་གསུང་རབ་བལྟ་བའི་བློ་མིག་མིག་སྟོང་ལྡན་པ་ཇི་བཞིན་གསལ། །ལ་ལས་ལོ་བརྒྱར་སྦྱངས་པ་གང༌། །གང་གིས་ཉི་མ་གཅིག་ལ་ཤེས། །ཤེས་ཆུང་ལ་ལ་རང་བློའི་དཔེས། །དཔེ་གཞན་ཉེ་བར་འཇལ་བ་ཡོད། །སྙིགས་དུས་འདི་ན་རྒྱུས་མེད་མང་པོས་རྒྱུས་གཏམ་བཤད་པས་བློ་ཆུང་འགའ་ཞིག་བློ་གྲོས་འཁྲུལ་ནས་འཁྲུལ་གཏམ་རྒྱུན་མི་ཆད་པར་འཆད། །ཕལ་ཆེར་རྩོད་འདོད་འདོད་པས་ཁེངས་ཀྱང་དགག་སྒྲུབ་ཚུལ་ལུགས་ལུགས་བཞིན་མ་ཤེས་བློ་གྲོས་ངན་པའི་ཚིག་སྦྱོར་སྦྱོར་བའི་རྩོད་པས་རྩོད། །ལ་ལ་བརྒྱ་ཕྲག་བླུན་པོས་རབ་བཀུར་བཀུར་མ་ཐག་ཏུ་ཆེན་པོར་རབ་རློམས་རློམས་པས་དབང་མེད་གང་བཅོལ་བཅོལ་ཆུང་རྩོམ་པ་བརྩོམ། །འཆད་རྩོད་རྩོམ་པའི་ཁར་དེ་བོར་ན་རྒྱལ་བའི་བཀའ་དང་ཚད་ལྡན་གཞུང་དེ་མི་བོར་བོད་ཡུལ་མཁས་པའི་གསུང་ལ་ཕན། །ཁྱེད་ཅག་གཞུང་ལུགས་གང་འཆད་ཀྱང༌། །ཐལ་བ་དང་ནི་རང་རྒྱུད་ཀྱི། །སྦྱོར་བ་གཉིས་སུ་རབ་བསྡུས་ནས། །འཆད་པར་བྱེད་པའི་ཁུངས་དེ་གང༌། །ཁོ་བོ་གཞུང་ལུགས་གང་འཆད་ཀྱང༌། །རྣམ་དབྱེ་མ་འདྲེས་ལེགས་ཕྱེ་ནས། །བརྡའ་སྤྲོད་བྱེད་པའི་གཞུང་བཞིན་འཆད། །ཁྱེད་ཅག་རྩོད་པ་བྱེད་པ་ན། །རང་ཕྱོགས་བསྒྲུབ་པ་ཐལ་བས་སྒྲུབ། །གཞན་ལ་ཁས་བླངས་ནང་འགལ་ཙམ། །གཙོ་བོར་བྱེད་པའི་ཁུངས་དེ་ཅི། །ཁོ་བོ་རང་ཕྱོགས་སྒྲུབ་པ་ན། །ཚུལ་གསུམ་ཚང་བའི་རྟགས་ཀྱིས་སྒྲུབ། །སུན་འབྱིན་ཕལ་ཆེར་སྒྲུབ་པ་ཡི། །ཐལ་འགྱུར་ཆོས་གསུམ་ཚང་བས་བྱེད། །ཁྱེད་ཅག་བསྟན་བཅོས་གང་རྩོམ་ཀྱང༌། །ཕལ་ཆེར་རྟགས་དང་ཆོས་ཅན་དང༌། །ཆོས་སུ་སྦྱར་ནས་རྩོམ་པ་ཡི། །ཁུངས་དེ་གཞུང་ལུགས་གང་ནས་འབྱུང༌། །ཁོ་བོ་བསྟན་བཅོས་གང་རྩོམ་ཀྱང༌། །རྣམ་དབྱེ་བརྒྱད་དང་ལེགས་སྦྱོར་ཞིང༌། །ཚིག་རྒྱན་གཞུང་དང་རྒྱ་བོད་ཀྱི། །སྡེབ་སྦྱོར་གཞུང་དང་མཐུན་པར་བརྩོམ། །དེ་ཕྱིར་ཁོ་བོའི་འཆད་བརྩོད་དང༌། །བརྩོམ་པས་གཏན་ལ་མ་ཕན་ཀྱང༌། །རང་གི་རྒྱུད་དང་ལེགས་འབྱོར་ཞིང༌། །བསྟན་ལ་གནོད་པ་མེད་པར་ངེས། །ཁྱད་པར་རྟོག་གེའི་འཁྲུལ་འཇོམས་འདིས། །ཚད་མའི་གཞུང་ལུགས་ངོ་མཚར་ཅན། །འཁྲུལ་པའི་འདམ་དུ་བྱིང་གྱུར་པ། །གྱད་ཀྱིས་བསླངས་ནས་ལུང་རིགས་ཀྱི། །རིན་ཆེན་ཕྲི་ལ་བཞུགས་གསོལ་ཏེ། །རྟོག་གེའི་དེ་ཉིད་ལེགས་བསྟན་པས། །རྒྱལ་བའི་བསྟན་ལ་མི་ཕན་ན། །བསྟན་ལ་ཕན་པ་གང་ཞིག་ཡིན། །འདིར་འབྱུང་ལུང་གིས་སྒྲུབ་བྱེད་ཚད་མའི་མདོ། །སྡེ་བདུན་རང་གི་འགྲེལ་བཅས་རིགས་པའི་གཏེར། །འགྲེལ་པར་བཅད་ཡིན་དེ་དང་མི་མཐུན་པའི། །ཆ་ཤས་སྣང་ན་ཁྱེད་ཀྱིས་མགྱོགས་པར་དོར། །དེ་ལྟ་མིན་པའི་ལུང་རིག་ལྟར་སྣང་གིས། །སུན་འབྱིན་བྱེད་རློམ་དེ་དག་གད་མོའི་གནས། །ས་སྐྱའི་པཎ་ཆེན་འཇིགས་མེད་དཔའ་བོ་དེའི། །གཞུང་ལུགས་ལོབས་པར་འདོད་པའི་གཞོན་ནུ་དག །གང་འདིའི་ལུང་རིགས་གནས་འདིར་མགྱོགས་པར་སློབ། །འདིར་འབྱུང་མཁས་པའི་རྒྱུས་གཏམ་འདི་མེད་ན། །རིགས་གཏེར་འཆད་པའི་རྣམ་དཔྱོད་ག་ལ་འབྱུང༌། །བོད་ཡུལ་མཁས་པའི་ལུགས་རྙིང་མི་ལྟ་བར། །དེ་དག་མུ་སྟེགས་འཁྲུལ་པའི་ལུགས་ཡིན་ཞེས། །རང་ཉིད་རྨོངས་པས་བཀུར་བའི་མངོན་རློམ་གྱིས། །རིགས་པའི་གཏེར་གཞུང་འཆད་པ་གད་མོའི་གནས། །དེ་ཕྱིར་འདི་བརྩམས་པ་ལས་བྱུང་བའི་དགེ་བ་ཚངས་པའི་བུ་མོ་ཇི་བཞིན་རབ་དཀར་འཕྲོག་བྱེད་རྐང་པའི་གོས་བཞིན་རབ་བསིལ་ལམ་གསུམ་ལྡན་པ་ཇི་བཞིན་རབ་དག་བྱེད་པའི་རྒྱུན་གང་དེས། །རྣམ་དཔྱོད་རལ་བ་དམར་བའི་ཁུར་འཛིན་ཀུན་གྱི་བློ་གྲོས་བང་མཛོད་ཕོངས་པ་ཀུན་དང་བྲལ་བར་བྱས་ནས་ཀུན་ནས་འཁོར་ཡུག་ཡངས་པའི་ཁྱོན་དེར་རིང་དུ་འཁྱམས་ཤིང་སིམ་པར་བྱས་པ་ལས། །དངོས་འཛིན་འཕྲོག་བྱེད་སྙིང་གི་དུག་རྣམས་མ་ལུས་བསལ་ཞིང་དངོས་འདོད་བློ་གསལ་སློབ་མའི་ཡིད་ཀྱི་དྲང་སྲོང་ཛཱ་ཧུའི་མགྲིན་པ་ནང་ནི་རེ་འདོད་སྐལ་ལྡན་ཤིང་རྟའི་སྣོད་རྣམས་རབ་བཀང་ནས། །ཐོག་མེད་དུས་ནས་ལྷ་མིན་མེས་པོའི་སེམས་ཀྱི་རུས་བུའི་ངོས་ལ་ཆགས་པའི་དྲི་མ་མ་ལུས་བཀྲུས་ཤིང་བསྟན་པ་དང་ནི་ཐོས་པའི་ཡིད་བཞིན་མཚོ་ཆེན་མགྱོགས་པར་ཁེངས་ཏེ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་རོལ་བྱེད་ཤོག །སྔོན་ཚེ་སངས་རྒྱས་བསྟན་པ་ལ། །བགྱི་བ་བགྱིས་པའི་མཁས་པ་ནི། །གྲུབ་པའི་ས་ལ་བཞུགས་གྱུར་པ། །འཇམ་དཔལ་རྡོ་རྗེ་ཞེས་གྲགས་དེ། །དུས་འདིར་མི་ཕམ་ཆོས་ཀྱི་རྗེ། །གཡག་ཕྲུག་ཆོས་ཀྱི་རྒྱལ་པོ་ཞེས། །ཀུན་ནས་གྲགས་པ་གསལ་ལྡན་པ། །དེ་ལ་སྙིང་ནས་ཕྱག་བགྱིའོ། །སྔོན་ཚེ་མཁས་པའི་དབང་པོ་ནི། །པདྨའི་ངང་ཚུལ་ཞེས་གྲགས་པ། །དུས་འདིར་རོང་སྟོན་ཆོས་ཀྱི་རྗེ། །དེ་ཡི་ཞབས་རྡུལ་དྲི་མེད་པ། །ལན་གཅིག་མིན་པར་གཙུག་གིས་བླངས། །སླར་ཡང་གུས་པས་ཕྱག་བགྱིའོ། །མཚུངས་མེད་རྗེ་བཙུན་དེ་གཉིས་ཀྱི། །ཞལ་གྱི་བདུད་རྩི་ལེགས་གསོལ་ཞིང༌། །ལེགས་བཤད་རི་མོ་མཐའ་དག་ནི། །ཐུགས་མཚོའི་ཁྱམས་སུ་བྲིས་གྱུར་པ། །དོན་ཡོད་མཁྱེན་པའི་དཔལ་གྱི་ནི། །ལེགས་བཤད་བདུད་རྩི་མ་ཉམས་ཤིང༌། །ཉེས་བཤད་འཕན་དང་མ་འདྲེས་པར། །མགྲིན་པར་འཐུངས་ལས་དེང་འདི་སྦྱར། །འདི་ཡི་རྒྱབ་རྟེན་ལུང་དང་ནི། །རིགས་པའི་རྣམ་འགྱུར་མི་འདྲ་བ། །བརྒྱ་ཕྲག་སྟོང་གི་རྔ་སྒྲ་ཡིས། །གངས་ཅན་མཁས་པའི་བཤད་སྲོལ་ལྟར། །རྣམ་དཔྱོད་ཤིང་རྟའི་ཁྲིར་བླངས་ཏེ། །མང་ཐོས་རིགས་པའི་རྟ་བརྒྱ་ཡིས། །གོམ་པའི་འགྲོས་ཀྱིས་རབ་བཏེག་ནས། །བསྟན་པའི་མཁའ་ལ་འཆར་བ་འདི། །སྔོན་དུས་ཞིག་ནས་བརྩམས་མོད་ཀྱང༌། །ཡུན་རིང་ལེ་ལོའི་དབང་དུ་ཐལ། །དུས་འདིར་ས་སྐྱོང་བསྟན་པ་ཡི། །མཚོ་ཆེན་སྤེལ་མཁས་རྣམ་དཔྱོད་ཅན། །རིགས་པའི་གཞུང་ལ་དད་ཐོབ་པ། །བཀྲ་ཤིས་ཉིན་མོའི་མགོན་གང་གིས། །མཐུན་པའི་ཡོ་བྱད་ཀུན་སྦྱར་བས། །སྡེ་བདུན་རིགས་པའི་མཚོ་ཆེན་ནས། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཛོད། །རྟོག་གེའི་འཁྲུལ་འཇོམས་འདི་འཁྲུངས་སོ། །དགེ་དེས་ས་སྐྱོང་མཆེད་དང་བཅས། །སྲས་ཡུམ་མངའ་འབངས་དང་བཅས་པ། །ཐམས་ཅད་དགེ་ཞིང་ཤིས་པ་དང༌། །ཚེ་རིང་འབྱོར་པས་གང་བ་དང༌། །མི་དབང་དབུ་རྨོག་བཙན་པ་དང༌། །མི་སྲུན་ཁེངས་པ་ཕྲོགས་བྱས་ནས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་ལས། །ནམ་ཡང་གཡོ་བ་མེད་གྱུར་ཅིག །ཅེས་རྟོག་གེའི་འཁྲུལ་པ་འཇོམས་པ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་ནི། སྡེ་སྣོད་གསུམ་རྟོག་གེ་ཡན་ལག་དང་བཅས་པ་ལ་བསྙེངས་པ་མེད་པའི་དགེ་སློང་ཡུལ་དབུས་ཀྱི་རིགས་པ་སྨྲ་བ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་རྒྱལ་བ་ཞེས་བྱ་བ་ཤིང་ཕོ་རྟའི་ལོ། ཆུ་སྟོད་ཀྱི་ཉ་ཡོངས་སུ་གང་བའི་འགྲུབ་སྦྱོར་བཟང་པོ་ལ་མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་གཡས་སུ་བཟང་ལྡན་གྱི་བཤེས་གཉེན་བསམ་གཏན་དགའ་བའི་དཔལ་བཟང་པོའོ། །འདིས་ཀྱང་བདག་ཉིད་ཆེན་པོ་དཔལ་ཆོས་ཀྱི་གྲགས་པའི་དྲི་མ་མེད་པའི་རིགས་པ་ཕྱོགས་བཅུར་རྒྱས་ཤིང་སྙན་པའི་གྲགས་པས་ས་སྟེང་མ་ལུས་པར་ཁྱབ་པར་གྱུར་ཅིག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*