བྱམས་ཆོས་ལྔའི་ལམ་གྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་རིན་ཆེན་སྒྲོམ་གྱི་སྒོ་འབྱེད།

༼ད༽༄༅། །བྱམས་ཆོས་ལྔའི་ལམ་གྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་རིན་ཆེན་སྒྲོམ་གྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭ་སྟི་སིདྡྷཾ། ཡང་དག་རྫོགས་སངས་རྒྱས་དང་རྒྱལ་ཚབ་ཀྱིས། །དགོངས་དང་གསུང་ཇི་བཞིན་པས་རྒྱུད་ཚིམ་སྟེ། །དྲང་ངེས་འབྱེད་པར་རྒྱལ་བས་ལུང་བསྟན་པ། །ཐོགས་མེད་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་མི་ཕམ་གྱིས་གསུངས་པ། །ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ལམ་ཆེན་པོས། །ཇི་བཞིན་དྲངས་བའི་མངོན་རྟོགས་ཕྲེད་མང་པོ། །བརྒྱུད་པའི་རིམ་པ་ལས་འོངས་འདིར་བརྗོད་བྱ། །དེ་ལྟར་མཆོད་པར་བརྗོད་ཅིང༌། བརྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་རྗེ་བཙུན་གྱི་ཆོས་ལྔའི་ལམ་གྱི་མངོན་པར་རྟོགས་པར་མདོར་བསྡུས་པ་ཇི་ལྟར་འཆད་ནུས་པ་བཞིན་བཤད་པ་ལ་གསུམ་སྟེ། ཐོག་མར་མངོན་རྟོགས་རྒྱན་གྱི་དང༌། དེ་ནས་བྱམས་ཆོས་བར་པ་གསུམ་གྱི་དང༌། རྗེས་སུ་རྒྱུད་བླ་མའི་ལམ་རིམ་མདོར་བསྡུས་ཏེ་འཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དྲང་ངེས་གང་དུ་གནས་པ་དང༌། གྲུབ་མཐའ་གང་དུ་གནས་པ་དང༌། ལམ་གྱི་རིམ་པ་ཇི་ཙམ་ཞིག་ཏུ་གནས་པའོ། །དང་པོ་ནི། བསྟན་བཅོས་འདིར་ཐོས་བསམ་གྱིས་གཏན་ལ་ཕེབས་པའི་ཚེ། གནས་སྐབས་ཀྱི་ངེས་དོན་ངོ་བོ་ཉིད་མེད་པ་པས་བཀྲལ་བ་དང༌། མཐུན་པར་བཤད་དགོས་པ་ཡིན་ཏེ། དེའི་ཚེ་ན་རྣལ་འབྱོར་མངོན་སུམ་གྱི་ཉམས་སུ་མྱོང་བྱ་ངོས་འཛིན་མི་དགོས་པའི་ཕྱིར། གོམས་པས་རབ་ཏུ་མྱོང་བྱ་ངོས་འཛིན་པའི་ཚེ་ན། ཐོགས་མེད་མཆེད་ཀྱིས་བཀྲལ་བ་དང་མཐུན་པར་འཆད་དགོས་པ་ཡིན་སྟེ། དེའི་ཚེ་ན་རྣལ་འབྱོར་མངོན་སུམ་གྱི་ཉམས་སུ་མྱོང་བྱ་ངོས་འཛིན་དགོས་པའི་ཕྱིར། དེ་ལྟར་གཉིས་སུ་འབྱེད་པའི་རྒྱུ་མཚན་ཡང་ཇི་སྐད་དུ། ཡུལ་ནི་རྣམ་པ་གསུམ། ཞེས་དང༌། སྦྱོར་བ་བཞིའི་བདག་ཉིད་ཅེས་སོ་སོར་ཕྱེ་བའི་དབྱེ་བ་ལས་སོ། །གཉིས་པ་ནི། སྤྱིར་མངོན་རྟོགས་རྒྱན་ནས་གསུངས་པའི་གྲུབ་མཐའ་འཇོག་ཚུལ། ཐོགས་མེད་ཞབས་ཀྱི་ཇི་ལྟར་ཕྱེ་བ་ལས་གཞན་དུ་གཡོ་བར་ནུས་པ་མ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བར། དོན་དམ་རྣམ་ངེས་ཀྱི་ལེའུ་ནི། དོན་ཇི་ལྟར་བཀྲལ་བ་དེ་ཉིད་སྦྱོར་བ་བཞིའི་ཉམས་སུ་མྱོང་བྱར་འཆད་དགོས་པའི་ཕྱིར་དང༌། བྱམས་ཞུས་ཀྱི་ལེའུ་གོང་འོག་གི་དངོས་བསྟན་ཡང་བྱམས་ཆོས་བར་པའི་གྲུབ་མཐའི་བཞུགས་ཚུལ་ཉིད་ལས་བྱུང་བའི་ཕྱིར་དང༌། འཕགས་སེང་གི་ཇི་སྐད་དུ། དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་ཤེས་བྱ་ཐམས་ཅད་རང་སྟོང་དུ་འགྲེལ་མི་འགྲེལ་གྱི་ཁྱད་པར་ལས་གཞན་མེད་ལ། དོན་དམ་དཔྱོད་ཀྱི་རིགས་ངོར་ཤེས་བྱ་ཐམས་ཅད་རང་སྟོང་དུ་གཏན་ལ་འབེབས་པ་དང༌། ཕེབས་པ་ནི་ལུགས་སྔ་མ་ལ་ཡང་འགལ་བ་མེད་ཅིང༌། དགོས་པའི་ཕྱིར་ཁྱད་པར་དང་ཡང་བཅས་ཏེ། སྒྲ་རྟོག་གི་ངོ་བོའི་མཚན་འཛིན་ཇི་སྙེད་པ་ཡང་ཁེགས་ཤིང༌། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ལ་ནི་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ངོ་བོར་གྱུར་པའི་རིགས་པ་སུས་ཀྱང་གནོད་པ་སྐྱེལ་མི་ནུས་ཤིང་གཞོམ་པར་མི་ནུས་པའི་ཕྱིར། ལུགས་གཉིས་པོ་དངོས་བསྟན་སྟོང་ཉིད་ཀྱི་གཏན་ལ་འབེབ་ཚུལ་སོ་སོ་བ་དེ་ལྟར་བྱུང་ཡང༌། མཉམ་བཞག་ཏུ་སྒོམ་བྱུང་རྣལ་འབྱོར་ཉམས་སུ་ལེན་ཚུལ་ནི་མི་མཐུན་པ་མ་ཡིན་ཏེ། སློབ་དཔོན་གྱིས་རྣལ་འབྱོར་གྱིས་གཞི་པའི་རྣལ་འབྱོར་དུ་བཤད་པ་དེ་ཉིད། འཕགས་པ་གྲོལ་སྡེའི་དགོངས་པ་ལས་གཞན་དུ་མ་གཡོས་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སྟོང་ཉིད་ཀྱི་རིམ་པ་དུ་ཞིག་ཡིན་པ་དང༌། མངོན་རྟོགས་ཀྱི་རིམ་པ་དུ་ཞིག་བསྟན་པའོ། །དང་པོ་ལ་དབྱེ་བའི་སྒོ་གསུམ་སྟེ། ལེའུ་ཚན་པ་སོ་སོའི་སྒོ་ནས་དང༌། ཐོས་བསམ་གྱིས་གཏན་ལ་འབེབ་ཚུལ་གྱི་སྒོ་ནས་དང༌། སྒོམ་པས་ཉམས་སུ་མྱོང་བྱའི་སྒོ་ནས་སོ། །དང་པོ་ནི། རབ་འབྱོར་གྱི་ལེའུ་སོགས་བརྒྱད་ཀྱི་སྐབས་ནས་བྱུང་བའི་སྟོང་ཉིད་ཀྱི་རིམ་པ་བརྒྱད་དུ་དབྱེ་བ་དང་བསྡུ་བར་ཡང་ནུས་ཏེ། ཡུལ་སྐྱེ་མེད་གསུམ་གྱི་ངོ་ལྡོག་འབའ་ཞིག་པ་དང༌། དེ་ཉིད་ཡུལ་དུ་བྱེད་པའི་ཤེས་རྣམ་ལེའུ་བར་པ་བཞིའི་སྐབས་ནས་འབྱུང་བ་དང༌། འབྲས་བུ་ཆོས་སྐུའི་སྐབས་ནས་འབྱུང་བ་རྣམས་སོ། །དེ་ལས་ཀྱང་རྒྱས་པར་ཕྱེ་ན་དོན་བདུན་བཅུ་པོ་སོ་སོར་འཆད་བྱེད་ཀྱི་མདོའི་སྐབས་ནས་འབྱུང་བའི་སྟོང་ཉིད་ཀྱི་རིམ་པ་གསུངས་ཚུལ་བདུན་བཅུ་ལ་སོགས་པར་ཡང་དབྱེ་བར་ནུས་ཏེ། ཡུམ་གྱི་མདོར་སྟོང་པ་ཉིད་ཀྱི་གསུང་ཚུལ་གདུལ་ཚུལ་གདུལ་བྱའི་བསམ་པ་ལ་ལྟོས་ནས་སྐབས་སོ་སོ་བ་དག་ཏུ་རྣམ་གྲངས་མང་པོ་གསུངས་པ་དག་ལ་ཟློས་པ་སྤངས་པའི་ཕྱིར་དུ། རྗེ་བཙུན་གྱིས་རྒྱུན་འདིར་སྦས་དོན་མངོན་རྟོགས་ཀྱི་ལུས་དང་ཡན་ལག་དབྱེ་བ་རྒྱས་པར་ཕྱེ་ནས་མདོའི་སྐབས་སོ་སོ་དང་ཐ་དད་དུ་སྦྱར་བའི་ཕྱིར། གཉིས་པ་ནི། གཉིས་སྟོང་རང་གི་ངོ་བོ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་ཀྱང༌། ཆོས་ཅན་གྱི་སྒོ་ནས་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབས་པའི་དུས་ཀྱི་དང༌། ཀུན་རྫོབ་ཀྱི་བདེན་པ་ཙམ་རང་སྟོང་དུ་གཏན་ལ་ཕབ་པའི་དུས་ཀྱི་དབྱེ་བས་སོ། །འདི་དག་འཕགས་ཡུལ་དང་བོད་ཡུལ་བ་དག་གི་ལུགས་ཐ་དད་ལ་སྐུར་པ་འདེབས་པ་དག་སྣང་ཡང་ཇི་བཞིན་པ་ཉིད་དུ་བཟུང་བར་མི་བྱ་སྟེ། ལུགས་གཉིས་ཀ་ཡང་ཚད་ལྡན་གྱི་སྲོལ་ཆེན་རྒྱལ་བས་ལུང་བསྟན་བརྙེས་པ་དག་ལས་བྱུང་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཉམས་ལེན་གྱི་རིམ་པ་ཇི་ལྟར་བཞེད་པའོ། །དང་པོ་ནི། ཤེར་མདོ་དང་རིགས་ཚོགས་ཀྱི་དངོས་བསྟན་རིགས་པས་གཏན་ལ་ཕབས་པའི་སྟོང་ཉིད་མེད་པར་དགག་པ་ཁོ་ན་ལ་དང༌། འཁོར་ལོ་གསུམ་པས་བར་པའི་དགོངས་པ་བཀྲལ་བ་ལྟར། རྣམ་རྫུན་དབུ་མར་གྲགས་པའི་གཞུང་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འབའ་ཞིག་ལ་དང༌། འཕགས་སེང་གིས་བདེན་པས་སྟོང་པའི་མིང་ཅན་གྱི་སྣང་བ་སྒྱུ་མ་ལྟ་བུ་ཉིད། ཡེ་ཤེས་ཀྱི་དམིགས་པར་བཞེད་པ་རྣམས་སོ། །གཉིས་པ་ལ་གསུམ་སྟེ། དབུ་མ་ཐལ་རང་བ་དག་གི་དང༌། བྱམས་ཆོས་རྩ་བའི་དང༌། འཕགས་སེང་གིས་བཞེད་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོའི་ཚོགས་ལམ་དུ་རིགས་པའི་སྒོ་དུ་མའམ། ཚད་ལྡན་གཅིག་གིས་གཏན་ལ་ཕབ་ཀྱང་རུང་སྟེ། ཟབ་མི་དང་ཉི་ཚེ་བ་དང་ཁྱབ་པའི་དབྱེ་བ་ཅི་ཡང་མི་ཕྱེད་པའི། སྟོང་པ་ཉིད་མེད་པར་དགག་པ་ནམ་མཁའ་ལྟ་བུ་དེ་ཉིད་ལས་མ་གཏོགས་པའི་ཤེས་བྱ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་ཡང་དེ་ལྟར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ་དེར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་དུ་ཁས་ལེན་པའི་ཕྱིར། ཤེས་བྱེད་དེ་ཉིད་ཀྱིས་ན་ཆོས་འགའ་ཡང་ཡོད་མིན་དུ་གྲུབ་པ་ཡིན་ཏེ། ལྟོས་ནས་གྲུབ་པ་ནི་གང་དུ་སྣང་བ་དེ་ཉིད་དུ་གྲུབ་པ་མ་ཡིན་པའི་ཤེས་བྱེད་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཚོགས་ལམ་དུ་དེ་ལྟར་གཏན་ལ་ཕེབས་ནས་སྦྱོར་མཐོང་སྒོམ་གསུམ་གྱིས་མཉམ་གཞག་ཏུ་ནི་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་གཅིག་པུ་དེ་ལས་གཞན་ཆོས་ཅན་སོ་སོ་དང་འབྲེལ་བའི་སྟོང་ཉིད་ཀྱི་དབྱེ་བ་དང༌། བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་སོགས་ཀྱི་དབྱེ་བ་གང་ཡང་མི་བཞེད་ཅིང༌། ཁྱད་པར་ནི་སྦྱོར་བའི་ལམ་དུ་ཡེ་ཤེས་དང་སྟོང་ཉིད་རོ་གཅིག་པར་མ་སོང་ལ། མཐོང་སྒོམ་ལམ་གྱི་མཉམ་གཞག་སྟོང་ཉིད་འབའ་ཞིག་པ་དེའི་ཡེ་ཤེས་ཉིད་ཀྱང་སྟོང་པ་ཉིད་དུ་རོ་གཅིག་ན། ཆོས་ཅན་སྣ་ཚོགས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། མཉམ་གཞག་དེ་ལ་ཚད་བཟུང་མེད་པ་ཉིད་དུ་མཉམ་པར་འཇོག་པ་མ་ཡིན་ཏེ། དེ་ལྟར་བཞག་ན་ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པས་འཇིགས་ནས་མཉམ་པར་འཇོག་སེམས་མངོན་དུ་བྱེད་པའི་ཚེ་ན། དུས་འདི་ཙམ་ཞིག་ན་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་ནས་མཉམ་པར་འཇོག་པ་དང༌། ས་བརྒྱད་པར་ནི་རྒྱལ་བ་རྣམས་ཀྱི་མཉམ་གཞག་དེ་ལས་སློང་པར་ཡང་མཛད་པས་སོ། །དེ་ལས་ལངས་པའི་རྗེས་ཐོབ་ཀྱི་ཚེ་ནི་ས་བཅུའི་རིམ་པས་ཤེར་ཕྱིན་གྱི་མདོ་ལས་འབྱུང་བའི་སའི་ཡོངས་སྦྱོང་དུ་བཤད་པ་བཅུ་པོ་རྣམས་སམ། དབུ་མ་འཇུག་པ་ལས་གསུངས་པའི་ཕར་ཕྱིན་བཅུའི་ཉམས་ལེན་གྱི་རིམ་པས་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པ་ཉིད་དུ་བྱེད་དོ། །དེ་ལྟར་ཚོགས་གཉིས་ཡོངས་སུ་རྫོགས་པའི་ལག་རྗེས་སུ་སངས་རྒྱས་ཀྱི་སར་འབྲས་བུ་སྐུ་གཉིས་འགྲུབ་པ་ནི། དོན་དམ་པ་ཆོས་ཀྱི་སྐུ་དང༌། ཀུན་རྫོབ་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དང་པོ་ནི། སྒྲིབ་པ་མ་ལུས་པ་ཟད་པ་སྤངས་པའི་ཁྱད་པར་དང༌། དེ་བཞིན་ཉིད་འབའ་ཞིག་པར་གནས་པ་ངོ་བོའི་ཁྱད་པར་དང༌། སྐུ་དང་ཕྲིན་ལས་སྣ་ཚོགས་པར་སྟོན་ནུས་པ་བྱེད་ལས་ཀྱི་ཁྱད་པར་གསུམ་མོ། །གཉིས་པ་ནི། སྤྲོས་པའི་ཚོགས་མ་ལུས་པ་ལས་གྲོལ་བའི་བྱང་སེམས་འཕགས་པ་དག་ལ་ངེས་པ་ལྔ་ལྡན་གྱི་སྐུར་སྣང་བ་སྟེ། བསོད་ནམས་ཀྱི་ཚོགས་མ་ལུས་པ་རྫོགས་པའི་ལག་རྗེས་སོ། །འདི་ཡང་རྒྱུའི་ཁྱད་པར་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ། ངོ་བོའི་ཁྱད་པར་སྟོབས་བཅུའི་ཡེ་ཤེས་འབའ་ཞིག་པར་གནས་པ། བྱེད་ལས་ཀྱི་ཁྱད་པར་གདུལ་བྱ་ལ་ཕྲིན་ལས་སྣ་ཚོགས་སུ་སྟོན་པའོ། །ཡེ་ཤེས་ཀྱི་སྐུ་ནི་གདུལ་བྱ་གཞན་སྣང་གིས་བསྡུས་པར་ནི་མི་བཞེད་པས་སངས་རྒྱས་ཀྱིས་སས་བསྡུས་ལ། དེའི་ཚེ་གནས་ཚུལ་སྟོང་ཉིད་དུ་གནས་པ་དང༌། སྣང་ཚུལ་ཡེ་ཤེས་སུ་སྣང་བ་དག་གཞི་གཅིག་གི་སར་ངོ་བོ་གཅིག་ཏུ་གནས་པ་ནི་བདེན་གཉིས་ཟུང་དུ་འཇུག་པའི་དོན་ནོ། །ཡེ་ཤེས་འདི་ཀུན་རྫོབ་དངོས་མ་ཡིན་ཏེ། དེའི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར། དེ་ལྟ་ན་ཡང་སྟོང་པ་ཉིད་དངོས་མ་ཡིན་པའི་རྒྱུ་མཚན་གྱིས་ཀུན་རྫོབ་ཏུ་བཏགས་པའོ། །གལ་ཏེ་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསོག་པའི་ཚེ་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ཞེས་ཀུན་གྱིས་འཆད་པ་དེའི་ཚེ་སྦྱིན་སོགས་འཁོར་གསུམ་པོ་སྟོང་པ་ཉིད་དུ་ཐག་གཅོད་པ་ཡིན་ན་ནི། ཇི་སྐད་དུ། ལས་འབྲས་རྣམས་ལ་སེམས་དཔའ་ང་དགག་པ་མཛད། །ཅེས་པའི་དོན་ཅི་ལ་དགོངས་པ་དང༌། རྗེས་ཐོབ་མི་དམིགས་ན་བསོད་ནམས་ཀྱི་ཚོགས་ལ་སྐུར་པ་བཏབ་པར་སོང་བ་མ་ཡིན་ནམ་ཞེ་ན། བཤད་པ་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་རྗེས་མཐུན་པ་ལ་ནི་སྟོང་པ་ཉིད་ཀྱི་བློ་ཐོས་བསམ་ལས་བྱུང་བ་དག་གིས་ཟིན་པར་བྱ་དགོས་པ་ཡིན་མོད་ཀྱི། ལོངས་སྐུའི་ཐུན་མོང་མ་ཡིན་པའི་འགྲུབ་བྱེད་དངོས་ལ་ནི། སྟོང་ཉིད་འབའ་ཞིག་པའི་མཉམ་གཞག་གི་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། དེ་མ་སོང་ན་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྣང་བ་མི་འཆར་བའི་ཕྱིར། སྒྱུ་མའི་འཁོར་གསུམ་པོ་ཉིད་ཀྱང་མེད་པར་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྗེས་ཐོབ་ཡེ་ཤེས་ཀྱི་ངོར་འཁོར་གསུམ་ལ་མཚན་མའི་སྣང་བ་མི་འཆར་ཡང༌། རྣམ་ཤེས་ཀྱི་ངོར་སྒྱུ་མའི་སྣང་ཆ་གསུམ་པོ་ཐ་དད་དུ་སྣང་བ་མི་འདོར་བའི་ཕྱིར། སྦྱིན་སོགས་ལ་འཇུག་བཞིན་པའི་ཚེ་སྒྱུ་མའི་འཁོར་གསུམ་པོ་ལ་ཐོས་བསམ་གྱི་རིགས་པས་དཔྱད་པ་བྱས་པ་མ་ཡིན་ཏེ། བཞི་བརྒྱ་པར། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་མི་བྱ་སྟེ། །ཞེས་གསུངས་པས་སོ། །རྣམ་ཤེས་ཀྱི་ངོར་འཁོར་གསུམ་དུ་སྣང་བ་དེ་ཡང༌། ཡེ་ཤེས་ཀྱིས་གསུམ་པོ་མི་དམིགས་པ་ཉིད་དུ་ཟུང་དུ་སྦྲེལ་དགོས་ཏེ། ཇི་སྐད་དུ། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ཞེས་བཤད་པས་སོ། །འོ་ན་དེའི་ཚེ་གང་ཟག་གཅིག་ལ་ཤེས་རྒྱུད་རྫས་ཐ་དད་པ་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་རྫོབ་ཀྱི་སྣང་བ་ནི་འཁྲུལ་པའི་ཕྱིར་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་འཆར་སྒོ་སོ་སོར་མ་ཕྱེ་ན། སྣང་ལ་རང་བཞིན་མེད་པ་ཞེས་ཀུན་གྱི་ཚིག་ཏུ་འདོན་པ་དེའི་གོ་བ་མི་རྙེད་པའི་ཕྱིར་དང༌། རྣམ་ཤེས་ནི་རྒྱུད་དུ་འདོད་པ་སུ་ཡང་མེད་པའི་ཕྱིར། ཇི་སྐད་དུ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་པ་དང་མཐུན་ནོ། །གཉིས་པ་ལ། བྱམས་པའི་ཆོས་སྤྱི་སྐད་ལས་ནི། ཐོས་བསམ་གྱི་ཚེ་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་རང་སྟོང་དུ་གཏན་ལ་ཕབ་ནས། སྒོམ་བྱུང་གི་ཚེ་དོན་དམ་པའི་བདེན་པ་འབའ་ཞིག་ལ་མཉམ་པར་འཇོག་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས་ཀྱང་དེ་ལྟར་ཆེས་གསལ་བ་ཉིད་དུ་བཤད་ན། ཆོས་གཞན་བཞི་པོ་དག་ལས་སྨོས་ཅི་དགོས། རྒྱན་འདིར་ཐོས་བསམ་གྱི་ཚེ་སྟོང་པ་ཉིད་གཏན་ལ་འབེབས་ཚུལ་ཡུམ་གྱི་མདོའི་དངོས་བསྟན་དང་མཐུན་པར་གཏན་ལ་ཕབ་པ་དེ་ཤེས་བྱ་མཐའ་དག་ལ་རྣམ་ཤེས་ཀྱི་ངོར་མཚན་འཛིན་གྱི་རྟོག་པ་མ་ལུས་པ་འགོག་པའི་ཕྱིར་ཡིན་གྱི་ཡེ་ཤེས་ཀྱི་ངོར་མཚན་མེད་ནམ་མཁའ་ལྟ་བུ་ལ་མཉམ་པར་འཇོག་པའི་ཕྱིར་དུ་ནི་མ་ཡིན་ཏེ། དེ་འདྲ་དེ་ནི་ལྡོག་པ་གཞན་སེལ་ཉིད་ཡིན་པས་ཡེ་ཤེས་ཀྱི་ངོར་མི་རུང་བའི་ཕྱིར། དེ་ཡང་འདི་ལྟར། ཚོགས་ལམ་དུ་བདེན་པ་བཞི་པོ། ཇི་སྐད་དུ། ནད་ནི་ཤེས་བྱ་ཞེས་སོགས་ཀྱི་གོ་རིམ་དང་མཐུན་པར་གཏན་ལ་འབེབས་ཤིང༌། སྟོང་ཉིད་འབའ་ཞིག་པ་དང༌། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མེད་པས་ན་ངེས་འབྱེད་ཆ་མཐུན་ཞེས་མི་བྱ་ཞིང༌། སྨོན་པ་སེམས་བསྐྱེད་གཙོ་བོར་གྱུར་པས་ན། ཐར་པ་ཆ་མཐུན་ཞེས་བྱའོ། །དེའི་འོག་ཏུ་སྒོམ་བྱུང་གཙོ་བོར་གྱུར་པ་ལ་སྦྱོར་བ་ནི་ངེས་འབྱེད་ཆ་མཐུན་ཏེ། ཇི་སྐད་དུ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་བཤད་པ་དེའི་ཚེ། ཐེག་ཆེན་ཐུན་མོང་མ་ཡིན་པ་ཉིད་ཀྱི་སྦྱོར་མཐོང་སྒོམ་པ་གསུམ་ཀའི་མཉམ་གཞག་གི་དབང་དུ་མཛད་པས་ངེས་འབྱེད་ཆ་མཐུན་བཞི་པོའི་དམིགས་པ་བདེན་པ་བཞི་དང་གོ་རིམ་དུ་སྦྱོར་བར་མི་མཛད་པས་ན། མཉམ་བཞག་དངོས་གཞིའི་དུས་སུ་སྟོང་ཉིད་འབའ་ཞིག་པའི་ཡུལ་ཅན་ཉིད་དུ་ངེས་ལ། དེ་ལྟ་ན་ཡང་སྤང་བྱ་རྟོག་པ་བཞིའི་གཉེན་པོ་རིམ་ཅན་པ་ཉིད་དུ་ངེས་པས་ན། ས་མཚམས་སོ་སོར་འབྱེད་པ་ནི་འཕགས་སེང་གི་འགྲེལ་པ་བཞིན་ནོ། །སྐབས་གཉིས་པ་མན་ཆད་དུ་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་རྣམ་སྣ་ཚོགས་སུ་གསུངས་པ་ནི་གདུལ་བྱའི་ཁྱད་པར་སོ་སོར་དང༌། མདོའི་དངོས་བསྟན་སོ་སོ་དང་སྦྱོར་བའི་དབང་དུ་མཛད་པ་སྟེ། དཔེར་ན་སྐབས་གཉིས་པར། ཤེས་པར་བྱ་བའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་འཆད་པའི་ཚེ། ངེས་འབྱེད་ཆ་བཞི་དང་བདེན་པ་བཞིའི་དམིགས་རྣམ་གོ་རིམ་དུ་སྦྱར་བ་བཞིན་ནོ། །སྐབས་གཉིས་པ་དང་གསུམ་པར་ཐུན་མོང་མ་ཡིན་པའི་མཐོང་ལམ་ལ་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་ཡང༌། ཆོས་མངོན་པའི་རྣམ་གཞག་དང་མཐུན་པར་འཆད་མི་ནུས་ཤིང༌། འཕགས་སེང་གིས་ཀྱང་མ་མཛད་དོ། །དེ་ཡང་སྐབས་གཉིས་པར་ནི་ཕན་ཡོན་གྱི་སྒོ་ནས་བཅུ་དྲུག་ཏུ་ཕྱེ་བ་ཡིན་གྱི། མཉམ་གཞག་རང་གི་ངོ་བོ་སྟོང་ཉིད་འབའ་ཞིག་པའི་རྣམ་པ་ཅན་ཏེ། སྐད་ཅིག་བརྒྱད་པ་ལ་འགོག་པར་ལྟུང་སྲིད་པའི་འཇིགས་པ་དང་བཅས་པར་བཤད་པས་སོ། །སྐབས་གཉིས་པར་ཐུན་མོང་མ་ཡིན་པའི་སྒོམ་ལམ་ལ་ཡོན་ཏན་མངོན་དུ་བྱེད་པའི་ཟག་བཅས་སྒོམ་ལམ་དང༌། ཟག་མེད་ལ་ཡང་ཁྱད་པར་གྱི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། བར་ཆད་མེད་པའི་ལམ་རྣམས་གོ་རིམ་བཞིན་དུ་བཤད་ནས། མཉམ་གཞག་བར་ཆད་མེད་ལམ་ལ་སྤང་བྱའི་དབྱེ་བས་ཆེ་འབྲིང་དགུར་དབྱེ་བ་བསྟན་ནོ། །འོ་ན་འདི་དག་དང་སྐབས་དང་པོའི་གཉེན་པོ་ཚོགས་སྒྲུབ་ཀྱི་ཁྱད་པར་ཅི། ཟློས་པར་བཤད་པ་མ་ཡིན་ནམ་ཞེ་ན། མི་ཟློས་པ་ནི་བཤད་བྱའི་མདོ་སོ་སོའི་སྐབས་དང་སྦྱར་དགོས་པ་ཡིན་ལ། ཁྱད་པར་ནི། སྔར་མཐོང་ལམ་ལ་གཟུང་འཛིན་གྱི་རྟོག་པ་བཞིའི་གཉེན་པོ་ཆོས་བཟོད་བཞིར་འབྱེད་པ་དང༌། སྒོམ་ལམ་གྱི་ཆོས་ཤེས་ལའང་དེའི་གཉེན་པོ་བར་ཆད་མེད་ལམ་བཞིར་ཕྱེ་བ་ཡིན་ལ། དེའི་ཚེ་སྡུག་བདེན་གྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་རྟོག་པ་ཀུན་བརྟགས་བཞི་པོ་སྡུག་བསྔལ་ཆོས་བཟོད་ཀྱིས་ཅིག་ཆར་སྤོང་བས་ན། གཞན་གསུམ་ལའང་དེ་བཞིན་དུ་སྦྱར་བས་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ལ་བཞི་དང༌། སྒོམ་ལམ་ཆོས་ཤེས་ཀྱི་བར་ཆད་མེད་ལམ་དང་པོས་སྡུག་བདེན་གྱི་དབང་དུ་བྱས་པའི་རྟོག་པ་ལྷན་སྐྱེས་བཞི་པོ་ཅིག་ཆར་དུ་སྤོང་བ་ན། གཞན་གསུམ་ལའང་དེ་བཞིན་དུ་སྦྱར་བས་སྒོམ་སྤངས་གཉེན་པོའི་ཚོགས་སྒྲུབ་བཞིར་འབྱེད་དོ། །དེ་དག་གི་ཤེས་བྱེད་ཀྱང་སྡུག་བདེན་ལྟ་བུའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀའི་སྟོང་པ་ཉིད་མངོན་སུམ་དུ་མ་མཐོང་ན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་མི་རུང་ལ། དེ་མངོན་སུམ་དུ་མཐོང་བའི་བར་ཆད་མེད་ལམ་གྱིས་ནི་ཆོས་ཅན་སོ་སོ་ལ་ལྟོས་པའི། གཟུངས་འཛིན་གཉིས་ཀའི་རྟོག་པ་དག་གི་ས་བོན་དྲུངས་འབྱིན་ནུས་པའི་ཕྱིར། སྐབས་གསུམ་པར་བསྟན་པའི་མཐོང་ལམ་ཆོས་བཟོད་དང་པོས་སྡུག་བསྔལ་བདེན་པ་ལ་ལྟོས་པའི་སྒྲོ་འདོགས་བརྒྱད་ཅིག་ཆར་དུ་སེལ་ནུས་པ་ན། ལྷག་མ་གསུམ་ལའང་དེ་བཞིན་དུ་སྦྱར་བས་ནི་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང་དོན་འདྲ་ཞིང་མི་ཟློས་པ་ནི་སྔ་མ་བཞིན་དང༌། འདིར་བསྟན་རྟོག་སོགས་བཅུ་དྲུག་གི་གཉེན་པོ་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་ནི་ཤེས་པར་བྱ་བ་ཐེག་དམན་གྱི་མཐོང་ལམ་དུ་ཤེས་དགོས་པ་དང༌། དེ་ལྟར་ཤེས་ནས་དེའི་རིགས་རྒྱུན་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་སྟོན་རྒྱུ་མ་ཡིན་པའི་ཤེས་བྱེད་གོ་བ་དང་བཅས་པ་ནི་སྐབས་གསུམ་པ་ལོགས་སུ་བསྟན་པའི་དགོས་པའི་ཁྱད་པར་ཅིག་གོ །དེ་ནས་སྐབས་བཞི་པའི་དངོས་བསྟན་གྱི་སྦྱོར་མཐོང་སྒོམ་གསུམ་ནི་སྔ་མ་དག་ལས་ཁྱད་པར་དུ་འཕགས་པ་དང་བཅས་ཏེ་ཕྱིར་མི་ལྡོག་པའི་རྟགས་སོགས་རྗེས་ཐོབ་ཏུ་བཤད་པའི་ཡོན་ཏན་གྱི་ཆ་ནས་གཙོ་ཆེར་བཤད་པའི་ཕྱིར། སྒོམ་ལམ་གྱི་སྐབས་སུ། འཇལ་དང་ངེས་རྟོག་སོགས་ཀུན་རྫོབ་ཏུ་ཐོས་བསམ་འདྲེས་མའི་ཡིད་བྱེད་དང༌། དེ་ནི་རྒྱུན་ཆགས་སོགས་བར་ཆད་མེད་ལམ་ལ་དགུར་དབྱེ་བའི་ཤེས་བྱེད་འཕྲོས་དང་བཅས་པ་གསུངས་ཀྱང༌། རང་གི་ངོ་བོ་སྟོང་པ་ཉིད་ལ་མཉམ་པར་འཇོག་པའི་ཡེ་ཤེས་སུ་མ་གསུངས་པར། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་དང༌། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད་དང༌། །ཞེས་སྒོམ་ལམ་རང་གི་ངོ་བོ་སྟོང་པ་ཉིད་དུ་ལེགས་པར་བཤད་ནས། སྤང་བྱ་སྤོང་བ་དང་ཡོན་ཏན་གྱི་ཚོགས་མངོན་དུ་བྱེད་པ་ནི་འཇིག་རྟེན་པའི་བློ་ཀུན་རྫོབ་པར་བྱས་པར་བྱས་པ་ཉིད་དུ་བཤད་དོ། །དེར་མ་ཟད་སྤང་བྱ་གཟུང་འཛིན་གྱི་རྟོག་པ་གདོད་མ་ནས་ཡོད་མ་མྱོང་བར་བཤད་ན། ཆོས་ཐམས་ཅད་རང་སྟོང་གི་སྐབས་འདིར་གཉེན་པོ་ཡེ་ཤེས་དེར་འཆད་པ་ལ་འགལ་བ་ཅི་ཞིག་ཡོད། དེར་བཤད་པའི་གཞུང་སླར་ཡང་འཛུགས་པ་ནི་འོག་ནས། ཇི་སྐད་དུ་ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་སོགས་ཀྱི་སྐབས་ནས་རྒྱས་པར་འབྱུང་ངོ༌། །དེ་ལྟར་བཤད་པ་ལ་དོན་དམ་སྒོ་ཅན་གྱི་རྩོད་པ་སྤོང་བའི་དབང་དུ་མཛད་ནས་མར་མེའི་དཔེ་ཚུལ་གསུངས་པ་ཡིན་ནོ། །སྐབས་ལྔ་པར་ནི། རྟག་སོགས་བཞི་པོ་མདོའི་དངོས་བསྟན་བཞིན་དུ་བཤད་ནས་སྦས་དོན་དང་དངོས་སུ་མ་སྦྱར་ལ། ངེས་འབྱེད་ཆ་བཞི་དང་རིམ་པར་སྦྱོར་བ་ནི་འཕགས་སེང་གི་བཞེད་པའོ། །མཐོང་ལམ་རྩེ་སྦྱོར་འཆད་པ་ན་སྤང་བྱ་རྟོག་པ་བཞིའི་དབྱེ་བས་གཉེན་པོ་སྦྱོར་འཇུག་བཞིར་དབྱེ་བ་འཆད་ཚུལ་གཅིག་དང༌། གཉེན་པོ་བར་ཆད་མེད་ལམ་རང་གི་ངོ་བོ་ངོས་བཟུང་བ་དང་གཉིས་ལས། དེའི་ཚེའི་བཟོད་པ་བར་ཆད་མེད་ལམ་གྱི་དབྱེ་བ་སོ་སོར་མ་བཤད་ཀྱང༌། བཞིར་འབྱེད་དགོས་པ་ནི་གཞུང་གི་བབས་ཡིན་ལ། དེའི་ཚེ་བཞི་པོ་དེས་གོང་དུ་བཤད་པའི་རྟོག་པ་སོ་དྲུག་པོ་དེའི་ས་བོན་དྲུང་འབྱིན་པ་ནི་རྩ་བའི་དངོས་བསྟན་ཡིན་ཞིང༌། འགྲེལ་པར་དེ་སྤངས་པའི་རྣམ་གྲོལ་ལམ་ཡང་ཁ་བསྐང་བས་ན། འདིར་བསྟན་གྱི་མཐོང་ལམ་ལ་ཆོས་ཤེས་བཞིར་འབྱེད་པ་ཡང་གྲུབ་ཅིང༌། ཁྱད་པར་གྱི་ལམ་དུ་སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི་མཉམ་གཞག་གི་སྐབས་ཉིད་དུ་ངེས་པས། རྗེས་ཤེས་དང་རྗེས་བཟོད་ཀྱི་མིང་བཏགས་ཀྱང་འགལ་བ་མེད་ལ། རྟེན་འབྲེལ་ལ་རྟོགས་ཚུལ་ནི་མཐོང་ལམ་དེའི་རྗེས་ཐོབ་ཡེ་ཤེས་སོ། །གལ་ཏེ་ཆོས་བཟོད་དང་པོས་སྡུག་བསྔལ་བདེན་པ་མངོན་སུམ་དུ་མཐོང་བ་ལ་སྒྲིབ་བྱེད་ཀྱི་རྟོག་པ་གཉིས་ཀྱི་ས་བོན་དང༌། དེ་བཞིན་དུ་ཆོས་བཟོད་གཉིས་པ་སོགས་ཀྱི་ཀུན་འབྱུང་སོགས་ལ་སྒྲིབ་བྱེད་ཀྱི་རྟོག་པ་ཕྱི་མ་གཉིས་པོའི་ས་བོན་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དུ་ཁས་ལེན་དགོས་པ་དེའི་ཚེ། གཟུང་འཛིན་གྱི་རྟོག་པ་སྔ་མ་གཉིས་པོའི་ས་བོན་མགོ་གནོན་པའི་གཉེན་པོ་སྦྱོར་བ་ཉེར་བསྡོགས་སུ་གྱུར་པ་མཐོང་ལམ་གྱིས་བསྡུས་པ་ཞིག་ཀྱང་ཁས་ལེན་དགོས་པར་ལུས་རྣམ་གཞག་ཏུ་གསུངས་པ་དེའི་ངོས་འཛིན་ཅི་ཞེ་ན། ཆོས་མཆོག་སྐད་ཅིག་ཐ་མ་འདས། །ཆོས་བཟོད་སྐད་ཅིག་དང་པོ་ལ་མ་སླེབ་པའི་བར་དེ་ལ་འཇུག་པའི་ཉེར་བསྡོགས་ཞིག་དང༌། དེ་བཞིན་དུ་སྡུག་བསྔལ་ཆོས་ཤེས་འདས། ཀུན་འབྱུང་ཆོས་བཟོད་ལ་མ་སླེབ་པའི་བར་དེར་དེ་ལ་འཇུག་པའི་ཉེར་བསྡོགས་སུ་ངོས་བཟུང་བར་ནུས་པ་རྣམས་ཏེ། སྒོམ་ལམ་བར་ཆད་མེད་ལམ་ཆུང་འབྲིང་དགུའི་བར་བར་དག་ཏུ་ཡང་རྟོག་པ་ཆུང་འབྲིང་དགུའི་ས་བོན་མགོ་གནོན་པའི་སྦྱོར་བ་ཉེར་བསྡོགས་རེ་རེ་ངོས་འཛིན་པར་ནུས་ཏེ། བར་དེ་དག་ཏུ་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་དུ་མ་ཡང་ངོས་འཛིན་ནུས་པའི་ཕྱིར། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཁོ་ན་ལ་ངོས་འཛིན་དགོས་པ་ནི་མ་ཡིན་ནོ། །དེ་ལྟར་བཤད་པའི་འོག་ཏུ་སྒོམ་ལམ་རྩེ་སྦྱོར་གྱི་རྣམ་གཞག་འཆད་ཚུལ་ལ། གཉེན་པོ་སྒོམ་ལམ་རྩེ་སྦྱོར་དངོས་ཀྱི་འཆད་ཚུལ་ནི། སྤང་བྱ་རྟོག་པ་བཞིའི་རྒྱས་བཤད་དངོས་སུ་བསྟན་པ་ཉིད་ཀྱིས་མཚོན་ནུས་པར་གཞུང་རྩ་བ་ཉིད་དུ་གསུངས་པ་དེའི་ངོས་འཛིན་ནི། རྟོག་པ་དེ་དག་གི་སྤོང་གཉེན་སྟོང་པ་ཉིད་ཀྱི་རྣམ་པ་འབའ་ཞིག་པ་ཅན་ནོ། །འདིར་བསྟན་སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་དངོས་གཞི་ཐོད་རྒལ་ནི་སྒོམ་ལམ་རྩེ་སྦྱོར་དངོས་ཀྱི་ཁྱད་པར་གྱི་ལམ་གྱི་དབང་དུ་བྱས་པ་ཡིན་གྱི། སྒོམ་ལམ་རྩེ་སྦྱོར་དངོས་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། སྦྱོར་དངོས་དེ་དག་ནི་མཐོང་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་དུ་བྱེད་པ་དང༌། སྙོམས་འཇུག་ལ་རྩལ་སྦྱོང་བའི་དབང་དུ་མཛད་པས་སོ། །མཐོང་སྒོམ་ལམ་གྱིས་རྩེ་སྦྱོར་འདི་དག་སྤོངས་གཉེན་ཁོ་ནའི་དབང་དུ་བྱས་པར་གང་ལས་ཤེས་ཞེ་ན། ལུས་རྣམ་གཞག་ཏུ། གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་དང༌། སྒོམ་རྩེའི་རྒྱས་བཤད་དུ། སྦྱོར་འཇུག་དངོས་སུ་བཤད་པ་དང༌། མཐོང་རྩེ་ལའང་སློབ་དཔོན་གྱིས་སྒོམ་རྩེའི་རྒྱས་བཀབ་ནས་གསུངས་པ་དང༌། སོ་སོའི་སྐབས་སུ་སྤང་བྱ་རྟོག་པའི་རྣམ་གཞག་རེ་རེ་དང༌། གཉེན་པོ་བར་ཆད་མེད་ལམ་གྱི་དང༌། སྤངས་པའི་འབྲས་བུ་ཡོན་ཏན་གྱི་དབྱེ་བ་རེ་རེ་གསུངས་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་གྱི་སྐབས་སུ་ཡང་དེ་བཞིན་ནོ། །བར་ཆད་མེད་རྩེ་དང་སྐད་ཅིག་སྦྱོར་གྱི་ཁྱད་པར་ནི། བར་ཆད་མེད་ལམ་དང༌། ཁྱད་པར་གྱི་ལམ་གྱི་ལྡོག་ཆ་སོ་སོར་ཕྱེ་བ་ཡིན་ཏེ། སྐད་ཅིག་སྦྱོར་བཞི་པོ་ནི། རྟོགས་བྱ་རྣམ་སྨིན་དང་རྣམ་སྨིན་མ་ཡིན་པ་དག རྟོགས་བྱེད་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པར་འཆད་པའི་ཕྱིར། བར་ཆད་མེད་རྩེ་དང་སྐད་ཅིག་མའི་སྦྱོར་བ་དངོས་སུ་སྐྱེ་བ་ལ་ནི། བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་བསལ་ཟིན་པ་སྔོན་དུ་འགྲོ་དགོས་ཀྱང༌། དེའི་ས་བོན་ནི་རྒྱུན་མཐའི་ཡེ་ཤེས་ཉིད་ཀྱིས་སེལ་དགོས་པ་ཡིན་ཏེ། བདེན་གཉིས་དངོས་པོ་ཐ་དད་དུ་འཛིན་པའི་ས་བོན་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་གྱིས་འཇོམས་པར་བཤད་པས་སོ། །ལོག་རྟོག་དེའི་སྐྱེ་ཚུལ་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་ན་ཤེས་བྱ་ཇི་སྙེད་པ་མཐའ་དག་རང་གི་མཚན་ཉིད་ཅན་དུ་བཞག་མ་ནུས་ཤིང༌། གཟུགས་རུང་སོགས་རང་རང་གི་མཚན་ཉིད་ཅན་དུ་བཞག་ནས་བླང་དོར་ལ་འཇུག་པ་དེའི་ཚེ་ནི་རང་སྟོང་དུ་འཇོག་མ་ནུས་པ་ལ་བསམ་ནས་རྒོལ་བའོ། །རྒོལ་བ་དེ་སེལ་བྱེད་ཀྱི་ལན་ནི་གཟུགས་སོགས་ཤེས་བྱ་མཐའ་དག་ཀུན་རྫོབ་ཏུ་སྣང་ལ། དོན་དམ་དུ་རང་བཞིན་མེད་པ་ཞེས་བྱ་བ་དེ་ཡིན་ནོ། །འོ་ན་གཉིས་པོ་དེ་ལས་དབང་བཙན་པ་གང་ཞིག་ཅེ་ན། རྒྱུ་དག་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་ལྟ་བུ་ཀུན་རྫོབ་ཀྱི་རྣམ་གཞག་གཙོ་བོར་འཇོག་པ་དེའི་ཚེ་ནི་ཀུན་རྫོབ་ཏུ་སྣང་བ་བཞིན་ཡོད་པ་གཙོ་ཆེ་ལ། གནས་ཚུལ་སེམས་པ་ལ་འཇུག་པའི་ཚེ་ཀུན་རྫོབ་ཏུ་ཡོད་པ་དབང་བཙན་པར་འདོད་པ་ནི། ཤེས་ཕྱིན་གྱི་མདོའི་དངོས་བསྟན་སྟོང་པ་ཉིད་ལ་བར་དུ་གཅོད་པའི་གསང་ཚིག་གོ །ཁྱེད་ཀྱང་ཤེར་མདོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་པ་དེ་མདོ་སྡེ་རྒྱན་སོགས་ཀྱི་དགོངས་པར་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འཆད་མོད། གཟུང་འཛིན་གྱི་ཆོས་ཇི་སྙེད་པ་ཀུན་རྫོབ་ཏུ་ཡོད་པ་ཙམ་གྱིས་ཡོད་པའི་གོ་ཆོད་པར་ནི་མི་བྱེད་དེ། ལུགས་དེར་ཡང་རྣམ་ཤེས་ཡུལ་དང་བཅས་པ་འཁྲུལ་པར་བཞེད་པའི་ཕྱིར། དེ་ལྟར་སངས་རྒྱས་ཀྱི་སར་ནི་ཡོད་པའི་ཆོས་ཤིག་ཁས་ལེན་རྒྱུ་བྱུང་ན་དོན་དམ་པའི་བདེན་པ་འབའ་ཞིག་ཏུ་ཟད་ཀྱི། ཀུན་རྫོབ་པའི་ཆོས་ཀྱི་ཆ་ཤས་རྡུལ་ཕྲན་ཙམ་ཡང་ཁས་མི་ལེན་པ་ནི། ཇི་སྐད་དུ། ཆོས་རྣམས་གཉིས་སུ་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་གསུངས་པ་ལས་གྲུབ་བོ། །དེ་ལྟར་རྣམ་རྩེའི་སྦྱོར་བ་གཉིས་རང་རང་གི་ངོས་སྐལ་གྱི་སྤང་བྱའི་སྤོང་གཉེན་དངོས་སུ་བཤད་པ་གྲུབ་ནས་སྦྱོར་བ་ཕྱི་མ་གཉིས་ནི་སྦྱོར་བ་སྔ་མ་གཉིས་པོའི་ཁྱད་པར་གྱི་ལམ་དུ་གྲུབ་པ་ཡིན་ཏེ། བརྟན་པ་ཐོབ་ཕྱིར་གྱིས་ལམ་དུ་བཤད་པ་དང༌། ལམ་གྱི་དངོས་གཞི་རྗེས་དྲན་དང་ཕར་ཕྱིན་དྲུག་ཏུ་བཤད་པ་ལས་དང༌། སྐད་ཅིག་གི་སྦྱོར་ནི་གོང་དུ་བཤད་མ་ཐག་པ་ཉིད་ཀྱི་ཕྱིར། དེ་ལྟ་ན་ཡང་མཐར་གྱིས་པ་རྣམ་རྩེའི་སྦྱོར་བ་རྫོགས་རྗེས་ཁོ་ནར་གོམས་པར་བྱེད་དགོས་པ་ནི་མ་ཡིན་ཏེ། སྦྱོར་བ་སྔ་མ་གཉིས་པོའི་དབང་དུ་བྱས་པའི་སྤོང་གཉེན་དེ་དག་ཀྱང་སོ་སོར་ལམ་བཞི་བཞིའི་ཁྱད་པར་དུ་འཆད་དགོས་པས་སོ། །གསུམ་པོ་འཕགས་སེང་གི་བཞེད་པ་ལ་སྟོང་པ་ཉིད་ལ་མཉམ་པར་བཞག་ནས་མི་མཐུན་ཕྱོགས་སྤོང་བའི་སྦྱོར་འཇུག་དང་རྣམ་གྲོལ་ལམ་གྱི་ཚེ་ཡང་མཉམ་གཞག་སྣང་བཅས་སུ་བཞེད་པ་ཡིན་ཏེ། སྣང་མེད་དུ་བཞེད་པ་ལ་སྟོང་པའི་ཕྱོགས་གཉིས་ལས། ཆོས་དབྱིངས་ཡེ་ཤེས་འབའ་ཞིག་དམིགས་པར་བཞེད་པའི་ཕྱོགས་ལ་དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པའི་སུན་འབྱིན་དང༌། གཉིས་སྟོང་མེད་དགག་འབའ་ཞིག་དམིགས་པར་བཞེད་པའི་ཕྱོགས་ལ་ཡེ་ཤེས་སྟོང་པའི་ཡུལ་ཅན་དང༌། སྟོང་ཉིད་འདུས་བྱས་སུ་ཐལ་བའི་སུན་འབྱིན་འཕངས་ནས། རང་ལུགས་ལ་སྣང་བ་སྒྱུ་མ་ལྟ་བུ་ཁོ་ན་ཡེ་ཤེས་ཚོགས་སྒྲུབ་ཀྱི་དམིགས་པར་བཤད་པ་དང༌། ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པའི་འགྲེལ་པར། རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་ཉིད་ལ་བལྟ། ཞེས་གསུངས་པའི་ཕྱིར། དེ་དུས་ཀྱི་སྣང་བཅས་དེ། འབྲས་བུར་གྱུར་པའི་སྣང་བ་ནི་མ་ཡིན་ཏེ། དུས་དེར་ཡང་དག་མིན་རྟོག་དང་བྲལ་བའི་ཡེ་ཤེས་ཀྱི་སྣང་བ་ཉིད་དུ་ངེས་པས་སོ། །དེའི་ཕྱིར་སྣང་མཁན་རང་ཉིད་ཀྱིས་བསྡུས་པའི་ཡེ་ཤེས་ཀྱི་སྣང་བ་སྣ་ཚོགས་པ་ཉིད་དོ། །རྗེས་ཐོབ་དག་པ་འཇིག་རྟེན་པ་དང་ཁྱད་པར་ཅི་ཞེ་ན། དེར་ནི་ཡང་དག་མིན་རྟོག་གིས་བསྡུས་པའི་རྣམ་ཤེས་ལ་སྣང་བ་མཐའ་དག་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་སྣ་ཚོགས་པ་ཉིད་དེ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཆ་ནས་ངོས་འཛིན་པའི་ཕྱིར་ཁྱད་པར་ཤིན་ཏུ་ཆེའོ། །དེ་ལྟར་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ། ཇི་ལྟར་སྒོམ་པའི་ཚུལ་དང༌། དེའི་ལག་རྗེས་སུ་སྤང་བྱ་སྤངས་པའི་རྣམ་གཞག་རྣམས་རྒྱས་པར་བཤད་ཟིན་ནས། གཉིས་པ་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། ཤིན་ཏུ་སྦས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་ལམ་རིམ་དང༌། ཅུང་ཟད་སྦས་པ་ཡན་ལག་བདུན་བཅུའི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས་སྟེ། བརྒྱད་པོ་ཐར་ཆགས་སུ་ཉམས་སུ་ལེན་ཚུལ་དང༌། བརྒྱད་པོ་རེ་རེ་ལ་ཡང་རང་རང་གི་ལམ་རིམ་ཚང་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོའི་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པའི་སྐབས་དེར་གཞི་ལམ་རྣམ་པའི་ཆོས་ཐམས་ཅད་ཀྱི་སོ་སོའི་མཚན་ཉིད་ཆོས་མངོན་པ་ནས་གསུངས་པ་དེས་ཇི་ལྟར་སྟོང་པའི་ཚུལ། ཤེར་མདོའི་དངོས་བསྟན་ཇི་ལྟ་བ་བཞིན་གཏན་ལ་འབེབས་ཤིང༌། ཕེབས་པ་དེ་ལ་ནི་འཇུག་པའི་ཡུལ་ངོ་ཤེས་པ་ཞེས་བྱ་ཞིང༌། མཁྱེན་པ་གསུམ་མངོན་རྟོགས་ཀྱི་ཐོག་མར་བསྟན་པ་ཞེས་ཀྱང་བྱ་སྟེ། མཁྱེན་པ་གསུམ་པོ་རང་གི་ངོ་བོ་ནི་སྐྱེ་མེད་གསུམ་ལ་ཐོས་བསམ་ཀྱི་སྒྲོ་འདོགས་ཆོད་ཟིན་པའི་ཡེ་ཤེས་ལས་མ་འདས་པའི་ཕྱིར། དེ་ལྟར་ཤེས་ཟིན་པའི་དོན་དེ་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་རིམ་པ་ནི་བཞི་སྟེ། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་སོ། །བཞི་པོ་དེའི་དངོས་སུ་མྱོང་བྱ་ནི་སྔར་གཏན་ལ་ཕེབས་པའི་སྟོང་པ་ཉིད་ཀྱི་ཤེས་རྣམ་ཁོ་ན་ཡིན་གྱི། མེད་པར་དགག་པའི་སྟོང་པ་ཉིད་དེ་ནི་མ་ཡིན་ཏེ། དེའི་ཡུལ་ཅན་ནི་རྟོག་པ་ཉིད་ལས་མ་འདས་པས་རྣལ་འབྱོར་མངོན་སུམ་དུ་མི་རུང་བའི་ཕྱིར། ཤེས་རྣམ་གྱི་གོ་བ་ཅི་ཞེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ཤིང་དཔྱད་པས་རྙེད་རྒྱུ་ཅི་ཡང་མ་བྱུང་ཞིང༌། ཡེ་ཤེས་རྗེས་མཐུན་པ་དེ་ཉིད་ལ་ངོས་འཛིན་པ་ཡིན་ཏེ། དེ་ཙམ་ལ་སྟོང་ཉིད་རྟོགས་པའི་ཐ་སྙད་བྱ་བར་གསུངས་པའི་ཕྱིར། ཤེས་རྣམ་དེ་ཡང་བསྡུ་ན་སྐྱེ་མེད་གསུམ་གྱི་རྣམ་པར་འདུས་ཀྱང༌། མདོའི་དངོས་བསྟན་གྱི་དབྱེ་བས་བརྒྱ་དང་བདུན་བཅུ་རྩ་གསུམ་དུ་ཕྱེ་བ་དེའི་ཚེ་མཐའ་དག་གམ་གང་ཡང་རུང་བ་ལ་རྣལ་འབྱོར་དུ་བྱས་པས་མི་མཐུན་ཕྱོགས་རགས་པ་མགོ་ནོན་པ་དེའི་ཚེ་དང༌། ས་བོན་འཇོམས་པའི་སྤོང་གཉེན་དངོས་སུ་གྱུར་པ་དེའི་ཚེ་ལ་ནི་གོ་རིམ་བཞིན་དུ་དབང་དུ་བྱེད་པ་རྒྱུ་འབྲས་ཞེས་བྱ་ལ། དེ་ལྟར་བྱས་པས་ངོས་སྐལ་གྱི་སྤང་བྱ་སོ་སོ་ལས་གྲོལ་བའི་རྣམ་གྲོལ་ལམ་གྱི་རྗེས་ཐོགས་སུ་མཐོང་ཆོས་ལ་བདེ་བར་གནས་པའི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་མང་པོ་བ་དག་དང་སྐྱེ་མེད་གསུམ་གྱི་ཤེས་རྣམ་ཟུང་དུ་འབྲེལ་བའི་ཉམས་ལེན་གྱི་གནས་སྐབས་སྔ་ཕྱི་བ་གཉིས་ལ་ནི་བརྟན་པ་རྒྱུ་འབྲས་ཤེས་བྱའོ། །དེ་ལྟར་བཤད་པ་དེ་དག་ནི། ཇི་སྐད་དུ། རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས། ཤེས་པ་ནས་ཤེས་པར་བྱ་བའི་བར་གྱི་དོན་ནོ། །ཅིག་ཆར་སྐྱེ་བ་དགག་པའི་ཕྱིར་ཞེས་སོགས་ཀྱི་དོན་ནི། རྣམ་རྩེ་གཉིས་ཀྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་གྱི་སྐབས་སོ་སོར་མ་ཕྱེ་ན། སྤང་བྱའི་སྒྲིབ་པ་ཇི་སྙེད་པ་གཉེན་པོ་ཡེ་ཤེས་གཅིག་གིས་ཅིག་ཆར་སྤོང་བའི་དོགས་པ་དགག་པའི་ཕྱིར་ཡིན་ཞེས་པའོ། །མངོན་པར་རྟོགས་པ་རྐྱང་ཁུགས་ཀྱི་ལམ་རིམ་བསྡུད་འགྲེལ་དང༌། བསྡུས་དོན་སྒྲོན་མེ་ལས་བཤད་པ་དེ་དག་ནི། ཤེས་པར་སླ་བས་འདིར་མ་བཀོད་དོ། །གཉིས་པ་བརྒྱད་པོ་སོ་སོའི་ལམ་རིམ་སོ་སོར་བཤད་པ་ལ་གཉིས་ཏེ། །མདོར་བསྟན་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱན་གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་མཁྱེན་པ་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་པ་ཉིད་དེ། ཇི་སྐད་དུ། སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་གསུངས་ལ། ཡུམ་གཅིག་པུ་དེ་ལ་བྱེད་ལས་ཀྱི་ཁྱད་པར་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བའི་མཐུ་དང་ལྡན་པས་ན། གདུལ་བྱ་རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པ་དང༌། གནས་སྐབས་སོ་སོའི་ལམ་ལ་འགོད་པར་ནུས་པས་འཕགས་པ་བཞི་ཀའི་ལམ་དུ་བཞག་པ་ཡིན་ལ། དེའི་རྒྱུ་མཚན་གྱི་རིགས་ཅན་གསུམ་ཀའི་འཕགས་པ་སོ་སོའི་རྒྱུད་ལ་ཡོད་པའི་གཞི་ལམ་ཤེས་པ་ཡང༌། བསྟན་བཅོས་འདིར་སྐབས་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་གཞི་ལམ་ཤེས་པ་མཐའ་དག་ཀྱང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཚན་ཉིད་པར་ཁས་ལེན་དགོས་ཏེ། ཤེར་དོན་རྒྱན་དང་བཅས་པས་ཐེག་པ་གསུམ་ཀའི་ལམ་རིམ་རྒྱས་པར་སྟོན་པའི་རྒྱུ་མཚན་གྱིས་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་ཚད་ལྡན་དག་གིས་བཤད་པའི་ཕྱིར་རོ། །གཞན་གྱིས་མྱོང་བ་མ་ཡིན་སྟེ། །ཞེས་པའི་དོན་ནི། འཇིག་རྟེན་པའི་ལམ་གྱིས་སོ་སོ་ལ་ཆགས་བྲལ་བྱས་པ་དང་བྱེད་བཞིན་པའི་རྣལ་འབྱོར་པ་ཕྱི་ནང་གཉིས་ཀས་ཀྱང་སྐྱེ་མེད་གསུམ་ཉམས་སུ་མྱོང་བྱ་མ་ཡིན་པར་དོན་གསལ་དུ་གསུངས་པ་འདི་ཉིད་དོ། །གཉིས་པ་ལ་བརྒྱད་ལས། དང་པོ་ནི། ཚོགས་ལམ་དུ་ཤེས་བྱའི་རྣམ་པ་མ་ལུས་པ་རང་གིས་ངོ་བོས་སྟོང་པར་གཏན་ལ་ཕེབས་པ་དང༌། སྨོན་འཇུག་གི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་ངེས་འབྱུང་སྒྲུབ་པའི་བར་ཉམས་སུ་བླངས་པའི་མཐུས་འབྲས་བུ་རྣམ་མཁྱེན་མངོན་དུ་གྱུར་པ་དེ་ལ་ནི། རྣམ་མཁྱེན་གྱི་ལེའུ་དངོས་ཀྱི་ལམ་རིམ་ཞེས་བྱ་སྟེ། ལེའུ་དང་པོ་འདིའི་སྦས་དོན་གྱི་གཙོ་བོ་དངོས་ནི། འབྲས་བུ་རྣམ་མཁྱེན་ཉིད་ལ་བྱེད་དགོས་པས། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པའི་འབྲས་བུ་ཡིན་པའི་ཕྱིར། ཞེས་སོ། །ལམ་རིམ་གཉིས་པ་ནི། ཐེག་པ་གསུམ་མ་ལུས་པར་རང་རང་གིས་ངོ་བོས་སྟོང་པར་རྟོགས་པ་སྔོན་དུ་བཏང་ནས། རྒྱུད་ང་རྒྱལ་དང་མི་ལྡན་པའི་རྟེན་ལ་ཐེག་པ་གསུམ་གྱི་ལམ་མ་ལུས་པ་ཤེས་པའི་རྟོགས་པ་ཡར་ལྡན་དང༌། གདུལ་བྱ་ཐེག་དམན་དུ་རིགས་ངེས་པ་རྣམས་ཐེག་པ་གསུམ་ལ་རིམ་གྱིས་དྲང་བ་དང༌། བྱང་སེམས་རང་ཉིད་འཁོར་བ་ཇི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དུས་མིན་དུ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ནས་བཟུང་སྟེ། རྣམ་དག་སྒོ་ལམ་གྱི་བར་ཉམས་སུ་བླངས་པའི་མཐུས་རྒྱུ་ལམ་ཤེས་ཡོངས་རྫོགས་མངོན་དུ་གྱུར་པ་དེ་ལ་ནི་སྐབས་གཉིས་པའི་སྦས་དོན་མངོན་རྟོགས་ཀྱི་ལམ་རིམ་ཞེས་བྱ་སྟེ། སྐབས་གཉིས་པ་འཆད་པའི་མདོ་དང་བསྟན་བཅོས་ཀུན་གྱི་སྦས་དོན་གྱི་གཙོ་བོ་ནི་རྒྱུ་ལམ་ཤེས་ཉིད་ལ་བྱེད་དགོས་པར། ཇི་སྐད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་མེད་ན་མི་འབྱུང་བས། ཞེས་གསུངས་པས་སོ། །ལམ་རིམ་གསུམ་པ་ནི། གོང་དུ་བཤད་པ་ལྟར་གཞི་ཕུང་ཁམས་སྐྱེ་མེད་དུ་བཤད་པའི་སྔོན་དུ་འགྲོ་དགོས་པ་ཡང་ཡིན་མོད་ཀྱང༌། ཁྱད་པར་དུ་དང༌། ཐེག་དམན་རང་རྒྱུད་ལ་ཡོད་པའི་དམན་ལམ་དང༌། བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱི་དབྱེ་བ་ཉིད་སྔོན་དུ་འགྲོ་དགོས་ཏེ། གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་འཛིན་པ་ལ་དེའི་ཐེག་པ་ཉིད་མངོན་དུ་བྱེད་དགོས་སམ་སྙམ་པའི་དོགས་པ་བཟློག་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་གསུངས་པའོ། །དེ་ལྟར་ཤེས་པ་དེ་ནས་གཟུང་སྟེ། གཞི་ཤེས་ཀྱི་སྦྱོར་བའི་མིང་ཅན་སྒྲོ་འདོགས་སོ་གཉིས་སྤོང་བྱེད་ཀྱི་གཉེན་པོ་སྦྱོར་བ་ཉེར་བསྡོགས་ཀྱི་ངོ་བོར་གྱུར་པ་རེ་རེ་དང༌། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་མཐོང་ལམ་ནས་བཟུང་སྟེ། དེ་ལྟ་བུའི་རྣམ་པ་ཅན་གྱི་ས་བཅུ་པའི་བར་སྤེལ་མར་ཉམས་སུ་བླངས་པས་འབྲས་བུ་རྣམ་མཁྱེན་གྱི་རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཁོང་དུ་ཆུད་པའི་གཞི་ཤེས་ཀྱི་རྟོགས་པ་མངོན་དུ་གྱུར་པ་དེ་ལ་ནི་སྐབས་གསུམ་པ་གཞི་ཤེས་ཀྱི་ལམ་ཞེས་བྱ་སྟེ། སྐབས་གསུམ་པ་འཆད་བྱེད་ཀྱི་མདོ་དང་བསྟན་བཅོས་ཀྱི་སྦས་དོན་མངོན་རྟོགས་ཀྱི་གཙོ་བོ་ནི། དམན་པའི་ལམ་གྱི་རྟོགས་རིགས་སྐབས་གཉིས་པའི་བྱང་སེམས་ཀྱི་རང་རྒྱུད་ལ་སྐྱེད་ནས་ཤེས་དགོས་པར་བསྟན་པ་དེ་མངོན་དུ་བྱས་ན་ཆད་པའི་མཐར་ལྷུང་བའི་མྱང་འདས་ཀྱི་ཉེས་པ་ཡོད་པས་དེ་འདྲ་དེ་མངོན་དུ་བྱེད་དགོས་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ཉིད་སྐབས་གསུམ་པ་ལོགས་སུ་བསྟན་པའི་དགོས་པར་ཤིན་ཏུ་གསལ་བའི་ཕྱིར། འོ་ན་དམན་པའི་གཞི་ཤེས་ཉིད་སྦས་དོན་གྱི་གཙོ་བོར་འཆད་དགོས་སོ་ཞེ་ན། མ་ཡིན་ཏེ། དེ་ལྟར་བཤད་ན་མཁྱེན་པ་གསུམ་པོའི་ལམ་རིམ་མི་འགྲིག་པའི་ཕྱིར། དེ་ལྟར་ན་རྒྱུ་ཐུན་མོང་མ་ཡིན་པ་ལམ་ཤེས་ཀྱིས་འབྲས་བུ་རྣམ་མཁྱེན་གྱི་རྟོགས་པ་འཁྲུལ་མེད་དུ་བསྐྱེད་པ་ལ། དེའི་རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཤེས་པ་འདི་སྐབས་གསུམ་པར་བསྟན་དགོས་པ་ཡིན་ནོ། །དེ་ལྟར་ཤེས་པ་ནི་ཐོས་བསམ་གྱི་ཤེས་རབ་ལ་ཡང་ཡོད་དོ་ཞེ་ན། ཡོད་མོད། མི་རྟག་སོགས་སུ་ཞེན་པའི་སྒྲོ་འདོགས་བཅུ་དྲུག་པོ་བར་ཆད་མེད་ལམ་གྱིས་སུན་མ་ཕྱུང་ན་དམན་པར་ལྟུང་བའི་འཇིགས་པ་དང་བཅས་པའོ། །དེ་ལྟར་བཤད་པ་ན་མཁྱེན་པ་གསུམ་པོ་རང་གི་ལྡོག་པ་ནས་ཀྱང་ལམ་རིམ་ཆ་ཚང་བ་གཅིག་བསྟན་པ་སྦྱོར་དུ་རུང་ལ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་པོ་ཉིད་མངོན་རྟོགས་ལྷག་མ་རྣམས་ཀྱི་སྐབས་སུ་ཡང་གཞུང་ཤིང་དུ་འཁྱེར་དགོས་པར་གྲུབ་སྟེ། དེ་དག་མེད་ན་ལམ་གྱི་ཆ་ཤས་མི་ཚང་བའི་རིགས་པ་ལས་དང༌། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །ཞེས་པའི་ལུང་ལས་སོ། །དེ་ནས་མངོན་རྟོགས་བཞི་པའི་ལམ་རིམ་བཤད་པ་ལ་གཉིས་སྟེ། སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་ཐུན་མོང་དུ་འགྲོ་བ་རྣམ་ཀུན་ཙམ་གྱི་སྒོམ་རིམ་དང༌། སྐབས་བཞི་པ་ཉིད་ཀྱི་སྦས་དོན་དུ་ངེས་པ་རྣམ་ཀུན་ཁྱད་པར་ཅན་གྱི་སྒོམ་རིམ་མོ། །དང་པོ་ནི། སྒོམ་བྱ་རྣམ་པ་དང༌། སྒོམ་པ་པོའམ་གང་ཟག་དང༌། ཇི་ལྟར་སྒོམ་པའི་སྦྱོར་བ་ཉིད་དང༌། སྒོམ་པ་ལས་བྱུང་བའི་ཡོན་ཏན་དང༌། སྒོམ་པ་ལ་བར་དུ་གཅོད་པའི་སྐྱོན་དང༌། མཁྱེན་གསུམ་གྱི་སྦྱོར་བ་སྤྱིའི་མཚན་ཉིད་རྒྱས་པར་ཤེས་པ་རྣམས་སྟེ། སྦྱོར་བ་བཞི་ཀ་ཡང་ཁྱད་པར་གྱི་ཆོས་དེ་དག་གིས་ཁྱད་པར་དུ་མ་བྱས་ན་མི་འབྱུང་བའི་ཕྱིར། སྲིད་ཞི་མཉམ་ཉིད་དང༌། ཞིང་དག་པ་དང༌། ཐབས་ལ་མཁས་པའི་སྦྱོར་བ་གསུམ་པོ་ཡང་རྣམ་ཀུན་ཙམ་གྱི་སྒོམ་རིམ་གྱི་དབང་དུ་བྱས་པ་ཡིན་ཏེ། དག་པ་སའི་རྗེས་ཐོབ་ཏུ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་འབྱོར་དུ་བྱེད་པ་སྨོན་ལམ་རྫོགས་པའི་ཕྱིར་དུ་དང༌། ཞིང་དག་པའི་སྦྱོར་བ་ནི་སྣོད་དང་བཅུད་ཀྱི་ཞིང་སྦྱོང་བའི་ཕྱིར་དུ་དང༌། ཐབས་མཁས་ཀྱི་སྦྱོར་བ་ནི་ཡང་དག་པའི་མཐའ་མངོན་དུ་བྱ་བའི་དུས་དང་དུས་མིན་གྱི་དབྱེ་བ་ཤེས་པར་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་པ་ལས་སོ། །འདི་ནི་སྦྱོར་བ་བཞི་ཀའི་ཁྱད་པར་གྱི་ལམ་དུ་བྱས་པར་གསལ་ལོ། །གཉིས་པ་རྣམ་ཀུན་ཁྱད་པར་ཅན་གྱི་ལམ་རིམ་ལ་གཉིས་ཏེ། གཞུང་གང་གིས་བསྟན་པ་དང༌། ལམ་རིམ་ཇི་ལྟར་སྦྱོང་བའི་ཚུལ་ལོ། །དང་པོ་ནི་ཐར་པ་ཆ་མཐུན་ནས། ཟབ་མོ་བརྒྱད་སྟོན་པའི་གཞུང་གི་བར་ཡིན་ལ། དེ་དག་ལས་ཐར་ཆའི་སྐབས་སུ་ནི་དབང་པོའི་ངོ་བོ་ཉིད་མ་ཡིན་པའི་དད་སོགས་ལྔ་ལ་ཐོས་བསམ་ལ་ཉམས་ལེན་གཙོ་བོར་གྱུར་ཞིང༌། འདིར་བསྟན་ངེས་འབྱེད་ཆ་མཐུན་ནི་སྔར་སྐབས་དང་པོ་གསུམ་དུ་བསྟན་པའི་ངེས་ཆའི་རྟོགས་པ་སྔོན་དུ་སོང་བའི་རྗེས་ཐོབ་ཀྱི་ཆ་ནས་བསྟན་ཅིང་བདེན་པ་བཞིའི་རྣམ་པ་ཅན་གྱི་དད་སོགས་དབང་པོའི་ངོ་བོ་ཉིད་དུ་གྱུར་པས། ཐར་ཆ་ལས་ཁྱད་པར་དུ་འཕགས་ཤིང་ངེས་ཆ་ཉིད་ཀྱི་དབང་དུ་བྱས་པའི་ཁྱད་པར་གྱི་ལམ་དང༌། ཁྱད་པར་དག་ལས་ཀྱང་ཡོན་ཏན་མངོན་དུ་བྱེད་པའི་ལམ་མོ། །དེ་ཡང་མཐོང་སྤང་གི་སྤོང་གཉེན་སྦྱོར་འཇུག་གཉིས་ཀའི་སྔོན་དུ་འགྲོ་བ་རྣམ་པར་སུན་འབྱིན་པའི་གཉེན་པོ་སྟེ། ཇི་སྐད་དུ། རང་བཞིན་བརྟེན་ཅན་བདེན་ཞེ་ན། །ཞེས་སོ། །ལམ་གསུམ་ཀའི་སྐབས་ཀྱི་ཕྱིར་མི་ལྡོག་པའི་རྟགས་སུ་བཤད་པ་རྣམས་ཀྱང་ལམ་སོ་སོའི་ཁྱད་པར་གྱི་ལམ་དུ་མ་ཟད་གཞན་རྗེས་སུ་འཛིན་པའི་ཡན་ལག་སྟེ། རྟགས་ཅན་དེ་དག་ལ་ཕྱིར་མི་ལྡོག་དུ་ཡིད་ཆེས་པས་ན་དེས་བསྟན་པའི་ལམ་ལ་འཇུག་སླ་བའི་ཕྱིར་གཉིས་པ་ལ། རྣམ་རྩེ་གཉིས་ཀྱི་ལམ་རིམ་ནི་སོ་སོར་ཡ་བྲལ་དུ་མི་རུང་བས་ན་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་ཆ་ཚང་གཅིག་གི་དབང་དུ་བྱེད་དགོས་སོ། །དེ་ཡང་འདི་ལྟར་སྦྱོར་ལམ་རྩེ་སྦྱོར་ནི། ཇི་སྐད་དུ། རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཞེས་དེའི་མཉམ་གཞག་ནི། མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་པར་བཤད་ལ། དེའི་ཚེ་རྣམ་རྫོགས་སྦྱོར་བའི་ངོ་བོར་གྱུར་པའི་སྦྱོར་ལམ་ནི་སྤོང་གཉེན་དེའི་ཡང་སྔོན་དུ་འགྲོ་དགོས་པས་ཐོས་བསམ་གཙོ་བོར་གྱུར་པའི་སྦྱོར་ལམ་ཞིག་གོ །སྦྱོར་ལམ་དེའི་རྗེས་ཐོབ་ཏུ་ནི། མཐོང་སྤང་རྣམ་པར་སུན་འབྱིན་པའི་གཉེན་པོ་ཉིད་དུ་གྱུར་པའི་སྦྱོར་ལམ་གྱི་རྣམ་རྫོགས་སྦྱོར་བ་འབྱུང་ལ། རྩེ་སྦྱོར་གྱི་ངོ་བོར་གྱུར་པའི་སྦྱོར་ལམ་ནི་དེའི་སྤོང་གཉེན་དུ་གྱུར་པའི་སྦྱོར་བ་ཉེར་བསྡོགས་དང༌། མཐོང་ལམ་བར་ཆད་མེད་ལམ་ནི་མཐོང་རྩེ་དངོས་དང༌། མཐོང་སྤང་གི་ས་བོན་དྲུང་འབྱིན་པའི་འཇུག་པ་བར་ཆད་མེད་ལམ་དུ་འཇོག་ཅིང༌། དེ་ལས་མཐོང་སྤངས་སྤངས་པའི་རྣམ་གྲོལ་ལམ་དང༌། དེ་ལས་ཀྱང་རྣམ་རྩེ་གཉིས་ཀའི་ཁྱད་པར་གྱི་ལམ་འབྱུང་ཞིང་ཁྱད་པར་ལམ་དེའི་སྐབས་སུ་རྣམ་རྫོགས་སྦྱོར་བའི་སྐབས་སུ་བསྟན་པའི་མཐོང་ལམ་དེར་འཇོག་ཅིང༌། དེ་ནི་སྒོམ་སྤང་ཆེན་པོའི་ཆེན་པོ་རྣམ་པར་སུན་འབྱིན་པའི་གཉེན་པོར་འགྱུར་ཞིང༌། དེ་ལས་དེའི་སྤོང་གཉེན་དངོས་སུ་གྱུར་པའི་སྦྱོར་འཇུག་རིམ་པར་སྐྱེའོ། །གལ་ཏེ་འོ་ན་མཐོང་སྒོམ་གྱི་ལམ་དུ་བསྟན་པའི་རྣམ་རྫོགས་སྦྱོར་བ་དེ་དག་ལ་བར་ཆད་མེད་ལམ་གྱི་རྟོགས་པ་སྔོན་དུ་མ་སོང་ན་ནི་རྗེས་ཐོག་ཏུ་འགལ་ལ། སོང་ན་རྩེ་སྦྱོར་དངོས་སུ་ཐལ་ལོ་ཞེ་ན། དེ་ལྟར་ཐལ་བ་ཉིད་འདོད་པ་ཡིན་སྟེ། མཐོང་སྤང་གི་སྤོང་གཉེན་དངོས་ཡིན་པས་སོ། །དེ་ལྟར་ཡིན་ཀྱང་མཐོང་ལམ་གྱི་ངོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་ནི་སྒོམ་སྤང་ཆེན་པོའི་ཆེན་པོ་རྣམ་པར་སུན་འབྱིན་པའི་གཉེན་པོར་གྱུར་པའི་ཆ་ནས་བསྟན་ཅིང༌། དེའི་རྗེས་སུ་རྟོགས་པ་དེའི་སྤང་གཉེན་དངོས་སུ་གྱུར་པའི་སྒོམ་ལམ་སྦྱོར་འཇུག་གཉིས་དང༌། དེ་སྤངས་པའི་རྣམ་གྲོལ་གྱི་ལམ་དང༌། དེའི་ཁྱད་པར་གྱི་ལམ་རྣམས་རིམ་པར་འབྱུང་ལ། སྐབས་དེར་རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་སྒོམ་ལམ་དེར་འཇོག་ཅིང་སྒོམ་ལམ་དེ་ནི་སྒོམ་སྤང་རྟོག་པ་ཆེན་པོའི་འབྲིང་རྣམ་པར་སུན་འབྱིན་པའི་གཉེན་པོ་ཉིད་དུ་བཞག་དགོས་སོ། །དེ་བཞིན་དུ་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོ་སྐྱེས་ཀྱི་བར་དུ། རྣམ་རྩེ་གཉིས་ཀྱི་སྒོམ་ལམ་གྱི་མིང་ཅན་སྤེལ་མར་སྐྱེ་བ་ཉིད་དུ་འཇོག་པར་རིགས་སོ། །ཡང་ཅུང་ཟད་རགས་པར་རྩི་ན། མཐོང་སྒོམ་གཉིས་ཀའི་སྤང་བྱ་ལ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་དང་བཞིར་བསྡུས། བཞི་པོ་རེ་རེ་ལས་རྣམ་རྫོགས་སྦྱོར་བའི་སྦྱོར་མཐོང་སྒོམ་གསུམ་པོ་རྟོག་པ་དེ་དག་གི་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། ཡོན་ཏན་མངོན་དུ་བྱེད་པ་དང༌། མཐོང་ཆོས་ལ་བདེ་བར་གནས་པ་དང༌། གཞན་ཡིད་ཆེས་པའི་ལམ་རྣམས་འབྱུང་སྟེ། ས་བཅུ་པའི་བར་དུ་ཡང་དེ་བཞིན་ནོ། །དེ་ལྟར་བཤད་པ་དེས་ནི་སྦྱོར་མཐོང་སྒོམ་གསུམ་གྱི་རྣམ་རྩེ་གཉིས་སྤེལ་མར་གོམས་པས་མངོན་རྟོགས་ཀྱི་རིམ་པ་ཚང་ལ་མ་ཉམས་པ་གཅིག་བྱུང་བ་དེའི་ཚེ་སྤང་བྱ་ཇི་སྙེད་དང་བྲལ་བའི་སྤངས་པ་ཐུན་མོང་བ་དང༌། བྱང་ཆུབ་ཆེན་པོ་དང༌། བརྟེན་པ་ཡོན་ཏན་མངོན་དུ་བྱེད་པ་སོགས་སྤངས་རྟོགས་ཀྱི་རིགས་མཐའ་དག་རྣམ་རྩེ་གཉིས་ཀའི་ཐུན་མོང་དུ་བཞག་པའོ། །དེ་ལྟར་ཤེས་ན་རྣམ་རྩེ་གཉིས་ལ་མི་མཐུན་ཕྱོགས་སྤོང་བ་ལ་དབང་བྱེད་པའི་རྒྱུ་འབྲས་ཞེས་བྱ་བའི་རྣམ་བཞག་ལེགས་པར་གྲུབ་བོ། །མཐོང་སྤང་རྟོག་པའི་སྤོང་གཉེན་དུ་གྱུར་པའི་སྦྱོར་འཇུག་གཉིས་ཀྱི་བར་དུ་རྗེས་ཐོབ་ཀྱིས་མི་ཆོད་པ་མངོན་པའི་ལུགས་དང༌། ཁྱད་པར་གྱི་ལམ་མང་པོས་བར་དུ་ཆོད་པ་རྒྱན་འདིའི་ལུགས་སོ། །དེ་བཞིན་དུ་སྒོམ་སྤང་རྟོག་པ་བརྒྱ་རྩ་བརྒྱད་སྤངས་ཟིན་པའི་རྗེས་ཀྱི་བརྟེན་པ་ཡོན་ཏན་མངོན་དུ་བྱས་པའི་སྐབས་དེར་གནས་ངན་གྱི་དྲི་མ་སུན་འབྱིན་པའི་རྣམ་རྫོགས་སྦྱོར་བ་འཇོག་ཅིང༌། དེ་ལས་དེའི་ས་བོན་འཇོམས་པའི་སྦྱོར་འཇུག་དག་ནི་བར་ཆད་མེད་པའི་རྩེ་སྦྱོར་དངོས་དང༌། དེ་ལས་བྱུང་བའི་རྣམ་པར་གྲོལ་བའི་ལམ་ནི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་དེའོ། །ཞེས་བྱ་བ་འདི་ནི་རྣམ་རྩེ་གཉིས་ཀའི་ཁྱད་པར་གྱི་ལམ་གྱི་གནས་སྐབས་ཡིན་པར་འཕགས་སེང་གིས་བཞེད་པ་དེའི་ཚེ། རྣམ་རྫོགས་སྦྱོར་བ་དང་མཐར་གྱིས་པའི་ཁྱད་པར་ནི། མི་མཐུན་ཕྱོགས་སྤོང་བ་དང་ཡོན་ཏན་མངོན་དུ་བྱེད་པའི་ཁྱད་པར་གྱི་ལྡོག་ཆ་ནས་སོ་སོར་འབྱེད་པ་ནི་གཙོ་བོ་ཡིན་ལ། ཞིབ་དུ་ཁྱད་པར་ལམ་གྱི་སྐབས་དེར་ཡང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པ་ལ་བར་དུ་གཅོད་བྱེད་ཀྱི་སྒྲིབ་པ་སེལ་བའི་བར་ཆད་མེད་ལམ་དང༌། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་མཉམ་གཞག་གིས་བསྡུས་པ་དང༌། སྤང་བྱ་སོ་སོ་ལ་ལྟོས་པའི་ཐག་སྲིང་གི་གཉེན་པོ་མཉམ་གཞག་གིས་བསྡུས་པ་དག་སྐབས་མང་པོར་ཤིན་ཏུ་ཡང་འབྱུང་ལ། དེ་དག་ནི་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་སྦྱོར་བ་གཙོ་ཆེ་ཞིང༌། མཉམ་གཞག་དེའི་རྗེས་ཐོབ་ཏུ་རྗེས་དྲན་དྲུག་དང་ཕར་ཕྱིན་བཅུ་སོགས་བསོད་ནམས་ཀྱི་ཚོགས་བསོགས་པ་ལ་གཙོ་བོར་གྱུར་པ་ནི་མཐར་གྱིས་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་རིམ་པའོ། །དེ་ནས་སྐད་ཅིག་སྦྱོར་བའི་མངོན་པར་རྟོགས་པ་ནི། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱིས་ཆ་ནས་བཤད་པ་ཉིད་གཙོ་བོ་ཡིན་ཏེ། ཡེ་ཤེས་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་རྟོགས་བྱ་རྣམ་བྱང་གི ཡོན་ཏན་མངའ་དག་མངོན་དུ་བྱེད་པའི་ཆ་ནས་བཤད་པའི་ཕྱིར། འདི་དང་བར་ཆད་མེད་པའི་རྩེ་སྦྱོར་གྱི་ཁྱད་པར་ནི། མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་ཆ་ནས་བཤད་མ་བཤད་ཉིད་དོ། །དེ་ནས་འབྲས་བུ་ཆོས་ཀྱི་སྐུའི་མངོན་པར་རྟོགས་པ་ནི། སྐུ་གསུམ་དང་ཕྲིན་ལས་ཏེ། ཆོས་ཀྱི་སྐུ་ནི་སྤངས་རྟོགས་གཉིས་ཀ་ཡོངས་སུ་རྫོགས་པའི་འགོག་བདེན་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཉིད་དོ། །དེ་ལས་ལྡོག་པས་ཕྱེ་ན་ངོ་བོ་ཉིད་ཀྱི་སྐུ་ནི་གློ་བུར་གྱི་དྲི་མ་མ་ལུས་པ་སྤངས་པ་ཞིག་དགོས་མོད་ཀྱང༌། རང་གི་ངོ་བོ་ནི་རང་བཞིན་རྣམ་དག་གི་ཡེ་ཤེས་གཞི་གདོད་མའི་དུས་ཉིད་ནས་གྲུབ་པ་དེ་ལ་བཟོ་བཅོས་མ་སོང་བའོ། །འདི་དང་རྟོགས་པ་ཡེ་ཤེས་ཀྱི་སྐུ་ནི་རྫས་ཀྱི་སྒོ་ནས་སོ་སོར་དབྱེ་མི་ནུས་ཀྱང༌། རྟོགས་པའི་ངོ་བོ་ནི་ལམ་སྒོམས་པའི་སྟོབས་ཀྱིས་གློ་བུར་གྱི་དྲི་མ་མཐའ་དག་ལས་གྲོལ་ཞིང་ཡོན་ཏན་རྫོགས་པ་ཉིད་དོ། །འདི་དག་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འཆད་མི་རུང་སྟེ། དོན་དམ་པའི་སྐུར་བཤད་པས་སོ། །ལོངས་སྤྲུལ་གཉིས་ལ་བདེན་པ་གཉིས་སུ་དབྱེ་བར་ནུས་ཀྱང་རྒྱན་འདི་དང་རྒྱུད་བླ་མའི་གཞུང་དུ་གདུལ་བྱ་གཞན་སྣང་གི་ཆ་ནས་གསུངས་སོ། ཕྲིན་ལས་ཉི་ཤུ་རྩ་བདུན་ནི་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ཀྱི་དབང་དུ་མཛད་ནས་ཡུམ་གྱི་མདོའི་དངོས་བསྟན་ཇི་ལྟ་བ་བཞིན་དུ་གསུངས་སོ། །ཞེས་བྱ་བ་འདི་གྲུབ་པའོ། །གཉིས་པ་ཡན་ལག་དོན་བདུན་བཅུའི་ལམ་གྱི་རིམ་པ་ལ་གཉིས་ཏེ། རྩ་བའི་ཡན་ལག་རྣམས་རྒྱུད་ལ་བསྐྱེད་པའི་རིམ་པ་དང༌། ཉིང་ལག་སོ་སོའི་མངོན་རྟོགས་ཀྱི་རིམ་པ་བདེ་བླག་ཏུ་རྟོགས་ནུས་པའོ། །དང་པོ་རྣམས་ནི་མདོའི་སྦས་དོན་དང༌། གཉིས་པ་རྣམས་ནི་སྦས་དོན་དེ་དག་མཚོན་བྱེད་དུ་མདོ་ལས་དངོས་སུ་བསྟན་པའོ། །འདི་དག་ལ་སྡེ་ཚན་གྱི་སྒོ་ནས་བརྒྱད་ལས། དང་པོ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ལ་ནི་རྩ་བ་ཐེག་ཆེན་སེམས་བསྐྱེད་དང༌། དེ་ལས་གྱེས་པ་ཡལ་ག་ལྟ་བུའི་ཆོས་ལ་གཉིས་སྟེ། ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པ་གདམས་ངག་ནས་ཆེད་དུ་བྱ་བའི་བར་དྲུག་དང༌། བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པ་སྒྲུབ་པ་བཞིའི་མངོན་པར་རྟོགས་པའོ། །དང་པོ་ནི་ཐེག་ཆེན་གྱི་ཐར་པ་ཆ་མཐུན་མདོ་དང་རྒྱན་གཉིས་ན་མི་གསལ་ཡང༌། དང་པོ་གསུམ་སྨོན་སེམས་དང༌། ལྷག་མ་བཅུ་དགུ་འཇུག་སེམས་སུ་མདོ་གཞན་ནས་འབྱུང་བ་ཉིད་ལེགས་སོ། །སྨོན་སེམས་ལ་སྡོམ་པས་ཟིན་པའི་ཁྱབ་པ་མ་ངེས་ཤིང༌། འཇུག་སེམས་ལ་སྡོམ་པས་ཟིན་དགོས་པའི་ངེས་པ་ནི་བྱང་ས་དང་སྤྱོད་འཇུག་གིས་བཤད་པ་ཉིད་དེ་ཡིད་ཆེས་པའི་གནས་སོ། །དེའི་འོག་ཏུ་གདམས་ངག་གི་དོན་སྒྲུབ་པ་ལ་འཇུག་པའི་ཐོག་མ་ནི་སྦྱོར་བའི་ལམ་སྟེ། འདི་བདེན་པ་བཞི་ལ་དམིགས་པའི་སྒོམ་བྱུང་གི་ཐོག་མ་ཡིན་པས་ན་ངེས་འབྱེད་ཆ་མཐུན་ཞེས་བྱ་ཞིང༌། དམིགས་པ་དེ་ཉིད་ལ་མི་རྟག་ལ་སོགས་ཀྱི་རྣམ་པ་ཅན་ཉན་ཐོས་དང་ཐུན་མོང་བ་དང༌། གཟུང་བ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་རང་རྒྱལ་དང་ཐུན་མོང་བ་དང༌། འཛིན་པ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྦྱོར་ལམ་སྟེ་གསུམ་ལས། ཕྱི་མ་འདི་ལ་བོད་གཞན་དག མདོ་སྡེ་རྒྱན་ལས་གསུངས་པ་དེ་སེམས་ཙམ་པའི་སྦྱོར་ལམ་དང༌། ཀླུ་སྒྲུབ་ཀྱི་དགོངས་པ་བཞིན་དུ་འཆད་པ་དབུ་མ་པའི་ངེས་འབྱེད་ཆ་མཐུན་དང་གཉིས་སུ་ཕྱེ་ནས། ཕྱི་མ་དེ་འདི་ནས་གསུངས་པའི་ཁྱད་ཆོས་ལྔ་ལྡན་ནོ་ཞེས་དང༌། ཡང་གཞན་དག་བྱམས་པའི་ཆོས་ཕྱི་མ་ནས་འཛིན་པ་ཆོས་ཀྱི་བདག་མེད་གོ་ཆོད་པོ་མ་བཤད་ཟེར་མོད་བྱམས་པའི་ཆོས་ནས་གསུངས་པའི་སྦྱོར་མཐོང་སྒོམ་གསུམ་གྱིས་སྤང་བྱ་རྟོག་པའི་དབྱེ་བ་དང་ངོས་འཛིན་དེའི་གཉེན་པོ་སྦྱོར་མཐོང་སྒོམ་གསུམ་གྱི་དམིགས་རྣམ་འཆད་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། འདིར་བསྟན་གཞི་དང་དེའི་གཉེན་པོ་ཞེས་སོགས་ཀྱི་འཆད་ཚུལ་དང༌། མདོ་སྡེ་རྒྱན་སོགས་ནས་གཟུང་འཛིན་གྱི་རྟོག་པ་ཀུན་བཏགས་སོ་སོའི་ངོས་འཛིན་དང༌། དེའི་གཉེན་པོ་ཡོངས་གྲུབ་ཀྱི་འཇོག་ཚུལ་རྣམས་དྲང་པོར་འཆད་ཤེས་ན་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། ཀླུ་སྒྲུབ་ཀྱི་དགོངས་པ་སོར་བཞག་པའི་ལམ་གསུམ་གྱི་རྣམ་པར་བཞག་པ་ནི་འདིར་རུང་བ་མ་ཡིན་ཏེ། དེར་ནི་ཆོས་བཟོད་སྐད་ཅིག་མ་བཅུ་དྲུག་གི་དབྱེ་བ་དང་མཉམ་གཞག་ཏུ་གཟུང་འཛིན་གྱི་རྟོག་པ་སྤོང་ཚུལ་རིམ་ཅན་པའི་རྣམ་གཞག་མི་འཆད་པའི་ཕྱིར། འདིར་བསྟན་གྱི་ངེས་འབྱེད་དགག་རྟོག་བཞི་དང་མཚུངས་ལྡན་དུ་བཤད་ཀྱང་རང་གི་ངོ་བོ་སྒྲ་དོན་འཛིན་པའི་རྟོག་པར་བཤད་དུ་མི་རུང་སྟེ། གཞུང་རྩ་འགྲེལ་དང་དངོས་སུ་འགལ་བ་དང༌། ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བས་སོ། །དེ་ལྟར་ཐེག་ཆེན་གྱི་སྦྱོར་ལམ་སྐྱེས་པ་ནས་ཐེག་པ་ཆེན་པོར་རིགས་ངེས་པ་ནི་སྒྲུབ་པའི་རྟེན་དུ་རུང་བའི་ཕྱིར་རོ། །རང་བཞིན་དུ་གནས་པའི་རིགས་ཀྱི་ངོ་བོ་ནི་བྱམས་ཆོས་པས་སྒྲིབ་བྱ་ཆོས་དབྱིངས་ཡེ་ཤེས་དང༌། ངོ་བོ་ཉིད་མེད་པས་མེད་པར་དགག་པའི་སྟོང་པ་ཉིད་ལ་བཞེད་ཀྱང༌། འདིར་ནི་སྔ་མ་ལྟར་ཡིན་པ་ཉིད་ཀྱིས་ན་རྡོ་རྗེ་ཐེག་པའི་བར་གྱི་ཐེག་པ་ཆེན་པོ་སྤྱི་དང་མཐུན་ནོ། །དེ་བཞིན་གཤེགས་སྙིང་གི་ངོས་འཛིན་མཚན་ཉིད་པ་ནི་ངོ་བོ་ཉིད་མེད་པ་པས་མི་བཞེད་ལ། འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པའི་ལུགས་ཀྱི་དེའི་ངོས་འཛིན་ནི། གཞི་དུས་ཀྱི་ཡེ་ཤེས་ཉིད་དུ་འཆད་པ་ལ་ཁྱད་པར་མེད་ཅིང༌། བསལ་བཞག་མི་དགོས་པ་དང་གློ་བུར་གྱི་དྲི་མ་བསལ་དགོས་པའི་རྣམ་གཞག་གཉིས་ཀ་གསུངས་སོ། །སྐབས་འདིར་སྒྲུབ་པའི་རྟེན་ཆོས་དབྱིངས་ཁོ་ན་དང༌། དམིགས་པ་ཆོས་ཅན་སྣ་ཚོགས་ལ་འཆད་པ་ནི་འཕགས་སེང་གཉིས་པོ་ཁོ་ནའི་བཞེད་པའོ། །འདིར་ཆོས་དབྱིངས་ལ་དབྱེ་བ་མེད་པས་ཐེག་པ་གསུམ་གྱི་རིགས་སོ་སོར་མ་ངེས་པ་ཉིད་དུ་ཐལ་བ་ཕྱོགས་སྔ་མ་ལྟ་བུར་སྣང་ཡང༌། སོ་སོར་མ་ངེས་པ་ཉིད་དགོངས་པ་ཡིན་ཏེ། རྟེན་ཆོས་སྒྲུབ་པ་སོ་སོའི་བྱེ་བྲག་གི་རིགས་སོ་སོར་ངེས་པའི་ཐ་སྙད་འདོགས་པར་གསུངས་པ་དང༌། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་གཅིག་པུ་ཉིད་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་སྙིང་པོར་འཆད་དགོས་པས་སོ། །འདིར་དམིགས་པ་བཅུ་གཅིག་གི་གོ་རིམ་ངེས་པ་དང༌། ཡེ་ཤེས་ཚོགས་སྒྲུབ་ཀྱི་སྐབས་སུ་འགྲེལ་ཆེན་ལས། ཡེ་ཤེས་ཉི་ཤུའི་ས་མཚམས་བཞག་པ་ནི། དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་ཤེས་བྱེད་ཀྱང་ཆོས་ཅན་སོ་སོའི་ཆོས་ཉིད་ལ་མི་འདྲ་བ་འབྱེད་རྒྱུ་མེད་ཀྱང༌། ངེས་པ་འདྲེན་ཚུལ་ཉིད་གཙོ་ཆེ་བ་ཡིན་ཏེ། དེ་མེད་ན་རང་རང་གི་འགལ་ཟླའི་ས་བོན་གྱི་གཉེན་པོར་མི་རུང་བའི་ཕྱིར། གཉེན་པོ་དེ་ལ་གཉིས་ཏེ། མཐོང་རྗེས་སུ་སྒྲོ་འདོགས་མ་སྐྱེས་ཙམ་གྱི་ཆོག་པ་མཐོང་སྤངས་ཀྱི་དང༌། དེ་ཉིད་རིང་དུ་གོམས་དགོས་པ་སྒོམ་སྤང་གིའོ། །དེ་ནས་ཆེད་དུ་བྱ་བ་ནི་འདི་ཡན་ཆད་དུ་བསྟན་པའི་ཆོས་ལྔ་པོ་དག་གི་འབྲས་བུ་མཐར་ཐུག་པ་སྟེ། ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པའི་མངོན་རྟོགས་ཀྱི་རིམ་པ་ཚར་གཅིག་གོ །དེ་ཡང་ཆེད་དུ་བྱ་བ་གསུམ་སངས་རྒྱས་ཀྱི་ས་དང༌། ཆེན་པོ་གསུམ་ནི་བྱང་ཆུབ་སེམས་དཔའི་ས་ལ་འཇོག་པ་མདོ་གཞུང་གི་དངོས་བསྟན་ཉིད་དུ་གོ་བར་བྱ། དེའི་འོག་ཏུ་གོ་འཇུག་ཚོགས་ངེས་འབྱུང་གི་སྒྲུབ་པ་བཞི་ནི་བསོད་ནམས་ཀྱི་ཚོགས་བསོག་གཙོ་བོར་གྱུར་པའི་མངོན་རྟོགས་ཀྱི་རིམ་པ་ཚར་གཅིག་སྟེ། འཕགས་སེང་གིས་སྤྱི་དང་བྱེ་བྲག་གི་སྒྲུབ་པ་གཉིས་སུ་ཕྱེ་བའི་དགོངས་པ་ནི། དེ་ལ་གོ་ཆ་ནི་བསམ་པ་དང༌། འཇུག་པའི་ནི་བརྩོན་འགྲུས་དང༌། ཚོགས་ནི་བསམ་སྦྱོར་གཉིས་ཀྱི་བྱེད་ལས་ལྷུན་གྱིས་གྲུབ་པ་སྟེ། འབྲས་བུ་རྣམ་མཁྱེན་འཛིན་པའི་བྱ་བ་བྱེད། ངེས་འབྱུང་ནི་ཐེ་ཚོམ་མེད་པའི་དོན་ཏེ། འབྲས་བུ་རྣམ་མཁྱེན་འབྱིན་པའི་བྱ་བ་བྱེད་པའོ། །ཡེ་ཤེས་ཀྱིས་ཚོགས་སྒྲུབ་ནི་རང་ལྡོག་ནས་བསོད་ནམས་ཀྱི་ཚོགས་བསོག་གཙོ་བོར་གྱུར་པ་ཡིན་ཀྱང༌། ས་བཅུའི་མཉམ་གཞག་ཏུ་ཡེ་ཤེས་ཀྱི་ཚོགས་གོམས་པའི་སྟོབས་ཀྱིས་ས་བཅུའི་རྗེས་ཐོབ་ཏུ་ཡོངས་སྦྱོང་རྣམ་པ་བཅུ་རང་གི་ངང་གི་འབྱུང་བ་དང༌། དེ་ཡང་ངེས་པར་སྦྱོང་དགོས་པའི་ཆ་ནས་བསྟན་པར་སེམས་སོ། །གཉེན་པོའི་ཚོགས་སྒྲུབ་གཉིས་ནི་ཡེ་ཤེས་ཀྱི་ཚོགས་དངོས་ཡིན་ཞིང༌། སྔར་བཤད་པའི་སྦྱོར་ལམ་གྱི་དངོས་འབྲས་དང༌། ལམ་རིམ་གོང་མའི་ཁ་སྐོང་དུ་སྦྱར་བའི་ཚེ་ཟློས་པར་མི་འགྱུར་རོ། །དེ་ལྟར་ན་སྐབས་དང་པོར་མཚོན་བྱེད་ཀྱི་ཆོས་བཅུ་པོ་དག་གིས་མཚོན་བྱའི་རྣམ་མཁྱེན་འབྲས་བུ་ཉིད་དུ་མཚོན་པའི་མངོན་རྟོགས་ཀྱི་རིམ་པ་བསྟན་ཟིན་ནས། དེའི་འོག་ཏུ་ལམ་ཤེས་མཚོན་པར་བྱེད་པའི་ཆོས་བཅུ་གཅིག་པོ་དག་གིས་ནི་ཤེས་པར་བྱ་བའི་ཡུལ་ཐེག་པ་གསུམ་གྱི་ལམ་གྱི་རྟོགས་རིགས་མ་ཚང་བ་མེད་པ་དངོས་སུ་བསྟན་པས། མཚོན་པར་བྱ་བའི་ཡུལ་ཅན་རྒྱུ་ལམ་ཤེས་ཇི་ལྟར་མཚོན་པའི་མངོན་རྟོགས་ཀྱི་རིམ་པ་འཆད་ཚུལ་ལ་གཉིས་ཏེ། རྒྱུ་འབྲས་རང་བཞིན་གསུམ་གྱིས་སྒོ་ནས་ཡུལ་ཅན་ལམ་ཤེས་ཀྱི་རང་བཞིན་ངོས་བཟུང༌། ཤེས་པར་བྱ་བའི་ལམ་གྱི་མངོན་རྟོགས་རྒྱས་པར་བཤད་ནས་དེ་དག་ཇི་ལྟར་ཤེས་པའི་ཚུལ་ཉིད་བཤད་པའོ། །དང་པོ་ནི། ཡུལ་ཅན་ལམ་ཤེས་ཀྱི་རྒྱུ་ནི་གཉིས་ཏེ། ལྷན་ཅིག་བྱེད་པའི་རྐྱེན་དང༌། ཉེ་བར་ལེན་པའི་རྒྱུའོ། །དང་པོ་ནི། འགལ་རྐྱེན་མེད་པ་དང་མཐུན་རྐྱེན་ཚང་བའི་སྒོ་ནས་སྟོན་ལ། གཉིས་པ་ནི། རང་བཞིན་དུ་གནས་པའི་རིགས་དང༌། གསུམ་པ་ནི། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པའི་མིང་ཅན་ཆེད་དུ་གཉེར་ནས་མི་སྤོང་པའི་རང་བཞིན་ཅན་དང༌། འབྲས་བུ་ནི་འཇིག་རྟེན་གྱི་དོན་བསྒྲུབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསྟན་ཀྱང་རྒྱུ་ལམ་ཤེས་རང་གི་ལྡོག་པ་ངོས་བཟུང་བ་མ་ཡིན་པས་ན། མཚོན་བྱེད་ཀྱི་ཆོས་ཞེས་བྱ་བའི་ཐ་སྙད་ལ་འགལ་བ་མེད་དོ། །གཉིས་པ་ལ་གསུམ་སྟེ། ཤེས་པར་བྱ་བའི་ཉན་ཐོས་ཀྱི་དང༌། རང་རྒྱལ་གྱི་དང༌། བྱང་སེམས་ཀྱི་ལམ་མོ། །ལམ་དེ་དང་ལམ་ཤེས་དངོས་མིན་ནོ། །ཇི་ལྟར་ན་མཚོན་བྱེད་དུ་བཞག་ཅེ་ན། དེ་དག་ལའང་ཡུན་ལམ་ཤེས་ཀྱི་མཚན་ཉིད་ཚང་མོད། འདིར་མཚོན་ནས་ཤེས་དགོས་པ་ནི་ལམ་གྱི་རྟོགས་རིགས་གསུམ་ཀ་རང་རྒྱུད་ལ་བསྐྱེད་ནས་དང༌། རྫོགས་པར་དང༌། སྐྱེ་མེད་དུ་དང༌། མངོན་དུ་བྱ་བ་ཡིན་མིན་གྱི་དབྱེ་བ་ཕྱེ་ནས་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་ཉིད་ལ་ངོས་འཛིན་དགོས་པས་ན་མཚན་མཚོན་གྱི་རྣམ་གཞག་ཉམས་པ་མེད་དོ། །དེ་ཡང་ཤེས་པར་བྱ་བ་ཉན་རང་གི་ལམ་ནི་རང་རྒྱུད་ལ་བསྐྱེད་པ་སྦྱོར་མཐོང་གཉིས་གཉིས་ཀྱིས་སྒོ་ནས་ཤེས་ཤིང་འདའ་བར་བྱ་ལ། ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་ནི་མཐོང་སྒོམ་གཉིས་ཀྱི་སྒོ་ནས་མངོན་དུ་བྱ་བའི་མངོན་རྟོགས་ཀྱི་རིམ་པར་བསྟན་ནོ། །ལམ་གསུམ་པོ་བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པའི་ཚེ་རྟོགས་རིགས་འགལ་བར་འཇོག་པ་ནི། མངོན་དུ་བྱ་བའི་རིགས་ཡིན་མིན་གྱིས་འབྱེད་ལ། རྟོགས་པ་གསུམ་པོ་མི་འགལ་བ་ནི་ཤེར་ཕྱིན་ནས་དང༌། མངོན་པ་ནས་གསུངས་པའི་དམིགས་རྣམ་དོན་གཅིག་པར་བཤད་པ་ལས་ཤེས་སོ། །དེ་ལྟར་སྐབས་གཉིས་པའི་སྦས་དོན་གྱི་གཙོ་བོ་རྒྱུ་ལམ་ཤེས་པ་ཉིད་མེད་ན་འབྲས་བུ་རྣམ་མཁྱེན་མི་འབྱུང་བ་ནི། ཇི་སྲིད་རྫོགས་སྨིན་སྦྱངས་གསུམ་མ་གྲུབ་ཀྱི་བར་དུ། ཡང་དག་པའི་མཐའ་མངོན་དུ་བྱེད་དུ་མི་རུང་བའི་རྒྱུ་མཚན་ཡིན་པར་བཤད་ཟིན་ལ། ད་ནི་དེའི་འོག་ཏུ་རྒྱུ་ལམ་ཤེས་རང་གི་ངོ་བོ་ཐུན་མོང་མ་ཡིན་པ་དེའི་ཁྱད་པར་གྱི་ཆོས་དང༌། འཐོབ་བྱེད་ཀྱི་སྦྱོར་བའི་ལམ་དང༌། མཐོང་བའི་ལམ་གྱི་ཁྱད་པར་གྱི་ཆོས་དེ་དང་དེ་དག་ལ་གེགས་བྱེད་ཀྱི་སྒྲིབ་པ་ཇི་ལྟར་སྤོང་བའི་ཚུལ་དང་དེ་མ་སྤངས་པར་རྒྱུ་ཡེ་ཤེས་མངོན་དུ་བྱེད་མི་ནུས་པའི་ཚུལ་གྱིས་སྟོན་པ་ནི་སྐབས་གསུམ་པར་བསྟན་པའི་མཚོན་བྱེད་ཆོས་དགུ་པོ་ཉིད་དོ། །དེ་ཡང་འདི་ལྟར། སྐབས་གཉིས་པའི་རྒྱུ་ལམ་ཤེས་ཐུན་མོང་མ་ཡིན་པ་དེ་ནི་སྒོམ་པའི་ལམ་གྱིས་གོམས་པར་བྱས་པ་ལས་སྲིད་ཞི་གང་རུང་གི་མཐའ་ལ་མི་གནས་པ་དང༌། འབྲས་ཡུམ་ལ་ཉེ་བ་དང༌། མཚན་འཛིན་གྱི་གཉེན་པོའི་ཕྱོགས་སུ་གྱུར་པ་ཡིན་པ་དང༌། དེ་ལས་འདའ་བར་བྱ་བའི་ལམ་ཤེས་པ་དེ་དག་ནི་རིགས་མཐུན་པའི་སྒོམ་ལམ་གྱིས་གོམས་པར་བྱས་ན་སྲིད་ཞི་གང་རུང་གི་མཐའ་ལ་གནས་པ་དང༌། འབྲས་ཡུམ་ལ་རིང་བ་དང༌། མཚན་མར་འཛིན་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་འཆད་པ་ནི། སྐབས་གསུམ་པ་ལོགས་སུ་བསྟན་པའི་དགོས་པ་ཡིན་ལ། དེ་ལྟར་གྱུར་བའི་ཤེས་བྱེད་ནི་ཉན་རང་གི་རྟོགས་རིགས་དང་མཐུན་པའི་སྒོམ་ལམ་ལ་ནི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་འཆད་དོ། །འོ་ན་འདིར་དགོས་པའི་སྒོམ་ལམ་དེ་ལ་འཇུག་པའི་སྦྱོར་བ་ནི་གང་ཞུགས་པ་ལས་སྒོམ་ལམ་དེའི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ལམ་གང་སྙམ་དུ་དོགས་པ་ལ་འཇུག་པ་སྦྱོར་བ་དང༌། ཞུགས་འབྲས་མཐོང་ལམ་དག་རིམ་པར་བསྟན་ནོ། །མཐོང་ལམ་དེའི་རིགས་རྒྱུན་གོམས་པར་བྱེད་པའི་ལམ་ནི་སྐབས་གཉིས་པར་བསྟན་ཟིན་པའི་རྣམ་དག་སྒོམ་ལམ་སོགས་དོན་གཅིག་པས་འདིར་བསྟན་མི་དགོས་ལ། ཤེས་པར་བྱ་བའི་ཉན་རང་ལམ་གྱི་རྟོགས་རིགས་དང་རྗེས་སུ་མཐུན་པའི་སྒོམ་པའི་ལམ་བརྟག་པའི་མཐར་བཟུང་བ་ནི་སྐབས་འདིར་གོམས་པར་བྱས་ན་ཇི་སྐད་བཤད་མ་ཐག་པའི་ཉེས་པ་དག་དང་བཅས་པར་འགྱུར་སྲིད་པའི་ཕྱིར་མི་སྟོན་པའི་རྒྱུ་མཚན་བཤད་དོ། །གལ་ཏེ་འོ་ན་འདིར་བསྟན་པ་ནི་རྒྱུ་ལམ་ཤེས་ཀྱི་གཙོ་བོ་དེ་ཉིད་ཀྱི་ཕྱིར། སྐབས་གཉིས་པའི་སྦས་དོན་གྱི་གཙོ་བོ་གཞི་ཤེས་ཉིད་དུ་ལན་གཅིག་མ་ཡིན་པར་གསུངས་པ་དེའི་དགོངས་པ་ཅི་ཞེ་ན། སྐབས་གསུམ་པར་དངོས་སུ་བསྟན་པའི་འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་གསུམ་གྱི་བཤད་ཚུལ་ལས་བཟློག་སྟེ་ཤུགས་ལ་ངེས་པར་བསྟན་ཅིང༌། སྟོན་དགོས་པ་ཡང་ཡིན་པའི་གཞི་ཤེས་དེ་ཉན་ཐོས་ཞི་ཚོལ་གྱི་སྐབས་ནས་ཉན་རང་གི་བཞེད་དོན་སྒྲུབ་བྱེད་དུ་ངེས་པར་ཤེས་ཤིང་གོ་དགོས་པའི་རྒྱུ་མཚན་གྱིས་ཡིན་པར་དགོངས་སོ། །དེ་ལྟར་བཤད་པའི་རྒྱན་གྱི་མཆོད་བརྗོད་ཉིད་ནས་ལུས་རྣམ་པར་བཞག་པ་མཐའ་དག་གྲུབ་པ་ནི། མཁྱེན་གསུམ་ཡན་ལག་དང་བཅས་པར་མ་འདུས་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི་རྒྱན་འདིར་མི་འབྱུང་བ་ལ་དགོངས་སོ། །དེ་ལྟར་སྦས་དོན་གྱི་གཙོ་བོ་གསུམ་པོ་མཚོན་བྱེད་ཀྱི་ཆོས་སུམ་ཅུའི་སྒོ་ནས་རྒྱུད་ལ་བསྐྱེད་པའི་གོ་རིམ་རགས་པ་ཙམ་ཞིག་བསྟན་ཟིན་པ་དེའི་འོག་ཏུ་སྔར་བཤད་ཟིན་པ་དེའི་མཁྱེན་པ་གསུམ་པོ་དེའི་རྟོགས་པ་མཐར་ཕྱིན་པར་བྱེད་པ་ལ་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་དང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་བརྟེན་དགོས་ཚུལ་འཆད་པ་ལ་གཉིས་ཏེ། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་གཉིས་སོ། །དང་པོ་ལ་མི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པའི་གཉེན་པོ་ཉིད་དུ་ཞུགས་པས་དབང་ཐོབ་ཕྱིར་དུ་སྒོམ་པ་རྣམ་རྫོགས་སྦྱོར་བ་དང༌། སྤོང་གཉེན་དངོས་སུ་གྱུར་པས་དབང་ཐོབ་པའི་ཚུལ་གྱིས་གོམས་པ་རྩེ་མོའི་སྦྱོར་བ་དང་གཉིས་སོ། །དང་པོ་དེ་སྟོན་པའི་གཞུང་གི་ཚོགས་སུ་བསྒོམ་བྱ་རྣམ་པ་ནས་མཚན་ཉིད་ཀྱི་བར་གསུངས་པ་ནི། སྦྱོར་བ་བཞི་ཀ་ལ་རྗེས་སུ་འགྲོ་བའི་ཁྱབ་བྱེད་ཐུན་མོང་པ་ཉིད་དུ་ཤེས་པར་བྱས་ནས། དང་པོ་ལ་དོན་རྣམ་མེད་དགག་གི་ཆ་དང༌། ཤེས་རྣམ་མ་ཡིན་དགག་གི་ཆར་གྱུར་པ་གཉིས་ལས། དང་པོ་ནི་སྦྱོར་བ་བཞི་ཀའི་བསྒོམ་བྱ་དངོས་སུ་མདོ་གཞུང་ནས་མི་འཆད་ལ། ཕྱི་མ་ལ་རིགས་ཀྱི་དབྱེ་བ་མཁྱེན་པ་གསུམ་གྱི་དབྱེ་བ་དང༌། གསལ་བའི་དབྱེ་བ་བརྒྱ་དང་བདུན་བཅུ་རྩ་གསུམ་དུ་མདོ་གཞུང་ལས་གསུངས་པ་དེ་ནི་གདུལ་བྱའི་བསམ་པ་ལ་ལྟོས་ནས་སོ། །དེ་དག་གི་སྐབས་སོ་སོ་ན་ཆོས་མངོན་པར་གསུངས་པ་དང་སྦྱར་བའི་ལྡོག་ཆ་ནས་ནི། ཉན་རང་འཕགས་པའི་བཞེད་དོན་སྒྲུབ་བྱེད་དུ་འགྱུར་ལ། ཤེར་ཕྱིན་ནས་གསུངས་པའི་ལྡོག་ཆ་ནས་ནི་བྱང་སེམས་འཕགས་པའི་བཞེད་དོན་སྒྲུབ་བྱེད་དང༌། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ནི་འདིར་བསྟན་བྱའི་གཙོ་བོ་སངས་རྒྱས་ཀྱི་སས་བསྡུས་པར་འཆད་དགོས་པའི་ཕྱིར་དེ་ཉིད་ཀྱི་བཞེད་དོན་བསྒྲུབ་པའི་མངོན་རྟོགས་སོ། །བསྒོམ་བྱ་ཤེས་རྣམ་གྱི་དབྱེ་བ་འདི་དག་ཐམས་ཅད་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་བའི་ཚེ། རྣམ་རྫོགས་སྦྱོར་བས་ཚོགས་ལམ་ནས་ས་བཅུའི་བར་དུ་བསྒོམ་བྱར་བྱེད་པ་དང༌། སྦྱོར་བ་ཕྱི་མ་གཉིས་ལ་སྦྱོར་མཐོང་སྒོམ་གསུམ་གྱི་དབྱེ་བས་འབྱེད་པར་གསུངས་པ་དེའི་ཚེ། འདི་ལྟར་ཐོག་མར་ཐར་པ་ཆ་མཐུན་གྱི་སྐབས་སུ་སྐྱེ་མེད་གསུམ་ཐོས་སམ་གྱི་གཏན་ལ་འབེབས་པ་དེ་དད་སོགས་ལྔའི་ངོ་བོར་སྐྱེས་ནས་ཉམས་སུ་ལེན་པ་ནི་རྣམ་ཀུན་གྱི་སྦྱོར་བ་དང༌། དེ་ལས་བྱུང་བའི་སྦྱོར་ལམ་མཉམ་བཞག་ནི་རྩེ་མོའི་སྦྱོར་བ་དང༌། དེའི་རྗེས་ཐོབ་ཏུ་ནི་མཐོང་སྤང་སུན་འབྱིན་པའི་རྣམ་ཀུན་གྱི་སྦྱོར་བ་དང༌། མཐོང་ལམ་མཉམ་བཞག་ཏུ་རྩེ་སྦྱོར་དངོས་དང༌། དེའི་རྗེས་ཐོབ་ཏུ་སྒོམ་སྤང་ཆེན་པོའི་ཆེན་པོ་རྣམ་པར་སུན་འབྱིན་པའི་རྣམ་ཀུན་དང༌། སྒོམ་ལམ་ཆུང་ངུའི་མཉམ་གཞག་གི་སྦྱོར་འཇུག་ནི་རྩེ་སྦྱོར་དངོས་ཡིན་པ་སོགས་སྒོམ་ལམ་དགུ་ཆར་ལ་རྣམ་རྩེ་གཉིས་ཀ་སྦྱར་ན་འཐད་པར་སེམས་སོ། །ཤེས་རྣམ་དེ་གོམས་བྱེད་ཀྱི་སྦྱོར་བ་རང་གི་དབྱེ་བ་ལ་ཉི་ཤུར་བཤད་ཀྱང་བསྡུ་ན་ལྔར་འདུས་ཤིང༌། དེ་ཡང་བསྡུ་ན་མི་གནས་པའི་སྦྱོར་བ་དང༌། མི་སྦྱོར་བའི་སྦྱོར་བ་ཞེས་བྱ་བ་གཉིས་སུ་འདུས་ལ། དེ་དག་གི་དོན་ཡང་མི་གནས་པ་ནི། ཡུལ་ལ་མི་གནས་པ་དང༌། ཡུལ་ཅན་ལ་མི་སྦྱོར་བའི་དོན་ཡིན་ལ། དེ་ཡང་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཏེ། འདིར་བཤད་པ་དང་བྱམས་ཆོས་བར་པ་གསུམ་ནས་བཤད་པའི་ཐེག་པ་ཆེན་པོའི་རྣལ་འབྱོར་རང་གི་ངོ་བོ་ལ་ཁྱད་པར་མི་སྣང་ངོ༌། །གལ་ཏེ་འདིར་ཡོངས་གྲུབ་ཀྱི་ངོ་བོ་རང་སྟོང་དུ་འཆད་དགོས་པ་མ་ཡིན་ནམ་ཞེས་ན། མཐའ་བྲལ་དུ་གཏན་ལ་འབེབས་པའི་ཚེ་དེ་ལྟར་དགོས་པ་ནི་ཡོངས་གྲུབ་ལ་མཚན་འཛིན་འགོག་བྱེད་ཡིན་ལ། སྒོམ་བྱུང་གི་ཚེ་ཡོངས་གྲུབ་ཀྱི་ཡེ་ཤེས་དེ་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་བྱས་པས། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་གྲུབ་པའོ། །སྐབས་བཞི་པ་འདིར་དེ་ལྟ་བུའི་ཚུལ་གྱིས་ཐོག་མར་ཐེག་ཆེན་སྦྱོར་བ་སྤྱིའི་རྣམ་གཞག་ངོས་བཟུང་ནས། དེའི་འོག་ཏུ་རྣམ་རྫོགས་སྦྱོར་བ་ངང་གི་ངོ་བོ་རྒྱུད་ལ་སྐྱེ་བའི་གོ་རིམ་འཆད་པ་ནི། ཐོག་མར་ཐར་པ་ཆ་མཐུན་གྱི་མཉམ་བཞག་ནས་སྦྱོར་མཐོང་སྒོམ་གསུམ་གྱི་རྗེས་ཐོགས་སུ་ཕྱིར་མི་ལྡོག་པའི་རྟགས་སོགས་ཁྱད་པར་གྱི་ལམ་མང་པོ་བ་ངོས་བཟུང་བའི་སྒོ་ནས་བཤད་དོ། །གལ་ཏེ་སྐབས་བཞི་པའི་སྒོམ་ལམ་འདི་རྟོག་པ་དགུ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་དུ་བཤད་པ་མ་ཡིན་ནམ། ཇི་ལྟར་རྣམ་རྫོགས་སྦྱོར་བ་འཆད་བྱེད་དུ་འཐད་ཅེ་ན། སྒོམ་ལམ་གྱི་རྣམ་རྫོགས་སྦྱོར་བ་ནི། རྗེས་ཐོབ་ཀྱི་ཚེ་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་མི་འགལ་བར་ཁོང་དུ་ཆུད་པ་དེ་ཡིན་ལ། ཟབ་མོ་དེ་དག་མི་འགལ་བར་ངོས་འཛིན་པ་ལ་དོན་དམ་པར་སྤང་བྱ་མི་སྤོང་བ་དང༌། ཀུན་རྫོབ་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་མི་འགལ་བའི་ཚུལ་བཤད་པ་ཡིན་གྱི། རྣམ་ཀུན་གྱི་སྒོམ་ལམ་ངོས་འཛིན་པའི་ཕྱིར་དུ་བཤད་པ་མ་ཡིན་པས་འགལ་བ་མེད་དོ། །སྐབས་འདིར་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་སོགས་གསུམ་བཤད་པ་ནི། དག་པ་ས་གསུམ་གྱི་རྗེས་ཐོབ་ཏུ་རྫོགས་སྨིན་སྦྱངས་གསུམ་ལ་ཇི་ལྟར་སློབ་པའི་ཚུལ་དང༌། དེ་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དུས་དང་དུས་མ་ཡིན་པ་ཇི་ལྟར་ཤེས་པའི་ཚུལ་ལ་སློབ་པ་ཡིན་པས་རྣམ་ཀུན་གྱི་སྦྱོར་བ་ཉིད་དུ་ལེགས་པར་གྲུབ་བོ། །དེ་ལྟར་རྣམ་ཀུན་གྱི་སྦྱོར་བ་སྤང་བྱ་སྒྲིབ་པ་གཉིས་རྣམ་པར་སུན་འབྱིན་པའི་གཉེན་པོར་བསྟན་ཟིན་པའི་འོག་ཏུ། དེ་དག་གི་སྤོང་གཉེན་དངོས་སུ་གྱུར་པའི་རྩེ་སྦྱོར་གསུམ་ལས། དང་པོ་སྦྱོར་ལམ་རྩེ་སྦྱོར་དངོས་ནི་མཉམ་གཞག་གི་ཆ་ནས་ངོས་འཛིན་དགོས་པ་ཡིན་ཀྱང་མདོ་དང་རྒྱན་དུ། རྟགས་དང་རྣམ་འཕེལ་སོགས་ཁྱད་པར་ལམ་གྱི་སྒོ་ནས་བཤད་པ་ནི། སྦྱོར་ལམ་རྩེ་སྦྱོར་དངོས་ཉིད་མཚོན་ནས་བསྟན་པ་ཡིན་ཞེས་པ་ནི་འཕགས་སེང་གི་བཞེད་པ་ཡིན་ལ། ཤཱནྟི་པ་སོགས་གཞན་དག་ནི་རྩེ་སྦྱོར་མཚན་ཉིད་པ་འཆད་པའི་སྔོན་དུ་དེའི་རྟགས་སོགས་ཕན་ཡོན་གྱི་སྒོ་ནས་གསུངས་པ་ཡིན་གྱི། རྩེ་སྦྱོར་དངོས་འཆད་བྱེད་དུ་མི་བཞེད་དོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་འཆད་ཚུལ་ལ། སྤང་བྱའི་དབྱེ་བས་སྦྱོར་འཇུག་བཞིར་འབྱེད་ཚུལ་དང༌། མཐོང་རྩེ་དངོས་ཉིད་དངོས་འཛིན་པའོ། །དང་པོ་ནི། རྒྱན་འདིར་ཉོན་སྒྲིབ་ཏུ་གྱུར་པའི་མཐོང་སྒོམ་ལམ་གྱི་སྤང་བྱ་མི་བཞེད་པ་མ་ཡིན་མོད། ཐེག་ཆེན་སྦྱོར་བས་ཆེད་དུ་གཉེར་ནས་མི་སྤོང་བའི་རྒྱུ་མཚན་གྱིས་དེ་དངོས་སུ་མི་འཆད་པར་ཤེས་སྒྲིབ་རྟོག་པའི་རིགས་ཀྱི་བསྡུ་ཚུལ་ནི་འདི་ལྟར། རྫས་འཛིན་དང༌། བཏགས་འཛིན་གཉིས་སུ་ངེས། དེ་རེ་རེ་ལ་གཟུང་བ་འཛིན་པ་ལ་རྫས་བཏགས་སུ་འཛིན་པ་གཉིས་གཉིས་སུ་ངེས། གཟུང་འཛིན་གྱི་ཕྱོགས་རེ་རེ་ལ་ཡང་ཀུན་ནས་ཉོན་མོངས་ཀྱི་དང༌། རྣམ་བྱང་གི་ཕྱོགས་གཉིས་གཉིས་སུ་ངེས། དེ་དག་རེ་རེ་ལ་ཡང་མཐོང་སྤང་དང་སྒོམ་སྤང་གི་ཆ་གཉིས་གཉིས་སུ་ངེས། དེ་དག་གི་རྣམ་བྱང་གཟུང་རྟོགས་ལ་ལྡོག་པ་དང་འཇུག་པ་གཉིས་སུ་འབྱེད་པ་སྐབས་དང་པོར་མ་བྱུང་ཡང༌། འདིར་འབྱུང་བ་ནི་སྔར་སྦྱོར་མཐོང་གི་སྤང་བྱ་སོ་སོར་མ་ཕྱེ་ཡང༌། འདིར་ཕྱེ་བའི་དབང་དུ་བྱས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལས་གང་ཟག་ཏུ་བཏགས་པ་དང༌། གདགས་པའི་རྒྱུ་ལ་བརྟེན་པ་གཉིས་གཉིས་སུ་ཕྱེ། འདིར་གང་ཟག་དང་ཆོས་ལ་རྫས་བཏགས་གཉིས་གཉིས་སུ་དབྱེ་བར་བྱས་ནས་སྐྱེ་འཕགས་སོ་སོར་ངེས་པ་ནི་མཐོང་སྤང་ཁོ་ནའི་དབང་དུ་བྱས་ནས་བཤད་པ་ཤེས་དགོས་ཤིང༌། སྤྱིར་ནི་རྟོག་པའི་ཡུལ་ལ་གཟུང་བ་དང་འཛིན་པ་གཉིས་སུ་ངེས། ཡུལ་ཅན་ལ་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་གཉིས་སུ་ངེས། ཡུལ་དུ་བཞག་པའི་འཛིན་པ་དང༌། ཡུལ་ཅན་གྱི་རྟོག་པ་གཉིས་ཏེ་གསུམ་ཀ་ཡང༌། ཤེས་བྱ་ལ་སྤྱིར་གཟུང་འཛིན་གཉིས་དང་གཉིས་མེད་ཀྱི་ཡེ་ཤེས་ཏེ་གསུམ་དུ་གྲངས་ངེས་པ་དེའི་ཚེ་འཛིན་པར་འདུས། དེ་ལྟར་ཤེས་ནས་གཟུང་བ་མེད་ལ་འཛིན་པ་ཡོད་པ་ནི་སེམས་ཙམ་པ་དང་རང་རྒྱལ་གྱི་ཤེས་བྱར་བྱེད། གཟུང་བ་དེ་མེད་པས་འཛིན་པ་དེ་གཉིས་ཀ་མེད་པ་ནི་རྣམ་རྫུན་དབུ་མའི་ཤེས་བྱ་དང༌། འདིར་བཤད་པའི་མཐོང་སྒོམ་རྩེ་སྦྱོར་གྱི་ཤེས་བྱ་ཉིད་དུ་བྱེད་པའོ། །གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི་གཟུང་འཛིན་གང་དུ་ཡང་མི་འཆད་པ་བྱམས་པའི་ཆོས་ཀྱི་བརྡའ་ཆད་ཁོ་ནར་མ་ཟད། རྡོ་རྗེ་ཐེག་པ་རྟོག་གེའི་ལམ་ནས་མི་འཆད་པའི་ཚེ་ན་ཡང་བརྡའ་ཆད་དེ་ཉིད་དོ། །དེ་ལྟར་གཟུང་འཛིན་གྱི་རྟོག་པའི་དབྱེ་བ་ཇི་ལྟར་ཕྱེ་ཡང་གཟུང་རྟོག་དང་འཛིན་རྟོག་དང་པོ་ནི། མཐོང་སྒོམ་གཉིས་ཀའི་སྐབས་སུ་སྦྱོར་བའི་ལམ་གྱི་དང༌། ཕྱི་མ་གཉིས་འཇུག་པ་བར་ཆད་མེད་ལམ་གྱི་སྤང་བྱར་འཆད་པ་ནི་རྟོག་པ་ཕྲ་རགས་དང༌། སྤང་དཀའ་སླའི་དབང་དུ་མཛད་པར་གསལ་ལོ། །མཐོང་རྩེའི་སྦྱོར་བ་ཉེར་བསྡོག་ཆོས་མཆོག་ལ་ངོས་འཛིན་པ་ནི། མངོན་པར། གཉིས་པོའི་བར་དུ་རྗེས་ཐོབ་མི་འཆད་པའི་རྒྱུ་མཚན་གྱིས་ཡིན་ལ། འདིར་ནི་རྗེས་ཐོབ་མང་པོས་བར་དུ་ཆོད་པས་ཤེས་པར་སླའོ། །གཉིས་པ་མཐོང་རྩེ་དངོས་ནི། རྟོག་པའི་ས་བོན་གྱིས་དངོས་གཉེན་འཇུག་པ་བར་ཆད་མེད་ལམ་དུ་བཤད་པ་དེ་ཉིད་ལས་གཞན་དུ་མེད་ཀྱང༌། གོ་སྒྲུབ་ཀྱི་སྐབས་ལྟར་བཤད་པ་ནི་མདོའི་དངོས་བསྟན་དང་བསྟུན་ནས་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་དང༌། ཁྱད་པར་གྱི་ལམ་དང་གསུམ་གྱི་སྒོ་ནས་འཆད་པ་ནི་སློབ་དཔོན་གྱི་བཞེད་པའོ། །སྐབས་འདིར་སྤང་བྱ་སྤོང་ཚུལ་གྱི་འཕྲོས་དོན་ལ་དྲི་མ་ཟད་སྐྱེ་མེད་པར་གསུངས་པ་ནི། སྒྲ་ཇི་བཞིན་པ་ཉིད་དེ། དྲི་མ་སྔར་ཡོད་གཉེན་པོས་ཟད་པར་བྱར་མེད་པ་དང༌། སྔར་མེད་མི་སྐྱེ་བའི་ཆོས་ཅན་དུ་བྱེད་མི་དགོས་པ་ནི། བསལ་བཞག་མེད་པའི་དོན་དང༌། ཡང་ཀུན་རྫོབ་ཀྱི་བདེན་པ་སྔར་ཡོད་བསལ་མི་དགོས་པ་དང༌། དོན་དམ་བདེན་པ་སྔར་མེད་བཞག་མི་དགོས་པ་ཡང་བསལ་བཞག་མེད་པའི་དོན་ཏོ། །ཤེས་བྱེད་ནི་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ནི་གདོད་མ་ནས་ཡོད་མ་མྱོང་བ་དང༌། ཡོད་མ་མྱོང་བ་དེ་ཉིད་དོན་དམ་པའི་བདེན་པར་གདོད་མ་ནས་གྲུབ་པའི་རྒྱུ་མཚན་གྱིས་སོ། །དོན་དེ་ལ་དགོངས་ནས། དྲི་མ་གདོད་མ་ནས་ཡོད་པ་ལ་གནོད་བྱེད་ཀྱི་གཞུང༌། འགོག་པ་མེད་པའི་ཞེས་སོགས་དང༌། གཞན་གྱིས་སོགས་ཚན་པ་གཉིས་རྩ་བར་གསུངས་ལ། སློབ་དཔོན་གྱིས་དབུས་མཐའི་ལུང་ཤེས་བྱེད་དུ་དྲངས་པའི་དོན་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མེད་ལ། ཆོས་ཀྱི་དབྱིངས་ཉིད་ཡོད་པར་ཁས་ལེན་དགོས་པའི་དོན་ཏེ། མདོ་སྡེ་རྒྱན་ལས། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །གང་ཕྱིར་ཆགས་སོགས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་བཤད་པ་དེ་ཉིད་དོ། །གལ་ཏེ་སྒྲིབ་པ་མེད་ན་ངེས་པར་འབྱུང་དགོས་པ་འགལ་ལོ་ཞེས་ན། སྔར་སྐྱེས་ཟིན་གྱི་སྒྲིབ་པ་སྤང་དགོས་སུ་མེད་ཀྱང༌། སྔར་མེད་མི་སྐྱེ་བའི་ཆོས་ཅན་དུ་བྱེད་མི་དགོས་པ་ནི། དེ་མི་སྐྱེ་བའི་བརྟགས་མིན་གྱི་འགོག་པ་ཡེ་ཤེས་ཀྱི་ངོ་བོར་གདོད་མ་ནས་གྲུབ་པས་ཡིན་ལ། འབྱུང་དགོས་པ་ནི་རྣམ་ཤེས་ཀྱི་ངོར་དེ་ལྟར་བྱས་པའི་སོ་སོར་བརྟགས་འགོག་གི་ཡེ་ཤེས་མངོན་དུ་བྱས་པ་ལས་སོ། །དེ་ལྟར་དྲི་མ་གདོད་མ་ནས་ཡོད་མ་མྱོང་བའི་རྒྱུ་མཚན་གྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པ་དང༌། དེ་ལྟར་ཡོད་ན་དེ་ལྟར་བྱེད་ནུས་པ་འགལ་བ་དང༌། འཁྲུལ་ངོར་ཡང་མེད་ན་གདོད་མ་ནས་གྲོལ་བར་ཐལ་བ་རྣམས་ནི། ཇི་སྐད་དུ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་གསུངས་སོ། །དེའི་འོག་ཏུ་སྒོམ་ལམ་རྩེ་སྦྱོར་གྱི་འཆད་ཚུལ་མཐའ་དག་ནི། བཤད་མ་ཐག་པའི་ལུང་རིགས་ལས་དང༌། གོང་དུ་བཤད་ཟིན་པ་ཉིད་ཀྱིས་རྟོགས་པར་སླ་ལ། བསལ་བྱ་ལོག་སྒྲུབ་ཀྱི་རྟོག་པ་ནི་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་དང༌། དེའི་རྩོད་པ་ནི་བདེན་གཉིས་རྣམ་པར་འབྱེད་པའི་ལན་འདེབས་ཀྱི་སྒོ་ནས་སེལ་དགོས་པ་ཉིད་དུ་ཤིང་རྟའི་སྲོལ་ཆེན་དག་ལས་གསུངས་པ་བཞིན། སློབ་དཔོན་བདག་ཉིད་ཆེན་པོ་འདིས་བཞེད་པ་ཡིན་ནོ། །དེའི་འོག་ཏུ་གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་ཏེ། རྩེ་སྦྱོར་གྱིས་དབང་ཐོབ་པའི་དོན་ལ་བརྟན་པ་ཐོབ་ཕྱིར་དུ་དང༌། དེ་ཐོབ་ནས་སྔར་བཤད་ཀྱི་ཤེས་རྣམ་ཇི་སྙེད་པ་རྣམས་གཅིག་ཆར་དུ་སྒོམ་པའོ། །དང་པོ་ནི། མཐར་གྱིས་པའི་སྦྱོར་བ་སྟེ། འཕགས་པས་ནི་ཚོགས་ལམ་ཀྱང་བཞེད་ལ། སློབ་དཔོན་གྱིས་རྩེ་མོའི་སྦྱོར་བ་སྔོན་སོང་གི་ཁྱད་པར་ལམ་ལ་སྦྱོར་མཐོང་སྒོམ་གསུམ་དུ་ཕྱེ་ནས་འཆད་པའི་ཚེ་མཐོང་སྒོམ་ལམ་གྱི་སྤང་བྱ་ཐག་བསྲིང་བའི་གཉེན་པོ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་གཉེན་པོ་དང༌། མངོན་ཤེས་སོགས་ཡོན་ཏན་སྒྲུབ་པའི་དང༌། རྣམ་གཡེང་གིས་སྐྱོ་ནས་མཐོང་ཆོས་ལ་བདེ་བར་གནས་པའི་ལམ་སོགས་ཁྱད་པར་གྱི་ལམ་མང་པོ་པ་དང༌། སྔར་བཤད་པའི་སྐྱེ་མེད་གསུམ་གྱི་ཤེས་རྣམ་ཇི་སྙེད་པ་དང་ཟུང་དུ་སྦྲེལ་ནས་རིམ་ཅན་པ་ལ་སློབ་པ་ནི་མཐར་གྱིས་པའོ། །སྦྱོར་བ་བཞི་ཀའི་སྐབས་ཀྱི་ཆོས་སོ་སོ་བ་རྣམས་ཀྱི་ནི་སྦྱོར་བ་སོ་སོའི་རང་ལྡོག་ནས་ངོས་འཛིན་གྱི་མཚོན་བྱེད་དུ་མངོན་རྟོགས་ཀྱི་རང་བཞིན་ཞེས་འཆད་པར་བྱེད་པ་ཡིན་ལ། དེ་ལྟར་ན་ཡང་འདིར་སྦྱོར་མཐོང་སྒོམ་གསུམ་གྱི་དབྱེ་བ་ནི་མཚོན་བྱེད་ཀྱི་སྒོ་ནས་བསྟན་པའོ། །བསྟན་པ་དེ་དག་ཀྱང་གསུམ་དུ་འདུས་ཏེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྗེས་སུ་དྲན་པ་དྲུག་སྟེ་ལྷ་ནི་ལྷག་པའི་ལྷ་ལ་ངོས་བཟུང་ནས་ཐེག་ཆེན་སེམས་བསྐྱེད་དུ་བཤད་ན་ལེགས་པ་ཡིན་ལ། དངོས་གཞི་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། རྗེས་ནི་དངོས་མེད་ངོ་བོ་ཉིད་ཀྱི་སྦྱོར་བ་སྟེ། སྔར་བཤད་སྐྱེ་མེད་གསུམ་གྱི་རྣམ་པ་ཇི་སྙེད་ཤེས་ཟིན་མ་བརྗེད་པར་དྲན་པས་ཡིད་ལ་བྱེད་པའོ། །དེའི་འོག་ཏུ་གཉིས་པ་སྦྱོར་བ་དང་པོ་གསུམ་གྱི་མངོན་རྟོགས་ལ་བརྟན་པ་ཐོབ་ནས་གཅིག་ཆར་དུ་སྒོམ་པའི་དོན་ནོ། །སྔ་མ་རྣམས་མདའ་ཤུགས་དྲག་གིས་པདྨའི་འདབ་མ་འབིགས་པའི་དཔེས་མཚོན་པར་བཞེད་ཀྱང༌། ཟག་མེད་ཀྱི་ཡོན་ཏན་ཇི་སྙེད་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་རྒྱུ་མཚན་གྱིས། སྐབས་འདིར་གཅིག་མངོན་དུ་བྱས་པའམ་བྱེད་བཞིན་པ་ན། གཞན་འགའ་ཞིག་མངོན་དུ་མ་བྱས་པའམ། མི་བྱེད་པ་མི་སྲིད་པར་དཔེ་དོན་གྱི་སྒོ་ནས་རྒྱས་པར་གསུངས་པ་ཉིད་དོ། །འདི་ལ་ཡང་དེ་ལྟར་གོམས་པ་སྔོན་དུ་འགྲོ་དགོས་པ་ནི། དཔེ་ཉིད་ལས་གསལ་བར་མངོན་དུ་བྱེད་པ་པོ་རྒྱུན་མཐའི་ཡེ་ཤེས་སུ་གྲུབ་བོ། །བོད་ཕྱི་མ་གང་དག་རྒྱུན་མཐའི་སྐབས་ཡིན་དུ་ཆུག་ཀྱང༌། སྦྱིན་སོགས་ཀྱི་ཡོན་ཏན་རྣམས་ནི་ཀུན་རྫོབ་བདེན་པ་ཁོ་ནའོ། །ཞེས་འཆད་པ་ནི་མ་ཡིན་ཏེ། རྟོགས་བྱ་ཆོས་དབྱིངས་ཀྱི་ངོས་འཛིན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་འཆད་པ་བྱམས་པའི་ཆོས་ཀྱི་གཞུང་ཤིང་དུ་སྣང་བས་སོ། །འོ་ན་སྔར་སྟོང་ཉིད་ཉི་ཤུའི་གོ་རིམ་ངེས་པར་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེས་ན། དེར་བཤད་པ་ནི། བར་ཆད་མེད་པའི་ལམ་གྱི་དབང་དུ་བྱས་ཤིང༌། འདིར་བཤད་པ་ནི་ཁྱད་པར་ལམ་གྱི་དབང་དུ་བྱས་པ་ཁོ་ནར་མ་ཟད། སྤྱི་ཙམ་ནས་ཀྱང་ཐེག་ཆེན་མཐོང་སྒོམ་ལམ་གྱི་བར་ཆད་མེད་ལམ་དག་ཆོས་དབྱིངས་དེ་བཞིན་ཉིད་དུ་འཆད་པ་ནི་གཞུང་འདིའི་རྩ་འགྲེལ་དང༌། གོང་འོག་ཀུན་ན་གསལ་ལོ། །དེ་ལྟར་སྦྱོར་བ་བཞི་གོམས་པ་རབ་ཀྱིས་མཐར་ཕྱིན་པའི་སྐད་ཅིག་ཕྱི་མ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བ་དེ་རང་གི་ངོ་བོ་མངོན་པར་རྟོགས་པའི་ཆོས་བཞིའི་སྒོ་ནས་འཆད་པའི་ཚུལ་ལ། དོན་ངོ་བོ་ཉིད་དམ་ཆོས་ཀྱི་སྐུ་སྟེ། འདི་དག་གཞན་སྣང་གི་ཆ་ནས་ངོས་མི་འཛིན་པར། སངས་རྒྱས་ཀྱིས་ཉིད་ཀྱིས་བསྡུས་པས་ན། རང་དོན་གྱི་དང་དོན་དམ་པའི་སྐུ་ཞེས་བྱ་ལ། འཆད་པའི་ཚེ་དང་ལྡོག་པའི་དབྱེ་བས་ནི། རང་བཞིན་རྣམ་དག་གི་ཆ་ནས་ངོ་བོ་ཉིད་དང༌། གློ་བུར་གྱི་དྲི་མས་དག་པའི་ཡོན་ཏན་གསར་བྱུང་གི་ཆ་ནས་ཆོས་ཀྱི་སྐུ་ཞེས་འབྱེད་པར་ངེས་ལ། དེའི་ཚེ་ངོ་བོ་ཉིད་ཀྱི་སྐུ་ཡང་ཡེ་ཤེས་སུ་གྲུབ་སྟེ། སངས་རྒྱས་རང་སྣང་གི་སྐུ་གསུམ་ཀ་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་པར་འཆད་པས་སོ། །རྒྱན་འདིར་ལོངས་སྤྲུལ་གྱི་སྐུ་གཉིས་པོ་གདུལ་བྱ་གཞན་སྣང་གི་ཆ་ནས་དང༌། ཀུན་རྫོབ་པའི་སྐུར་བཤད་པ་ནི་ཡུམ་གྱི་མདོའི་དངོས་བསྟན་དང་གདུལ་བྱ་ཉེ་བའི་བསམ་པས་ཡིན་ལ། དོན་དམ་པའི་མཚན་དཔེ་ནི་འབྲས་བུའི་སས་བསྡུས་པའི་ཡེ་ཤེས་ཁོ་ན་ལ་བཤད་པར་བྱ་ཤིང༌། ཕྲིན་ལས་ཀྱང་བྱེད་པ་པོ་ལ་ཡོད་པ་ཉིད་གཙོ་བོ་ཡིན་ལ། འདིར་བཤད་པའི་དབྱེ་བ་ཉི་ཤུ་རྩ་བདུན་ནི་བྱ་བ་ཡུལ་ལ་ཡོད་པའི་དབང་དུ་བྱས་ནས་ལེགས་པར་བཤད་པ་སྟེ། མདོ་ནས་གསུངས་པའི་གོ་རིམ་ཉིད་དོ། །གཉིས་པ་ཡན་ལག་བདུན་བཅུའི་སོ་སོ་བ་དག་གི་ལམ་རིམ་རྟོགས་པར་སླ་བའི་ཚུལ་ནི། དང་པོ་སེམས་བསྐྱེད་ཉེར་གཉིས་དང༌། གདམས་ངག་བཅུ་དང༌། སྒྲུབ་པའི་རྟེན་རྣམས་ལ་རྒྱུ་འབྲས་ཀྱི་རིམ་པ་མཐའ་དག་ཚང་བ་དངོས་སུ་བསྟན་པ་དང༌། ཐ་མ་ཕྲིན་ལས་ཀྱི་ས་མཚམས་རྒྱས་པར་བསྟན་པའི་ཤུགས་ལ་བར་གྱི་ཡན་ལག་རྒྱས་པར་བཤད་པ་གཞན་དག་གི་ཡང་ལམ་རིམ་རྟོགས་པ་སླ་བ་ཡིན་ཏེ་མ་ཚང་བ་གོང་འོག་ནས་ཁ་སྐང་བ་དང༌། ཚང་བ་རྣམས་གོང་དུ་བཤད་མ་ཐག་པ་ལྟར་རྒྱུ་མཚན་དང་དགོས་པའི་སྒོ་ནས་སོ་སོར་ཕྱེ་བས་མི་ལྟོས་ཤིང༌། རྣམ་དཔྱོད་ཀྱི་བློ་ལ་གཤིན་ཞིང་ལྗེན་པར་གྲུབ་པ་ཡིན་ནོ། །འདིར་སྨྲས་པ། རྒྱལ་ཡུམ་དྲུག་དང་དེ་སྲས་ཤེར་ཕྱིན་མདོ། །གྲངས་མང་པོ་དང་ཡན་ལག་བདུན་བཅུའི་གྲངས། །སྟོན་མཛད་གཞུང་འདིར་དངོས་བསྟན་སྟོང་པ་ཉིད། །ཇི་བཞིན་སྒྲ་ཡིས་བཤད་གང་གཞིར་བཞག་པ། །ཆོས་རྣམས་ཀུན་ལ་མཚན་འཛིན་འགོག་ཕྱིར་ཏེ། །ཤིན་ཏུ་སྦས་པའི་མངོན་རྟོགས་རྣམ་བརྒྱད་པོ། །འཁོར་ལོ་གསུམ་པར་ཇི་བཞིན་མིན་པའི་སྒྲས། །གང་བཤད་འདིར་བྱོན་དོན་དམ་རྣམ་ངེས་ཀྱི། །ལེའུའི་དོན་དུ་ངེས་པར་དམ་བཅའ་བ། །ཁོ་བོའི་གཞུང་ཡིན་མངོན་རྟོགས་རྒྱན་བཟང་པོར། །མཁྱེན་པ་གསུམ་པོའི་རྟོགས་དང་མྱོང་བྱར་ཆོས། །ཤེས་རྣམ་ལས་གཞན་མེད་པར་དགག་པ་ལ། །བཤད་པའི་གོ་སྐབས་ནམ་ཡང་ཡོད་མ་ཡིན། །ཀུན་རྫོབ་གདོད་ནས་ཡོད་མ་མྱོང་བ་ཉིད། །དོན་དམ་བདེན་པར་ཡེ་ནས་གནས་པའི་ཕྱིར། རྣམ་དཔྱོད་བློ་ཡིས་བསལ་བཞག་མི་དགོས་པར། །རྒྱན་གཞུང་འདིར་བཤད་གཞིའི་གནས་ཚུལ་ཡིན། །ལམ་གྱི་སྐབས་སུ་ཆོས་ཀུན་མ་རྫོགས་དང༌། །རྫོགས་རྣམ་གཉིས་སུ་ཕྱེ་ནས་སྒྲ་དང་ནི། །རྟོག་པའི་ཆོས་ཀུན་ཀུན་རྫོབ་བདེན་པ་དང༌། །ཡོངས་གྲུབ་ལས་གཞན་དོན་དམ་བདེན་ཡོད་མིན། །གཞན་ཡང་གཟུང་འཛིན་གཉིས་དང་དེ་འཛིན་གྱི། །རྣམ་རྟོག་གཉིས་ལས་སྤང་བྱ་གཞན་མེད་དང༌། །གཉིས་མེད་ཡེ་ཤེས་ལས་གཞན་དེའི་གཉེན་པོ། །ཡོད་མ་ཡིན་པ་བྱམས་ཆོས་ཀུན་གྱི་གཞུང༌། །འབྲས་བུའི་དུས་སུ་སྐུ་གསུམ་ཕྲིན་ལས་བཅས། །བདེན་པར་འཆད་པ་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་ཉིད་ངོས་འཛིན་མཛད་པའི་སྐབས་ཡིན་མོད། །སྟོང་ཉིད་རང་བཞིན་རང་གི་མཚན་ཉིད་དང༌། །མི་དམིགས་པ་དང་དངོས་མེད་གཞན་གྱི་དངོས། །ཇི་བཞིན་སྒྲ་ཡིས་སྟོང་པར་བཤད་པའི་ཚེ། །ཆོས་ཀུན་མཚན་མར་འཛིན་པའི་འཆིང་བ་ལས། །ཀུན་ནས་ཀུན་ཏུ་རྣམ་པར་གྲོལ་ཕྱིར་ཡིན། །ཞེས་བྱམས་ཆོས་རྣམ་པ་ལྔའི་གཞུང་གི་སྒྲོ་འདོགས་སེལ་བའི་ཚུལ་དང༌། མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་སྐྱེད་པའི་ཚུལ་མདོར་བསྡུས་ཏེ་བཤད་པ་ལས། མངོན་རྟོགས་རྒྱན་གྱི་བཤད་པའི་ཚུལ་བསྟན་པ་སྟེ་ལེའུ་དང་པོའོ།།  །། ༄༅། །སྭ་སྟི། ཐུབ་པའི་བསྟན་ལ་དྲང་ངེས་འབྱེད་མཁས་ཤིང༌། །རྡོ་རྗེའི་གདན་དུ་མངོན་པར་སངས་རྒྱས་ནས། །རིམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པ། །མ་ཕམ་བྱམས་པའི་སྐུ་ལ་ཕྱག་འཚལ་ལོ། །བྱམས་ཆོས་རྣམ་གསུམ་དབུ་མའི་ལམ་ཆེན་པོ། །མོས་དང་སྡང་བའི་ཡོན་ཏན་སྐྱོན་རྣམས་ཀུན། །རྗེ་བཙུན་ཉིད་ཀྱིས་རྒྱུད་བླར་ལུང་བསྟན་ཕྱིར། །གཞུང་གསུམ་དྲང་ངེས་འབྱེད་ལ་སྤྲོ་བ་སྐྱེས། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་གཞུང་ནས་གསུངས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ལམ་རིམ་མདོར་བསྡུས་ནས་འཆད་པ་ལ་གསུམ་སྟེ། རྒྱན་གཞུང་རྩོམ་པ་ལ་འཇུག་པའི་ཡན་ལག རྩོམ་མཛད་གཞུང་གི་ལམ་རིམ། འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་གོ །དང་པོ་ལ་གཉིས་ཏེ། རྩོམ་པར་དམ་བཅའ་བ་དང༌། ཇི་ལྟར་རྩམ་པའི་ཚུལ་ལོ། །དང་པོ་ནི། དོན་ཤེས་སོགས་ཏེ། རྣམ་དབྱེ་བདུན་གྱི་སྒོ་ནས་ཆོས་འདིའི་ལུས་རྣམ་པར་བཞག་པ་ངོས་བཟུང་ནས། དེ་ཉིད་རྒྱས་པར་བཤད་པའི་བསྟན་བཅོས་རྩོམ་པར་དམ་བཅས་སོ། །ལུས་སུ་གྱུར་པའི་འབྱོར་པ་ལྔ་པོ་དེ་གང་ཞེ་ན། འགྲེལ་པ་ལས། བསྒྲུབ་པར་བྱ་བ་དང༌། བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། བསམ་པར་བྱ་བ་དང༌། བསམ་གྱི་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པ་རྟོག་པར་བྱ་བའི་དོན་སོ་སོ་རང་གིས་རིག་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས། ཞེས་གསུངས་ལ། འདིའི་དོན་འཆད་པ་པོ་བོད་སྔ་མས་བཤད་པ་དག་སྤངས་ནས། འདིར་འཆད་པ་ལ་བསྒྲུབ་པར་བྱ་བ་ནི། སྐྱབས་འགྲོ་ནས་བྱང་ཆུབ་ལེའུའི་བར་ཏེ། བསྟན་བཅོས་འདིའི་ལམ་གྱི་རིམ་པ་རགས་པ་ཙམ་བསྟན་པ་དེ་ཉིད་དོ། །དེ་སྒྲུབ་པར་བྱེད་པ་ལ། བསྡུས་པའི་དོན་ཚན། གལ་ཆེ་བའི་དོན་ཚན་མང་པོ་དག་སོ་སོར་ཤེས་དགོས་པ་ནི། བྱེ་བྲག་ཏུ་ཤེས་པར་བྱ་སྟེ། ཆོས་ཚོལ་གྱི་ལེའུ་མན་ཆད་ཀྱི་དོན་ནོ། །བསམ་པར་བྱ་བ་ནི། ངེས་པའི་དོན་མཐར་ཐུག་པ་སྟེ། དེ་ཁོ་ན་ཉིད་ཀྱི་ལེའུ་སོགས་ལྟ་བ་སྟོན་པའི་ལུང་རྣམས་ཀྱི་དོན་ཏོ། །བསམ་གྱིས་མི་ཁྱབ་པ་ནི། ཇི་སྐད་དུ། ཡོད་མིན་མེད་མིན་ཞེས་སོགས་འགལ་འདུ་སྐྱོན་མེད་མང་དུ་གསུངས་པ་རྣམས་ཀྱི་དོན་ཏེ། རྟོག་གེའི་བློ་ལ་ལྟོས་པའོ། །ཡོངས་སུ་གྲུབ་པ་ཞེས་སོགས་ཀྱི་ནི། རྒྱན་འདི་ནས་འབྱུང་བའི་བསྟན་བྱ་ཕྲ་རག་ཇི་སྙེད་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཁོ་ན་ཡིན་གྱི། སྤང་བར་བྱ་བ་དང༌། འཇིག་རྟེན་འཁོར་བའི་ལམ་དུ་འགྲོ་བ་ནི་ཅུང་ཟད་ཀྱང་མ་ཡིན་པའི་དོན་ནོ། །ལྔ་པ་དེ་དག་གོ་རིམ་བཞིན་དུ་དཔེ་ལྔ་དང་སྦྱར་བས་ནི། རྣམ་དབྱེ་བརྒྱད་པའི་དོན་ཡང་མཚོན་པར་ནུས་སོ། །གཉིས་པ་ལ་གསུམ་སྟེ། མཚན་གྱི་སྒྲ་བཤད་པའི་སྒོ་ནས་དགོས་པའི་དོན། བརྗོད་བྱའི་དོན་དཔེ་བཞི་དང་སྦྱར་བའི་སྒོ་ནས་བསྡུས་པའི་དོན། ཐེག་ཆེན་བཀའ་སྒྲུབ་ཀྱི་དྲང་ངེས་ཕྱེ་བའི་སྒོ་ནས། ཚིག་དོན་ལ་ངེས་པ་སྐྱེད་ཚུལ་ལོ། །དང་པོ་ནི། གཟུགས་རྒྱན་སོགས་དང༌། གཉིས་པ་ནི། ཇི་ལྟར་སོགས་ཏེ། ཡི་གེ་ནི་རྒྱལ་པོ་བཞིན་དུ་བརྙེས་པར་དཀའ་བ་དང༌། དོན་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་དགོས་འདོད་འབྱུང་བའོ། །གསུམ་པ་ནི། བཀའ་བསྒྲུབ་པའི་ལེའུ་སྟེ། ཐེག་པ་ཆེན་པོ་སྟོན་པའི་ལུང་རྣམས་དཀའ་ཉིད་དུ་སྒྲུབ་པའོ། །ཐེག་པ་ཆེན་པོའི་ངོས་འཛིན་ནི། ཟབ་པ་དང་རྒྱ་ཆེ་བ་དག་ཚོགས་པའོ། །རྒྱ་ཆེ་བ་ནི་མཐར་ཐུག་གི་བསྒྲུབ་བྱ་སངས་རྒྱས་ཉིད་འགྲུབ་པ་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསོགས་པ་ལ་རག་ལས་པའོ། །དེ་ལ་མི་མོས་པ་ནི་སངས་རྒྱས་ཀྱི་རིགས་མེད་པ་དང༌། ཡོད་ཀྱང་ཚོགས་དེ་ཙམ་ལ་སྒྱིད་ལུག་པའོ། །དེ་ལྟ་བུ་དེ་ནི་གཏན་མྱ་ངན་ལས་མི་འདའ་བའི་ཚོན་དང༌། དམན་པར་རིགས་ངེས་པ་དང༌། ཅུང་ཟད་མ་ངེས་པ་དག་ཀྱང་སྟེ། དེ་དག་གི་ངོར་རྒྱ་ཆེ་བ་བཀའ་ཉིད་དུ་སྒྲུབ་དགོས་པའོ། །ཟབ་པ་ལ་མི་མོས་པ་ཡང་དེ་དག་ཉིད་དང༌། བྱེ་བྲག་ཏུ་ཉན་ཐོས་སྡེ་པ་དག་ནི། ཕྱི་རོལ་གྱི་དོན་མེད་པ་ལ་སྐྲག་ནས་དེའི་ལམ་བློ་ཡུལ་དུ་མི་ཤོང་བ་དང༌། སེམས་ཙམ་པ་དང་རང་རྒྱལ་དག་ནི། དོན་སྣང་གི་རྣམ་ཤེས་མེད་པའི་ལམ་ལ་སྐྲག་ནས་བློ་ཡུལ་དུ་མི་ཤོང་བ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་རང་སྟོང་དུ་འཆད་པ་དག་ལ་སྐྲག་ནས་བློ་ཡུལ་དུ་མི་ཤོང་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་ཁ་ཅིག་ཡེ་ཤེས་དེ་ལ་རིགས་པས་དཔྱད་བཟོད་ན། ཟབ་མོ་མཐར་ཕྱིན་པ་ཉིད་དུ་མི་བཞེད་པ་སྟེ། དེ་དག་གི་བློ་ངོར་ཤིང་རྟའི་སྲོལ་ཆེན་གཉིས་ལས་བྱུང་བའི་ཟབ་མོ་གནས་སྐབས་མི་འདྲ་བ་གཉིས་བྱུང་ཡང༌། མཐར་ཐུག་དོན་གཅིག་པ་སྟེ་ཐེག་པ་ཆེན་པོ་བཀར་སྒྲུབ་པ་ལ་ཁྱད་པར་མེད་དེ། དེ་ལྟར་རྒྱན་འདི་རྩོམ་པ་ལ་འཇུག་པའི་སྐབས་ནས་འབྱུང་བའི་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་ཡིན་པ་དེ་བསྟན་ཟིན་ནས། གཞུང་དངོས་ནས་འབྱུང་བའི་མངོན་རྟོགས་ཀྱི་རིམ་པ་ལ་གཉིས་ཏེ། བསྒྲུབ་པར་བྱ་བ་དངོས་ཀྱི་རིམ་པ་དང༌། དེ་ལ་དགོས་པའི་ཡན་ལག་རྒྱས་བཤད་ཀྱི་སྐབས་ནས་བྱུང་བའི་དོན་ཚན་བྱེ་བྲག་ཏུ་ངེས་པ་དག་ཇི་ལྟར་ཡིན་པའོ། །དང་པོ་ནི། བསྒྲུབ་པར་བྱ་བ་དེ་དག་ལས་ལམ་སྔ་མ་སྔ་མ་དེ་དག་གིས་འབྲས་བུ་ཕྱི་མ་དག་གོ་རིམ་མ་འཆོལ་བར་འགྲུབ་པ་ཡིན་ཏེ། ཐེག་པ་མཆོག་གི་སྐྱབས་སུ་འགྲོ་བས་ནི། རིགས་ཀྱི་ནུས་པ་རྒྱས་པར་བྱེད་དོ། །དེ་ལས་ནི་སྨོན་པའི་སེམས་བསྐྱེད་པ་འབྱུང་ངོ༌། །དེ་ལས་འཇུག་པ་པའི་སྡོམ་པ་ལེན་པར་བྱེད་དོ། །དེ་ནས་ནི་དེ་ཁོ་ན་ཉིད་ཀྱི་མིང་ཅན་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་དོ། །ཀུན་རྫོབ་དང་དོན་དམ་པའི་སེམས་གཉིས་རྒྱུད་ལ་སྐྱེས་པའི་འཕགས་པས། རྫོགས་སྨིན་སྦྱངས་གསུམ་བསྒྲུབ་པ་ལ་མངོན་པར་ཤེས་པ་དང༌། རྣམ་ཐར་དང་ཟིལ་གནོན་སོགས་མཐུ་གྲུབ་པ་སྔོན་དུ་འགྲོ་དགོས་པས་ན། གནས་པ་གསུམ་ལ་གནས་ནས་དེ་དང་དེ་དག་སྒྲུབ་པར་བྱེད་དོ། །གནས་པ་གསུམ་ནི། མི་དགེ་བའི་ཆོས་དང་འདོད་པས་དབེན་པ་ཚངས་པའི་གནས་པ་དང༌། བསམ་གཏན་བཞི་པའི་དངོས་གཞི་ཐོབ་པ་ལྷའི་གནས་པ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་བཟུང་བ་འཕགས་པའི་གནས་པའོ། །མཐར་དེ་ལྟར་ཐོབ་པའི་འཕགས་པས་ས་དང་པོ་ནས་བཅུ་པའི་བར་དུ་རང་གཞན་གྱི་རྒྱུད་སྨིན་པ་དང༌། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུའི་རྣམ་རོལ་སྟོན་ནུས་པའི་སྨོན་ལམ་གྲུབ་པ་དང༌། ཞིང་སྦྱོང་བའི་ནུས་པ་མཐར་ཐུག་ནས། སྲིད་ཞི་ལ་མི་གནས་པའི་བྱང་ཆུབ་མངོན་དུ་བྱེད་པའོ། །དག་པ་ས་གསུམ་ནི་འབྲས་བུའི་བྱང་ཆེན་སྒྲུབ་བྱེད་དངོས་ཡིན་ཀྱང༌། ཉེ་བའི་བྱང་ཆུབ་ཀྱི་མིང་བཏགས་ནས་བྱང་ཆུབ་ལེའུར་བསྡུས་པ་ནི། ཇི་སྐད་དུ། ཇི་ལྟར་ཀླུ་དང་ས་ཡི་འོག་ཏུ་མ་སོང་ཞེས་སོགས་ཀྱི་སྐབས་ནས་འབྱུང་བ་ལྟར་དག་པ་ས་གསུམ་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ་ནི་ཆོས་ཀྱི་སྐུར་རོ་གཅིག་པས་ན། བྱང་ཆུབ་རྗེས་མཐུན་པར་བཞག་པའོ། །དེ་དག་གི་ཤེས་བྱེད་ཀྱང༌། ས་དེ་དག་ཏུ་ཡིད་དང༌། འཛིན་དང༌། རྣམ་པར་རྟོག་པ་གནས་གྱུར་པའི་རྒྱུ་མཚན་ལས་སོ། །དེ་ལྟ་ན་ཡང་མཉམ་པ་ཉིད་ལ་སོགས་པ་འབྲས་དུས་ཀྱི་ཡེ་ཤེས་བཞི་པོ་མངོན་དུ་གྱུར་པར་མི་འཆད་པ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་གནས་གྱུར་མ་ཐོབ་པ་ལས་སོ། །གལ་ཏེ་དགྲ་བཅོམ་ཉིད་ན་དེ་བཟློག་གོ །ཞེས་ཀུན་གཞིའི་གནས་གྱུར་དགྲ་བཅོམ་པ་དག་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དགྲ་བཅོམ་པའི་ཚེ་ན་མི་དགེ་བ་དང་དགེ་བ་ཟས་ཀྱི་ལས་སྤངས་པས་འབྲས་བུ་ཀུན་གཞིའི་རྣམ་ཤེས་ལོག་པར་བཤད་མོད། དེའི་ས་བོན་གྱི་ཆ་སྤོངས་བྱེད་ཀྱི་གཉེན་པོ་སྔོན་དུ་མ་སོང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱེད་མ་ནུས་པའོ། །རྣམ་སྨིན་ལོག་པའི་ཚེ་དེའི་ཚེ་དེའི་རྣམ་ཤེས་སུ་མི་རུང་བས་ས་བོན་གྱི་ཆ་ཇི་ལྟར་འཇོག་ཅེ་ན། འགལ་བ་མེད་དེ། མིའི་སྲིད་པ་ནས་ལྷར་འཆི་འཕོ་བ་བཞིན་ནོ། །གཉེན་པོ་དེ་ཡང་གང་ཞེ་ན། ཆོས་ཀྱི་བདག་མེད་པའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སོ། །འོ་ན་ལྷག་བཅས་ཀྱི་ཚེ་ས་བོན་དེ་ཡོད་པར་ཁས་ལེན་ནམ་ཞེ་ན། མ་སྤངས་ཀྱང་མངོན་དུ་མི་བྱེད་པའི་བརྟགས་མིན་གྱི་འགོག་པ་ཐོབ་པའི་རྒྱུ་མཚན་གྱིས་ལྷག་མེད་ཀྱི་ཚེ་སྒྲིབ་པ་ཡོད་པ་དང་མེད་པའི་བཤད་པ་གཉིས་ཀ་ལུང་ལས་བྱུང་ངོ༌། །ཡང་དེ་ཁོ་ན་ཉིད་ཀྱི་ལེའུའི་སྐབས་སུ། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱིས། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་མཚན་གྱིས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་པས། ཐེག་ཆེན་གྱི་སྦྱོར་ལམ་ངོས་བཟུང༌། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པས་མཐོང་ལམ་དང༌། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་དབྱེ་བར་འགྱུར། །ཞེས་དང༌། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ནས་མཉན་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་གསུངས་པ་རྣམས་ནི་སྒོམ་ལམ་མཐར་ཕྱིན་པར་བྱེད་པའི་གཞུང་ཡིན་པར་འགྲེལ་པ་ལས་གསུངས་སོ། །སྐབས་འདིར་བོད་སྔ་མ་དག བྱམས་ཆོས་བར་པ་གསུམ་པོར་གཞིའི་སྐབས་སུ་ཀུན་གཞི་དང༌། ལམ་དུ་སྣང་བ་སེམས་དང༌། འབྲས་དུས་སུ་གནས་གྱུར་བཞེད་པས་སེམས་ཙམ་གྱི་གཞུང་ངོ་ཞེས་དང༌། གྲུབ་པའི་མཐར་གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་བོ་ཞེས་གསུངས་པ་ནི་དཔྱིས་ཕྱིན་པ་མ་ཡིན་ནོ། །རྗེ་བཙུན་ཉིད་ཀྱིས་འདི་དག་གི་བསྟན་བྱའི་གཙོ་བོ་དབུ་མར་གསུངས་པ་དང༌། དབྱིག་གཉེན་གྱིས་མདོ་ལུང་མང་པོ་དྲངས་ནས། དབུ་མ་འདིའི་གོང་ན་དབུ་མའི་གྲུབ་མཐའ་གཞན་མེད་པར་གསུངས་པ་དང༌། གཞི་དུས་ཀྱི་ཀུན་གཞིའི་ངོས་འཛིན་ཟླ་བ་གྲགས་པས་ཀྱང་སྟོང་པ་ཉིད་ལ་བཤད་པ་དང༌། ཀུན་གཞིའི་རྣམ་ཤེས་དང་ཁམས་གསུམ་སེམས་ཙམ་དུ་བཤད་པ་ཙམ་གྱི་སེམས་ཙམ་པའི་གྲུབ་མཐར་མི་འགྱུར་བའི་ཚུལ་རྒྱས་པར་འཇུག་པ་ཉིད་དུ་གསུངས་པ་དང༌། སོ་སྐྱེའི་རྣམ་ཤེས་ལ་གང་སྣང་སྣང་མཁན་དེ་ཉིད་ཀྱིས་བསྡུས་པར་རྒྱུད་བླ་མ་ལས་གསུངས་པ་དང༌། འཇུག་པར་སེམས་ཀྱི་འཇིག་རྟེན་སེམས་ཉིད་ཀྱི་ས་བྱ་བ་རང་ལུགས་སུ་བཤད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་གང་སྣང་དེ་ལས་གཞན་ཡེ་ཤེས་ཀྱིས་མ་བསྡུས་པའི་ཆོས་མེད་པར་གསུངས་པ་དང༌། གཞན་དབང་བདེན་གྲུབ་ནི་ཐོག་མེད་སྐུ་མཆེད་དང༌། ཕྱོགས་གླང་ཡབ་སྲས་ཀྱི་སྲོལ་གང་ལས་ཀྱང་མ་བྱུང་བ་དང༌། ཡོངས་གྲུབ་རིགས་པས་དཔྱད་མི་བཟོད་པ་ནི་སེམས་ཀྱི་རྡོ་རྗེ་སྟོན་པའི་སྔགས་གཞུང་ཀུན་ནས་གསུངས་པ་དང༌། གནས་གྱུར་ནི་བསྟོད་ཚོགས་སུ་མ་ཟད། འཇུག་པར་ཡང་སྟོང་པ་ཉིད་ཁོ་ན་འཁོར་འདས་ཀུན་གྱི་གནས་དང༌། གྱུར་པ་ནི་འཁོར་འདས་སུ་བཏགས་པའི་ཆོས་གང་ཡང་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པ་ལ་འཇུག་པ་ཉིད་དུ་གསུངས་པའི་ཕྱིར་རོ། །ཡང་བོད་ཕྱི་མ་དག་ན་རེ། བྱམས་ཆོས་བར་པ་ནས་གསུངས་པའི་དབུ་མའི་ལམ་གྱི་ངོས་འཛིན་དེ་ཇི་ཙམ་གོམས་ཀྱང་ཐེག་ཆེན་གྱི་སྦྱོར་ལམ་ཙམ་དུ་ཡང་མི་སླེབ་ཅིང༌། དམན་པའི་ཐར་ལམ་ཙམ་དུ་ཡང་མི་འགྱུར་ཏེ། འཛིན་པ་ཆོས་ཀྱི་བདག་མེད་ཚང་བར་མ་བསྟན་པས་སོ། །དེའི་ཤེས་བྱེད་ནི་ཡོངས་གྲུབ་བདེན་པར་གྲུབ་པ་དེ་ལ། བདེན་འཛིན་གྱི་རྟོག་པ་སྤོང་བའི་གོ་སྐབས་མེད་པའི་ཕྱིར་ཞེས་འཆད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། དབུ་མ་གཉིས་ཀྱི་ཟབ་དོན་ལ་ཁྱད་པར་མི་ཕྱེད་པའི་སྒྲུབ་བྱེད། ཁྱད་པར་འབྱེད་པ་ལ་གནོད་བྱེད། དེས་གྲུབ་པའི་དོན་ནོ། །དང་པོ་ནི། འཇུག་པར། ཤེས་བྱ་མེད་ན་ཤེས་པ་བཀག་གྲུབ་པས། །དང་པོར་ཤེས་བྱ་བཀག་པར་མཛད་པ་ཡིན། །ཞེས་མདོ་སྡེ་ལང་གཤེགས་ཀྱི་མཐར་ཐུག་གི་དགོངས་པ་གཟུང་འཛིན་གཉིས་མེད་དུ་བཤད་ནས། དེ་ལྟར་སྟོན་པའི་མདོ་སྡེ་ལང་གཤེགས་སེམས་ཙམ་གྱི་གཞུང་མ་ཡིན་པར་གསུངས་པ་དང༌། མདོ་སྡེར་ཕྱི་རོལ་གྱི་དོན་བཀག་པ་ན་དོན་སྣང་གི་ཤེས་པ་ཁེགས་པའི་རྒྱུ་མཚན་གྱིས། མདོ་སྡེ་ཕྱི་རོལ་གྱི་དོན་བཀག་པ་ཉིད་འཐད་པར་བསྒྲུབ་པ་དང༌། གཟུགས་བཟློག་པ་སྟེ་དེ་ཡང་དྲངས་དོན་ཉིད། །ཅེས་པ་གཟུགས་ཁོ་ནའི་དབང་དུ་བྱས་པ་དང༌། འཇུག་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཤེས་བྱ་གཅིག་ཉིད་ངེས་དོན་མཐར་ཐུག་ཏུ་བཤད་པ་དང༌། བྱམས་པའི་གཞུང་ལུགས་འདི་དག་དགོངས་འགྲེལ་དང་བཅས་པ་ན། སྤྲོས་པ་མེད་པའི་བདག་ཉིད། །ཅེས་སོགས་རྒྱས་པར་བཤད་པ་དག་གིས་དགག་བྱ་སྤྲོས་པ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་མེད་པའི་ཕྱིར་ཏེ། ཡེ་ཤེས་ཀྱི་མཚན་མར་འཛིན་པ་ཞེས་བྱ་བའི་ཐ་སྙད་ནི་གཞུང་གང་དུ་ཡང་མི་འབྱུང་ལ། རྣམ་ཤེས་ཀྱི་མཚན་མར་འཛིན་པ་མཐའ་དག་ནི་འགོག་དགོས་ཀྱི་སྤང་བྱ་ཉིད་དུ་འཆད་པ་ལ་སྲོལ་གཉིས་ཀ་ཡང་འཆད་ཚུལ་མི་མཐུན་པ་མི་སྣང་བའི་ཕྱིར། སྲོལ་གཉིས་ཀྱི་དོན་དམ་བདེན་པའི་ངོས་འཛིན་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང༌། ཆོས་བདེན་སྟོང་གིས་བྱེད་དོ་ཞེས་ཟེར་བ་ནི་རང་བཟོར་སྨྲ་བ་ཡིན་ཏེ། ལུགས་འདི་ལ་སྟོང་ཉིད་ཀྱི་ངོས་འཛིན་དེ་འདྲ་དབུས་མཐའ་སོགས་གང་ནས་ཀྱང་མ་བཤད་པའི་ཕྱིར་དང༌། མེད་པར་དགག་པའི་སྟོང་པ་ཉིད་ནི་ལུགས་འདི་ལས་ཀུན་བཏགས་ཁོ་ནར་འཆད་ཀྱི་དོན་དམ་དུ་འཆད་པའི་གོ་སྐབས་མེད་པའི་ཕྱིར་དང༌། རྣམ་འགྲེལ་མཛད་པས་མེད་པར་དགག་པ་ནི་སྤྱི་མཚན་ཁོ་ནར་བཞེད་པའི་ཕྱིར་དང༌། འཇུག་པར་ཡང་རྟོགས་པས་སྒྲོ་བཏགས་པའི་མེད་དགག་ནི་དོན་དམ་དུ་མི་རུང་ལ། གནས་ཚུལ་ལ་མ་གྲུབ་པའི་མེད་དགག་ཞིག་གལ་ཏེ་ངོས་འཛིན་ན་ཡང༌། རྣལ་འབྱོར་མངོན་སུམ་གྱི་ཡུལ་དུ་མི་རུང་བའི་ཕྱིར་དང༌། ཡང་དོན་དམ་བདེན་པ་ཁས་བླངས་ནས་དེ་རྟོག་པས་སྒྲོ་བཏགས་སུ་འདོད་པ་ཡང་གཏིང་མ་ཚུགས་པ་སྟེ། དེར་བཏགས་ན་གནས་ཚུལ་དུ་གྲུབ་པ་འགལ་ལ། དེ་ལྟར་ན་བདེན་པར་འགལ་བས་སོ། །བདེན་གྲུབ་ལ་བདེན་འཛིན་གྱི་རྟོག་པ་སྤང་མི་ནུས་པར་འཆད་པ་ཡང་གཏིང་མ་ཚུགས་པ་སྟེ། ཆོས་འདིར་ནི་གང་བདེན་པར་གྲུབ་པ་དེ་ཉིད་གདོད་མ་ནས་བདེན་འཛིན་གྱིས་སྟོང་པར་འཆད་པ་གཞན་སྟོང་ཟབ་མོའི་འཆད་ཚུལ་དངོས་སུ་སྣང་བའི་ཕྱིར་དང༌། ཡོད་པའི་སྟོང་པ་ཉིད་ཅེས་བྱ་བའི་དགོངས་པ་ཉིད་དུ་སྣང་བས་སོ། །སྤྱིར་ནི་བདེན་ན་ལྟ་ཞོག ཡོད་ན་སྤང་མི་ནུས་པ་ནི་མངོན་རྟོགས་རྒྱན་གྱི་དགོངས་པའོ། །གཉིས་པ་ནི། འཇུག་པར། གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་སོགས་ཀྱི་གཞུང་དེས་བྱམས་ཆོས་བར་པ་གསུམ་དུ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གཞན་དབང་གི་དངོས་པོ་དང་བདེན་གྲུབ་ཏུ་བཤད་པ་དེ་ཕྱོགས་སྔ་མར་བྱས་ནས་འགོག་པ་ཡིན་ཟེར་བ་མི་འཐད་དེ། བྱམས་ཆོས་ན་གཉིས་མེད་ཀྱི་ཡེ་ཤེས་གཞན་དབང་དུ་བཤད་པ་ཟུར་ཙམ་ཡང་མི་སྣང་བ་དང༌། གཞན་དབང་གི་དངོས་པོའམ་ངོ་བོ་ནི་ཡོངས་གྲུབ་ལ་འཆད་དགོས་རྒྱུ་ཡིན་པ་དང༌། ཟླ་བའི་དགོངས་པ་ནི་གཟུང་འཛིན་གཉིས་མེད་པར་འཆད་པ་དེའི་ཚེ་གཉིས་མེད་ཀྱི་ཡེ་ཤེས་ཀྱང་མེད་པ་འཆད་དགོས་ཏེ། ཆོས་གཅིག་གི་གནས་ཚུལ་སེམས་པ་ལ་འཇུག་པ་ན་ཐམས་ཅད་ཀྱི་གནས་ཚུལ་སེམས་པ་ལ་འཇུག་དགོས་པའི་ཕྱིར་དང༌། ཡེ་ཤེས་དེ་ཡོད་ན་གཟུང་འཛིན་གཉིས་ཀྱང་ཡོད་དགོས་ཏེ། ཆོས་གང་ལ་གཅིག་ཡོད་ལ། ལ་ལ་དག་མེད་པར་འཆད་པ་ནི་དབུ་མའི་ལུགས་ལས་ཉམས་པའི་ཕྱིར་ཞེས་བཞེད་པ་ཡིན་ཏེ། གཉིས་ཡོད་དང༌། གཉིས་མེད་དང༌། ཡེ་ཤེས་དང༌། རྣམ་ཤེས་དང༌། བདེན་གྲུབ་དང༌། བདེན་མེད་སོགས་ཕན་ཚུན་བརྟེན་པར་བཤད་པ་རྣམས་ལྟོས་གྲུབ་ཏུ་འཆད་དགོས་པའི་ཕྱིར་དང༌། ལྟོས་གྲུབ་ཀྱི་གོ་བ་ཡང༌། ཆོས་གཅིག་གྲུབ་པའི་ཚེ་ཀུན་གྲུབ་པ་དང༌། གཅིག་མ་གྲུབ་ན་ཀུན་མ་གྲུབ་པར་འཆད་དགོས་པ་ནི། ཇི་སྐད་དུ་ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །གྲུབ་མིན་ཉིད་ཅེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སོ། །འཆད་ཚུལ་དེ་ལས་གཞན་དུ་ན། རིགས་པ་དེ་ཐལ་འགྱུར་བ་རང་ལ་ཡང་མཚུངས་ཏེ། འདི་ལྟར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་རང་ལུགས་ལ་ཁས་ལེན་དགོས་པས། ཡོད་པར་གང་གིས་འགྲུབ། འདིའི་ཡོད་པ་སོགས་གནོད་བྱེད་རྣམས་ཇི་ལྟ་བ་བཞིན་དུ་ཞུགས་སོ། །གལ་ཏེ་དེ་ཡོད་པར་དེའི་གཞལ་བྱ་ཡོད་པ་ལས་གྲུབ་བོ་ཞེས་ཟེར་མོད། འོ་ན་འདིའི་ཕྱོགས་སྔ་སྨྲ་བས་ཀྱང༌། གཟུང་འཛིན་མེད་པས་དེའི་ཡེ་ཤེས་གྲུབ་བོ། །འདི་ནི་ངེས་པར་ཟེར་དགོས་རྒྱུ་ཡིན་ལ། ཟླ་བས་ནི་དེ་ལྟར་གསུངས་དགོས་རྒྱུ་མ་ཡིན་ཏེ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཞལ་བྱར་གྲུབ་ན། དེའི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་མི་གཏོགས་ན་ཕར་ཞོག གཏོགས་ན་དེ་ཡང་རང་སྟོང་དུ་འཆད་དགོས་པའི་ཕྱིར། གལ་ཏེ། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། ཞེས་སོགས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཁྱེད་ཀྱི་ཕྱོགས་ལ་མ་ཡིན་གྱི། ངེད་ཀྱི་ཕྱོགས་ལ་ནི་ཡེ་ཤེས་དེ་འཆར་བའི་མགོ་རྩོམ་པ་ངེས་ཆ་ནས་ཡིན་ལ། དེ་ལྟར་གོམས་པས་ཆོས་ཤེས་ཀྱི་འོག་ཏུ་ཡེ་ཤེས་ཇི་སྙེད་པ་སྟོང་པ་ཉིད་དུ་རོ་གཅིག་པར་འཇོག་དགོས་པ་ཡིན། དེ་ལྟར་ཤེས་པ་ན། གཞན་ལ་མོ་གཤམ་བུས་གནོད་ཅི་ཞིག་སྐྱལ། །ཞེས་སོགས་ཀྱི་གོ་བའང༌། གཟུང་འཛིན་གྱི་གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ། ཡེ་ཤེས་ཀྱང་མི་སྲིད་པ་ལ་འཆད་དགོས་པ་ཡིན་གྱི། གཟུང་འཛིན་ཞེས་པའི་ཚིག་ཙམ་ལ་འཁྲིད་དགོས་པ་མ་ཡིན་ནོ། །གསུམ་པ་གྲུབ་དོན་ལ་གཉིས་ཏེ། དབུ་མའི་ཚུལ་ལུགས་གཉིས་ཕར་ཕྱིན་ཐེག་པའི་ཚེ་དོན་མཐུན་པར་གྲུབ་པ་དང༌། སྔགས་ཀྱི་ཚེ་ཆེས་ཤིན་ཏུ་མཐུན་པར་གྲུབ་པའོ། །དང་པོ་ནི། ངོ་བོ་ཉིད་མེད་པའི་སྲོལ་གཉིས་པོ་གང་ལ་ཡང་གཟུང་འཛིན་དུ་མ་འདུས་པའི་ཤེས་བྱ་རང་སྟོང་དུ་འཆད་རྒྱུ་མེད་ཅིང༌། དེ་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བར་ཐག་གཅོད་པ་ནི། ཤེར་མདོའི་དངོས་བསྟན་ཡིན་ལ། དེས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་ཁེགས་ཤིང༌། ཡོད་མ་ཡིན་དེ་ཡང༌། རིགས་པ་དང་སངས་རྒྱས་སོགས་ཀྱིས་བྱས་པ་མ་ཡིན་གྱི། གནས་ཚུལ་ཉིད་ལ་གྲུབ་པས་ནི་མེད་པ་བསྐུར་འདེབས་ཀྱི་མཐའ་སེལ་བར་བྱེད་དོ། །དེ་ལྟ་བུའི་མེད་པར་དགག་པ་དེ་ལས་མ་གཏོགས་པའི་དབུ་མ་མི་བཞེད་ལ། དེ་འདྲ་དེ་གནས་སྐབས་སུ་མཐུན་པའི་དོན་དམ་དུ་བཤད་ཀྱང༌། རྣམ་གྲངས་མ་ཡིན་པའི་དོན་དམ་དུ་ནི་མི་བཞེད་དོ། །དེར་མ་ཟད་ཟླ་བའི་ཞབས་ཀྱིས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །ཞེས་དང༌། རྟོག་རྣམ་ལོག་པར་གྱུར་བ་གང་ཡིན་ཏེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་གསུངས་ལ། མཚན་འཛིན་སེལ་བྱེད་ཀྱི་དབུ་མའི་ངོས་འཛིན་དེ་ལས་མ་ཚང་བ་དང་ལྷག་པ་འཆད་ཚུལ་བྱམས་ཆོས་བར་པ་ན་ཡོད་པ་མ་ཡིན་ཏེ། རྣམ་དཔྱོད་ཟབ་མོར་གྱུར་པ་དག་ལ་སྣང་རུང་མ་དམིགས་པའི་ཕྱིར། གཟུང་འཛིན་གྱི་མཚན་མའི་གྲངས་དང་ངོས་འཛིན་ཡང༌། མངོན་པར་རྟོགས་པའི་རྒྱན་ལས་གསུངས་པ་དེ་ལས་གཞན་ཟབ་རྒྱས་ཅན་རྙེད་པར་དཀའ་བས་དེ་ཉིད་བཟུང་བར་བྱའོ། །གཉིས་པ་ནི། བྱམས་ཆོས་བར་པ་ནས་གསུངས་པའི་དབུ་མའི་བཞུགས་ཚུལ་དེ་སྤྱིར་གསང་སྔགས་བླ་མེད་ཀྱི་བཞུགས་ཚུལ་ཀུན་དང་མཐུན་ཞིང༌། ཁྱད་པར་ཀླུ་གྲུབ་ཡབ་སྲས་ཀྱིས་མཛད་པའི་གསང་བ་འདུས་པའི་དགོངས་འགྲེལ་ཀུན་དང༌། བྱེ་བྲག་ཏུ་དོན་དམ་བྱང་སེམས་ཀྱི་དགོངས་པ་འགྲེལ་པའི་གཞུང་ཟླ་བའི་སྒྲོན་གསལ་དང་བཅས་པར། གང་ཟག་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གྱི་རྟོག་པས་རྣམ་པར་དབེན་པ་ཉིད་སེམས་ཀྱི་རྡོ་རྗེ་ཉིད་སྔགས་ཀྱི་དབུ་མར་གསུངས་ཤིང༌། མདོ་སྡེའི་རྒྱན་ལས་དོན་དེ་ཉིད་ཐད་སོར་བཞག་པ་ནི། ཇི་སྐད་དུ། ཆོས་ཉིད་སེམས་ལས་གཞན་པའི་ཆོས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་སོགས་ནས་གསུངས་པའི་གཟུང་འཛིན་དེའི་ངོས་འཛིན་དུ་མ་འདུས་པའི་གཟུང་འཛིན་གྱི་རྣམ་གཞག་ཟླ་བས་བཞེད་པ་མ་ཡིན་ཏེ། འཕགས་པའི་མཉམ་གཞག་ཡེ་ཤེས་དང་སྟོང་པ་ཉིད་ནི། གཟུང་འཛིན་དུ་མི་བཞེད་པའི་ཚུལ། འཇུག་པར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་མཁྱེན་ཚུལ་བཤད་པའི་སྐབས་ལས་ཤེས་སོ། །རྩོད་སྤང་ལ་གཉིས་ཏེ། སྲོལ་གཉིས་འབྱེད་པ་པོའི་གསུངས་དང་མི་མཐུན་པའི་རྩོད་སྤངས། འཕགས་པ་ལྷ་དང་དུས་འཁོར་འགྲེལ་ཆེན་ནས་བྱུང་བའི་གྲུབ་མཐའ་ཤན་འབྱེད་མི་མཐུན་པའི་རྩོད་སྤང་ངོ༌། །དང་པོ་ནི། འཆད་ཚུལ་དེ་ལྟར་ན་སྲོལ་གཉིས་པོ་སོ་སོའི་གཞུང་ན་གཅིག་ལ་རྟག་ལྟའི་སྐྱོན་གྱིས་དབུ་མར་མི་རུང་བ་དང༌། གཅིག་ཤོས་ལ་ཆད་ལྟའི་སྐྱོན་གྱིས་དབུ་མར་མི་རུང་བའི་དགག་སོ་སོ་ནས་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། སྲོལ་གཉིས་ཀ་ཡང་ཐེག་པ་ཆེན་པོའི་དྲང་ངེས་འབྱེད་པར་རྒྱལ་བས་ལུང་བསྟན་བརྙེས་པའི་ཕྱིར་དང༌། སྲོལ་སོ་སོ་ལ་རྟག་ཆད་ཀྱི་ཉེས་པས་གོས་པ་ག་ལ་སྲིད། འོན་ཀྱང་སྲོལ་གཅིག་ཏུ་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ཁོ་ན་སྒོམ་བྱུང་གི་གོམས་བྱར་བཤད་པ་དང༌། སྲོལ་གཅིག་གིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་ལ་དེ་ལྟར་བཤད་པ་ལ། སྲོལ་གཅིག་ལ་ནི་ཡོན་ཏན་གྱི་རྟེན་མེད་པའི་ཉེས་པ་དང༌། གཅིག་ལ་ནི་སྟོང་ཉིད་ཉི་ཚེ་བར་ཐལ་བའི་རྒོལ་ཚུལ་གཉིས་ནི་རྒྱུད་ཉིད་ལས་གསལ་བར་གསུངས་པ་ཡིན་ཏེ། གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །རྒྱུ་ལས་འབྲས་བུ་གཞན་མིན་ཕྱིར། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །ཞེས་སོགས་དང༌། བརྟག་གཉིས་སུ་དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དབུ་མ་མེད་པར་དགག་པ་དེ་ཤེས་པའི་འོག་ཏུ། དེ་རྗེས་ཀྱཻ་རྡོ་རྗེ་བསམ། །ཞེས་སྲོལ་གཉིས་ཀར་ཡང་སྔགས་ཀྱི་ཚེ་མཐུན་པར་གསུངས་ལ། ཕར་ཕྱིན་རྐྱང་པའི་ཚེ་མེད་པར་དགག་པའི་སྟོང་པ་ཉིད་ཀྱིས་སྒྲོ་འདོགས་ཀྱི་མཐའ་གཉིས་ཀ་རིམ་ཅན་དུ་སེལ་ནུས་པར་བཞེད་པ་ལ་ཕུག་སུ་མི་མཐུན་པ་མ་བྱུང་ངོ༌། །གཉིས་པ་ནི། འོ་ན་མདོ་རྒྱན་དེ་དག་ཏུ། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཅེས་དང༌། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་འགལ་བ་ཅན་གཉིས་གྲུབ་མཐའ་གོང་འོག་ཏུ་བཤད་པ་དེ་ཅི་ཞེ་ན། གཉིས་ཀ་ལ་རྣམ་ཤེས་ཁྱད་གཞིར་འཛིན་པ་ལྟར་ན། མདོ་སྡེ་རྒྱན་དང༌། རྣམ་འགྲེལ་གཉིས་ཀ་ལས། སྔ་མ་སེམས་ཙམ་དང༌། ཕྱི་མ་དབུ་མའི་གཞུང་དུ་གསལ་བར་གསུངས་ལ། ཁྱད་གཞི་གཉིས་ཀ་ཡེ་ཤེས་ལ་ངོས་འཛིན་པ་ལྟར་ན། མདོ་སྡེ་རྒྱན་སོགས་སུའང་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཡེ་ཤེས་ནི་རྟོག་པའི་ཡུལ་ཉིད་ཀྱི་ཕྱིར། ཀུན་བཏགས་ལས་མ་འདས་པས། དོན་དམ་པར་གྲུབ་པ་ཉིད་དུ་མི་བཞེད་དོ། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིགས། །ཞེས་པ་དབུ་མའི་སྲོལ་གཉིས་ཀ་ལ་སྦྱོར་དགོས་པ་ཡིན་ཏེ། སྲོལ་གཅིག་གིས་ནི་ཡུལ་གྱི་མཐའ་བྲལ་ལ་དགོངས་ཤིང༌། གཅིག་ཤོས་ཀྱིས་ནི་ཡུལ་ཅན་གྱི་མཐའ་བྲལ་ལ་དགོངས་སོ། །གལ་ཏེ་བུད་ཤིང་མེད་ན་མེ་ཡི་འབྱུང་བའི་དཔེས། ཡུལ་གྱི་མཐའ་བྲལ་མ་རྟོགས་པར་ཡུན་གྱི་མཐའ་བྲལ་མི་རྟོགས་པ་ངོ་བོ་ཉིད་མེད་པའི་བཞེད་པར་ངེས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཛིན་པ་ཀུན་བཏགས་རང་སྟོང་དུ་གཏན་ལ་འབེབས་པའི་ཚུལ་ལ་ནི། ལུགས་གཉིས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་གསུངས་པ་མེད་པའི་ཕྱིར་རོ། །དེ་ལྟར་བྱམས་ཆོས་ཀྱི་འཆད་ཚུལ་མི་ཤེས་སུ་མི་རུང་བ་འགའ་ཞིག་མདོར་བསྡུས་པའི་ཚུལ་དུ་བཤད་ནས། གཉིས་པ་བྱེ་བྲག་ཏུ་ཤེས་པར་བྱ་བ་རྣམས་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། ཤེས་དཀའ་བའི་དོན་ཚན་སོ་སོ་བ་རྣམས་ངོས་བཟུང་བའོ། །དང་པོ་ནི། མོས་པའི་ལེའུ་ནས། སྒྲུབ་པའི་བར་གྱིས་ནི་ཚོགས་ལམ་ནས་ས་བཅུ་པའི་བར་དུ་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པའི་ལམ་གྱི་རིམ་པ་ནས་འཆད་ལ། ཐབས་ལྡན་ནས་ཕར་ཕྱིན་དང༌། བསྡུ་དངོས་བཞི་དང༌། བྱང་ཆུབ་ཕྱོགས་མཐུན་རྣམས་ཀྱིས་ས་དེ་དང་དེ་དག་ཏུ་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པའི་ལམ་གྱི་རིམ་པ་ཉིད་བཤད་དོ། །གཞུང་འདི་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་དུ་ཅི་ཙམ་ནས་འཆད་དགོས་ཀྱང༌། གཞུང་འདིར་ཐེག་དམན་དུ་ཞུགས་ནས་མཐར་ཕྱིན་པར་བྱེད་པའི་ལམ་རིམ་དང༌། གྲུབ་མཐའ་འོག་མ་གསུམ་གྱི་ལྟ་བ་ཐུན་མོང་བ་དག་དང༌། བྱེ་བྲག་ཏུ་སེམས་ཙམ་གྱི་ལྟ་བ་རང་རྒྱལ་དང༌། སྤྱོད་པ་ཐེག་པ་ཆེན་པོ་པ་ཉིད་ཀྱི་འཇུག་པའི་སྡོམ་པ་ཡང་དག་པར་བླངས་ནས་འཇུག་པའི་ཚུལ་རྣམས་རྒྱས་པར་གསུངས་སོ། །ལྟ་བ་དེ་དམན་པ་སྤྱོད་པ་མཆོག་དང་སྦྱོར་བ་དེ་ལྟ་བུ་ཐེག་པ་ཐེག་པ་ཆེ་ཆུང་གང་གི་ཡང་ལམ་དུ་མ་འགྱུར་རོ་ཞེས་བསམ་པར་མི་བྱ་སྟེ། མངོན་རྟོགས་རྒྱན་དུ། ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་བཤད་པའི་སྐབས་བཞིན་ནོ། །ལྟ་བ་སེམས་ཙམ་ལས་མ་སྐྱེས་པའི་བྱང་སེམས་མ་ངེས་པའི་རིགས་ཅན་འཇུག་སྡོམ་མ་བཟུང་ན། དམན་པར་ལྟུང་སྲིད་པས་དེ་ངེས་པར་འཛིན་དགོས་པ་ཡིན་ལ། དབུ་མའི་ལྟ་བ་སྐྱེས་པའི་བྱང་སེམས་ལ་ནི་སྨོན་སེམས་ཙམ་གྱིས་ཀྱང༌། ཐེག་པ་ཆེན་པོར་རིགས་ངེས་པས་དོགས་པ་དེ་མེད་པ་དང༌། བྱང་སའི་ཚུལ་ཁྲིམས་ལེའུ་དེ་ལྟ་བ་སེམས་ཙམ་སྟོན་པའི་སྐབས་ན་ཡོད་པས། སེམས་བསྐྱེད་ཀྱི་ཆོ་ག་འདི་ལ་སེམས་ཙམ་ལུགས་ཤེས་པའི་ཐ་སྙད་མཛད་དོ། །གཉིས་པ་དོན་ཚན་སོ་སོ་བ་དག་འཆད་པ་ལ་ཐོག་མར་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ནི། བྱམས་ཆོས་བར་པ་གསུམ་དགོངས་འགྲེལ་དང་བཅས་པ་ལས། རྣམ་ཤེས་ལ་ཀུན་རྫོབ་པའི་ཆོས་སུ་གང་སྣང་བ་དེ་ལས་མ་གཏོགས་པའི་ཀུན་རྫོབ་ཀྱི་བདེན་པ་མེད་ཅིང༌། དེར་སྣང་གི་རིག་པ་ཉིད་ཀུན་རྫོབ་བདེན་པར་འཇོག་པ་དང༌། ཡེ་ཤེས་ལ་གང་སྣང་བ་དེ་ལས་མ་གཏོགས་པའི་དོན་དམ་མེད་ཅིང༌། དེར་སྣང་བའི་རྣམ་རིག་ཉིད་དོན་དམ་བདེན་པར་འཇོག་པ་ལ་ནི་བདེན་པ་གཉིས་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ཅེས་བྱ་བའི་ཐ་སྙད་འཕགས་ཡུལ་དུ་བྱུང་ཞིང་མི་འཇུག་པར་དེ་ཙམ་གྱིས་སེམས་ཙམ་དུ་ཕུལ་ནས་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་མོ་འཇིགས་རུང་དེ་འཆད་པར་བཞེད་ནས་མཛད་པའོ། །ཀུན་རྫོབ་བདེན་པའི་འཇོག་ཚུལ་དེ་ཙམ་ནི་སེམས་ཙམ་པའི་སྐབས་ནའང་ཡོད། འཇོག་ཚུལ་གཉིས་པ་དེ་དབུ་མའི་སྐབས་ཡིན་པར་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས་གསུངས་སོ། །དེ་ཡང་ཅུང་ཟད་རྒྱས་པར་བཤད་ན། ཇི་སྐད་དུ། སེམས་ནི་གཉིས་སུ་སྣང་བ་སྟེ། །ཆགས་ལ་སོགས་པར་སྣང་བའམ། །དད་ལ་སོགས་པར་སྣང་བར་འདོད། །ཅེས་གསུངས་པ་དེའི་ཚེ། རྣམ་ཤེས་ལ་ཀུན་ནས་ཉོན་མོངས་ཕྱོགས་སུ་གང་སྣང་བ་དེ་ཉིད་ལ་དེ་དང་ཐ་སྙད་དུ་བྱས་པ་ལ། རྣམ་པར་བརྟགས་པའི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཞེས་བྱ་ལ། དེ་སྣང་མཁན་གྱི་སེམས་སུ་མི་ཤེས་པར་དེ་ལས་གཞན་པའི་དེ་དང་དེར་སྒྲོ་བཏགས་པ་ལ་ནི། ཀུན་བཏགས་པའི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཞེས་བྱ་ཞིང༌། དེ་ལྟ་བུའི་རྣམ་བརྟགས་དེ་དེ་འདྲའི་ཀུན་བཏགས་ཀྱིས་སྟོང་པ་ལ། ཆོས་ཉིད་ཀྱི་འཁོར་བ་ཞེས་བྱའོ། །འཆད་ཚུལ་སྔ་མ་གཉིས་སེམས་ཙམ་པ་ལ་ཡོད་ལ། གསུམ་པ་ནི་དབུ་མ་ནས་སོ། །ཡང་ཡེ་ཤེས་མངོན་སུམ་པ་ལ་དད་སོགས་སུ་སྣང་བའི་རྣམ་རིག་དད་སོགས་རང་མཚན་པར་འཇོག་ཅིང༌། དེ་ཉིད་ཡེ་ཤེས་ཀྱི་ངོར་སྐྱེས་པ་དེ་ལ་ཆོས་ཉིད་ཀྱི་དད་སོགས་བྱ་བ་ཡིན་ལ། འདི་ལ་ནི་ཀུན་བཏགས་རྣམ་བཏགས་སུ་འཇོག་ཏུ་མེད་མོད། ཡེ་ཤེས་རྗེས་མཐུན་པ་ཐོས་བསམ་གྱི་དབང་དུ་བྱས་པ་ལ་མཚན་ཉིད་གསུམ་ཀ་བཞག་ཀྱང་འགལ་བ་མེད་ཙམ་མོ། །འདིར་རྣམ་ཤེས་ལས་མ་གཏོགས་པའི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་གདོད་མ་ནས་ཡོད་མ་མྱོང་བ་དེ་ལ་ནི། བཟུང་བ་མེད་པ་ཞེས་བྱ་ཞིང༌། དེ་ཙམ་ཞིག་ནི་སེམས་ཙམ་པས་ཤེས་ལ་ཡུལ་ཅན་རྣམ་ཤེས་དེ་ཉིད་ཀྱང་མེད་པར་ཤེས་པ་ན་གཟུང་འཛིན་གཉིས་མེད་ཅེས་བྱ་ཞིང༌། དེ་ཙམ་ཞིག་ཤེས་པ་ནི་ཆོས་མཆོག་ན་ཡོད་ལ། མངོན་དུ་གྱུར་པ་ནི་མཐོང་ལམ་ནས་གཉིས་མེད་ཀྱི་ཡེ་ཤེས་མཚན་ཉིད་པར་འཇོག་ལ། དེའི་ཡུལ་ཡུན་ལ་ནི་གཟུང་འཛིན་གྱི་ཐ་སྙད་མེད་ཅིང༌། ཆོས་ཉིད་ཀྱི་གཟུང་འཛིན་གཉིས་མེད་ཅེས་པའི་རྣམ་བཞག་ཀྱང་མ་གསུངས་པས་ན། གཉིས་མེད་ནི་ཀུན་རྫོབ་པའི་གཉིས་མེད་པ་ཁོ་ནའོ། །གལ་ཏེ་ཇི་སྐད་དུ། རྟོག་མིན་མི་རྟོག་མ་ཡིན་པ། །ཞེས་མཐོང་སྒོམ་ལམ་གྱི་རྗེས་ཐོབ་ཡེ་ཤེས་ལ་གཉིས་སྣང་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། ཇི་སྲིད་སངས་མ་རྒྱས་པ་དེ་སྲིད་དུ་གཉིས་སྣང་གི་བག་ཆགས་ཡོད་པས་རྗེས་ཀྱི་ཚེ་གཉིས་སྣང་འབྱུང་མོད། འདིའི་ཆ་ནས་ཡེ་ཤེས་སུ་མི་འཇོག་ཅིང་ཡེ་ཤེས་ལ་གཉིས་སྣང་ཡོད་པ་མ་ཡིན་པ་ནི་རྣམ་པ་ཀུན་ཏུ་ཤེས་པར་བྱ་དགོས་སོ། །ཡང་ཇི་སྐད་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་སེམས་ལ་ཆོས་ཅན་གྱི་ཆ་དང༌། ཆོས་ཉིད་ཀྱི་སེམས་གཉིས་སུ་ཕྱེ་བ་ཇི་ལྟ་བ་བཞིན་དུ། གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་དག་ལ་དེ་ལྟར་འབྱེད་པ་ནི་བསྟན་བཅོས་འདི་དག་གི་གཞུང་ཤིང་དུ་ཤེས་པར་བྱས་ནས་འཆད་ཤེས་པ་དེའི་ཚེ། ཆོས་འདི་པ་ཁོ་ནར་མ་ཟད་སྤྱིར་རྡོ་རྗེ་ཐེག་པ་དང༌། བྱེ་བྲག་ཏུ་སམ་བྷུ་ཊིའི་རྒྱུད་ལ་འཇུག་པའི་ཐབས་བླ་ན་མ་མཆིས་པའོ། །དེ་ཡང་ཇི་སྐད་དུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་ཡོད་མ་ཡིན་པ། །དེ་ཕྱིར་ཆགས་སོགས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །ཞེས་གསུངས་ཏེ། དོན་ནི་དཔེར་ན། འདོད་ཆགས་ལ་ལྟོས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཉིད། སྤྱིར་ཆོས་དབྱིངས་དང༌། བྱེ་བྲག་ཀུན་རྫོབ་པའི་ཆགས་ལ་སོགས་ལས་ངེས་པར་འབྱུང་བྱེད་དངོས་ཡིན་ཏེ། ཆོས་ཉིད་ཀྱི་ཆགས་སོགས་དེ་གོམས་པ་ན། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས། གོམས་བྱེད་ཀྱི་བདག་ཉིད་རང་གི་ཡེ་ཤེས་སུ་གྱུར་པའི་ཕྱིར། དཔེར་ན་ཤིང་ལ་མེ་དང༌། གསེར་ལ་དངུལ་ཆུ་ཐོགས་མེད་དུ་འཇུག་པ་བཞིན་ནོ། །ཞེས་པ་ནི་རྣམ་འགྲེལ་མཛད་པའི་རིགས་པ་ཡིན་ལ། གཏན་ཚིགས་དེ་དག་གིས་སྒྲུབ་བྱེད་ནི། ཀུན་རྫོབ་ལས་ངེས་པར་འབྱུང་བྱེད་ཆོས་ཀྱི་དབྱིངས་ལས་གཞན་མེད་པའི་ཕྱིར་ཞེས་པའོ། །དེའི་ཁྱབ་འབྲེལ་ཡང༌། བསྒོམ་བྱ་དེ་ཆོས་ཀྱི་དབྱིངས་ལས་གཞན་མ་ཡིན་པ་དེའི་ཚེ། གོམས་པ་ལས་མཐའ་མེད་དུ་འཕེལ་ནུས་པ་ཡིན་ལ། ཀུན་རྫོབ་ནི་ཇི་ཙམ་གོམས་ཀྱང་དེ་ལྟར་ནུས་པ་མེད་དོ། །དེ་ཡང་ཀུན་རྫོབ་པའི་འདོད་ཆགས་ཀྱི་གནས་ཚུལ་ནི། དོན་དམ་པའི་འདོད་ཆགས་སུ་གནས་པ་ཡིན་གྱི། ཀུན་རྫོབ་པའི་དེར་གནས་པ་ནི་མི་སྲིད་དེ། ཀུན་རྫོབ་མཐའ་དག་རང་ཉིད་རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །ཡང་ཇི་སྐད་དུ། གང་ཕྱིར་ཆགས་སོགས་དེ་དག་ལ། །ཚུལ་བཞིན་འཇུག་པ་དེའི་ཕྱིར། །དེ་ལས་གྲོལ་བར་འགྱུར་དེས་ན། །ངེས་འབྱུང་ཆགས་བྲལ་ཡིན་པར་དགོངས། །ཞེས་འདིར་གསུངས་པ་དེ་ནི། རྒྱུད་ལས། ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་ཉིད་ཀྱིས་ནི་དགུག་པ་ལྟར། །ཞེས་སོགས་མནན་པ་གཉེན་པོར་ཆེ་བ་དང༌། སྦམས་པ་གཉེན་པོར་ཆེ་བ་ཞེས་པ་དེ་དག་དོན་མཐུན་པ་ཡིན་ལ། ཁྱད་པར་ནི། འདིར་རིགས་པའི་སྟོབས་ལས་དང༌། གཅིག་ཤོས་དབང་གི་གནད་དུ་བསྣུན་པ་ལས་ཆོས་ཉིད་ཀྱི་རང་ཞལ་མཐོང་བའོ། །དེ་དག་གི་རིགས་པས་འདི་ལྟར་ཡང་འཐོབ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏགས་པའི། །དགེ་སོགས་ཡོད་པ་མིན་དེའི་ཕྱིར། །དགེ་སོགས་གོང་ནས་གོང་དུ་ནི། །མཐར་ཕྱིན་བྱེད་པོ་དགེ་སོགས་ཉིད། །ཅེས་སྦྱར་རོ། །དེ་ཡང་ཀུན་རྫོབ་པའི་ཆགས་སོགས་ནི་ཆོས་ཉིད་ཀྱི་གནས་ཚུལ་དང་མི་མཐུན་ལ། དགེ་སོགས་ཀྱི་གནས་ཚུལ་ནི་དེའི་ཆོས་ཉིད་ལ་མཐུན་པར་ཞུགས་པའི་རྒྱུ་མཚན་གྱིས་སོ། །དེས་ན་ཀུན་རྫོབ་བདེན་པའི་མཚན་ཉིད། རྣམ་ཤེས་ཀྱི་དབང་དུ་བྱས་པའི་ཆོས་སོ། །དབྱེ་ན་ཐ་སྙད་དུ་བདེན་པ་དང༌། དེར་ཡང་བརྫུན་པ་གཉིས་ལས། བག་ཆགས་རྟེན་བྱུང་གིས་བཏགས་པ་དང༌། འཕྲལ་གྱི་འཁྲུལ་རྒྱུ་དང་གྲུབ་མཐས་བཏགས་པ་དགས་རིམ་པ་བཞིན་ནོ། །སྔ་མ་འདི་གནས་ཚུལ་ལ་ཞུགས་པའི་ཚེ་ཀུན་རྫོབ་བདེན་པར་འཇོག་ཀྱང༌། ཐ་སྙད་དབང་བཙན་པ་ཉིད་ཀྱི་ཚེ་དེར་མི་འཇོག་སྟེ། ཀུན་རྫོབ་ཏུ་བརྫུན་པའི་ཕྱིར་རོ། །དོན་དམ་པའི་མཚན་ཉིད་ནི་ཡེ་ཤེས་ཀྱི་དབང་དུ་བྱས་པའི་ཆོས་སོ། །དབྱེ་ན། དོན་དམ་དངོས་དང༌། རྗེས་མཐུན་པ་གཉིས་ལས། ཡེ་ཤེས་མངོན་སུམ་པ་ལ་དང༌། རྗེས་མཐུན་པ་ལ་དེ་དང་དེར་སྣང་བ་དག་གོ །ཕྱི་མ་འདི་ལ་རྣམ་ཤེས་དབང་བཙན་པའི་ཕྱིར་ཀུན་བཏགས་མཚན་ཉིད་པར་འཇོག་དགོས་པ། བག་ཆགས་བརྟན་བྱུང་གི་རྣམ་ཤེས་ལ་གང་སྣང་བ་ཐམས་ཅད་གནས་ཚུལ་སེམས་པ་ལ་འཇུག་པའི་ཚེ་ཡོད་པར་མི་བཞེད་དེ། ཕྱི་རོལ་གྱི་དོན་བཞིན་ནོ། །དེ་ལས་གཞན་དུ་ན་གཟུང་བ་བཀག་པས། འཛིན་པ་ཁེགས་པར་མི་འགྱུར་ཏེ། གཟུང་འཛིན་གཉིས་ཀ་གནས་ཚུལ་ལ་ཞུགས་པའི་ཕྱིར། ཡང་ཆོས་ལུགས་འདི་དག་ཏུ་ཉེ་བར་མཁོ་བའི་བྱེ་བྲག་ཏུ་ཤེས་པར་བྱ་དགོས་པ་འདི་ལྟར་ཡིན་ཏེ། ལང་གཤེགས་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་གསུངས་པ་དེ་ལས། ལྔ་ནི། མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ལ་ངོས་འཛིན་པར་བཤད་པ་ལས། མིང་ནི་རྣམ་ཤེས་ལ་དེ་དང་དེ་དག་ཏུ་སྣང་བ་རྣམས་ཏེ། གཞུང་འདིར་བརྗོད་དོན་འདུ་ཤེས། ཞེས་གསུངས་པ་དེ་ཉིད་ཡིན་ལ། རྒྱུ་མཚན་ནི། མིང་གློ་བུར་བ་བཏགས་ཡོད་དེ་ཉིད་ཀྱི་དོན་རང་མཚན་ཞིག་ལོགས་ན་ཡོད་པར་ཞེན་པའི་གཟུང་བྱ་ལ་བྱ་ཞིང༌། དེ་དག་ནི་གཟུང་འཛིན་ཀུན་བཏགས་སུ་བཞག་པར་བྱ་བ་ཉིད་དོ། །རྣམ་པར་རྟོག་པ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དེ་དངོས་དང་རྗེས་སུ་མཐུན་པ་དག་གོ །དེ་བཞིན་ཉིད་ནི་གནས་ལུགས་ཀྱི་དོན་ཏེ། དེ་ལ་མཚན་ཉིད་ཀྱིས་ཕྱེ་ན་གདོད་མ་ནས་གྲུབ་པ་འདུས་མ་བྱས་ཀྱི་ཡེ་ཤེས་དང༌། སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་གྱིས་གསར་དུ་བླངས་པ་འདུས་བྱས་ཀྱི་དེ་བཞིན་ཉིད་དོ། །འདི་དག་གསང་སྔགས་སུའང་ངེས་པར་ཁས་ལེན་དགོས་ཏེ། བཙན་ཐབས་སུ་སྟོང་ཉིད་ལ་སེམས་འཇོག་པ་དང༌། རིགས་པས་བཤིག་ནས་སྒོམ་པ་ཞེས་བྱ་བའི་རྣམ་བཞག་གིས་སོ། །འཇོག་ཚུལ་སྔ་མ་དེ་གོ་ཆོད་པར་མི་འདོད་པ་ནི་བོད་ཕྱི་མ་དག་གི་ལུགས་ཏེ། རྣམ་དབྱེ་ཕྱེད་དགོས་སོ། །ལྔ་པའི་ངོས་འཛིན་ནི། གདོད་མ་ནས་གྲུབ་པའི་ཡེ་ཤེས་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །འདི་ཡོངས་གྲུབ་གོ་ཆོད་པོར་མི་འདོད་པ་ནི་གཞུང་དང་དངོས་སུ་འགལ་བས་དོར་བྱ་ཁོ་ནའོ། །རང་བཞིན་གསུམ་ནི། དབུས་མཐའི་ལམ་རིམ་དུ་འཆད་པར་འགྱུར་རོ། །རྣམ་པར་ཤེས་པ་བརྒྱད་ནི། སྤྱིར་ཤེས་རིགས་མཐའ་དག་ཡེ་ཤེས་དང་རྣམ་ཤེས་སུ་འདུས། དང་པོ་ཡང་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གཉིས་སུ་ངེས། སྤྱིར་རང་བཞིན་རྣམ་དག་ལས་མ་གཏོགས་པའི་ཤེས་བྱ་མེད་པའི་ཕྱིར་གཞུང་འདིར། ཆོས་རྣམས་ཐམས་ཅད་སངས་རྒྱས་ཉིད། །ཅེས་གསུངས་ལ། གློ་བུར་རྣམ་དག་ནི། རང་གི་ངོ་བོ་རང་བཞིན་རྣམ་དག་ལས་མ་འདས་ཀྱང༌། བྲལ་བྱ་དྲི་མ་ནི་ཀུན་རྫོབ་ཡིན་པའི་ཆ་ནས་གསར་བྱུང་ཞེས་མིང་གིས་བཏགས་ལ། ཡེ་ཤེས་ཟག་མེད་ཀྱི་གཟིགས་ངོར་གསར་བྱུང་མ་ཡིན་ཀྱང༌། རྣམ་ཤེས་ཀྱི་ངོར་ནི་གསར་བྱུང་མ་ཡིན་པའི་སྤང་རྟོགས་ཀྱི་ཡོན་ཏན་མཚན་ཉིད་པ་མི་སྲིད་དོ། །གཞི་དུས་ཀྱི་ཡེ་ཤེས་འདི་ཉིད་རྣམ་བྱང་གི་ཕྱོགས་མཐའ་དག་གི་བག་ཆགས་བསྒོ་བའི་གཞིར་འགྱུར་ཞིང༌། འདི་ལ་ཀུན་གཞི་རྒྱུ་རྒྱུད་ཅེས་དང༌། དེའི་ཡེ་ཤེས་ཀྱང་ཁུངས་ཐུབ་ཀྱི་གཞུང་དག་ཏུ་འབྱུང་བས། སློབ་དཔོན་ཟླ་བས་ནི་འདིའི་ངོས་འཛིན་མེད་པར་དགག་པའི་སྟོང་པ་ཉིད་ལ་བཞེད་དོ། །རྣམ་བྱང་ཕྱོགས་ཀྱི་བག་ཆགས་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་པས་སྒོམ་བྱུང་གི་བློས་གོམས་པར་བྱས་པ་ན་ཡེ་ཤེས་དེའི་བདག་ཉིད་དུ་འགྱུར་བ་དང༌། མཐའ་མེད་དུ་འཕེལ་བ་ལ་དགོངས་ནས། ཇི་སྐད་དུ། དེ་གོམས་པ་ལས་བདག་གྱུར་པས། །ལ་ལའི་ཟག་པ་ཟད་པར་འགྱུར། །ཞེས་གསུངས་སོ། །རྣམ་བྱང་ཕྱོགས་ཀྱི་བག་ཆགས་གསར་འཇོག་ཀྱང་ཡོད་མོད། རྙིང་པ་ལ་ནི་ཐོག་མའི་མཐའ་བཟུང་དུ་མེད་ཅིང༌། རྣམ་བྱང་གི་ཕྱོགས་ཉི་ཚེ་ཉིད་དུའང་མ་གྱུར་པས་ན། འདི་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་དང༌། བསལ་བཞག་མེད་པ་ཞེས་པའི་ཐ་སྙད་ཕྱོགས་འདིར་འབྱུང་ཞིང༌། སློབ་དཔོན་ཟླ་བས་དོན་འདི་ཉིད་ལ་དགོངས་པ་ཅན་དུ་འཆད་དོ། །རྣམ་ཤེས་ཀྱི་ངོས་འཛིན་ནི་མི་ཤེས་པ་སྟེ། ཚོགས་བརྒྱད་ལས་རྩ་བ་ཀུན་གཞིའི་རྣམ་ཤེས་ནི། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་མཐའ་དག་གི་བག་ཆགས་བསྒོ་བའི་གཞིར་འགྱུར་པའོ། །བག་ཆགས་དེ་གློ་བུར་བ་ཉིད་ཀྱིས་ན་གསར་དུ་འཇོག་པ་ཡང་ཡོད་མོད། རྙིང་པ་ལ་ནི་ཐོག་མའི་མཐའ་བཟུང་དུ་མེད་དེ། འཁོར་བའི་ཐོག་མ་དང་ཚད་མཉམ་པས་སོ། །རྣམ་ཤེས་འདི་ཡང་རྩ་བ་ཡེ་ཤེས་ལ་མ་བརྟེན་པ་མི་སྲིད་ཅིང༌། བརྟེན་ཚུལ་ནི་གསེར་ལ་གཡའ་དང༌། ནམ་མཁའ་ལ་སྤྲིན་བཞིན་ནོ། །དེའི་རྒྱུ་མཚན་གྱིས་ཀུན་གཞི་རྣམ་ཤེས་ལ་གནས་གྱུར་འཇོག་པ་ཡིན་ཞིང༌། ཚོགས་བདུན་གྱི་གནས་གྱུར་འཇོག་ལུགས་ཀྱང་དེ་བཞིན་ནོ། །འཁོར་བའི་ཕྱོགས་ཀྱི་བག་ཆགས་ནི་ཇི་ཙམ་གོམས་ཀྱང་ཀུན་གཞི་རྣམ་ཤེས་དང་དབྱེར་མེད་དུ་འགྲོ་བ་མི་སྲིད་དེ། རྣམ་སྨིན་ཕྱུང་ཟིན་ནས། སླར་མི་འབྱུང་བ་ཉིད་དུ་བཤད་པ་བཞིན་ནོ། །སློབ་དཔོན་ཟླ་བས་ནི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཀྱི་གཞི་ཡང་སྟོང་པ་ཉིད་ལ་བཞེད་ཅིང༌། དོན་དམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་རྒྱུ་མཚན་གྱིས་ཀུན་རྫོབ་ཏུ་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་ལས་བྱུང་བར་བཞེད་དོ། །བོད་ཕྱི་མ་རྟེན་ནས་བཏགས་པའི་ང་ཙམ་ཀུན་བྱང་མཐའ་དག་གི་བག་ཆགས་བསྒོ་བའི་གཞིར་འདོད་པ་ནི། ཕྱི་རོལ་པས་གྲོལ་བ་པོའི་བདག་འདོད་པ་དང་མཚུངས་པས་དོར་བྱ་ཁོ་ནའོ། །གཉིས་མེད་ཀྱི་ཡེ་ཤེས་ཆོས་ཀུན་གྱི་གནས་ལུགས་སུ་འདོད་པ་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་བདག་འཛིན་གྱི་ཡུལ་ལས་འདས་པ་དང༌། གནས་ཚུལ་དོན་དམ་པའི་བདེན་པར་འཆད་པ་དང༌། དེ་ལྟ་ན་ཡང་དེ་ལ་དེར་ཞེན་གྱི་བློ་ཤེས་བྱའི་སྒྲིབ་པ་ཉིད་དུ་འཆད་དགོས་པའི་ཕྱིར། ལ་ལ་དག་ཀུན་གཞིའི་ཡེ་ཤེས་ལ་ལུང་ཁུངས་མེད་དོ་ཞེས་ཟེར་མོད། ཀུན་གཞིའི་རྣམ་ཤེས་ལྟ་ཞོག ཚོགས་བདུན་འཁོར་དང་བཅས་པ་མཐའ་དག་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་གཉིས་སུ་འཆད་དགོས་པ་ནི་མདོ་སྔགས་དང་རིགས་པའི་གཞུང་ཀུན་གྱི་ལུགས་ཏེ། སྔགས་སུ་མིག་དང་རྣ་བའི་ཡེ་ཤེས་སོགས་ཁས་མ་བླངས་ན། གཏི་མུག་རྡོ་རྗེ་མ་དང༌། གཟུགས་རྡོ་རྗེ་མ་ལ་སོགས་གང་ལས་བསྒྲུབ་པའི་གཞི་དང༌། རང་གི་ངོ་བོ་འཇོག་མི་ཤེས་པའི་ཕྱིར་དང༌། ཀུན་གཞི་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་འབྱེད་པའི་ཁུངས་མེད་ན། ཤེར་ཕྱིན་དང་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་དག་ཏུ་གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་དག་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་འབྱེད་དགོས་པ་དེ་རྒྱུ་མཚན་གང་ལས་བྱུང་བསམ་པ་དང༌། རྣམ་འགྲེལ་མཛད་པས། ཇི་སྐད་དུ། དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། །ཅེས་སོགས་ཀྱི་གཟུང་འཛིན་མིག་ཤེས་ལྟ་བུ་རེ་རེ་ལ་ཁ་ཕྱིར་ལྟ་བ་བཟུང་རྣམ་གྱི་ཆ་དང༌། ནང་ལྟ་འཛིན་རྣམ་གྱི་ཆ་གཉིས་སུ་ཕྱེ་ནས། ཕྱི་མ་དེ་དོན་དམ་པའི་མིག་ཤེས་སོགས་དང༌། གདོད་མ་ནས་གྲུབ་པ་དང༌། ཀུན་གཞི་ཡེ་ཤེས་སུ་རོ་གཅིག་པ་ལ་དགོངས་ནས། ཐོགས་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་གསུངས་སོ། །མདོར་ན་བྱམས་ཆོས་བར་པའི་ལུགས་འདིར་ཀུན་གཞིའི་རྣམ་ཤེས་སུ་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་ཞིང༌། དེའི་རྒྱུ་མཚན་གྱིས་དེར་སྣང་བའི་རྣམ་རིག་ཀྱང་མེད་ལ། དེ་འདྲ་དེ་ལ་ཀུན་གཞིའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཅེས་བྱ་ཞིང༌། གཉིས་མེད་ཀྱི་ཡེ་ཤེས་དེ་ལ་དོན་དམ་པའི་ཀུན་གཞིའི་རྣམ་ཤེས་དང༌། ཀུན་གཞིའི་ཡེ་ཤེས་བྱ་བའི་མིང་གིས་འདོགས་ལ། ཤེས་བྱ་ཐམས་ཅད་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་འདི་ནི་བྱམས་ཆོས་བར་པའི་དབུ་མ་འཇོག་ཚུལ་དཔྱིས་ཕྱིན་པའོ། །ཆོས་འདིའི་སེམས་ཙམ་གྱི་གྲུབ་མཐའི་སྐབས་སུ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཤེས་བྱ་གཞིར་བྱས་ལ། རྣམ་ཤེས་ལ་དེ་དང་དེར་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་ཤེས་བྱ་ཁས་མི་ལེན་ཅིང༌། རྣམ་རིག་དེ་ལའང་ཕྱིར་ལྟ་དྲི་མའི་ཆ་དང༌། ནང་ལྟ་ཡེ་ཤེས་ཀྱིས་ཆ་གཉིས་སུ་འབྱེད་པར་ནི་མདོ་སེམས་གཉིས་ཀའི་སྐབས་ནས་བྱུང་ལ། དེའི་ཚེ་ཕྱི་ལྟ་བའི་ཆ་ནས་ཀུན་རྫོབ་པའི་རང་རིག་དང༌། ནང་ལྟ་བའི་ཆ་དོན་དམ་པའི་རང་རིག་ཏུ་ཁས་ལེན་གྱི། གཟུང་འཛིན་རྫས་གཞན་གྱི་སྟོང་པ་ཉིད་དོན་དམ་བདེན་པར་འཇོག་པ་སེམས་ཙམ་པའི་ལུགས་སོ་ཞེས་བོད་ཕྱི་མས་འཆད་པ་ལ་ནི་ཁུངས་མེད་ཅིང༌། བདག་དང་ཕྱི་རོལ་གྱིས་སྟོང་པའི་འཛིན་རྣམ་དོན་དམ་བདེན་པའི་མཚན་གཞིར་བཞག་པ་ན། དགག་བྱ་དེ་དང་དེ་དག་ཀུན་རྫོབ་པའི་མཚན་གཞིར་གྲུབ་པ་ལས་འོས་མེད་ཅིང༌། བོད་ཕྱི་མ་གཟུང་འཛིན་ཆོས་བདག་གི་ངོས་འཛིན་དུ་ཁས་ལེན་པ་དག་གིས་ནི། གཟུང་འཛིན་རྫས་གཅིག་པ་དང༌། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་ཞེས་སོགས་འདོད་པ་ནི། ཆོས་འདིའི་ལུགས་ལས་ཤིན་ཏུ་ཉམས་ཏེ། འདི་དག་གསང་སྔགས་ཀྱི་གཞུང་ཤིང་གཟུང་འཛིན་གཉིས་མེད་ཀྱི་བརྡ་ཆད་འཁྲུལ་དུ་བཅུག་པའི་ཕྱིར། སྲོལ་འདིའི་དབུ་མའི་སྐབས་སུ་ཀུན་གཞིའི་ཡེ་ཤེས་དོན་དམ་བདེན་པ་དང༌། དེའི་རྣམ་ཤེས་ཀུན་རྫོབ་ཀྱི་བདེན་པར་འཇོག་པས་བདེན་སྒྲུབ་ལྟ་ཅི་སྨོས། ཡོད་པར་ཡང་ཁས་མི་ལེན་པ་ནི་རྣམ་ཤེས་ཀྱི་ཚོགས་མཐའ་དག་ལ་དེ་བཞིན་ནོ། །སྲོལ་འདིའི་སེམས་ཙམ་གྱི་སྐབས་སུ་འཛིན་རྣམ་དུ་མ་ཟད་གཟུང་རྣམ་གྱི་ཆར་གྱུར་པའི་སྐད་ཅིག་ཆ་མེད་དག་ཀྱང་དོན་དམ་བདེན་པར་འཇོག་པ་ནི་བག་ཆགས་བརྟན་བྱུང་གི་ཆ་ནས་སོ། །བཞི་པ་བདག་མེད་ཀྱི་ངོས་འཛིན་ལ་སེམས་ཙམ་པས་ནི་གང་ཟག་དང་ཕྱི་རོལ་དོན་གྱིས་སྟོང་པའི་གསལ་རིག་གི་ཆ་ནས་ངོས་འཛིན་ལ། དབུ་མ་པས་ནི་ཆོས་དང་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ངོས་འཛིན་པ་ཡིན་ཏེ། དེ་དག་ནི་དོན་དམ་པའི་ཆོས་དང་གང་ཟག་ལ་འཆད་དགོས་པའི་ཕྱིར། བོད་ཕྱི་མ་ཆོས་དང་གང་ཟག་བདེན་གྲུབ་ཀྱིས་སྟོང་པའི་མེད་དགག་ལ་དེ་དང་དེར་ངོས་འཛིན་པ་ནི་མི་འཐད་དེ། དེ་འདྲ་དེ་དག་ལུགས་འདིར་གཞན་སེལ་དུ་བཞེད་པས་ཀུན་བཏགས་སུ་འཇོག་པའི་ཕྱིར་དང༌། དོན་དམ་བདེན་པར་མི་རུང་བའི་ཕྱིར། འོན་ཀྱང་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བྱེད་ཚད་མའི་ཡུལ་དུ་མི་རུང་བ་ནི་མ་ཡིན་ནོ། །དེ་ནས་སྲོལ་འདིར་བྱེ་བྲག་ཏུ་ཤེས་པར་བྱ་དགོས་པ་གཞན་ཡང་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་དང༌། དེའི་གཉེན་པོ་བཅུ་ནི་ཤེར་ཕྱིན་རྒྱས་འབྲིང་དུ་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་གི་མདོ་ཚིག་བཅུ་དང་སྦྱར་ནས་ཐེག་བསྡུས་སུ་རྒྱས་པར་གསུངས་པ་དེའི་ངག་དོན་དྲིལ་ན་ཀུན་བཏགས་དང༌། གཞན་དབང་གི་དབང་དུ་བྱས་པའི་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་ནི། སྒྲོ་འདོགས་པའི་རྣམ་གཡེང་གི་གཉེན་པོ་བྱེད་ཅིང༌། ཡེ་ཤེས་དེ་ཡོངས་གྲུབ་དངོས་ཡིན་པས་སྐུར་པ་འདེབས་པའི་རྣམ་གཡེང་གི་གཉེན་པོའོ། །ཡང་ཡེ་ཤེས་དེ་ཉིད་ཀྱིས་ཀུན་བཏགས་གཞན་དབང་གི་ངོ་བོ་དངོས་པོར་སྒྲོ་འདོགས་པ་དང༌། ཡོངས་གྲུབ་ཀྱི་ངོ་བོ་དངོས་མེད་དུ་སྒྲོ་འདོགས་པའི་གཉེན་པོ་ཡང་བྱེད་པ་དང༌། ཡང་གཟུགས་རུང་སོགས་ཕུང་སོགས་ཀྱི་ངོ་བོ་དང༌། སྐྱེ་འགག་སོགས་ཁྱད་པར་དུ་སྒྲོ་འདོགས་པའི་རྣམ་གཡེང་གི་གཉེན་པོ་ནི། ཕུང་སོགས་སུ་སྣང་བའི་རྣམ་རིག་ལས་གཞན་པའི་ཕུང་སོགས་མེད་པར་རྟོགས་པའི་ཡེ་ཤེས་ཉིད་ཡིན་པ་དང༌། སྐྱེ་འགག་ཏུ་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་སྐྱེ་འགག་སོགས་མེད་པར་རྟོགས་པའི་ཡེ་ཤེས་ཏེ། ཕུང་སོགས་ཀྱི་དོན་དམ་པའི་ངོ་བོ་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སོ། །ཕུང་སོགས་ཀྱི་དོན་མ་གྲུབ་པ་ན་དེར་སྣང་གི་ཆ་ནི་མིང་ཙམ་དང་བཏགས་ཡོད་དུ་གྲུབ་པས་ཡོད་པ་མ་ཡིན་ནོ། །ཡང་གཅིག་དང་ཐ་དད་དུ་ཞེན་པའི་རྣམ་གཡེང་ནི་ཀུན་བཏགས་དང་ཡོངས་སུ་གྲུབ་བམ། ཀུན་རྫོབ་དང་དོན་དམ་མམ་འཁོར་བ་དང་མྱང་འདས་ལྟ་བུ་གཅིག་དང་ངོ་བོ་ཐ་དད་དུ་ཞེན་པ་ཡིན་ལ། གཉེན་པོ་ནི་དེ་དག་དེ་ཉིད་དང་གཞན་དུ་བརྗོད་མེད་རྟོགས་པའི་ཡེ་ཤེས་ཏེ། བརྗོད་དུ་མེད་པའི་ཤེས་བྱེད་ཀྱང་གང་རུང་གཅིག་གྲུབ་པའི་ཚེ་གཅིག་ཤོས་མ་གྲུབ་པའི་རྒྱུ་མཚན་གྱིས་ཏེ། ཀུན་རྫོབ་ཚད་མས་གྲུབ་པར་འདོད་པ་དེའི་ཚེ། དེའི་གནས་ཚུལ་དོན་དམ་པར་མི་གྲུབ་པ་བཞིན་ནོ། །ཡང་རྣམ་གཡེང་དགུ་པ་དང་བཅུ་པ་ནི་ཀུན་བཏགས་དང་གཞན་དབང་གིས་མིང་ཇི་ལྟ་བ་བཞིན་དུ། དོན་ཡང་དེ་དང་དེ་ཉིད་དུ་གནས་པར་ཞེན་པ་སྟེ། གཉེན་པོ་ནི་མིང་དེ་དང་དེ་ནི་བརྡ་ཙམ་བཏགས་པ་ཙམ་ཡིན་ལ། དེ་དག་གི་དོན་ནི་གནས་ཚུལ་ལ་ཡོངས་གྲུབ་ཏུ་གནས་པས་སོ། །ཡང་དོན་ཇི་ལྟ་བ་བཞིན་མིང་དུ་ཞེན་པ་ནི། རྣམ་བྱང་གི་ཕྱོགས་དོན་ལ་གྲུབ་པ་ན་དེ་རྣམས་ཀྱི་མིང་ཡང་དེར་གྲུབ་པ་ཉིད་དུ་ཞེན་པ་སྟེ། མིང་ཐམས་ཅད་བརྡ་དང་བཏགས་པ་ཙམ་ཉིད་ཀྱིས་སེལ་ལོ། །ཡང་བྱེ་བྲག་ཏུ་ཤེས་དགོས་པ་ཞི་ལྷག་གཉིས་ལས། ཞི་གནས་ཀྱི་ཆ་ལ་གཞུང་འདིར་རྩ་བའི་སེམས་དྲུག་དང༌། སེམས་གནས་པའི་ཐབས་དགུ་དང༌། རྣལ་འབྱོར་གྱི་ས་ལྔའི་རིམ་པ་རྣམས་གསུངས་པ་ལས། བར་པ་འདིའི་རྣམ་གཞག་ཤེས་དཀའ་ཞིང་རྣམ་པར་སྤྲོས་ཏེ་ཤེས་ན་དོན་ཆེ་བས་འདི་ལ་གསུམ་སྟེ། མཐར་གནས་ཀྱི་སྙོམས་འཇུག་ཇི་ལྟར་སྒྲུབ་པའི་ཚུལ། སྙོམས་འཇུག་རང་གི་ངོ་བོ། སོ་སོའི་བྱེད་ལས་མདོར་བསྡུས་ཏེ་བཤད་པའོ། །དང་པོ་ནི། དགུ་པོ་ཐམས་ཅད་ཀྱང་སོ་སོའི་ཉེར་བསྡོགས་རྩལ་དུ་བཏོན་ནས་བསྒྲུབ་དགོས་པས། འདི་ལ་གཉིས་ཏེ། མེད་མི་རུང་བའི་ཡན་ལག་ཏུ་དགོས་པ་ཞི་གནས་དང༌། གནས་སྐབས་ཁྱད་པར་ཅན་གྱི་ཚེ་ལྷག་མཐོང་ཡང་ཇི་ལྟར་ཡོད་པའོ། །དང་པོ་ནི། དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་སོགས་ཀྱི་སྐབས་ནས་འབྱུང་བའི་སེམས་གནས་དགུ་པོ་ནི། མཐར་གནས་ཀུན་གྱི་སྔོན་དུ་འགྲོ་དགོས་ཏེ། དེ་དག་མེད་ན་སོ་སོའི་དངོས་གཞི་རྣམས་མི་འགྲུབ་པའི་ཕྱིར། དེ་ཡང་བསམ་གཏན་དང་པོ་ལ་འཇུག་པའི་ཚེ་ན་སེམས་གནས་དང་པོ་བརྒྱད་འདོད་པར་གཏོགས་པ་དང༌། དགུ་པ་བསམ་གཏན་དང་པོར་གཏོགས་པ་བཞིན་དུ། བསམ་གཏན་གཉིས་པ་སོགས་ཀྱི་ཚེ་ཡང་དང་པོ་བརྒྱད་རང་རང་གི་འོག་སས་བསྡུས་སོ། །དགུ་པ་དེ་གོང་སས་བསྡུས་ཀྱང་དངོས་གཞིར་སླེབས་པའི་ངེས་པ་མེད་དེ། ཚོར་བའི་དབང་པོ་འཕོ་དགོས་པའི་ཕྱིར། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་དགེ་ལ་རྟོག་དཔྱོད་སོགས་གཉེན་པོའི་ཡན་ལག་ཏུ་བཞག་པ་རྣམས་དགོས་པ་མ་ཡིན་ཏེ། དེ་དག་ནི་སྤོང་ལམ་གྱི་དབང་དུ་བྱས་པ་དང༌། ཞི་གནས་དང་དམིགས་རྣམ་མི་མཚུངས་པས་སོ། །སེམས་གནས་དགུ་པའི་ཚེ་ས་འོག་མའི་ཉོན་མོངས་ལ་སྤོང་བྱེད་ཀྱི་གཉེན་པོ་དགོས་པས་མ་ཁྱབ་ཀྱང༌། སྤྱིར་སྤོང་གཉེན་མི་དགོས་པ་ནི་མ་ཡིན་ཏེ། རང་རང་གི་ངོས་སྐལ་གྱི་སྙོམས་འཇུག་གི་སྒྲིབ་པ་སྤང་དགོས་པའི་ཕྱིར། འགོག་སྙོམས་ལ་ཉེར་བསྡོགས་ཀྱི་ཐ་སྙད་མ་གསུངས་ཀྱང༌། སྦྱོར་བའི་དུས་སུ་ཞི་ལྷག་ཁྱད་པར་ཅན་གཉིས་པོ་མེད་ན། དངོས་གཞི་དེ་འབྱུང་བ་མི་སྲིད་དོ། །གཉིས་པ་ནི། བསམ་གཏན་དང་པོ་ལྟ་བུ་ལ་དཔེར་མཚོན་ན། རང་ཐོབ་བྱེད་ཀྱི་ཞི་གནས་སྔོན་དུ་སོང་ནས། དབེན་པ་ལས་སྐྱེས་པའི་དགའ་བདེ་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པ་ཞེས་སོགས་སྦྱར་ནས་ཤེས་པར་བྱ་ཞིང༌། འགོག་པའི་སྙོམས་འཇུག་ནི། གཞུང་ལུགས་འདིར་དེར་སྣང་གི་རྣམ་རིག་ཉིད་དུ་ཁས་ལེན་དགོས་པ་དང༌། རང་གི་ངོ་བོ་ཀུན་གཞིའི་ཡེ་ཤེས་ལས་མ་འདས་པས་སེམས་མེད་དུ་འཇོག་པ་མ་ཡིན་མོད། ལྡན་མིན་འདུ་བྱེད་དང་བཏགས་ཡོད་དུ་བཤད་པ་ནི། ཐེག་པ་ཐུན་མོང་གི་མངོན་པ་དང་བསྟུན་པའོ། །གསུམ་པ་ལ་གཉིས་ཏེ། བྱང་ཆུབ་སེམས་པའི་དབང་དུ་བྱས་པ་དང༌། དམན་པའི་དབང་དུ་བྱས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔར་རིགས་ངེས་པ་རྣམས་ཀྱིས་སྙོམས་འཇུག་དགུ་སོ་སོའི་དངོས་གཞི་གོ་ཆོད་པོར་འཇོག་པ་ལ་འོག་སའི་ཆགས་བྲལ་དགོས་པས་མ་ཁྱབ་པ་ཙམ་དུ་མ་ཟད་ངེས་པར་མི་བྱེད་པ་ཡིན་ཏེ། སོ་སོའི་དངོས་གཞི་ལས་མ་ཉམས་བཞིན་དུ་ས་འོག་མ་རྣམས་སུ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྲིད་པར་སྐྱེ་བ་ལེན་དགོས་པའི་ཕྱིར། བྱེ་བྲག་ཏུ་འཕགས་པ་སྲིད་པར་འཕེན་བྱེད་ཀྱི་ལས་མི་བསོག་པས་དེའི་ཚབ་ཏུ་གཉིས་པོ་དེ་ཙམ་མམ། དགེ་རྩ་དང་མཚུངས་ལྡན་གྱི་མིང་བཏགས་པ་དེ་ཙམ་གྱིས་ཆོག་ལ། འགྲུབ་བྱེད་ལ་ནི་དེ་བསྡུས་ཀྱི་སྲེད་པ་ངེས་པར་དགོས་ཏེ། འདིར་ཡང༌། སྲེད་དང་བྲལ་བས་ཡང་སྲིད་མེད། །ཅེས་འཆད་དགོས་པས་སོ། །འོ་ན་བྱང་འཕགས་ས་འོག་མ་ནས་གོང་མར་སྐྱེ་བའི་ཚེ་གོང་མའི་སྲེད་པ་ཇི་ལྟར་ཡོད་སྙམ་པ་ལ་ནི། དེའི་ཚེ་དངོས་གཞི་ལས་མ་ཉམས་པས། དེའི་བདེ་བ་ལ་སྲེད་པའི་རོ་མྱོང་གིས་འགྲུབ་པར་བྱེད་ལ། དེས་འོག་སའི་སྲེད་པ་ཟིལ་གྱིས་མནན་པས། གོང་མ་འགྲུབ་པ་ལ་གེགས་བྱེད་པར་མི་ནུས་སོ། །གལ་ཏེ་བྱང་འཕགས་ཀྱི་ས་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མའི་དངོས་གཞི་མངོན་དུ་བྱས་པ་ལ་དགོས་པ་མེད་པ་དང༌། དངོས་གཞི་གོ་ཆོད་པོར་མི་རུང་ངོ་སྙམ་དུ་བསམ་པར་མི་བྱ་སྟེ། ཇི་སྐད་དུ། གང་གི་འཕགས་དང་ལྷ་དང་ཚངས་པ་དག །གནས་པ་དཔེ་མེད་རྒྱ་ཆེན་དག་ཏུ་གནས། །ཞེས་གསུངས་པས། བྱང་འཕགས་ཀྱི་སྙོམས་འཇུག་དངོས་གཞིའི་ཉེར་བསྡོགས་ལས་འོག་མའི་ཉོན་མོངས་པ་སྤོང་བའི་ལྷག་མཐོང་གཏན་མི་སྲིད་པ་ནི་མ་ཡིན་ཏེ། གནས་སྐབས་ལ་ལྟོས་པའི་བསོད་ནམས་ཀྱི་ཚོགས་རྫོགས་པའི་བར་མཚམས་དག་དང༌། སྒོམ་སྤངས་ཉོན་མོངས་པ་ཆེ་འབྲིང་གི་གཉེན་པོ་རྣམས་རིམ་ཅན་དུ་དགོས་པའི་ཕྱིར། གལ་ཏེ་འོ་ན་བྱང་འཕགས་ལ་དགེ་འདུན་ཉི་ཤུའི་རྣམ་གཞག་འཆད་པའི་ཚེ་གོང་མའི་དངོས་གཞི་ལས་ཉམས་སྲིད་པ་དང༌། འོག་མའི་རྟེན་ལ་གོང་མར་སྐྱེ་བའི་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ཞིག་བཤད་པ་མ་ཡིན་ནམ་ཞེ་ན། དེའི་ཚེ་འཕེན་བྱེད་ནི་སྙིང་རྗེ་སོགས་ཡིན་ལ། འགྲུབ་བྱེད་ནི་དེ་དང་དེའི་དངོས་གཞི་མ་ཉམས་པ་ཡོད་པ་དེ་མངོན་དུ་བྱས་ནས། དེའི་བདེ་བ་ལ་རོ་མྱོང་བའི་སྲེད་པས་བྱེད་དོ། །འོ་ན་བྱང་སེམས་ལ་ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་གང་གི་ཚེ་འཇོག་ཅེ་ན། འཕགས་པ་གྲོལ་སྡེས་ནི་སྤྱིར་འཕགས་རྒྱུད་ཀྱི་སྤངས་པ་བཟློག་མི་སྲིད་པ་དང༌། འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་ལ་ཆགས་བྲལ་བྱེད་པ་སྐབས་སུ་བབ་པ་དེའི་ཚེ་ནི་གཅིག་ཆར་བ་ཁོ་ན་ལ་དགོངས་ནས་ཆགས་བྲལ་སྔོན་འགྲོའི་རྣམ་གཞག་མཛད་པ་འདི་ཉིད་ངེས་པར་ལེགས་པའོ། །གཉིས་པ་ལ་གཉིས་ཏེ། མ་ངེས་པའི་རིགས་ཅན་གྱི་དབང་དུ་བྱས་པ་དང༌། དམན་པར་རིགས་ངེས་པ་སོགས་ཀྱི་དབང་དུ་བྱས་པའོ། །དང་པོ་ལའང་གཉིས་ཏེ། ཐེག་ཆེན་ལམ་དུ་མ་ཞུགས་གོང་གི་དབྱེ་བ་དང༌། ཞུགས་ནས་ཇི་ལྟར་འབྱེད་པའོ། །དང་པོ་ནི། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་ཟིན་པ་གཉིས་ལས། དང་པོ་ཐེག་ཆེན་གྱི་ཚོགས་སྦྱོར་དུ་ཞུགས་པ་ནི་ལས་ཉོན་གྱི་སྐྱེ་བ་ལེན་སྲིད་ཀྱང༌། མཐོང་ལམ་ཐོབ་རྗེས་སུ་ནི་འཕེན་བྱེད་སྨོན་ལམ་ཁོ་ན་དང༌། འགྲུབ་བྱེད་འདོད་པའི་སྲིད་པས་བྱེད་ལ། ཇི་སྲིད་སྲིད་ཉོན་དགུ་པ་སྤོང་བའི་སྐབས་སུ་མ་བབ་པ་དེ་སྲིད་དུ་ནི་ས་གཞན་གྱི་ཉོན་མོངས་དགུ་པ་སྤོང་བར་མི་བྱེད་དོ། །འདོད་པ་ལ་ཆགས་བྲལ་བྱས་པ་ལ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་མ་ཐོབ་གཉིས་ལས། མ་ཐོབ་པས་ཀྱང་དེ་ངེས་པར་བསྒྲུབས་ནས། རྟེན་དེས་བསམ་གྱིས་མི་ཁྱབ་པ་ཞེས་པའི་མིང་ཅན་ཞིག་སྒྲུབ་པར་བྱེད་དོ། །དེ་དགོས་པ་ཅི་ཞིག་འགྲུབ་ན་བསམ་བཞིན་དུ་སྐྱེ་བ་བླངས་ནས་བསྐལ་པ་གྲངས་མེད་དག་ཏུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པའོ། །གཉིས་པ་ནི། འདོད་པ་ལ་ཆགས་བྲལ་མ་བྱས་པའི་ཐེག་དམན་ཐེག་ཆེན་དུ་ཞུགས་པ་ལ་བསམ་གཏན་གྱི་དངོས་གཞི་སྔོན་ཉིད་ནས་ཡོད་པའམ། གསར་དུ་བསྒྲུབས་པ་དག་ངེས་པར་སྲིད་མོད། བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཞེས་བྱ་བའི་སྐྱེ་བའི་མིང་ཅན་དེ་བསྒྲུབ་དགོས་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ནི་སྨོན་ལམ་དང་སྲིད་པའི་བག་ལ་ཉལ་གྱིས་སྲིད་པར་ཉིང་མཚམས་སྦྱོར་བ་ཉིད་དོན་ཆེ་བའི་ཕྱིར། བྱེ་བྲག་ཏུ་རང་རྒྱལ་རིགས་མ་ངེས་པ་ཐེག་ཆེན་དུ་མ་ཞུགས་པ་དག་ནི་ཚེ་དེ་ལ་འདོད་པའི་ཆགས་བྲལ་གྲུབ་ན་ནི། ཉན་ཐོས་མ་ངེས་པ་ཁ་ཅིག་དང་འདྲ་བར་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱེད་ལ། ཆག་བྲལ་དེ་མ་གྲུབ་ན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྤྲུལ་པའི་སྐྱེ་བ་བསྒྲུབས་ཏེ། ཐེག་པ་ཆེན་པོ་ཉིད་དུ་འཇུག་པར་བྱེད་དོ། །འདི་ལ་ཉན་ཐོས་སྔོན་འགྲོ་ཞིག་ཀྱང་སྲིད་པར་འགྲེལ་པས་བཤད་ལ། དེ་དག་ནི་ཇི་སྐད་དུ། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཞེས་པ་ནས། བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་པའི་བར་དོན་ཤེས་པར་དཀའ་བ་དེ་ཉིད་བཤད་པའོ། །གཉིས་པ་དམན་པར་རིགས་ངེས་པ་སོགས་ཀྱི་མཐར་གནས་བསྒྲུབ་ཚུལ་གཉིས་ཏེ། དེར་ངེས་པའི་དང༌། སོ་སྐྱེའི་དབང་དུ་བྱས་པའོ། །དང་པོ་ལ། ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་འདོད་པ་དང༌། སྲིད་པར་སྐྱེ་བ་བླངས་ནས་དེར་འདོད་པའོ། །དང་པོ་ནི། མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཁམས་གསུམ་ལ་ཆགས་བྲལ་གཅིག་ཆར་དུ་བྱེད་དོ། །དེ་ལྟར་བྱས་རྗེས་སུ་ས་སོ་སོའི་ཉེར་བསྡོགས་ཞི་གནས་འབའ་ཞིག་པ་ལ་བརྟེན་ནས་མཐར་གནས་ཀྱི་དངོས་གཞི་བརྒྱད་པོ་དག་སྒྲུབ་སྟེ་མཐར་འགོག་པའི་སྙོམས་འཇུག་ནས་ལྷག་མེད་དུ་འཇུག་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། འདོད་པར་དང༌། ཁམས་གོང་མ་དོན་དུ་གཉེར་བའོ། །དང་པོ་ནི། འཕགས་པས་འདོད་ཉོན་སྤོང་བ་ལ་བརྩོན་ཡང་གཅིག་ཙམ་ལུས་པའོ། །ཕལ་ཆེར་ནི་མི་བརྩོན་པས་འདོད་ཁམས་ཉིད་དུ་སྐྱེས་ནས་རྒྱུན་ཞུགས་དང་ཕྱིར་འོང་གི་རྣམ་གྲངས་དག་མངོན་དུ་བྱེད་དོ། །གཉིས་པ་ལ་བརྒྱད་ལས། ས་འོག་མ་མཚོན་ན་བསམ་གཏན་དང་པོ་ལ་སྐྱེ་བ་དོན་དུ་གཉེར་བའི་ཉན་ཐོས་འཕགས་པས་ཐོག་མར་བསམ་གཏན་དང་པོའི་གཉེར་བསྡོགས་ཞི་གནས་འབའ་ཞིག་ལ་བརྟེན་ནས་ལྷག་མཐོང་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ན་མངོན་དུ་བྱས་སྟེ། འདོད་ཉོན་མ་ལུས་པ་ལ་ཆགས་བྲལ་བྱེད་པ་དེ་ལ་ནི། རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་འོག་ས་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་ཞེས་པའི་མཚན་ཉིད་དེ་ཚང་བ་ཡིན་ལ། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་དམན་པ་དང་སོ་སྐྱེ་ནི་ས་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མར་སྐྱེ་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལྟར་བྱེད་པ་དེ་ཉན་ཐོས་སྡེ་པས་ནི་གོང་སར་སྐྱེ་བ་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ཡིན་པར་འདོད་མོད། འདིར་ནི་མ་ངེས་ཏེ། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་འཆད་དགོས་པའི་ཕྱིར། འོ་ན་འདིའི་འཕེན་བྱེད་གང་གིས་བྱེད་ཅེས་དོགས་པ་ལ་ནི། ཀུན་གཞིའི་སྟེང་དུ་འཁོར་བ་ཐོག་མེད་ནས་ཁམས་གོང་གིས་དེ་དང་དེར་འཕེན་བྱེད་ཀྱི་བག་ཆགས་བཞག་པ་རྣམས་ཉེར་བསྡོགས་དེས་གསོས་བཏབ་པར་འཆད་དོ། །བྱང་འཕགས་ལ་ནི་དེ་ལྟར་དགོས་པ་མ་ཡིན་ཏེ། དེས་ནི་སྙིང་རྗེ་དང་སྨོན་ལམ་གྱིས་དེ་དང་དེར་སྐྱེ་བའི་འཕེན་བྱེད་གོ་ཆོད་པོ་དང༌། གོང་མའི་དངོས་གཞི་ལ་སྲེད་པའི་རོ་མྱང་གིས་འགྲུབ་བྱེད་ཀྱི་རྒྱུ་བྱེད་པར་རྣམ་པ་ཀུན་ཏུ་འཆད་དགོས་པས་སོ། །འཕགས་པས་ལམ་ཟག་བཅས་ཀྱི་སྤངས་པ་སླར་བཟློག་པར་འཆད་པ་ནི་ལེགས་པ་མ་ཡིན་ཏེ། དེ་ལྟར་ན་ཕྱིར་མི་འོང་ཕྱིར་འོང་དུ་འགྱུར་བ་དང༌། དེ་ཡང་རྒྱུན་ཞུགས་སུ་འགྱུར་སྲིད་པ་སོགས་སུ་ཧ་ཅང་ཐལ་བས་སོ། །གཉིས་པ་སོ་སྐྱེའི་དབང་དུ་བྱས་པ་ལ། ཕྱི་རོལ་པ་དང་ནང་པའི་སོ་སྐྱེ་གང་ཡིན་ཀྱང་རུང་ཆགས་བྲལ་དོན་གཉེར་དང༌། ཡོན་ཏན་དོན་གཉེར་གཉིས་ལས། དང་པོས་ནི་ཞི་གནས་དང་དངོས་གཞིར་མ་སླེབ་པ་དེས་གྲུབ་པའི་ལྷག་མཐོང་ཞི་རགས་ཀྱི་རྣམ་པ་ཅན་དེས་མངོན་དུ་བྱེད་ལ། གཉིས་པ་ལ། ཉེར་བསྡོགས་ཀྱི་ཞི་གནས་ལ་ཡང་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ལ་ལྟོས་པའི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་གཉིས་གཉིས་སུ་ཕྱེ་ནས་རང་རང་གི་དངོས་གཞི་བརྒྱད་པོ་རིམ་པར་མངོན་དུ་བྱས་རྗེས་སུ་མངོན་ཤེས་སོགས་ཡོན་ཏན་གང་མངོན་དུ་བྱ་བར་འདོད་པ་དེ་སྒྲུབ་པར་བྱེད་དོ། །ཐེག་པ་གོང་མ་འདིར་ལྷག་མཐོང་གི་ཉེར་བསྡོགས་ལ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་སོགས་བདུན་དུ་ཕྱེ་ནས། དེ་དག་ངོས་འཛིན་པའི་ཚེ་ཞི་རགས་ཀྱི་རྣམ་པ་ཅན་ཉིད་དུ་བཤད་པ་ལྟ་བུར་སྣང་ཡང༌། ཟག་མེད་ཀྱི་ལམ་མི་སྲིད་པ་མ་ཡིན་ཏེ། ཉན་ཐོས་ཀྱི་སའི་གཞུང་ཉིད་ལས། འཕགས་པས་ཟག་མེད་ལམ་གྱིས་ཁམས་གསུམ་གྱི་ཉོན་མོངས་དང་པོ་ནས་དགུ་པའི་བར་སྤོང་བའི་གནས་སྐབས་དེ་དང་དེ་དག་ཏུ་མཚན་ཉིད་རབ་ཏུ་རིག་པ་སོགས་བདུན་པོ་དག་དང་གོ་རིམ་དུ་སྦྱར་ནས་བཤད་པས་སོ། །འདི་ཡང་དང་པོའི་ཉེར་བསྡོགས་ཁོ་ན་ལ་ཡིན་གྱི། ཉེར་བསྡོགས་གཞན་ལ་མི་སྲིད་དོ། །གཞུང་འདིར་བྱེ་བྲག་ཏུ་ཤེས་པར་བྱ་བ་གཞན་ཡང་འདི་ལྟ་སྟེ། སྔ་མ་དག་ཕལ་ཆེ་བ་ནི་གཞུང་འདིར་མཐར་ཐུག་ཐེག་པ་གསུམ་དུ་བསྟན་ནོ་ཞེས་གསུངས། འདི་འཆད་པ་ལ་གཉིས་ཏེ། སྤྱིར་མཐར་ཐུག་ཐེག་པ་གསུམ་དང་གཅིག་གི་འཇོག་ལུགས་དང༌། ལུགས་འདི་དག་ལས་ཇི་ལྟར་བཤད་པའོ། །དང་པོ་ནི། སྤྱིར་དམན་པ་ལ་མྱང་འདས་གོ་ཆོད་པོ་ཡོད་མེད་ཀྱི་སྒོ་ནས་དང༌། གོ་ཆོད་པོ་ཁས་ལེན་པ་དེ་ནས་ཐེག་པ་ཆེན་པོར་འཇུག་མི་འཇུག་གི་སྒོ་ནས་དང༌། གོ་ཆོད་པོའི་ངོས་འཛིན་ཡང་དགྲ་བཅོམ་པ་ཙམ་དང༌། ལྷག་མེད་མྱང་འདས་ཀྱི་སྒོ་ནས་དང༌། ལྷག་མེད་ལ་ཡང་སྐབས་དེར་རིག་པ་རྒྱུན་ཆད་པ་དང་མ་ཆད་པའི་དབྱེ་བས་འཇོག་པ་རྣམས་ལས། ཕྱི་མ་འདི་འཇུག་པ་རྣམ་གཉིས་མཛད་པ་པོའི་ལུགས་ཏེ། སངས་རྒྱས་གཞན་དོན་ལ་དུས་རྟག་ཏུ་བཞུགས་པ་དོན་ཡོད་པ་རྒྱུ་མཚན་དུ་བཀོད་ནས། མེད་པར་དགག་པའི་ལྷག་མེད་ནས་སངས་རྒྱས་པ་ཟླ་བའི་བཞེད་པ་དང༌། ཆོས་ཀྱི་བདག་མེད་རྒྱས་པ་མཐར་མ་ཕྱིན་ན་མཐར་འཚང་རྒྱ་དགོས་པ་སྤྱོད་འཇུག་གི་ལུགས་སོ། །ལྷག་བཅས་ནས་ལྷག་མེད་དུ་ཞུགས་པ་མཐར་ཐུག་དང་དེར་རིག་པ་རྒྱུན་ཆད་པའི་རྒྱུ་མཚན་གྱིས་འཚང་རྒྱ་བ་ཉན་ཐོས་སྡེ་པའི་ལུགས་དང༌། རིག་པ་རྒྱུན་ཆད་ཀྱང་སྤངས་པ་མཐར་མ་ཐུག་པས་འཚང་རྒྱ་དགོས་པ་དབུ་མ་ཐལ་རང་བའི་བཞེད་པ་དང༌། དགྲ་བཅོམ་པ་ཐོབ་ནས་སྲིད་པའི་འཇིགས་པ་དང་བྲལ་བས་ན་ལྷག་མེད་ཀྱི་མྱང་འདས་སུ་ནི་གཏན་ནས་འཇུག་པར་མི་བཞེད་ཀྱི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཚེའི་དངོས་གྲུབ་བསྐལ་པ་གྲངས་མེད་པ་དག་ལས་ལྷག་པ་ཡང་སྒྲུབ་པར་བྱེད་ལ། དེའི་སྒྲུབ་ཚུལ་ལ་བྱམས་པའི་ཆོས་རྗེས་འབྲངས་དང་བཅས་པར་གསུངས་པ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བ་ལས། དགྲ་བཅོམ་པ་རང་གི་ལུས་དབང་པོའི་ལུས་སུ་བྱིན་གྱིས་རློབ་པ་ཞེས་པའི་མིང་ཅན་དང༌། མདོ་སྡེ་རྒྱན་དུ། དགྲ་བཅོམ་པ་སྐུ་ཚེའི་འདུ་བྱེད་སྟོང་ཁར་བསམ་གྱི་མི་ཁྱབ་པར་བསྒྱུར་པའི་སྐྱེ་བ་ཞེས་བྱ་བའི་མིང་ཅན་སྤྲུལ་པས་སྐྱེ་བ་ལེན་པར་བཤད་པ་དང༌། རྒྱུད་བླ་མ་བཤད་བྱའི་མདོ་དང་བཅས་པར། ཉན་རང་དགྲ་བཅོམ་པ་ལྷག་མེད་དུ་ཡེ་མི་འཇུག་པར། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཁམས་གསུམ་དུ་སྐྱེ་བ་ལེན་པའི་བཤད་པ་དང་གསུམ་བྱུང་ངོ༌། །གཉིས་པ་ནི། བཤད་མ་ཐག་པའི་གནས་སྐབས་གསུམ་པོ་དེ་ནས་ཐེག་པ་ཆེན་པོར་འཇུག་པའི་ཚུལ་གསལ་པོར་མ་གསུངས་ཀྱང༌། ལུས་རྟེན་འདི་ཉིད་ནས་ཐེག་པ་ཆེན་པོར་འཇུག་པ་གཞན་དུ་འཆད་མི་ནུས་ཏེ། དགྲ་བཅོམ་པ་ཇི་ལྟར་དབང་པོ་རྟུལ་ཡང་རྣམ་ཐར་དང་ཟིལ་གནོན་སོགས་ཀྱི་ཡོན་ཏན་ལ་མངོན་པར་མི་དགའ་བ་དང༌། བྱང་ཕྱོགས་ཀྱི་ཡོན་ཏན་ཟད་པ་ལ་དགའ་བ་ནི་མི་སྲིད་པའི་རིགས་པ་ལས་དང༌། མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཅེས་པས་འཚང་མི་རྒྱ་བའི་སེམས་ཅན་མེད་པའི་ལུང་གི་བཤད་པ་ལས་སོ། །ཏིང་ངེ་འཛིན་རྒྱལ་པོའི་ལུང་གིས་ལྷག་མེད་པ་བདེ་བ་ཅན་ལྟ་བུར་རྫུས་ཏེ་སྐྱེ་བའི་བཤད་པ་ཡོད་ཀྱང༌། འདིར་ཁུངས་སུ་འདྲེན་མི་དགོས་ལ། སངས་རྒྱས་ཀྱི་སློབ་མར་གྱུར་པའི་ཉན་ཐོས་ལ་ཐེག་པ་ཆེན་པོར་བཀར་སྒྲུབ་པ་དང༌། སྐྱབས་འགྲོའི་ལེའུར་གསུངས་པའི་ཉམས་ལེན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་ཚེགས་མེད་པ་ཉིད་དུ་གསུངས་སོ། །གལ་ཏེ་མཐར་ཐུག་ཐེག་པ་གཅིག་ཡིན་པ་ལ། ཡུལ་ངེས་པ་དང༌། ཞེས་པའི་ཤེར་ཕྱིན་གྱི་མདོར་དངོས་ལ་གནོད་བྱེད་གསུངས་པ་མ་ཡིན་ནམ་ཞེ་ན། སྐབས་དེར་ཉན་རང་དགྲ་བཅོམ་པས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་པའི་རྒྱུ་མཚན་གྱིས་སྲིད་པར་སྐྱེ་བ་མི་ལེན་ཅིང༌། དེ་ཉིད་ཀྱིས་ན་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་བཤད་པའི་མདོ་དེ་ཉིད་དགོངས་པ་ཅན་དུ་འཆད་པ་ན། ཁྱབ་པ་དང་ཞེས་པའི་མདོར། གལ་ཏེ་དེ་དག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ་ཞེས་གསུངས། དོན་ནི་ཉན་ཐོས་ཀྱིས་ཁྱབ་པའི་སྟོང་ཉིད་མ་གཏོགས་པའི་རྒྱུ་མཚན་གྱིས། རང་རྒྱུད་ཀྱི་སྲེད་པ་མཐའ་དག་འཁོར་བར་འཆིང་བྱེད་དུ་འགྱུར་ལ། བྱང་སེམས་འཕགས་པས་ནི་དེ་ལྟར་རྟོགས་པའི་རྒྱུ་མཚན་གྱིས་རང་རྒྱུད་ཀྱི་སྲེད་པ་དགེ་བ་དང་མཚུངས་པར་ལྡན་ཞིང༌། སྡུག་བསྔལ་གྱི་ཕུང་པོས་འཆིང་བའི་རྒྱུ་མི་བྱེད་ལ། སྲིད་པའི་འཆིང་བ་ལས་གྲོལ་བའི་གཞན་དོན་དུ་སྲིད་པའི་རྩ་བ་ཙམ་ཞིག་འཛིན་པར་བྱེད་དེ། དཔེར་ན་སྔགས་དང་སྨན་གྱིས་བསད་པའི་དུག་བཞིན་ནོ། །ཞེས་འཆད་པ་ནི་མངོན་པ་ཀུན་ལས་བཏུས་ཀྱི་དགོངས་པར་གཞུང་དེ་ཉིད་དུ་གསལ་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཉན་ཐོས་ལ་རིགས་ངེས་མ་ངེས་གཉིས་སུ་འབྱེད་པ་ཇི་ལྟར་ཞེ་ན། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པར་ངེས་པ་དང་མ་ངེས་པའི་དབྱེ་བ་ལས་སོ། །འོ་ན་མ་ངེས་པའི་དགྲ་བཅོམ་དང་ཁྱད་པར་ཅི་ཞེ་ན། མ་ངེས་པ་ནི་དགྲ་བཅོམ་མངོན་དུ་བྱས་པའི་རྗེས་དེ་མ་ཐག་ཏུ་ཐེག་ཆེན་དུ་སེམས་བསྐྱེད་ནས་སྤྲུལ་པས་སྐྱེ་བ་ལེན་པར་གཞུང་འདི་ཉིད་དུ་བཤད་པ་དང༌། ངེས་པ་ལ་ནི་དགྲ་བཅོམ་ནས་སྐྱེ་བ་མི་ལེན་པར་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས། བསྐལ་པ་དུ་མར་དམན་པའི་ས་ཉིད་དུ་གནས་ཤིང་མཐར་སངས་རྒྱ་བའི་ཚུལ་དང༌། ཡང་དགྲ་བཅོམ་པ་ལྷག་མེད་དུ་མི་འཇུག་པར་ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་ལུས་བླངས་ནས་མཐར་སངས་རྒྱ་བའི་ཚུལ་ཏེ། གཉིས་ཀ་ཡང་འཕགས་པ་ཐོག་མེད་ཀྱིས་རང་གཞུང་དུ་གསུངས་པས་འདིར་ནི་དེ་དག་ཚད་མར་གྱུར་པ་ཉིད་ཡིན་ལ། ལུགས་གཉིས་པོའི་ཁྱད་པར་ཡང་གནས་སྐབས་སུ་རིགས་ངེས་མ་ངེས་ལས་འབྱེད་པའོ། །གལ་ཏེ་དགྲ་བཅོམ་པ་ཐེག་པ་ཆེན་པོར་ཞུགས་པ་དག་ལ་འཁོར་བར་འགྲུབ་འབྱེད་ཀྱི་སྲིད་པ་ཇི་ལྟར་ཡོད་ཅེ་ན། ཉོན་མོངས་པ་ཅན་ཡིན་མིན་གྱི་དབྱེ་བ་ལས་ཏེ་མ་རིག་པ་བཞིན་ནོ། །དབྱེ་བ་དེ་སྤྱོད་འཇུག་སོགས་ལས་ཡིན་གྱི། འདིར་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། རྣམ་འགྲེལ་ལས། ཐ་མའི་སེམས་ནི་སེམས་གཞན་དང༌། །མཚམས་སྦྱར་བ་ལ་འགལ་ཅི་ཡོད། །དགྲ་བཅོམ་སེམས་གང་ཡིན་དེ་ཡང༌། །གང་ལས་མཚམས་སྦྱོར་མ་དེར་འདོད། །ཅེས་གསུངས་པའམ། ཚེ་དེ་འདྲའི་སྲིད་པ་ཁས་ལེན་དགོས་པས་སོ། །བྱམས་པའི་ཆོས་འདིར་ཉན་རང་ལ་མྱང་འདས་མཚན་ཉིད་པ་མེད་པར་བཤད་ཀྱི། མཐར་ཐུག་ཐེག་པ་གཅིག་ཏུ་མ་བཤད་དོ་སྙམ་ན། དེ་ལྟར་བཤད་པ་ཉིད་ཀྱིས་དེར་གྲུབ་པ་ཡིན་ཏེ། སེམས་ཅན་གཅིག་ཙམ་ཡང་མྱང་འདས་ལ་མ་བཀོད་པ་དེ་སྲིད་དུ་སངས་རྒྱས་གཞན་དོན་ལ་དུས་རྟག་ཏུ་བཞུགས་པའི་ཕྱིར་རོ། །བྱམས་པའི་ཆོས་དང་ངོ་བོ་ཉིད་མེད་པའི་ཆོས་ལ་མཐར་ཐུག་ཐེག་པ་གཅིག་ཏུ་བཞེད་མི་བཞེད་ཀྱི་དབྱེ་བ་བཤད་དཀའ་བ་ཡིན་ཏེ། ཐེག་དམན་དུ་རིགས་ངེས་པ་དག་གནས་སྐབས་ལྷག་མེད་དུ་འདའ་བར། འཇུག་པ་ལས་ཀྱང་གསུངས་པའི་ཕྱིར། སྤྱོད་འཇུག་ཏུ་ཉན་ཐོས་སྡེ་པས་ལྷག་མེད་དུ་འདོད་པ་དེའི་གནས་སྐབས་སུ་རིག་པ་རྒྱུན་ཆད་པར་མི་བཞེད་ལ། འཇུག་པར་ནི་གནས་སྐབས་དམན་པར་རིགས་ངེས་པ་དེས་ལྷག་མེད་མངོན་དུ་བྱ་ཕྱིར་དུ་རང་རྒྱུད་ཀྱི་མིང་གཞིའི་ཕུང་པོ་རང་སྟོང་དུ་གོམས་པར་མཐར་ཕྱིན་པར་བྱེད་དགོས་པའི་རྒྱུ་མཚན་གྱིས་སྐབས་དེ་ནས་རིག་པ་རྒྱུན་ཆད་པ་ཉིད་དུ་བཞེད་ལ། དེ་ལྟ་ན་ཡང་སངས་རྒྱ་བའི་མཐུ་མེད་པར་བཞེད་པ་ནི་མ་ཡིན་ཏེ། ལྷག་མེད་ཀྱི་སྤངས་པ་དེ་ཉིད་ལས་བསྐལ་པ་གྲངས་མེད་དུ་མར་མ་གཡོས་པའི་སྟོབས་ཀྱིས་སྤང་བྱ་མཐའ་དག་མ་ལུས་པར་སྤངས་པ་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཐེག་ཆེན་གྱི་མཐོང་བ་དང་སྒོམ་པའི་ལམ་བཞིན་ནོ། །མི་མཚུངས་ཏེ། དེ་དག་གི་རྗེས་ཐོབ་ན་རིག་པ་རྒྱུན་མ་ཆད་པས་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པ་དང༌། འབྲས་བུ་སྟོབས་སོགས་ཀྱི་ཡོན་ཏན་སྒྲུབ་པར་སླ་བ་ཡིན་ནོ་ཞེ་ན། དམན་པའི་ལྷག་མེད་པ་ལ་ཡང་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ཀྱང༌། སྒྲིབ་པ་མ་ལུས་པ་སྤངས་པ་མཐར་ཕྱིན་པ་ཉིད་ཀྱིས། གདུལ་བྱ་གཞན་སྣང་དུ་སྐུ་དང་སྟོབས་སོགས་ཀྱི་ཡེ་ཤེས་མངའ་བར་སྟོན་ནུས་པ་ཡིན་ཏེ། སྤངས་པ་མཐར་ཕྱིན་ན་གཞན་སྣང་དུ་རྟོགས་པ་མཐར་ཕྱིན་མི་འབྱུང་མི་སྲིད་པའི་ཕྱིར། དཔེར་ན་དང་པོ་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་རྫོགས་པའི་སངས་རྒྱས་ཀྱི་བསྒྲུབ་ཚུལ་བཞིན་ཏེ། ཇི་སྐད་དུ། སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་གསུངས་སོ། །རྣམ་རྟོག་མི་མངའ་བ་ལ་དགོངས་ཀྱི། ཡེ་ཤེས་མི་མངའ་བ་ལ་མ་དགོངས་སོ་ཞེས་ཟེར་མོད། དེ་སྐད་དེས་ཁྱེད་ཅག་གི་ཞེ་འདོད་སྒྲུབ་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། མཁྱེན་པོ་མེད་པར་གཞན་ལ་འདི་ལྟ་བུ་ཞེས་སུ་ཞིག་སྟོན། །ཞེས་པའི་རྒོལ་བ་དེ་ལ། དངོས་ལན་གསལ་པོ་གཞུང་འགྲེལ་དུ་མ་གསུངས་པའི་ཕྱིར། ཉན་རང་ལ་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་པ་ཡོད་པའི་མཐུས་ལྷག་མེད་མངོན་དུ་བྱས་པ་ཡོད་པར་འདོད་པ་དེའི་ཚེ་ནི་ལྷག་མེད་དུ་རིག་པ་རྒྱུན་ཆད་པར་འདོད་དགོས་ལ། ཉི་ཚེ་བའི་སྟོང་ཉིད་ཙམ་གྱིས་ལྷག་མེད་མངོན་དུ་བྱས་པ་ལ་ནི་རིག་པ་རྒྱུན་ཆད་པས་དེ་ནས་ས་བརྒྱད་པ་ཉིད་དུ་ཞུགས་ཏེ་འགོག་པ་ལ་ཡུན་རིང་དུ་མཉམ་པར་བཞག་པའི་སྟོབས་ཀྱིས་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤོང་བ་ཉིད་དུ་བརྩོན་པར་བྱེད་ལ། དེའི་ཚེ་རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་ཉིད་དམ་པའི་ཆོས་པདྨ་དཀར་པོའི་དགོངས་པར་འཇུག་འགྲེལ་དུ་འཆད་ལ། རྒྱུད་བླ་མར་ནི་ལྷག་བཅས་དགྲ་བཅོམ་ནས་ས་བརྒྱད་པ་ཉིད་དུ་འཇུག་པར་བཞེད་དོ། །ལྷག་མེད་ཀྱི་མྱང་འདས་སུ་རིག་པ་རྒྱུན་ཆད་དུ་བཞེད་པའི་ཕྱོགས་ལ་ཡང༌། སྔོན་ལྷག་མེད་དུ་འཇུག་པའི་སེམས་འཕེན་པའི་དབང་གིས་ལྷག་མེད་ལས་ལྡང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་གྲུབ་བདེ་གཅིག་ཏུ་འབྱུང་བའོ། །འདི་ལ་གལ་ཏེ། དེ་སྐད་སྨྲ་བ་ཁྱོད་ནི། རང་གི་འདོད་པ་རང་བཟོའི་བྱེད་པ་ཁོ་ནས་ཡངས་པར་བག་བརྐྱངས་ནས་སྨྲ་བ་ཉིད་དོ་ཞེས་ཟེར་མོད། སྔོན་རབས་ཀྱི་ཐོས་པ་ཆུང་ངུར་གྱུར་པ་ཁྱོད་ཀྱིས་ནི། རེ་ཞིག་གཞུང་འགྲེལ་ཇི་ལྟ་བ་ཉིད་ཀྱི་བཤད་པ་ཕར་ཞོག་ལ། ལུགས་འདི་ལ་གངས་ཅན་དུ་ཐོག་མར་དགེ་བ་པ་ཚབ་ལོ་ཙྪ་བའི་གསུང་དང༌། བར་དུ་རྨ་བྱ་བྱང་བརྩོན་སློབ་མར་བཅས་པ་དག་དང༌། དུས་ཕྱིས་ཀྱི་མཁས་པ་ཀུ་མཱ་ར་རྣམས་ལ་ཁྱོད་ཀྱི་རྩོད་པ་འདིས་རྒལ་ཞིང་བརྟག་པར་བྱ་སྟེ། དེ་དག་གིས་ཀྱང་རྩ་བའི་དམ་བཅའ་འདི་ཉིད་བཞེད་ལ། དེ་ལས་འཕྲོས་པའི་དགག་བཞག་སྤང་གསུམ་རྒྱས་པར་མ་བཤད་པས་སོ། །གཞན་ཡང་མདོ་སྡེའི་རྒྱན་འདིར་ཕར་ཕྱིན་གྱི་ཐེག་པ་གཞན་དག་ལ་མ་གྲགས་པའི་ས་ལམ་གྱི་རྣམ་གཞག་ཟབ་རྒྱས་ཤིན་ཏུ་མང་བ་ཡིན་ཏེ། དཔེར་ན། གནས་སྐབས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་མཐའ་དག་ཤེས་པར་འདུས་པ་དང༌། ཤེས་པ་དེ་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་འབྱེད་ཅིང༌། རྣམ་ཤེས་མཚན་ཉིད་པ་ལ་གང་སྣང་མཐའ་དག་རྣམ་ཤེས་ཀྱིས་བསྡུས་པ་དང༌། ཡེ་ཤེས་མཚན་ཉིད་པ་ལ་དེར་སྣང་མཐའ་དག་དེ་ཉིད་ཀྱིས་བསྡུས་པ་དང༌། རྣམ་ཤེས་ཡུལ་བཅས་མ་རིག་པས་བསླད་པའི་རྒྱུ་མཚན་གྱིས་སྤང་བྱ་དང༌། གནས་གྱུར་དུ་འཆད་དགོས་པ་དང༌། གནས་ཚུལ་ལ་ཆོས་དབྱིངས་ཡེ་ཤེས་ལས་མ་གཏོགས་པའི་ཤེས་བྱ་མི་སྲིད་པ་དང༌། ཤེས་བྱ་མཐའ་དག་རང་བཞིན་རྣམ་དག་གིས་སངས་རྒྱས་ཉིད་ཡིན་པ་དང༌། གློ་བུར་རྣམ་དག་གི་སངས་རྒྱས་ཐམས་ཅད་རྫས་གཅིག་ཏུ་ངེས་པར་མ་ཟད་ས་བརྒྱད་པ་ཡན་ཆད་ཀུན་དེ་ལྟར་ངེས་པ་དང༌། རང་བཞིན་རྣམ་དག་གིས་ཆ་ནས་སངས་རྒྱས་ཀུན་གདོད་མ་ནས་ཐ་དད་མ་ཡིན་པ་དང༌། བློ་བུར་རྣམ་དག་མཐར་ཕྱིན་པའི་ཚེ་སངས་རྒྱས་ཀྱི་ཞིང་དང་འཁོར་སོགས་ཐ་དད་པའི་རྣམ་གཞག་གཞན་སྣང་དུ་གསུངས་པ་རྣམས་ནི་གཞུང་ཉིད་དུ་གསལ་ལ། དེ་དག་ནི་རྡོ་རྗེ་ཐེག་པའི་ཡང་ས་ལམ་གྱི་སྙིང་པོར་གྱུར་པ་ཉིད་དུ་བཞུགས་སོ། །གཞན་ཡང༌། རྗེ་བཙུན་གྱི་གཞུང་འདི་དག་ཏུ་ཉན་ཐོས་སྡེ་པ་ལ་གྲགས་པ་ལྟ་ཅི་སྨོས། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་དུ་འཇོག་པ་གཞན་དུ་མ་གྲགས་པའི་ཆོས་ཀྱི་སྡོམ་བཞིའི་རྣམ་པར་བཞག་པ་ཤིན་ཏུ་ཟབ་པར་གསུངས་པ་དག་འདི་ལྟ་སྟེ། གཞུང་གཞན་ལས་ནི་འདུས་བྱས་ཀྱི་དངོས་པོ་ཀུན་ལ་རང་དུས་སུ་གནས་པ་ཁས་བླངས་ནས། དུས་གཉིས་པར་འཇིག་པ་མི་རྟག་པའི་དོན་དུ་འཆད་ལ། འདིར་ནི་སྐད་ཅིག་ཏུ་གནས་ན་གཉིས་པར་ཡང་གནས་དགོས་པའི་རྟགས་ཀྱིས་གནས་པ་མི་བཞེད་ལ། དེའི་ཕྱིར་རང་དུས་སུ་རང་གིས་སྟོང་པས་ན་སྐྱེ་བ་དང་འཇིག་པ་ག་ལ་སྲིད། ཅེས་འཆད་པ་ནི་གཞུང་འདིར་འདུས་བྱས་མི་རྟག་པར་བསྒྲུབ་པའི་རིགས་པ་ཤིན་ཏུ་རྒྱས་པར་གསུངས་པའི་ངག་དོན་ཡིན་ལ། དོན་དེ་ཉིད་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་སོགས་དང༌། སེམས་འགྲེལ་ལས། མདོར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །སྟོང་པ་ཉིད་དུ་ཅིས་མི་བཞེད། །ཅེས་གསུངས་པ་དེའོ། །རྣམ་འགྲེལ་མཛད་པས་ཀྱང་དོན་འདི་སོར་བཞག་ནས། དངོས་པོ་དང་འདུས་བྱས་ཐམས་ཅད་རང་སྟོང་དུ་རྒྱས་པར་གསུངས་ཏེ། དཔེར་ན། མེད་པ་རྟག་ཉིད་གང་ལས་ཡིན། །ཞེས་སོགས་དངོས་པོར་ཡོད་ན་རྟག་པར་ཐལ་བ་འཕངས་ནས། མདོ་སེམས་དང་སྒོ་བསྟུན་པའི་ཚེ། དོན་བྱེད་ནུས་པ་དང༌། བྱས་པའི་རྟགས་ཀྱིས་སྒྲ་སོགས་མི་རྟག་པར་བསྒྲུབ་ལ། རང་ལུགས་མཐར་ནི། ཇི་སྐད་དུ། ལྟོས་པ་མེད་ན་སྐད་ཅིག་ཀྱང༌། །དངོས་པོར་ཡོད་མིན་འགྱུར་ཞེ་ན། །དེ་ལྟར་འགྱུར་ཏེ། ཞེས་གསུངས་པ་དེ་ཉིད་དོ། །བོད་སྔ་མ་ཕྲ་བའི་མི་རྟག་པ་ཆོས་ཀྱི་བདག་མེད་པའི་ངོས་འཛིན་དུ་འཆད་པ་དེ་དག འདིར་བཤད་པ་དང་རིགས་པས་དཔྱོད་ཚུལ་འདྲ་ཡང་ངོས་འཛིན་གཅིག་པ་མ་ཡིན་ནོ། །དེ་ནི་མེད་དགག་ཏུ་འཆད་ལ། འདིར་ནི་དོན་དམ་པའི་བདེན་པར་འཆད་པ་དང༌། རྣམ་འགྲེལ་དུ། དངོས་པོའི་རྟགས་ཀྱིས་བསྒྲུབ་པར་གསུངས་པས་སོ། །ཟག་བཅས་སྡུག་བསྔལ་གྱི་ངོས་འཛིན་ཡང་གཞན་དུ་གྲགས་པ་ལས་འདིར་བཤད་པ་ཟབ་པ་ཡིན་ཏེ། གཞན་དུ་ནི་སྡུག་བསྔལ་གྱི་ཕྲ་ཤོས་འདུ་བྱེད་ཀྱི་སྡུག་བསྔལ་དུ་མི་གཏོགས་པ་མ་བཤད་ལ། འདིར་ནི་ཟག་མེད་ཀྱི་ལས་ལས་བྱུང་བའི་ཡིད་ལུས་ཀྱང་སྡུག་བསྔལ་དུ་འཆད་པ་ནི། ཇི་སྐད་དུ། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་པས་སོ། །སྟོང་པ་དང་བདག་མེད་ཀྱི་གོ་དོན་ཡང་གཞུང་གཞན་དུ་གྲགས་པ་ལས་ལུགས་འདི་ཆེས་ཤིན་ཏུ་ཞིབ་པ་ཡིན་ཏེ། གཞན་ལས་ནི་གང་ཟག་དང་བྱེད་པ་སོགས་བཟུང་བྱའི་བདག་མེད་པར་བཤད་པ་ཙམ་གྱིས་ཆོག་ལ། ལུགས་འདིར་ནི་བྱེད་པ་པོ་བཅུ་གཉིས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་དོན་པའི་བདག་གི་མིང་དང༌། བདག་མེད་མཆོག་གི་ངོས་འཛིན་དུ་འཆད་པ་ནི། ཇི་སྐད་དུ། བདག་མེད་མཆོག་གིས་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཏུ་འགྱུར། །ཞེས་གསུངས་པས་སོ། །ཆོས་ཀྱི་བདག་མེད་པའི་འཆད་ཚུལ་ལ་ཡང་དེ་དང་མཚུངས་པ་ཁོ་ནར་བཤད་པར་རིགས་ཏེ། བདག་མེད་རྟོགས་པའི་ཤེས་རབ་གཅིག་གིས་ངོས་སྐལ་གྱི་སྤང་བྱ་གཟུང་འཛིན་གྱི་རྟོག་པ་གཉིས་ཀ་དག་སྤངས་དགོས་པའི་ཕྱིར། གལ་ཏེ། གང་ཟག་བཏགས་པའི་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་ཡོད་མ་ཡིན། །ཞེས་ཡོད་པར་འཆད་དགོས་པ་མིན་ནམ་ཞེ་ན། སྤྱི་ཙམ་ནས་བཏགས་པའི་ཡོད་པ་ནི་ཡོད་པ་མ་ཡིན་པའི་གོ་དོན་དུ་གྲུབ་མཐའ་སྨྲ་བ་ཀུན་གྱིས་འཆད་པ་དང༌། བྱེ་བྲག་ཏུ་མངོན་པ་ཀུན་ལས་བཏུས་སུ་རྒྱས་པར་བཤད་པ་ལས་ཤེས་སོ། །དེ་ལ་འདིར་ལ་ལ་དག་འདི་སྙམ་དུ་བྱམས་ཆོས་བར་པའི་ངེས་དོན་གྱི་བཞུགས་ཚུལ་གཞན་དུ་མ་གྲགས་པ་དག་དེ་ཙམ་དུ་བཤད་པའི་དགོས་པའི་དོན་ཅི་ཞེ་ན། སྔོན་བོད་ཡུལ་དུ་བྱོན་པ་མང་པོ་དག བྱམས་ཆོས་བར་པའི་ངེས་དོན་སེམས་ཙམ་དུ་གནས་སོ་ཞེས་རྩིང་པོར་སྨྲ་བ་དང༌། ལ་ལ་དག་སེམས་ཙམ་པ་ལ་རྣམ་བདེན་བརྫུན་དུ་ཕྱེ་ནས། དགོངས་པ་རྣམ་བརྫུན་དང༌། ཐེག་པ་ཆེན་པོའི་ས་ལམ་གྱི་རྣམ་གཞག་ཡོད་ཀྱང༌། དབུ་མའི་ལུགས་མ་ཡིན་པར་འཆད་པ་དང༌། བོད་ཡུལ་དུ་ཕྱིས་བྱོན་རྗེས་འཇུག་མང་པོ་བ་དག གཞུང་གསུམ་པོ་ཐོག་མེད་མཆེད་ཀྱིས་ཕྱེ་བའི་ཤིང་རྟའི་སྲོལ་རྒྱ་མཚོ་ལྟ་བུ་ནས་བྱུང་བའི་ངེས་དོན་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་དང༌། དེའི་ཚེ་ན་རང་རང་གིས་ངོས་སྐལ་ལ་ལྟོས་པའི་སྤང་བྱ་མ་ལུས་པ་སྤངས་པ་ཡོད་ཀྱང༌། ལྟ་བ་དེས་ནི་ཐམས་ཅད་མཁྱེན་པ་ཉིད་ལྟ་ཅི་སྨོས། ཐར་པའི་ལམ་གྱི་ཐེག་པ་ཆེན་པོའི་ཚོགས་ཀྱི་ལམ་ཙམ་དུ་ཡང་མི་སླེབ་པས་ན། སྐྱབས་འགྲོ་སེམས་བསྐྱེད་དང༌། ཕྱིན་དྲུག་དང༌། བསྡུ་དངོས་བཞི་དང༌། བྱང་ཕྱོགས་ལ་སོགས་པ་ནི་གཞན་དོན་དུ་ཤེས་པར་བྱ་བ་དང༌། དབུ་མའི་ལྟ་བར་ཞུགས་པའི་ཚེ་ཐབས་མཁས་སུ་འགྱུར་མོད། འདི་ནས་བཤད་པའི་ལྟ་བ་དང་སྦྲེལ་ནས་ཉམས་སུ་བླངས་པས་ཐེག་པ་ཆེན་པོའི་ལམ་བགྲོད་པར་འདོད་པ་ནི་ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ། །ཞེས་རྒྱས་པར་འཆད་པའི་ཆུ་ཤིང་གི་ས་བོན་རིངས་པར་བཏབ་པས་འབྲས་བུ་དང་ལོ་འདབ་ཀྱིས་བྱིས་པའི་ཚོགས་རྣམས་དགའ་ཞིང་མགུ་བར་བྱེད་པ་དག་གིས། གངས་ཅན་གྱི་ལྷའི་ལམ་ཆེན་པོ་མ་ལུས་པ་ཁེགས་ཤིང་ཁྱབ་པར་གྱུར་པའི་དུས་འདི་ན། བསྟན་པ་རིན་པོ་ཆེ་མ་ལུས་པ་གསལ་བར་བྱེད་པའི་ཉིན་མོར་བྱེད་པ་ལ་ལ་དག སྨོན་ལམ་བཟང་པོའི་ཤིང་རྟས་རིགས་པར་འདྲོངས་ཀྱང༌། རྗེས་འཇུག་སྐར་མའི་ཚོགས་ཀྱི་འདུད་པར་མ་གྱུར་པ་ལགས་སམ། ཡང་ན་དུས་སུ་ལངས་པའི་བསོད་ནམས་མ་ཡིན་པའི་སྤྲིན་གྱི་ཚོགས་ཆེན་མཐུ་རྩལ་རྒྱས་པའི་སྟོབས་ཀྱིས། བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་འཆད་རྩོམ་ལ་ཐུགས་ལས་ཆུང་ངུར་གནས་ཏེ། ཉིན་དང་ཉིན་ལ་ཡང་མཚན་མོ་ལྟ་བུར་གྱུར་པའི་སྟོབས་ཀྱིས་ཡང་དང་ཡང་དུ་ནུབ་རིའི་རྩེ་མོར་གཤེགས་ཤིང་བཞུད་པ་མང་པོ་བ་དག་ལན་བརྒྱར་མཐོང་བ་འདི་ཆེས་ཤིན་ཏུ་མ་བཟོད་ནས། བཅོམ་ལྡན་འདས་རྒྱལ་བ་མ་ཕམ་པའི་ཐུགས་ཀྱི་དགོངས་པ་ཟབ་ཅིང་རྒྱ་ཆེ་བའི་ཐུགས་ཀྱི་རྒྱ་མཚོ་ཉིད་དུ་སིམ་པར་གྱུར་ཅིག ཅེས་རྨི་ལམ་དུ་ཡང་རང་གི་གློ་བ་ལ་ཉེ་བར་བཞག་ནས་ཇི་སྐད་བཤད་པ་འདི་དག་སྦྱར་བ་ཡིན་ནོ། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི་རྣམ་པར་བཞག་པ་ནི། སངས་རྒྱས་ཐམས་ཅད་ལ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག སྐུ་གསུམ་ཡེ་ཤེས་ལྔ་ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་དང་བཅས་པའི་སྒོ་ནས་བསྟོད་པ་ཉིད་ཀྱིས་ལེགས་པར་གྲུབ་བོ། །ཚེ་འདིའི་ཉིན་བྱེད་འཆི་བདག་མུན་ནག་གིས། །རྣམ་པར་ཟོས་ཚེ་རང་བློའི་ནམ་མཁའ་ལ། །བྱམས་མགོན་ཐུགས་རྗེའི་ཟླ་བ་དེ་ཤར་ནས། །དགའ་ལྡན་བགྲོད་པའི་ལམ་ཆེན་མཐོང་བར་ཤོག །དེ་ནས་རྗེ་བཙུན་ཞབས་ལ་དད་པ་དང༌། །མི་ཕྱེད་སྨོན་ལམ་བཟང་པོས་མཚམས་སྦྱར་ནས། །ཐེག་མཆོག་གཏམ་གྱི་དགའ་བས་ཡིད་ཚིམ་ཞིང༌། །ཤིན་སྦྱངས་འདབ་སྟོང་རྒྱས་པའི་གནས་ཐོབ་ཤོག །ཅེས་བྱམས་ཆོས་ལྔའི་ལམ་གྱི་རིམ་པ་མདོ་ཙམ་དུ་བཤད་པ་ལས། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་སྐབས་ཏེ་གཉིས་པའོ།།  །།མངྒ་ལཾ།།  །། ༄༅། །སྭསྟི། སྒྲིབ་ཀུན་བསལ་བའི་ཡེ་ཤེས་ཉི་མ་ཡིས། །སྒྲིབ་གཉིས་མུན་པའི་ཚོགས་ཀུན་འཇོམས་པའི་ཚུལ། །ཇི་ལྟར་གཟིགས་ཤིང་ཤིང་རྟའི་སྲོལ་ཆེན་དུ། །འདྲེན་མཛད་མི་ཕམ་མགོན་ལ་ཕྱག་འཚལ་ནས། །ཤེར་ཕྱིན་མདོ་དོན་འཁོར་ལོ་གསུམ་པ་ཡིས། །ཇི་བཞིན་བཀྲལ་ཏེ་ཐེག་མཆོག་རྩེ་མོ་པ། །ཀུན་གྱི་ངེས་དོན་ཟབ་མོའི་ལམ་ཉིད་དུ། །དབྱིག་གཉེན་ལུང་གིས་གང་བཤད་འདིར་བརྩམ་བྱ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བཤད་པར་བྱ་བའི་དོན་འདི་ལ་གཉིས་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པའི་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ལམ་གྱི་རིམ་པའོ། །དང་པོ་ལ་གསུམ་སྟེ། མཚན་གྱི་དོན། གཞུང་འདི་ཉིད་དུ་བསྟན་ཚུལ། གཞུང་གཞན་དུ་མ་གྲགས་པའི་ཁྱད་ཆོས་ཁ་ཅིག་བཤད་པའོ། །དང་པོ་ལ། དབུས་དང་མཐའ་ནི་གང༌། དེ་རྣམ་པར་འབྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཐའ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། དབུ་མ་དང་དོན་དམ་པའི་བདེན་པའོ། །སྒྲོ་འདོགས་སམ། སྐུར་འདེབས་སམ། གཟུང་བ་དང་འཛིན་པ་ནི་མཐའ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །སྒྲོ་འདོགས་པ་ནི། ཀུན་བཏགས་དང་གཞན་དབང་ཡོད་པའོ། །སྐུར་པ་འདེབས་པ་ནི། ཡོངས་སུ་གྲུབ་པ་ཉིད་མེད་པའོ། །ཡང་གཟུང་བ་དང་འཛིན་པ་གཉིས་ཡོད་པ་ནི་སྒྲོ་འདོགས་པའོ། །གཉིས་མེད་ཀྱི་ཡེ་ཤེས་ཀྱང་མེད་པ་ནི། སྐུར་བ་འདེབས་པའོ། །གང་ཟག་དང་འཁོར་བའི་ཆོས་མེད་པ་དང༌། གཟུང་བ་དང་འཛིན་པའི་དངོས་པོ་མེད་པས་ནི་དེ་དག་ཡོད་པ་སེལ་ཏེ། གཉིས་པོ་ཕན་ཚུན་སྤངས་ཏེ་གནས་པ་གཞིར་བྱས་ལ། གཅིག་ཤོས་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར། འདིར་གཟུང་འཛིན་གྱི་རྣམ་གཞག་ནི། ཀུན་ནས་ཉོན་མོངས་དང་འཁོར་བའི་ཕྱོགས་ལ་ཡིན་གྱི། རྣམ་བྱང་དང་མྱང་འདས་ཀྱི་ཕྱོགས་ལ་མ་ཡིན་ཏེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཡོངས་གྲུབ་ཉམས་སུ་མྱོང་ཡང༌། གཉིས་སྣང་ནུབ་པའི་རྒྱུ་མཚན་གྱིས། གཟུང་འཛིན་གྱི་རྣམ་གཞག་མི་འཆད་པའི་ཕྱིར། དེ་བཞིན་དུ་གང་ཟག་དང་འཁོར་བའི་ཆོས་མེད་པས་ཡོད་པ་དང༌། ཡོངས་གྲུབ་ཀྱི་དངོས་པོ་ཡོད་པས་མེད་པ་སེལ་བ་ཡང༌། རྒྱུ་མཚན་དེ་ཉིད་ཀྱི་ཡིན་མོད། ཡོད་པའི་ཕྱོགས་ལ་ཡོད་པར་ཞེན་པ་དང༌། མེད་པའི་ཕྱོགས་ལ་དེར་ཞེན་པ་ནི་ཡང་དག་པ་མ་ཡིན་ཏེ། འཛིན་པ་ཀུན་བཏགས་སམ་གཞན་དབང་ཉིད་ལས་མ་འདས་པས་དོར་བྱ་ཁོ་ནར་ངེས་པའི་ཕྱིར། གལ་ཏེ་འོ་ན། ཡོད་པ་ལ་ཡོད་པ་དང༌། མེད་པ་ལ་མེད་པར་ཞེན་པ་དག་འཛིན་པ་ཀུན་བཏགས་སུ་ཁས་ལེན་ན། དེ་ཞེན་ཡུལ་དུ་བྱས་པའི་ཡོད་མོད་དག་ཀྱང་དེར་ཐལ་བས་གནས་ཚུལ་ལ་ཞུགས་པ་ཉམས་སོ་ཞེ་ན། དེ་ཉིད་ཀྱིས་ན་དེ་དག་ཀྱང་གཟུང་བ་ཀུན་བཏགས་ལས་མ་འདས་པའི་ཕྱིར་ཧ་ཅང་ཐལ་བ་མེད་དོ། །གཉིས་པ་ལ་གཉིས་ཏེ། ལུས་རྣམ་གཞག་གི་བསྡུས་དོན་དང༌། ཡན་ལག་སོ་སོའི་དཀའ་གནས་བཀྲལ་བའོ། །དང་པོ་ནི། ཇི་སྐད་དུ། མཚན་ཉིད་སོགས་བདུན་དུ་བསྟན་པ་ལས། དང་པོ་ནི། ཀུན་བཏགས་སོགས་གསུམ་སྟེ། ཤེས་བྱ་གཞི་ལྔ་པོ་མཐའ་དག་ལ་ཁྱབ་པའི་མཚན་ཉིད་དོ། །དེའི་ཤེས་བྱེད་ཀྱང་ཤེར་ཕྱིན་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་མཐའ་དག་ལ་མཚན་ཉིད་གསུམ་གསུམ་དུ་ཕྱེ་ནས་བཤད་པ་ལས་སོ། །གཉིས་པ་སྒྲིབ་པ་ལ་ཡང་གསུམ་པོ་དེའི་སྒོ་ནས་བཤད་བྱ་མ་ཡིན་པ་མེད་མོད། གང་གི་སྒྲིབ་པ་ནི། སྒྲིབ་པ་གཉིས་པོ་དག་སྟེ་འདིར་སྙོམས་འཇུག་གི་སྒྲིབ་པ་མི་འཆད་པས་སོ། །གང་ལ་སྒྲིབ་པ་ནི། ཐབས་དང་ཤེས་རབ་མ་ལུས་པ་ལ་བཤད་མོད། དོན་ནི་ཡོངས་སུ་གྲུབ་པ་ཁོ་ནར་འདུས་སོ། །གཉིས་པོ་དེ་ལ་འདིར་གཞུང་ལེའུ་རེ་རེར་བཅད་ཅིང༌། དེ་ཁོ་ན་དང༌། གཉེན་པོ་དང༌། དེའི་གནས་དང་འབྲས་བུ་རྣམས་ལེའུ་གཅིག་ཏུ་བསྡུས་ནས་ལེའུ་ལྔར་མཛད་པ་ནི་མདོ་རྒྱས་དོན་བསྡུ་གསུམ་དུ་མཛད་པར་མངོན་ལ། དེ་ཁོ་ནའི་ངོས་འཛིན་ནི། མཚན་ཉིད་གསུམ་པོ་ལས་གཞན་དུ་མེད་ཀྱང་དབྱེ་བའི་སྒོ་དུ་མས་བཤད་པ་ནི། ཀུན་ནས་ཉོན་མོངས་སུ་མ་ཟད་རྣམ་བྱང་གི་ཕྱོགས་ལ་ཡང་ཡུལ་ཅན་སྒྲ་རྟོག་དང་དེས་ཞེན་ཡུལ་དུ་བྱས་པའི་ཆ་ནས་ཀུན་བརྟགས་དང་གཞན་དབང་དུ་དབྱེ་ནུས་པ་དང༌། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་ཡང་སྤྱི་ཙམ་ནས་ཤེས་བྱ་ཀུན་ལ་ཀུན་རྫོབ་དང་དོན་དམ་གཉིས་གཉིས་སུ་འབྱེད་པ་གཞིར་བྱས་ནས་ཕྱེ་བའོ། །དེ་ཡང་འདི་ལྟར། མི་རྟག་དོན་ནི་མི་སྟོན་དང༌། །ཞེས་སོགས་སུ་ཆོས་ཀྱི་སྡོམ་བཞི་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་ནས་དང༌། འཕགས་པའི་བདེན་པ་བཞི་པོ་ལ་གསུམ་གསུམ་དུ་ཕྱེ་ནས་མཚན་ཉིད་གསུམ་དུ་སྦྱར་ནས་གསུངས་པ་སྟེ། དབྱེ་སྒོ་གཞན་རྣམས་ཀྱང་དཔེ་མཚོན་ནོ། །དེ་དག་གིས་ནི་གཞིའི་གནས་ཚུལ་བཏན་ལ་ཕབ་ནས། ལམ་ལ་གཉེན་པོ་ནི། བྱང་ཕྱོགས་སོ་བདུན་ལ་ཇི་ལྟར་གོམས་པའི་ཚུལ་དང༌། གནས་ནི་ལམ་ལྔ་དང་ས་བཅུ་སོགས་ཏེ་ཡོན་ཏན་གྱི་གནས་སོ། །འབྲས་བུ་ནི་གོང་དུ་བཤད་པའི་ཐབས་དང་ཤེས་རབ་ཀྱི་རྒྱུ་མཐུན་པ་དང༌། རྣམ་པར་སྨིན་པ་དང༌། སྐྱེས་བུ་བྱེད་པ་དང༌། བྲལ་བའི་འབྲས་བུ་དག་ཏུ་སོ་སོར་ཕྱེ་ནས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དག་བསྡུས་སོ། །བདུན་པ་ཐེག་པ་བླ་ན་མེད་པ་ནི། ཕར་ཕྱིན་བཅུ་དང་ས་བཅུ་རིམ་པ་བཞིན་དུ་སྦྱར་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་སྟོན་པའོ། །གཉིས་པ་ལ་གསུམ་སྟེ། གཞི་ཤེས་བྱའི་གནས་ཚུལ་གང་ཡིན་པ་དང༌། ལམ་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་སོ་སོར་ཕྱེ་བ་དང༌། འབྲས་བུ་ཡེ་ཤེས་ཀྱི་རིམ་པ་ལ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། ཡང་དག་སོགས་ཚིགས་སུ་བཅད་པ་གཉིས་ཏེ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པ་ནི། དེ་དང་སེམས་ཙམ་ལ་གནས་པའི་སྐབས་དང༌། ཀུན་རྫོབ་ཏུ་དང༌། རྣམ་ཤེས་ཀྱི་ངོར་ཡོད་པའོ། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་དབུ་མར་འཕོས་པའི་སྐབས་དང་དོན་དམ་དུ་དང༌། ཡེ་ཤེས་ཀྱི་ངོར་མེད་པའོ། །སྟོང་པ་ཉིད་ནི་དང༌། དེ་ལ་ཡང་ནི་ཞེས་པས། ཡང་དག་མིན་རྟོག་དང་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན་དང༌། ཆོས་ཉིད་དུ་འཇོག་པའོ། །དེ་ལྟར་བཞག་པའི་ཚེ་ཡང་དག་མིན་རྟོག་ཐད་སོར་གནས་པ་མ་ཡིན་ཏེ། གཟུང་འཛིན་གཉིས་མེད་ན་གཉིས་སྣང་གི་རྟོག་པ་ཡོད་པར་འགལ་བའི་ཕྱིར་དང༌། ལུགས་འདི་ཀུན་རྫོབ་མཐའ་དག་རང་སྟོང་དུ་འཆད་དགོས་པའི་ཕྱིར། སྟོང་པ་མ་ཡིན། སོགས་རྐང་པ་གཉིས་ནི། ཤེར་ཕྱིན་གྱི་མདོར་ཤེས་བྱ་ཐམས་ཅད་སྟོང་མི་སྟོང་གང་དུ་ཡང་མེད་པར་འཆད་པ་དང་འགལ་ལོ་ཞེ་ན། མདོ་དེར་ཐམས་ཅད་ལ་བདེན་པ་གཉིས་གཉིས་སུ་ཕྱེ་ནས་བཤད་པ་དེའི་ཚེ། དོན་དམ་པའི་ཕུང་སོགས་རང་གི་ངོ་བོས་སྟོང་པ་མ་ཡིན། ཀུན་རྫོབ་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་རང་གི་ངོ་བོས་མི་སྟོང་པར་མ་ཡིན་པར་འཆད་པ་ལ་དགོངས་སོ། །ཡོད་པས་སོགས་ནི་དེ་ཐམས་ཅད་ཀྱི་དོན་བསྡུ་བ་སྟེ། གཞན་དབང་གི་འཁྲུལ་ངོར་ཡོད་པ་དང༌། ཀུན་བརྟགས་ནི་རྣམ་པ་ཐམས་ཅད་དུ་མེད་པ་དང༌། ཡོངས་གྲུབ་ནི་གདོད་མ་ནས་དངོས་པོར་ཡོད་པས་ན། དེ་ལྟ་བུའི་རྣམ་བཞག་ནི་འཁོར་ལོ་གསུམ་པ་ནས་གསུངས་པའི་དབུ་མའི་ལམ་ཡིན་ནོ། །གལ་ཏེ་གཞན་དབང་བདེན་པ་མེད་ན། འཁྲུལ་ངོ་ཙམ་དུ་ནི་ཀུན་བརྟགས་ཀྱང་ཡོད་པར་ཁས་ལེན་དགོས་སོ་ཞེ་ན། མ་ཡིན་ཏེ། ཀུན་བརྟགས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ནི་རྟོག་པའི་ཆོས་ལས་མ་འདས་ཤིང༌། གཞན་དབང་གི་རྣམ་ཤེས་རྟོག་མེད་ཀྱི་དབང་དུ་བྱས་པས་སོ། །ཐེག་ཆེན་གྱི་དབུ་མ་གཉིས་ཀའི་སྐབས་སུ་ཡོད་མེད་དང་བདེན་པར་ཡོད་མེད་ལ་ཁྱད་པར་ཤིན་ཏུ་ཆེ་བ་ནི་བོད་ཕྱི་མའི་ལུགས་ཡིན་གྱི། གཞུང་འགྲེལ་དུ་མ་གསུངས་པས་ན་ངོ་བོ་ཉིད་མེད་པ་དག་གི་ལྟ་བའི་མཐར་ནི་དོན་དམ་པ་ཁས་མི་ལེན་ལ། ལུགས་འདི་དང་ཐེག་པ་མཆོག་གི་ཚེ་ནི་རིགས་པས་ཇི་ཙམ་དཔྱད་ཀྱང་སོ་སོ་རང་རིག་པའི་མྱོང་བྱ་ཁས་ལེན་པའི་སྐབས་མི་སྲིད་དོ། །དབུ་མ་མཚན་ཉིད་པར་འཇོག་པ་ལ་སྤྲོས་པའི་མཐའ་བཞི་ཀ་ལས་གྲོལ་བ་ཞིག་དགོས་པ་མ་ཡིན་ནམ་ཞེ་ན། ཤིན་ཏུ་ཡང་དགོས་མོད། ལུགས་འདིར་ནི་ཡུལ་ཅན་སྒྲ་རྟོག་གི་སྤྲོས་པ་མཐའ་དག་ལས་གྲོལ་བས་ཆོག་པ་ཡིན་གྱི། ཡུལ་གྱི་སྤྲོས་པ་མཐའ་དག་འགོག་མི་དགོས་ལ། དབུ་མ་ཐལ་རང་བ་ནི། རྟོག་རྣམ་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམ་བཞེད། །ཅེས་གསུངས་པས་ན། ལྟ་བས་སྤྲོས་པ་གཅོད་ཚུལ་ལ་བཟང་ངན་གྱི་བྱེ་བྲག་མ་མཐོང་ངོ༌། །གཉིས་པ་རྣམ་ཤེས་ཀྱི་ངོས་འཛིན་ལ། དབྱེ་གཞི་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་རྨོངས་པའི་དབང་དུ་གྱུར་པས་ན་ཡང་དག་པ་མ་ཡིན་པའོ། །རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པས་ན་ཀུན་ཏུ་རྟོག་པ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཅེས་བྱ་བ་དེའོ། །རྟོག་མི་རྟོག་གི་ཤེས་པ་གཉིས་ཀས་ཀྱང་ཕུང་སོགས་སྣང་ཡུལ་དུ་བྱེད་པར་མཚུངས་པ་ལ། ཡང་དག་པ་ཡིན་མིན་གྱི་ཁྱད་པར་ཅི་ཞེ་ན། དག་པ་ཕུང་སོགས་ཀྱི་གཟུགས་བརྙན་ལྟ་བུ་ཡིན་གྱི་དངོས་མ་ཡིན་པ་ནི་མེ་ལོང་ཡེ་ཤེས་ཀྱི་སྣང་ཚུལ་ལོ། །དེ་བས་ན་ཡང་དག་མིན་རྟོག་ནི་ངོས་འཛིན་ཁམས་གསུམ་པའི་རྣམ་པ་ཅན་ཞེས་པ་ཉིད་དུ་ཟད་ཀྱི། དེས་བསྡུས་པ་ཞེས་སྦྱོར་དགོས་པ་མ་ཡིན་ཏེ། ཡང་དག་མིན་རྟོག་ལ་སྣང་ཆ་ནི་དེ་དང་དེས་མ་བསྡུས་པ་མི་སྲིད་པའི་ཕྱིར། ཡང་དག་མིན་རྟོག་ལ་དེ་དང་དེར་སྣང་བའི་ཆ་དེ་གློ་བུར་བ་ཡིན་གྱི། གནས་ཚུལ་ལ་མ་ཡིན་ནོ། །རྟོག་པ་ཀུན་གྱི་རང་བཞིན་འོད་གསལ་བའི་ཕྱིར། གལ་ཏེ་གནས་ཚུལ་ནི་ལྐོག་ཏུ་གྱུར་པས་ངེས་པར་དཀའ་ལ། རྟོག་པ་ལ་སྣང་ཚུལ་ནི་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མངོན་སུམ་གྱིས་གྲུབ་པས་ན། ཚད་མས་གྲུབ་པ་དེ་ཉིད་དབང་བཙན་ནོ་ཞེས་ཟེར་མོད། འདིར་ཅུང་ཟད་རྒྱས་པར་བཤད་ན། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དུ་བློ་ཚུལ་གཉིས་བསྒྲུབ་ཀྱི་རྣམ་གཞག་གསུངས་པ་དེ། ལུགས་འདི་དང་ཐེག་པ་མཆོག་གི་ས་ལམ་གོ་བ་ལ་ཤིན་ཏུ་གཅེས་པས་ན། དེ་དག་ཉིད་ཀྱི་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །ཞེས་ནང་ལྟ་རང་མྱོང་གིས་གྲུབ་པ་དང༌། ཚུལ་གཉིས་སྒྲུབ་ཀྱི་རིགས་པ་མཐའ་དག་ཕྱིར་ལྟའི་སྒྲུབ་བྱེད་དུ་སྦྱར་ནས་གསུངས་པའི་ཕྱིར། དེ་ལྟ་བས་ན། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ལམ་དང་འབྲས་བུའི་སྐབས་སུ་མ་ཟད། གཞི་དུས་ཉིད་ན་ཤེས་པ་གཅིག་གི་ཕྱིར་ལྟ་གཟུང་རྣམ་དང༌། ནང་ལྟ་འཛིན་རྣམ་གྱི་ཆ་གཉིས་ཚོགས་པ་གཅིག་ན་གནས་ཀྱང་སོ་སོར་ངོས་འཛིན་དགོས་ཏེ། འཛིན་རྣམ་ལ་ནི་ཡེ་ཤེས་མ་ཡིན་པ་འགའ་ཡང་མི་སྲིད་པའི་ཕྱིར་རོ། །དེ་ལྟར་དབྱེ་གཞི་ངོས་བཟུང་ནས། དབྱེ་ངོ་ནི་གཙོ་བོ་སེམས་དང༌། འཁོར་སེམས་བྱུང་གཉིས་ལས། སེམས་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འདུས་པ་དང༌། སེམས་བྱུང་ལ་ལྔ་བཅུ་རྩ་གཅིག་ཏུ་གྲགས་པ་རྣམས་སོ། །གལ་ཏེ་སེམས་སེམས་བྱུང་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དག་མི་སྲིད་པར་འདོད་པ་ནི་ལོག་པར་བཤད་པའོ། །ཞེ་ན། མ་ཡིན་ཏེ། གཉིས་པོ་སོ་སོའི་མཚན་ཉིད་གཞུང་དུ་བཤད་པ་དེ་ཟག་བཅས་ཁོ་ནའི་དབང་དུ་བྱས་པ་དང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་པ་ན་སེམས་བྱུང་གི་མཚན་ཉིད་མངོན་པ་གོང་མར་གསུངས་པ་དེ་མ་ཚང་བ་དང༌། ཚང་ན་ཡེ་ཤེས་རྟོག་པར་ཐལ་བ་དང༌། སངས་རྒྱས་ཀྱི་སར་ནི་སེམས་དང་སེམས་ལས་བྱུང་བ་ཀུན་གནས་གྱུར་དུ་འཆད་དགོས་པའི་ཕྱིར་དང༌། སློབ་དཔོན་ཟླ་བས་ཀྱང་སེམས་བྱུང་ལ་རྟོག་པས་ཁྱབ་པར་བཞེད་ན། ལུགས་འདིར་ལྟ་ཅི་སྨོས་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་གང་ཞེ་ན། དོན་གྱི་ངོ་བོ་ཙམ་དང༌། ཁྱད་པར་མཐོང་བའི་རྣམ་རིག་ཏུ་བཤད་ལ། ངོ་ཁྱད་གཉིས་ཀ་ཡང་བཏགས་པའི་ཡོད་པར་འཆད་ཀྱི། རྫས་སུ་ནི་མ་ཡིན་ཏེ། གཟུགས་སོགས་དོན་ལྔ་དང༌། མིག་སོགས་དབང་པོ་ལྔ་དང༌། གང་ཟག་སོགས་བདག་དང༌། རྣམ་ཤེས་ཚོགས་དྲུག་ཏུ་སྣང་བའི་རྣམ་རིག་ལས་གཞན་དུ་མ་བཤད་ལ། དེ་དག་ནི་ལུགས་འདིའི་རྫས་ཡོད་དུ་མི་བཞེད་པའི་ཕྱིར། དེ་སྐད་དུ། དོན་དང་སེམས་ཅན་ཞེས་སོགས་གསུངས་པ་ལས། སྐྱེ་བོ་ཞེས་པ་བཤད་པའི་གཞི། གང་ལས་ན་ཀུན་གཞིའི་རྣམ་པར་ཤེས་པ་ལས་སོ། །གང་ན་དོན་སོགས་སུ་སྣང་བའི་རྣམ་རིག་གོ །གང་གིས་ན་སྔོན་ཉིད་ནས་སྣང་བ་དེ་དག་གི་བག་ཆགས་བཞག་པའི་དབང་གིས་སོ། །ཚུལ་ཇི་ལྟར་ན་མེད་བཞིན་དུ་འཁྲུལ་པའི་བག་ཆགས་སྨིན་པའི་སྟོབས་ཀྱིས་སོ། །དེའི་ཕྱིར་དོན་དེ་དང་དེ་དག་རྫས་སུ་མེད་པས་ན། དེར་སྣང་བའི་རྣམ་རིག་ཀྱང་མེད་དེ། འཁྲུལ་པའི་ཕྱིར། འཁྲུལ་ན་མེད་དགོས་པ་ནི་ལུགས་འདིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པས་སོ། །དོན་གྱི་ངོ་ཁྱད་པར་གཉིས་པོ་གཅིག་མཐོང་བས་ན་དེས་གཅིག་ཤོས་ཀྱང་མཐོང་ཞེ་ན། གཙོ་བོ་རྣམ་ཤེས་ཀྱིས་རང་ཡུལ་གྱི་ངོ་བོ་ཙམ་མཐོང་གི ཁྱད་པར་མ་མཐོང་སྟེ། འགྲེལ་པར་ཙམ་གྱི་སྒྲ་སྨོས་པའི་ཕྱིར། དེའི་འཁོར་གྱིས་ནི་དོན་གྱི་ངོ་ཁྱད་གཉིས་ཀ་མཐོང་དགོས་ཏེ། ངོ་བོ་མ་མཐོང་ན་ཁྱད་པར་ལ་ངེས་པ་མི་འདྲེན་པའི་ཕྱིར། གཉིས་པོའི་བྱེད་ལས་ཀྱིས་ཡུལ་གྱི་ངོ་ཁྱད་ལ་ངེས་ཤེས་འདྲེན་ནུས་པ་ཁོ་ནའམ་ཞེ་ན། གཉིས་པོ་ལ་ཡིད་སྔོན་སོང་དང༌། རྐྱེན་ཉེར་གནས་ཤེས་པའི་རྣམ་གཞག་ཡོད་པ་ལས། སྔ་མ་དག་གིས་ཡུལ་སོ་སོ་ལ་ངེས་པ་རང་སྟོབས་ཀྱི་འདྲེན་ནུས་པའི་ཤུགས་ཀྱི་ཕྱི་མ་དག་ཀྱང་དེར་བསྡུས་ནས་འཆད་དགོས་པའི་ཕྱིར། ལུགས་འདི་འཆད་པའི་བོད་སྔ་མ་དག གཉིས་ཀས་གཉིས་ཀ་རིག་མཐོང་ལ་ཁྱད་པར་མེད་ཀྱང༌། རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་འབྱེད་དོ་ཞེས་ཟེར་མོད། ལུགས་འདི་འཆད་པ་ན། དབྱིག་གཉེན་ཞབས་དང༌། བློ་བརྟན་ལས་མཁས་པ་གཞན་བཙལ་མི་དགོས་སོ། །དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཞེས་སོགས་ཁུངས་སུ་བྱེད་མོད། དེ་ནི་ཕྱི་དོན་རྫས་ཡོད་ཀྱི་ལུགས་ཏེ། གཞན་དུ་བལྟའོ། །གལ་ཏེ་སྤྱིར་སེམས་འབྱུང་ཡོད་པར་ཁས་མི་ལེན་པ་ཧ་ཅང་ཐལ་ལོ་ཞེ་ན། གཉིས་ཀ་ཡང་དག་མིན་རྟོགས་ཏུ་བཤད་པའི་གཞུང་གི་དངོས་བསྟན་ལས་དང༌། ཀུན་རྫོབ་བདེན་པར་འཆད་དགོས་པའི་རིགས་པ་ལས་གྲུབ་པའི་ཕྱིར་ཧ་ཅང་ཐལ་བ་མེད་དོ། །འདིར་ཀུན་གཞིའི་རྣམ་ཤེས་ལ་སྣང་ཚུལ་མི་འཆད་པ་ཅི་ཞེ་ན། ཀུན་གཞིའི་སྟེང་ན་གཟུང་འཛིན་གཉིས་ཀྱི་བག་ཆགས་དང༌། དེ་ཡོངས་སུ་སྨིན་པར་ཁས་ལེན་ཀྱང༌། གཉིས་པོ་ཡུལ་ཡུལ་ཅན་དུ་ཁས་མི་ལེན་པ་ལས་ཡིན་ཏེ། ཇི་སྐད་དུ། རྣམ་པར་རིག་པ་མི་རིག་པ། །ཞེས་དང༌། ཐེག་བསྡུས་ལས་ཀྱང༌། གཟུང་འཛིན་གྱི་གནས་སུ་བཤད་ཀྱི། རྣམ་ཤེས་དང་དེའི་སྟེང་གི་རྣམ་སྨིན་གཟུང་འཛིན་དངོས་སུ་མི་འཆད་དོ། །གཉིས་པ་ཡེ་ཤེས་ཀྱི་ངོས་འཛིན་ནི། ལུགས་འདིར་ཤེས་བྱ་ཐམས་ཅད་ཀྱི་མཐར་ཐུག་གི་གནས་ཚུལ་ཆོས་དབྱིངས་ཡེ་ཤེས་ལས་གཞན་ཅི་ཡང་མེད་པ་ཉིད་དུ་བཤད་པས་གྲུབ་མོད། རེ་ཞིག་བརྗོད་བདེ་བ་ནི། ལམ་དང་འབྲས་བུའི་ཚེ། འཕགས་པ་མཐའ་དག་གི་མཉམ་གཞག་ཡེ་ཤེས་དང༌། གཞི་དུས་ཀྱི་ཚེ་རྣམ་ཤེས་ཀྱི་མིང་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ནང་ལྟ་རང་རིག་དང་འཛིན་རྣམ་དང་རང་བཞིན་འོད་གསལ་དུ་བཤད་པ་རྣམས་ཏེ། དེ་དག་ནི་གདོད་མ་ནས་ཡེ་ཤེས་ཁོ་ནའི་ངོ་བོར་ཡོད་པ་ཡིན་གྱི། རྣམ་ཤེས་ཀྱི་མཚན་ཉིད་དུ་ནམ་ཡང་སྐྱེ་མྱོང་བ་མ་ཡིན་ནོ། །གསུམ་པ་ཡེ་ཤེས་ལ་འཇུག་པའི་རིམ་པ་ནི། དམིགས་པ་ལ་ནི་བརྟེན་ནས་སུ། །ཞེས་སོགས་ཏེ། ཐོག་མར་ཕྱི་རོལ་གྱི་དོན་དུ་སྣང་བ་དོན་སྣང་གི་ཤེས་པར་ཐག་བཅད་པའི་རིགས་པས་གནས་ཚུལ་ལ་ཕྱི་རོལ་གྱི་དོན་མི་དམིགས་པའི་ཚད་མ་སྐྱེ། དེ་ལ་བརྟེན་ནས་སྣང་ཚུལ་ཙམ་དུ་ཡོད་པར་ཐག་བཅད་པའི་དོན་སྣང་གི་ཤེས་པ་དེ་ཡང་གནས་ཚུལ་ལ་མི་དམིགས་པའི་ཚད་མ་སྐྱེ། དེའི་ཕྱིར་ན་ཡང་དག་མིན་རྟོག་ལ་ཕྱི་རོལ་གྱི་དོན་དུ་དམིགས་པ་ནི། ཡེ་ཤེས་ལ་ཕྱི་རོལ་དོན་དུ་མི་དམིགས་པའི་ངོ་བོ་ཉིད་དུ་གྲུབ་པ་དེ་ལྟ་བས་ན། དམིགས་དང་མི་དམིགས་པ་མཉམ་པ་ཉིད་དུ་ཞེས་བྱའོ། །ཞེས་སོ། །གསུམ་པ་གཞན་དུ་མ་གྲགས་པ་ཁ་ཅིག་བཤད་པ་ནི། གཞུང་འདིར། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །དག་པ་མ་ཡིན་མ་དག་མིན། །ཞེས་དང༌། རྒྱུད་དག་ལས་ཀྱང་དེ་སྐད་དུ་གསུངས་པའི་དོན་ནི། གལ་ཏེ་ཀུན་རྫོབ་ཏུ་སེམས་རང་བཞིན་གྱི་འོད་གསལ་དེ་ལ་གློ་བུར་གྱི་ཉོན་མོངས་པའི་སྤྲིན་ཚོགས་ལྟ་བུ་དེས་བསྒྲིབས་པར་མ་གྱུར་ན། འོད་གསལ་ནམ་མཁའ་ལྟ་བུ་དེ་གདོད་མ་ཉིད་ནས་རྣམ་ཤེས་ཀྱི་ངོར་ཡང་སངས་རྒྱས་ཉིད་དུ་གྲོལ་ཟིན་པར་འགྱུར་བས་ན། ཀུན་རྫོབ་དང་རྣམ་ཤེས་ཀྱི་ངོར་ནི་གདོད་མ་ཉིད་ནས་ཉོན་མོངས་པས་དག་པ་ཡང་མིན་ཉོན་མི་མོངས་པ་ཡང་མ་ཡིན་ནོ། །ཡང་གལ་ཏེ་སེམས་ཀྱི་རང་བཞིན་འོད་གསལ་ཆུ་དང༌། གསེར་དང་ནམ་མཁའ་ལྟ་བུ་དེ་དོན་དམ་པ་དང་ཡེ་ཤེས་ཀྱི་གཟིགས་ངོར་དྲི་མ་སྙོག་པ་དང༌། གཡའ་དང༌། སྤྲིན་ལྟ་བུ་དེས་རྣམ་པར་དག་པ་རང་བཞིན་ཉིད་དུ་ཡོད་པར་མ་གྱུར་ན། དྲི་མ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་ཉིད་དུ་ཐལ་བར་འགྱུར་བས། དེའི་ཕྱིར་འོད་གསལ་ནམ་མཁའ་ལྟ་བུ་དོན་དམ་དུ་དང་ཡེ་ཤེས་ཀྱི་གཟིགས་ངོར་དྲི་མས་མ་དག་པའང་མ་ཡིན་ཞིང༌། ཉོན་མོངས་པ་སོགས་རྣམ་ཤེས་དབང་བཙན་ལ་གྲགས་པའི་སྒྲིབ་པ་གང་གི་ངོར་ཡང་སྐྱེ་མ་མྱོང་བ་ཡིན་ནོ། །དེ་ལྟར་གྲུབ་པ་ན་དོན་དམ་དུ་སྟོབས་སོགས་ཡོན་ཏན་མ་ལུས་པ་སེམས་ཀྱི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་མཐའ་ཆོད་པ་ཡིན་ཏེ། རྣམ་བྱང་གི་ཡོན་ཏན་མ་ལུས་པ་རང་བཞིན་འོད་གསལ་གྱི་གནས་ཚུལ་དུ་ཞུགས་ཤིང༌། དེ་ལ་སྒྲིབ་བྱེད་ཀྱི་དྲི་མས་རྣམ་པར་དག་པའི་ཕྱིར་རོ། །ཞེས་རྒྱས་པར་བཤད་པ་འདི་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་དོན་ལེགས་པར་ཤེས་པ་ཉིད་དུ་གྲུབ་པ་དང༌། རྒྱུད་དུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང༌། དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་སངས་རྒྱས་གཉིས་ཀྱི་དབྱེ་བ་སོ་སོར་བཤད་པ་དེ་ཡེ་ཤེས་དང་རྣམ་ཤེས་སོ་སོའི་ངོར་སངས་རྒྱས་གོ་ཆོད་པོ་ཉིད་དུ་འཆད་དགོས་པར་གྲུབ་པའོ། །གཞན་ཡང་གཞུང་འདིར་སྟོང་པ་ཉིད་ཀྱི་རྣམ་གཞག་འཆད་པ་ན། མཚན་ཉིད་དང་དབྱེ་བ་སོ་སོའི་དོན་རྣམས་གཞུང་གཞན་དུ་མ་གྲགས་པའི་ཁྱད་པར་ཅན་ཞིག་བཤད་པ་ཡིན་ཏེ། ཇི་སྐད་དུ། གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་བཤད་ལ། རྒྱུད་ལས་ཀྱང༌། དངོས་པོ་མེད་པ་ཡོངས་ཤེས་པས། །དངོས་པོ་སྒོམ་གྱུར་ཤེས་རབ་ཅན། །ཞེས་བཤད་དོ། །དབྱེ་བ་སོ་སོའི་ངོས་འཛིན་ལ་བཅུ་དྲུག་ལས་དང་པོ་བཅུ་བཞིའི་ངོས་འཛིན་ཟབ་པོ་སོགས་ཆོས་ཅན་སོ་སོའི་སྟོང་པ་ཉིད་སོ་སོར་ཕྱེ་ནས། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་སྟོང་པ་ཉིད་ཅེས་བྱ་བ་གཉིས་སུ་ཕྱེ་བ་ནི། གཞུང་གཞན་ནས་ཕྱེ་བའི་སྟོང་ཉིད་ཀྱི་འཆད་ཚུལ་ལྟར་ཀུན་རྫོབ་ཀྱི་ཆོས་རྣམས་རང་ངམ་གཞན་གྱིས་སྟོང་པའི་མེད་དགག་ལ་བཤད་པས་ཆོག་པ་མ་ཡིན་གྱི། ཆོས་ཅན་ཟ་བ་པོར་སྣང་བའི་རྣམ་རིག་སོགས་ཡང་དག་མིན་རྟོག་སོ་སོའི་སྟེང་དུ། དགག་བྱ་ཀུན་བརྟགས་པའི་ཆོས་དང་གང་ཟག་གམ། གཟུང་འཛིན་གཉིས་ཀྱིས་སྟོང་པས་ཁྱད་པར་དུ་བྱས་པའི་ཡོངས་སུ་གྲུབ་པའི་དངོས་པོ་ཞིག་ལ་ངོས་འཛིན་དགོས་པ་ཡིན་ཏེ། ཇི་སྐད་དུ། གཉིས་དངོས་མེད་པའི་དངོས་ཡོད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་དང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་སྟོང་ཉིད་ཕྱི་མ་གཉིས་ཀྱི་ངོས་འཛིན་སྟོང་གཞིའི་ཆོས་ཅན་གྱི་སྒོ་ནས་མ་བཟུང་བར། སྟོང་པ་ཉིད་རང་གི་ངོ་བོའི་ཆ་ནས་ངོས་འཛིན་པར་མཛད་ལ། དེའི་ཚེ་གཟུང་འཛིན་གཉིས་མེད་རང་ལྡོག་ནས་བསྒོམ་བྱ་དངོས་མ་ཡིན་ཡང༌། གཟུང་འཛིན་གཉིས་ཡོད་ཀྱི་འགལ་ཟླ་དངོས་ཡིན་པས་ན། དེའི་ཡུལ་ཅན་དངོས་སམ་རྗེས་མཐུན་པ་གང་ཡིན་ཀྱང་སྒྲོ་འདོགས་ཀྱི་མཐའ་སེལ་བྱེད་དུ་འཇོག་ནུས་པ་ཡིན་ནོ། །གཞན་ཡང༌། ཐེག་པ་ཆེན་པོའི་སྒོམ་རིམ་གྱི་གཞུང་དག་ཏུ་རྒྱ་ཆེར་མ་གྲགས་པ་ནི། ཞི་གནས་དང་ལྷག་མཐོང་གི་གོམས་པ་ལྷུར་བྱེད་པའི་ཚེ་ན་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་ཞེས་བྱ་བ་དེ་ནི་གཞུང་འདིས་རྩལ་དུ་བཏོན་པ་དེ་ཉིད་ཀྱི་འཆད་ཚུལ་ལ་ཉེས་པ་ལྔ་ནི། ཇི་སྐད་དུ། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་སྟེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་དེ་དག་ལས། ལེ་ལོ་ནི་ཉེས་དམིགས་ཆེ་བས་གཉེན་པོ་བཞི་འཇོག་སྟེ། ཇི་སྐད་དུ། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཞེས་རྩོལ་བ་དང༌། འདུན་པ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པའོ། །ལྷག་མ་བཞིའི་གཉེན་པོ་ནི་གོ་རིམ་བཞིན་དུ། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་གསུངས། འདིར་བོད་ཕྱི་མ་དག ཞི་ལྷག་ཟུང་འཇུག་གི་མི་མཐུན་ཕྱོགས་སེལ་བྱེད་དྲན་པ་དང་ཤེས་བཞིན་སོགས་རྟོག་པའི་ངོར་སྐྱེས་པ་རྣམས་ཞི་ལྷག་དངོས་གཞི་དང་མཚུངས་པར་ལྡན་དགོས་པས་ན། ཞི་ལྷག་དངོས་གཞིའི་ཡང་རྟོག་པའི་ངོ་བོར་མ་སྐྱེད་ན། ཧཱ་ཤང་གི་བསྒོམ་དུ་འགྱུར་པ་ཁོ་ནའོ་ཞེས་འཆད་པ་ནི་རིང་དུ་སྤང་བར་བྱའོ། །སློབ་དཔོན་བློ་བརྟན་གྱིས་ཚོགས་པ་གཅིག་ན་ཡོད་པའི་གཙོ་འཁོར་ཇི་སྙེད་པ་རྣམ་པ་མཚུངས་ན། གཙོ་འཁོར་ཐམས་ཅད་ཀྱང་འཛིན་སྟངས་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པ་ཉིད་དུ་ཐལ་ལོ་ཞེས་འཕགས་པ་དེ་ཉིད་ལུགས་འདི་ཚད་མར་གྱུར་པས་སོ།།  །། ༄༅། །སྭསྟི། འཁོར་ལོ་གསུམ་པའི་ངེས་དོན་བསྒོམ་བྱའི་གནས། །མ་ལུས་དོན་དམ་བདུན་དུ་ཐག་བཅད་ནས། །ཇི་བཞིན་འདོམ་པས་གནས་སྐབས་མཐར་ཐུག་གི །དོན་ཀུན་བསྒྲུབ་མཁས་དེ་ལ་ཕྱག་འཚལ་ནས། །གནས་བདུན་ལམ་རིམ་ཇི་ལྟར་གསུངས་པ་དང༌། །དོན་དམ་དེ་ལས་ཕྱེ་བའི་ཀུན་རྫོབ་ཀྱང༌། །ཇི་ལྟར་འཆད་དང་སྙིང་པོ་འགྲོ་ཀུན་ལ། །ཁྱབ་དམ་མ་ཁྱབ་རྟོགས་དཀའི་རྣམ་བཞག་འཆད། །ཅེས་མཆོད་པར་བརྗོད་ཅིང༌། བརྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདི་ལ་དོན་གཉིས་ཏེ། ལམ་རིམ་དངོས་དང༌། སྙིང་པོའི་རྣམ་བཞག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ལམ་རིམ་དུ་ཞིག་ཡིན་པ་དང༌། གནས་སྐབས་བདེན་གཉིས་སུ་དབྱེ་བ་དང༌། མཐར་ཐུག་དོན་དམ་ཉིད་དབང་བཙན་པའོ། །དང་པོ་ནི། གཞུང་འདིར་བདུན་པོ་འདི་ཉིད་ལ་ལམ་གྱི་རིམ་པ་རྒྱུ་འབྲས་སུ་འགྲོ་ཚུལ་གཉིས་གསུངས་ཏེ། སངས་རྒྱས་ལས་ཆོས། ཞེས་པར་དཀོན་མཆོག་གསུམ་དང་སྙིང་པོ་རྒྱུར་བཞག་ནས། བྱང་ཆུབ་སོགས་གསུམ་འབྲས་བུར་འཇོག་པ་དང༌། གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །ཞེས་པར་བྱང་སོགས་གསུམ་དང་སྙིང་པོ་རྒྱུར་བཞག་ནས། དཀོན་མཆོག་གསུམ་འབྲས་བུར་བཞག་པའོ། །དེ་གཉིས་གང་གི་ཚེ་ཡང་སྙིང་པོ་ནི་ཉེ་བར་ལེན་པའི་རྒྱུ་དང་གནས་སོ། །གཞན་དེ་དང་དེ་དག་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏེ། རྐྱེན་གྱི་ཚེ་གཞན་རྒྱུད་ལ་གྲུབ་ཟིན་པ་དག་གོ །འབྲས་བུའི་ཚེ་ནི་མ་འོང་པ་ན་རང་རྒྱུད་ལ་འབྱུང་རུང་དག་སྟེ། ཇི་སྐད་དུ། ཐེག་པ་གསུམ་དང་བྱེད་གསུམ་ལ། །ཞེས་པ་ལས་སོ། །གཉིས་པ་ནི། རྐྱེན་དུ་འཆད་པའི་ཚེ་ཡང་གསུམ་ཚན་གཉིས་པོ་རྡོ་རྗེའི་གནས་སུ་ཁས་ལེན་ནམ་ཞེ་ན། དེའི་ཚེ་བསྟན་བཅོས་ཀྱི་ལུས་འཆད་ཀྱང༌། སྦྱང་གཞི་ལ་ལྟོས་ནས་ཀུན་རྫོབ་ཁོ་ན་སྟེ། སྙིང་པོ་ནི་རང་རྒྱུད་ཀྱིས་བསྡུས་པར་ངེས་ལ། རྐྱེན་རྣམས་ནི་སྙིང་པོ་དེའི་ནུས་པ་རྒྱས་བྱེད་དང་སད་བྱེད་དུ་འཇོག་དགོས་པས་སོ། །དེ་ཡང་དཀོན་མཆོག་ལ་གཉིས་སུ་འབྱེད་པའི་ཚེ་ནི་ཆོས་སྐུ་དང་གཟུགས་དང༌། འགོག་ལམ་དང་ལུང་གི་ཆོས་དང༌། རིག་པ་དང་གྲོལ་བའི་ཆ་ནས་སོ་སོར་དབྱེ་ནུས་པ་དག་སྟེ་བྱང་སོགས་གསུམ་པོ་ལ་ཡང་དེ་བཞིན་ནོ། །གཞུང་འདིར། ཐེག་པ་གསུམ་ལ་མོས་པ། ཞེས་དམན་པའི་མྱང་འདས་ཀྱང་འབྲས་སྐྱབས་སུ་དངོས་སུ་ཤེས་དགོས་སམ་ཞེ་ན། འདིར་གཞུང་གཞན་ལས་འབྱུང་བ་དེ་དོགས་སྤོང་དང་ཞར་བྱུང་གི་ཚུལ་དུ་བཤད་པའམ། ཡང་ན་ཆོས་ཉིད་རྣམ་འབྱེད་དུ་བཤད་པ་ལྟར། བདུན་པོའི་སྟེང་ནས་དམན་པའི་ལམ་རིམ་ཡང་སྦྱར་དུ་རུང་བར་བལྟའོ། །གསུམ་པ་ནི། གནས་སྐབས་དེ་ལྟར་འབྱེད་ནུས་ཀྱང༌། །ལུས་ཀྱི་དངོས་པོ་ནི་བདུན་ཀ་ཡང་དོན་དམ་ཉིད་ལ་བཞག་དགོས་ཏེ། ཇི་སྐད་དུ། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་གསུངས་པ་ལས་སོ། །དོན་དམ་བདེན་པའི་ངོས་འཛིན་ཡོད་མིན་མེད་མིན་ཞེས་པ་སྒྲ་ཇི་བཞིན་པར་མི་བཟུང་སྟེ། དེའི་ཚེ་ན་བརྟག་པར་མི་ནུས་ངེས་ཚིག་དང་བྲལ། །ཞེས་གསུངས་པས་སོ། །དཀོན་མཆོག་གསུམ་པོ་འབྲས་བུར་འཇོག་པའི་ཚེ་དོན་དམ་པར་ཁོ་ནར་ངེས་ན། རྒྱུ་ཁམས་སོགས་བཞི་པོ་ལས་སྙིང་པོ་ནི་དོན་དམ་པ་ཁོ་ནར་བཤད་མོད། བྱང་སོགས་གསུམ་པོའང་ཀུན་རྫོབ་ཏུ་བཤད་པ་ལྟར་ངེས་སམ་ཞེ་ན། བཞི་པོ་ཡང་རྣམ་ཤེས་དང་ཡེ་ཤེས་སོ་སོའི་སྣང་ཚུལ་ལ་ལྟོས་ནས་འགལ་བ་འདུས་པ་ལྟར་བཤད་པའི་རྒྱུ་མཚན་གྱིས་རྟོག་གེའི་བློས་བསམ་གྱིས་མི་ཁྱབ་པ་དང༌། ལྡོག་པའི་སྒོ་ནས་འབྱེད་ཚུལ་གཉིས་སུ་གསུངས་ཏེ། ཇི་སྐད་དུ། སྙིང་པོའི་དབང་དུ་མཛད་ནས། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཞེས་དང༌། བྱང་ཆུབ་ཀྱི་དབང་དུ་མཛད་ནས། ཀུན་ནས་ཉོན་མོངས་མེད་དག་ཕྱིར། །ཞེས་དང༌། ཡོན་ཏན་ལ། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་དབྱེར་ཡོད་མེད་གཉིས་སུ་ཕྱེ་བ་དང༌། ཕྲིན་ལས་ཀྱང༌། ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་ལྷུན་གྲུབ་དང་གནས་གྱུར་གཉིས་སུ་ཕྱེ་བས་སོ། །སྙིང་པོ་དང་བྱང་ཆུབ་ལ་འགལ་བ་གཉིས་འདུས་སུ་བཤད་པ་ནི་རྫས་ཀྱི་སྒོ་ནས་འབྱེད་མི་ནུས་ཀྱང་མཚན་ཉིད་ཀྱི་སྒོ་ནས། ཇི་སྐད་དུ། རྒྱན་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང༌། དེ་བསལ་ནས་ནི་སངས་རྒྱས་ཉིད། །ཅེས་བསྟན་པའི་སངས་རྒྱས་ཀྱི་དབྱེ་བ་ལས་སོ། །དབུ་མ་པར་ཁས་འཆེ་བའི་བོད་མང་པོ་པ་དག་ནི། གཞུང་ཕྱི་མས་བསྟན་པ་ཡིན་གྱིས། སྔ་མ་ནི་སྒྲོ་བཏགས་ཡིན་ཞེས་གསུངས་མོད། བྱམས་པའི་གཞུང་དང༌། བླ་མེད་ཀྱི་ཆོས་སུ་ཐ་སྙད་དུ་ཡང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མི་བཞེད་པས་སངས་རྒྱས་ཀྱི་དབྱེ་བ་བཤད་ཚུལ་གཉིས་པོ་ལ་ཡེ་ཤེས་ཀྱི་གཟིགས་ངོར་དངོས་བཏགས་ཀྱི་དབྱེ་བ་མི་བཞེད་དོ། །དེ་ལྟར་ན་སངས་རྒྱས་ཀྱི་ཇི་ལྟ་བའི་གཟིགས་ཚུལ་ལས་ལོགས་སུ་ཇི་སྙེད་པ་གཟིགས་ཚུལ་འཆད་མི་ནུས་སོ་ཞེ་ན། གཞུང་འདིར་ནི། ཆོས་ཀྱི་དབྱིངས་སུ་བཤད་པ་འདི་ཉིད་མངོན་སུམ་དུ་གཟིགས་པའི་ཆ་ནས་ཇི་ལྟ་བའི་དང༌། ཆོས་དབྱིངས་དེས་ཤེས་བྱ་མཐའ་དག་ལ་ཁྱབ་པར་གཟིགས་པའི་ཆ་ནས་ཇི་སྙེད་པའི་མཁྱེན་ཚུལ་དུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར། ཞེས་དང༌། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་གསུངས་པས་སོ། །ཟླ་བའི་ཞབས་ཀྱང་དོན་འདི་ཉིད་བཞེད་པ་ཡིན་ཏེ། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་གྱུར་པས། །མཁྱེན་བཟང་ཁྱེད་ཀྱིས་སྐད་ཅིག་གི་ནི་ཤེས་བྱ་མཁྱེན། །ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུད་བླ་མའི་མདོ་དང་བསྟན་བཅོས་སུ་སྙིང་པོའི་ངོས་འཛིན་སོ་སོ་བ་དག་ཇི་ལྟར་གསུངས་པའི་ཚུལ། དེ་དག་གིས་སེམས་ཅན་ཀུན་ལ་ཁྱབ་ཚུལ་སྒྲ་ཇི་བཞིན་པ་ཡིན་མིན་སོ་སོར་ཕྱེ་བའོ། །དང་པོ་ནི། འཁོར་ལོ་ཕྱི་མའི་རྒྱུད་གཞུང་དུ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྟོན་བྱེད་ཀྱི་ལུང་ཙམ་ལ་ཁྱད་པར་མེད་ཀྱང༌། གང་གིས་ཁྱབ་པའི་སྙིང་པོ་ལ་བསྡུ་ན་གཉིས་སུ་འདུས་པར་གསུངས་ཏེ། ཆོས་ཀྱི་སྐུ་དང༌། རྣམ་གྲོལ་གྱི་སྐུ་ཞེས་དང༌། རང་བཞིན་རྣམ་དག་གི་དང༌། གློ་བུར་རྣམ་དག་གི་ཆ་ནས་དང༌། གནས་ཀྱིས་དང་གནས་གྱུར་གྱི་ཆ་ནས་དང༌། ཤིན་ཏུ་དྲི་མེད་དང༌། དྲི་བཅས་ཀྱི་ཆ་ནས་གསུངས་པའོ། །དང་པོ་ནི། ཆོས་སྐུ་དང༌། རྣམ་གྲོལ་གྱི་སྐུ་ཞེས་གསུངས་པ་ལས་ཏེ། ཆོས་སྐུ་ནི་གཞི་འབྲས་གཉིས་ཀའི་སྐབས་སུ་ཁྱབ་པ་གཙོ་ཆེ་བ་ལས་དང༌། རྣམ་གྲོལ་ནི་ལམ་འབྲས་ཀྱི་སྐབས་ཁོ་ནར་ངེས་པ་སྟེ། ཇི་སྐད་དུ། ཆོས་ཀྱི་སྐུ་ནི་སྦྱོང་བ་དང༌། །གྲོལ་བའི་སྐུ་ནི་རྫོགས་པའོ། །ཞེས་པས་སོ། །ངོས་འཛིན་གཉིས་པ་ཡང༌། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །ཞེས་པའི་མདོ་གཞུང་དང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །ཞེས་པའི་མདོ་གཞུང་ལས་ཏེ། རིགས་ཀྱི་ལྡོག་ཆ་ནས་ནི་སྙིང་པོ་དངོས་སུ་ངོས་བཟུང་བ་གཞུང་ན་མེད་དོ། །ངོས་འཛིན་གསུམ་པ་ནི། གནས་ཆོས་དབྱིངས་ཡེ་ཤེས་དང༌། གྱུར་པ་སྤངས་རྟོགས་མངོན་གྱུར་གྱི་ཆ་ནས་ཏེ། ཇི་སྐད་དུ། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་སྟེ། །ཞེས་པ་སྣ་ཚོགས་པ་ནི་འཁོར་འདས་ཀུན་གྱི་གནས་སོ། །སྙིང་པོ་དགེ་བའང་ཀུན་གཞི་སྟེ། ཡོན་ཏན་མངོན་གྱུར་གྱི་ཆ་ནས་སོ། །ངོས་འཛིན་བཞི་པ་ལ། ཤིན་ཏུ་དྲི་མེད་དང༌། གནས་སྐབས་དྲི་བཅས་སོ། །དང་པོ་ནི། གཞི་འབྲས་ཏེ་གནས་སྐབས་དེ་དག་ཏུ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་ན། ཆོས་ཀྱི་དབྱིངས་ནི་ཡོད་ལ། དྲི་མ་ནི་གདོད་མ་ནས་མ་གྲུབ་པའོ། །དྲི་བཅས་ལའང་གཉིས་ཏེ། དྲི་མ་ཀུན་དང་བཅས་པ་སོ་སོ་སྐྱེ་བོའི་དང༌། ཕྱོགས་རེ་དང་བཅས་པ་དགྲ་བཅོམ་པ་ནས་ས་བཅུ་པའི་བར་དག་གོ །གཞུང་འདིར་སྙིང་པོ་དང་བྱང་སོགས་ལ་དྲི་བཅས་དང་དྲི་མེད་ཀྱི་དབྱེ་བ་མཛད་མོད། གློ་བུར་རྣམ་དག་ལ་ལྟོས་ནས་བཤད་ཀྱི། སྙིང་པོར་འཇོག་པ་ནི་དྲི་མེད་ཀྱི་ཆ་ནས་འཇོག་དགོས་ཏེ། ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་བཤད་པས་སོ། །གཞན་ཡང༌། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་གློ་བུར་དྲི་མས་མ་རུང་བྱས། །ཞེས་བཤད་པ་ནི། སྙིང་པོའི་ཆ་ནས་སྐྱོན་བཅས་སུ་སྟོན་པ་མ་ཡིན་གྱིས། རྟེན་གྱི་གང་ཟག་དེ་དང་བཅས་པས་སྙིང་པོ་མཐོང་བ་ལ་གེགས་སུ་གྱུར་པའོ། །དེ་ལྟར་སྙིང་པོའི་ངོས་འཛིན་རང་བཞིན་རྣམ་དག་གི་ཆ་ནས་འཆད་པ་ནི། མདོ་གཞུང་ཀུན་གྱི་དངོས་བསྟན་ལས་གསལ་བས་མི་མཐུན་པར་འཆད་པ་མེད་མོད། གློ་བུར་རྣམ་དག་གི་ཆ་ནས་ཀྱང་འཆད་པ་ཆེས་ཤིན་ཏུ་གསལ་བ་ནི་ཐོགས་མེད་ཞབས་ཀྱིས་ཁ་བསྐང་བ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་བཤད་པའི་དེ་མ་ཐག་ཏུ། སྤྲིན་མཐོང་མཁའ་ལ་ཉི་བཞིན། །ཞེས་སོགས་ཀྱི་མདོ་ཁུངས་སུ་མཛད་ནས། ས་དང་པོ་ནས་བཅུ་གཅིག་པའི་བར་ལ་གློ་བུར་རྣམ་དག་གི་ཆོས་སྐུ་གསལ་མཐོང་རེ་ཡོད་པ་དང༌། དེ་ཐམས་ཅད་སྙིང་པོ་དངོས་སུ་བཤད་ནས་སློབ་པ་ལ་སྙིང་པོའི་ཕྱོགས་རེ་མཐོང་བ་ལས་མེད་ཅིང༌། ཡོངས་སུ་རྫོགས་པར་མཐོང་བ་ནི་སངས་རྒྱས་ཁོ་ནར་བཤད་པས་ན། སྙིང་པོའི་ངོས་འཛིན་གཉིས་ཀ་ཡང་འཐད་ལྡན་དུ་བཞེད་པར་གསལ་ལོ། །ཁྱབ་པའི་དོན་ཡོན་ཏན་རྫོགས་པ་ལ་ཁྱབ་པ་དག་དང་བཞེད་པ་འདི་མཐུན་ནོ། །གཉིས་པ་ལ་གཉིས་ཏེ། སྙིང་པོའི་བཞུགས་ཚུལ་མདོ་ནས་ཇི་ལྟར་གསུངས་པ། བསྟན་བཅོས་སུ་གྲངས་ངེས་ཇི་ལྟར་ཕྱེ་བའོ། །དང་པོ་ལ་གསུམ་སྟེ། དོན་རྣམ་པ་གསུམ་སྟོན་པའི་མདོ་ལས་དང༌། རྣམ་གཞག་བཅུ་བསྟན་པའི་མདོ་ལས་དང༌། དཔེ་དགུ་བསྟན་པའི་མདོ་ལས་གསུངས་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །དེ་ནི་རྟག་ཏུ་གཉིས་མེད་མི་རྟོག་ཕྱིར། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ནས། །སེམས་ཅན་སངས་རྒྱས་སྙིང་པོ་ཅན་དུ་བརྗོད། །ཅེས་འབྱུང་བ་དེའི་རྐང་པ་དང་པོས་གློ་བུར་རྣམ་དག་དང༌། གཉིས་པས་རང་བཞིན་རྣམ་དག་དང༌། གསུམ་པས་གློ་བུར་རྣམ་དག་གིས་ཁྱབ་པ་དགོངས་པ་ཅན་དུ་བཤད་པ་སྟེ་གཞུང་ཉིད་ན་གསལ་ལོ། །གཉིས་པ་ནི། རྣམ་བཞག་བཅུའི་ནང་ནས་ངོ་བོ་དང༌། ཀུན་འགྲོ་དང༌། མི་འགྱུར་བའི་དོན་རྣམས་རང་བཞིན་རྣམ་དག་གི་དབང་དུ་བྱས་པར་གཞུང་ཉིད་ན་གསལ་ལ། རྒྱུ་འབྲས་དང༌། ལས་ལྡན་འཇུག་པ་རྣམས་ནི་གློ་བུར་རྣམ་དག་གི་དབང་དུ་བྱས་པར་གཞུང་ཉིད་དུ་གསལ་བར་བཤད་པ་ལས་ཤེས་ནུས་ལ། ཡོན་ཏན་དབྱེར་མེད་ཀྱི་དོན་ལ་མི་འདྲ་བ་གཉིས་བྱུང་སྟེ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པར་རང་བཞིན་རྣམ་དག་གི་ཆ་དང༌། ཉི་དང་ཟེར་བཞིན་ཞེས་པར་གློ་བུར་རྣམ་དག་གི་ཡོན་ཏན་ལ་གསལ་བར་བཤད་དོ། །གསུམ་པ་ནི། དེ་བཞིན་གཤེགས་སྙིང་གི་མདོ་ལས་རང་དོན་སྤངས་རྟོགས་དང༌། གཞན་དོན་ཕྲིན་ལས་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གཅིག་གིས་སེམས་ཅན་གྱི་རྒྱུད་ལ་ཁྱབ་པར་དཔེ་དགུ་དང་སྦྱར་ནས་གསུངས་པ་ཉིད་དོ། །གཉིས་པ་ནི། དོན་གསུམ་གྱི་མདོ་དང༌། རྣམ་བཞག་བཅུའི་མདོ་ལས་གསུངས་པའི་དོན་རང་བཞིན་རྣམ་དག་གི་ཆ་ནས་གསུངས་པ་ནི་སྒྲ་ཇི་བཞིན་པ་ཉིད་དུ་བཤད་དགོས་ཏེ། ཤེས་བྱའི་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར། ཞེས་བཤད་པས་སོ། །གློ་བུར་རྣམ་དག་གི་འབྲས་བུ་མཐར་ཐུག་ལ་སྙིང་པོ་དངོས་དང་དེས་ཀུན་ལ་ཁྱབ་པ་ནི། སངས་རྒྱས་ཀྱི་གཟིགས་ངོར་དག་པ་གཉིས་ལ་རྫས་ཀྱི་དབྱེ་བ་མེད་པས་སྒྲ་ཇི་བཞིན་པར་བཤད་དུ་རུང་བ་ཡང་སྤྱི་ཙམ་ནས་མ་ཡིན་ཏེ། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་དང༌། དེས་ན་སངས་རྒྱས་མ་ཐོབ་པར། །ཞེས་གསུངས་པ་ལས་སོ། །དཔེ་དགུའི་སྒོ་ནས་སྙིང་པོ་སེམས་ཅན་ལ་ཁྱབ་ཚུལ་གསུངས་པ་ཡང༌། གཞུང་གི་སྒྲ་ཇི་བཞིན་པ་ཉིད་དུ་བཀྲལ་བ་མ་ཡིན་ཏེ། དཔེ་དང་པོ་གསུམ་གྱིས་བསྟན་པའི་དོན། མ་འོངས་པ་ན་འབྱུང་རུང་གི་རྟོགས་པ་དང་བསྟན་པ་དངོས་ལ་དགོངས་ནས་དངོས་བསྟན་རང་བཞིན་རྣམ་དག་ལ་སྦྱར་བ་དང༌། དཔེ་དོན་བཞི་པ་དེ་བཞིན་ཉིད་ལ་སྦྱར་བ་དང༌། དཔེ་ལྷག་མ་ལྔ་པོས་བསྟན་པའི་དོན་རིགས་ལྔ་ལ་སྦྱར་ནས་གསུངས་པའི་ཕྱིར། དངོས་ལ་གནོད་བྱེད་ཀྱང་གཞུང་ཉིད་ལས་གསལ་བ་ཡིན་ཏེ། ཉོན་མོངས་དུག་གསུམ་གྱི་སྦུབས་ན་བཞུགས་པར་དཔེ་གསུམ་གྱིས་བསྟན་པའི་སངས་རྒྱས་དེ་ནི། བྱང་ཆུབ་ལེའུར་བཤད་པའི་ཆོས་སྐུ་དངོས་དེ་ལ་འཆད་དགོས་པར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །ཞེས་པའི་གཞུང་གིས་སྤྱིར་བསྟན་ནས། དཔེ་དགུ་པོ་སོ་སོས་བསྟན་པའི་དོན་དངོས་ཀྱི་ངོས་འཛིན་ནི། ཐུབ་པ་ཁྱུ་མཆོག ཅེས་སོགས་སུ་བྱང་ཆུབ་ལེའུའི་དངོས་བསྟན་གྱི་སངས་རྒྱས་ཉིད་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ཀྱི་གཟིགས་ངོ་ལ་ལྟོས་པའི་སྙིང་པོས་སེམས་ཅན་ཀུན་ལ་ཁྱབ་པར་གསུངས་པ་དེ་ཉིད་ཀྱིས་ཆོག་པ་ཡིན་ཏེ། དངོས་ལ་གནོད་བྱེད་མེད་པའི་ཕྱིར་དང༌། དོན་དབང་བཙན་པའི་ཕྱིར། ཞེ་ན། མདོ་གཞུང་ཕྱོགས་རེ་བའི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང༌། མདོ་སྔགས་སོ་སོ་དང༌། ་་་་གཅིག་པུའི་ཡང་འཁོར་ལོ་བར་མཐའ་དང༌། རྣམ་ཤེས་དང་ཡེ་ཤེས་དང༌། ཚུར་མཐོང་དང་འཕགས་པའི་མཉམ་བཞག་སོ་སོ་ལ་ལྟོས་ནས་བདེན་པ་གཉིས་ལས་གང་དབང་བཙན་པ་ཡིན་ཞེས་འབྱེད་དགོས་ཏེ། བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་མ་སྐྱེས་གོང་དུ་བཤད་མ་ཐག་པའི་དོན་དམ་དེ་དབང་བཙན་པར་ཁས་བླངས་ན། ལྟ་བ་རྣམ་དག་ལས་ཉམས་པར་བཤད་པ་དང༌། རང་བཞིན་རྣམ་དག་ལ་ཡོན་ཏན་ཀུན་རྫོགས་དང༌། སྐྱོན་ཀུན་ཟད་ཀྱི་སྙིང་པོ་རྣམ་དག་གིས་སེམས་ཅན་ཀུན་ལ་ཁྱབ་པ་ནི། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་ཀྱི་གནས་ཚུལ་རྒྱས་པར་གསུངས་པ་ཤེས་པའི་འོག་ཏུ་སྟོན་པ་དང༌། དེ་ལྟར་བསྟན་ན་དགོས་པ་རྣམ་པ་ལྔ་འགྲུབ་པ་ནི། འཁོར་ལོ་གསུམ་པའི་དབང་དུ་བྱས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཀུན་གྱི་དགོངས་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་དག་གི་དོན་བསྡུས་པ་ནི། ཁམས་སོགས་བཞི་པོ་རྒྱུར་བཞག་ཚེ། །སྐྱོན་མེད་འགལ་འདུས་བཞི་ཚང་བར། །བཤད་པའི་རིམ་པས་དཀོན་མཆོག་གསུམ། །རྒྱུར་བཞག་ཚེ་ནའང་དེ་དང་འདྲ། །དེ་བཞིན་གནས་བདུན་ཐམས་ཅད་ལ། །རྒྱུ་འབྲས་གང་དུ་འཇོག་ཚེའང་རུང༌། །རྟོག་གེས་བསམ་པར་མི་ནུས་པའི། །སྐྱོན་མེད་འགལ་བ་གཉིས་འདུས་ཚང༌། །ཤེས་བྱེད་གཞི་འབྲས་དུས་རྟག་ཏུ། །ཉོན་མོངས་ཕྱོགས་རྣམས་ཡོད་མིན་དང༌། །ལམ་དུས་ཀུན་རྫོབ་རྣམ་ཤེས་ངོར། །ཉོན་མོངས་རྣམ་བྱང་ཕྱོགས་གཉིས་ཀ །ཡོད་པར་ཁས་ལེན་དགོས་ཕྱིར་ཏེ། །གློ་བུར་རྣམ་དག་ཀུན་རྫོབ་ངོར། །འཇོག་ཀྱང་ཀུན་རྫོབ་བདེན་མིན་ཏེ། །རྣམ་ཤེས་ཡུལ་ལས་འདས་པའི་ཕྱིར། །གློ་བུར་རྣམ་དག་སྙིང་པོ་ཡིས། །ཀུན་ཁྱབ་གྱུར་ལ་ལུང་རིགས་ཀྱིས། །གནོད་བྱེད་ཡོད་བཞིན་དེས་ཁྱབ་པར། །གློ་བུར་རྣམ་དག་ཀུན་རྫོབ་ངོར། །གདུལ་བྱ་དད་པའི་རྗེས་འབྲང་ལ། །བསྟན་པས་དགོས་པ་རྣམ་ལྔ་འགྲུབ། །དེ་ངོར་གནོད་བྱེད་མི་སྟོན་གྱི། །ཆོས་རྗེས་འབྲང་ལ་དེ་སྟོན་བྱེད། །གནོད་བྱེད་དེ་ཡང་གཞུང་ཉིད་དུ། །མངའ་བདག་རྒྱལ་པོའི་གཟུགས་བརྗོད་པ། །རི་མོ་མཁན་གང་སོ་སོ་ལ། །ལྟོས་དགོས་ཉིད་དེ་དཔེར་བྱས་ན། །སྦྱིན་སོགས་རྣམ་པ་ཐམས་ཅད་ཀྱི། །མཆོག་ལྡན་སྟོང་པ་ཉིད་མེད་ན། །སྙིང་པོས་ཁྱབ་པ་མི་འབྱུང་གསུངས། །དད་རྗེས་འབྲང་གིས་དོན་དམ་པའི། །སྙིང་པོ་ཤིན་ཏུ་རྟོགས་ཀའི་ཕྱིར། །དགོངས་གཞིར་བཞག་ནས་རྣམ་ཤེས་ལ། །གྲགས་པའི་སྙིང་པོ་གོ་ཆར་གསུངས། །གཞུང་འདིར་སོ་སོ་སྐྱེ་བོ་ཡིས། །དོན་དམ་སྙིང་པོ་མཐོང་མེད་དུ། །གསུང་དང་ཚད་མ་རྣམ་འགྲེལ་ལས། །དེས་དེ་མཐོང་བཤད་ཅི་ཞེ་ན། །ཡོན་ཏན་ཀུན་ཚང་འོད་གསལ་ཉིད། །མཐོང་དང་མི་མཐོང་བ་ལས་ཏེ། །འོད་གསལ་བ་ལ་ཡོན་ཏན་ཀུན། །ཚང་བར་དེ་བཞིན་གཤེགས་པ་ལ། །མི་ཕྱེད་དད་པས་རྟོགས་དགོས་ཕྱིར། །དེ་དོན་བདེ་བླག་འགྲུབ་པ་ཡིན། །གསལ་བྱེད་གཞན་ལ་མ་ལྟོས་པར། །གསལ་ཙམ་རང་གི་ངོ་བོ་དང༌། །དེ་ཉིད་དེར་ངེས་གཞན་རྐྱེན་ལ། །ལྟོས་མེད་པ་ནི་རྣམ་འགྲེལ་ལུགས། །འོད་གསལ་ཡོན་ཏན་ཀུན་ཚང་བར། །གང་ཟག་བཞི་ལ་ལྐོག་གྱུར་ཕྱིར། །སྙིང་པོར་མིག་མེད་རྣམ་བཞི་བཤད། །འོད་གསལ་བ་དང་ཡོན་ཏན་ཀུན། །གྲུབ་བདེ་གཞན་ན་མེད་གྱུར་ཀྱང༌། །འགྲུབ་པས་ངེས་པར་བྱེད་པ་དང༌། །མི་བྱེད་པ་ལ་བསྒྲུབ་པ་འཇུག །གཞུང་འདིར་ལྷག་བཅས་དགྲ་བཅོམ་ལ། །ཐེག་ཆེན་བསྟན་ལས་ས་བརྒྱད་པར། །ཞུགས་ནས་བསོད་ནམས་ཚོགས་ཀུན་དང༌། །ཡེ་ཤེས་ཚོགས་ཀུན་རབ་རྫོགས་ནས། །ལུང་བསྟན་ཐོབ་ཅེས་པད་དཀར་དུ། །གསུངས་པ་དེ་ནི་ཐེག་དམན་དུ། །རིགས་མ་ངེས་པར་མ་ཟད་ཀྱི། །རིགས་ངེས་པ་ཡང་དེས་བསྡུས་ཞེས། །ཟླ་བས་འཇུག་པར་གསུངས་པ་དང༌། །མཐུན་ཕྱིར་འདིར་ཡང་ཡིན་སྙམ་སྟེ། །ལམ་གྱི་གོ་རིམ་འཁྲུལ་ལོ་ཞེས། །ཟེར་བ་གནོད་བྱེད་མ་ཡིན་ཏེ། །ས་བརྒྱད་པར་ཡང་ཕར་ཕྱིན་བདུན། །གཙོ་བོར་སྤྱོད་པས་ས་བདུན་གྱིས། །སྤངས་རྟོགས་ཀུན་རྫོགས་ཤེས་རབ་ཀྱི། །གཉེན་པོ་དག་པའི་ས་གསུམ་ལས། །ལྷག་པ་གཞན་ནས་ཚོལ་མི་དགོས། །ལྷག་བཅས་ལས་ནི་ལྟ་ཅི་སྨོས། །ལྷག་མེད་ནས་ཀྱང་དེར་ཞུགས་ཏེ། །དེ་ཡི་རྣམ་བཞག་འཇུག་པར་གསུངས། །མདོ་སྡེ་རྒྱན་དུ་རིགས་ངེས་པ། །ལྷག་བཅས་ནས་ནི་སྐུ་ཚེ་ཡི། །འདུ་བྱེད་གཏོང་ལ་མ་རག་པར། །དབང་པོའི་ལུས་ཀྱི་འཚང་རྒྱ་བར། །བྱེད་ཅེས་པ་དང་སྐུ་ཚེ་ཡི། །འདུ་བྱེད་གཏོང་ཡང་ལྷག་མེད་དུ། །འཇུག་པ་མེད་པར་སྤྲུལ་པ་ཡི། །གཞན་དོན་བྱེད་ཅེས་གསལ་བར་གསུངས། །དེ་ལྟར་བྱམས་ཆོས་རྣམ་ལྔ་ཡི། །ངེས་དོན་རྣམ་སྤྱོད་ཁ་ལོ་པས། །གང་དྲངས་ཤིང་རྟ་བདེར་འདྲེན་པའི། །ལམ་འདྲེན་གསལ་བྱེད་ཉི་མ་ནི། །སྔོན་ཆད་མང་པོའི་མཁྱེན་རབ་ཀྱི། །ལམ་དུ་ཤར་བ་མེད་སྙམ་བྱེད། །དེང་དུས་འདིར་བཤད་པ་འདི་ཡང༌། །མདོ་སྔགས་ངེས་དོན་མ་ལུས་པ། །འཆར་བའི་མེ་ལོང་མིན་རློམ་མོད། །ཐོག་མར་མདོ་རྒྱུད་ལམ་ཆེན་དུ། །མ་ཞུགས་པས་ཀྱང་འདིར་མཐོང་དཀའ། །དེ་ཕྱིར་འདི་ཡང་འགལ་བ་འདུས། །ཉིད་ཡིན་མང་པོའི་བློར་མི་ཤོང༌། །དེ་ལྟར་ཉིད་ཕྱིར་དབྱིག་གཉེན་ཞབས། །ཆོས་གྲགས་སྨྲ་བའི་ཉི་མ་ཡང༌། །གཞན་གྱི་དོན་དུ་མི་རྩོམ་ཞེས། །གཏན་ཚིགས་མང་པོས་རྗེས་དཔོག་ན། །དེང་དུས་བདག་ལྟ་སྨོས་ཅི་དགོས། །འོན་ཀྱང་བདེན་གཟིགས་ཞི་བ་ལྷས། །བདག་དང་སྐལ་མཉམ་གཞན་གྱི་ཀྱང༌། །མཐོང་ན་དོན་ཡོད་འགྱུར་གསུངས་པའི། །རྣམ་དཀར་མཚན་མའི་གཡེང་བྲལ་བ། །དེ་ཡིས་མ་རྣམས་འཁོར་བ་ཡི། །རྒྱ་མཚོ་ཆེ་ལས་སྒྲོལ་མཛད་པའི། །རྫོགས་སངས་རྒྱས་དེ་བདག་དང་ནི། །བདག་མེད་སྤྲོས་པ་ཉེར་ཞི་བའི། །དམ་པའི་བདག་དེ་དུས་མྱུར་བར། །མངོན་དུ་བྱེད་ལ་གེགས་མེད་ཤོག །ཅེས་བྱམས་ཆོས་ལྔའི་ལམ་གྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅས་རིན་ཆེན་སྒྲོམ་གྱི་ཁ་འབྱེད་ཅེས་བྱ་བ་འདི་ནི། ལྷ་མངའ་བདག་རིམ་པར་བྱོན་པའི་ཏི་ཤྲཱི། རིག་པའི་གནས་དང་མདོ་སྔགས་ཀྱི་མཁྱེན་པའི་དབང་ཕྱུག རྣམ་རྒྱལ་བཟང་པོའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་པ་དང༌། ཡོངས་འཛིན་དགེ་བའི་བཤེས་གཉེན་དམ་པ་རྗེ་ཨ་མོ་གྷ་ཤྲཱི་བྷཱ་ཏྲའི་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་ཁེངས་པར་གྱུར་ཅིག་པའི་བསམ་པ་ཉེ་བར་བཞག་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རང་ལོ་བརྒྱད་ཅུ་པ་རབ་བྱུང་ཞེས་པ་མེ་མོ་ཡོས་ཀྱི་ལོ་དཔྱིད་ཟླ་རྭ་བའི་ཕྱོགས་དང་པོ་ལ་རྫོགས་པར་སྦྱར་བའི། ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།།  །མངྒ་ལཾ།།  །། ༄༅། །སྭ་སྟི། མི་ཕམ་མགོན་ལ་ཕྱག་བྱས་ནས། །ཤེས་བྱ་རེ་རེའང་ཆོས་ཉིད་དང༌། །ཆོས་ཅན་གཉིས་གཉིས་སུ་འབྱེད་པའི། །བསྟན་བཅོས་ལམ་རིམ་འདིར་བཤད་བྱ། །འདི་ལ་གཉིས་ཏེ། མདོར་བསྟན་གྱི་སྒོ་ནས་མིང་ཅན་གསུམ་དུ་ཕྱེ་བ། རྒྱས་བཤད་ཀྱི་སྒོ་ནས་དོན་ཚན་གཉིས་སུ་བསྡུས་པས་ཐམས་ཅད་ལ་ཁྱབ་པར་བསྟན་པའོ། །དང་པོ་ནི། གང་ཕྱིར་ཤེས་ནས། ཤེས་པ་ནི་ཀུན་བཏགས་སོ། །འགའ་ཞིག་སྤང་བྱ་ནི་གཞན་དབང་ངོ༌། །མངོན་སུམ་ཉིད་དུ་བྱ་བ་ནི་ཡོངས་གྲུབ་བོ། །དེ་ལྟར་མཚན་ཉིད་དམ། ལྡོག་པའི་སྒོ་ནས་གསུམ་དུ་ཕྱེ་བ་དེ་དག་སོ་སོའི་སྒོ་ནས་གཉིས་སུ་བསྡུས་ཏེ་སོ་སོ་ལ་འཇུག་པའི་ཚུལ་རྒྱས་པར་དབྱེ་འདོད་པས་བསྟན་བཅོས་འདི་བྱས་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང༌། སྒོམ་རིམ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། ཆོས་ཀྱི་ངོས་འཛིན་བསྟན་པས་ཆོས་ཉིད་དོན་གྱིས་གོ་བའོ། །དང་པོ་ནི། ཤེས་བྱ་འདི་ཐམས་ཅད་རེ་རེ་ལ་གཉིས་གཉིས་ཏེ། འཁོར་བ་ཀུན་ནས་ཉོན་མོངས་ཀྱི་ཆོས་དང༌། ཆོས་ཉིད་རྣམ་བྱང་གི་ཆོས་སོ། །ཆོས་ཉིད་ཀྱི་ངོས་འཛིན་ཐེག་པ་གསུམ་གྱི་མྱང་འདས་སུ་བཤད་པ་ནི། གློ་བུར་རྣམས་དག་གི་ཆོས་ཉིད་ཁོ་ན་ལ་བྱ་བ་མ་ཡིན་གྱི། གཞི་འབྲས་གཉིས་ཀ་ལ་འཇུག་པའི་རང་བཞིན་མྱང་འདས་སོ། །དེ་དག་གི་ངོས་འཛིན་ནི། གང་ཟག་གི་དང་གཟུང་བ་ཆོས་ཀྱི་དང༌། འཛིན་པ་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ནམ་སྒྲོ་སྐུར་གྱི་མཐའ་གཉིས་དང་བྲལ་བའི་ཡེ་ཤེས་སོ། །གཉིས་པ་ལ་མཚན་གཞི་དངོས་དང༌། སྒྲ་བཤད་པའོ། །དང་པོ་ནི། ཤེས་བྱའི་ཁྱད་པར་ཇི་ལྟ་བུ་ཞིག་རུང་སྟེ། རྣམ་ཤེས་རྟོག་མེད་ལ་གཉིས་སུ་སྣང་བ་དང༌། སྒྲ་དོན་འཛིན་པའི་རྟོག་པ་ལ་སྣང་བ་ལྟར་བརྗོད་བྱེད་ཀྱི་སྒྲས་ཀྱང་གཟུང་འཛིན་དུ་བརྗོད་པར་སྣང་བའི་རྣམ་རིག་དག་ནི། ཆོས་དང་འཁོར་བ་དང་ཀུན་རྫོབ་ཀྱི་བདེན་པ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཀྱི་ཕྱིར་རོ། །ཆོས་དེ་དག་པ་མ་ཡིན་ཏེ། གཉིས་པོ་ནི་མེད་པར་སྣང་བའི་ཕྱིར། མེད་བཞིན་དུ་འཁྲུལ་བའི་དབང་གིས་དེར་སྣང་བའི་གཟུང་རྣམ་གྱི་ཆ་ནི་ཀུན་ཏུ་རྟོག་པའོ། །གཉིས་པ་ནི། དེ་ལྟར་བཤད་པའི་ཤུགས་ལ་ཡང་དག་པའི་ཀུན་ཏུ་རྟོག་པ་ནི་ཆོས་ཉིད་དུ་ཤེས་དགོས་ཏེ། ཡང་དག་པ་མིན་རྟོག་གི་འགལ་ཟླ་དངོས་སུ་གྱུར་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཤེས་བྱ་མཐའ་དག་ནི། ཆོས་ཅན་དང་ཆོས་ཉིད་དུ་དང༌། འཁོར་བ་དང་མྱང་འདས་སུ་སོ་སོར་ངེས་ཤིང་རྒྱ་ཡོངས་སུ་ཆད་པའི་ཕྱིར། མ་རིག་པ་དང་རྣམ་མཁྱེན་ལྟ་བུ་རེ་རེ་ལའང་འཁོར་འདས་གཉིས་གཉིས་སུ་དབྱེ་བའི་ཚུལ་ཇི་ལྟ་བུ་ཞེ་ན། རེ་རེ་ལའང་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་བ་ལས་ཏེ། དཔེར་ན་དོན་དམ་པའི་མ་རིག་པ་ནི། མ་རིག་པའི་དབང་དུ་བྱས་པའི་གཉིས་མེད་ཀྱི་ཡེ་ཤེས་ཏེ། འདི་དོན་དམ་པའི་མ་རིག་པ་དང༌། མ་རིག་པ་ཆེན་པོ་ཞེས་གསུངས་པ་དེའོ། །ཆོས་ཉིད་རྣམ་མཁྱེན་ལྟ་བུ་ལའང་ཀུན་རྫོབ་པ་ནི་གཉིས་དང་ཇི་ལྟར་མངོན་པར་བརྗོད་པ་ཉིད་དུ་སྣང་བའི་རྣམ་རིག་སྟེ་ཡང་དག་མིན་རྟོག་གི་བསྡུས་པའི་ཕྱིར་དང༌། དོན་དམ་མ་ཡིན་པ་ནི་ཡུལ་ཅན་རྟོག་པ་ལ་གཉིས་སུ་སྣང་བའི་ཕྱིར། ཀུན་རྫོབ་པའི་རྣམ་མཁྱེན་གྱི་ངོས་འཛིན་ཡང་དག་མིན་རྟོག་ལ་འཆད་ན། དགག་བྱ་དོན་དམ་པའི་རྣམ་མཁྱེན་གྱིས་སྟོང་ཞེས་འཆད་དགོས་སམ་ཞེ་ན། མ་ཡིན་ཏེ། ལུགས་འདིར་ཡོངས་གྲུབ་སྟོང་ཉིད་ཀྱི་དགག་བྱར་འཆད་པ་མི་སྲིད་པའི་ཕྱིར་ན། རྣམ་མཁྱེན་དུ་སྣང་བའི་རྟོག་པ་གཟུང་བའི་ཆ་དང་བཅས་པ་ནི། ཀུན་བརྟགས་པའི་རྣམ་མཁྱེན་གྱི་ངོས་འཛིན་དུ་འཇོག་དགོས་པའི་ཕྱིར་ན། དེས་སྟོང་པའོ། །ཡང་དག་མིན་རྟོག་མཐའ་དག་གིའང་གཟུང་ཆ་ནས་འཁོར་བར་འཇོག་ཀྱང༌། ནང་ལྟ་འཛིན་རྣམ་གྱི་ཆ་ནས་རྣམ་བྱང་གི་ཕྱོགས་སུ་གནས་པ་ནི་རྣམ་པ་ཀུན་ཏུ་ཤེས་དགོས་པས་ན། བཤད་མ་ཐག་པའི་དོན་དམ་པའི་རྣམ་མཁྱེན་གྱི་ངོས་འཛིན་དུ་ཡང་ཤེས་པ་མཐའ་དག་གི་ནང་ལྟ་འཛིན་རྣམ་གྱི་ཆ་ནས་འཇོག་པ་ཉིད་དོ། །གལ་ཏེ་ཀུན་བརྟགས་ཀྱི་ངོས་འཛིན་དུ་བཤད་པ་མཐའ་དག་ཀྱང་ཀུན་རྫོབ་ཀྱི་ཆོས་དང་འཁོར་བའི་ཆོས་ཀྱི་མཚན་གཞིར་བཤད་པས་ཆོག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལུགས་འདིར་འཁོར་བ་ནི་སེམས་ཙམ་དུ་འཆད་ལ། ཀུན་བརྟགས་དེར་མི་འཆད་པ་དང༌། ཀུན་བརྟགས་སུ་སྣང་བའི་རྣམ་རིག་ནི་གཞན་དབང་དུ་བསྡུ་དགོས་པས་སོ། །རྒྱན་དུ། དགེ་ཆོས་ཡོད་མ་ཡིན། །ཞེས་གསུངས་པ་དེ་རྣམ་ཤེས་ལ་སྣང་བའི་དབང་དུ་བྱས་ཀྱི་སྤྱིར་མ་ཡིན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་དང་བཅས་པ་དང་འཁོར་བ་དང་ཆོས་ཀྱི་མཚན་གཞིར་བཞག་པ་ལ་ནི། ཇི་སྐད་དུ། དེ་བཞིན་མ་ཡིན་ཡེ་མེད་མིན། །ཞེས་པའི་མཚན་ཉིད་དེ་ཚང་དགོས་པ་ཉིད་དོ། །གལ་ཏེ་ཁྱོད་ཀྱི་ཕྱོགས་ལ་བདེན་པ་གཉིས་སུ་དབྱེ་བའི་ཚེ་དོན་དམ་པའི་བདེན་པ་ཁོ་ན་དབང་བཙན་པར་འདོད་པས། དོན་དམ་པའི་འཁོར་བ་ཉིད་འཁོར་བ་མཚན་ཉིད་པར་ཁས་ལེན་ནམ་ཞེ་ན། དོན་དམ་དབང་བཙན་པ་ཉིད་ཀྱིས་ན་ཀུན་རྫོབ་ཀྱི་འཁོར་བ་ཡོད་པར་མི་འདོད་ལ། གལ་ཏེ་འཁོར་བ་གཅིག་ཡོད་ན་ནི་དོན་དམ་གྱི་འཁོར་བ་ལས་གཞན་མེད་དེ། འཁྲུལ་ངོར་ཡོད་པས་ནི་སྤྱིར་ཡོད་པ་ཉིད་དུ་ཁས་ལེན་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན། གནས་ཚུལ་ལ་ནི་འཁོར་འདས་གཉིས་སུ་དབྱེར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་བརྟག །ཅེས་དང༌། གཉིས་པོ་གཅིག་དང་ཐ་དད་གང་ཡང་མ་ཡིན་པ་འདི་ཉིད་དུ་བཤད་པས་སོ། །གལ་ཏེ་འཕགས་པ་དང་འཕགས་མིན་ལ་ཡོད་པའི་གཞན་སེམས་ཤེས་པའི་གཟུང་བྱ་གང་ཡིན་པ་དེ་མེད་ན་ནི་ལུགས་འདིར་རྒྱུད་གཞན་ཡོད་པར་འགལ་ལ་ཡོད་ན་གཟུང་འཛིན་རྫས་གཞན་དུ་ཐལ་བ་མ་ཡིན་ནམ་ཞེ་ན། གཞི་འབྲས་དབྱེར་མེད་ཀྱི་བར་མ་ཆད་པའི་སྐབས་འདིར་རྒྱུད་གཞན་གྲུབ་པར་མི་འཆད་མོད། རྒོལ་བ་དེའི་དངོས་ལན་ནི། ཇི་སྐད་དུ་མཉམ་པར་བཞག་པ་དང་མ་བཞག་པ་དག་ནི་ཕན་ཚུན་ཡུལ་ཉིད་མ་ཡིན་ཞེས་སོགས་གཞུང་དོན་ཇི་ལྟ་བ་བཞིན་ནོ། །གཉིས་པ་སྒོམ་རིམ་རྒྱས་པར་བཤད་པ་ལ། དངོས་དང༌། གནས་གྱུར་ལ་འཕྲོས་པའི་དོན་གཞན་ཡང་བཤད་པའོ། །དང་པོ་ལ། ཆོས་ལ་འཇུག་པའི་ཚུལ་རྒྱས་པར་བཤད་པ་ནི་གཞི་འཁོར་བའི་གནས་ཚུལ་ལ་མི་རྨོངས་པར་བྱེད་ཅིང༌། ཆོས་ཉིད་དང་མི་རྟོག་ཡེ་ཤེས་ལ་འཇུག་ཚུལ་རྒྱས་པར་བཤད་པས་ནི་ཐར་པའི་ལམ་ལ་གོམས་པར་བྱེད་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད། འདི་དག་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་ཁོ་ན་ཉིད་དུ་བསམ་པར་མི་བྱ་སྟེ། འདིར་བཤད་པའི་ཆོས་ཉིད་ཀྱི་དབྱེ་བ་ལ་ཐེག་པ་གསུམ་ཀའི་མྱང་འདས་བཤད་པས་སོ། །འདིར་མཉམ་གཞག་གི་མི་རྟོག་ཡེ་ཤེས་སྣང་མེད་ཁོ་ནར་བཤད་པ་ནི། ཡུལ་དོན་གཞན་དུ་མེད་པ་ལ་དགོངས་ཀྱི། ཏིང་ངེ་འཛིན་རང་གི་གཟུགས་བརྙན་སྣང་བཅས་སུ་འཆར་པ་དག་མི་འགལ་བ་ནི། ཡེ་ཤེས་བཞི་པོའི་གཟིགས་ཚུལ་སོ་སོར་ཤེས་དགོས་པ་དེའི་ཚེ་དངོས་ཀྱི་རིག་བྱ་གང་ཡིན་པ་དེ་དག་ཆོས་དབྱིངས་སུ་འཇོག་དགོས་པ་ལས་གཞན་མེད་དོ། །དེའི་འོག་ཏུ་གནས་གྱུར་ལ་འཇུག་ཚུལ་རྒྱས་པར་བཤད་པས་ནི། ཐེག་པ་གསུམ་ཀའི་གནས་དང་མཐར་ཐུག་གི་འབྲས་བུ་ལ་རྨོངས་པ་སེལ་བར་བྱེད་དོ། །འདིར་གནས་ནི་ཐེག་པ་གསུམ་ཀའི་སེམས་ཀྱི་ཆོས་ཉིད་དེ། གྱུར་པ་ནི་དེ་ལ་གོམས་པའི་སྟོབས་ཀྱིས། རྣམ་བྱང་གིས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་རྣམས་མི་མངོན་པ་ཉིད་དུ་གྱུར་པའོ། །ཕྱོགས་གཉིས་ཀའི་མཐར་ཐུག་གི་གནས་ནི་ཆོས་དབྱིངས་ཡེ་ཤེས་ལས་གཞན་མེད་མོད། གནས་ཙམ་ལ་ལྡོག་པའི་སྒོ་ནས་ཀུན་གཞིའི་རྣམ་ཤེས་དང༌། ཡེ་ཤེས་སོ་སོར་ཕྱེ་ནས་བཤད་པས་ནི། སྤང་བྱ་དང་ཉམས་སུ་བླང་བྱའི་རྩ་བ་གང་དང་གང་ཡིན་པ་དེ་བདེ་བླག་ཉིད་དུ་ངོས་འཛིན་པར་སླ་བ་ཡིན་ནོ། །གལ་ཏེ་འབྲས་བུའི་ངོས་འཛིན་གནས་གྱུར་ལ་བཤད་ན། ཁྱེད་ཅག་གཞི་འབྲས་དབྱེར་མེད་དུ་འཆད་པས་རྒྱ་ཆུང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མཉམ་གཞག་དེའི་ཚེ་ན་བསལ་བཞག་མེད་པར་འཆད་པས་ན། གནས་གྱུར་གྱི་འབད་རྩོལ་ལ་ལྟོས་མི་དགོས་པའི་ཕྱིར་རོ། །གཉིས་པ་དེ་ལས་འཕྲོས་པའི་དོན་ལ། གལ་ཏེ་གཞུང་འདིར་གནས་གྱུར་མེད་པ་ལ་ཉེས་དམིགས་རྣམ་པ་བཞི་གསུངས་པ་དེ་རྣམ་པར་དག་ན། དབུ་མ་ཐལ་རང་པ་དག་གིས་འདིའི་གནོད་བྱེད་ཇི་ལྟར་སྤོང་ཞེ་ན། སློབ་དཔོན་ཟླ་བའི་ཞབས་ཀྱི་བཞེད་པ་ནི། མདོ་དང་བསྟན་བཅོས་དག་ལས་ཀུན་གཞི་ལ་འཁོར་འདས་ཀུན་གྱི་གནས་སུ་བཤད་པ་དེ་ནི། དེ་དག་གི་སྟོང་པ་ཉིད་ཀྱི་སྣོད་དུ་མ་གྱུར་པ་དག་ལ་ཡིན་གྱི། དགོངས་པ་དངོས་ནི་སྟོང་པ་ཉིད་ཁོ་ན་ལ་དེའི་མིང་གིས་བཏགས་པ་ཡིན་ཏེ། ཇི་སྐད་དུ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། སྟོང་པ་ཉིད་ཁོ་ན་ལ་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བརྗོད། ཅེས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཇི་སྙེད་པའི་གནས་ནི་སྟོང་པ་ཉིད་ཁོ་ན་ལས་གཞན་མེད་པར་གསུངས་སོ། །དེའི་ཚེ་སྟོང་པ་ཉིད་ཡོད་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། སྟོང་མིན་སྟོང་སོགས་ཕན་ཚུན་སྤངས་ཏེ་གནས་པ་ལྟ་བུ་དེ་དག་ཀུན་ལྟོས་ནས་གྲུབ་པར་ཁས་ལེན་གྱི། མཐའ་གཅིག་ཏུ་གནས་པར་ཁས་མི་ལེན་ནོ། །གལ་ཏེ་སྟོང་པ་ཉིད་ལས་སྐྱེ་ན། རྒྱུ་མེད་ལས་སྐྱེ་བར་སོང་བ་མ་ཡིན་ནམ་ཞེ་ན། རྒྱུ་འབྲས་ལྟོས་གྲུབ་ཁས་ལེན་གྱི་སྟོང་པ་ཉིད་ལས་སྐྱེ་བར་ཁས་མི་ལེན་ནོ། །གལ་ཏེ་ལྟ་བའི་ཚེ་དེ་ལྟ་མོད་ཀྱི་རྒྱ་ཆེན་སྤྱོད་པའི་ཚེ་ཡང་ཀུན་གཞིའི་རྣམ་ཤེས་ལ་སྣང་བར་བྱེད་དམ་ཞེ་ན། མ་ཡིན་ཏེ། འཇུག་པར་སྤྱོད་པའི་ཚེ་ཡང་ཁམས་གསུམ་སེམས་ཙམ་དུ་འཆད་པ་ནད་པ་སོ་སོ་ལ་སྨན་ཇི་ལྟར་གཏོང་བའི་དཔེས་བསྟན་ནས། གནས་སྐབས་སེམས་ཙམ་དུ་བསྟན་པར་བཞེད་པས་སོ། །གལ་ཏེ་གཞིའི་གནས་ཚུལ་ཆོས་ཐམས་ཅད་རང་སྟོང་ཉིད་ལས་བསོད་ནམས་ཀྱི་ཚོགས་སྐྱེ་བར་འདོད་ན། རྣམ་ཤེས་མ་ཡིན་པ་རྣམ་ཤེས་ཀྱི་ཉེར་ལེན་དུ་ཐལ་བ་སོགས་ཉེས་པས་གནོད་པ་མིན་ནམ་ཞེ་ན། མ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་མཐའ་དག་ཀྱང་རང་སྟོང་དུ་ཁས་ལེན་པའི་ཕྱིར། དཔེར་ན་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་ཤེས་པ་ཐ་སྙད་ཀྱི་འཇོག་ཚུལ་ཡང་དག་པ་ཉིད་དུ་བཤད་པ་ལས་སོ། །དེ་ལྟར་དེ་ཙམ་པ་ལས་ནི། །གང་སྐྱེས་དགེ་བ་རྣམ་དཀར་པོ། །མ་རྣམས་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་མཛད་རྫོགས་སངས་རྒྱས་ཕྱིར་བསྔོ། །ཞེས་བྱམས་ཆོས་ལྔའི་ལམ་གྱི་རིམ་པ་ཟབ་རྒྱས་སུ་བཤད་པ་ལས་འབྱེད་རྣམ་པ་གཉིས་ཀྱི་ལམ་རིམ་བཤད་པའི་སྐབས་ཏེ་གསུམ་པའོ།།  །།བཀྲ་ཤིས།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*