ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ། ག ༽

བཏགས་པའི་ཆོས་ཉིད་མི་འགལ་བར། །སོགས་སོ། དོན་ནི། ཐེག་ཆེན་གྱི་སྦྱོར་ལམ་ལ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཐེག་ཆེན་མཐོང་ལམ་གྱི་རྒྱུ་བྱེད་པའི་ནུས་པའི་ཆ་གསུམ་ལས། འདིར་ནི་རང་རྒྱལ་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱི་རྒྱུ་བྱེད་པའི་ཆ་ནས་བཤད་དོ། །འདིར་ཡུལ་ཅན་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་སྟོན་པ་ནི་མིན་ཏེ། མཚམས་སྦྱར་ལ་དཔགས་པས་ཤེས་སོ། །གྲོལ་སྡེ་གཉིས་ལྟར་ན། འདི་ཡང༌། འཕགས་པ་རང་རྒྱལ་ལམ་ལ་ནི། །ཞེས་སྟོན་ནས། གཞུང་གོང་འོག་གཉིས་ཀས་ཐེག་ཆེན་སྦྱོར་ལམ་ཉན་རང་གི་སྦྱོར་ལམ་ལས། དམིགས་རྣམ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པར་བསྒྲུབ་པར་བཞེད་དོ། །ཡང་འདིར་བཤད་པ། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཡིན་ན་འགྲེལ་ཆེན་དུ་སྐབས་དང་པོར་ཁ་འཕངས་ག་ལ་དགོས་ཞེ་ན། ཐེག་ཆེན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་གྱི་རྒྱུན་སྒོམ་པའི་སྒོམ་ལམ་འཆད་པར་འགྱུར་བ་ལྟར། དེའི་རྒྱུ་སྦྱོར་ལམ་ཡང་འཆད་དགོས་སོ་ཞེ་ན། འགྲེལ་ཆེན་ལས། མཐོང་ལམ་དེའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པར་བཤད་པ་ལས་གཟུང་བར་བྱའོ་ཞེས་བཤད། དེ་ལྟར་ན། ཐེག་ཆེན་གྱི་སྦྱོར་ལམ་ལ་ཐེག་པ་གསུམ་གྱི་རྟོགས་རིགས་ཀྱི་དབྱེ་བས་ཆ་གསུམ་ཡོད་པ་ལྟར་དེ་ཉིད་ལན་གསུམ་བཤད་པ་ཡིན་ནོ། །གསུམ་པ་ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་ལ། མདོའི་འབྲེལ་ནི། བརྒྱ་བྱིན་གྱིས་སྨྲས་པ། ཡུམ་གང་ལས་བཙལ་བར་བྱ་ཞེས་པ་སྟེ། དོན་ནི། གསར་དུ་ལྷགས་པའི་འཁོར་རྣམས་ལ་རྣམ་མཁྱེན་གྱི་རྟོགས་པ་སྐྱེད་དགོས་ཞེས་པའི་དོན་ནོ། །བསྟན་བཅོས་ཀྱི་འབྲེལ་ནི། ལུས་རྣམ་གཞག་ཏུ། འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །ཞེས་བསྟན་པ་དེ་གང་ཞེ་ན། དེ་འཆད་དོ་ཞེས་སྟོན་པ་ནི། རང་སངས་ཀྱི་ལམ་གྱི་འཇུག་ཐོགས་སུ། ཞེས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་ཡུམ་འདི་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། རབ་འབྱོར་ཤཱ་རིའི་བུ་འདི་སྐད་དུ་ཡུམ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ་ཞེས་ཟེར་ན། དེ་ཁྱེད་ཀྱི་མཐུའམ་བྱིན་གྱིས་བརླབས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། འདི་ནི་བདག་གི་མཐུ་དང་བྱིན་གྱིས་རླབས་མ་ཡིན་ནོ། །འོ་ན་སུའི་མཐུ། དེ་ནི་དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་སོ། །ཞེས་པ་ནས། གང་ལས་བཙལ་བར་བྱ་ཞེས་ཟེར་བ་ནི། གཟུགས་ལས་ཀྱང་བཙལ་བར་མི་བྱ། ཞེས་སོགས་སོ། །དོན་ནི། རྣམ་མཁྱེན་ནི། སྔར་རབ་འབྱོར་གྱི་ལེའུར་བཤད་ཟིན་པས་སླར་བཤད་ན། འཁོར་སྔ་མ་རྣམས། བཅོམ་ལྡན་འདས་ཀྱིས་ཆོས་ཟློས་པ་གསུངས་སོ་ཞེས་དོགས་པར་འགྱུར་བས། རབ་འབྱོར་ལ་རྒྱུའི་ཆོས་ཙམ་ཞིག་དྲིས་ཤིག་ཅེས་སྒོ་བའོ། །དེ་ལྟར་དྲིས་པ་ན། རབ་འབྱོར་གྱིས་ཀྱང་སྔར་བཤད་པ་དེ་དག་ལས་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བཤད་པའོ། །བཤད་པའི་ཚུལ་ནི། དེ་བཞིན་གཤེགས་པ་ཁོ་ནའི་མཐུ་དང་བྱིན་གྱིས་རླབས་ཀྱིས་ཤེར་ཕྱིན་རྟོགས་དགོས་ན། གཞན་རྣམས་ཀྱི་ཡུལ་དུ་གྱུར་པའི་ལམ་ནི། རབ་འབྱོར་གྱི་ལེའུ་ལས་མ་བསྟན་ནམ་སྙམ་པ་ལ། གཟུགས་ཀྱི་དེ་བཞིན་ཉིད་ལའང་དེ་བཞིན་གཤེགས་པ་མི་དམིགས། དེ་བཞིན་གཤེགས་པ་ལའང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཞེས་སོགས་ཀྱིས་ཤེས་བཟོད། སྐད་ཅིག་མ་བཅུ་དྲུག་བཤད་ཅིང༌། དེ་ལྟ་བུའི་རྒྱུ་ལམ་ཤེས་ཉམས་སུ་བླངས་པ་ལས་འབྲས་བུ་རྣམ་མཁྱེན་སྐྱེ་བར་འགྱུར་རོ། །ཞེས་པའི་དོན་ནོ། །གཉིས་པ་མདོའི་དོན་བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། མདོའི་རིམ་པ་གཅིག་ལ་བསྟན་བཤད་གཉིས་སུ་མཛད་ནས་འཆད་པ་ལ། ཡེ་ཤེས་མདོར་བསྟན། རྣམ་པ་རྒྱས་པར་བཤད། གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ནི། བདེན་དང༌། ཞེས་སོ། །ཚེ་འདིའི་ཡོན་ཏན་ཕྱིར་མི་ལྡོག་པ་དང༌། ཚེ་རབ་གཞན་གྱི་ཡོན་ཏན་སྐྱེ་བ་སྔ་ཕྱི་ཤེས་པའི་ཤེས་རབ་ཅེས་ཁ་ཆེ་གཞོན་ནུ་དཔལ་སྨྲ། འགྲེལ་ཆེན་ལས་ནི། སངས་རྒྱས་རྣམས་ཀྱི་བསྲུང་བ་ལ་སོགས་པ་ཚེ་འདིའི་ཡོན་ཏན་ཞེས་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། མདོ་ལས། ཚིག་ལྷུག་པར་གསུངས་པ་རྣམས་བསྟན་བཅོས་སུ་ཚིགས་སུ་བཅད་པར་བསྡུས་པ་ནི། དེ་བཞིན་ཉིད་དང་ཞེས་སོགས་སོ། །འདིར་སློབ་དཔོན་གྱི་དགོངས་པ་འདི་ལྟར་མངོན་ཏེ། རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་དུ་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཏེ། རང་བཞིན་རྣམ་དག་གི་ཆོས་དབྱིངས་ཆ་ཤས་མེད་པ་ལ་ཆ་གཉིས་མི་སྲིད་པའི་ཕྱིར། དེ་ཙམ་གྱིས་སྡུག་བསྔལ་ཆོས་བཟོད་ཀྱི་དུས་སུ། མཐོང་སྤངས་མ་ལུས་པར་སྤངས་དགོས་པ་མིན་ཏེ། མཐོང་བ་ཙམ་གྱིས་སྒྲོ་འདོགས་སེལ་མི་ནུས་པའི་ཕྱིར། འཁྲུལ་པས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་པ་ལྟར་རོ། །དར་ཊཱིཀ་མཛད་པ། འཕགས་པའི་མངོན་སུམ་ལ་སྣང་བ་མ་ངེས་པ་མི་སྲིད་དེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་བྱ་བ་དཔྱད་དགོས་ཏེ། དོན་ནི། འཕགས་པའི་མངོན་སུམ་ཐམས་ཅད་རང་ལས་ངེས་ཀྱི་ཚད་མར་སྟོན་པ་ཡིན་གྱི། མངོན་སུམ་ངེས་པའི་བདག་ཉིད་དུ་སྟོན་པ་མིན་པའི་ཕྱིར་རོ། །བདེན་པ་མངོན་པར་རྟོགས་པ་ལ་ནི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། བདེན་བཞིའི་ཆོས་ཉིད་ལ་སྒྲོ་འདོགས་སེལ་ནུས་ཀྱི་ཚད་མ་བཅུ་དྲུག་མཉམ་གཞག་ཏུ་རིམ་ཅན་དུ་ཐོབ་པའི་ཕྱིར། ཚད་མ་དེ་དང་དེ་སྐྱེས་པ་ན། དེའི་ངོ་སྐལ་གྱི་མཐོང་སྤང་སྤོང་ནུས་པ་ཡིན་གྱི། ངེས་ཤེས་དེ་དང་དེ་མངོན་དུ་འགྱུར་དགོས་པ་མིན་ནོ། །དེ་ལྟར་ན་མཐོང་བ་ལ་སྐད་ཅིག་གཅིག་ཡིན་ལ། བདེན་པ་མངོན་པར་རྟོགས་པ་ལ་སྐད་ཅིག་མ་བཅུ་དྲུག་ཡིན་པར་འགྱུར་རོ། །དེ་ལྟ་ནའང་ཕྱི་མ་རྣམས་མཐོང་ལམ་མིན་པར་མི་འགྱུར་ཏེ། སྡུག་བསྔལ་ལ་ཆོས་བཟོད་ཀྱི་དུས་སུ་རང་བཞིན་རྣམ་དག་གི་ཆོས་ཉིད་ཙམ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་སུ་མཐོང་ལ། ཆོས་བཟོད་ཕྱི་མ་གསུམ་གྱི་དུས་སུ། བདེན་པ་ལྷག་མ་གསུམ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ནུས་ཀྱི་ཚུལ་དུ་གསར་དུ་མཐོང་བའི་ཕྱིར། དེ་ལྟར་ཡིན་ཀྱང་ཐུག་མེད་དུ་མི་འགྱུར་ཏེ། བདེན་པ་བཞི་ལས་མ་གཏོགས་པའི་ཤེས་བྱ་མེད་པའི་ཕྱིར་རོ། །དེས་ན་ཆོས་བཟོད་བཞི་ནི། བར་ཆད་མེད་ལམ་གྱི་ངོ་བོར་སྐྱེ་ལ། ལྷག་མ་བཅུ་གཉིས་ནི་རྣམ་གྲོལ་ལམ་གྱི་ངོ་བོར་སྐྱེ། དེ་དག་ཀྱང་རིམ་ཅན་ཁོ་ནར་སྐྱེ་བ་ཡིན་ཏེ། འགྲེལ་ཆེན་དུ་དེའི་རྗེས་ལ། ཞེས་བཤད་པའི་ཕྱིར་དང༌། དགེ་འདུན་ཉི་ཤུ་དང༌། དང་པོ་བཅོ་ལྔ་ལ་གནས་པ། རྒྱུན་ཞུགས་ཞུགས་པར་བཤད་པའི་ཕྱིར་རོ། །བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌། ཤེས་པ་བརྒྱད་རྣམ་གྲོལ་ལམ་དུ་འདོད་པ་ནི་ཉན་ཐོས་པའི་ལུགས་ཡིན་གྱི། འདིར་མིན་ཏེ། བར་ཆད་མེད་པའི་ལམ་གྱི་རྣམ་པ་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞིའོ། །ཞེས་ངེས་པར་བཟུང་བའི་ཕྱིར་རོ། །ཡང་འགྲེལ་ཆེན་དུ། རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པ་བརྒྱད་པོ་ལ་མཚན་མ་དང་བཅས་པའི་རྣལ་འབྱོར་ཞེས་བཤད་པས། མཐོང་ལམ་མཉམ་གཞག་ལ་སྣང་མེད་ཀྱི་ཁྱབ་པར་འདོད་པའང་བསལ་བ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ །གསུམ་པ་ལ་ཁས་བླངས་བརྗོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། རྒྱན་གྱི་འགྲེལ་བྱེད་ཁ་ཅིག་ན་རེ། སྦྱོར་མཐོང་སྒོམ་གསུམ་སྟོན་པའི་མདོ་དང༌། བསྟན་བཅོས་ཀྱིས་རྟོགས་པའི་ངོ་བོ་ཙམ་བསྟན་པ་ཡིན་གྱི། བསྒོམ་བྱའི་རྣམ་པ་མ་བསྟན་ནོ། །ཞེས་ཟེར་རོ། །ཞེས་སྟོན་པའི་དབང་དུ་བྱས་པས། ཁ་ཅིག་ནི། ཞེས་སོགས་སོ། །དེ་དགག་པ་རིགས་པས་དགག ལུང་གིས་དགག དང་པོ་ལ་ཆོས་ཀྱི་བཤེས་གཉེན་ལྟར་ན། མདོ་གཞུང་དེ་དག་ཆོས་ཅན། མཉམ་གཞག་ཏུ་བསྒོམ་པའི་རིམ་པ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་སོགས་མ་བསྟན་པར་ཐལ། གསེར་གླིང་པ་ལྟར་ན། རྒྱུ་སྒོམ་པའི་རིམ་པ་དང༌། འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ། རྣམ་པ་མ་བསྟན་པའི་ཕྱིར། འདོད་ན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་ཐལ་ལོ། །ཞེས་སྟོན་པ་ནི། གཞན་དག་ན་རེ། ཞེས་སོགས་སོ། །གཉིས་པ་ལུང་གིས་དགག་པ་ནི། གཞན་ཡང༌། དམིགས་པ་དང་ནི། ཞེས་སོགས་སོ། །འདི་ཡང་གཙོ་བོར་མདོ་ལ་དོགས་པ་སྤོང་བ་ཡིན་ཏེ། འགྲེལ་ཆེན་ལས། རྣམ་པ་མ་བསྟན་ན་མངོན་པར་རྟོགས་པའི་རྒྱན་དང་འགལ་བར་འགྱུར་རོ། །ཞེས་བཤད་པའི་ཕྱིར་རོ། །འདི་ནི་ལམ་རྐྱང་པ་བརྗོད་བྱར་འདོད་པ་འགོག་པ་ཡིན་ནོ། །འོ་ན་འདིར་ཤེས་བྱའི་ལམ་ཙམ་ཞིག་བསྟན་ནས་ཡུལ་ཅན་ལམ་ཤེས་ཚིག་གིས་ཟིན་པར་མི་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། སྔ་མ་གཉིས་ནི་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ལམ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཤེས་པར་བྱ་ཞེས་གསུངས་ཤིང་དེའི་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་ལམ་མ་བསྟན། འདིར་ནི་མངོན་དུ་བྱ་བའི་ལམ་དུ་བསྟན་པས། དེ་མི་དམིགས་པར་ཤེས་པའང་དོན་གྱིས་གྲུབ་པའི་ཕྱིར་ཏེ། མ་ཤེས་པར་མངོན་དུ་བྱ་བ་མྀ་སྲིད་པའི་ཕྱིར། སྐབས་འདིར། འགྲེལ་ཆེན་ལས། སྦྱོར་ལམ་སྐབས་དང་པོར་ཁ་འཕངས་པའི་དོན་ནི་ཕལ་ཆེར་བཤད་ཟིན་ལ། སླར་ཡང་བསྡུས་ཏེ་བཤད་ན། ལམ་ཤེས་སྔ་མ་གཉིས་སུ་ཉན་ཐོས་དང༌། རང་རྒྱལ་གྱི་རྟོགས་རིགས་ལ་དོན་སྤྱིའི་ཚུལ་གྱིས་གསལ་སྣང་ཐོབ་པའི་སྦྱོར་ལམ་འཆད་དགོས་ཏེ། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་དང༌། ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་ཐེག་ཆེན་གྱི་མཐོང་ལམ་དུ་ཉན་རང་གི་རྟོགས་རིགས་མངོན་སུམ་དུ་མཐོང་ན། དེ་དང་ཉན་རང་དགྲ་བཅོམ་པའི་རྟོགས་པ་ལ་ཁྱད་པར་མེད་དམ་སྙམ་པ་ལ། ཁྱད་པར་ཡོད་དེ། དེའི་རྒྱུ་སྦྱོར་ལམ་གཉིས་ལ་ཁྱད་པར་གྲུབ་པའི་ཕྱིར། ཞེས་སྟོན་དགོས་ལ། འདིར་ནི་དེ་ལྟ་བུའི་དོགས་པ་མེད་པས་བསྟན་མི་དགོས་ཤིང༌། རྒྱུ་སྦྱོར་ལམ་མེད་པའང་མིན་ཏེ། སྔར་སྐབས་དང་པོར་བཤད་པ་ཉིད་ཡིན་པའི་ཕྱིར། འོ་ན་ཐེག་ཆེན་གྱི་མཐོང་ལམ་ཡང་བཤད་ཟིན་པ་མིན་ནམ་ཞེ་ན། ཟིན་མོད་དེ་ལྟ་ནའང་གསར་དུ་ལྷགས་པའི་འཁོར་རྣམས་ལ་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བཤད་པ་ཡིན་ནོ། །ཞེས་པའི་དོན་དུ་བཤད། དེ་འདྲའི་དོགས་པ་དགག་པ་ཡང་སྐབས་དོན་དུ་མི་འགྱུར་བ་མིན་ཏེ། ཉི་སྣང་ལས། སྐབས་དང་པོར་ངེས་འབྱེད་ཆ་མཐུན་བཤད་པ་ན། ཉན་རང་གི་སྦྱོར་ལམ་ལས་ཁྱད་ཆོས་དྲུག་གིས་ཁྱད་པར་འཕགས་པར་བསྟན་པ་དང༌། སྐབས་གཉིས་པར་ངེས་འབྱེད་ཆ་མཐུན་བཤད་པ་ཉན་རང་གི་སྦྱོར་ལམ་ལས་དམིགས་རྣམ་གཉིས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པར་བསྟན་པ་ཡིན་ཞེས་གསུངས་པས་སོ། །དེ་ལྟར་ན། དགོས་པ་མི་འདྲ་བའི་དབང་གིས། ལྡོག་པ་སོ་སོར་ཕྱེ་ནས་བཤད་ཀྱི། ངོ་བོ་མི་འདྲ་བ་ནི་མིན་ནོ། །ཞེས་རྟོགས་སོ། །གཉིས་པ་བཤད་མ་ཐག་པའི་མཐོང་ལམ་དེ་ལ་གནས་ནས་མངོན་དུ་བྱ་བ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར། དེའི་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་ལམ་སྟོན་པ་ལ་གཉིས་ཏེ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ་སྔ་ཕྱིའི་འབྲེལ་ནི། སྒོམ་ལམ་གྱི་ཐོག་མར་དེའི་བྱེད་པ་འཆད་རིགས་ཏེ། ཚིག་ཉུང་བ་དང༌། འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། མཐོང་བའི་ལམ་གྱིས་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། བརྒྱ་བྱིན་གྱིས་གསོལ་པ། ཡུམ་འདི་ནི་བྱང་སེམས་ཆེན་པོ་རྣམས་དུལ་བ་དང༌། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །ཞེས་སོགས་སོ། །དེའི་དོན་བསྡུས་པ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་སོ། །སློབ་དཔོན་གྱིས་འདི་ལམ་གཉིས་ཀའི་བྱེད་པར་བཞེད་དེ། ཤཱནྟི་པ་དང༌། ཨ་བྷྱ་ཟག་མེད་སྒོམ་པའི་ལམ་ཁོ་ནའི་བྱེད་པར་བཞེད། ལོ་ཆེན་གྱིས་བྱེད་པ་དང་པོ་ཟག་བཅས་སྒོམ་ལམ་གྱི་བྱེད་པ། གཉིས་པ་སྒྲུབ་པ་སྒོམ་ལམ་གྱི། གསུམ་པ་རྣམ་དག་སྒོམ་ལམ་གྱི། ཐ་མ་གསུམ་ཐུན་མོང་གི་བྱེད་པ་ཡིན་ནོ་ཞེས་གསུང་ངོ༌། །བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ན་རེ། མཐོང་ལམ་ཕན་ཡོན་དང་བཅས་ཏེ་བཤད་པས་བྱེད་པ་ཤུགས་ལ་གྲུབ། སྒོམ་ལམ་བྱེད་པ་དང་བཅས་ཏེ་བཤད་པས་ཕན་ཡོན་ཤུགས་ལ་གྲུབ། ཅེས་གསུངས་སོ། །གཉིས་པ་བྱེད་པ་ཅན་གྱི་སྒོམ་ལམ་ལ་དབྱེ་བ་བསྟན་ཏེ་མཚམས་སྦྱར། སོ་སོའི་རང་བཞིན་ཕྱེ་སྟེ་བཤད་པ་གཉིས། དང་པོ་ནི། བྱེད་པའི་འོག་ཏུ་སྒོམ་པའི་ལམ་སྟེ། ཞེས་སོགས་སོ། །འདིར་འཕགས་སེང་གིས། ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་གྱི་རྣམ་གཞག་མཛད། ཤཱནྟི་པ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཞེས་འཆད། སངས་རྒྱས་ཡེ་ཤེས་ཞབས། དག་པ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཞེས་འཆད། མཉལ་ཞིག སྣང་བཅས་དང་སྣང་མེད་སྒོམ་ལམ་ཞེས་གསུང༌། རྣམ་བཤད་ལས། རྗེས་ཐོབ་དག་པ་འཇིག་རྟེན་པ་དང༌། མཉམ་གཞག་རྣམ་པར་མི་རྟོག་པའི་རང་བཞིན་ཞེས་གསུང་སྟེ། དོན་མི་གཅིག་པ་ཆེར་མི་སྣང་ངོ༌། །དེ་གཉིས་ཀྱི་ཁྱད་པར་དེ་གང་ལ་བྱ་ཞེ་ན། འབུམ་ཕྲག་གསུམ་པ་ན་རེ། ས་བདུན་པ་མན་གྱི་སྒོམ་ལམ་རྣམས་ཟག་བཅས། བརྒྱད་པ་དགུ་པའི་སྒོམ་ལམ་བསྒྲུབ་པ། རྣམ་དག་ནི་སྒོམ་ལམ་གྱི་འབྲས་བུ། དཀྱུས་མའི་སྒོམ་ལམ་ནི་རྣམ་ཀུན་ཏུ་འཆད་པར་འགྱུར་རོ། །ཞེས་གསུངས་སོ། །བཅོམ་ལྡན་རིགས་རལ། ས་བདུན་པ་མན་ཆད་ཀྱི་མོས་བསྔོ་ཡིད་རང་གསུམ་རྣམ་པར་རྟོག་པ་དང་བཅས། ས་བརྒྱད་པ་ཡན་ཆད་ཀྱི་ནི་མོས་བསྔོ་ཡིད་རང་གསུམ་ཡང་ཟག་མེད་ཡིན་ཏེ། དེ་དང་བྲལ་བའི་ཕྱིར། ཞེས་བཞེད། སྔ་རབས་པ་ཕལ་ཆེར། གཟུང་འཛིན་གཉིས་ཀྱི་སྣང་བ་ཡོད་མེད་ལ་བཞེད། རྣམ་བཤད་ལས་ནི། སྒོམ་ལམ་རྗེས་ཐོབ་རྣམས་མཐའ་དག་ལ་ཟག་བཅས་ཞེས་བྱ་སྟེ། གཟུང་འཛིན་ཐ་དད་པ་ཅན་གྱི་ཤེས་སྒྲིབ་དང་བཅས་པའི་ཕྱིར། མཉམ་གཞག་རྣམས་ལ་ནི་ཟག་མེད་ཅེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར་རོ། །དར་ཊཱིཀ་པ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་མ་བཅས་ལ་འདོད་པ་མི་འཐད་དེ། ས་བརྒྱད་པ་ཡན་ཆད་ན་དེ་མེད་པའི་ཕྱིར་རོ། །གཉིས་པ་ལ། སྤྱིའི་མཚམས་སྦྱོར། སོ་སོའི་དོན་བཤད་པ་གཉིས། དང་པོ་ནི། དེའི་ཕྱིར་སྒོམ་པའི་ལམ་ཟག་པ་དང་བཅས་པ། མོས་པ་དང་བསྔོ་བ་རྗེས་སུ་ཡི་རང་བ། ཞེས་བྱ་བ་རྣམས་ཀྱི་ནང་ནས་ཞེས་པའོ། །གསུམ་པོ་རིམ་པར་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ཤེར་འབྱུང་བློ་གྲོས་དང༌། ཁ་ཆེ་གཞོན་ནུ་དཔལ་གྱིས་ཟག་བཅས་སྒོམ་ལམ་ལ་སྦྱོར་དངོས་རྗེས་གསུམ་ཡོད་པས་ཞེས་བཞེད། རྣམ་བཤད་ལས་དགེ་རྩ་བསོག་པ་དང༌། མི་ཟད་པ་དང༌། སྤེལ་བར་བྱེད་པ་གསུམ་ཡོད་པས་ཞེས་བཞེད་དོ། །གཉིས་པ་ནི། མོས་བསྔོ་ཡི་རང་གསུམ་ལས། དང་པོ་ལ། དངོས་དང་ཕན་ཡོན་གཉིས། དང་པོ་ལ་མདོ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས། ཡུམ་འདི་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱ་སྟེ། བཅངས་ལ་དེ་ལ་ལྷའི་མེ་ཏོག་དང༌། ཞེས་པ་ནས། གང་ལ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྐུ་གདུང་མཆོད་རྟེན་དུ་རྩལ་ཏེ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ན་བསོད་ནམས་ཀྱི་ཕུང་པོ་གང་འཕེལ་ཞུས་པའི་ལན་དུ། སྔ་མ་འཕེལ་བར་གསུངས་སོ། །དེ་དག་གི་དོན་བསྡུས་པ་ནི། མོས་པ་རང་གི་དོན་དང་ནི། །ཞེས་སོགས་སོ། །འདིར། ཐབས་དང་མི་དམིགས་པ་དག་གིས། །ཤེས་རབ་ཕ་རོལ་ཕྱིན་ལ་མོས། །ཞེས་སྦྱོར་རོ། །ཞེས་མཁན་ཆེན་རིན་པོ་ཆེ་གསུང་ངོ༌། །འདིར་མོས་པའི་ངོ་བོ་ལ་ཤཱནྟི་པའི་དག་ལྡན་ལས། མོས་པ་དང་ནི་དྭང་བ་དང་འདུན་པ་སྟེ་ཡིད་ཆེས་པ་དང་འདོད་པའི་མཚན་ཉིད་དོ། །ཞེས་བཞེད། ཚིགས་གསལ་ལས། ངོ་བོ་ནི་ངེས་པར་བྱས་ནས་དངོས་པོ་ལ་དེ་ཁོ་ན་ལྟར་འཛིན་པའོ་ཞེས་བཞེད། དེ་ལ་དབྱེ་ན་གསུམ་ལས། འབྱེད་པའི་རྒྱུ་མཚན་གསེར་གླིང་པ་ལྟར་ན། རང་སྣོད་དུ་རུང་བ་དང༌། གཞན་སྣོད་དུ་རུང་བ་དང༌། རང་གཞན་གཉིས་ཀ་སྣོད་དུ་རུང་བའི་དོན་དུ་ཡུམ་ལ་དམིགས་ཏེ་མོས་པ་བསྒོམ་པ་གསུམ་ཡོད་པའི་རྒྱུ་མཚན་གྱིས་སོ། །ཁ་ཆེ་ལྟར་ན། རང་དོན་མོས་པ་ནི་ཆོས་སྐུ་དང༌། གཞན་དོན་མོས་པ་སྤྲུལ་སྐུ་དང༌། གཉིས་དོན་མོས་པ་ནི་ལོངས་སྐུ་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་གསུམ་དུ་བཞག་གོ །ཞེས་བཞེད། མོས་པ་གསུམ་པོ་གནས་སྐབས་གང་དུ་བསྒོམ་ཞེ་ན། ཨ་བྷྱ་རང་དོན་མོས་པ་དྲོད། གཉིས་དོན་མོས་པ་རྩེ་མོ། གཞན་དོན་མོས་པ་བཟོད་པར་བསྒོམ། ལོ་ཆེན་གྱིས། རང་དོན་མོས་པ་སོ་སྐྱེ། གཉིས་དོན་མོས་པ་ས་དང་པོ་ནས་བདུན་པའི་བར། གཞན་དོན་མོས་པ་དག་པ་ས་གསུམ་པ་ལ་བཞག་གོ །ཁ་ཆེ་བ། གཉིས་པ་དང༌། གསུམ་པ་བཞི་པ་རྣམས་ལ་བཞེད། བི་མ་ལ་མི་ཏྲས་ཤེར་སྙིང་གི་རྒྱ་ཆེར་འགྲེལ་ལས། སོ་སོ་སྐྱེ་བོའི་སྦྱོར་བའི་ལམ་ནི་མོས་པས་སྤྱོད་པའོ། །དེ་ལ་མོས་པས་སྤྱོད་པ་གསུམ་ནི། རང་གི་དོན་དང༌། རང་དང་གཞན་གྱི་དོན་དང༌། རང་གཞན་གྱི་དོན་རེ་རེ་ལའང༌། སོ་སོར་ཆུང་ངུ་ལ་སོགས་པའི་དབྱེ་བས། རྣམ་པ་དགུ་དགུའོ་ཞེས་བཤད། སྤྱིར་མོས་བསྔོ་ཡིད་རང་ཙམ་སོ་སོ་སྐྱེ་བོའི་གནས་སྐབས་ན་ཡོད་ལ། འདིར་ནི་སྒོམ་ལམ་ཁོ་ནའི་དབང་དུ་བྱས་པ་ཡིན་པས། འདི་ལྟར་འཐད་དེ། རང་དོན་མོས་པ་ནི་མ་དག་ས་བདུན་གྱི་རྗེས་ཐོབ་ཀྱིས་བསྡུས་ཏེ། ཉོན་ཡིད་མ་སྤངས་པས་ང་རྒྱལ་ཕྲ་མོ་འབྱུང་བའི་ཕྱིར། གཉིས་དོན་མོས་པ་ནི་ས་བརྒྱད་པ་དང་དགུ་པས་བསྡུས་ཏེ། ཉོན་ཡིད་གནས་གྱུར་པས། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། གཞན་དོན་མོས་པ་ནི་ས་བཅུ་པས་བསྡུས་ཏེ། གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས། བདག་ཏུ་ང་རྒྱལ་བའི་ས་འོག་མ་ཟད་པ་ཉིད་ཀྱི་དང་པོ་ཁོ་ན་རང་གྱི་དོན་གྱི་མོས་པ་ཞེས་དང༌། རང་དང་གཞན་མཉམ་པ་ཉིད་ཀྱིས་རང་དང་གཞན་གྱི་དོན་གྱི་མོས་པ་ཞེས་དང༌། འདིར་ནི་གཞན་དོན་ལྷུར་ལེན་པའོ། །ཞེས་པའི་དོན་ནོ། །ཇོ་བོ་རྗེས། ས་བཞི་ས་བདུན་ས་བཅུ་ཡི། །རབ་ཏུ་མོས་པ་གསུམ་པོ་ནི། །ཞེས་གསུངས་ཤིང༌། མཁན་ཆེན་རིན་པོ་ཆེ་ཡང་དེ་ལྟར་བཞེད་དོ། །རྩ་བའི་དོན་འགྲེལ་པས་འཆད་པ་ལ། དགེ་བའི་ཆོས་ཞེས་པ། གསེར་གླིང་པ། སེམས་བསྐྱེད་སོགས་ལ་བཞེད། ཨར་གྱིས། བསྟོད་བཀུར་བསྔགས་པ་གསུམ་ལ་བཞེད་པར་སྣང༌། བཟད་པ། བསོད་ནམས་ཉེར་བདུན་ལ་བཞེད། རྣམ་བཤད་ལས་དོན་གསུམ་ལ་བཤད། འདིར་སྒོམ་པའི་ལམ་གྱི་དབང་དུ་བྱས། ལ་ལས་མངོན་དུ་མི་བྱེད་ཅེས་པའི་དོན་ནོ། །འབུམ་ཕྲག་གསུམ་པ། མངོན་དུ་བྱེད་པ་ནི་གཉིས་ཏེ། ཆོས་ཉིད་མངོན་དུ་བྱེད་པ་དང༌། ཆོས་སྐུ་མངོན་དུ་བྱེད་པ་གཉིས་ལས། འདི་སྒོམ་པའི་ལམ་གྱི་དབང་དུ་བྱས་པས། དང་པོར་ཆོས་སྐུ་མངོན་དུ་མི་བྱེད་ཅེས་འཆད། སུ་ག་ཏ་ཤྲཱི། འདི་འཇིག་རྟེན་ཆོས་མཆོག་མན་གྱི་སྒོམ་ལམ་གྱི་དབང་དུ་བྱས་པས། ཆོས་ཉིད་དང་པོར་མངོན་དུ་མི་བྱེད་ཅེས་འཆད། རལ་གྲི་སོགས་ཁ་ཅིག་མོས་བསྔོ་ཡི་རང་གསུམ་སོ་སོ་སྐྱེ་བོའི་གནས་སྐབས་ནས་ཡོད་ཀྱང༌། འདིར་སྒོམ་པའི་ལམ་གྱི་དབང་དུ་བྱས་པའི་ཡིན་ཞེས་འཆད། རང་ལུགས་ནི་རྣམ་བཤད་ལྟར་རོ། །འདིར་མོས་པ་ཉི་ཤུ་རྩ་བདུན་དུ་ཕྱེ་བ་ནི་མི་མཐུན་ཕྱོགས་ལ་མོས་པ་ཉི་ཤུ་རྩ་བདུན་ཡོད་པའི་དབྱེ་བས་སོ། །ཞེས་སྔོན་གྱི་མཁས་པ་རྣམས་བཞེད། གཉིས་པ་ཕན་ཡོན་ལ་འབྲེལ་ནི། མོས་པའི་འོག་ཏུ་ཕན་ཡོན་བཤད་རིགས་ཏེ། སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་སྒོམ་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། ལ་ལས་ཡུམ་འདི་གླེགས་བམ་དུ་བགྱིས་ཏེ་མཆོད་པ་ལ་སོགས་དང༌། ལ་ལས་ཡུམ་འདི་གླེགས་བམ་དུ་བགྱིས་ཏེ་གཞན་ལ་སྦྱིན་པ་དང༌། ལ་ལས་གཞན་གྱི་དྲུང་དུ་སོང་སྟེ། ཡུམ་དོན་བཞིན་བསྟན་པ་བྱེད་ན་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་བསོད་ནམས་ལྷག་པར་གསུངས་སོ། །དེ་དག་གི་དོན་བསྡུས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་སོགས་སོ། །འདིར་བསྟོད་བཀུར་བསྔགས་པའི་ཁྱད་པར་ནི། ཡོན་ཏན་བརྗོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྟེ། དག་ལྡན་ལས། དགུ་མཚན་དང་པོ་ལ་ནི་བསྟོད་པ་ཆུང་ངུ་སྟེ། ཡང་དག་པའི་ཡོན་ཏན་བརྗོད་པའོ། །དེ་ཉིད་ཀྱི་གཉིས་པ་ལ་ནི། བཀུར་བ་སྟེ་འབྲིང་ངོ༌། །དེ་ཉིད་ཀྱི་གསུམ་པ་ལ་ནི། བསྔགས་པ་སྟེ་ཆེན་པོའོ། །ཞེས་དང༌། གྲགས་ཆ་ལས་ཀྱང༌། བསྟོད་པ་ནི་བསྟོད་པ་ཙམ་མོ། །བཀུར་བ་ནི་འབྲིང་དུ་བསྟོད་པའོ། །བསྔགས་པ་ནི་ཆེར་བསྟོད་པའོ། །ཞེས་སོ། །ངོ་བོ་ལ་འཕགས་པ་ཤཱནྟི་པ་རྣམས་ངག་གི་རང་བཞིན་ལ་བཞེད། ཆོས་ཀྱི་བཤེས་གཉེན། འདི་དག་ནི་ངག་སྙན་པའི་ངོ་བསྟོད་ཀྱི་རང་བཞིན་ནི་མིན་ཏེ། ལོག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐུགས་དགེས་པས་གནས་པ་ཁོ་ན་བསྟོད་པ་ཡིན་ཞེས། ཐུགས་དགྱེས་པའི་ཆ་ལ་བཞེད། བཅོམ་ལྡན་རལ་གྲི་ན་རེ། བསྟོད་པ་ལ་སོགས་པ་འདི་དག་ནི། དོན་ཡང་དག་པ་ཇི་ལྟ་བ་བཞིན་པའི་ཐུགས་དགེས་པའི་ཆ་ཡིན་གྱི་གཅམ་བུ་སྒྲའི་ངོ་བོ་ནི་མིན་ནོ། །ཞེས་པའི་དོན་གྱི་ཇི་ལྟ་བ་བཞིན་བརྗོད་པའི་སྒྲ་ཡིན་གྱི་གཅམ་བུ་སྟེ་དོན་ལ་མི་གནས་པ་བརྗོད་པ་མིན། ཞེས་པའི་དོན་མིན་ཏེ། ཡུམ་གྱི་མདོར་བསྟོད་པའི་སྒྲ་ཉི་ཤུ་རྩ་བདུན་མི་སྣང་བའི་ཕྱིར། དགའ་བ་བྱེད་ཅིང་ཞེས་དང༌། རྟོག་པའི་མཚན་ཉིད་ཅན་ཞེས་པའི་གཞུང་དང་འགལ་བའི་ཕྱིར་དང༌། དེ་དག་སྒྲའི་ངོ་བོར་འདོད་པ་རིག་བྱེད་པའི་ལུགས་ཡིན་པའི་ཕྱིར་ཏེ། རིག་བྱེད་པས། ཡི་གེ་ཨོཾ་ལྡན་ཕྱེད་དང་བཞི། །ཚད་དུ་བྱས་པ་སྙན་པར་བརྗོད། །འདི་ནི་བསྟོད་པ་སྨྲ་བ་དང༌། །སྒྲའི་ཚངས་པའང་འདི་ཉིད་དེ། །བཀུར་ལ་དེ་ལྟར་བརྗོད་པར་བྱ། །ཡི་གེ་དང་ལྡན་ཚད་སྔོན་བཞིན། །སྙན་སྨྲ་སྙན་ཚིག་རིག་བྱེད་དོ། །དེ་ནི་བསྔགས་པར་འདོད་པའོ། །ཞེས་བཤད་པ་ལྟར་རོ། །ཞེས་བཞེད། རྣམ་བཤད་ལས་ནི། འདི་དག་དེ་བཞིན་གཤེགས་པ་ཐུགས་དགྱེས་པའི་ཆ་སོགས་ལ་འདོད་པ་མི་འཐད་དེ། དེ་ནི་གཞན་གྱིས་མི་རྟོགས་པས་སྤྲོ་བ་སྐྱེ་བའི་རྒྱུར་མི་འགྱུར་བའི་ཕྱིར། ཞེས་གསུང༌། གསུམ་པ་བསྔོ་བ་ལ། འབྲེལ་ནི། མོས་པའི་འོག་ཏུ་བསྔོ་བ་འཆད་རིགས་ཏེ། མོས་པ་བསགས་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་དགོས་པའི་ཕྱིར་རོ། །ཞེས་སྟོན་པ་ནི། དེ་ལྟར་མོས་པ་ལ་བསྔོ་བ་འབྱུང་བས། ཞེས་སོགས་སོ། །འབྲེལ་བ་ཅན་དངོས་ལ། བཤད་བྱའི་མདོ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྨྲས་པ། རབ་འབྱོར་བྱང་སེམས་ཆེན་པོའི་རྗེས་སུ་ཡིད་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་གང་ཡིན་པ་དང༌། ཞེས་པ་ནས། བསྔོ་བ་འདི་ནི་རབ། དམ་པ། ཕུལ། གཙོ་བོ་དང༌། མཆོག་དང༌། ཞེས་སོགས་སོ། །དེའི་དོན་བསྡུས་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ཞེས་སོགས་ཏེ། འདི་ལ་ཡང༌། ཐབས་དང་མི་དམིགས་པ་དག་གིས། །ཞེས་སྦྱར། དེའི་དོན་འགྲེལ་པས་འཆད་པ་ལ། ཤེར་འབྱུང་བློ་གྲོས་ལྟར་ན། སྔ་མ་བཅུ་གཉིས་ནི་རྣམ་པ་ཡིན། ཕྱི་མ་བཅུ་གཉིས་ནི་དམིགས་པ་ཡིན་ནོ། །འབུམ་ཕྲག་གསུམ་པ་ལྟར་ན། སྔ་མ་བཅུ་གཉིས་ནི་མཚོན་བྱ་ཡིན་ལ། ཕྱི་མ་བཅུ་གཉིས་ནི་མཚན་ཉིད་ཡིན་པར་བཞེད། ཆོས་ཤེས་སྔ་མ་མིང་དང༌། ཕྱི་མ་དོན་དུ་བྱས་ནས་འཆད། བཅུ་གཉིས་པ་འདི་ཡང་བློ་དམན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་བཅུ་གཉིས་སུ་ཕྱེ་བ་ཡིན་ལ། ཤེས་རབ་རྣོ་བ་རྣམས་ཀྱིས་བརྙས་པ་ཟློག་པར་བྱ་བའི་ཕྱིར། ཤིན་ཏུ་མ་ཕྱེ་བ་ཡིན་ནོ། །ཞེས་འགྲེལ་པ་ལས་བཤད། འདི་ཡང་བསྔོ་ཚུལ་གྱི་ལྡོག་པས་ཕྱེ་བ་ཡིན་གྱི། མོས་པ་ལྟར་གྲངས་ངེས་པ་ནི་མིན་ནོ། །ཞེས་ཇོ་བོ་སོགས་ཕལ་ཆེར་བཞེད། གསུམ་པ་རྗེས་སུ་ཡིད་རང་ལ། འབྲེལ་ནི་རྫོགས་བྱང་དུ་བསྔོས་པའི་དགེ་རྩ་དེ་ཡང་ཡི་རང་གིས་མངོན་པར་སྤེལ་དགོས་པའི་ཕྱིར། བསྔོ་བའི་འོག་ཏུ་ཡི་རང་འཆད་ཅེས་སྟོན་པ་ནི། དེ་ལྟར་ལེགས་པར་བསྔོས་པའི་དངོས་པོ། ཞེས་སོགས་སོ། །དངོས་ལ་མདོ་ནི། དེ་ནས་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་སྡོམ་སྟེ། གཞལ་ནས་རྗེས་སུ་ཡི་རང་བའི་རབ་ཀྱི་རྗེས་སུ་ཡི་རང་ན། ཞེས་སོགས་སོ། །དེ་དག་གི་དོན་བསྡུས་པ་ནི། ཐབས་དང་མི་དམིགས་པ་དག་གིས། ཞེས་སོགས་སོ། །སླར་ཡང་མོས་བསྔོ་ཡི་རང་གསུམ་གྱི་དོན་བསྡུས་ནས་མཇུག་བསྡུ་བ་ནི། དེ་ལ་བསྡུས་པའི་དོན་ནི་ཞེས་སོགས་སོ། །མཁན་ཆེན་རིན་པོ་ཆེས། བསྔོ་བ་དང་ཡི་རང་གཉིས་ལའང༌། བསྟོད་བཀུར་བསྔགས་གསུམ་སྦྱར་བར་བྱ་ཞིང༌། མོས་བསྔོ་ཡི་རངས་གསུམ་རྟོག་པར་འདོད་པས་ནི་གཞུང་ཙམ་ཡང་མ་མཐོང་བར་ཟད་དོ། །ཞེས་སོགས་སོ། །རྗེས་སུ་ཡི་རང་གིས་བསོད་ནམས་མཉམ་པར་ཐོབ་པའི་དོན་ལ། སྔ་རབས་རྣམས་བློ་མཉམ་ན་བསོད་ནམས་མཉམ། བློ་མཐོ་ན་བསོད་ནམས་ཆེ་བ་ཐོབ། བློ་དམའ་ན་བསོད་ནམས་ཆུང་བར་ཐོབ་ཅེས་གསུངས། བཅོམ་ལྡན་རལ་གྲི་ནི། འདི་མི་འཐད་དེ། བློ་མཉམ་པོ་ཁོ་ནའི་བསོད་ནམས་ཐོབ་ཚུལ་སྟོན་པ་མིན་པའི་ཕྱིར། དེས་ན་འདི་ཡིན་ཏེ། རྗེས་སུ་ཡི་རང་མ་བྱས་ན་རང་གི་དགེ་རྩ་ལ་འགྱོད་པ་དང༌། གཞན་གྱི་དགེ་རྩ་ལ་ཕྲག་དོག་སྐྱེ་བར་འགྱུར་ལ། དེ་ལ་སེམས་མི་མཉམ་པ་ཞེས་བྱ་ལ། འདིར་དེ་བྱས་པས་རང་གཞན་གྱི་བསོད་ནམས་ཀྱི་བྱ་བ་ལ་སེམས་མཉམ་པ་ཉིད་ཐོབ་སྟེ། མི་མཉམ་པའི་རྣམ་འགྱུར་ཞི་བར་འགྱུར་རོ། །ཞེས་བཤད། རང་ལུགས་ནི། ཡི་རང་བ་པོ་དང༌། ཡི་རང་བའི་ཡུལ་གཉིས་ཀས་བསོད་ནམས་དེ་བྱས་པ་ཙམ་དུ་མཉམ་ཞེས་པའི་དོན་ཏེ། དཔེར་ན། དགེ་སློང་ལྷ་སྦྱིན་གྱི་ཚུལ་ཁྲིམས་བསྲུང༌། ཁྱིམ་པ་ལྷ་སྦྱིན་གྱིས་དེ་ལ་རྗེས་སུ་ཡི་རངས་བསྒོམ་པ་ན། ཁྱིམ་པ་ལྷ་སྦྱིན་གྱིས་ཚུལ་ཁྲིམས་བསྲུང་བའི་བསོད་ནམས་གཏན་མ་ཐོབ་པ་མིན་ཏེ། ཁྱིམ་པ་དང་དགེ་སློང་གཉིས་ཀས་ཚུལ་ཁྲིམས་དེ་ལ་བརྟེན་པའི་བསོད་ནམས་ཐོབ་པར་མཉམ་པའི་ཕྱིར་ཞེས་པའི་དོན་ནོ། །གཉིས་པ་ཟག་མེད་སྒོམ་ལམ་ལ། དབྱེ་བ་བསྟན་ཏེ་མཚམས་སྦྱར། སོ་སོའི་རང་བཞིན་ཕྱེ་སྟེ་བཤད་པ་གཉིས། དང་པོ་ནི། རྗེ་བཙུན་གྱིས། དམན་དང་མཆོག་ཏུ་གནས་ཕྱིར་དང༌། །ཞེས་འབྱུང་བ་ལྟར། སྒོམ་ལམ་གཉིས་པོ་དེ་དམན་མཆོག་གི་གོ་རིམ་དུ་བྱས་ནས་འཆད་ཅེས་སྟོན་པ་ནི། ཟག་པ་དང་བཅས་པའི་འོག་ཏུ་ཞེས་སོགས་སོ། །འོ་ན་གཉིས་པོའི་ཁྱད་པར་གང་ལ་བྱ་ཞེ་ན། འབུམ་ཕྲག་གསུམ་པ། སྤངས་པ་དང༌། རྟོགས་པ་ལ་བཞེད། ལོ་ཙྪ་བ་ཆེན་པོ་མཉམ་གཞག་དང་རྗེས་ཐོབ་ལ་བཞེད། ཨར་གྱིས། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ལ་བཞེད། མཁས་པ་ཕལ་མོ་ཆེ་འདིའི་རྗེས་སུ་འབྲང༌། མཁན་ཆེན་རིན་པོ་ཆེ། གཉིས་པ་ལྟོས་ས་གཅིག་ལ་ལྟོས་ནས་གཞི་མཐུན་མི་སྲིད་ལ། ལྟོས་ས་ཐ་དད་ལ་ལྟོས་ནས་གཞི་མཐུན་སྲིད་ཅེས་བཞེད། དར་ཊཱིཀ་པ། རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དང༌། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཅེས་བཞེད། གཉིས་པ་ལ་བསྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས། དང་པོ་ལ་འབྲེལ་ནི། དང་པོ་ཡོན་ཏན་མངོན་པར་བསྒྲུབ་པའི་སྒོམ་ལམ་འཆད་དེ། རྣམ་གྲོལ་ལམ་གྱི་སྔོན་དུ་བར་ཆད་མེད་ལམ་གྱི་རྟོགས་པ་འགྲོ་དགོས་པའི་ཕྱིར། ཞེས་སྟོན་པ་ནི། དེའི་ཕྱིར་དང་པོར་མངོན་པར་སྒྲུབ་པའི་མཚན་ཉིད་ཀྱིས་སྒོམ་པའི་ལམ་ཞེས་སོ། །འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་སྣང་བར་བགྱིད་པའོ། །ཡུམ་འདི་ནི་ཕྱག་བགྱི་བར་འོས་པ་སྟེ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་སོ། །དེའི་དོན་བསྡུས་པ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོ། །གཉིས་པ་རྣམ་དག་སྒོམ་ལམ་ལ། རྒྱུ་དང་རྒྱུ་མིན་གྱི་དབྱེ་བ། འབྲས་བུ་རྣམ་གཞག་དངོས་སོ། །དང་པོ་ལ་མདོ་ནི། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས། བྱང་སེམས་ཆེན་པོ་གང་ཡུམ་འདི་ལ་མོས་པར་གྱུར་པ་དེ་གང་ནས་ཤི་འཕོས་ན་འདིར་མཆིས་པ་ལགས། ཞེས་སོགས་སོ། །དེའི་དོན་བསྡུས་པ་ནི། སངས་རྒྱས་རྟེན་དང་སྦྱིན་སོགས་དང༌། །ཞེས་སོ། །འོ་ན་ཅི་སྒྲུབ་པ་སྒོམ་ལམ་ལའང་རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་འདི་དག་དགོས་པ་མིན་ནམ། ཅིའི་ཕྱིར་རྣམ་དག་སྒོམ་ལམ་ཁོ་ན་ལ་བཤད་ཅེ་ན། བདེན་མོད་ཀྱི་སྐབས་གཉིས་པ་འདིར་བསྟན་པའི་ཐོབ་བྱའི་གཙོ་བོ་ནི་འབྲས་བུ་ཤིན་ཏུ་རྣམ་དག་ཡིན་ལ། དེའི་ཉེ་བར་ལེན་པའི་རྒྱུ་ནི་སྒྲུབ་པ་སྒོམ་ལམ་མམ། སྒོམ་ལམ་བར་ཆད་མེད་ལམ་དེ་ཉིད་ཡིན་ན། དེའི་ལྷན་ཅིག་བྱེད་པའི་རྐྱེན་ནི་གང་ཡིན་སྙམ་པའི་དོགས་པ་སེལ་བའི་ཕྱིར། ཞེས་སྟོན་པ་ནི། དེའི་འོག་ཏུ་ཞེས་སོགས་སོ། །ཡང་ན་མཐུན་རྐྱེན་ཚང་བར་བསྟན་པས་ནི། སྒྲུབ་པ་སྒོམ་ལམ་གྱི་རྒྱུའི་ལྡོག་ཆ་ནས་བསྟན། འགལ་རྐྱེན་སྤང་བར་བསྟན་པས་ནི། རྣམ་དག་སྒོམ་ལམ་གྱི་རྒྱུའི་ཆ་ནས་བསྟན་ཞེས་འཆད་ན་ལེགས་སམ་སྙམ། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་ཞེས་པ། མདོ་སྡེ་དྲན་པ་ཉེར་གཞག་ལས། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་སྡིག་ཅན་ལ། ཆུང་མ་པདྨའི་ཕྲེང་བ་ཅན་ཞེས་བྱ་བ་ཡོད་དེ། དེའི་སྤྱི་བོ་ན་དྲེགས་པར་བྱེད་པ་དང༌། རྨོངས་པར་བྱེད་པ་དང༌། ཀུན་ཏུ་རྨོངས་པར་བྱེད་པ་དང༌། བརྒྱལ་བར་བྱེད་པ་དང༌། སེམས་མེད་པར་བྱེད་པ་ཞེས་བྱ་བའི་མེ་ཏོག་གི་མདའ་ལྔ་ཡོད་པ་དེ་གང་ལ་ཕོག་པ་དེ་ནི་འདོད་ཆགས་ལ་སོགས་པའི་དུག་ལྔ་འབར་བར་འགྱུར་རོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་འབྲས་བུ་རྣམ་དག་དངོས་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མདོ་ནི། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཡུམ་རྣམ་པར་དག་པའོ། །ཡུམ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང༌། ཡུམ་རྣམ་པར་དག་པ་དང༌། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོ། །དོན་ནི། དྷརྨ་ཤྲཱི་སྟོང་ཕྲག་བརྒྱ་པའི་བཤད་པ་ལས། གཟུགས་ལ་སོགས་པ་ནི་དག་པར་བྱ་བའོ། །ཡུམ་ནི་དག་པར་བྱེད་པའོ། །འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའོ། །གཉིས་སུ་མེད་པ་ནི་དངོས་པོའོ། །གཉིས་སུ་བྱར་མེད་པ་ནི་བློ་ཡིས་སོ། །སོ་སོ་མ་ཡིན་པ་ནི་སྤྱིའི་མཚན་ཉིད་དོ། །མདོར་ན་ཆོས་ཐམས་ཅད་ཀྱི་སྤྱི་དང༌། རང་གི་མཚན་ཉིད་ལས་གྲོལ་བ་ནི་རྣམ་པར་དག་པའོ། །རྣམ་དག་ནི། རྣམ་བཅད་ནི་དགག་ཏུ་མེད་པའོ། །ཡོངས་གཅོད་སྒྲུབ་ཏུ་མེད་པ་ནི། ཆོས་ཉིད་ཀྱི་དོན་ལ་དགག་རྒྱུ་མེད་པ་ཞེས་བྱའོ། །ཞེས་གསུང༌། གནོད་འཇོམས་ལས། འབྲས་བུ་རྣམ་པར་དག་པ་སྟེ་རྣམ་པར་གྲོལ་བའོ། །ཡུམ་རྣམ་པར་དག་པ་སྟེ་ཆོས་སྐུའོ། །ཆོས་ཀྱི་སྐུ་རྣམ་དག་པ་གང་ཡིན་པ་དེ་ཉིད་གཟུགས་ཀྱི་རྣམ་པར་དག་པའོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེས་ནི་དེ་བཞིན་ཉིད་དང༌། རྣམ་པར་གྲོལ་བ་དང༌། ཆོས་སྐུ་ནི་མངོན་པར་ཐ་མི་དད་དེ་གཅིག་ཅེས་བྱའོ། །ཞེས་གསུང༌། ཉི་ཁྲི་སྣང་བ་ལས། གཉིས་སུ་མེད་པའི་དོན་ནི་གཟུང་བ་དང༌། འཛིན་པ་གཉིས་སུ་མེད་པའི་ཕྱིར་རོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི། ལྡེམ་པོ་དགོངས་པ་ལ་སོགས་པས་གཉིས་སུ་བྱར་མི་ནུས་པའི་ཕྱིར། དབྱེར་མེད་བཅད་དུ་མེད་ཅེས་བྱ་བ་ལ། དབྱེ་བ་ནི་མཚན་ཉིད་སྣ་ཚོགས་པ་ཉིད་དོ། །བཅད་པ་ནི་སོ་སོ་ཐ་དད་པར་ཡན་ལག་ཐ་དད་བྱེད་པའོ། །ཞེས་གསུངས་སོ། །མདོའི་དོན་བསྟན་བཅོས་སུ་ཇི་ལྟར་བསྡུས་པ་ནི། འབྲས་བུ་དག་པ་ཞེས་སོ། །འདིར་དགོངས་པ་ནི། འབྲས་བུ་ནི་རྣམ་གྲོལ་ལམ་མོ། །ཤེར་ཕྱིན་ནི། བསྒྲུབ་པ་སྒོམ་ལམ་མོ། །དག་བྱ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་ཞེན་པའི་དྲི་མའོ། །མདོར་ན་ས་གཉིས་པའི་མཉམ་གཞག་རྣམ་གྲོལ་ལྟ་བུ་གཅིག་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་དྲི་མ་དེ་ཉིད་ཀྱིས་རྣམ་པར་དག་པ་ཡིན་ཏེ། ཁྱོད་གཉིས་དག་བྱའི་དྲི་མ་གཅིག་ཡིན་པའི་ཕྱིར། དཔེར་ན། བུ་གཅིག་ཤི་བ་ན། ཕ་མ་གཉིས་ཀྱི་བུ་ཤི་བ་བཞིན་ནོ། །དེ་ཡང་གོ་སླར་བྱས་ན། བུམ་པ་ལ་བདེན་འཛིན་ཅན་གྱི་གང་ཟག་གཅིག་གིས་བུམ་པ་ལ་དམིགས་ནས་བདེན་གྲུབ་ཀྱི་རྣམ་པར་འཆར་བ་ན། ཡུལ་བུམ་པ་དེ་རང་བདེན་འཛིན་ཅན་གྱི་གང་ཟག་དེའི་རྒྱུད་ཀྱིས་རང་ལ་བདེན་པར་འཛིན་པའི་དྲི་མ་དེས་མ་དག་པ་ཡིན་ཏེ། རང་འཛིན་གྱི་ཤེས་པ་དེ་ལ་བདེན་གྲུབ་ཀྱི་རྣམ་པ་བཏད་པའི་ཕྱིར། གང་ཟག་དེས་རང་རྒྱུད་ཀྱི་བུམ་པ་བདེན་འཛིན་གྱི་བློ་དེ་སྤངས་ན། ཡུལ་བུམ་པ་དེ་ཡང༌། རང་བདེན་པར་འཛིན་པའི་དྲི་མས་དག་པ་ཡིན་ཏེ། རང་འཛིན་གྱི་ཤེས་པ་དེ་ལ་བདེན་མེད་ཀྱི་རྣམ་པ་བཏོད་པར་བྱེད་པའི་ཕྱིར་རོ། །ཞེས་སྟོན་པའི་དབང་དུ་བྱས་ནས། འཕགས་པའི་གང་ཟག་གི་དགེ་སྦྱོང་གི་ཚུལ་ཞེས་སོ། །དེ་ལྟར་ན་འདིས་ནི་དྲི་མ་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་བསྒྲུབས་ཏེ། འབྲས་བུ་རྣམ་དག་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། འཕགས་གཞི་རྣམ་དག་གི་དབྱེ་བ། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བསྒྲུབ་པ། སྒྲུབ་བྱེད་ལ་ཀླན་ཀ་སྤང་བའོ། །དང་པོ་ལ་འབྲེལ་ནི། རྣམ་དག་རིགས་པའི་སྒོ་ནས་སྒྲུབ་པ་དེ་ཉིད་བཤད་དགོས་སོ་ཞེ་ན། བཤད་པ་ཞེས་སྟོན་པ་ནི། རྣམ་པར་དག་པ་སྤྱིར་བརྗོད་ནས་ཞེས་སོ། །དངོས་ལ་མདོ་ནི། རབ་འབྱོར་གཞན་ཡང་བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་བདག་རྣམ་པར་དག་པ་ཞེས་སོགས་སོ། །བྱེད་པའི་སྐྱེས་བུ་བཅུ་གཉིས་པོ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་སྦྱར་ནས་གསུངས་པ་དང༌། མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ་སོགས་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སོགས་དང༌། མཐའ་ལས་རྒལ་བ་དང༌། མཐའ་ལས་ཤིན་ཏུ་སོང་བའོ། །ཞེས་སོགས་ཀྱི་དོན་བསྡུས་ཏེ་སྟོན་པ་ནི། ཉོན་མོངས་ཤེས་བྱའི་ལམ་གསུམ་སྒྲིབ། ཉམས་ཕྱིར་སློབ་མ་བསེ་རུ་དག་སོགས་སོ། །འདི་ལ། ཉོན་མོངས་ཉམས་ཕྱིར་ཉན་ཐོས་དག །ཤེས་བྱ་ཉམས་ཕྱིར་བསེ་རུ་དག །ལམ་གསུམ་ཉམས་ཕྱིར་བྱང་སེམས་དག །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་སྦྱར་རོ། །གཉིས་པ་སངས་རྒྱས་ཀྱི་རྣམ་དག་ཤིན་དུ་བར་སྒྲུབ་པ་ལ། སྔ་ཕྱིའི་འབྲེལ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཞེས་པར། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་དང༌། ཉན་རང་དང་བྱང་སེམས་ཀྱི་རྣམ་དག་ཤིན་དུ་བ་མིན་པར་བཤད་ནས། དེའི་སྒྲུབ་བྱེད་གང་ཞེ་ན། ཞེས་སྟོན་པ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་རྣམ་པར་དག་པ་སྨོས་པའི་ཞར་ལ་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ་མདོ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། ཞེས་སོགས་ཀྱིས་གཉེན་པོ་དགུ་དང༌། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས། རྣམ་པར་དག་པ་ནི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །ཞེས་མི་མཐུན་ཕྱོགས་ཁམས་གསུམ་གྱི་དྲི་མ་རྣམས་འཕངས་སོ། །དེའི་དོན་བསྡུས་པ་ནི། ས་དགུ་ལ་ནི་ཞེས་སོགས་ཏེ། དོན་ནི། སངས་རྒྱས་ཀྱི་རྣམ་དག་དེ་ཤིན་དུ་བ་ཡིན་ཏེ། ཐེག་ཆེན་གྱི་སྒོམ་ལམ་དེ་དྲི་མ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར། ཉན་རང་གི་རྣམ་དག་དེ་ཤིན་ཏུ་མེད་དེ། ཉན་རང་གི་སྒོམ་ལམ་སྤང་བྱ་ཉི་ཚེ་བ་ཙམ་གྱིས་གཉེན་པོ་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །འདིར་ཨ་བྷྱ་ཀ་ར་ནི། འདོད་ཁམས་ཀྱི་སྒོམ་སྤང་དགུ་པོ་དེ། ས་གཉིས་པ་ནས་བཅུ་པའི་བར་དུ་སྤོང་ཞིང༌། སྒོམ་སྤངས་སུ་གྱུར་པའི་གཟུགས་དང༌། གཟུགས་མེད་པའི་ཉོན་མོངས་བདུན་བཅུ་རྩ་གཉིས་ཡོད་པ་ལས། བདུན་བཅུ་རྩ་གཅིག་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་གྱིས་སྤོང་ལ། ལྷག་མ་གཅིག་པོ་དེ་སངས་རྒྱས་ཀྱི་སས་སྤོང་ངོ༌། །ཞེས་གནད་ཀྱི་ཟླ་ཟེར་ལས་བཤད། འོ་ན་འདིར་སྒོམ་ལམ་ས་དགུ་ལ་བརྟེན་པར་བཤད་ན། མཛོད་ལས། འདོད་པའི་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ཡན་ལག་སྤང་ཞེས་བཤད། །ཅེས་འབྱུང་བ་མིན་ནམ་ཞེ་ན། དེ་ནི་ཉན་ཐོས་ཐབས་ལ་མི་མཁས་པའི་དབང་དུ་བྱས་ལ། འདིར་བྱང་སེམས་ཐབས་ལ་མཁས་པའི་ཁྱད་པར་རོ། །ཞེས་སློབ་དཔོན་འདི་བཞེད་པ་ལྟར་ལེགས་ལ། འབུམ་ཕྲག་གསུམ་པ། འདིར་ཁམས་གསུམ་ས་དགུ་ནི། གཉེན་པོའི་རྟེན་ནི་ཟག་མེད་ས་དགུ་ཁོ་ན་ཡིན་ནོ། །ཡུམ་གྱི་མདོར། འདོད་པའི་ཁམས་སྨོས་པ་ནི། ཡུམ་དེ་ལ་གནས་པ་མེད་པར་སྟོན་པ་ཡིན་གྱི། ས་དགུའི་ཕྱོགས་གཅིག་ངོས་འཛིན་པ་ནི་མིན་ནོ། །ཞེས་བཞེད། གཉིས་པ་སྒྲུབ་བྱེད་ལ་ཀླན་ཀ་སྤང་བ་ལ། འབྲེལ་ནི། སྒོམ་ལམ་བར་ཆད་མེད་ལམ་ཇི་སྐད་བཤད་མ་ཐག་པ་དེ་ཆོས་ཅན། ཁམས་གསུམ་གྱི་སྒོམ་སྤངས་མཐའ་དག་གི་གཉེན་པོ་ཡིན་ཏེ། ཁམས་གསུམ་གྱི་གཟུང་འཛིན་རང་བཞིན་མེད་པར་མཉམ་ཉིད་དུ་རྟོགས་ཟིན་སྒོམ་པའི་སློབ་ལམ་མཐར་ཐུག་ཡིན་པའི་ཕྱིར། ཞེས་པ་ས་དགུ་ལ་ནི། ཞེས་པའི་རྟགས་བསྒྲུབ་ཏུ་འཆད་ཅེས་མཚམས་སྦྱར་བ་ནི། ཇི་ལྟར་ཤིན་ཏུ་ཡིན་ཞེ་ན། །ཞེས་པའོ། །འབྲེལ་པ་ཅན་དངོས་ལ། འཕགས་པ་ལྟར་ན། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤང་བ་ཡི། །ལམ་ནི་གཉེན་པོ་ཉིད་དུ་འདོད། །ཅེས་སྟོན་ནས་རྐང་པ་སྔ་མ་གཉིས་ཀྱིས། ཤཱ་རིའི་བུས་གསོལ་པ། རྣམ་པར་དག་པ་ནི་འདོད་པ་དང༌། གཟུགས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །བཀའ་སྩལ་པ། ཁམས་གསུམ་རང་བཞིན་གྱིས་མི་སྐྱེ་བའི་ཕྱིར། ཞེས་སོགས་ཀྱི་དོན་བཤད་ནས། ཡུལ་མཉམ་པ་ཉིད་དུ་རྟོགས་པས་ཁམས་གསུམ་གྱི་གཉེན་པོ་བྱེད་ཚུལ་དེ་བསྟན། རྐང་པ་ཕྱི་མ་གཉིས་ནི་དེ་ལྟར་བསྟན་པ་ལ་རྩོད་པ་སྤངས་པ་སྟེ། ཀླན་ཀ་ནི། ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ཤེར་ཕྱིན་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད། གནོད་པར་མི་བགྱིད། ཅེས་གསུངས་སོ། །དོན་ནི། གལ་ཏེ་ཡུལ་ཡུལ་ཅན་གཉིས་སུ་ཡོད་ན། གཉེན་པོ་ཆུང་ངུའི་ཆུང་ངུས་མི་མཐུན་ཕྱོགས་ཆེན་པོའི་ཆེན་པོ་སྤོང་བ་སོགས་འཐད་པ་ལས། དེ་མེད་པའི་ཕྱིར་མི་འཐད་དོ། །དེ་འདོད་ན། ཚོགས་ལ་འབད་པ་སྐྱེད་པ་དོན་མེད་པར་ཐལ། དེ་ཡང་འདོད་ན། འགོག་བདེན་ཐོབ་པ་དང༌། ལམ་བདེན་མངོན་པར་རྟོགས་པ་དོན་མེད་པར་ཐལ་ལོ། །ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཡུམ་རྣམ་པར་དག་པ་ནི་ཆོས་འགའ་ཡོངས་སུ་འཛིན་པར་མི་བགྱིད་ལགས་སོ། །ཞེས་དང༌། བཅོམ་ལྡན་འདས་གཉིས་རྣམ་པར་དག་པ་ལ་ནི་ཐོབ་པའི་མངོན་པར་རྟོགས་པ་མེད་དོ། །ཞེས་སོ། །ལན་ནི་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་སོ། །དོན་ནི། དོན་དམ་པར་འདོད་དེ་ཆོས་ཀྱི་དབྱིངས་ལ་ཕན་གནོད་བྱར་མེད་པའི་ཕྱིར། ཀུན་རྫོབ་ཏུ་ཁྱབ་པ་མ་གྲུབ་སྟེ། ཀུན་རྫོབ་ཏུ་ཡུལ་ཡུལ་ཅན་རང་བཞིན་མེད་པར་ཤེས་པ་ཉིད་གཉེན་པོ་ཡིན་པའི་ཕྱིར། ཞེས་སྟོན་པར་གསུངས་སོ། །སློབ་དཔོན་ལྟར་ན། བསལ་བྱ་ཀླན་ཀ སེལ་བྱེད་ཀྱི་ལན། ཀླན་ཀ་བསལ་བས་གྲུབ་པའི་དོན་ནོ། །དང་པོ་ནི། དེ་ལ་གཉེན་པོ་ནི་ཆེན་པོའི་ཆེན་པོ་ལ་སོགས་པ་མི་མཐུན་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་མི་རིགས་སོ། །ཞེས་པའོ། །ལན་ནི། གོས་ལ་ཆགས་པའི་དྲི་མ་ཕྲ་མོ་བསལ་བ་ལ་ཞེས་སོ། །གསུམ་པ་ནི། སྒོམ་པའི་ལམ་ཤིན་ཏུ་བ་ཇི་སྐད་བསྟན་པ་དེ་ཞེས་སོ། །དེ་ལྟར་ན་འགལ་རྐྱེན་ང་རྒྱལ་སོགས་སྤངས་པའི་རྟེན་གྱི་གང་ཟག་དེས་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རིགས་ཅན་གཉིས་ཀྱི་རྟོགས་རིགས་ཡར་ལྡན་དུ་སྐྱེད་ནས་དེ་དག་མི་དམིགས་པར་སྒོམ་པས་ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་ལམ་རྒྱུད་ལ་སྐྱེས་ཤིང༌། དེའི་རྒྱུན་མཉམ་གཞག་ཏུ་སྒོམ་པའི་སྒྲུབ་པ་སྒོམ་ལམ་དང༌། རྗེས་ཐོབ་ཏུ་མོས་བསྔོ་ཡི་རང་གསུམ་གྱིས་བསོད་ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཉོན་མོངས་མི་སྤོང་བའི་རྒྱུ་ལས་སེམས་ཅན་གྱི་དོན་བསྒྲུབ་ནས་མཐར་ཐུག་གི་འབྲས་བུ་ཤིན་ཏུ་རྣམ་དག་འབྱུང་ངོ་ཞེས་སྟོན་པ་ནི་སྐབས་གཉིས་པ་སྤྱིའི་འགྲེལ་ལོ། །ཞེས་མི་ཕམ་བསྟན་པའི་ཉི་མ་སངས་རྒྱས་དཔལ་གསུང་ངོ༌། །དེ་ལྟར་བྱས་ན་ལུང་གི་སྙེ་མ་ལས། ཡན་ལག་ལྔར་བཅས་ངོ་བོ་གང་ཟག་དང༌། །གཟུང་དང་དེ་བཞིན་འཛིན་བྲལ་ཐེག་གསུམ་ལམ། །མཐོང་དོན་ཟག་བཅས་ཟག་མེད་ཀྱིས་བསྒོམ་པས། །ཤིན་ཏུ་དག་པར་འགྱུར་ཚུལ་ལེགས་པར་བཤད། །ཅེས་འབྱུང་བ་ལྟར། ལམ་ཤེས་འདི་ནི་དེ་འདྲར་བཤད། །ཅེས་གང་གསུངས་པ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། རིགས་ཅན་གསུམ་གྱི་ལམ་གྱི་རྟོགས་རིགས་ཙམ། །ཡར་ལྡན་སྐྱེས་པ་ལམ་ཤེས་ཡིན་ནོ་ཞེས། །ལམ་དང་ལམ་ཤེས་སོ་སོར་མི་འབྱེད་པ། །དེ་ཡང་གསུམ་པའི་སྐབས་དང་ཟློས་མཐོང་ནས། །ཉན་རང་གཉིས་ཀྱི་ལམ་དང་རྗེས་མཐུན་པ། །རྒྱུད་ལ་སྐྱེད་ཅིང་དེ་དོན་མི་དམིགས་པར། །ལེགས་པར་རྟོགས་བྱེད་མཐོང་སྒོམ་རིམ་པ་ཡིས། །ལམ་ཤེས་སྟོན་པ་མ་ཕམ་རྒྱལ་བའི་གཞུང༌། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། སྐབས་ནི་མཐའ་གཉིས་རྣམ་དག་གི་སྐབས་ཡིན་ལ། གཉིས་པ་ཞེས་པ་ནི། དང་པོ་ལ་ལྟོས་པའམ། ཡང་ན་སྔར་རབ་འབྱོར་གྱི་ལེའུར་བཤད་པ་དེ་ཉིད། སླར་ཡང་རབ་འབྱོར་གྱིས་གཉིས་པར་བཤད་ཅེས་པའི་དོན་ཏེ། ཉི་ཁྲི་སྣང་བ་ལས། ཡུམ་གྱི་རྣམ་པ་ཤེས་པ་ཉིད་ཉེ་བར་བཟུང་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་བྱོས་ཤིག་ཅེས་བྱ་བས་སྐབས་ཡོངས་སུ་རྫོགས་པར་སྟོན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་ཏེ། དོན་ནི། རྣམ་མཁྱེན་རྒྱུ་ལམ་ཤེས་དང་བཅས་པ་རབ་འབྱོར་ལ་སྟོན་ཅིག་པར་བཀའ་བསྒོ་བ་དེ་ལེའུ་གཉིས་པ་འདིས་ཡོངས་སུ་རྫོགས་སོ། །ཞེས་བྱ་བར་འགྱུར་རོ།།  །།སྲིད་པའི་རྒྱ་མཚོ་རིང་ནས་ལེགས་རྒལ་ཀྱང༌། །ཞི་བའི་གནས་སུ་ཡུད་ཙམ་མི་ཞུགས་ལ། །ཕྱི་ནང་ཆོས་ཀྱི་དེ་ཉིད་སྟོན་མཁས་པའི། །སྤྱན་རས་གཟིགས་དབང་དེ་ལ་སྙིང་ནས་འདུད། །གསུམ་པ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ལ། འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་དང་གསུམ། དང་པོ་ནི། ཐེག་པ་ཆེན་པོར་རིགས་ངེས་པའི་དབང་དུ་བྱས་ན། རྒྱུ་ལམ་ཤེས་ཀྱི་འོག་ཏུ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་འཆད་དགོས་ཏེ། གཞི་མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་མ་ལུས་པ་ལེགས་པར་ཤེས་པ་མེད་པར་མི་འབྱུང་བའི་ཕྱིར། དམན་པར་རིགས་ངེས་པའི་དབང་དུ་བྱས་ན། གཞི་ཤེས་ཀྱི་རྟོགས་པ་སྔོན་དུ་མ་སོང་བར་ལམ་ཤེས་ཀྱི་རྟོགས་པ་མི་སྐྱེ་བའི་ཕྱིར་ཞེས་སྟོན་པ་ནི། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཞེས་སོ། །འདིར་གཙོ་བོར་ནི་སྔ་མ་ལྟར་ཡིན་ཏེ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པའང་སྐབས་འདིར་མེད་པ་མིན་ཏེ། ལམ་ཤེས་ཀྱི་མདོར། དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། མི་མཐུན་ཕྱོགས་ཀྱི་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་གཉེན་པོའི་ཕྱོགས་ཀྱི་ལམ་ལེགས་པར་ཤེས་པ་མེད་པས། ཞེས་བཞེད། དྷི་ར་བ་ལ། གཞི་ཤེས་དང་ལམ་ཤེས་རྒྱུ་འབྲས་ཡིན་པས་ཞེས་བཞེད། འབྲེ་ཆེན་པོ། གཞི་ཤེས་པ་ལམ་གྱི་གོར་ཤེས་པ་མེད་ན། ལམ་ཤེས་པ་རྣམ་མཁྱེན་གྱི་ཐུན་མོང་མིན་པའི་རྒྱུར་ཤེས་པ་མེད་པས། ཞེས་བཞེད། ཨར་ན་རེ། ས་བདུན་པ་མན་ཆད་ཀྱི་གཞི་ཤེས་པ་མེད་པར། ས་བརྒྱད་པ་མན་ཆད་ཀྱི་ལམ་ཤེས་པ་མེད་པས་ཞེས་བཞེད། ཞང་ཚེ་སྤོང་ན་རེ། ཁྱབ་བྱེད་གཞི་ཐམས་ཅད་ཤེས་པ་མེད་པར་ཁྱབ་བྱ་ལམ་ཐམས་ཅད་ཤེས་པ་མེད་པས་ཞེས་བཞེད། ལེགས་བཤད་གསེར་འཕྲེང་བ། སྐྱེས་བུ་འབྲིང་གི་ལམ་སྔོན་དུ་མ་སོང་བར་སྐྱེས་བུ་ཆེན་པོའི་ལམ་མི་སྐྱེ་བས་ཞེས་བཞེད། བཅོམ་ལྡན་རལ་གྲི་ན་རེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། བྱིས་པ་དབང་པོ་ཞན་ཞིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་ན། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་ནི་རྒྱ་ཆེན་ཐེག་ཆེན་སྣོད་མ་ཡིན། །ཞེས་གསུངས་པ་ལྟར། ཐེག་པ་འོག་མ་གཉིས་མ་ཤེས་པ་ཐེག་ཆེན་གྱི་ལམ་མི་ཤེས་པས། ཞེས་བཞེད། དར་ཊཱིཀ་པ། གསེར་ཕྲེང་ལྟར་བཞེད་པ་ནི་ནང་འགལ་ཏེ། རྒྱན་གྱིས་ཆེད་དུ་བྱ་བའི་གདུལ་བྱ་ཉན་རང་མེད་པར་ཁས་བླངས་པའི་ཕྱིར་དང༌། སོ་སོ་སྐྱེ་བོ་ལ་གཞི་ཤེས་མེད་པར་ཁས་བླངས་པ་དང༌། ཐེག་ཆེན་དུ་རིགས་ངེས་པའི་གང་ཟག་གིས། ལམ་ཤེས་ཀྱི་སྔ་རོལ་ཏུ་གཞི་ཤེས་ཀྱི་རྟོགས་པ་སྐྱེ་མི་སྲིད་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ། སྤྱིའི་འབྲེལ་དང༌། སོ་སོའི་འབྲེལ་ལོ། །དང་པོ་ལ། འོ་ན་སྐབས་གཉིས་པར་གཟུགས་མི་རྟག་པར་ཡིད་ལ་བྱའོ། །ཞེས་སོགས་ཀྱི་མི་རྟག་པ་སོགས་བཅུ་དྲུག་རྟོགས་པའི་ལམ་བཤད་པས། གཞི་ཤེས་པ་ཡང་བཤད་ཟིན་པ་མིན་ནམ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་སྐབས་གཉིས་པར་ནི་མི་དམིགས་པ་བསྒོམ་པའི་ཡུལ་དུ་བསྟན་ལ། འདིར་ནི་མི་རྟག་པར་ཡིད་ལ་བྱའོ་ཞེས་སོགས་ཀྱིས་འཕངས་པའི་གཞི་མ་ལུས་པ་ཡོངས་སུ་ཤེས་པའི་དོན་དུ་སྟོན་པ་ཡིན་ནོ། །ཞེས་པའི་དོན་དུ་འགྲེལ་ཆེན་དང༌། ལོ་ཙྪ་བ་ཆེན་པོས་གསུངས་པ་ལྟར་ཡིན་ནོ། །དེས་ན་སྐབས་གཉིས་པར་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ཀྱི་ཤེས་བྱར་དོན་གྱི་འཕངས་པའི་གཞི་ཤེས་དེ་ཉིད། འདིར་མི་མཐུན་ཕྱོགས་དང༌། གཉེན་པོའི་སྒོ་ནས་འཆད་པ་ལ་ཆོས་དགུ་ཡོད་པ། གཉིས་སུ་འདུས་ཏེ། རྟེན་གྱི་གང་ཟག་ཉན་ཐོས་སོགས་དང་ཐུན་མོང་བའི་ཤེར་ཕྱིན་སྤྱིར་བཤད། བྱང་སེམས་ཀྱི་ཐུན་མོང་མིན་པའི་གཞི་ཤེས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། ཁྱད་པར་གྱི་གཞི་ངོས་བཟུང་བ་དང༌། དེའི་སྟེང་དུ་ཁྱད་པར་གྱི་ཆོས་ལ་དོགས་པ་བཅད་པ་གཉིས། དང་པོ་ནི། སྔར་མཐའ་གཉིས་རྣམ་དག་གི་ལེའུར་བཤད་པའི་ལམ་ཤེས་དེ་ཡང༌། ཤེས་པས་སྲིད་པ་ལ་མི་གནས་པ་དང༌། སྙིང་རྗེས་ཞི་ལ་མི་གནས་པ་གཅིག་མིན་པར་བསྟན་ནས། དེའི་ཤུགས་ལ་ཉན་རང་གི་ཤེར་ཕྱིན་སྲིད་ཞི་གང་རུང་གི་མཐའ་ལ་གནས་པར་སྟོན་ནོ། །གཉིས་པ་ལ་ཉེ་རིང་སོ་སོར་ཕྱེ་བ་དང༌། དེ་གཉིས་སྤང་གཉེན་དུ་བསྟན་པའོ། །དང་པོ་ལ། འོ་ན་དེ་ལྟ་བུའི་ཤེར་ཕྱིན་གཉིས་པོ་དེ། སྐབས་དང་པོར་བསྟན་པའི་འབྲས་བུ་རྣམ་མཁྱེན་དེ་ལ་ཉེ་རིང་གི་ཁྱད་པར་ཡོད་དམ་མེད་ཅེ་ན། ཉེ་རིང་གང་གི་ཁྱད་པར་སྟོན་པ་ནི། ཐབས་མ་ཡིན་པས་རིང་བ་དང༌། ཐབས་ཀྱིས་མི་རིང་བར་བསྟན་པ་རྣམས་སོ། །གཉིས་པ་ཉེ་རིང་གཉིས་སྤང་གཉེན་དུ་སྦྱར་བ་ནི། ཉན་རང་གི་གཞི་ཤེས་མཚན་མར་དམིགས་པ་ཡིན་ན། ཡུལ་གང་ལ་དམིགས། དེ་ཉིད་ཕྱིས་འབྲས་ཡུམ་ལ་ཉེ་བའི་ཐབས་ཇི་ལྟར་བྱ་ཞེ་ན། ཉན་རང་གི་གཞི་ཤེས་ནི་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པ་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར། མི་མཐུན་ཕྱོགས་དང་བཅས་པ་ཡིན་ལ། བྱང་སེམས་ཀྱི་གཞི་ཤེས་ནི། གཞི་ལམ་འབྲས་གསུམ་རང་བཞིན་མེད་པར་རྟོགས་པའི་ཕྱིར། དེའི་གཉེན་པོའི་ཕྱོགས་ཡིན་ནོ་ཞེས་སྟོན་པ་རྣམས་སོ། །གཉིས་པ་ཐུན་མོང་མིན་པའི་གཞི་ཤེས་ལ། དེ་ལྟར་ན་ཉེ་བའི་གཞི་ཤེས་ལ་འཇུག་པའི་སྦྱོར་བ་དེ་ཅི། ཉེ་བའི་གཞི་ཤེས་རང་གི་ངོ་བོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་ལམ་བསྟན་ཏོ། །དེ་ལྟར་ན་སྐབས་གསུམ་པ་འདིར་གཞི་མི་མཐུན་ཕྱོགས་དང༌། དབྱིག་གཉེན་པོ་རབ་དབྱེ་དངོས་སུ་བསྟན་ནས། དེ་ཤེས་པའི་གཞི་ཤེས་མཚོན་པའི་ཚུལ་གྱིས་བསྟན་ནོ། །འོ་ན་མཐོང་ལམ་དངོས་སུ་བསྟན་པ་མིན་ནམ་ཞེ་ན། བསྟན་མོད། ལམ་ཤེས་ཀྱི་སྔོན་དུ་འགྲོ་བའི་གཞི་ཤེས་བརྗོད་པ་དེ། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཡེ་ཤེས་དེ་ཉིད་ཡིན་ཏེ། སྐབས་གསུམ་པ་ལོགས་སུ་བསྟན་པའི་དགོས་པ་དང༌། དེ་ཉིད་བདེ་བླག་དུ་རྟོགས་པ་དེ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་འདིར་བསྟན་པའི་གཞི་ཤེས་ལ། མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་ཤེས་པའི་གཞི་ཤེས་དང༌། གཞི་བདེན་སྟོང་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་གཞི་ཤེས་གཉིས་ཡོད་པར་ཤེས་པར་བྱའོ། །འདི་ནི་འཕགས་པའི་དགོངས་པ་གཙོ་བོར་བྱས་སོ། །གཉིས་པ་སོ་སོའི་འབྲེལ་ལ། འཇུག་ཡུལ་གཞི་ཤེས། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ། མཁྱེན་གསུམ་འཇུག་བསྡུ་བའོ། །དང་པོ་ལ་སྐབས་གཉིས་པར་བསྟན་པའི་ཤེར་ཕྱིན་དང༌། དེ་ལས་ལྡོག་པའི་ཤེར་ཕྱིན་ངོས་བཟུང༌། དེ་རྣམ་མཁྱེན་ལ་ཉེ་རིང་གི་ཁྱད་པར་དུ་བསྟན། རིང་བའི་ཤེར་ཕྱིན་མི་མཐུན་ཕྱོགས་སུ་བསྟན་ཅིང༌། ཉེ་བའི་ཤེར་ཕྱིན་གཉེན་པོའི་ཕྱོགས་སུ་བསྟན་པ་དང་གསུམ་མོ། །དང་པོ་ལ་འབྲེལ་ནི། སྔར་མཐའ་གཉིས་རྣམ་དག་གི་ལེའུར་བཤད་པའི་ཤེར་ཕྱིན་དེ་མཐའ་གཉིས་ཀྱིས་རྣམ་པར་དག་པའི་ཚུལ་ཇི་ལྟ་བུ་སྙམ་པ་ལ། སྔར་མཐའ་གཉིས་རྣམ་དག་གི་ལེའུ་བཤད་པ་དེ་ཉིད་ལས་བརྩམས་ཏེ། ཡོད་པ་ཁྱད་པར་ཅན་གྱི་ལེའུ་གསུངས་པ་ཡིན་ནོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་ནི། ཚུ་རོལ་དང་ཕ་རོལ་གྱི་མཐའ་ལ་མ་ལགས། གཉིས་ཀའི་བར་ན་མི་དམིགས་སོ། །བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས། བཀའ་སྩལ་པ། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས། དེའི་དོན་བསྡུས་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོ། །འདིར་འཕགས་པས་ནི། དངོས་བསྟན་བྱང་སེམས་ཀྱི་ཤེར་ཕྱིན་ཁོ་ན་འཆད། སློབ་དཔོན་གྱིས་འདིར་མདོ་དང་བསྟན་བཅོས་ཀྱི་སྲིད་ཞི་ལ་གནས་པའི་གཞི་ཤེས་ཤུགས་ལ་འཕངས་པར་བཞེད་དོ། །དེ་བཞིན་དུ། འཇུག་པ་སྦྱོར་བ་དང༌། ཞུགས་འབྲས་མཐོང་ལམ་གྱི་སྐབས་སུའང༌། ཉན་རང་གི་སྦྱོར་མཐོང་ཤུགས་ལ་བསྟན་པ་བཞེད་དོ། །དེས་ན་སློབ་དཔོན་གྱི་ལུགས་འདི་ལ། སྲིད་ཞི་ལ་མི་གནས་པ་དང་གནས་པའི་ཤེར་ཕྱིན་ངོས་བཟུང་ནས། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དང༌། མི་ཤེས་པའི་ཕྱིར་ཞེས་བཀོད་ནས། འབྲས་ཡུམ་ལ་ཉེ་རིང་དུ་སྒྲུབ་པ་ནི། དུས་གསུམ་པའི་ཆོས་རྣམས་ཞེས་སོགས་དང༌། ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་ཟློག་སྟེ་བསྟན་པས་ཞེས་སོ། །གཉིས་པ་ལ་ཉེ་རིང་གི་རྒྱུ་མཚན་ལ་རྩོད་པ་བཀོད་དེ། སྔ་ཕྱིའི་འབྲེལ་བཙལ་བ་ནི། ཉན་རང་གི་གཞི་ཤེས་ཆོས་ཅན། དུས་གསུམ་མཉམ་ཉིད་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་འབྲས་ཡུམ་ལ་རིང་བ་མིན་པར་ཐལ། དེར་རྟོགས་པའི་ཕྱིར་ཏེ། རྟེན་འབྲེལ་རྟོགས་པའི་ཕྱིར། ཁྱབ་སྟེ། ཀླུ་གྲུབ་ཀྱི་གཞུང་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་གསུངས་པའི་ཕྱིར། ཞེས་སྟོན་པ་ནི། ལུགས་ལས་ཞེས་སོ། །འབྲེལ་པ་ཅན་དངོས་ཀྱི་ལན་འདེབས་པ་ལ། མདོ་ནི། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། བུ་མོ་ཐབས་མི་མཁས་པས་ཡུམ་འདི་དམིགས་པའི་ཚུལ་གྱིས་ཤེས་པར་བགྱི་ན། ཡུམ་འདི་འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར། ཅེས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་ཆགས་པ་དང༌། མ་ཆགས་པ་མ་མཆིས་པར་ཡུམ་འདི་ལེགས་པར་བཤད་པ་དང༌། ལེགས་པར་མཐར་ཕྱུང་བའི་བར་ནི་ངོ་མཚར་ཆེའོ་ཞེས་གསུང༌། དེའི་དོན་བསྡུས་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོ། །དོན་ནི། ཉན་རང་གི་གཞི་ཤེས་ཆོས་ཅན། རྟེན་འབྲེལ་གྱི་དོན་རྟོགས་པའི་རྒྱུ་མཚན་གྱིས། དུས་གསུམ་མཉམ་ཉིད་ཤེས་པ་མིན་པར་ཐལ། རྟེན་འབྲེལ་གྱི་དོན་མ་རྟོགས་པའི་ཕྱིར་ཏེ། རྟེན་འབྲེལ་ལ་མཚན་མར་བཟུང་བའི་ཕྱིར། ཞེས་སྟོན་པ་ན། སྒྱུ་མ་མཁན་གྱི་ཞེས་སོགས་སོ། །དེས་ན་གཞུང་འདིས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་ཤུགས་བསྟན་ལ་རྩོད་པ་སྤངས་ཏེ། གྲུབ་པའི་དོན་འཆད་པ་ཡིན་ནོ། །ཞེས་སྟོན་པ་ནི། ཐབས་མ་ཡིན་པས་ནི། ཞེས་སོགས་སོ། །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་ལ། འབྲེལ་ནི། དེའི་ཕྱིར་ཉན་རང་གི་བསྒྲུབ་པ་དེ། འབྲས་བུ་རྣམ་མཁྱེན་བསྒྲུབ་པའི་མི་མཐུན་ཕྱོགས་དང་བཅས་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ལྟར་ཉན་ཐོས་ལ་སོགས་པའི་ཞེས་སོགས་སོ། །མདོའི་འབྲེལ་ནི། གོང་གི་ཉེ་བའི་གཞི་ཤེས་ཀྱི་མདོ་དྲངས་མ་ཐག་པ་ལ་འཕྲོས་པའོ། །འབྲེལ་པ་ཅན་དངོས་ལ་མདོ་ནི་ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཆགས་པ་ནི་གང༌། ཆགས་པ་མེད་པ་ནི་གང་ཞེས་སོགས་སོ། །དྲིས་པའི་ལན་གྱི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་གསུངས་སོ། །དེ་དག་གི་དོན་སྟོན་པ་ལ། ལྟ་སྤྱོད་ལ་མཚན་འཛིན་གྱི་སྤང་གཉེན་དང༌། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་གཉིས། དང་པོ་ལ་སྤང་བྱ་མི་མཐུན་ཕྱོགས་དང༌། སྤོང་བྱེད་ཀྱི་གཉེན་པོ་རིམ་པར་འཆད་པའི་དབང་དུ་བྱས་ནས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །ཞེས་སོགས་སོ། །སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་སོགས་གསུངས་སོ། །གཉིས་པ་ལའང༌། སྤངས་བྱ་ནི། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའོ། །དེ་མི་མཐུན་ཕྱོགས་ཡིན་པར་བསྒྲུབ་པ་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་སོ། །ཟབ་པ་བསྒྲུབ་པ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པ་དཀའ་བར་བཤད། །ཅེས་སོ། །རྟོགས་དཀའ་བའི་རྒྱུ་མཚན་ཅི་ཞེ་ན། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་སོ། །དེ་སྤོང་བྱེད་ཀྱི་གཉེན་པོ་སྟོན་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་སོ། །གཉིས་པ་དེ་དག་ཤེས་པའི་གཞི་ཤེས་བསྡུས་ཏེ་བསྟན་པ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པ་སྟེ། འདི་ལ་མདོ་ལོགས་པ་མེད་དོ། །དེ་དག་ནི་རྣམ་བཤད་ཀྱི་དགོངས་པ་ཡིན་ནོ། །བདག་གི་བློ་ལ་འདི་ལྟར་སྣང་སྟེ། དེ་ནི་བསམ་མི་ཁྱབ་པར་འདོད་ཡན་གྱིས་གཞི་མི་མཐུན་ཕྱོགས་དང༌། གཉེན་པོ་རབ་དབྱེ་དེ་ཉིད་གཙོ་བོར་བསྟན་གྱི། གཞི་ཤེས་ཀྱི་ལྡོག་པ་ནས་བསྟན་པ་མེད་ལ། དེ་ལྟར་ཀུན་ཤེས་ཞེས་པས་དེ་ཤེས་པའི་གཞི་ཤེས་ཀྱི་བསྟན་ཚུལ་མདོ་ན་དངོས་སུ་མེད་ཀྱང༌། རྗེ་བཙུན་གྱི་མདོའི་སྦས་དོན་དངོས་སུ་བཀོད་པའོ། །དེ་ཡང་འདི་ལྟར། སྐབས་གཉིས་པར་བསྟན་པའི་ལམ་ཤེར་ཕྱིན་དེ་མཐའ་གཉིས་ཀྱིས་རྣམ་པར་དག་ཚུལ་སྟོན་པ་ལ། དེ་ཆོས་ཅན། མཐའ་གཉིས་ཀྱིས་རྣམ་པར་དག་པ་ཡིན་ཏེ། ཤེས་རབ་ཀྱིས་འཁོར་བ་ལ་སྲེད་པ་སྤངས་ཤིང༌། སྙིང་རྗེས་སེམས་ཅན་ལ་སྲེད་པའི་ཕྱིར། ཅི་སྟེ་མཐའ་གཉིས་ཀྱིས་རྣམ་པར་དག་ཀྱང་དབུས་ན་གནས་སོ་སྙམ་ན་མིན་ཏེ། དེ་གཉིས་ཀྱི་བར་ན་གནས་བྱ་མེད་པའི་ཕྱིར། ཞེས་སྟོནཔ་ནི། །ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །ཞེས་པའོ། །འཁོར་འདས་བར་གསུམ་ལ་མི་གནས་པའི་བྱང་སེམས་ཀྱི་རྣལ་འབྱོར་དེ་ཆོས་ཅན། འབྲས་བུ་རྣམ་མཁྱེན་གྱི་ཐུན་མོང་མིན་པའི་རྒྱུར་གྱུར་པའི་ཤེར་ཕྱིན་ཡིན་ཏེ། དུས་གསུམ་རང་བཞིན་མེད་པར་མཉམ་ཉིད་དུ་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའོ། །ཅི་སྟེ་མཐའ་གཉིས་གང་རུང་ལ་གནས་པའི་ཤེར་ཕྱིན་དེ་ཡང༌། འབྲས་བུ་རྣམ་མཁྱེན་གྱི་ཐུན་མོང་མིན་པའི་རྒྱུ་མིན་པ་ཅི་ཞེ་ན། མིན་ཏེ། དེ་ལ་རིང་བའི་ཕྱིར་ཏེ། གཞི་ལམ་འབྲས་གསུམ་ལ་མཚན་མར་དམིགས་པ་དང་བཅས་པའི་ཕྱིར་དང༌། གཅིག་ཤོས་ནི་དེ་ལས་བཟློག་པའི་ཕྱིར། ཞེས་སྟོན་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོ། །མཚན་མར་དམིགས་པ་དང་བཅས་ན། རྣམ་མཁྱེན་ལ་རིང་བར་མ་ཟད། མཚན་འཛིན་དེ་རྣམ་མཁྱེན་གྱི་རྒྱུ་ཐུན་མོང་མིན་པ་རྒྱུད་ལ་སྐྱེད་པའི་གེགས་ཡིན་ནོ། །ཞེས་སྟོན་པ་གཟུགས་སོགས་དང༌། རྟགས་ལ་སོགས་ལ་ཞེས་སོ། །འོ་ན་གེགས་དེ་གཉེན་པོས་ཇི་ལྟར་སྤངས་ཞེ་ན། སྦྱིན་ལ་སོགས་ལ་ཞེས་དང༌། ཆོས་རྣམས་ཞེས་སོ། །འོ་ན་གཉེན་པོ་དེས་སྤང་བྱ་དེ་སྤོང་ནུས་པའི་རྒྱུ་མཚན་ཅི་ཞེ་ན། ནུས་ཏེ། དེ་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་ཏེ། གཉེན་པོ་དེའི་འཛིན་སྟངས་དང༌། ཡུལ་གྱི་གནས་ཚུལ་མཐུན་པའི་ཕྱིར་ཏེ། ཡུལ་གྱི་གནས་ཚུལ་ནི་འདི་ཡིན་ནོ་ཞེས་སྟོན་པ་ནི། ཆོས་ཀྱི་ལམ་ནི་ཞེས་སོགས་རྐང་པ་དྲུག་གོ །དེའི་ཕྱིར་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དང༌། གནས་པའི་གཞི་ཤེས་དང༌། མི་མཐུན་ཕྱོགས་དང༌། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་ཞེས་བོད་སྔ་རབས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཐ་སྙད་མཛད་མོད། མདོ་དང་འཕགས་སེང་གི་གཞུང་དང༌། རྩ་བ་དང༌། རྒྱ་འགྲེལ་རྣམས་ན་དེའི་ཐ་སྙད་མཛད་པ་གཅིག་ཀྱང་མེད་དོ། །མདོར་ན་དེ་ཡན་ཆད་དུ་གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེའམ། ལོ་ཆེན་བཞེད་པ་ལྟར། གཙོ་བོའི་ཤེར་ཕྱིན་དང༌། གཟུགས་བརྙན་གྱི་ཤེར་ཕྱིན་གྱི་དབྱེ་བ་བསྟན་ནས། དེའི་རྣམ་པར་དབྱེ་བ་ཁོང་དུ་ཆུད་པ་དེ་སོ་སོ་སྐྱེ་བོ་དང་འཕགས་པ་གང་ལ་ཡོད་ཀྱང་རུང༌། རྒྱུ་ལམ་ཤེས་ཀྱི་སྔོན་དུ་འགྲོ་བའི་གཞི་ཤེས་ཞེས་མིང་དུ་བཏགས་པ་དེ་ཉིད་ཡིན་ཞིང༌། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་ལོགས་སུ་གསུངས་པའི་དགོས་པའང་དེ་ཁོ་ན་ཡིན་ནོ། །ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །དེ་ལྟར་བྱས་ན་འགྲེལ་ཆེན་ལས། མི་རྟག་པ་ལ་སོགས་པའི་རྣམ་པ་འཕངས་པ་རྣམས་ཀྱི་ཞེས་པའི་དོན་ཡང་མི་རྟག་པ་སོགས་བཅུ་དྲུག་གི་སྒོ་ནས་མཚན་མར་དམིགས་པ་དང༌། རང་བཞིན་མེད་པར་རྟོགས་པ་སྟེ། ཇི་སྐད་བཤད་པ་རྣམས་ཡིན་ནོ། །དེ་ལྟར་རབ་དབྱེ་དེ་ཁོང་དུ་ཆུད་ནས། གཉེན་པོའི་ཕྱོགས་ལ་ཇི་ལྟར་འཇུག་ཅེ་ན། འཇུག་པ་སྦྱོར་བ་སྟོན་ཏེ། འདི་ལ་དངོས་དང༌། མཉམ་ཉིད་གཉིས། དང་པོ་ལ་མདོ་ནི། གཟུགས་ལ་མི་སྤྱོད་ན་ཡུམ་ལ་སྤྱོད་དོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། གཟུགས་སོགས་དེ་མི་རྟག་སོགས་དང༌། །ཞེས་པ་སྟེ། དོན་ནི་གཞིའི་གནས་ལུགས་ལ་ཞེན་སྤྱོད་མངོན་གྱུར་བ་བཀག་ནས་སྒོམ་ན། ཇི་སྐད་བཤད་པའི་གཞིའི་གནས་ལུགས་མཐོང་བར་འགྱུར་རོ། །ཞེས་སྟོན་ནོ། །བཅུ་པོ་ལ་ཡང་འཕགས་པས། དང་པོ་བཞི་ལ། ཞེན་སྤྱོད་བཀག་པའི་སྦྱོར་བ་དང༌། ཕྱི་མ་དྲུག་ལ་སྦྱོར་བ་ཙམ་གྱིས་ཐ་སྙད་མཛད་ཅིང༌། དེ་ཡང་དང་པོ་བཞི་ནི། ཡུལ་གྱིས་ཕྱེ་བ་ཡིན་ལ། མི་འགྱུར་བྱེད་པོ་མེད་ཉིད་དང༌། བྱ་དཀའ་རྣམ་གསུམ་སྦྱོར་བ་ནི། རྣམ་པར་ཕྱེ་བ་དང༌། ཕྱི་མ་གསུམ་ནི་འབྲས་བུ་དང༌། ཕན་ཡོན་དང༌། ཤེས་བྱ་རྟོགས་པའི་ཤེས་པ་སྟེ། གསུམ་རིམ་པ་བཞིན་སྟོན་པར་བཞེད། སློབ་དཔོན་ནི། སྤྱོད་པ་བཀག་པ་བར་གྱི་གསལ་བྱེད་ཡིན་ཞིང༌། སྔ་མ་བཞི་རང་བཞིན་གྱི་སྦྱོར་བ་དང༌། ཕྱི་མ་དྲུག་གནས་སྐབས་ཀྱི་སྦྱོར་བར་བཞེད། འདི་ཡང་སྦྱོར་ལམ་ཁོ་ནར་མ་ངེས་ཏེ། སློབ་དཔོན་གྱི་སྐབས་གསུམ་པར་ངེས་འབྱེད་མ་བསྟན་པར་བཤད་པ་དང༌། སྦྱོར་བའི་ལམ་ཞེས་པ། རྒྱུན་མཐའི་བར་ཆད་མེད་ལམ་གྱི་སྔ་རོལ་ཚུན་ཆད་དུ་རྗེས་སུ་འགྲོ་བའི་ཕྱིར་རོ། །དེས་ན་འདི་ནི་ཇི་སྲིད་གཞི་ལ་མཚན་མར་འཛིན་པ་དེ་སྲིད་དུ་སྒོམ་དགོས་སོ། །ཞེས་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་དཔལ་གྱིས་གསུང་ངོ༌། །ཇོ་བོ་ཆེན་པོ་རྗེས་ནི། སྦྱོར་བ་རྣམ་བཅུར་བསྟན་ཀྱང་ནི། །གྲངས་དང་གོ་རིམ་ངེས་པ་མེད། །སྦྱོར་ཡུལ་བཞི་ཡིན་སྦྱོར་བ་དངོས། །གསུམ་ཡིན་གཉིས་འབྲས་གཅིག་དཔེ་ཞེས། །དེ་སྐད་སྡུད་པར་བྱེད་པ་ཡོད། །མཐོང་ལམ་ན་ཡོད་ཁ་ཅིག་ཟེར། །སྒོམ་ལམ་སྦྱོར་བ་ཟེར་བའང་ཡོད། །ལ་ལ་སྦྱོར་ལམ་ན་ཡོད་དེ། །སྦྱོར་ལམ་མ་བསྟན་གསུངས་པ་ནི། །བཞི་རུ་མ་བསྟན་པ་ལ་དགོངས། །ཞེས་ཕྱི་མ་འདི་རང་ལུགས་སུ་བཞེད། དེ་ལྟར་བསྟན་པའི་ཤུགས་ལ་ཉན་རང་གི་གཞི་ཤེས་སྦྱོར་བ་ཞེན་སྤྱོད་མངོན་གྱུར་བ་དང་བཅས་པ་ཡིན་ནོ། །ཞེས་སྟོན་པ་ནི། ཤུགས་ཀྱིས་ནི་ཉན་ཐོས་ལ་སོགས་པ་ཡི་ནི། ཞེས་སོ། །གཉིས་པ་མཉམ་པ་ཉིད་ལ། འབྲེལ་ནི། མཉམ་པ་ཉིད་ཀྱི་སྒོ་ནས་ཞེས་སོ། །དངོས་ལ་བཤད་བྱའི་མདོ་ནི། ཉི་ཁྲི་སྣང་བ་ལས། གཟུགས་རློམས་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམས་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད། །ཅེས་གསུང༌། དེ་བསྡུད་པ་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །ཞེས་སོ། །འདིར་རྣམ་པ་བཞི་གང་ལ་བྱ་ཞེ་ན། འཕགས་པ་དང༌། ཤཱནྟི་པ་ནི། མདོ་ལས་གསུངས་པ་བཞི་པོ་དེའོ། །སློབ་དཔོན་ནི། གཟུགས་ཀྱི་ངོ་བོ་དང༌། མཚན་མ་དང༌། སྤྲོས་པ་དང༌། རྟོག་པ་རྣམས་སོ། །འདི་ལ་ཤེར་བློ་ན་རེ། སྦྱོར་བ་བཅུ་པོ་རེ་རེ་ལའང༌། མཉམ་ཉིད་བཞི་བཞིར་ཡོད་ཅེས་གསུངས་ཏེ། ལེགས་པར་གདའོ། །གསུམ་པ་ཞུགས་འབྲས་མཐོང་ལམ་ལ། འབྲེལ་ནི་མཉམ་ཉིད་ཀྱི་འོག་ཏུ་མཐོང་ལམ་འཆད་རིགས་ཏེ། གཞིའི་གནས་ཚུལ་མངོན་སུམ་དུ་མཐོང་བ་ལ། གཞི་ཕུང་ཁམས་སྐྱེ་མཆེད་ལ་རློམ་པ་རྣམ་བཞི་བཀག་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་སྟོན་པ་ནི། སྦྱོར་བའི་མཉམ་པ་ཉིད་སོ་སོར་རྟོགས་ནས། ཞེས་སོ། །འབྲེལ་པ་ཅན་དངོས་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ལ། མདོ་ནི་རྒྱལ་པོ་ཆེན་པོ་བཞི་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། གནས་གཙང་མའི་བར་གྱི་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་མཐུས། སངས་རྒྱས་སྟོང་གིས་མིང་འདི་ཉིད་དང༌། ཡི་གེ་འདི་ཉིད་དང༌། རབ་འབྱོར་ཞེས་པའི་དགེ་སློང་ཁོ་ནས་ཡུམ་ཡོངས་སུ་ཞུ་བ་བྱས་ཤིང་སྟོན་པར་བྱེད་པ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡུམ་འདི་ཉིད་ཡོངས་སུ་ཞུ་བར་བྱེད་ཅིང་ཆོས་སྟོན་པར་བྱེད་པ་སེམས་ཀྱིས་མཐོང་བར་གྱུར་ཏོ། །ཞེས་སོགས་མདོའི་རིམ་པ་གཅིག་ལ། བསྟན་བཅོས་སུ་མདོར་བསྟན་རྒྱས་བཤད་གཉིས་མཛད་པ་ཡིན་ནོ། །འདིའི་དོན། འཕགས་སེང་གཉིས་ཀྱིས། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལས་གཞན་མེད་པར་ཤེས་པར་བྱ་བའི་དཔང་པོར་སངས་རྒྱས་སྟོང་སྨོས་པར་བཞེད། ཤཱནྟི་པ་དང༌། ཨ་བྷྱ་སངས་རྒྱས་ཐམས་ཅད་ཀྱི་གཞི་ཤེས་ཀྱི་མཐོང་ལམ་བསྟན་པར་མཉམ་པ་ཤེས་པའི་ཆེད་ཡིན་ཞེས་གསུང་ངོ༌། །རྒྱས་པར་བཤད་པ་ལ་འགྲེལ་པའི་འབྲེལ་ནི། བདེན་པའི་རྣམ་པ་གང་ཡིན་ཞེ་ན། ཞེས་པའོ། །མདོའི་འབྲེལ་ནི། ལམ་ཤེས་ཀྱི་མདོར། གཟུགས་མི་རྟག་པར་ཡིད་ལ་བྱའོ། །ཞེས་བཤད་ན། ཉན་ཐོས་ལྟར་མི་རྟག་པ་སོགས་སུ་མཚན་མར་དམིགས་པའི་སྒོ་ནས་ཡིད་ལ་བྱའམ་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱས་ནས། གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །ཞེས་གསུངས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །ཞེས། མི་རྟག་སོགས་སུ་དམིགས་པ་གཞིའི་གནས་ཚུལ་ཕྱིན་ཅི་མ་ལོག་ཏུ་ཞུགས་པར་བཤད་ན། རྟག་སོགས་སུ་དམིགས་པ་གཉེན་པོ་ཡིན་ནམ་ཞེ་ན། མིན་ཏེ་རྟག་མི་རྟག་གི་སྤྲོས་པ་སོགས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་ཅན་གྱི་མཐོང་བའི་ལམ་ནི། གཞིའི་གནས་ལུགས་མངོན་སུམ་དུ་མཐོང་བའི་གཞི་ཤེས་ཡིན་ནོ་ཞེས་སྟོན་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་སོ། །འགྲེལ་པ་ལས། དངོས་བསྟན་བྱང་སེམས་ཀྱི་མཐོང་ལམ། ཤུགས་བསྟན་ཉན་རང་གི་མཐོང་ལམ། ཞར་ལ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་དང་གསུམ་རིམ་པ་ལྟར་འཆད་དོ། །འདིར་སློབ་དཔོན་གྱི་དགོངས་པ། སྐབས་གསུམ་པ་འདིར་བྱང་སེམས་ཀྱི་ཤེར་ཕྱིན་འཇུག་པ་སྦྱོར་བར་ཞུགས་འབྲས་མཐོང་ལམ་གསུམ་དངོས་སུ་བསྟན་ནས། དམན་པའི་ཤེར་ཕྱིན། འཇུག་པ་སྦྱོར་བ། ཞུགས་འབྲས་མཐོང་ལམ་རྣམས་ཤུགས་ལ་བསྟན་པས། ཐེག་པ་ཆེ་ཆུང་གཉིས་ཀའི་གཞི་ཤེས་བསྟན་ལ། ཚུལ་ནི་ཤེར་ཕྱིན་གོ་ཟློག་པའི་སྒོ་ནས་བསྟན། སྦྱོར་བ་རྗེས་སུ་འགྲོ་བའི་སྒོ་ནས། མཐོང་ལམ་ལྡོག་པའི་སྒོ་ནས་བསྟན། ཞེས་བཞེད་ཅིང༌། བྱང་སེམས་ཀྱི་སྦྱོར་ལམ་སྐབས་དང་པོར་བཤད་ཟིན་པའི་ཕྱིར་མ་བཤད། ཉན་ཐོས་ཀྱི་སྦྱོར་ལམ་ཡང༌། དེའི་ཤུགས་ལ་གསལ་བའི་ཕྱིར་འདིར་མ་བཤད། ཉན་ཐོས་ཀྱི་སྒོམ་ལམ་ཡང་ཇི་ལྟར་མཐོང་བའི་དོན་དེ་ཉིད་སྒོམ་པ་ཡིན་པའི་ཕྱིར་མ་བཤད། ཅེས་བཞེད། བསྡུས་དོན་སྒྲོན་མ་ལས། གཞི་ཤེས་གཉིས་ཀ་བསྟན་ཀྱང་ནི། །བླང་བྱ་གཙོ་བོར་བསྟན་ཞེས་པ། །སློབ་དཔོན་ཆེན་པོ་སེང་བཟང་གསུང༌། །དོར་བྱ་གཙོ་བོར་བསྟན་པ་ནི། །སློབ་དཔོན་བུདྡྷ་ཤྲཱི་གསུང༌། །ཞེས་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཉན་རང་གཞི་ཤེས་གཙོ་བོར་བསྟན་པར་བཞེད། ཅེས་གསུངས་སོ། །གསུམ་པ་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ལ། ཇི་ལྟར་གསུངས་པའི་ཚུལ་དང༌། དགོངས་པ་དཔྱད་པ་གཉིས། དང་པོ་ནི། ཉི་སྣང་ལས། ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ། ལོགས་ཤིག་པར་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་ལྟས་ནས་འདའོ་ཞེས་གསུངས་པས་ན། འདི་ནི་གཞན་གཙོ་བོར་བྱེད་པ་ཡིན་ནོ། །གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ། །བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་གང་ལས་ཤེས་ཅེ་ན། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན། རིགས་དང་དབང་པོ་དང༌། ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པར་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེ། དེའི་བཟོད་པ་ཡིན་གྱི་རྟོགས་པའི་ཚད་འདི་ཙམ་ཡིན་ནོ། །ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ་ཞེས་གསུང༌། འགྲེལ་ཆེན་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ། །ཞེས་པས་མངོན་དུ་བྱ་བ་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ལ་མ་བསྟན་ནོ། །ཞེས་གསུངས། འདིར་ནི། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་མིན་པས། སྒོམ་པའི་ལམ་ནི་མ་བསྟན་ཏོ། །ཞེས་གསུངས། གཉིས་པ་ལ། གཞུང་འདི་གང་ལ་འཕྲོས་ན། སྔོན་གྱི་དགེ་བའི་བཤེས་གཉེན་ཕལ་ཆེ་བ་ནི། མཐོང་ལམ་བཤད་ཟིན་པའི་རྗེས་ཐོགས་སུ་ཉན་ཐོས་ཀྱི་སྒོམ་ལམ་བྱང་སེམས་ལ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་དུ་འཆད། དར་ཊཱིཀ་པ། བྱང་སེམས་འཕགས་པས་མངོན་དུ་བྱ་བའི་ལམ་ཤེས་དེ་ལ་མཐོང་སྒོམ་གཉིས་ཡོད་པ་བཞིན། ཤེས་པར་བྱ་བའི་གཞི་ཤེས་དེ་ལའང༌། མཐོང་ལམ་བསྒོམ་ལམ་གཉིས་ཅིའི་ཕྱིར་མི་སྟོན་སྙམ་པའི་དོགས་པ་གཅོད་པའོ་ཞེས་གསུང༌། གསེར་འཕྲེང་མཛད་པ་པོ་ནི། ཉན་རང་གི་མཐོང་ལམ་ཤུགས་ལ་མཚོན་པའི་ཕྱིར་དུ་བྱང་སེམས་ཀྱི་མཐོང་ལམ་བསྟན་པ་ལྟར། ཉན་རང་གི་སྒོམ་ལམ་ཤུགས་ལ་མཚོན་པའི་ཕྱིར། བྱང་སེམས་ཀྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་ལན་དུ་བཞེད། རྣམ་བཤད་ཀྱི་དགོངས་པ་ནི་འདི་ཡིན་ནོ། །གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པའི་སྐབས་སུ། ཉན་ཐོས་ཀྱི་རྟོགས་རིགས་མངོན་དུ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་བསྟན་པའི་རྗེས་སུ། རྟོགས་རིགས་དེ་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་ལན་དུ་གཞུང་འདི་གསུངས་པ་ཡིན་ནོ། །དེས་ན་འདིར། སྒོམ་ལམ་མི་སྟོན་པ་དང༌། ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ཀྱི་ཤེས་བྱའི་ལམ་བསྟན་པའི་མཇུག་ཐོགས་སུ་སྒོམ་ལམ་མ་བསྟན་པ་དོན་གཅིག་ཅིང༌། མདོ་ལས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ཤེས་བྱར་བསྟན་པའི་བྱང་སེམས་ཀྱི་མཐོང་ལམ་དེ་དང༌། འདིའི་སྒྲོ་འདོགས་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་མཐོང་ལམ་དེ་དོན་གཅིག་པ་ཡིན་ནོ། །ཅི་སྟེ་དོན་མི་གཅིག་སྟེ། སྔ་མ་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་པས། བྱང་སེམས་འཕགས་པས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བ་ཁོ་ན་ཡིན་པའི་ཕྱིར་ཞེ་ན། འདི་ནི་མི་ཤེས་པས་ཀུན་ནས་བླངས་པའི་ངག་ཡིན་ཏེ། ཆོས་མངོན་པ་སངས་རྒྱས་ཀྱི་བཀར་འདོད་ཅིང༌། ཤེར་ཕྱིན་བཀར་མི་འདོད་པ་དག་གི་ངོར། མངོན་པ་ནས་བཤད་པ་དང༌། དོན་གཅིག་པར་འཕགས་སེང་གིས་སྦྱར་བ་ཙམ་མ་གཏོགས། ཤེར་ཕྱིན་ནས་ཉན་རང་གི་རྟོགས་རིགས་བཤད་པ་རྣམས། མི་རྟག་སོགས་བཅུ་དྲུག་གི་གྲངས་ངེས་ཅན་དུ་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། ཁྱད་པར་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་ཤེས་བྱའི་ལམ་ནི་རྣམ་ཐར་སྒོ་གསུམ་སོགས་ཉི་ཤུ་རྩ་དྲུག་གི་རྣམ་པ་ཅན་དུ་བཤད་པའི་ཕྱིར། དེ་དག་ཀྱང་ཤེས་མཐོང་གིས་བལྟས་ནས་འདའ་བྱར་ཁས་ལེན་ནམ། དེས་སྒྲོ་འདོགས་གཉིས་དང་བྲལ་བའི་རྣམ་པ་ཅན་གྱིས་མཐོང་ལམ་ངོ་བོ་གཅིག་པ་འདི་ཉིད་ལ་མི་རྟག་སོགས་མངོན་དུ་རྟོགས་པའི་ཆ་དང༌། རྟོགས་པ་དེ་ཉིད་ཀྱང་མི་དམིགས་པར་རྟོགས་པའི་ཆ་གཉིས་ལྡོག་པས་ཕྱེ་བ་ལས། སྔ་མ་སྐབས་གསུམ་པར་གཞི་ཤེས་ཀྱི་ཆ་ནས་བསྟན་ཅིང༌། ཕྱི་མ་སྐབས་གཉིས་པར་ལམ་ཤེས་ཀྱི་ལྡོག་པར་བསྟན་ནོ། །དེ་ལྟར་གཞུང་དོན་མདོར་བསྡུ་ན། སྐབས་གཉིས་པར་རང་མིང་གིས་བསྟན་པའི་ཐེག་ཆེན་མཐོང་ལམ་ཆོས་ཅན། ཁྱོད་ཀྱི་རིགས་རྒྱུན་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡུམ་གྱི་མདོར་གསུངས་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་ལམ་གསུམ་མི་དམིགས་པར་ཤེས་པའི་ཆ་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། སྐབས་གསུམ་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཁྱོད་ཀྱི་རིགས་རྒྱུན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡུམ་གྱི་མདོར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཉན་ཐོས་ཀྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཆ་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་ནི་གཞན་དོན་དུ་ཤེས་པར་བྱ་བ་ཡིན་གྱི་མངོན་དུ་བྱ་བ་མིན་པའི་ཕྱིར་རོ། །ཉི་ཁྲི་སྣང་བའི་རྣམ་གྲངས་ཕྱི་མའི་དོན་ནི། ཉན་རང་གི་རྟོགས་རིགས་སྒོམ་པའི་ཐེག་ཆེན་གྱི་སྒོམ་ལམ་བསྟན་མི་དགོས་ཏེ། ཉན་རང་གི་སྤངས་རྟོགས་ཀྱི་རིགས་ཐམས་ཅད་ཐེག་ཆེན་གྱི་མཐོང་ལམ་ནས་རྫོགས་པའི་ཕྱིར། ཞེས་པའི་དོན་ནོ། །མཁྱེན་གསུམ་གྱི་མཇུག་བསྡུ་བ་ལ། འབྲེལ་ནི། མདོ་ལས། མཁྱེན་གསུམ་གྱི་དོན་བསྡུ་བའི་མདོ་ཚིག་ཚན་པ་གསུམ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སྔར་ལེའུ་གསུམ་དུ་གསུངས་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་བསྡུས་པའི་ཆེད་ཡིན་པའི་ཕྱིར་རམ། ཡང་ན་མཁྱེན་གསུམ་གྱི་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་པའི་ཕྱིར། མཁྱེན་གསུམ་ལ་འཇུག་བསྡུད་མཛད་དོ། །ཞེས་སྟོན་པ་ནི། དེ་ལྟར་རྒྱས་པར་བསྟན་ནས། ཞེས་སོགས་སོ། །དངོས་ལ་བཤད་བྱའི་མདོ་ནི། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མིན། མི་ཐོབ་པར་བྱེད་པ་མིན། སྟོན། མི་སྟོན། སྟེར་བ་དང༌། འཕྲོག་པ། བསྐྱེད་པ་དང༌། འགག་པ། ཆད་པ་དང༌། རྟག་པ། དོན་གཅིག དོན་སྣ་ཚོགས། འོང་བར་བྱེད་པ་མ་ཡིན། འགྲོ་བར་བྱེད་པ་མ་ཡིན་སོགས་ཀྱིས་གཞི་ཤེས་ཀྱི་དོན་བསྡུས་ཏེ། ལོག་ཟླ་དང་བཅས་པའི་རྣམ་པར་རྟོག་པ་བཀག་ནས་བསྟན་པའི་ཕྱིར་རོ། །རབ་འབྱོར་ཡུམ་འདི་ནི་འདོན་པའི་ཁམས་ལས་ཤིན་ཏུ་འདའ་བར་བྱེད་པའམ། གནས་པར་བྱེད་པ་མ་ཡིན། གཟུགས་དང༌། གཟུགས་མེད་པ་དང༌། མྱ་ངན་འདས་པའི་དབྱིངས་ལ་གནས་པར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་རྣམས་སྟེར་བར་བྱེད་པའམ། འཕྲོག་པར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་ལམ་ཤེས་ཀྱི་དོན་བསྡུས་ཏེ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བཀག་ནས་བསྟན་པའི་ཕྱིར། རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འཕྲོག་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འཕྲོག་པར་བྱེད་པ་མ་ཡིན། ཞེས་སོགས་ཀྱིས་རྣམ་མཁྱེན་གྱི་དོན་བསྡུས་པ་ཡིན་ཏེ། རང་དང་གཞན་གྱི་དོན་བསྡུས་པ་རྣམ་པ་ཐམས་ཅད་རྟོགས་པ་དང༌། བཤད་པའི་ཆོས་དེ་དག་གི་རྒྱུ་དེ་ཡིན་པར་བརྗོད་པའི་ཕྱིར། ཞེས་ཉི་ཁྲི་སྣང་བ་ལས་བཤད། དོན་བསྡུའི་གོ་རིམ་འདི་ནི་རྒྱས་བཤད་ཀྱི་གོ་རིམ་ལས་ཟློག་སྟེ་བཤད་ལ། དེ་ཡང་གྲོལ་སྡེ་གཉིས་དང༌། ལེ་བརྒྱད་མ་དང༌། དགའ་དག་ལྡན་རྣམས་ཀྱི་དགོངས་པ་ཡིན་ནོ། །འགྲེལ་ཆེན་གནད་ཀྱི་ཟླ་འོད། སྙིང་པོ་མཆོག་རྣམས་ལས་ཡན་ལག་རྒྱས་བཤད་ཀྱི་གོ་རིམ་དང་མཐུན་པར་མཛད་ཅིང༌། འདིར་ཡང་དེ་བཞིན་མཛད་པ་ནི། ཡུམ་བསྡུས་པ་དང་མཐུན་པར་མཛད་པ་ཡིན་ལ། སྔ་མ་རྣམས་ནི་ཉི་ཁྲི་དང་མཐུན་པར་མཛད་པར་སྣང་ངོ༌། །རྩ་བར་འདི་ཞེས་པ་གསུམ་གསུངས་པ་ནི། མདོ་ལས་ཡུམ་འདི་ནི་ཞེས་ལན་གསུམ་གསུངས་པ་དེ་ཉིད་འཛིན་པ་ཡིན་ལ། འགྲེལ་ཆེན་པར་ལེའུ་གསུམ་གྱིས་ཞེས་བྱེད་ཚིག་འབྱུང་བ་ནི་མ་དག་པ་སྟེ། རྩ་བར། འདིས་ནི་ཞེས་གསུངས་པ་མེད་པའི་ཕྱིར་དང༌། འཕགས་སེང་གཉིས་ཀྱིས་རྫོགས་པར་སྟོན་བྱེད། དོན་བསྡུའི་མདོ་ཚིགས་གསུམ་ལ་བཤད་པའི་ཕྱིར་རོ། །འོན་ཀྱང་པཎ་ཆེན་བུདྡྷ་ཤྲཱི་ནི། རྫོགས་པར་སྟོན་བྱེད་ལེའུ་གསུམ་ལའང་འཆད་དོ། །དེ་ལྟར་ན་ལུང་གི་སྙེ་མ་ལས། ཤེས་རབ་སྙིང་བརྩེས་སྲིད་ཞིར་མི་གནས་ཤིང༌། །ཐབས་དང་ཐབས་མིན་སྤང་གཉེན་དབྱེ་བའི་དོན། །ལེགས་རྟོགས་དམིགས་མེད་སྦྱོར་བས་གོམས་པའི་འབྲས། །མཐོང་ལམ་བཅས་པས་གཞི་ཤེས་ལེགས་པར་བཤད། །ཅེས་འབྱུང་བ་ལྟར། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གང་གསུངས་པ་དེ་ལེགས་པར་བཤད་ཟིན་ཏོ། །འདིར་སྨྲས་པ། གཞི་ཤེས་སྐབས་འདིར་གཞི་ཡི་ཆོས་ཙམ་ཞིག །ཐུན་མོང་བསྟན་པས་ལམ་ལ་འཇུག་པའི་ཚུལ། །གང་ཟག་འབྲིང་གི་ལམ་དུ་བསྟན་པ་ལ། །གཞི་ཙམ་བརྗོད་བྱར་བསྡུས་པའི་ཉེས་མཐོང་ནས། །མཐའ་གཉིས་རྣམ་པར་དག་པའི་ཤེར་ཕྱིན་དེ། །རྣམ་མཁྱེན་བསྐྲུན་བྱེད་ཐུན་མོང་མིན་པའི་རྒྱུར། །ལེགས་པར་བཤད་ནས་རིང་བའི་ལམ་ཡང་ནི། །ཉེ་བར་འཇུག་མཁས་མ་ཕམ་རྒྱལ་བའི་གཞུང༌། །སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། གཞི་ཤེས་གཏན་ལ་འབེབས་པ། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་སྟེ་གསུམ་པའོ། །འདིར་མཁྱེན་པ་གསུམ་གྱི་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་ཕྱིར། མཁྱེན་གསུམ་ལ་མཇུག་བསྡུ་མཛད་པ་ན། མངོན་པར་རྟོགས་པ་ལྷག་མ་རྣམས་ལའང་མཛད་པར་འགྱུར་བས་ལོགས་སུ་མ་མཛད་དོ། །ཞེས་ཆོས་བཤེས་དང་བུ་སྟོན་ཐམས་ཅད་མཁྱེན་པ་གསུང་ངོ༌།།  །།གཞི་ཡི་དུས་སུ་སྐྱེ་མེད་གསུམ་ལ་མཁས། །ལམ་གྱི་དུས་སུ་སྦྱོར་བཞི་ཉམས་སུ་བླངས། །འབྲས་བུའི་དུས་སུ་ཆོས་སྐུ་མངོན་གྱུར་པའི། །མ་ཕམ་བྱམས་པའི་ཞབས་རྡུལ་སྤྱི་བོར་ཞོག །གཉིས་པ་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི་ལ། དབང་དུ་བྱེད་པ་རྒྱུ་འབྲས། བརྟན་པ་རྒྱུ་འབྲས་གཉིས། དང་པོ་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་རྣམ་ཀུན་གྱི་སྦྱོར་བ། དབང་ཐོབ་ཚུལ་གྱིས་སྒོམ་པ་རྩེ་མོའི་སྦྱོར་བ་གཉིས། དང་པོ་ལ། འབྲེལ་དགོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་དང་གསུམ། དང་པོ་ནི་མཁྱེན་གསུམ་བཤད་ཟིན་པའི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་རིགས་ཏེ། སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ། རྣམ་རྫོགས་སྦྱོར་བས་དང་པོར་སྒོམ་དགོས་པའི་ཕྱིར། ཞེས་སྟོན་པ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་ཞེས་སོགས་སོ། །འོ་ན་འདི་བསྟན་པ་དོན་མེད་པར་འགྱུར་ཏེ། སྔར་བསྟན་པ་དེ་ཉིད་སྒོམ་པས་ཆོག་པའི་ཕྱིར་ཞེ་ན། སྔར་ནི་ཡུལ་སྐྱེ་མེད་གསུམ་སོ་སོར་གཏན་ལ་ཕབ་པས་ཡུལ་ཅན་མཁྱེན་གསུམ་སྤྱིའི་ཚུལ་གྱིས་རྟོགས་ལ། འདིར་ནི་སོ་སོའི་དམིགས་རྣམ་བསྡུས་ཏེ་སྟོན་པའི་ཕྱིར་ཞེས་སྟོན་པ་ནི། ཡང་རྣམ་པ་དང༌། ཞེས་སོགས་སོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས། ཡང་ཐམས་ཅད་མཁྱེན་པ་ཉིད་གསུམ་དང༌། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་གང་ཞེ་ན། ཁ་ཅིག་ན་རེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཇི་སྐད་བཤད་པའི་རྣམ་པས་རྣམ་པའི་ཡུལ་སོ་སོར་ངེས་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་ནོ། །ཞེས་འདོད་དོ། །གཞན་དག་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་མཚན་ཉིད་དུ་རྣམ་པར་བཞག་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི། སྦྱོར་བ་པ་ཡིན་ནོ། །ཞེས་ཟེར་རོ། །ལ་ལ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི། མི་མཐུན་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བས་ཕྱེ་བ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི། རང་བཞིན་གྱིས་ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར། དེ་ལྟ་བུ་མ་ཡིན་ནོ། །ཞེས་འདོད། ཞེས་གསུངས་ལ། འགྲེལ་པ་འདིར་ནི། གསུམ་ཀའང་མི་འགལ་བར་བཤད་པའི་ཕྱིར་རོ། །དར་ཊཱིཀ་པ། ཐོས་བསམ་དང་ཉམས་ལེན་གྱི་གཞུང་མཚམས་སོ་སོར་འབྱེད་པ་ནི། གཞུང་ལུགས་ཆེན་པོ་རྣམས་ནུབ་པའི་རྐྱེན་ནོ། །ཞེས་གསུངས་པ་ནི་སུན་འབྱིན་འབྲེལ་མེད་ཡིན་ཏེ། དངོས་བརྒྱད་ཙམ་གྱི་བཤད་ཚུལ་དང༌། ཆོས་སོ་སོའི་བཤད་ཚུལ་གཅིག་ཏུ་འདྲེས་སྣང་བའི་ཕྱིར་ཏེ། སེམས་བསྐྱེད་སོགས་ཆོས་སུམ་ཅུ་མཚོན་པའི་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་ཞེས་སྨྲས་ཀྱི། སྐབས་དང་པོ་གསུམ་གྱི་ཉམས་ལེན་མི་སྟོན་ཞེས་སུ་ཞིག་གིས་སྨྲས། ཡང་སྦྱོར་བ་བཞིས། སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་ཉམས་སུ་ལེན་ཞེས་སྨྲས་ཀྱི། སྐབས་བར་པ་བཞིར་ཐོས་བསམ་མི་བྱེད་ཅེས་སུ་ཞིག་གིས་སྨྲས། གཞན་དུ་ན་སྔ་རབས་བྱོན་ཟིན་པའི་མཁས་པ་དེ་དག འཇིག་རྟེན་རྒྱང་འཕན་པ་བས་ཀྱང་བླུན་པར་འགྱུར་ཏེ། སྐབས་ལྷག་མ་བཞི་ལ་ཐོས་བསམ་དངོས་སུ་བྱེད་བཞིན་དུ། ཐོས་བསམ་བྱ་རྒྱུ་མིན་པར་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན་གཞུང་ལུགས་ཆེན་པོ་རྣམས་ལ་ཐོག་མར་ཐོས་བསམ་བྱས་ནས་ཉམས་སུ་ལེན་པའམ། འོན་ཏེ་མ་བྱས་པར་ཉམས་སུ་ལེན། དང་པོ་ལྟར་ན་དེ་ལྟར་བྱེད་པ་དེ་གཞུང་ལུགས་ནུབ་པའི་རྐྱེན་དུ་ཐལ། ཐོས་བསམ་དང་ཉམས་ལེན་གྱི་གཞུང་མཚམས་སོ་སོར་བཅད་པའི་ཕྱིར། ཅི་སྟེ་མ་སྨྲས་སོ་ཞེ་ན། ཁོ་བོ་ཅག་གིས་ཇི་ལྟར་སྨྲས། རྣམ་པ་ཀུན་ཏུ་མཚུངས་སོ། །གཉིས་པ་མངོན་རྟོགས་ཀྱི་རིགས་རྒྱས་པར་བཤད་པ་ལ། སྤྱིའི་འབྲེལ་དང༌། སོ་སོའི་འབྲེལ་གཉིས། དང་པོ་ལ། ཨ་བྷྱ་ཀ་རས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི། རྣམ་མཁྱེན་ཡིན་ལ། རྒྱུ་སྦྱོར་བ་ལ། དེར་བཏགས་པ་ཡིན་པར་བཞེད། འདི་ཡང་ཆོས་བཅུ་གཅིག་གི་སྒོ་ནས་བཤད་པ་རེ་ཤིག་གཉིས་སུ་འདུས་ཏེ། ཡུལ་སྐྱེ་མེད་གསུམ། ཡུལ་ཅན་མཁྱེན་གསུམ་གྱི་རྣམ་པར་བསྡུས་ནས་སྒོམ་པའི་རྣམ་རྫོགས་སྦྱོར་བ་ངོས་བཟུང་བ་དང༌། དེ་རྒྱུད་ལ་ཇི་ལྟར་སྐྱེས་པའི་རིམ་པ་གཉིས། དང་པོ་ལ། མཚན་གཞི་མཁྱེན་གསུམ་སྦྱོར་བ་མིང་གི་སྒོ་ནས་བཤད་པ་དང༌། མཚན་ཉིད། དགུ་བཅུ་རྩ་གཅིག་གི་སྒོ་ནས་དེའི་དོན་བསྟན་པའོ། །དང་པོ་ལ། སྦྱོར་བ་དངོས་དང༌། སྦྱོར་བའི་ཁྱད་ཆོས་གཉིས། དང་པོ་ལ། སྒོམ་བྱ་རྣམ་པ་ངོས་བཟུང་བ་དང༌། དེ་གང་ཟག་གི་རྒྱུད་ལ་སྐྱེས་པ་དེ་སྦྱོར་བར་བསྟན་པའོ། །དང་པོ་ནི། རྣམ་པ་བརྒྱ་བདུན་རྩ་གསུམ་སྟེ། དེ་ཡང་འདིར་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བའི་སྒོམ་བྱ་རྣམ་པ་ནི། སྤྱིར་ཤེས་རྣམ་ཁོ་ན་ཡིན་ཏེ། ཡེ་ཤེས་ཀྱི་བྱེ་བྲག་ཏུ་གསུངས་པའི་ཕྱིར། ཁྱད་པར་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་ཏེ། འདིའི་སྒོམ་པ་པོ་རྟེན་གྱི་གང་ཟག་བྱང་སེམས་ཁོ་ན་ཡིན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་སོགས་སུ། ཉན་རང་གི་རྒྱུད་ལ་ཡོད་པ་ལྟ་བུར་བཤད་པ་ནི། རྟོགས་རིགས་ཀྱི་རྟེན་སོ་སོར་ངེས་པའི་རྣམ་པ་བསལ་བའི་དཔེར་བརྗོད་ཡིན་ཏེ། དཔེར་ན། སློབ་མ་བྱང་ཆུབ་སེམས་དཔའ་དང་ཞེས་བཤད་པ་བཞིན་ནོ། །དེ་ལྟ་ནའང་སྐབས་འདིར། དོན་རྣམ་དངོས་སུ་མ་བསྟན་པ་ནི་མིན་ཏེ། གཞི་ཤེས་དང་ལམ་ཤེས་ཀྱི་རྣམ་པ་སྟོན་པའི་མདོར། ཤེས་རྣམ་དང་དོན་རྣམ་གཉིས་ཀ་དངོས་སུ་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་དང༌། ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས། རབ་འབྱོར་གྱི་ཞུས་པ་རྣམས་ཀྱིས་ཤེས་རྣམ་དང༌། བཀའ་སྩལ་པ། ནམ་མཁའ་ལྟར་མེད་པའི་ཕྱིར་ཞེས་སོགས་དང༌། བཀའ་སྩལ་པ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་སོགས་ཀྱིས་དོན་རྣམ་དངོས་སུ་བསྟན། རྣམ་མཁྱེན་གྱི་རྣམ་པའི་མདོར། རབ་འབྱོར་དང་བཅོམ་ལྡན་འདས་ཀྱིས་གསུངས་པ་གཉིས་ཀས་ཀྱང་དོན་རྣམས་དངོས་སུ་བསྟན་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་མདོར་བསྟན་གྱིས་ཤེས་རྣམ་དངོས་སུ་བསྟན་ཅིང༌། རྒྱས་བཤད་དུ། དངོས་སུ་དོན་རྣམ་བསྟན་ནས་ཤེས་རྣམ་མཚོན་ཏེ་བསྟན་ནོ། །ཞེས་མ་ཕམ་བསྟན་པའི་ཉི་མ་སངས་རྒྱས་དཔལ་གསུང་ངོ༌། །མདོར་ན་སྐྱེ་མེད་གསུམ་རྟོགས་པའི་འཛིན་སྟངས་ཀྱི་ཁྱད་པར་དེ་སྒོམ་བྱ་ཤེས་རྣམ་ཡིན་ཞེས་སྟོན། གཉིས་པ་ལ་རྟེན་གྱི་གང་ཟག་སྤྱིར་ངོས་བཟུང་བ་དང༌། ཁྱད་པར་ཅན་གྱི་སྒོམ་པ་སྦྱོར་བར་བསྟན་པའོ། །དང་པོ་ནི། སྤྱིར་སྐྱེ་མེད་གསུམ་ཉན་པའི་སྣོད་དང༌། ཁྱད་པར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྒོམ་པའི་སྣོད་གཉིས་ཀྱིས་སྟོན་ཏེ། བཅས་ཤེས་པའོ། །གཉིས་པ་ནི། སྦྱོར་བ་ཉི་ཤུས་སྟོན། གཉིས་པ་ཁྱད་ཆོས་ལ་སྒོམ་པ་པོ་སྤྲོ་བ་བསྐྱེད་པའི་ཡན་ལག་ཡོན་ཏན་བླང་བར་བསྟན་པ་དང༌། རྟོགས་པ་བོགས་དབྱུང་བའི་ཡན་ལག་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པའི་སྐྱོན་དོར་བྱར་བསྟན་པ་གཉིས། དེ་གཉིས་ཀྱང་གོ་རིམ་དེ་ལྟར་སྟོན་དགོས་ཏེ། ཡོན་ཏན་མ་མཐོང་ན་སྦྱོར་བ་སྒོམ་པ་ལ་མི་འཇུག་ཅིང༌། སྦྱོར་བ་མི་སྒོམ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། སྦྱོར་བ་ཞེས་པའི་མིང་གི་ཐ་སྙད་ཙམ་ཤེས་ཀྱང༌། དེའི་ངོ་བོ་ཁོང་དུ་མ་ཆུད་པས་སྟོན་དགོས་སོ། །མཚོན་བྱ་དང༌། མཚན་ཉིད་གཉིས་ཀྱི་སྒོ་ནས་སྟོན་ཏེ། མིང་དོན་གྱི་འབྲེལ་པ་ཤེས་པའི་ཆེད་ཡིན་ནོ། །མཚན་གཞི་དང་མཚན་ཉིད་གཉིས་ཀྱང་གོ་རིམ་དེ་ལྟར་སྟོན་དགོས་ཏེ། ཐོག་མར་མཚན་གཞིའི་སྟེང་དུ་མཚོན་བྱའི་ཐ་སྙད་ལ་དཔྱོད་པ་ཞུགས་ནས་ཕྱིས་མཚན་ཉིད་འདྲི་བའི་ཕྱིར་རོ། །གཉིས་པ་རྒྱུད་ལ་ཇི་ལྟར་སྐྱེས་པའི་རིམ་པ་ལ། སྦྱོར་བ་ཙམ་སྐྱེས་པའི་རིམ་པ་དང༌། སྐུ་གསུམ་འཕྲིན་ལས་དང་བཅས་པ་སོ་སོར་ངེས་པའི་སྦྱོར་བ་ཁྱད་པར་ཅན་ཇི་ལྟར་སྐྱེས་པའི་རིམ་པའོ། །དང་པོ་ལ། སྦྱོར་བ་དང་པོར་སྐྱེས་པའི་གནས་སྐབས་དང༌། སྐྱེས་ནས་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་ཐོབ་པ་གཉིས། དང་པོ་ལ། སངས་རྒྱ་བ་ལ་རིང་དུ་ཐོགས་པའི་སྦྱོར་བ་དང་པོར་སྐྱེས་པའི་གནས་སྐབས་དང༌། ལུང་བསྟན་ཐོབ་པའི་སྦྱོར་བ་དང་པོར་སྐྱེས་པའི་གནས་སྐབས་གཉིས་རིམ་པ་ལྟར་ཐར་པ་ཆ་མཐུན་དང༌། ངེས་འབྱེད་ཆ་མཐུན་གཉིས་ཀྱིས་སྟོན་ནོ། །དེ་ལས་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་ཐོབ་པ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་སོ། །གཉིས་པ་ནི། དེ་ལྟར་རྣམ་རྫོགས་སྦྱོར་བ་སྤྱིར་སྒོམ་པས། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངེས་པ་ན། རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་སོ་སོར་ངེས་པ་སྒོམ་པ་ལ་འཇུག་པས། སྐུ་གསུམ་སོ་སོར་ངེས་པའི་རྒྱུ་ལ་འཇུག་པ་དང༌། ཕྲིན་ལས་ཀྱི་རྒྱུ་ལ་འཇུག་པ་གཉིས། དང་པོ་ལ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་དག་པ་གཉིས་ཏེ། གསུམ་པོ་རིམ་པར་སྟོན་ནོ། །རྒྱུ་གསུམ་པ་རིམ་པར་སྟོན་དགོས་ཏེ། འབྲས་བུ་ཆོས་སྐུ་ལས་གཟུགས་སྐུའི་སྣང་བ་འབྱུང་ཞིང༌། དེས་ཕྲིན་ལས་མཛད་པའི་ཕྱིར་རོ། །གཉིས་པ་སོ་སོའི་འབྲེལ་ལ། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་ཕབ་པ་དང༌། སྦྱོར་བ་སྐྱེས་པའི་གོ་རིམ་གཉིས། དང་པོ་ལ། བསྒོམ་བྱ་རྣམ་པ། སྒོམ་པ་པོ་གང་ཟག ཡུལ་ཅན་སྦྱོར་བའི་དབྱེ་བ། སྦྱོར་བའི་སྔོན་འགྲོའི་ཆོས། ཉེ་རྒྱུ་ཐར་པ་ཆ་མཐུན། དང་པོ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི། མཁྱེན་གསུམ་གྱི་མཇུག་བསྡུ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །བསྟན་བཅོས་ཀྱི་འབྲེལ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །ཞེས་བསྟན་པ་དེ། རྣམ་པ་སྦྱོར་བར་བཅས་རྣམས་དང༌། །ཞེས་སོགས་ཀྱི་བཤད་པ་ལས། རྣམ་པ་དེའི་མཚན་ཉིད་གང༌། དབྱེ་བ་ནི་དུ་ཞིག་ཅེ་ན། གཞི་ཤེས་པ་ཡི་བྱེ་བྲག་རྣམས་ཞེས་སོ། །འདིར་བཙུན་པ་རྣམ་གྲོལ་སྡེས། དམིགས་པའི་ཁྱད་པར་བཟུང་བ་ལ། །རྣམ་པ་ཞེས་ནི་བྱ་བར་བརྗོད། །ཅེས་སོ། །ཁ་ཆེའི་འབུམ་ཊཱིཀ་ལས། གཞི་ཤེས་པ་ཡི་ཁྱད་པར་གྱིས། །རྣམ་པ་ཞེས་བྱའི་མཚན་ཉིད་དོ། །ཞེས་སོ། །གསེར་གླིང་པ། གཞི་དང་ཡེ་ཤེས་རྣམ་པ་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་སྟོན་ནས། གཞི་ནི་སྐབས་དང་པོ་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ཡིན་ལ། ཡེ་ཤེས་ནི་དེ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་རྣམ་པ་གང་ཡིན་པ་དེ་ནི་སྣང་བའོ། །ཞེས་བཞེད། ཤཱནྟི་པ། གཞི་ཡེ་ཤེས་བྱེ་བྲག་རྣམས། །ཞེས་འདོན། འགྲེལ་ཆེན་ལས། གཞི་ནི་མི་རྟག་སོགས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་མཚན་ཉིད་དེ། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། །རྩ་བར། གཞི་དང་ཡེ་ཤེས་རྣམ་པ་རྣམས། །ཞེས་དང༌། འགྲེལ་པར། དམིགས་པ་དང༌། ཡེ་ཤེས་དང༌། རྣམ་པ་རྣམས་ཞེས་སྟོན་ནས། གཞི་མི་རྟག་སོགས་རྟོགས་པའི་ཐེག་ཆེན་གྱིས་མཁྱེན་པ་དེ་གཞི་ཤེས་ཀྱི་རྣམ་པ། མི་རྟག་སོགས་སྒྲོ་འདོགས་སོ་གཉིས་དང་བྲལ་བར་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་ལམ་ཤེས་ཀྱི་རྣམ་པ། ཆོས་ཐམས་ཅད་ཀྱི་རྣམ་པ་མ་ལུས་པ་མངོན་དུ་རྟོགས་པའི་སངས་རྒྱས་ཀྱི་མཁྱེན་པ་དེ་རྣམ་མཁྱེན་གྱི་རྣམ་པ་ཡིན་ཞེས་གསུང་ངོ༌། །མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། འདིར་ཕྱི་ནང་གི་དངོས་པོ་ཐམས་ཅད་ནི་གཞི་ཡིན་ཏེ། རྟག་སོགས་སུ་སྒྲོ་འདོགས་པ་དང༌། མི་རྟག་ལ་སོགས་པའི་རྟེན་པའི་ཕྱིར། དེ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ཤེས་རྣམ་ཞེས་བྱའི་མཚན་ཉིད་དེ་མཚན་གཞི་ཡིན་པས། འདིར་བསྟན་ཤེས་རྣམ་ལ་མཚན་གཞི་མེད་པའི་སྐྱོན་མེད་དོ། །ཤུགས་ལ། བདེན་པ་བཞིའི་ཁྱད་པར་རྣམས། །དོན་རྣམ་ཞེས་བྱའི་མཚན་ཉིད་དེ། །ཞེས་འདོན་ནོ། །ཞེས་བཞེད་པ་རྣམས་ཀྱི་དགོངས་པ་ནི། རྐང་པ་དང་པོ་གཉིས་ཀྱིས་ངོ་བོ་མདོར་བསྟན། ཐ་མ་གཉིས་ཀྱིས་དབྱེ་བ་མདོར་བསྟན། དེ་ལ་གཞི་ནི། གཞི་ལམ་རྣམ་པ་གསུམ་མོ། །ཤེས་པ་ནི་རྟོགས་པའོ། །བྱེ་བྲག་ནི། སྡུག་བདེན་མི་རྟག་པར་རྟོགས་པ་ལྟ་བུ་ཁྱད་པར་རྣམས་ཏེ། བརྒྱ་བདུན་ཅུ་རྩ་གསུམ་མོ། །དེ་ལྟར་གསལ་བའི་དབྱེ་བ་མཐའ་ལས་འདས་ཀྱང༌། རིགས་ཀྱིས་བསྡུ་ན་གསུམ་དུ་འདུས་ཏེ་གཞིའི་དུས་སུ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་མཁྱེན་པ་གསུམ་པོ་དེ་ཉིད་ཉམས་སུ་ལེན་པའི་རྣམ་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །ཞེས་སོ། །མདོར་ན། སྡུག་བསྔལ་མི་རྟག་པ་སོགས་རྟོགས་པའི་ཡེ་ཤེས་བརྒྱ་དང་བདུན་ཅུ་རྩ་གསུམ་ནི་ཆོས་ཅན། གཉེན་པོ་ཤེས་རྣམ་ཀྱི་མཚན་གཞི་ཡིན་ཏེ། བདེན་བཞིའི་གནས་ཚུལ་དང་མཐུན་པར་ཞུགས་པའི་བློ་ཡིན་པའི་ཕྱིར། བདེན་བཞིའི་སྟེང་དུ་རྟག་སོགས་སྒྲོ་འདོགས་བརྒྱ་དང་བདུན་ཅུ་རྩ་གསུམ་ཆོས་ཅན། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་ཡིན་ཏེ། བདེན་པ་བཞི་ལ་ལོག་པར་ཞུགས་པའི་ཕྱིར། ཞེས་སྟོན་པ་ནི། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། གཞི་ཤེས་ཀྱི་རྣམ་པ་རྒྱས་པར་བཤད། ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བཤད། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ལ། འབྲེལ་ནི། རྣམ་གསུམ་ཞེས་བསྟན་པ་དེ་གང་ཞེ་ན། བཤད་པ་ཞེས་སྟོན་པ་ནི། རྣམ་པ་རྣམས་སྤྱིར་བསྟན་པ་ཞེས་སོ། །དང་པོ་ལ་མདོ་ནི། བཅོམ་ལྡན་འདས་ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཉེར་བདུན་གསུངས་པ་རྣམས་སོ། །དེ་བསྡུད་པ་ནི་མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་སོ། །དེའི་དོན་འགྲེལ་པས་འཆད་པ་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཤད་པ་དང༌། ལམ་བདེན་གྱི་རྣམ་པ་བཤད་པའོ། །དང་པོ་ལ། མངོན་པ་ནས་གསུངས་པའི་རྣམ་པ་དང༌། ཤེར་ཕྱིན་ནས་གསུངས་པ་མི་མཐུན་ནོ་སྙམ་པ་དགག་པའི་ཕྱིར། མངོན་པ་ནས་གསུངས་པ་དང་སྦྱར་ནས་འཆད་པ་ནི། མེད་པ་དང༌། མི་སྐྱེ་བ་དང༌། དབེན་པ་དང་ནས་མི་རྟག་པ་ལ་སོགས་པའི་མཚན་ཉིད་དག་ཡིན་ནོ་ཞེས་པའི་བར་རོ། །གཉིས་པ་ལམ་བདེན་གྱི་རྣམ་པ་ལ། རྟེན་ལམ་གྱི་དབྱེ་བ། ལམ་སོ་སོའི་དབྱེ་བ། གྲངས་ཀྱི་སྒོ་ནས་དོན་བསྡུ་བ་དང་གསུམ། དང་པོ་ནི། གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་གྱི་རྣམ་པ་ཆོས་ཅན། གསུམ་ཡོད་དེ། ཉན་རང་མ་ཕྱེ་བའི་ཉོན་སྒྲིབ་ཀྱི་གཉེན་པོར་ལམ་ཟག་མེད་གཅིག ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་རང་རྒྱལ་གྱི་ལམ་ཟག་བཅས་ཟག་མེད་གཉིས་ཡོད་པའི་ཕྱིར། གཞི་ཤེས་ཀྱི་རྣམ་པ་ཤེས་སྒྲིབ་ཀྱི་གཉེན་པོར་བསྟན་པ་མི་རིགས་ཏེ། གཞི་ཤེས་ནི་ཉོན་སྒྲིབ་ཀྱི་གཉེན་པོར་གནས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཞི་ཤེས་ཀྱིས་རང་རྒྱལ་གྱི་མངོན་རྟོགས་ཀྱང་བསྡུས་པའི་ཕྱིར་ཡང་ན་གཞི་ཤེས་ཤེས་སྒྲིབ་བཟུང་རྟོག་གི་གཉེན་པོར་ཡང་གནས་པའི་ཕྱིར། ཞེས་སྟོན་པ་ནི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཞེས་སོགས་སོ། །འཕགས་སེང་བུདྡྷ་ཤྲཱིས་ལམ་དང་པོ་མཐོང་སྒོམ་མ་བྱེད་པར་སྤྱིར་གསུང༌། གཉིས་པ་སྒོམ་ལམ་དང༌། གསུམ་པ་མཐོང་ལམ་དུ་གསལ་བར་གསུངས་ཏེ། ཉི་སྣང་དང་འགྲེལ་ཆེན་ཤེས་རབ་སྒྲོལ་མ་རྣམས་ལས། ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་ནི་རྣམ་པ་གཉིས་ཏེ། སྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། མཐོང་བའི་ལམ་ཟག་པ་མེད་པའོ། །གྲངས་བཞིན་དུ་སྒོམ་པ་དང་མཐོང་བའི་ལམ་གྱིས་བདག་ཉིད་ཅེས་བཤད་པའི་ཕྱིར་རོ། །ཤེར་འབྱུང་བློ་གྲོས་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱིས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་སྤངས་པ་ཉིད་དུ་མཚུངས་པའི་ཕྱིར། ཞེས་ལམ་དང་པོ་ཉན་རང་མ་ཕྱེ་བར་བཤད། ལམ་གསུམ་པ་མཐོང་ལམ་དུ་བཞེད། ཆོས་ཤེས། ལམ་དང་པོ། ཉན་རང་ལ་མ་ཕྱེ་བ་དང༌། ཕྱི་མ་གཉིས་ཀ་རང་རྒྱལ་གྱི་སྒོམ་ལམ་དུ་བཞེད་དེ། ཚིགས་གསལ་ལས། ཐམས་ཅད་ཤེས་པའི་སྐབས་སུ་ཉན་ཐོས་ཀྱི་རྣམ་པ་བཅུ་དྲུག་སྨོས་པ་ནི། དེ་དག་གི་མཐོང་བ་དང་བསྒོམ་པའི་ལམ་གྱི་མཚན་ཉིད། རང་སངས་རྒྱས་ཀྱི་རྣམ་པ་བཅོ་ལྔ་སྨོས་པ་ནི་དེ་དག་གི་མཚན་ཉིད་ཅེས་སོ། །རྣམ་བཤད་ཀྱི་དགོངས་པའང་འདི་ཉིད་དོ། །གསེར་གླིང་པ་ལམ་དང་པོ་ཉན་ཐོས་སུ་འཆད། ཤཱནྟི་པ་དང༌། རཏྣ་ཀིརྟི་འདིར་ཉན་རང་དང༌། མཐོང་སྒོམ་དབྱེ་བ་མི་མཛད་དོ། །འདིར་ལོ་ཙྪ་བ་ཆེན་པོའི་ཞལ་སྔ་ནས། སློབ་དཔོན་སེང་བཟང་གཞི་ཤེས་ཀྱི་ཉན་རང་གི་མངོན་རྟོགས་བསྡུས་པར་འཆད་པ་ནི་སྐབས་སུ་མ་བབ་སྟེ། འདི་གཞི་ཤེས་ཀྱི་རྣམ་པ་འཆད་པའི་སྐབས་ཡིན་ལ། གཞི་ཤེས་ཀྱི་རྣམ་པ་གཞི་ཤེས་སུ་བསྡུས་པ་ལ་དགོས་པ་མེད་ཅིང༌། སྡུད་མི་ནུས་པའི་ཕྱིར། སྡུག་ཀུན་གྱི་དོན་རྣམ་པ་བརྒྱད་པོ་ཡང་གཞི་ཤེས་སུ་བསྡུད་དགོས་པར་ཧ་ཅང་ཐལ་ལོ། །ཅི་སྟེ། འདིར་ཡུལ་ཅན་གཞི་ཤེས་སྟོན་པར་འདོད་ན། སྐབས་དོན་བོར་བར་འགྱུར་ཏེ། ལམ་བདེན་གྱི་རྣམ་པ་མ་བསྟན་པའི་ཕྱིར་རོ། །དེས་ན་ལམ་གཉིས་པ་དང་གསུམ་པའི་སྐབས་འཕགས་པ་གསུམ་གྱི་ཤེས་སྒྲིབ་ཀྱི་གཉེན་པོ་བསྟན་པར་འཕགས་པ་བཞེད་པ་ལྟར་ཡིན། ཞེས་གསུངས་སོ། །གཉིས་པ་ལ། ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་བཞི་མངོན་པ་ནས་གསུང་པ་དང་སྦྱར་ནས་འཆད་པ་ནི། དེ་ལ་དང་པོ་ལ་བྱེད་པ་པོ་ཞེས་སོ། །ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་སྒོམ་ལམ་ཟག་བཅས་ལྔ་འཆད་པ་ནི། གཉིས་པ་ལ་ཞེས་སོ། །ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་ལམ་ཟག་མེད་འཆད་པ་ནི། གསུམ་པ་ལ་ཞེས་སོགས་སོ། །དོན་བསྡུ་བ་ནི། དེ་ལྟར་ཞེས་སོགས་སོ། །འདི་དག་གི་སྐབས་སུ། གཞི་ཤེས་ཀྱི་རྣམ་པ་དང་པོ་བཅུ་དྲུག་ལ། ཤེར་ཕྱིན་ལས་གསུངས་པའི་ཆོས་ཀྱི་བདག་མེད་པའི་རྣམ་པ་བཅུ་དྲུག་ནི་བྱང་སེམས་ཀྱི་ཡིན་ལ། མངོན་པ་ནས་བཤད་པའི་གང་ཟག་གི་བདག་མེད་པའི་རྣམ་པ་བཅུ་དྲུག་ནི། ཉན་རང་གི་ཡིན་ནོ། །ལམ་ཕྱི་མ་བཅུ་གཅིག་གི་སྐབས་སུ། རྣམ་བཤད་ལས། རང་རྒྱལ་གཟུང་བའང་ལམ་གྱི་རྣམ་གཞག་སོ་སོར་ངེས་པའི་རྟེན་ངོས་བཟུང་བ་ཡིན་གྱི། འདིའི་བསྒོམ་བྱ་ཤེས་རྣམ་ནི། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ན་འཛིན་དགོས་ཏེ། དོན་བསྡུ་ལས། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉིད་རྣམ་པ་ནི། ཉན་ཐོས་དང་བྱང་ཆུབ་སེམས་པའི་བྱེ་བྲག་གིས། ཞེས་འབྱུང་བའི་ཕྱིར། གཉིས་པ་ལམ་གཉིས་ཀྱི་རྣམ་པ་ལ། གཞི་ཤེས་ཀྱི་རྣམ་པ་བཤད་ཟིན་པའི་འོག་ཏུ་ལམ་ཤེས་ཀྱི་རྣམ་པ་འཆད་དེ། ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་རྗེས་སུ། ཤེས་སྒྲིབ་འཛིན་རྟོག་གི་གཉེན་པོར་ཆོས་ཀྱི་བདག་མེད་བསྒོམ་པའི་ཕྱིར་ཞེས་སྟོན་པ་ནི། དེའི་འོག་ཏུ་ཞེས་སོགས་སོ། །སྔར་མཁྱེན་གསུམ་བསྟན་པའི་གོ་རིམ་དང་མི་མཐུན་པ་ནི། འདིར་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་བྱས་པའམ། ཡང་ན་འདི་མཁྱེན་གསུམ་གྱི་དོན་བསྡུས་ལ་འཕྲོས་པ་ཡིན་པས་དེའི་གོ་རིམ་ལྟར་བཤད་དོ། །འབྲེལ་པ་ཅན་དངོས་ལ། མདོ་ནི་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས་ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གསུངས་སོ། །དེ་བསྡུད་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །ཞེས་སོགས་སོ། །འདི་ལ་སྔ་ཕྱིའི་རིགས་པས། འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ་ངོ་བོ་ཉིད་ཀྱིས་སྟོང་པའི་བར་ཞེས་སྦྱར་རོ། །ཞེས་གཞུང་སྦྱོར་ལས་གསུངས་སོ། །འགྲེལ་པས་འཆད་པ་ལ། གོ་རིམ་ལ་མི་མཐུན་པ་སྤངས་ཏེ། མདོར་བསྟན་པ་ནི། ཀུན་ནས་ཉོན་མོངས་པ་དང༌། ཞེས་སོ། །རྒྱས་པར་བཤད་པ་ལ། འབུམ་ཕྲག་གསུམ་པའི་ཞལ་ནས། ཀུན་འབྱུང་སྤང་བྱ་ཡིན་པས། སྤང་གཉེན་གྱི་སྒོ་ནས་བསྟན། ལམ་རྒྱུད་ལ་བརྟེན་བྱ་ཡིན་པས་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན། སྡུག་བསྔལ་ཤེས་བྱ་ཡིན་པས། རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བསྟན། འགོག་བདེན་མངོན་དུ་བྱ་རྒྱུ་ཡིན་པས། དག་པ་གཉིས་ལྡན་གྱི་སྒོ་ནས་བསྟན། ཞེས་གསུངས་པ་ལྟར་བཤད་པ་ལ། འདིར་བཤད་པའི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་པོ་མངོན་པ་ནས་བཤད་པ་དང་མི་མཐུན་པས། བདེན་བཞིའི་ཆོས་མིན་ནོ་སྙམ་པ་བསལ་བའི་ཕྱིར། མངོན་པ་ནས་གསུངས་པ་དང་སྦྱར་ནས་འཆད་པ་ནི། དེ་ལ་འདོད་ཆགས་དང་བྲལ་བའི་དང༌། ཞེས་སོགས་སོ། །ངེས་འབྱིན་ལ་འཐད་པ་མི་སྟོན་པ་ནི། གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཡིན་ལ། སྡུག་བདེན་ལ་རང་སྤྱིའི་ཁྱད་པར་ནི། སྔ་མ་བཞི་གང་ཟག་གི་བསམ་པས་རང་མཚན་དུ་ཞེན་པ་དང༌། ལྔ་པ་དང་གང་ཟག་གི་བསམ་པས་སྤྱི་མཚན་དུ་ཞེན་པ་ཙམ་ཡིན་གྱི། ཁྱབ་ཆེ་ཆུང་གི་ཁྱད་པར་མེད་ཅེས་སློབ་དཔོན་གྱིས་གསུངས་སོ། །ཨར་གྱིས། དང་པོ་བཞི་གང་ཟག་གི་བདག་མེད་ཀྱི་རྣམ་པ་དང༌། གཉིས་པ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཡིན་ནོ། །ཞེས་གསུངས། སྟོང་བདག་མེད་གཉིས་བདེན་པ་གཞན་གྱིའང་རྣམ་པ་ཡིན་མོད། སྡུག་བདེན་ཁོ་ནའི་རྣམ་པར་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། འབུམ་ཕྲག་གསུམ་པའི་ཞལ་ནས། མི་རྟག་སྡུག་བསྔལ་གཉིས་དེའི་ཁྱད་ཆོས་སུ་ཤེས་པའི་ཆེད་ཡིན་ཏེ། བདག་གི་བ་དང་ངོ་བོར་གྱུར་པའི་བདག་ཡོད་ན། དེ་གཉིས་དེའི་ཁྱད་ཆོས་སུ་མི་འགྲུབ་པའི་ཕྱིར། ཞེས་གསུངས། འཕགས་པ་ཐོགས་མེད་ལྟར་ན། སྡུག་བདེན་ལ་ཕྱིན་ཅི་ལོག་བཞིར་སྒྲོ་འདོགས་པ་ཡོད་པས་དེའི་གཉེན་པོར་བཞི་པོ་བསྟན། ཕྱིན་ཅི་ལོག་བཞི་ལས་བཟློག་པའི་གེགས་སྲེད་པ་བཞི་ཡོད་པས་ཀུན་འབྱུང་ལ་བཞི་བསྟན། དེ་བཞི་འགོག་དགོས་པས་འགོག་བདེན་ལ་བཞི་བསྟན། དེ་འགགས་པའི་འགོག་པ་བཞི་མངོན་དུ་བྱེད་དགོས་པས། ལམ་ལ་བཞི་བསྟན་ཞེས་མངོན་པ་ཀུན་ལས་བཏུས་ལས་གསུངས་སོ། །འགོག་བདེན་གྱི་རྣམ་པ་བཅུ་དྲུག་པོ་མངོན་པ་ནས་གསུངས་པ་བཞི་དང་སྦྱར་ན་བཞིར་འདུས་ཏེ། དངོས་པོའི་དྲི་མ་འགོག་པ་གསུམ་འགོག་པ་དང་སྦྱར། མངོན་ཞེན་གྱི་དྲི་མ་འགོག་པ་བརྒྱད་ཞི་བ་དང་སྦྱར། བྱེད་པ་པོའི་རྟོག་པས་དབེན་པ་གཅིག་གྱ་ནོམ་དང་སྦྱར། འཁྲུལ་པའི་དྲི་མ་བསལ་བ་བཞི་ངེས་འབྱུང་དང་སྦྱར་བ་རྣམས་སོ། །འདིར་སྟོང་ཉིད་བཅུ་དྲུག་ནི། འགོག་པ་སོགས་ཀྱི་ངོ་བོ་ཡིན་ལ། དེ་དག་རྟོགས་པའི་ཡེ་ཤེས་རྣམས་ནི་འགོག་པ་སོགས་ཀྱི་རྣམ་པར་འགྱུར་རོ། །སྟོང་ཉིད་བཅུ་དྲུག་པོ་ཐམས་ཅད་དག་པ་གཉིས་ལྡན་ཡིན་ཏེ། སྟོང་པ་ཉིད་ཅེས་པས་རང་བཞིན་རྣམ་དག་དང༌། མངོན་པར་ཞེན་པ་དགག་པས་ཞེས་པ་གློ་བུར་རྣམ་དག་གི་དོན་སྟོན་པའི་ཕྱིར། དེའི་དོན་ཡང་མིག་སོགས་གདོད་མ་ནས་རང་གི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པ་དང༌། ཕྱི་ནང་སོགས་སུ་མངོན་པར་ཞེན་པའི་དྲི་མ་བར་ཆད་མེད་ལམ་གྱི་བཀག་པ་དེ་དང་བྲལ་བས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པའི་དོན་ནོ། །ངེས་འབྱུང་ལ་ཇི་ལྟར་ངེས་འབྱུང་དང༌། གང་ངེས་འབྱུང་གཉིས་ལས། གཉིས་པོའི་ཁྱད་པར་ལ་དང་པོ་ནི། སློབ་ལམ་ན་ཡོད་ལ། ཕྱི་མ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་མ་ཕམ་བསྟན་པའི་ཉི་མ་སངས་རྒྱས་དཔལ་གསུང་ངོ༌། །ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ངོ་བོ་ཉིད་དགག་པས། ཞེས་པའི་དོན་ནི། ངེས་འབྱུང་གཉིས་ཀྱི་ནང་ནས་གང་ངེས་འབྱུང་ཁོ་ན། དངོས་པོར་ཞེན་པ་གསུམ། བཏགས་པ་ལ་མངོན་པར་ཞེན་པ་བརྒྱད། བྱེད་པ་པོ་ལ་ཞེན་པ་གཅིག འཁྲུལ་པ་གསུམ་སྟེ། ཞེན་པ་བཅོ་ལྔ་བསལ་བའི་ངེས་འབྱུང་བདེན་པ་བ་ཡོད་དམ་སྙམ་པའི་དྲི་མ་བཀག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། ཞེས་པའི་དོན་ནོ། །སྐབས་འདིར་སྔ་རབས་པ་རྣམས། བདེན་པ་དང་པོ་གསུམ་གྱི་ཤེས་རྣམ་གྱི་ཡུལ་ནི། ལམ་མིན་པས་ལམ་ཤེས་སུ་མི་རུང་ལ། དེ་དག་གི་ཤེས་རྣམ་ཡུལ་དུ་བྱེད་པ་ཉིད་ལམ་ཤེས་བཟུང་ངོ༌། །ཞེས་གསུང་ལ། རྣམ་བཤད་ལས་ནི། བདེན་པ་དང་པོ་གསུམ་རྟོགས་པའི་ཡེ་ཤེས་ཀྱི་རིགས་རྒྱུན་ཉམས་སུ་མྱོང་བའི་ལྡོག་པ་ནས་ལམ་ཤེས་སུ་བསྟན་པ་ཡིན་ནོ། །ཞེས་གསུང་ལ། རལ་གྲི་ནི། རང་རིག་ལ་ལམ་ཤེས་པ་མི་རུང་ངོ༌། །ཞེས་ཀྱང་གསུངས་སོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་རྒྱས་པར་བཤད་པ་ལ། སྔ་ཕྱིའི་འབྲེལ་ནི། དེའི་འོག་ཏུ་ཞེས་སོགས་སོ། །འདི་ལ་མཁན་ཆེན་རིན་པོ་ཆེས། རྣམ་མཁྱེན་གྱི་རྣམ་པ་རྣམས་ཡོངས་སུ་ཤེས་པ་ནི། དབང་དུ་བྱ་བའི་ཕྱིར་རྣམ་པར་སྒོམ་པར་བྱེད་པ་རྣམ་པ་བརྒྱ་དང་བཅུ་པོ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་སྦྱར་རོ། །འབྲེལ་པ་ཅན་དངོས་ལ། བཤད་བྱའི་མདོ་ནི། བཅོམ་ལྡན་འདས་ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཞེས་པའི་བར་རོ། །དེ་བསྡུད་པ་ནི། གཞུང་སྦྱོར་ལྟར་ན། དྲན་པ་ཉེར་གཞག་ནས་བཟུང་སྟེ། སངས་རྒྱས་རྣམ་པའི་མཐར་ཐུག་པར། །རྣམ་ཀུན་མཁྱེན་པའི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཞེས་སོ་དོན་ནི། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། བརྒྱ་དང་བཅུར་ཡོད་དེ། སློབ་མ་ཉན་ཐོས་ལ་ཡོད་པའི་ལམ་བདེན་དང་རྗེས་སུ་མཐུན་པར་གཞི་ཤེས་ཀྱི་རྣམ་པ་སོ་བདུན་ཕྱེ། བྱང་སེམས་ལ་ཡོད་པའི་ལམ་བདེན་དང་རྗེས་སུ་མཐུན་པར་ལམ་ཤེས་ཀྱི་རྣམ་པ་སོ་བཞི་ཕྱེ། སངས་རྒྱས་ཉིད་ཀྱི་ལམ་བདེན་གྱི་དབྱེ་བས་རྣམ་མཁྱེན་གྱི་རྣམ་པ་སོ་དགུར་ཕྱེ་བའི་ཕྱིར་ཞེས་པ་སྟེ། ཆོས་ཤེས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་དང་བཅུ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་པུ་པ་དེའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །གསུམ་དུ་འབྱེད་པ་མི་འཐད་དེ། རྣམ་མཁྱེན་གྱི་རྣམ་པ་ཁོ་ན་སྟོན་པའི་སྐབས་ཡིན་པའི་ཕྱིར། ཞེ་ན་སྐྱོན་མེད་པར་སྟོན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར་ཞེས་པའོ། །འདིར་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ཁོ་ན་བཟུང་ན་རྟེན་གྱི་གང་ཟག་སོ་སོར་ངེས་པར་བཤད་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ་འཕགས་པ་ཐམས་ཅད་ཀྱི་རྟོགས་རིགས་ཡར་ལྡན་དུ་འདུས་པར་རྟོགས་པའི་ཆེད་ཡིན་ནོ། །འོ་ན་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཞེས་དང༌། དྲོ་བ་དང་རྩེ་མོའི་ངོ་བོ་ཉིད་ཅེས་སོགས་སློབ་ལམ་ཁོ་ན་བཤད་པ་མིན་ནམ་ཞེ་ན། དེ་ཡང་དང་པོར་དམིགས་རྣམ་སྒོམ་ཚུལ་སོགས་ཀྱི་རྒྱུད་ལ་ཇི་ལྟར་བསྐྱེད་པའི་རིམ་པའི་སྒོ་ནས་མ་བསྟན་ན། དེའི་རིགས་རྒྱུན་ཡར་ལྡན་དུ་ཐོབ་པ་ངོས་བཟུང་བར་མི་ནུས་པའི་ཕྱིར་རོ། །དེས་ན་འདིའི་བསྟན་བྱའི་གཙོ་བོ་ནི་རྣམ་མཁྱེན་ཁོ་ན་ཡིན་ལ། དངོས་སུ་བསྟན་པ། ཉན་རང་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་རྣམས་ཡིན་ཞེས་བརྗོད་པ་ལེགས་སོ། །སྐབས་འདིར་ཤེར་འབྱུང་བློ་གྲོས་ཀྱིས། འདི་ལྟར་གསུངས་ཏེ། རྣམ་མཁྱེན་གྱིས་ལམ་ཤེས་དང༌། གཞི་ཤེས་གཉིས་བསྡུས་ན། དེ་གཉིས་ལོགས་སུ་བསྟན་པ་དོན་མེད་ཅིང་སྔར་ལོགས་སུ་བསྟན་ཀྱང་ཕྱིས་བསྡུས་ཏེ་བཤད་པ་ཡིན་ན། སྔར་རྣམ་མཁྱེན་གཅིག་པུར་བསྟན་རིགས་པར་ཐལ་ཞེ་ན། གཞི་ལམ་རྟོགས་པ་ཡོད་པ་ཙམ་གྱིས་རྣམ་པ་ཐམས་ཅད་རྟོགས་པ་ཡོད་པ་མིན། རྣམ་པ་ཐམས་ཅད་རྟོགས་པ་ཡོད་ན། དེ་གཉིས་རྟོགས་པ་ཡོད་པས། རྣམ་མཁྱེན་གྱིས་གཉིས་པོ་བསྡུས་པར་འཐད་ཅིང༌། སྔར་གཉིས་པོ་ལོགས་སུ་བསྟན་པ་དོན་མེད་པ་མིན་ཏེ། རྣམ་པ་རྣམས་ཕན་ཚུན་བསྡུས་པ་མིན་པའི་ཕྱིར། རྣམ་མཁྱེན་གཅིག་པུ་ལོགས་སུ་བསྟན་པར་ཡང་མི་ནུས་ཏེ། གཞི་ལམ་གཉིས་ལ་གནས་པའི་རྣམ་པ་རྣམས་ཁོ་ན་རྣམ་མཁྱེན་གྱི་རྟོགས་བྱ་ཡིན་པའི་ཕྱིར། ཞེས་པའི་དོན་དུ་བཤད། མཁན་ཆེན་ཐམས་ཅད་མཁྱེན་པས། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང་སོ་བདུན་ཟློས་སོ་ཞེ་ན། མིན་ཏེ། སྔར་བདེན་པ་བཞི་ཀའི་སྒོ་ནས་བསྟན། འདིར་ལམ་བདེན་གཅིག་པུའི་སྒོ་ནས་བསྟན་པའི་ཕྱིར། དེ་ལྟ་ན་ཡང་ལམ་བདེན་གྱི་བཅོ་ལྔ་དང་མི་ཟློས་ཏེ། གོང་དུ་མཚན་ཉིད་ཀྱི་སྒོ་ནས་བསྟན། འདིར་མཚན་གཞིའི་སྒོ་ནས་བཤད་པའི་ཕྱིར། ལམ་ཤེས་ལའང་དེ་བཞིན་ནོ་ཞེས་གསུངས་ཏེ། ལེགས་པར་བཤད་པའི་གཏེར་རོ། །དེ་དག་རྒྱས་པར་བཤད་པ་ལ། སློབ་པའི་བྱང་ཕྱོགས་སོ་བདུན་གྱིས། གཞི་ཤེས་ལས་ཕྱི་བའི་རྣམ་མཁྱེན་གྱི་རྣམ་པ་མཚོན་ཏེ་བཤད་པ་དང༌། གཉེན་པོའི་ལམ་སོ་དྲུག་གིས་ལམ་ཤེས་ལས་ཕྱེ་བའི་རྣམ་མཁྱེན་གྱི་རྣམ་པ་མཚོན་ཏེ་བཤད་པ། གཉེན་པོའི་ལམ་སོ་དྲུག་གིས་ལམ་ཤེས་ལས་ཕྱེ་བའི་རྣམ་མཁྱེན་གྱི་རྣམ་པ་མཚོན་ཏེ་བཤད་པ། ཐུན་མོང་མིན་པའི་ཡོན་ཏན་གྱི་སྒོ་ནས་རྣམ་མཁྱེན་དངོས་སུ་བཤད་པ་དང་གསུམ། དང་པོ་སྡེ་ཚན་བདུན་གྱི་སྒོ་ནས་འཆད་ལ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ་སོགས་པ་བདུན་ནི། དང་པོར་ཐོབ་པའི་གནས་སྐབས་ཀྱི་མིང་ངོ༌། །ཞེས་བློ་གྲོས་སེང་གེས་ཐེག་གསུམ་གསལ་བྱེད་དུ་བཤད་དོ། །སྡེ་ཚན་བདུན་དུ་ཕྱེ་བ་ནི། སྤྱིར་བཏང་ལ་དང་པོར་ཐོབ་པའི་ས་མཚམས་ཀྱི་དབང་དུ་བྱས་པ་ཡིན་ཏེ། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་བཤད་ལ། མདོ་སྡེ་པ་ཡན་ཆད་ཚོགས་ལམ་ཆུང་ངུ་འབྲིང་ཆེན་པོ་གསུམ་དང༌། དྲོད་རྩེ་གཉིས་དང༌། བཟོད་མཆོག་གཉིས་དང༌། མཐོང་ལམ་དང་སྒོམ་ལམ་ལ་རིམ་པར་འཇོག་པར་མངོན་པ་ཀུན་ལས་བཏུས་སོགས་ལས་བཤད་ལ། མཐོང་ལམ་ཡང་འཕགས་ལམ་ཡན་ལག་བརྒྱད་ཀྱི་ངོ་བོར་མི་བཞེད་དོ། །ཐུབ་དགོངས་སུ། མཐོང་བའི་ལམ་གྱི་སྐད་ཅིག་དང་པོ་ལ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མེད་དེ། དེ་ཚེ་སྔར་དེ་བཞིན་ཉིད་མཐོང་བ་མེད་པའི་ཕྱིར། ཞེས་བཤད། མདོ་སྡེའི་རྒྱན་ལས་ནི། སོ་བདུན་པོ་ཐམས་ཅད་ས་དང་པོ་ནས་ཐོབ་པར་བཤད་དེ། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་ཉིད་དང༌། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་གསུངས་སོ། །དེ་ལྟར་སོ་བདུན་པོ་འདི་དངོས་བསྟན་བྱང་སེམས། ཤུགས་བསྟན་ཉན་རང༌། བསྟན་བྱའི་གཙོ་བོ་སངས་རྒྱས་ལ། ཞེས་སྔ་རབས་པ་རྣམས་འཆད་དོ། །གཉིས་པ་བྱང་སེམས་དང་ཐུན་མོང་བའི་ཡོན་ཏན་སོ་བཞིས་ལམ་ཤེས་ལས་ཕྱེ་བའི་རྣམ་མཁྱེན་གྱི་རྣམ་པ་མཚོན་ཏེ་བཤད་པ་ལ། གཉེན་པོའི་ལམ་སོ་དྲུག་པོ་གསུམ་དུ་བསྡུད་དེ། ལྷག་མཐོང་ཁྱད་པར་ཅན་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན། ཞི་གནས་ཁྱད་པར་ཅན་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུའི་ཏིང་ངེ་འཛིན། ཟུང་དུ་འབྲེལ་བ་སྤོང་བའི་ལམ་དང༌། སངས་རྒྱས་ཉིད་ཀྱི་ལམ་རྣམས་སོ། །གོ་རིམ་ལ། བྱང་ཕྱོགས་སོ་བདུན་ནི་རྒྱུད་ལ་བསྐྱེད་པའི་རིམ་པ་ཡིན་ལ། འདི་དག་ནི་བཤད་པའི་གོ་རིམ་མོ། །གསུམ་པ་ཐུན་མོང་མིན་པའི་ཡོན་ཏན་གྱི་སྒོ་ནས་རྣམ་མཁྱེན་གྱི་རྣམ་པ་བཤད་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ། དང་པོ་ནི། སྟོབས་སོ་དགུ་ནི་ཆོས་ཅན། བྱང་ཕྱོགས་དང་འདྲ་བར་ཐུན་མོང་མ་ཡིན་ཏེ། རྒྱུན་མཐའ་མན་ཆད་དུ་རིགས་འདྲ་མཚན་ཉིད་པ་སྔོན་དུ་མ་སོང་བའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཞེས་སོགས་སོ། །འདིར་ཐུན་མོང་མིན་པའི་གཅིག་པུ་ཁོ་ན་སྟེ། ཞེས་འབྱུང་བ་ལ་བརྟེན་ནས་སྔ་རབས་པ་རྣམས་ཐུན་མོང་བའི་རྣམ་པ་དང༌། ཐུན་མོང་མིན་པའི་རྣམ་པ་གཉིས་ཀྱི་ཐ་སྙད་མཛད་པ་དེའི་དོན་ནོ། །སྔ་མ་རྣམས་འདི་ལྟར་བཞེད་དེ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་སོ་བདུན་པོ་ལ་ཉན་ཐོས་དང་ཐུན་མོང་ཞེས་བྱ་སྟེ། སྤྱིར་ཉན་ཐོས་ཀྱི་རྒྱུད་ལ་སོ་བདུན་པོ་མཚན་ཉིད་པ་ཡོད་པའི་ཕྱིར། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་ཐར་སྒོ་གསུམ་སོགས་བཞི་ལ། བྱང་སེམས་དང་ཐུན་མོང་བ་ཞེས་བྱ་སྟེ། དེ་དག་མཚན་ཉིད་པ་བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་པའི་ཕྱིར། ལྷག་མ་སོ་དགུ་པོ་ལ་ཐུན་མོང་མིན་པ་ཞེས་བྱ་སྟེ། འཕགས་པ་འོག་མ་ལ་དེ་དག་མཚན་ཉིད་པ་མེད་པའི་ཕྱིར། ས་དགུ་པར་སོ་སོར་ཡང་དག་པར་རིག་པ་བཞི་བཤད་པ་ནི་མཚན་ཉིད་པ་མིན་ཏེ། འདྲི་བ་ཀུན་གྱི་ལན་འདེབས་པ་མེད་པའི་ཕྱིར་རོ་ཞེས་བཞེད། བདག་གི་བློ་ལ་འདི་ལྟར་སྣང་སྟེ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་པོ་དེ་ལ་ཐུན་མོང་དང་ཐུན་མོང་མིན་པའི་གཉིས་སུ་འཇོག་པ་ནི་ཡི་གེའི་དོན་མིན་ཏེ། འོ་ན་ཅི་ཞེ་ན། རྩ་བར། འཕགས་པ་བཞིའི་ལམ་བདེན་དང་རྗེས་སུ་མཐུན་པར་རྣམ་མཁྱེན་ལ་གསུམ་དུ་ཕྱེ་ཞེས་བསྟན་པ་ལ། འཕགས་པ་བཞིའི་ལམ་གྱི་བདེན་པ་རང་གང་ཞེ་ན། ཐུན་མོང་བའི་ལམ་བདེན་དང༌། ཐུན་མོང་མིན་པའི་ལམ་བདེན་དངོས་སུ་སྟོན་པ་ཡིན་ནོ། །ཐུན་མོང་བའི་སྐབས་དངོས་སུ་བསྟན་པ་རྣམས་རྣམ་མཁྱེན་གྱི་རྣམ་པ་མིན་པའི་ཕྱིར། རྣམ་མཁྱེན་གྱི་རྣམ་པ་ལ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་སུ་འབྱེད་པ་ནི་སྐབས་ལས་འཆོལ་ཞིང༌། ཐུན་མོང་བའི་ཡོན་འདི་དག་གིས་མཚོན་ནས་བསྟན་པའི་རྣམ་མཁྱེན་གྱི་རྣམ་པ་རྣམས་ནི་སངས་རྒྱས་ཁོ་ནའི་ཐུགས་རྒྱུད་ལ་བཞུགས་པའི་ཕྱིར། འཕགས་ཆུང་འོག་མ་སུ་ཞིག་དང་ཐུན་མོང་བར་འགྱུར་སྙམ་དུ་རྟོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། བརྟེན་པ་ཡོན་ཏན་གྱི་དབྱེ་བ་དང༌། རྟེན་ཡེ་ཤེས་ཀྱི་རང་བཞིན་གཉིས། དང་པོ་ལ་ནུས་པའི་ཡོན་ཏན་དང༌། བག་ཚ་བ་མེད་པའི་ཡོན་ཏན། ཆོས་སྟོན་པའི་ཡོན་ཏན། རྣམ་པར་དག་པའི་ཡོན་ཏན་ནོ། །དང་པོ་ནི་སྟོབས་བཅུ་སྟེ། མདོ་སྡེ་རྒྱན་ལས། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུང༌། གཉིས་པ་ནི། མི་འཇིག་པ་བཞི་སྟེ། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤང་བ་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །གསུམ་པ་ནི། སོ་སོ་ཡང་དག་རིག་པ་བཞི་སྟེ། རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བའི། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །བཞི་པ་ནི་མ་འདྲེས་པ་བཅོ་བརྒྱད་དེ། སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་རོ། །གོ་རིམ་ནི། ཕྱི་མ་ཕྱི་མ་རྣམས། སྔ་མ་སྔ་མ་ལ་བརྟེན་པ་ལྟ་བུར་བློས་ཞེན་པའི་ཕྱིར། རིམ་པར་སྟོན། རྟེན་ཡེ་ཤེས་ཀྱི་རང་བཞིན་ལ་གསུམ་སྟེ། འདིར་དེ་བཞིན་ཉིད་ནི་ཡུལ་ཅན་ཡེ་ཤེས་ལ་བྱ་དགོས་ཏེ། མདོ་ལས་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཆོས་ཤེས་ནི་ཆོས་ཉིད་ལ་བཞེད་པར་སྣང་སྟེ་ཚིག་གསལ་ལས། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དེ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་གང་ཞེ་ན། དེ་བཞིན་ཉིད་རྣམ་པར་དག་པའོ། །ཞེས་བཤད་དོ། །ཞེས་གསུང༌། རང་བྱུང་གི་རྣམ་པ་དང༌། སངས་རྒྱས་ཉིད་ཀྱི་རྣམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཆོས་ཀྱི་བཤེས་གཉེན་གྱིས། དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ན། དངོས་པོ་རྣམས་ལ་དབང་སྒྱུར་བའི་མཐུའི་སྒོ་ནས་ནི་རང་བྱུང་དུ་བཞག་ལ། དེ་ཉིད་ཀྱིས་སྣ་ཚོགས་པར་མ་འདྲེས་པར་མཁྱེན་པའི་སྒོ་ནས་སངས་རྒྱས་ཀྱི་རྣམ་པར་བཞག་ཅེས་གསུངས་སོ། །ཉི་སྣང་ལས། རྣམ་པའི་དབྱེ་བ་གང་ཡིན་པ་སྟོབས་སོགས་དང༌། དེ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་ཉིད་དང༌། དེ་རྣམས་ལས་མངའ་སྒྱུར་བ་གང་ཡིན་པ་རང་འབྱུང་དང༌། ཆེད་དུ་བྱ་བ་གང་ཡིན་པ་སངས་རྒྱས་ཉིད་ཀྱི་རྣམ་པར་བཤད་དོ། །གསུམ་པ་དོན་བསྡུ་བ་ལ་གཞུང་འདི་དག་དྷི་ར་བ་ལ། རྣམ་པ་མ་ལུས་པའི་ཡུལ་ཅན་དུ་འདོད། སུ་ག་ཏ་ཤྲཱི། རྣམ་མཁྱེན་གྱི་རྣམ་པའི་དོན་བསྡུ་བར་འཆད་ལ། དང་པོ་ལྟར་ཡི་གེའི་དོན་ལ་ཞུགས་པས། ངོ་བོའི་སྒོ་ནས་སོ་སོའི་དོན་བསྡུ་བ་དང༌། གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བ་གཉིས། དང་པོ་ལ། མེད་པའི་རྣམ་པ་སོགས་ཉེར་བདུན་གྱི་དོན་བསྡུ་བ་ནི། དེ་ལ་ཞེས་སོགས་ཏེ། དོན་ནི། གཞི་ཤེས་ཀྱི་རྣམ་པ་ལྔར་བཤད་པ་དག་ལས། མངོན་པ་ནས་གསུངས་པའི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་མེད་ཡིན་ཏེ། རང་དོན་དུ་ཉོན་སྒྲིབ་ཀྱི་གཉེན་པོར་མཉམ་གཞག་ཏུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། འདིར་རང་རྒྱལ་གྱི་རྒྱུད་ལ་ཡོད་པ་ནི། གཞུང་ལས་མ་བཤད་པ་ལྟར་མི་བཟུང་སྟེ། སྔར་ཟག་བཅས་ཡོད་པར་བཤད་པ་དང་འགལ་བའི་ཕྱིར་རོ། །ཤེར་ཕྱིན་ལས་གསུངས་པའི་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཉེར་བདུན་ནི་ཟག་བཅས་ཞེས་བྱ་སྟེ། རྗེས་ཐོབ་ཏུ་ཤེས་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། ཞེས་པ་རྣམ་བཤད་ཀྱི་དགོངས་པའོ། །ཡང་ན་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ནི་ཟག་མེད་ཅེས་བྱ་སྟེ། ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བའི་གཉེན་པོའི་རིགས་སུ་གནས་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་བཅས་ཞེས་བྱ་སྟེ། རང་དོན་དུ་ཉོན་མོངས་ཀྱི་གཉེན་པོར་མི་སྒོམ་པའི་གཞི་ཤེས་ཡིན་པའི་ཕྱིར། འདིར་བྱང་སེམས་ཀྱི་གཞི་ཤེས་ཀྱི་མི་རྟག་སོགས་བཅུ་དྲུག་དང༌། ཆོས་ཀྱི་བདག་ཉིད་གཅིག་ཆར་རྟོགས་པ་མི་འགལ་ཏེ། བྱང་སེམས་ཀྱི་དབང་དུ་བྱས་ཏེ། མངོན་པ་ནས་གསུངས་པ་དང༌། ཤེར་ཕྱིན་ནས་གསུངས་པ་དོན་གཅིག་པར་བཤད་པའི་ཕྱིར་རོ། །རྒྱུ་དང་ལམ་དང་ཞེས་སོགས་ཀྱི་དོན་བསྡུ་བ་ནི། ལམ་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཞེས་སོ། །དྲན་པ་ཉེར་གཞག་ནས་བཟུང་སྟེ། ཞེས་པའི་དོན་བསྡུ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཞེས་སོགས། དེའི་དོན་ནི། ཉན་ཐོས་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་སོ་བདུན་དང་སོ་བཞི་པོ་ཡང་རྣམ་མཁྱེན་གྱི་རྣམ་པར་བཟུང་ངམ་ཞེ་ན། མིན་ནོ། །ཞེས་སྟོན་པའོ། །འོ་ན་སློབ་ལམ་ན་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་སྒོམ་པ་མེད་པར་འགྱུར་ལ། དེ་ལྟ་ན་རྣམ་རྫོགས་སྦྱོར་བ་མེད་པར་ཐལ་ལོ་ཞེ་ན། ཉེས་པ་མེད་དེ། རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་པོ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སངས་རྒྱས་ཡིན་ལ། སློབ་ལམ་ན་ཡོད་པ་ནི་དེའི་སྦྱོར་བ་སྟེ། རྣམ་རྫོགས་སྦྱོར་བ་ཞེས་བྱའོ། །གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བ་ནི། རྣམ་པ་རྣམས་ཞེས་སོགས་བྱའོ། །སྐབས་འདིར་ཉི་སྣང་འགྲེལ་ཆེན་གཉིས་ལ། བཅུ་དྲུག་ལས་གཞན་དྲི་མེད་ཀྱི། །རྣམ་པ་ཡོད་མིན་ཞེས་གང་བཤད་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་རྣམ་པས་ཕྱེ་བ་ལ་དགོངས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །ཞེས་སོགས། གཉིས་པ་སྒོམ་པ་པོ་གང་ཟག་ལ། རྣམ་པའི་འོག་ཏུ་གང་ཟག་འཆད་རིགས་ཏེ། ཇི་སྐད་བཤད་པའི་རྣམ་པ་དེ་སྦྱོར་བས་ཇི་ལྟར་སྒོམ་པའི་ཚུལ་བརྗོད་དགོས་པས། དེ་ཡང་སྒོམ་པ་པོ་མ་བསྟན་པར་བརྗོད་མི་ནུས་པའི་ཕྱིར། ཞེས་སྟོན་པ་ནི་སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་སྒོམ་དགོས་ན། ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་སེམས་པར་གྱུར་ཏེ། ཡུམ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །དགེ་བའི་རྩ་བ་བསྐྱེད་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་སོ། །དེ་བསྡུད་པ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཏེ། ཤླཽ་ཀ་དང་པོས་ཉན་པའི་སྣོད་དང༌། ཕྱི་མས་བསམ་བྱུང་གི་འཛིན་པ་དང༌། སྒོམ་བྱུང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དེ་བསྟན་ནོ། །གསུམ་པ་ཡུལ་ཅན་སྦྱོར་བའི་དབྱེ་བ་ལ། འབྲེལ་ནི། སྒོམ་པ་པོའི་གང་ཟག་དེས་རྣམ་པ་རྣམས་བསྒོམ་པའི་རྣལ་འབྱོར་དེ་ལ་སྦྱོར་བ་ཞེས་མིང་གིས་འདོགས་སོ་ཞེས་སྟོན་པ་ནི། དེ་ལྟར་སྦྱོར་བ་པོ་བསྟན་ནས་ཞེས་སོ། །དངོས་ལ་མདོ་ནི། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོ་ཡུམ་ལ་གནས་པར་འགྱུར་བ་ལགས་ཞེས་སོགས་ཞུས་པ་ལ། ཀཽ་ཤི་ཀ་འདི་ལ་བྱང་སེམས་ཆེན་པོས་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས། དེ་བསྡུད་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་སོ། །འདི་བུདྡྷ་ཤྲཱི། རང་བཞིན་གྱི་སྦྱོར་བ་ལྔ། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཞེས་བཞེད། འབྲེ་ཆེན་པོ། དང་པོ་ལྔ་རང་བཞིན་གྱི་སྦྱོར་བ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཁྱབ་པར་འཇུག་པའི་ཕྱིར། བར་པ་བཅུ་བཞི་ནི། གནས་སྐབས་ཀྱི་སྦྱོར་བ་ཡིན་ཏེ། ལས་དང་པོ་པ་ནས་ས་བཅུ་པའི་གནས་སྐབས་དེ་དང་དེ་དག་ཏུ་སྦྱོར་བའི་ཕྱིར། ཐ་མ་ནི་དེ་དག་གྲུབ་པར་བྱེད་པ་ཐབས་ཀྱི་སྦྱོར་བ་ཡིན་ཏེ། ས་མཚམས་ཀྱིས་ངེས་པར་བྱས་ནས་བརྩོན་པ་མི་གཏོང་བའི་སྦྱོར་བ་ཡིན་པའི་ཕྱིར། བཅོམ་ལྡན་རལ་གྲི་ནི། མི་གནས་པའི་སྦྱོར་བ་ནི་རང་བཞིན་ཡིན་ལ། གཞན་རྣམས་ནི་དེའི་གནས་སྐབས་ལ་བཏགས་པ་ཡིན་ནོ། །ཇི་ལྟར་ན། བཞི་པོ་དེ་ཉིད་ཡུལ་གྱི་སྒོ་ནས་ལྔ། གང་ཟག་གི་སྒོ་ནས་བརྒྱད། ཡུམ་གྱི་རྣལ་འབྱོར་རྫོགས་པའི་སྒོ་ནས་བཞི། འབྲས་བུའི་སྒོ་ནས་གཉིས། དུས་ཀྱི་སྒོ་ནས་གཅིག་ཡིན་ནོ་ཞེས་བཞེད། རྣམ་བཤད་ཆེན་མོ་ལས། ཡུལ་བཟུང་བ་དང་འཛིན་པ་ལ་ཞེན་པ་བཀག་པའི་དབྱེ་བས་དང་པོ་གཉིས། གཞི་ལམ་རྣམ་པའི་ཆོས་ཉིད་རྟོགས་ཚུལ་གྱི་དབྱེ་བས་གསུམ། འབྲས་བུ་ཐོབ་ཚུལ་ལས་ཚེགས་ཆེན་ཡུན་རིངས་རྟོགས་པ་ཡོན་ཏན་གྱི་དབྱེ་བས་བདུན་ཡུལ་ལ་འཕྲོས་པའི་གཅོད་ཚུལ་གྱི་དབྱེ་བས་བཞི། ཕྲིན་ལས་ཀྱི་དབྱེ་བས་གཅིག སྦྱོར་བ་མཐར་ཐུག་པའི་གནས་སྐབས་གཅིག ཐ་མ་ལ་ས་མཚམས་ཀྱི་སྦྱོར་བ་ཞེས་གསུང༌། ཉི་ཁྲི་སྣང་བ་ལས། ཟབ་པའི་སྦྱོར་བ་སོགས་གསུམ་ལ་མཁྱེན་གསུམ་གྱིས་སྦྱོར་བ་ཞེས་གསུང་ཞིང༌། ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་ཟབ་མོ་མངོན་པར་བྱང་ཆུབ་པ་དང༌། ཐུན་མོང་མིན་པར་བྱང་ཆུབ་པ་དང༌། བླ་ན་མེད་པར་མངོན་པར་བྱང་ཆུབ་པའི་དབང་དུ་བྱས་པར་གསུངས་སོ། །ཤཱནྟི་པའི་དག་ལྡན་ལྟར་ན། ཟབ་པ་སོགས་གསུམ་ལའང་སྦྱོར་བ་སྔ་མ་གཉིས་སྦྱར་ཏེ། རང་བཞིན་གྱི་སྦྱོར་བ་བརྒྱད་དུ་བཞེད། ས་མཚམས་ལ། ཤེར་བློ། དང་པོ་ལྔ་སྦྱོར་བའི་ལམ་དང༌། དེ་ནས་གཅིག་མཐོང་ལམ། སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རིམ་པས་དགུ་དང༌། ཁྱད་པར་གྱི་ལམ་ལ་གསུམ་དང༌། བར་ཆད་མེད་པའི་ལམ་ལ་གཉིས་ཏེ། དེ་ལྟར་ལམ་ལྔས་སྦྱོར་བ་ཉི་ཤུ་རྫོགས་པ་ཡིན་ནོ། །ཞེས་བཞེད། ཁ་ཆེ་གཞོན་དུ་དཔལ། དེ་ལ་ལྔ་ནི་ཚོགས་ལམ་གྱིས་བསྡུས་ལ། བཅོ་ལྔ་ནི་སྦྱོར་ལམ་ནས་ས་བཅུ་པའི་བར་གྱིས་བསྡུས་པར་བཞེད། ཆོས་ཀྱི་བཤེས་གཉེན་ནི། ཉི་ཤུ་པོ་ཐམས་ཅད་སྦྱོར་ལམ་ཁོ་ནར་བཞེད། རྣམ་བཤད་ལས་བུདྡྷ་ཤྲཱིའི་བཞེད་པ་ལྟར། དང་པོ་ལྔ་ནི་ཚོགས་ལམ་ནས་རྒྱུན་མཐའི་བར། ཚེགས་ཆེན་ཡུན་རིང་རྟོགས་པ་སྦྱོར་ལམ། དེ་ནས་བཞི་དྲོད་སོགས་བཞི་ལ། ཉེ་བ་ནི་མཐོང་ལམ་ནས། མྱུར་བ་ནི་ས་གཉིས་པ་ནས་བདུན་པའི་བར། དེ་ནས་ལྔ་ནི་ས་བརྒྱད་པ་ནས། དེ་ནས་གཉིས་ནི་ས་དགུ་པ་ནས་བཅུ་པ། ས་མཚམས་ཀྱི་སྦྱོར་བ་ནི་ས་བདུན་མན་ཆད་ལ་བཞེད། ཉི་ཁྲི་སྣང་བ་ལས། སྦྱོར་བ་ཉི་ཤུ་པོ་འདི་དག་གི་གོ་རིམ་ནི་རིགས་པའི་ཚུལ་ཉིད་ཡིན་ཏེ། ཆོས་ཐམས་ཅད་ལ་མངོན་པར་མ་ཞེན་པར་གནས་པ་དང༌། དེ་ལ་མི་སྦྱོར་བ་ནི་དེ་དག་གི་ཟབ་པ་དང༌། གཏིང་དཔག་དཀའ་བ་དང་ཚད་མེད་པ་རྟོགས་པར་འགྱུར་རོ། །སྦྱོར་བ་མ་ཡིན་པ་བྱེད་པ་ཉིད་ཀྱིས་ནི་ལས་དང་པོ་པ་ཚེགས་ཆེན་པོས་ཐོས་པ་དང༌། དེ་ལས་གཞན་པ་ནི་བདེ་བླག་ཏུ་ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པའི་ས་ཐོབ་ནས་ངེས་པར་འབྱུང་བ་དང༌། མི་འབྲལ་བར་འགྱུར་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཉེ་བར་གྱུར་པ་དང༌། སྨྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ། །དེ་ནས་ནི་གཞན་གྱི་དོན་བྱེད་ཅིང༌། འཕེལ་བ་དང་འགྲིབ་པ་མེད་པ་དང༌། ཆོས་སམ་ཆོས་མ་ཡིན་པ་ལ་སོགས་པའི་འདུ་ཤེས་ཐམས་ཅད་དང་བྲལ་བས་རྣམ་པར་མི་རྟོག་པ་དང༌། འབྲས་བུ་རིན་པོ་ཆེ་སྦྱིན་པས་མཆོག་ཏུ་རྣམ་པར་དག་པའི་མཐར་ཐུག་པ་ཐོབ་པ་ནི། སྔོན་ཉིད་དུ་ལོའི་བར་དུ་མངོན་པར་བརྩོན་པས་སེམས་ཀྱི་རྒྱུ་ཡོངས་སུ་སྦྱངས་པ་ཡིན་ནོ། ཞེས་གསུངས་སོ། །དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི། ཉི་ཤུ་པོ་བཅུར་བསྡུས་ནས་བཤད་དེ། སྦྱོར་བ་མེད་པའི་སྦྱོར་བ་དང༌། ལུང་བསྟན་ནས་ཉེ་བ་དང༌། མྱུར་བའི་བར་དྲུག་དང༌། འཕེལ་འགྲིབ་མེད་པ་དང༌། ཆོས་དང་ཆོས་མ་ཡིན་པ་སོ་སོར་མི་མཐོང་བ་དང༌། རྣམ་པར་མི་རྟོག་པའི་སྦྱོར་བ་བཅུར་བསྡུས་ནས་བཤད་དོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ། བླང་བར་བྱ་བ་ཡོན་ཏན། དོར་བར་བྱ་བ་སྐྱོན། ཤེས་པར་བྱ་བ་མཚན་ཉིད། དང་པོ་ལ་འབྲེལ་ནི། ཡོན་ཏན་མཐོང་བ་སྔོན་དུ་བཏང་ནས་བསྒོམ་དགོས་པས་སོ། །གཞོན་ནུ་དཔལ་གྱིས་སྦྱོར་བ་ཕྱིན་ཅི་མ་ལོག་པར་སྒོམ་པ་ལས་ཡོན་ཏན་འབྱུང་བས་སོ། །ཞེས་བཤད། དང་པོ་ལ་མདོ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་སུའི་མཐུས་བྱང་སེམས་ཆེན་པོ་ཡུམ་ཟབ་མོ་འདི་འདྲི་བ་དང༌། བསྟན་པ་དང༌། བཅང་བ་དང༌། ཀློག་པ་དང༌། ཁ་དོན་དུ་བགྱིད་པ་དང༌། ཚུལ་བཞིན་ཡིད་ལ་བགྱི་བ་དང༌། སྒོམ་པ་ལ་བདུད་སྡིག་ཅན་གྱིས་བར་ཆད་བགྱི་བར་མི་ནུས་པ་ལགས། བཀའ་སྩལ་པ་སངས་རྒྱས་ཀྱི་མཐུ་ཡི་ནུས་པ་ཡིན་ནོ། །ཞེས་གསུངས། དེ་བསྡུད་པ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་སོགས་སོ། །ཆོས་ཤེས་ཀྱིས། ཡོན་ཏན་ནི། ལས་དང་པོ་པའི་ས་ནས་ཐོབ་མོད་ཀྱི། ལེགས་པར་འབྱོར་བ་ནི། དྲོད་ཡན་ཆད་ལ་སྦྱར་བར་བྱ་ཞེས་གསུངས། ཁ་ཆེ་གཞོན་ནུ་དཔལ། ས་བཅུ་དང༌། ངེས་འབྱེད་བཞི་ལ་ཡོན་ཏན་བཅུ་བཞི་སྦྱར་ཏེ་འཆད། འགྲེལ་པར་ཉི་ཤུ་རྩ་བརྒྱད་བཤད་པས་བཅུ་བཞི་ཇི་ལྟར་ཡིན་ཞེ་ན། གྲངས་བཞིན་དུ་སྦྱར་བས་བཅུ་བཞི་ཡིན་པར་བཤད་ལ། དེ་ལ་གསེར་གླིང་པ་དང༌། ཨར། སྔ་མ་རྣམས་འབྲས་བུའི་ཡོན་ཏན་དང༌། ཕྱི་མ་རྣམས་རྒྱུའི་ཡོན་ཏན་ཡིན་ཞེས་བཞེད། ཁ་ཅིག་སྔ་མ་སྦྱོར་བའི་ཡོན་ཏན་དང༌། ཕྱི་མ་གང་ཟག་གི་ཡོན་ཏན་ཡིན་པར་འདོད། འདི་ལ་རལ་གྲི་ན་རེ། ཡོན་ཏན་ཉི་ཤུ་རྩ་བརྒྱད་དུ་ཐལ་བ་དང༌། མངོན་དུ་གཟིགས་པ་དང༌། ཡེ་ཤེས་ཀྱི་གཟིགས་པ་སོགས་ལ་རྒྱུ་འབྲས་ཀྱི་ཁྱད་པར་ཀུན་མཁྱེན་གྱིས་ཀྱང་མི་རྙེད་པའི་ཕྱིར། དེས་ན་འཕགས་པ་གྲོལ་སྡེ་ལ་སོགས་པ་ཡུམ་བཤད་ཐབས་ཀྱི་ཡན་ལག་ལྔ་གསུང་བ་ལས་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བཤད་པ་ཡིན་ནོ། །ཞེས་བཞེད། རང་ལུགས་ནི། འགྲེལ་ཆེན་ལས། ཕྱི་མ་རྣམས་སྔ་མ་རྣམས་ཀྱི་སྒྲུབ་བྱེད་དུ་སྦྱར་བའི་སྡེ་བཤད། ཉི་སྣང་ལས་ནི། སྔ་མ་རྣམས་ཁོ་ན་བཤད་ཀྱི་ཕྱི་མ་རྣམས་བཤད་པ་མེད་དོ། །ཡུལ་དཔྱད་པ་དང་ཞེས་པའི་མདོར། ཡུམ་འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར། དེ་ནས་ཡུལ་རྟ་ནིར་དར་བར་འགྱུར་རོ་ཞེས་གསུང༌། འགྲེལ་ཆེན་ལས། རྟ་ནི་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་ཡུལ་ལོ། །བྱང་ཕྱོགས་ཀྱི་ཡུལ་ཐམས་ཅད་དུ་མ་ཡིན་ཏེ། འོན་ཀྱང་བྱང་གི་ཕྱོགས་ཆར་དེ་རྒྱ་ཡུལ་ལ་སོགས་པའི་ཕྱིར། ཞེས་བཤད། གཉིས་པ་དོར་བར་བྱ་བ་སྐྱོན་ལ་འབྲེལ་ནི། སྦྱོར་བ་སྒོམ་པས་ཡོན་ཏན་དེ་དག་བསྐྱེད་པ་ལ་སྐྱོན་གང་ཞིག་སྤང་དགོས་ཞེ་ན། བར་ཆད་བྱེད་པའི་སྐྱོན་འཆད་དོ། །ཞེས་སྟོན་པ་ནི། དའི་འོག་ཏུ་ཞེས་སོ། །འབྲེལ་པ་ཅན་དངོས་ལ། བསལ་བྱ་སྐྱོན་དང༌། སེལ་བྱེད་གཉེན་པོ་གཉིས། དང་པོ་ལ་མདོ་ནི། དེ་ནས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་བླ་མེད་བྱང་ཆུབ་ལ་ཡང་དག་པར་གནས་པ་དང༌། ཕྱིན་དྲུག་ལེགས་པར་སྤྱོད་པར་གྱུར་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་པ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་བར་དུ་གཅོད་པ་ཅི་ལྟ་བུ་ཞིག་འབྱུང་བར་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། ཚེགས་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་སྟེ། ཞེས་སོགས་སོ། །དེ་བསྡུད་པ་ནི། སྐྱོན་ནི་བཅུ་ཚན་ཞེས་སོ། །བསྡུ་ན། རང་ལ་བརྟེན་པ་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ། ཞེས་པའམ། ཡང་ན། རལ་གྲི་བཞེད་པ་ལྟར། ཞུགས་པ་མཐར་ཕྱིན་པའི་འགལ་རྐྱེན་ཉི་ཤུ། མ་ཞུགས་པ་འཇུག་པར་བྱེད་པའི་འགལ་རྐྱེན་ཉེར་གསུམ། སླར་ཡང་ཞུགས་པ་མཐར་ཕྱིན་པའི་གེགས་གསུམ་མོ། །ཡུལ་ལ་སོགས་པ་དང༌། ཞེས་པའི་མདོའི་འགྲེལ་ཆེན་ལས། ཡུལ་ནི་མཉམ་དཀའ་མ་ཀ་ལ་སོགས་པས་སོ། །གྲོང་ནི་ཁྱིམ་གཅིག་ལ་སོགས་པའོ། །གྲོང་ཁྱེར་ནི་ཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་སོ། །གྲོང་རྡལ་ནི་ཚོང་པ་མང་པོ་ཡོད་པའི་གནས་ལ་སོགས་པའོ། །ལྗོངས་ནི་རིགས་བཞི་ཡོད་པའི་ས་ཕྱོགས་སོ། །ཡུལ་འཁོར་ནི་རྩམ་པ་ལ་སོགས་པའི་ཡུལ་འཁོར་ཆེན་པོ་རྣམས་སོ། །ལ་གཅན་འཕྲང་བཙས་ཀྱི་གནས་སོ། །བི་ཤི་ལ་ནི་ཡོ་བྱད་ཀྱི་ཁྱད་པར་རོ། །ཤི་པི་ཀ་ནི་ཁྱོགས་ལ་སོགས་པའོ། །ལ་གཅན་གྱི་ཆོ་ལོ་ལྟ་བ་ནི། ལ་གཅན་གྱི་གནས་སུ་ཨུག་ཤུད་ལ་སོགས་པ་རྩེ་བ་ལ་བལྟ་བའོ། །ཞེས་བཤད་དོ། །གཉིས་པ་སེལ་བྱེད་གཉེན་པོ་ནི། དེ་བས་ན་ཤེར་ཕྱིན་ཟབ་མོ་འདི་འདྲི་བ་དང༌། ལུང་འབོག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བདུད་ལས་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར། རྒྱུ་བཞི་ལ་འབད་པར་བྱ་དགོས་ཏེ། དེ་དང་ལྡན་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བ་དང༌། སྐྱབ་པ་དང༌། སྦ་བར་མཛད་པའི་ཕྱིར་རོ། །གསུམ་པ་ཤེས་པར་བྱ་བ་མཚན་ཉིད་ལ། སྔ་ཕྱིའི་འབྲེལ་ནི། སྐྱོན་ཡོན་ལ་བླང་དོར་གྱི་སྒོ་ནས་སྦྱོར་བ་སྒོམ་པ་ལ། མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་ཏེ། སྦྱོར་བའི་མཚན་ཉིད་མ་ཤེས་པར་མིང་ཤེས་པ་ཙམ་གྱིས། ཉམས་སུ་ལེན་པར་མི་ནུས་པའི་ཕྱིར། དཔེར་ན་ལྟོ་ལྡིར་བ་མི་ཤེས་པར་བུམ་པ་ཞེས་པའི་མིང་ཙམ་ཤེས་པས། བུམ་པའི་བླང་དོར་ལ་མི་འཇུག་པ་བཞིན་ནོ། །ཞེས་སྟོན་པ་ནི། གོ་རིམ་བཞིན་དུ་ཡོན་ཏན་དང༌། སྐྱོན་བླང་བ་དང༌། དོར་བས་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། སྤྱིའི་རྣམ་པར་བཞག་པ་དང༌། སོ་སོའི་རྣམ་པར་བཞག་པ་གཉིས་སོ། །དང་པོ་ལ། སྔ་རབས་མཁས་པའི་ལུགས་མི་ཉམས་པའི་བཞེད་པའི་རྣམ་གྲངས་སྤྱིར་བཀོད་པ་དང༌། རང་གང་གི་རྗེས་སུ་འབྲང་བའི་ལུགས་དེ་མཐའ་ཆོད་པར་བརྗོད་པ་གཉིས། དང་པོ་ནི། ཁ་ཆེ་གཞོན་ནུ་དཔལ་ན་རེ། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་མཚན་ཉིད་ཀྱི་སྒོ་ནས་ཤེས་དགོས་པས་མཚན་ཉིད་དགུ་རྩ་གཅིག་བསྟན་ནོ། །དེ་ལ་ཤེས་མཚན་ནི་ཕྱོགས་ཆོས། བྱེད་མཚན་ནི་མཐུན་པའི་ཕྱོགས། ཁྱད་པར་གྱི་མཚན་ཉིད་ནི་མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ། ངོ་བོ་ཉིད་ནི་རྟགས་ཀྱིས་མཚོན་པར་བྱ་བའོ། །དེ་ཡང་རང་རྒྱུད་ལ་གཏན་ལ་འབེབས་པའི་ཚེ། མཁྱེན་གསུམ་ཆོས་ཅན། གཞན་རྒྱུད་གཏན་ལ་འབེབས་པའི་ཚེ། སྐྱེས་བུ་ཆོས་ཅན་ནོ་ཞེས་ཟེར། བུདྡྷ་ཤྲཱི། འདིས་སྦྱོར་བ་རྣམས་དེ་བཞིན་གཤེགས་པ་སྐྱེད་པར་མཚོན་པར་བྱེད་པས་ན་མཚན་ཉིད། ཞེས་ཟེར། འབྲོམ་སྟོན་པ་ན་རེ། རྣལ་འབྱོར་པའི་རྒྱུད་ཆོས་ཅན། མཉམ་གཞག་ཏུ་མཁྱེན་གསུམ་གྱི་སྦྱོར་བ་སྒོམ་ཤིང་རྒྱུད་ལ་སྐྱེས་པའང་ཡིན་ཏེ། རྗེས་ཀྱི་དུས་སུ་ཤེས་པ་དང་བྱེད་པ་དམིགས་པའི་ཕྱིར། ཞེས་པ་འབྲས་བུའི་གཏན་ཚིགས་སོ། །གཏན་ཚིགས་དེས་དཔགས་པའི་སྦྱོར་བ་དེ་ཆོས་ཅན། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཁྱད་ཆོས་བཅུ་དྲུག་དང་ལྡན་པའི་ཕྱིར། ཞེས་པ་དང༌། བྱང་ཆུབ་སེམས་དཔའི་གཞི་ཤེས་ཀྱི་སྦྱོར་བ་ཆོས་ཅན། དབེན་པ་བཞིའི་ངོ་བོ་ཉིད་ཡིན་ཏེ། གཞི་ཤེས་ཀྱི་བྱེད་པ་གསུམ་དང་ལྡན་པའི་ཕྱིར། དེ་བཞིན་དུ་ལམ་ཤེས་དང༌། རྣམ་མཁྱེན་ལ་སྦྱར་ནས་རང་བཞིན་གྱི་གཏན་ཚིགས་སོ་ཞེས་ཟེར། འབྲེ་ཆེན་པོ་ན་རེ། རང་བཞིན་གྱི་སྦྱོར་བ་ལྔ་ཚན་བཞི། སངས་རྒྱས་སྐྱེད་བྱེད་དུ་མཚོན། སངས་རྒྱས་ཀྱི་ཐུགས་ཀྱི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་བྱེད་ཡིན་པ་དེས་མི་ལྡན་པ་རྣམ་པར་བཅད་པ་ཡིན་ནོ། །ཡང་མཚན་གཞི་རང་ཁོ་ན། དེ་སྐྱེད་བྱེད་དུ་མཚོན། ཁྱད་པར་བཅུ་དྲུག་དང་ལྡན་པ་དེས་གཞན་དང་ལྡན་པ་རྣམ་པར་གཅོད། ཡང་མཚན་གཞི་སངས་རྒྱས་ཀྱི་ཕྲིན་ལས་སྐྱེད་བྱེད་དུ་མཚོན། སངས་རྒྱས་སའི་བྱེད་པ་བཅུ་གཅིག་སྐྱེད་བྱེད་དུ་གནས་པ་ཞེས་ཟེར། ཡང་འདུལ་དཀར་སོགས། བར་གྱི་མཁས་པ་ཕལ་མོ་ཆེ། སངས་རྒྱས་སའི་ཤེས་པ་བཅུ་དྲུག་ཕྲག་གསུམ་ཆོས་ཅན། སྦྱོར་བའི་ཤེས་མཚན་ཡིན་ཏེ། རང་རྒྱུད་མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་དུ་མཚོན་པར་བྱེད་པའི་རང་དོན་རྟོགས་པ་ཕུན་ཚོགས་ཡིན་པའི་ཕྱིར། ཁྱད་པར་བཅུ་དྲུག་ནི། སྦྱོར་བའི་མཚན་ཉིད་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པར་མཚོན་ནུས་ཀྱི་རྟོགས་པ་ཁྱད་པར་ཅན་ཡིན་པའི་ཕྱིར། བྱེད་པ་བཅུ་གཅིག་ནི་སྦྱོར་བའི་མཚན་ཉིད་ཡིན་ཏེ། རང་རྒྱུད་མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་དུ་མཚོན་པར་བྱེད་པའི་གཞན་དོན་འཕྲིན་ལས་ཕུན་ཚོགས་ཡིན་པའི་ཕྱིར། ངོ་བོ་ཉིད་བཅུ་དྲུག་ནི། སྦྱོར་བའི་ངོ་བོ་ཉིད་ཡིན་ཏེ། མཁྱེན་གསུམ་གྱི་སྦྱོར་བ་རྣམས་ཤེས་ཁྱད་བྱེད་པ་གསུམ་གྱིས་མཚོན་པར་བྱེ་བའི་གཞི་ལྟ་བུར་མཚོན་བྱེད་ཀྱི་རྟོགས་པ་ཡིན་པའི་ཕྱིར། ཞེས་ཟེར། ལོ་ཙྪ་བ་ཆེན་པོ་དཔལ་གོ་མི་འཆི་མེད་ཀྱི་བཞེད་པ་འདི་ལྟར་འཆད་དེ། མཚན་ཉིད་དང༌། མཚོན་བྱེད་དང༌། མཚན་གཞི་དང༌། མཚོན་པ་སྟེ་བཞིའི་སྒོ་ནས་ཤེས་པར་བྱ་ལ། དེ་ཡང་དཔེར་ན། ཚ་ཞིང་བསྲེག་པ་མཚན་ཉིད། མེའི་ཐ་སྙད་བྱ་རུང་མཚོན་བྱ། རྩ་ལས་བྱུང་བའི་མེ་མཚན་གཞི། མཚན་མཚོན་གཞི་གསུམ་ཡོངས་སུ་དཔྱོད་བྱེད་ཀྱི་ཚད་མ་དེ་ལ་མཚོན་པ་ཞེས་བྱ་ལ། དེ་བཞིན་དུ་འདིར་ཡང་སྦྱོར་བ་ཉི་ཤུ་པོ་མཚན་གཞི་ཡིན་ལ། དེ་ཡང་ཆོས་སྐུའི་སྒྲུབ་བྱེད་ཐུན་མོང་མིན་པ་ཡིན་པས། གཞི་ཤེས་ཀྱི་ཆ་མིན་ཞིང༌། སློབ་པའི་གནས་སྐབས་ཡིན་པས་རྣམ་མཁྱེན་གྱི་ཆ་ཡང་མིན་ལ། ལམ་ཤེས་དངོས་དང་རྗེས་མཐུན་པའི་ཆ་གང་ཡང་རུང་བ་ཡིན་ནོ། །ལམ་ཤེས་ཁོ་ནའི་ཆ་ཡིན་ཡང༌། མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཕྱེ་བ་ནི། མཁྱེན་གསུམ་གྱི་རྣམ་པ་ལ་དམིགས་པའི་ཡུལ་གྱི་སྒོ་ནས་ཕྱེ་བ་ཡིན་ཏེ། གཞི་ཤེས་ཀྱི་རྣམ་པ་སྟོང་བདག་མེད་ལ་དམིགས་པ་གནས་པ་བཀག་པའི་སྦྱོར་བ་དང༌། གཞི་ཤེས་ཀྱིས་འགོག་པའི་རྣམ་པ་བཞི་དང༌། ལམ་གྱི་བཅོ་ལྔ་སྟེ་བཅུ་དགུ་ལ་དམིགས་པ་རྣལ་འབྱོར་བཀག་པའི་སྦྱོར་བ་དང༌། གཞི་ཤེས་ཀྱི་རྣམ་པ་མི་རྟག་སྡུག་བསྔལ་གཉིས་དང༌། ཀུན་འབྱུང་གི་བཞི་སྟེ་དྲུག་ལ་དམིགས་པ་ཟབ་པའི་སྦྱོར་བ་ཡིན་ལ། དེ་གསུམ་གནས་སྐབས་ཀྱི་དབྱེ་བ་ཚེགས་ཆེན་ཡུན་རིང་རྟོགས་པ་སོགས་བརྒྱད་དང༌། དེ་གསུམ་སྒོམ་པ་རྫོགས་པ་འཕེལ་འགྲིབ་མེད་པ་སོགས་བཞི་དང༌། དེ་གསུམ་གྱི་འབྲས་བུ། འབྲས་བུ་རིན་ཆེན་སྦྱིན་པ་དང༌། རྣམ་པར་དག་པ་གཉིས་དང༌། དེ་གསུམ་གྱི་དུས་ས་མཚམས་ཀྱི་སྦྱོར་བ་དང་བཅོ་བརྒྱད་ལ་གཞི་ཤེས་ཀྱི་སྦྱོར་བ་ཞེས་བྱ། ཡང་ལམ་ཤེས་ཀྱི་རྣམ་པའི་སྟོང་བདག་མེད་གཉིས་དང༌། ངོ་བོ་ཉིད་མེད་པའི་ཆ་གསུམ་ལ་དམིགས་པ་གནས་པ་བཀག་པའི་རྣལ་འབྱོར་དང༌། ལམ་གྱི་བདུན་དང༌། འགོག་པའི་བཅུ་དྲུག་སྟེ་ཉེར་གསུམ་ལ་དམིགས་པ་རྣལ་འབྱོར་བཀག་པའི་སྦྱོར་བ་དང༌། མི་རྟག་སྡུག་བསྔལ་གཉིས། ཀུན་འབྱུང་གི་བཞི་སྟེ་དྲུག་དང༌། ངོ་བོ་ཉིད་མེད་པའི་ཆ་གཅིག་ལ་དམིགས་པ་གཏིང་དཔག་དཀའ་བའི་སྦྱོར་བ་སྟེ། དེ་ལ་ཡང་སྔ་མ་ལྟར་བཅོ་བརྒྱད་དུ་ཕྱེ་བ་ལམ་ཤེས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་གྱི་རྣམ་པས་བསྡུས་པའི་ཆོས་ཅན་གྱི་རྣམ་པ་བརྒྱ་དང་གཉིས་ཡོད་པ་དང༌། སྟོང་པ་ཉིད་ཀྱི་རྣམ་པ་དང༌། སྡུག་བསྔལ་གྱི་བར་ཆད་མེད་པའི་ལམ་དང༌། དེ་བཞིན་ཉིད་ཀྱི་རྣམ་པའི་ཆ་གཅིག་དང་བཅས་པ་ལ་དམིགས་པ་གནས་པ་བཀག་པའི་སྦྱོར་བ་དང༌། ཆོས་ཅན་གྱི་རྣམ་པ་བརྒྱ་དང་གཉིས་པོའི་ཆོས་ཉིད་མཚན་མ་མེད་པ་དང༌། འགོག་ལམ་གཉིས་ཀྱི་བར་ཆད་མེད་པའི་ལམ་སྟེ་གསུམ་དང༌། དེ་བཞིན་ཉིད་ཀྱི་ཆ་གཅིག་ལ་དམིགས་པ་རྣལ་འབྱོར་བཀག་པའི་སྦྱོར་བ་དང༌། ཆོས་ཅན་གྱི་རྣམ་པ་བརྒྱ་དང་གཉིས་པོའི་སྨོན་པ་མེད་པའི་རྣམ་པ་དང༌། སྡུག་བདེན་གྱི་བར་ཆད་མེད་ལམ་གྱི་ཆ་གཅིག་དང༌། ཀུན་འབྱུང་གི་བར་ཆད་མེད་ལམ་དང༌། དེ་བཞིན་ཉིད་ཀྱི་རྣམ་པའི་ཆ་གཅིག་ལ་དམིགས་པ་ཚད་མེད་པའི་སྦྱོར་བ་སྟེ། དེ་གསུམ་ལ་སྔར་ལྟར་དབྱེ་བ་བཅོ་བརྒྱད་ནི། རྣམ་མཁྱེན་གྱི་སྦྱོར་བའོ། །མཚོན་བྱ་ནི། ཁྱད་མཚན་དང་བྱེད་མཚན་གྱིས་རྣམ་རྫོགས་སྦྱོར་བར་མཚོན་པ་མིན་གྱི། ཆོས་སྐུའི་རྒྱུ་མཐུན་མོང་མིན་པར་མཚོན་པ་ཡིན་ལ། དེ་ཡང་ངོ་བོ་ཉིད་མཚན་བཅུ་དྲུག་གིས་སྟོན་པ་ཡིན་ནོ། །སྦྱོར་བའི་མཚན་ཉིད་ནི། ཆོས་སྐུའི་རྒྱུ་ཐུན་མོང་མིན་པའི་སྦྱོར་བར་མཚོན་པ་ལ། རང་དོན་ཕུན་ཚོགས་སྒྲུབ་བྱེད་ཁྱད་པར་གྱི་མཚན་ཉིད་དང༌། གཞན་དོན་ཕྲིན་ལས་ཕུན་ཚོགས་སྒྲུབ་བྱེད་བྱེད་པའི་མཚན་ཉིད་ཀྱི་ཚོགས་པས་མཚོན་པ་ཡིན་ལ། དེ་ལ་དབྱེ་ན། ཁྱད་མཚན་བཅུ་དྲུག་དང༌། བྱེད་མཚན་བཅུ་གཅིག་གོ །མཚན་ཉིད་དང་མཚན་གཞིའི་སྟེང་དུ་ངེས་བྱེད་ཀྱི་བློ་ནི་མཚོན་པ་ཞེས་བྱ་ལ། དེ་ཡང་སྦྱོར་བ་ལ་ཞུགས་པའི་སྔ་རོལ་གྱི་ཐོས་བསམ་གྱི་ཤེས་རབ་དང༌། སྦྱོར་བའི་རྗེས་ཀྱི་ཤེས་པ་ཅི་རིགས་སུ་ཡོད་ལ། དེས་སྦྱོར་བ་ཉི་ཤུ་མཚན་གཞིར་བྱས། ཁྱད་པར་དང་བྱེད་པའི་མཚན་ཉིད་རྒྱུ་མཚན་དུ་བཀོད་ནས། འདི་ནི་ཆོས་སྐུའི་རྒྱུ་ཐུན་མོང་མིན་པའི་སྦྱོར་བའོ། །ཞེས་མཚོན་པ་ཡིན་ནོ། །མཚོན་པ་དེ་ཡང༌། གཞི་ཤེས་དང་རྣམ་མཁྱེན་གྱི་ཆ་མིན་གྱི། ལམ་ཤེས་རྗེས་མཐུན་པའི་ཆ་ཡིན་ནོ། །དེ་ཉིད་ཀྱང་ཤེས་པ་བཅུ་དྲུག་ཕྲག་གསུམ་གྱིས་འཕངས་ནས་སྟོན་པ་ཡིན་གྱི། དེ་དག་མཚོན་པ་ཡེ་ཤེས་དངོས་མིན་ཏེ། མཚོན་པ་ཡེ་ཤེས་ཀྱིས་ནི་ཁྱད་མཚན་ལ་དམིགས་ལ། ཤེས་པ་བཅུ་དྲུག་ཕྲག་གསུམ་གྱིས་དེ་ལ་མི་དམིགས་པའི་ཕྱིར་རོ། །དེས་ན་ཡུལ་གྱིས་ཡུལ་ཅན་མཚོན་ནས་བསྟན་པ་ཡིན་ནོ། །མཚོན་པ་ཡེ་ཤེས་ཀྱིས་སྦྱོར་བའི་མཚན་ཉིད་གཉིས་དང༌། ཤེས་པའི་རྣམ་པ་བཅུ་དྲུག་ཕྲག་གསུམ་ལ་དམིགས་པ་ཡིན་ནོ། །ཞེས་གསུང་སྟེ། ལེགས་པར་བཤད་པའི་ཆ་ཤས་དཔག་ཏུ་མེད་པ་ཡོད་དོ། །བཅོམ་ལྡན་རིགས་པའི་རལ་གྲིས། མངོན་པར་རྟོགས་པའི་རྒྱན་གྱི་མེ་ཏོག་ལས། མཚོན་ཆ་ནི་རྟོག་པས་སྒྲོ་བཏགས་པའི་ཆ་ཡིན་གྱི། མཚན་གཞི་དང་མཚན་ཉིད་གཉིས་ལས་ལོགས་སུ་གྲུབ་པ་མེད་པས་མཚན་གཞི་ནི་མཚན་ཉིད་དང་ལྡན་ནོ། །ཞེས་མཚན་ཉིད་དགུ་བཅུ་རྩ་གཅིག་གིས་མཚན་གཞི་རང་དང་ལྡན་པར་མཚོན་པ་ཡིན་ནོ། །དེས་ན་འདི་ལྟར། མཁྱེན་གསུམ་གྱི་སྦྱོར་བ་མཚན་གཞི། ཤེས་བྱ་མ་ལུས་པའི་ཡུལ་ཅན་དུ་མཚོན་པ་ལ་ཤེས་པའི་རྣམ་པ་བཅུ་དྲུག་ཕྲག་གསུམ་དང་ལྡན་པ་མཚན་ཉིད་དོ། །རེ་རེ་གཞི་ལམ་རྣམ་པའི་ཡུལ་ཅན་དུའང་མཚོན་ནོ། །ཡང་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བ་མཚན་གཞི། གཞི་ཤེས་སྦྱོར་བ་ལས་ཁྱད་པར་འཕགས་པར་མཚོན་པ་ལ་ཁྱད་པར་གྱི་ཆོས་བཅུ་དྲུག་དང་ལྡན་པ་མཚན་ཉིད་དོ། །མཛད་པ་འཕྲིན་ལས་དང་ལྡན་པར་མཚོན་པ་ལ་བྱེད་པ་བཅུ་གཅིག་གི་མཚན་ཉིད་དང༌། མཁྱེན་གསུམ་གྱི་སྦྱོར་བ་ཀུན་རྫོབ་ཏུ་ངོ་བོ་ཉིད་དང་ལྡན་པར་མཚོན་པ་ལ། དབེན་པ་ལ་སོགས་པའི་ངོ་བོ་ཉིད་བཅུ་དྲུག་དང་ལྡན་པ་མཚན་ཉིད་དོ། །ཞེས་བཞེད་དོ། །གཉིས་པ་རང་གང་གི་རྗེས་སུ་འབྲང་བའི་རང་ལུགས་བཞག་པ་ལ། སྤྱིར་བཤད་པ་དང༌། སྐབས་ཀྱི་དོན་བཤད་པ་དང༌། དེ་ཉིད་གཞུང་གི་དགོངས་པར་སྦྱར་བའོ། །དང་པོ་ལ། མཚན་ཉིད་ཀྱི་སྐད་དོད། ལཀྵ་ར། ཞེས་པ་མཚོན་པར་བྱ་བས་མཚན་ཉིད་དེ། མེ་དང་ཆུ་ཤེས་བྱ་ལ་སོགས་པ་མིང་གི་ཐ་སྙད་རྣམས་སོ། །འདི་ལ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་གཉིས་ལས། དང་པོ་ནི། ཡུལ་དུས་རང་བཞིན་མ་འདྲེས་པར་གནས་པའི་དངོས་པོ་རྣམས་ཏེ། རྣམ་ངེས་ལས། དེ་ནི་ཐུན་མོང་པའི་ངོ་བོ་སྟེ། རང་གི་མཚན་ཉིད་དོ། །ཞེས་བཤད། གཉིས་པ་ནི། ཡུལ་དུས་ཐུན་མོང་དུ་རྗེས་སུ་འགྲོ་བ་ཤེས་བྱ་ལྟ་བུ་སྟེ། རྣམ་འགྲེལ་ལས། དོན་གྱི་ངོ་བོ་ཉིད་ཡིན་སྤྱི། །ཀུན་ལ་ངོ་བོ་མཚུངས་ཕྱིར་དང༌། །ཞེས་བཤད་པ་ལྟར་རོ། །ལཀྵ་ཎ། ཞེས་སྦྱར་ན། མཚོན་པར་བྱེད་པས་མཚན་ཉིད་དེ། འདི་ལའང་ཐུན་མོང་མིན་པར་མཚོན་བྱེད་རང་གི་མཚན་ཉིད་དང༌། ཐུན་མོང་དུ་མཚོན་བྱེད་སྤྱིའི་མཚན་ཉིད་དང་གཉིས། དང་པོ་ནི། ཤེར་ཕྱིན་ལས། གཟུགས་རུང་གཟུགས་ཀྱི་མཚན་ཉིད་ནས། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད་དུ་གསུངས་པའི་བར་དང༌། མངོན་པ་ནས་ཚ་བ་མེའི་མཚན་ཉིད་དུ་གསུངས་པ་སོགས་རྣམས་ཏེ། འདི་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བ་དགོས་ཏེ། རང་གི་ཐ་སྙད་བྱ་རུང་དེ་ཐུན་མོང་མིན་པར་མཚོན་བྱེད་ཡིན་པའི་ཕྱིར། འདི་ལ་དགོངས་ནས་རིགས་གཏེར་ལས། མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ། །མཚན་ཉིད་ཀྱི་ནི་སྤྱི་སྐྱོན་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། བདེ་བར་གཤེགས་པས་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་དང༌། ཟག་བཅས་སྡུག་བསྔལ་བར་གསུངས་པ་ལྟ་བུ་སྟེ། འདི་ལ་མ་ཁྱབ་པ་སོགས་སྐྱོན་མིན་ནོ། །དེའི་ཕྱིར་མཚན་ཉིད་ཀྱི་སྒྲ་ལས་བྱ་བ་བྱེད་པོ་གསུམ་ལ་འཇུག་པར་བྱེད་དེ། དེ་ཡང་འདི་ལྟར་མཚོན་པར་བྱེད་དོ། །གང་མཚོན་པར་བྱེད་ན། མཚོན་བྱ་མེ་ལྟ་བུ་དེའོ། །གང་གིས་ན། མཚན་ཉིད་ཚ་ཞིང་སྲེག་པ་ལྟ་བུ་དེས་སོ། །མཚོན་པའི་བྱ་བ་གང་ཞེ་ན། མིང་དོན་གྱི་འབྲེལ་པ་ཁོང་དུ་ཆུད་པ་སྟེ། མཚན་གཞི་ཙནྡན་གྱི་ཚ་ཞིང་སྲེག་པ་ལྟ་བུ་དེའི་དོན་དུའོ། །དེ་སྐད་དུ་ཡང༌། སློབ་དཔོན་ཆོས་མཆོག་གིས། བྱ་བྱེད་དུ་འཇོག་པ་ལ། རང་ཉིད་བྱ་བའི་ལས་དང་ལྡན་པ། བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་དང༌། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་སྟེ། བྱ་བྱེད་ཀྱི་ཆོས་གསུམ་ཚང་དགོས་པར་བཤད་པ་ལྟར་རོ། །ལས་ལའང་གཉིས་ཏེ། གང་ལ་མཚོན་པར་བྱ་བའི་གཞི་དང༌། གང་མཚོན་པའི་དང་གཉིས་ཏེ། དེ་ལྟར་ན་མཚན་ཉིད་ཀྱི་སྒྲ་ཡངས་པར་བྱས་ནས། མཚན་མཚོན་གཞི་གསུམ་དང༌། མཚོན་པ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་སྟེ། སྒྲ་དོག་པའི་དབང་དུ་བྱས་ན། བྱེད་པ་པོ་ཁོ་ན་ལ་འཇུག་སྟེ། གང་གིས་མཚོན་ཏེ་མཚན་ཉིད་དུ། ཤེས་བྱ་ཞེས་གསུངས་པའི་ཕྱིར། མཚན་མཚོན་གཞི་གསུམ་གྱི་རྣམ་པར་བཞག་པ་འདི་ཡང༌། རྟོག་གེ་པ་ཁོ་ནས་བཏགས་པ་མིན་ཏེ། མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཕན་གདགས་ཕྱིར་ན་མཚན་གཞི་དང༌། །མཚན་ཉིད་དང་ནི་མཚོན་པ་དག །རབ་ཏུ་དབྱེ་བས་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྐབས་སུ་བབ་པའི་དོན་ལ། གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང༌། ཆོས་གསུམ་སོ་སོར་ངོས་བཟུང་ནས་ཇི་ལྟར་མཚོན་པའི་ཚུལ། མཚན་ཉིད་གསུམ་གསུངས་པའི་དགོས་པ་སོ་སོར་བསྟན་པའོ། །དང་པོ་ནི། ཐེག་ཆེན་སྦྱོར་བའི་མཚན་ཉིད་སྟོན་པའི་གཞུང་འདི་དག་གིས། མཚན་མཚོན་གཉིས་ཀ་བསྟན་ལ། སྒྲས་སྟོན་པའི་ཚེ། གཉིས་ཀ་ལ་མཚན་ཉིད་ཀྱི་སྒྲ་གསུངས་ཏེ། མཚན་ཉིད་བཞི་པར་བཞེད་པ་ཡིན། ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་གཉིས་ཀྱི་ནང་ནས། འདིར་མཚན་ཉིད་བསྟན་པ་དེ་ཐུན་མོང་མིན་པར་མཚོན་བྱེད་རང་གིས་མཚན་ཉིད་ཡིན་ལ། མཚོན་བྱ་ངོ་བོ་ཉིད་བཅུ་དྲུག་བསྟན་པ་དེ་ཡང༌། ཐུན་མོང་མིན་པར་མཚོན་པར་བྱ་བ་རང་གི་ངོ་བོ་ཁོ་ན་བསྟན་ཏེ། འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་ཞེས་དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་སྦྱོར་བ་དག་མཚན་ཉིད་དང་ལྡན་པ་བཞིན་དུ་མཚོན་པས་ཞེས་བཤད་པའི་ཕྱིར་རོ། །མདོ་ལས་ཤེས་པ་བཅུ་དྲུག་ཕྲག་གསུམ་དང༌། བྱེད་པ་རྣམས་ལ་ཅི་རིགས་པ་དེ་བཞིན་གཤེགས་པའི་མངོན་རྟོགས་སུ་བཤད་ཀྱང༌། འདིར་མཚན་ཉིད་དུ་བཟུང་བ་ནི་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་ཏེ། རྫས་ཐ་དད་པ་མཚན་མཚོན་དུ་མི་རུང་བའི་ཕྱིར་དང༌། མདོ་ལས་དེ་བཞིན་གཤེགས་པའི་མངོན་རྟོགས་སུ་བཤད་ཀྱང༌། སྦྱོར་བའི་མཚན་ཉིད་དུ་མ་བཤད། བསྟན་བཅོས་ལས། སྦྱོར་བའི་མཚན་ཉིད་དུ་གསུངས་ཀྱང༌། དེ་བཞིན་གཤེགས་པའི་མངོན་རྟོགས་སུ་བཤད་པའི་ཕྱིར་རོ། །དེ་ལྟ་ན་མདོ་དང་བསྟན་བཅོས་མི་མཐུན་པར་ཡང་མི་འགྱུར་ཏེ། མདོ་ལས་དེ་བཞིན་གཤེགས་པའི་མངོན་རྟོགས་སུ་བཤད་པ་དེ་བསྟན་བཅོས་སུ་རྒྱུའི་སྒོ་ནས་བསྟན་ཏེ། ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་དུ་བཤད་པ་ན། ཐེག་ཆེན་གྱི་སྦྱོར་བ་ལ་རང་དོན་རྟོགས་པ་དང༌། གཞན་དོན་འཕྲིན་ལས་ཕུན་ཚོགས་བསྐྱེད་པའི་ནུས་པ་ཡོད་པར་ཤེས་ནུས་ལ། དེ་ལྟར་ཤེས་པ་དེ་མདོའི་སྦས་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་འདིར་དངོས་སུ་བསྟན་པའི་མཚན་ཉིད་ཡིན་ན་ཤེས་ཁྱད་བྱེད་པ་གསུམ་གང་རུང་ཡིན་དགོས་ལ། ངོ་བོ་ཉིད་བཅུ་དྲུག་པོ་གང་རུང་ཡིན་ན་མཚོན་བྱ་ཡིན་དགོས་སོ། །མཚན་ཉིད་འཆད་པ་ན་མཚོན་བྱ་སྟོན་པ་སྐབས་སུ་མ་བབ་བོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། མིང་དོན་གྱི་འབྲེལ་པ་སྟོན་དགོས་པའི་ཕྱིར་རོ། །ཤེས་མཚན་ལ་སོགས་པ་འདི་རྣམས་ཀྱང་ཐེག་ཆེན་སྦྱོར་བའི་ཤེས་པ་སོགས་མཚོན་བྱར་བྱས་ནས་དེའི་མཚན་ཉིད་འཇོག་པ་མིན་གྱི། འོ་ན་ཅི་ཞེ་ན། ཐེག་ཆེན་སྦྱོར་བའི་ཤེས་པའི་ཆ་ཡང་ཡིན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱང་ཡིན་པ་ནས། ཐེག་ཆེན་སྦྱོར་བའི་ངོ་བོ་ཡང་ཡིན། མཚན་ཉིད་དང་ལྡན་པའང་ཡིན་པས། ངོ་བོ་ཉིད་མཚན་དུ་འཇོག་པའི་བར་རོ། །གཞུང་གིས་དངོས་སུ་བསྟན་པའི་བྱང་སེམས་ཀྱི་རྣལ་འབྱོར་བདུན་བཅུ་རྩ་ལྔ་པོ་ཁོ་ན་མཚན་ཉིད་དུ་འགྱུར་གྱི། ཤེས་མཚན་སོགས་མཚན་ཉིད་དུ་འགྱུར་བ་མིན་ཏེ། མཚོན་བྱ་ཡིན་པའི་ཕྱིར། དཔེར་ན་དངོས་པོའི་མཚན་ཉིད་དེ། དངོས་པོའི་མཚན་ཉིད་དུ་མི་འགྱུར་བ་བཞིན་ནོ། །ཐེག་ཆེན་སྦྱོར་བའི་ཤེས་མཚན་སོགས་གསུམ་པོ་ཡིན་ན་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་མི་དགོས་པའང་མིན་ཏེ། དངོས་པོའི་མཚན་ཉིད་བཞིན་ནོ། །འོ་ན་མཚོན་བྱ་ཐེག་ཆེན་གྱི་སྦྱོར་བ་གཅིག་ལ། མཚན་ཉིད་ཤེས་ཁྱད་བྱེད་པ་གསུམ་འཇོག་ན་མཚན་ཉིད་གཉིས་ཀྱི་འཇོག་ན་ནི་མཚོན་བྱ་དེ་ཡང་གཉིས་སུ་འགྱུར། ཞེས་པའི་སྐྱོན་ཇི་ལྟར་སྤོང་ཞེ་ན། དེ་ནི་མཚན་ཉིད་ལ་ཁྱབ་ཆེ་ཆུང་ཡོད་པ་ལ་དགོངས་པ་ཡིན་ལ། འདིར་ནི་གསུམ་པོ་ལྡོག་པ་ཐ་དད་པ་ཁོ་ནར་ཟད་ཀྱི། ངོ་བོ་གཅིག་པའི་ཕྱིར་རོ། །དཔེར་ན། བྱས་མི་རྟག་ངོ་བོ་གཅིག་ཀྱང༌། རྒྱུ་རྐྱེན་ལས་སྐྱེས་པའི་ཆ་ལས་བྱས་པ་དང༌། སྐད་ཅིག་གི་འཇིག་པའི་ཆ་ལ་མི་རྟག་པར་བརྗོད་པ་བཞིན་ནོ། །ངོ་བོ་གཅིག་ཀྱང་ལྡོག་པའི་གནས་སོ་སོར་བསྟན་པ་ནི། འོག་ནས་འབྱུང་བའི་དགོས་པ་མི་འདྲ་བ་མཚོན་པའི་ཆེད་དོ། །རེ་རེ་ལའང་དུ་མར་ཕྱེ་བ་ནི། གདུལ་བྱ་ཉེ་བ་ལ་དགོངས་པ་ཙམ་ཡིན་གྱི་དགོས་པ་དང༌། དངོས་པོའི་གྲངས་ངེས་གཉིས་ཀ་ཡོད་པ་མིན་ལ། གསུམ་དུ་བསྟན་པ་ལ་ནི་དངོས་པོ་དང༌། དགོས་པ་གཉིས་ཀ་ལ་བརྟེན་ནས་གྲངས་ངེས་ཏེ། དངོས་པོ་ལ་གསུམ་པོ་འདི་ལས་མང་མི་དགོས་ཤིང་ཉུང་བའམ་མེད་ན་མི་འདུ་བའི་ཕྱིར་ཏེ། གསུམ་པོ་ཡ་བྲལ་ན། ཐེག་ཆེན་ལམ་གྱི་ལུས་མ་ཚང་བར་འགྱུར་བའི་ཕྱིར། མང་ཡང་མི་དགོས་ཏེ། གསུམ་པོ་འདི་ཙམ་གྱི་ཐེག་ཆེན་གྱིས་རྣལ་འབྱོར་མ་ལུས་པ་མཚོན་ནུས་པའི་ཕྱིར། ངོ་བོ་གཅིག་ཀྱང་གང་རུང་གཅིག་བསྟན་པས་ཆོག་པ་མིན་ཏེ། རིགས་མི་མཐུན་ཙམ་ཞིག་ཤེས་མཚན་བསྟན་པས་སེལ་ནུས་ཀྱང༌། ལོག་རྟོག་སེལ་བ་ལ་ལྟོས་པའི་དགོས་པའི་ཁྱད་པར་མི་འདྲ་བ་དང་ལྡན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་བ་ནི་གཞི་ལམ་རྣམ་པའི་གནས་ལུགས་ཙམ་རྟོགས་པས། རང་དོན་རྟོགས་པ་མཐར་ཐུག་ཙམ་སྐྱེད་ནུས་ཀྱང་ཉན་རང་ལྟར། གཞན་དོན་ཕྲིན་ལས་ཕུན་ཚོགས་སྐྱེད་པའི་ནུས་པ་མེད་དམ་སྙམ་པ་དང༌། དོན་གཉིས་མཐར་ཐུག་བསྐྱེད་པའི་ནུས་པ་དེ་ཡང་ཉན་རང་དང་ཐུན་མོང་པ་ཡིན་ནམ་སྙམ་པའི་དོགས་པ་དགག་དགོས་པའི་ཕྱིར། གཉིས་པ་ལ། ཆོས་གསུམ་སོ་སོར་ངོས་བཟུང་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ། མཚན་ཉིད། མཚོན་བྱ། མཚན་གཞི་དང་གསུམ། དང་པོ་ལ། ཤེས་པ། ཁྱད་པར། བྱེད་པ་གསུམ་སྟེ། འདིས་མཚོན་པར་བྱེད་པའི་ཕྱིར་རོ། །དང་པོ་ནི། ཡུལ་གཞི་ལམ་རྣམ་གསུམ་གང་རུང་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར། འདི་ལ་མཚོན་བྱ་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཕྱེ་བས་མཚན་ཉིད་ལ་ཡུལ་བཞི་བསྡུས་པ་ཆོས་རྣམས་ཤེས་པའི་བྱང་སེམས་ཀྱི་རྣལ་འབྱོར་དང༌། ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་དང༌། འབྲས་བུ་བསྡུས་པའི་ཆོས་ལ་དམིགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཏེ་གསུམ། རེ་རེ་ལའང་བཅུ་དྲུག་བཅུ་དྲུག་ཏུ་ཕྱེ་ལ། དེའི་ཚེ་མཚོན་བྱའང་བཅུ་དྲུག་ཏུ་འབྱེད་པ་ནི་མིན་ནོ། །གཉིས་པ་ནི་བསམ་གྱིས་མི་ཁྱབ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར། འདིའི་མཚན་གཞི་ལ། ལམ་ཤེས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་སྦྱོར་བ་གཉིས་སུ་གསུངས་ཀྱང༌། མཚོན་བྱ་ལ་གཉིས་སུ་ཕྱེ་ནས་མཚན་ཉིད་ལའང་གཉིས་སུ་ཕྱེ་སྟེ་གསུངས་པ་ནི་མེད་དོ། །དེ་ལའང་བཅུ་དྲུག་གོ །གསུམ་པ་ནི། རང་གི་གདུལ་བྱ་ལ་ཕན་པ་བསྒྲུབ་པའི་མཛད་པ་དང་ལྡན་པའི་བྱང་སེམས་ཀྱི་རྣལ་འབྱོར་འདི་ལ། མཚོན་བྱ་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཕྱེ་ནས། མཚན་ཉིད་ལའང་གཞི་ཤེས་སྦྱོར་བའི་བྱེད་པ་གསུམ་དང༌། ལམ་ཤེས་སྦྱོར་བའི་བྱེད་པ་བདུན་དང༌། རྣམ་མཁྱེན་སྦྱོར་བའི་བྱེད་པ་གཅིག་སྟེ་གསུམ་དུ་ཕྱེའོ། །གཉིས་པ་ལ་མཚོན་བྱ་ནི། ཐེག་ཆེན་གྱི་སྦྱོར་བ་ཙམ་སྟེ། ལུས་རྣམ་གཞག་ཏུ་སྦྱོར་བ་ཞེས་དང༌། ངོ་བོ་ཉིད་གང་མཚོན་བྱ་ཞེས་བསྟན་པ་དེའོ། །འདི་ལའང་མཁྱེན་གསུམ་གྱི་སྦྱོར་བའི་ངོ་བོ་གསུམ་ཕྱེ་ནས་གསུམ་མོ། །ངོ་བོ་ཉིད་བཅུ་དྲུག་བཤད་པ་ནི། བྱེད་ལས་དང་དམིགས་རྣམ་སོགས་ཀྱི་ཅི་རིགས་པར་ཕྱེ་བ་ཙམ་ཡིན་གྱི། མཚོན་བྱ་བཅུ་དྲུག་ཏུ་འགྱུར་བ་ནི་མིན་ནོ། །དར་ཊཱིཀ་པ་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་སྟོན་པར་བཞེད་པ་ནི། རྗེ་བཙུན་གྱིས་གསུངས་པའི་མཚན་མཚོན་གྱི་རྣམ་གཞག་བོར་ནས་མ་གསུངས་པའི་ཐ་སྙད་རང་གི་བློས་སྒྲོ་བཏགས་ནས་བཞག་པ་ཡིན་ལ། གལ་ཏེ་ཐེག་ཆེན་གྱི་སྦྱོར་བ་དང༌། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དོན་གཅིག་པས། དེའི་མཚན་ཉིད་སྟོན་པ་ཡིན་ན་ནི། བྱས་པའི་མཚན་ཉིད་དྲིས་པ་ན། མི་རྟག་པའི་བསྟན་ན་མ་འབྲེལ་བར་མི་འགྱུར་བ་སོགས་ཧ་ཅང་ཐལ་ལོ། །ཡང་ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་གྱི་སྦྱོར་བ་དང༌། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་ཐེག་ཆེན་གྱི་སྦྱོར་བ་མཚོན་བྱར་བཞེད་པའང་ཡི་གེའི་དོན་ལ་མ་ཞུགས་སྟེ། མཁྱེན་གསུམ་གྱི་སྦྱོར་བ་ཙམ་མཚོན་བྱར་གསུངས་ཀྱི་ཁྱད་ཆོས་དེ་དག་གི་ཁྱད་པར་དུ་བྱས་པའི་སྦྱོར་བ་མཚོན་བྱར་གསུངས་པ་ཟུར་ཙམ་ཡང་མེད་པའི་ཕྱིར་དང༌། དེ་དག་མཚན་ཉིད་གསུངས་པའི་དགོས་པ་ཡིན་གྱི། མཚོན་བྱའི་ཟུར་མིན་པའི་ཕྱིར་རོ། །གསུམ་པ་མཚན་གཞི་ནི། གོང་དུ་བསྟན་པའི་སྦྱོར་བ་ཉི་ཤུ་པོ་རྣམས་ཏེ། དེ་ཡང་རང་བཞིན་གྱི་སྦྱོར་བ་ལྔར་འདུས་ཤིང༌། དེ་ཡང་ཟབ་པའི་སྦྱོར་བ་སོགས་གསུམ་པོ་ལ་མཁྱེན་གསུམ་གྱི་སྦྱོར་བའི་ཐ་སྙད་འཕགས་པས་གསུངས་པ་ལྟར། གསུམ་པོ་མཁྱེན་གསུམ་གྱི་སྦྱོར་བ་གསུམ་གྱི་མཚན་གཞིར་བཞག་གོ །གཉིས་པ་ཇི་ལྟར་མཚོན་པའི་ཚུལ་ནི། རང་བཞིན་གྱི་སྦྱོར་བ་ལྔའམ། ཉི་ཤུ་པོ་མཚན་གཞི། ཐེག་ཆེན་གྱི་སྦྱོར་བར་མཚོན། གཞི་ལམ་རྣམ་གསུམ་གང་རུང་གི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པ། ཞེས་དང༌། བསམ་མི་ཁྱབ་པ་སོགས་ཀྱི་བདག་མེད་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཞེས་དང༌། གདུལ་བྱ་ལ་ཕན་པ་བསྒྲུབ་པའི་བྱེད་པ་དང་ལྡན་བྱང་སེམས་ཀྱི་རྣལ་འབྱོར་ཞེས་པའོ། །སོ་སོར་མཚོན་ན། ཟབ་པའི་སྦྱོར་བ་མཚན་གཞི། གཞི་ཤེས་སྦྱོར་བར་མཚོན། ཕུང་སོགས་གཞིའི་ཆོས་ལ་དམིགས་པའི་བྱང་སེམས་ཀྱི་རྣལ་འབྱོར་དང༌། ཕན་བདེ་སྐྱོབ་གསུམ་གང་རུང་གི་མཛད་པ་བསྒྲུབ་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ལ། ཁྱད་མཚན་མི་འཆད་པ་ནི། ཐེག་ཆེན་གྱི་མཐོང་ལམ་དུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང༌། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དང༌། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་གསུམ་མོ། །ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པའི་ཚུལ་གྱིས་ཚང་བ་ལས། དང་པོ་ལ་གཞི་ཤེས་སྦྱོར་བ་དང༌། ཕྱི་མ་ལ་ལམ་ཤེས་སྦྱོར་བ་དང༌། རྣམ་མཁྱེན་གྱི་སྦྱོར་བའི་ཐ་སྙད་བྱས་ཤིང༌། དང་པོ་ལ་ཁྱད་མཚན་མ་བཤད་པའི་རྒྱུ་མཚན་ཡོད་དེ། དེ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མིན་པའི་ཕྱིར་ཏེ། ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མངོན་རྟོགས་ཀྱི་རིགས་ཡིན་པའི་ཕྱིར། སྙམ་དུ་རྟོགས་སོ། །ཡང་གཏིང་དཔག་དཀའ་བའི་སྦྱོར་བ་མཚན་གཞི། ལམ་ཤེས་ཀྱི་སྦྱོར་བར་མཚོན་ལམ་གྱི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པ་དང༌། སྐྱབས་སོགས་བྱེད་པ་བདུན་དང་ལྡན་པའི་བྱང་སེམས་ཀྱི་རྣལ་འབྱོར་དང༌། ལམ་ཤེས་སྦྱོར་བ་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་རྣལ་འབྱོར་ཡིན་པ་ཞེས་པ་སྟེ། ཚད་མེད་པའི་སྦྱོར་བ་ལའང་དེ་བཞིན་དུ་སྦྱར་རོ། །ཁྱད་མཚན་གྱི་མཚོན་ཚུལ་ལ། བྱེ་བྲག་གི་སྦྱོར་བ་འགོད་པའི་ཚེ་ལམ་ཤེས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་གྱི་སྦྱོར་བར་མཚོན་པའི་ཚུལ་མི་འགོད་དེ། ལམ་ཤེས་པ་ཉིད་ལ་སོགས་པ་གཉིས་ནི་ཁྱད་པར་གྱི་ལམ་ཡིན་པར་ཁྱད་ཞུགས་སོ། །ཞེས་མཚན་ཉིད་གཞན་གཉིས་དང་མཚོན་ཚུལ་མི་འདྲ་བར་གསུངས་པའི་ཕྱིར། སྤྱིར་མཚོན་པའི་ཚེ། ཐེག་ཆེན་གྱི་སྦྱོར་བར་མཚོན་དགོས་ཏེ། བྱེད་པར་བསྒྲུབ་པས་འདིས་སྦྱོར་བ་རྣམས་མཚོན་པར་བྱེད་པས་ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང༌། ཞེས་གསུངས་པའི་ཕྱིར། གསུམ་པ་དགོས་པ་ནི། ཤེས་མཚན་གསུངས་པས་རིགས་མི་མཐུན་ཙམ་བསལ་ཏེ། ཐེག་ཆེན་གྱི་སྦྱོར་བ་ལ་རང་དོན་རྟོགས་པ་ཕུན་སུམ་ཚོགས་པ་བསྐྱེད་པའི་ནུས་པ་ཡོད་པར་གོ་ནུས། ཁྱད་མཚན་བསྟན་པས་ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་གོ་ནུས། བྱེད་མཚན་བསྟན་པས་ཐེག་ཆེན་སྦྱོར་བ་ལ་གཞན་དོན་ཕྲིན་ལས་ཕུན་ཚོགས་སྐྱེད་པའི་ནུས་པ་ཡོན་པར་གོ་ནུས་སོ། །ངོ་བོ་ཉིད་མཚན་བསྟན་པས། མཚན་ཉིད་དེ་གསུམ་གང་ལ་བསྟན་པའི་མཚོན་བྱ་ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་དུ་རྟོགས་སོ། །ཡང་ན་ཁྱད་མཚན་གྱིས་རིགས་མི་མཐུན་སྤངས་ཤིང༌། གཞན་གཉིས་ཀྱིས་ལོག་རྟོག་སྤངས་སོ། །ཁ་ཅིག་ཊཱི་ཀའི་དགོངས་པར་བྱས་ནས། ཐེག་ཆེན་གྱི་སྦྱོར་བ་དང་རང་དོན་རྟོགས་པ་ཕུན་ཚོགས་དང༌། གཞན་དོན་འཕྲིན་ལས་ཕུན་ཚོགས་དང༌། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་པ་སྟེ། ཤེས་མཚན། ཁྱད་མཚན། བྱེད་མཚན་གསུམ་གྱི་མཚན་ཉིད་དུ་འཇོག་པ་ནི། ཁྱད་མཚན་གྱི་བྱེ་བྲག་སྦྱོར་ལ་རུང་ཙམ་ཡིན་ཡང༌། གཞན་རྣམས་ནི་ཚིག་དོན་གང་ལའང་མ་ཞུགས་པས་བཏང་སྙོམས་སུ་བྱ་བར་རིགས་སོ། །དེས་ན་འདི་ལྟར་བྱ་སྟེ། ཐེག་ཆེན་སྦྱོར་བ་རང་གི་མཚན་གཞིའི་སྟེང་དུ་ཐུན་མོང་མིན་པར་མཚོན་ནུས་དེ། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་དེ་གང་ཞིག་ཁྱོད་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་དུ་བཞག་པ་ལ་བརྟེན་ནས། ཐེག་ཆེན་གྱི་རང་དོན་རྟོགས་པ་ཕུན་ཚོགས་སྐྱེད་པའི་ཐུན་མོང་མིན་པའི་རྒྱུར་གོ་ནུས་དེ། ཐེག་ཆེན་སྦྱོར་བའི་ཤེས་མཚན་གྱི་མཚན་ཉིད་ཡིན་པ་སོགས་སུ་ཤེས་པར་བྱ་ཞིང༌། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་ཞེས་པ། དོན་ཐེག་ཆེན་སྦྱོར་བ་ཉིད་ཡིན་པས་མཚན་ཉིད་བཤད་ཟིན་ལ། འོན་ཀྱང་དེའི་ཐ་སྙད་ཀྱི་མཚན་ཉིད་ནི། ཤེས་ཁྱད་བྱེད་པ་གསུམ་གྱིས་རང་བཞིན་གྱི་སྦྱོར་བ་ལྔའི་སྟེང་དུ་མཚོན་པར་བྱ་བའི་ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་གྱི་མཚན་ཉིད། ཁ་ཅིག་མཚན་གཞི་ལྟ་བུར་མཚོན་པས་ན། ཞེས་པའི་འགྱུར་ལ་བརྟེན་ནས་ངོ་བོ་ཉིད་བཅུ་དྲུག་པོ་མཚན་གཞིར་བཞག་ནས། རྣམ་རྫོགས་སྦྱོར་བར་མཚོན་པ་ཡིན་ཟེར་བ་ལ་ནི། མཚོན་མི་ནུས་པ་དང༌། མཚོན་བྱ་ཉི་ཚེ་བ་ཉིད་དུ་འགྱུར་བའི་ཉེས་པ་སོགས་མཐའ་ཡས་སོ། །དེས་ན་རྣམ་རྫོགས་སྦྱོར་བ་མཚན་གཞིར་བཞག་ནས། སྦྱོར་བ་ཙམ་དུ་མཚོན་པ་ལ། འཕགས་སེང་གི་འགྲེལ་པར་ཤིན་ཏུ་གསལ་བས། དེའི་ཕྱིར། མཚན་ཉིད་ཀྱི་ས་མཚམས་ཀྱང༌། ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་པར་གྲུབ་བོ། །གསུམ་པ་དེ་ཉིད་གཞུང་གི་དགོངས་པར་སྦྱར་བ་ནི། གོང་དུ་ཇི་སྐད་བཤད་པ་དེ་དག་རྟོག་པས་རང་དགར་བཏགས་པ་མིན་གྱི། རྒྱ་གར་མཁས་པའི་ལུགས་ལས་འབྱུང་བ་ཡིན་པས། འགྲེལ་ཆེན་ལས། བྱེད་པར་བསྒྲུབ་པས་འདིས་སྦྱོར་བ་མཚོན་པར་བྱེད་པ་ཡིན་པའི་ཕྱིར། ཤེས་པ་དང༌། ཁྱད་པར་དང༌། ངོ་བོ་ཉིད་དང༌། ལས་སུ་སྒྲུབ་པས་དེ་རྣམས་མཚོན་པར་བྱ་བ་ཡིན་པས། ཞེས་དང༌། དག་ལྡན་ལས། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་ཤེས་པ་དང༌། །ཁྱད་པར་བྱེད་དང་རྣམ་གསུམ་སྟེ། །མཚོན་བྱ་ངོ་བོ་ཉིད་གང་ཡང༌། །ཞེས་དང༌། དེ་བཞིན་དུ། སྙིང་པོ་མཆོག གྲགས་པའི་ཆ། ཤེས་རབ་སྒྲོན་མ་ཐམས་ཅད་ལས། དང་པོ་གསུམ་མཚན་ཉིད་དང༌། ངོ་བོ་ཉིད་མཚོན་བྱར་གསུང་བྱེད་སྒྲུབ་དང་ལས་སྒྲུབ་ཀྱི་ཐ་སྙད་ནི། སློབ་དཔོན་འདིའི་གཞུང་ལས་འབྱུང་གི འཕགས་པས་གསུང་པ་མེད་ཅིང༌། འགྲེལ་བྱེད་གཞན་རྣམས་ནི་སློབ་དཔོན་ལྟར་འཆད་དོ། །ཚིགས་གསལ་ལས་ནི་འདི་ལྟར་གསུངས་ཏེ། མཚན་ཉིད་ཅེས་བྱ་བ་ནི་རང་གི་མཚན་ཉིད་དང༌། རྣམ་པར་དབྱེ་བའི་མཚན་ཉིད་དོ། །རྣམ་པར་དབྱེ་བའི་མཚན་ཉིད་ནི་བུམ་པ་ལ་སོགས་པ་དག་ལ་དུང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དངོས་པོ་གཅིག་ཏུ་ཡང་ལྡོག་པའི་དབང་གིས་དཔག་ཏུ་མེད་པར་བརྗོད་པ་སྟེ། ཞེས་པ་ནས། རང་གི་མཚན་ཉིད་ནི། རང་གི་ཐུན་མོང་མིན་པའི་ཡན་ལག་མེ་ལ་སོགས་པའི་ཚ་བ་ལ་སོགས་པ་འཇིག་རྟེན་རྣམས་ན་རིགས་པས་མ་བཅོམ་པའི་ཚེ། གཞན་ལ་མི་ལྟོས་པར་དོན་བྱེད་པར་སྣང་བའི་དངོས་པོ་རགས་པ་རྣམས་སོ། །འདིར་ནི་རང་གི་མཚན་ཉིད་བཟུང་ངོ༌། །དེ་ཡང་མཚོན་པར་བྱེད་པའི་མཚན་ཉིད་ནི། ཤེས་པ་དང་ཁྱད་པར་བྱེད་པ་རྣམས་ཏེ། དེ་ལ་ཤེས་པའི་མཚན་ཉིད་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐ་དད་པ་གསུམ་ཆར་ཡང༌། རྒྱལ་བའི་ཡུམ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པའོ། །ཞེས་བྱ་བ་ལ་སོགས་པ་ཤེས་པར་བྱེད་པའོ། །གལ་ཏེ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་གྱི་རྒྱལ་བའི་ཡུམ་གྱི་བདག་ཉིད་ཆེ་བ་ཤེས་པར་བྱེད་པར་འགྱུར་བ་ཁོ་ནས་ཆོག་པས་ལམ་ཤེས་པས་ཅི་ཞིག་བྱ་སྙམ་པ་ལ། ཤེས་པར་བྱེད་པ་མཚུངས་སུ་ཟིན་ཀྱང་དེ་དག་གི་ཁྱད་པར་ནི་འདི་དང་འདི་ལྟ་བུའོ། །ཞེས་སྟོན་པར་བྱེད་པ་ནི་ཁྱད་པར་གྱི་མཚན་ཉིད་དོ། །ཁྱད་པར་གྱི་མཚན་ཉིད་དེས་དོན་ཅི་ཞིག་བྱེད་སྙམ་པ་ལ་བྱེད་པའི་མཚན་ཉིད་དོ། །ངོ་བོ་ཉིད་མཚོན་པར་བྱེད་པའི་མཚན་ཉིད་ནི། ཐམས་ཅད་མཁྱེན་པ་ཉིད་དེ་གསུམ་གྱི་རང་བཞིན་ཁོང་དུ་ཆུད་པར་བྱེད་པ་ལ་གཙོ་བོར་མ་གྱུར་པའི་རང་བཞིན་དུ་ཟད་དོ། །ཞེས་གསུངས་པ་འདི་ལས་ཤེས་ཁྱད་བྱེད་པ་གསུམ་ཐུན་མོང་མིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང༌། ངོ་བོ་ཉིད་དེའི་མཚོན་བྱ་དང༌། སྦྱོར་བ་གསུམ་ཆར་གྱིས་ཤེས་ཕྱིན་གྱི་ཆེ་བའི་ཡོན་ཏན་ཤེས་པར་བྱེད་པ་ཙམ་ཡིན་ན། གང་རུང་གཅིག་གིས་ཆོག་གོ་སྙམ་པ་ལ་ཁྱད་མཚན་བསྟན་པར་གསུངས་སོ། །དེ་ལྟར་ན་མཚན་ཉིད་ཀྱི་གོ་རིམ་ནི། མཚན་མཚོན་གྱི་འབྲེལ་པ་སྟོན་པ་ལ། ཐོག་མར་འཇོག་བྱེད་ངེས་པར་བྱས། དེའི་རྗེས་སུ་རྣམ་པར་བཞག་བྱ་ལ་རྟོགས་པ་བསྐྱེད་དགོས་པས། བྱེད་སྒྲུབ་དང་ལས་བསྒྲུབ་རིམ་པར་བསྟན་ནོ། །བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ལའང་རང་དོན་རྟོགས་པ་མཐར་ཐུག་གི་རྒྱུར་གོ་བྱེད་དང༌། གཞན་དོན་ཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གོ་བྱེད་གཉིས་ཡོད་པ་རིམ་པར་བསྟན་ཏེ། འབྲས་བུའི་དུས་སུ་རྟོགས་པ་མཐར་ཐུག་མངོན་དུ་བྱས་ནས། དེ་ལས་གཞན་དོན་འཕྲིན་ལས་ཕུན་ཚོགས་འབྱུང་བའི་ཕྱིར། དང་པོ་ལའང་གོ་བྱེད་དངོས་དང༌། དེའི་ཁྱད་པར་གྱི་ཆོས་གཉིས་རིམ་པར་སྟོན། གཉིས་པ་སོ་སོའི་རྣམ་གཞག་ལ། མདོ་ལ། མདོར་བསྟན། རྒྱས་བཤད་ཀྱི་རིམ་པ་གཉིས་སུ་མེད་ཀྱང༌། བསྟན་བཅོས་སུ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ་དེ་ལྟར་མཛད་པའི་རྒྱུ་མཚན་ཡང༌། ཡུམ་དེ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པར་བྱེད་པའོ། །ཞེས་སོགས་དགུ་དགུ་རྩ་གཅིག་གིས་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་སྟོན་པ་མི་གསལ་བས་བརྡ་འཕྲོད་པའི་ཆེད་དུའོ། །དང་པོ་ནི། ལུས་རྣམ་གཞག་ཏུ་མཚན་ཉིད་ཅེས་བསྟན་པ་དེ་གང་ཞེ་ན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱི་སྒྲ་ཡངས་པར་བྱས་ནས། བྱེད་བསྒྲུབ་ལས་བསྒྲུབ་གཉིས་སུ་ཡོད་དེ། མཚན་ཉིད་དང་མཚོན་བྱ་གཉིས་སུ་ཡོད་པའི་ཕྱིར་ཆོས་ཅན། ཁྱོད་ཀྱི་སྒྲ་དོག་པར་བྱས་ན། དེ་ལྟ་བུ་གཉིས་སུ་ཡོད་པ་མིན་ཏེ། དེའི་ཚེ་ཡོད་ཡིན་ན། ཐེག་ཆེན་གྱི་སྦྱོར་བའི་ཤེས་མཚན་ཁྱད་མཚན་བྱེད་མཚན་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། ཞེས་སྟོན་པ་ནི། གང་གིས་མཚོན་ཏེ། ཞེས་སོགས་རྩ་འགྲེལ་ལོ། །རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཤེས་མཚན་ལ་གསུམ་དུ་ཕྱེ་སྟེ། མཚོན་བྱ་སྦྱོར་བ་དེ་ལ་གསུམ་ཡོད་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལ་ཤེས་པའི་མཚན་ཉིད། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཞེས་སོ། །གསུམ་པོ་རིམ་པར་བསྟན་ཏེ། གཞིའི་ཆོས་ལ་དམིགས་པ་མེད་པར། ལམ་གྱི་གནས་ལུགས་སྒོམ་པར་མི་འབྱུང་ཞིང༌། དེ་མེད་པར་རྣམ་པའི་གནས་ལུགས་རྟོགས་པ་མི་འབྱུང་བའི་ཕྱིར་རོ། །དང་པོ་ལ། མདོ་ནི་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡུམ་འདི་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ། །འཇིག་རྟེན་འདི་སྟོན་པར་བྱེད་པའོ། །ཞེས་བཀའ་སྩལ་ན། ཡུམ་ཇི་ལྟར་བསྐྱེད། འཇིག་རྟེན་འདི་སྟོན་པ་ཇི་ལྟར་བགྱིད། འཇིག་རྟེན་ན་ནི་དེ་བཞིན་གཤེགས་པ་ཇི་ཙམ་བཞུགས་བཀའ་སྩལ་པ། ཡུམ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་པའོ། །མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཞེས་སོགས་སོ། །མདོའི་དོན་ཇི་ལྟར་བསྡུས་པ་ནི། མདོ་ཚིག་བཅུ་དྲུག་པོ་ནི་ཆོས་ཅན། གཞི་ཤེས་ཀྱི་ཤེས་མཚན་བསྟན་ཏེ། གཞིའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་བཅུ་དྲུག་གིས་དངོས་སུ་མཚོན་ནས། གཞིའི་ཆོས་ལ་དམིགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་འཕངས་ནས་བསྟན་པའི་ཕྱིར། ཞེས་སྟོན་པ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང༌། ཞེས་སོགས་སོ། །དོན་ནི། གཞི་ཤེས་སྦྱོར་བ་ལས་དེ་བཞིན་གཤེགས་པ་འབྱུང་བར་རྟོགས་པ་སོགས་གཞིའི་ཆོས་ལ་དམིགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་པོ་གང་རུང་ཆོས་ཅན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཐེག་ཆེན་གྱི་ཟབ་པའི་སྦྱོར་བ། གཞི་ཤེས་ཀྱི་སྦྱོར་བར་མཚོན་ནུས་ཡིན་པའི་ཕྱིར། དེ་འདྲ་བཅུ་དྲུག་པོ་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་དུ་བཞག་པ་ཆོས་ཅན། དགོས་པ་ཡོད་དེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་དེས་རང་འབྲས་སངས་རྒྱས་སའི་གཞི་ཤེས་ཀྱི་རྟོགས་པ་མཐར་ཐུག་བསྐྱེད་པའི་ནུས་པ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཞེས་འོག་མ་གཉིས་ལའང་སྦྱར་བར་བྱའོ། །གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ལ། མདོ་ནི། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུམ་གྱི་མཚན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཡུམ་ཟབ་མོ་འདིའི་མཚན་ཉིད་ནི་སྟོང་པ་ཉིད་དོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། མདོ་ཚན་པ་བཅུ་དྲུག་པོ་ཆོས་ཅན། ལམ་ཤེས་སྦྱོར་བའི་ཤེས་མཚན་བཤད་དེ། ལམ་གྱི་གནས་ལུགས་མངོན་དུ་རྟོགས་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་བཅུ་དྲུག་གིས་དངོས་སུ་མཚོན་ནས་ལམ་གྱི་ཆོས་ཉིད་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་འཕངས་པའི་ཕྱིར་ཞེས་སྟོན་པ་ནི། སྟོང་ཉིད་མཚན་མ་མེད་བཅས་དང༌། །ཞེས་སོགས་སོ། །གསུམ་པ་ལ་མདོ་ནི། རབ་འབྱོར་ལ་བཀའ་སྩལ་པ། དེ་ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཡུམ་གྱི་ཆོས་འདི་ལ་བརྟེན་ཅིང་གནས་སོ། །དེ་བཞིན་གཤེགས་པ་རྣམས་ཡུམ་འདི་ལ་རིམ་གྲོར་མཛད་དོ་ནས། བཀུར་སྟིར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་འདི་ལས་འབྱུང་བའི་ཕྱིར་རོ། །ཞེས་གསུངས། དེའི་དོན་སྡུད་པ་ནི། དེ་འདྲའི་མདོ་ཚན་པ་བཅུ་དྲུག་པ་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་སོགས་གཞིའི་ཆོས་དང༌། ཡུམ་སྟོང་པ་ཉིད་ལ་སོགས་པའི་ལམ་གྱི་ཆོས་ཏེ། གཞི་ལམ་གཉིས་ཀྱི་སྟེང་གི་རྣམ་པའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་སངས་རྒྱས་ཀྱི་མཁྱེན་པ་དེས་མཚོན་ནས། རྣམ་པའི་གནས་ལུགས་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་འཕངས་པའི་ཕྱིར་ཞེས་སྟོན་པ་ནི། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །ཞེས་སོགས་སོ། །མདོར་ན་ཤེས་པ་བཅུ་དྲུག་ཕྲག་གསུམ་པོ་འདི། མདོ་ལས་དེ་བཞིན་གཤེགས་པའི་མངོན་རྟོགས་སུ་བཤད་དེ། མདོར་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པའི་ཕྱིར། བསྟན་བཅོས་ཀྱི་དངོས་བསྟན་ལ། ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བར་མཁྱེན་གསུམ་གྱི་སྦྱོར་བ་ཙམ་གྱི་མཚན་ཉིད་དུ་གསུངས་ཏེ། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། ཞེས་གསུངས་པའི་ཕྱིར་རོ། །བསྟན་བྱའི་གཙོ་བོ་ནི་ཐེག་ཆེན་སྦྱོར་བའི་མཚན་ཉིད་དེ། ཁྱད་མཚན་གསུངས་པའི་ཕྱིར་རོ། །གསུམ་པ་ཁྱད་མཚན་ལ། འབྲེལ་ནི། ཆོས་ཀྱི་བཤེས་གཉེན་གྱི་བཞེད་པ་ལྟར། གོང་དུ་བཤད་པའི་ཤེས་མཚན་བཅུ་དྲུག་ཕྲག་གསུམ་ཆར་གྱིས། ཤེར་ཕྱིན་གྱི་ཤེས་པ་ཁོ་ན་ཤེས་པ་ལ་ཁྱད་པར་མེད་པའི་ཕྱིར་དང༌། ཁྱད་པར་གཞན་ཡང་མ་བསྟན་པས། མཚོན་བྱ་སྦྱོར་བ་གསུམ་པོ་ལའང་ཁྱད་པར་མེད་པར་འགྱུར་ཞིང༌། དེ་ལྟ་ན་གང་རུང་གཅིག་གིས་ཆོག་གོ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཁྱད་མཚན་བཅུ་དྲུག་གསུངས་སོ་ཞེས་སྟོན་པ་ནི། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས། ཞེས་སོགས་སོ། །དོན་ནི། སྔར་ཤེས་མཚན་སྟོན་པའི་གཞུང་གིས། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་དགོངས་ནས། འཕགས་པའི་གང་ཟག་རྣམ་པ་གསུམ་གྱི་དབང་དུ་མཛད་དེ། གོ་རིམ་བཞིན་དུ། ཕྱོགས་གཅིག་ཏུ་འཇུག་པ་དང༌། ཕྱེད་དུ་བྱེད་པའི་འཇུག་པ་དང༌། མངོན་སུམ་བྱེད་པའི་འཇུག་པའི་དབང་དུ་བྱས་ནས་ཤེས་པ་ཡུམ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་བྱས་ན་དངོས་བསྟན་ལ་ཤེས་མཚན་གྱིས། ཐེག་པ་ཆེན་ཆུང་མ་ཕྱེ་བར་བསྟན། ཁྱད་མཚན་གྱིས་ཕྱེ་སྟེ་བསྟན། བྱེད་མཚན་གྱིས་ཐེག་ཆེན་སྦྱོར་བ་ཁོ་ནའི་བྱེད་པ་བསྟན་པར་མཚམས་སྦྱར་ལས་གསལ་བར་ཤེས་སོ། །འབྲེལ་པ་ཅན་དངོས་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། གཞི་ཤེས་ལ་ཁྱད་མཚན་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ་མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡུམ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་སོ། །ཡུམ་འདི་ནི་བསམ་གྱིས་མི་ཁྱབ་པ་ཉིད་དང༌། མཉམ་པ་ཉིད་མ་མཆིས་པ་དང༌། གཞལ་དུ་མ་མཆིས་པ་སོགས་ཀྱི་ཉེ་བར་གནས་སོ། །ཞེས་སོགས་མདོའི་རིམ་པ་གཅིག་ཉིད་ལ། བསྟན་བཤད་གཉིས་སུ་མཛད་དོ། །དེ་བསྡུད་པ་ནི། དེ་འདྲའི་མདོ་ཚན་པ་བཅུ་དྲུག་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཡིན་ཏེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དངོས་སུ་བསྟན་པའི་ཤུགས་ཀྱིས། ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་སྦྱོར་བ་ལས་ཁྱད་ཞུགས་པར་འཕངས་པའི་ཕྱིར། ཞེས་སྟོན་པ་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་སོགས་སོ། །འོ་ན་ཁྱད་ཆོས་བཅུ་དྲུག་པོ་དེ་གང་ཞེ་ན། བསམ་མི་ཁྱབ་དང་མི་མཉམ་དང༌། །ཞེས་སོགས་སོ། །དོན་ནི་བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་པོ་དེས་ཐེག་ཆེན་སྦྱོར་བ་མི་ལྡན་རྣམ་གཅོད་ཀྱི་མཚོན་པའི་ཚུལ་དང༌། གཞན་ལྡན་རྣམ་གཅོད་ཀྱིས་མཚོན་པའི་ཚུལ་གཉིས་ལས། དང་པོ་ཐེག་ཆེན་སྦྱོར་བ་མཚོན་བྱར་འཇོག་ཅིང༌། གཉིས་པ་ལ་ཐེག་ཆེན་སྦྱོར་བ་མཚན་གཞིར་འཇོག་པ་ཡིན་ནོ། །གསུམ་པ་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མི་སྟོན་པའི་རྒྱུ་མཚན་ལ། མཁན་ཆེན་རིན་པོ་ཆེས། སློབ་དཔོན་གཞི་ཤེས་སྦྱོར་བ་ལ། ཁྱད་མཚན་མི་བཞེད་པ་ནི། རིགས་པས་མི་འཐད་དེ། འོ་ན་གཞི་ཤེས་སྦྱོར་བ་ལ་ཤེས་མཚན་དང༌། བྱེད་མཚན་ཡང་མེད་པར་འགྱུར་ཏེ། ཁྱད་མཚན་མེད་པའི་ཕྱིར་ཁྱབ་སྟེ། དེ་གསུམ་ངོ་བོ་གཅིག་པའི་ཕྱིར། ཅི་སྟེ་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་དེ་གཉིས་སུ་འདུས་པས། མ་བཤད་དོ་སྙམ་ན་ནི། ལམ་ཤེས་སྦྱོར་བ་ཁོ་ནའི་ཁྱད་མཚན་འཆད་རིགས་པའམ། བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་ལ་ཤེས་མཚན་དང༌། བྱེད་མཚན་ཡང་འཆད་མི་རིགས་པར་ཐལ་ལོ། །ཡང་གཞི་ཤེས་སྦྱོར་བ་ཙམ་ལ། ཁྱད་མཚན་བཤད་ན། ཉན་རང་ལའང་གཞི་ཤེས་སྦྱོར་བ་ཡོད་པས། ཁྱད་མཚན་ཡོད་དམ་སྙམ་པའི་ལོག་རྟོག་སྐྱེ་བར་འགྱུར་བས་དེ་དགག་པའི་ཆེད་དོ། །སྙམ་ན་ནི། དེ་ལྟ་ན་འདིར་བསྟན་གྱི་ཤེས་མཚན་དང༌། བྱེད་མཚན་ཡང་ཉན་རང་ལ་ཡོད་དམ་སྙམ་པའི་ལོག་རྟོག་སྐྱེ་སྲིད་པར་ཐལ་ལོ། །ཞེས་གསུངས་སོ། །ཨར་བྱང་ཆུབ་ཡེ་ཤེས་ན་རེ། ཤེས་མཚན་གྱིས་ནི། མཁྱེན་གསུམ་སྦྱོར་བ་མི་ལྡན་རྣམ་གཅོད་ཀྱིས་མཚོན་པ་ཡིན་ལ། ཁྱད་མཚན་གྱིས་ནི་གཞན་ལྡན་རྣམ་གཅོད་ཀྱིས་མཚོན་པས། གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མ་བཤད་ཅེས་གསུངས་ཤིང༌། རྣམ་བཤད་ལས། དེ་ལྟར་གསུངས་ཏེ། དགོངས་པ་ནི། ཁྱད་མཚན་གྱི་མཚོན་ཚུལ་དང༌། ཤེས་བྱེད་གཉིས་ཀྱི་མཚོན་ཚུལ་མི་འདྲ་སྟེ། ཁྱད་མཚན་གྱིས་ནི། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་དང༌། འགྲེལ་པར། ཁྱད་པར་གྱི་ལམ་ཡིན་པར་ཁྱད་ཞུགས་སོ། །ཞེས་གསུངས་པས། ཉན་ཐོས་ཀྱི་ལམ་ལས་ཁྱད་དུ་འཕགས་པ་མཚོན་པར་གསུངས་པའི་ཕྱིར། གཞི་ཤེས་སྦྱོར་བའི་རང་ལྡོག་མཚན་གཞིར་བཞག་ནས། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་མི་ནུས་པའི་ཕྱིར། ཤེས་མཚན་སོགས་ལ་མི་མཚུངས་ཏེ། དེ་གཉིས་ཀྱི་སྐབས་སུ་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པས། ཞེས་གསུངས་པ་ལྟར་རོ། །མཁྱེན་གསུམ་གྱི་སྦྱོར་བ་མཚོན་བྱར་བྱས་ནས་མཚོན་པར་གསུངས་པའི་ཕྱིར། སྙམ་དུ་རྟོགས་སོ། །ཡང་བདག་གི་བློ་ལ་འདི་ལྟར་སྣང་སྟེ། ཐེག་ཆེན་སྦྱོར་བ་ཁྱད་ཆོས་དེ་དག་གི་སྒོ་ནས་ཐེག་དམན་སྦྱོར་བ་ལས་ཁྱད་ཞུགས་པའི་རྒྱུ་མཚན་ཅི་ཞེ་ན། དེའི་ཕྱིར་དེ་དག་གི་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་མངོན་པར་ཞེན་པ་སོགས། ཞེས་སོགས་གསུངས། གཞུང་དེ་ཐེག་དམན་གྱི་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མེད་པར་གྲུབ་ཅིང༌། དེས་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ལའང་ཁྱད་མཚན་མི་འཆད་པའི་རྒྱུ་མཚན་དོན་གྱིས་བཤད་དེ། གཞི་ཤེས་ཀྱི་སྦྱོར་བ་ནི། གཙོ་བོར་ཐེག་དམན་གྱི་རིགས་ཅན་རྗེས་སུ་བཟུང་བའི་དོན་དུ་ཤེས་པར་བྱ་བའི་རྟོགས་རིགས་ཡིན་ལ། དེས་ཆོས་ཀྱི་བདག་མེད་མ་རྟོགས་པའང་མིན་མོད་ཀྱི། དེ་གང་ཟག་གི་བདག་མེད་རྟོགས་པའི་ལྡོག་པ་ནས་མ་བསྟན་པའི་ཕྱིར་རོ། །ཆོས་ཀྱི་བཤེས་གཉེན་ནི། ལམ་ཤེས་སྦྱོར་བ་ཁོ་ན་ལ་ཁྱད་མཚན་བཞེད་དོ། །གསུམ་པ་བྱེད་མཚན་ལ། འབྲེལ་ནི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་ཞུགས་པར་བསྟན་པའི་ཐེག་ཆེན་གྱི་སྦྱོར་བའི་བྱེད་པ་གང་ཞེ་ན། དེ་འཆད་དོ་ཞེས་སྟོན་པ་ནི། ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། ཞེས་སོ། །མདོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་རྣམས་འཇིག་རྟེན་གྱི་ཕན་པ་དང༌། སྐྱོབ་པ་དང༌། སྐྱབས་སུ་གྱུར་པ་དང༌། གནས་དང༌། དཔུང་གཉེན་དང༌། གླིང་དང༌། ཡོངས་སུ་འདྲེན་པ་དང༌། ཐུགས་བརྩེ་བ་དང༌། མགོན་དང༌། རྟེན་དུ་གྱུར་པར་རིགས་པར་བྱའོ་ཞེས་གསུངས། དེ་བསྡུད་པ་ནི། ཕན་དང་བདེ་དང་ཞེས་སོགས་སོ། །བཅུ་གཅིག་པོ་འདི་ལ་ཉི་ཁྲི་ལེའུ་བརྒྱད་མ་དང༌། བརྒྱད་སྟོང་པར། དང་པོ་གཉིས་བྱང་སེམས་ཀྱི་མཛད་པ་དང༌། ཕྱི་མ་དགུ་སངས་རྒྱས་ཀྱི་མཛད་པར་གསུངས། འབུམ་དང༌། ཉི་ཁྲི་ལེ་མངས་སུ། དང་པོ་ལྔ་བྱང་སེམས་དང༌། ཕྱི་མ་དྲུག་སངས་རྒྱས་ཀྱི་མཛད་པར་བཤད། ཁྲི་བརྒྱད་སྟོང་པར། དང་པོ་དྲུག་སངས་རྒྱས་དང༌། ཕྱི་མ་ལྔ་བྱང་སེམས་ལ་བཤད། ཤེས་རབ་ཁྲི་པར། ཐམས་ཅད་བྱང་སེམས་ལ་བཤད་པས། ཐམས་ཅད་བྱང་སེམས་དང༌། སངས་རྒྱས་གཉིས་ཀ་ལ་ཡོད་པ་མི་འགལ་ལ། འདིར་མཚན་ཉིད་དུ་བཟུང་བ་ནི། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ཁོ་ན་བཟུང་ངོ༌། །ཞེས་རྣམ་བཤད་ལས་གསུངས་སོ། །བཞི་པ་ངོ་བོ་ཉིད་མཚན་ལ། མདོ་ནི། རབ་འབྱོར་བྱང་སེམས་ཆེན་པོ་དེ་དག་ནི། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམ་པར་བསལ་བས་རྣམ་པར་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་སོ། །དེ་བསྡུད་པ་ནི། ཉོན་མོངས་རྟག་དང་མཚན་མ་དང༌། །ཞེས་སོགས་སོ། །གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། དེ་ལྟར་ན་སྤྱིར་གཅིག་ཏུ་སྡོམ་ན་ནི་མཚན་ཉིད་དགུ་བཅུ་རྩ་གཅིག་ཏུ་འགྱུར་རོ། །ཞེས་པའོ། །འོ་ན་ཤེས་རྣམ་བརྒྱ་བདུན་བཅུ་རྩ་གསུམ་བསྟན་པ་དང༌། འདིར་མཚན་ཉིད་དགུ་བཅུ་རྩ་གཅིག་བསྟན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔར་ནི་སྒོམ་བྱའི་ལྡོག་པ་ནས་བསྟན། འདིར་ནི་སྒྲོ་འདོགས་གཅོད་པའི་ཆ་ནས་བསྟན་ནོ། །ཞེས་བཅོམ་ལྡན་རལ་གྲི་གསུང་ངོ༌། །བཞི་པ་ཉེར་རྒྱུ་ཐར་པ་ཆ་མཐུན་ལ་སྔ་ཕྱིའི་འབྲེལ་ནི། མཚན་ཉིད་ཀྱི་འོག་ཏུ་ཐར་པ་ཆ་མཐུན་བསྟན་ཏེ། ཐར་པ་ཆ་མཐུན་གྱི་དགེ་རྩ་རྒྱུད་ལ་སྐྱེས་པའི་གང་ཟག་ཁོ་ནས་ཇི་སྐད་བཤད་པའི་སྦྱོར་བའི་སྒྲོ་འདོགས་གཅོད་པར་བྱེད་པའི་ཕྱིར་ཞེས་སྟོན་པ་ནི། ཐར་པའི་ཆ་དང་མཐུན་པའི་ཞེས་སོགས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང༌། ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྒོམ་ཞིང༌། མཚན་མར་མི་བྱེད་དོ། །ཞེས་གསུངས། དེ་བསྡུད་པ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོ། །འདིར་སྦྱིན་སོགས་རང་རྒྱུད་ལ་བསྐྱེད་པར་མཁས་ཞེས་པ་ནི་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་དེ། ས་བོན་ནུས་ལྡན་དུ་ཡོད་པའི་དོན་ནོ། །དར་ཊཱིཀ་པ། བསྐལ་པ་གྲངས་མེད་གསུམ་ནས་སངས་རྒྱ་བའི་ལམ་གྱིས་འགོ་རྩོམ་པ་དང༌། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དང༌། ཐེག་ཆེན་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་རྣམས་དོན་གཅིག་པར་འདོད་པ་ནི་མི་རིགས་ཏེ། མདོ་སྡེ་དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཐོག་མ་གང་ནས་རྩོམ་ཞེ་ན། ཐར་པའི་ཆ་དང་མཐུན་པ་ཙམ་གྱིས་མིན་ཏེ། ཚོགས་ཀྱི་ལམ་ནས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་དག་བསྒྲུབ་ལ་མཁས་ཞེས་བསྟན་པ་དེ་ཉིད་འཆད་པ་ལ། མདོ་ནི། དེ་ཡང་ཡུམ་དང་ཐབས་ལ་མཁས་པ་དང་མ་བྲལ་བར་དུས་གསུམ་གྱི་སངས་རྒྱས་རྣམས་དང༌། དེ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དེ་ཐམས་ཅད་ཡིད་ལ་སེམས་ཀྱང་མཚན་མར་མི་བྱེད་ཞེས་སོགས་སོ། །དེ་བསྡུད་པ་ནི། སངས་རྒྱས་སོགས་དམིགས་དད་པ་དང༌། ཞེས་སོགས་སོ། །འདི་ལ་ཇི་ལྟར་མཁས་པའི་ཚུལ་དང༌། མཁས་པ་དེ་ལ་དབང་པོའི་ཁྱད་པར་རྣམ་པར་བཞག་པའོ། །དང་པོ་ནི། དད་པ་དང་ཞེས་སོགས་སོ། །གཉིས་པ་ལ། དད་སོགས་ཆེན་པོ་བྱང་སེམས་དང༌། འབྲིང་རང་རྒྱལ་དང༌། ཆུང་ངུ་ཉན་ཐོས་གསུམ་ལས། དང་པོ་ལ་དབང་པོ་རྣོ་རྟུལ་གཉིས་ལས། རྣོན་པོས་རྫོགས་བྱང་རྟོགས་པར་སླ་བ་དང༌། རྟུལ་པོས་རྟོགས་དཀའ་བར་སྟོན་པའི་དབང་དུ་བྱས་ནས། དེ་ལྟ་མོད་ཀྱི་ཞེས་སོགས་སོ། །ཤུགས་ལ་དད་སོགས་ཆུང་འབྲིང་གི་བྱང་ཆུབ་རྟོགས་ཚུལ་འཆད་པ་ནི། ཤུགས་ཀྱིས་ན་ཞེས་སོགས་སོ། །དེའི་དགོངས་པ་ནི། སྔར་བྱང་སེམས་ཀྱི་སྦྱོར་མཐོང་དངོས་སུ་བསྟན་ནས། ཉན་ཐོས་ཀྱི་སྦྱོར་མཐོང་ཤུགས་ལ་སྟོན་པའི་རིམ་པས། འདིར་ཐེག་ཆེན་གྱི་ཐར་ཆ་དངོས་སུ་བསྟན་ནས་ཉན་རང་གི་ཐར་ཆ་ཤུགས་ལ་སྟོན་པ་ཡིན་ནོ། །ཞེས་ཀུན་མཁྱེན་ཆོས་ཀྱི་རྗེ་གསུང་ངོ༌། །འབྲེ་ཆེན་པོ། ཐེག་ཆེན་དུ་རིགས་ངེས་པ་དབང་རྣོན། ཐེག་དམན་དུ་རིགས་ངེས་པ་དབང་རྟུལ། མ་ངེས་པ་དབང་འབྲིང་ཡིན་ལ། རྩ་བར་རྣོ་རྟུལ་གཉིས་དངོས་སུ་བསྟན་ནས་ཤུགས་ལ་དབང་འབྲིང་འཕངས་པར་བཞེད། ཨར་གྱིས། ཐེག་ཆེན་དང༌། རང་རྒྱལ་དང༌། ཉན་ཐོས་ཀྱི་རིགས་ཅན་གྱི་བྱང་སེམས་གསུམ་དུ་མཛད་ནས། གསུམ་ཀ་ད་ལྟ་ཐེག་ཆེན་གྱི་ཐར་ཆ་ལ་གནས་པར་མཚུངས་ཀྱང༌། སྔ་མས་བྱང་ཆུབ་རྟོགས་བླ་ལ། ཕྱི་མ་ལ་རྟུལ་པོའི་སྒྲས་གསུངས་ནས། རྟོགས་དཀའ་བར་དངོས་སུ་བསྟན་ནས། དེའི་ཤུགས་ཀྱིས་ཕྱི་མ་གཉིས་ཐེག་ཆེན་གྱི་ལམ་ནས་ལོག་སྟེ། རང་རྒྱལ་གྱི་རིགས་ཅན་གྱི་རང་རྒྱལ་གྱི་བྱང་ཆུབ་དང༌། ཉན་ཐོས་ཀྱི་རིགས་ཅན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འཕངས་སོ། །ཞེས་བཞེད། རལ་གྲི་སོགས་དབང་པོ་རྟུལ་པོ་ཉན་རང་ལ་བཞེད་དོ། །གཉིས་པ། སྦྱོར་བ་སྐྱེས་པའི་སྒོམ་རིམ་ལ། སྦྱོར་བ་སྐྱེས་པའི་གནས་སྐབས། རྟེན་ཕྱིར་མི་ལྡོག་པའི་གང་ཟག་བསྒོམ་བྱ་སྦྱོར་བའི་ངོ་བོ་དང་གསུམ། ཞེས་རྣམ་བཤད་ལས་གསུངས་ལ། ཐར་པ་ཆ་མཐུན་ཡང༌། སྒོམ་རིམ་ལ་སྦྱར་ན་ལེགས་ཞེས་བདག་གི་བླ་མ་གསུང་ངོ༌། །དང་པོ་ལ་སྔ་ཕྱིའི་འབྲེལ་ནི། ཐར་པ་ཆ་མཐུན་ལས་ངེས་འབྱེད་ཆ་མཐུན་འབྱུང་བའི་ཕྱིར། ཞེས་སྟོན་པ་ནི། ཐར་པའི་ཆ་དང་མཐུན་པ་ཞེས་སོ། །འབྲེལ་པ་ཅན་དངོས་ལ། མདོ་ནི་དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་ཇི་ལྟར་འཚལ་བར་བགྱི། བཀལ་སྩལ་པ། སེམས་ཅན་རྣམས་ཀྱི་དྲུང་དུ་སེམས་མཉམ་པ་ཉིད་ཀྱིས་གནས་པར་བྱ། ཞེས་སོ། །དེའི་དོན་བསྡུད་པ་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་སོ། །སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་སྦྱོར་མཐོང་སྟོན་པ་ན་འདིར་ཞེས་འབྱུང་བ་ནི། མཁྱེན་གསུམ་གྱི་སྦྱོར་མཐོང་ལས་ཁྱད་པར་དུ་བྱས་པའི་ཆེད་ཡིན་ཏེ། སྔར་ནི་ཡུལ་སྐྱེ་མེད་གསུམ་རྟོགས་པའི་ལྡོག་པ་ནས་བསྟན་ལ། འདིར་ནི་ཡུལ་ཅན་མཁྱེན་གསུམ་གྱི་རྣམ་པ་ལ་འཇུག་པའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །མཐར་གྱི་སྦྱོར་བའི་སྐབས་སུ་རྩ་བར་མ་སྨོས་ཀྱང༌། འགྲེལ་པས། འདིར་ཞེས་ཁ་བསྐང་ནས་བཤད་དོ། །ཞེས་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་གསུང་ངོ༌། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །ཞེས་པས་ཐམས་ཅད་ཀྱི་དམིགས་པ་བསྟན་ལ། དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དང་ནི་བཅུར་བཤད་དོ། །ཞེས་པས་དྲོད་ཀྱི་རྣམ་པ་བསྟན། བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པས་རྩེ་མོ་ཆུང་ངུའི་རྣམ་པ་བསྟན། འབྲིང་གི་རྣམ་པ་ནི། སོགས་པའི་སྒྲས་བསྡུས་པ། ནང་སྟོང་སོགས་ལ་གནས་པ་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་པས། རྩེ་མོ་ཆེན་པོའི་རྣམ་པ་བསྟན། བཟོད་པ་ཆུང་ངུ་ནི། རང་ཉིད་བདེན་ཤེས་ལ་གནས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། །འབྲིང་གི་རྣམ་པ་ནི། གཞུང་སོགས་ཆེད་དུ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། །ཆེན་པོའི་རྣམ་པ་ནི། བྱང་སེམས་སྐྱོན་མེད་ལ་གནས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་སོ། །ཆོས་མཆོག་ལའང༌། སེམས་ཅན་སྨིན་སོགས་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །ཅེས་དང༌། བདག་ཉིད་མངོན་ཤེས་བསྐྱེད་ལ་གནས། །ཞེས་སོགས་དང༌། བདག་ཉིད་རྣམ་མཁྱེན་བསྐྱེད་ལ་གནས། །ཞེས་སོགས་སྦྱོར་རོ། །གཞུང་གི་སྦྱོར་ཚུལ་འདི་ལྟར་མ་དགོངས་པ་ལ་བརྟེན་ནས། བོད་སྔ་རབས་པ་མང་པོ་སློབ་དཔོན་གྱི་ལུགས་འདི། གང་ལ་སྦྱོར་བའི་ཡུལ་ངོས་མ་བཟུང༌། སོགས་སྒྲ་འཆོལ་པར་བཤད། ཤེས་ཀྱི་འབྲེལ་པ་འཆད། བདེན་པ་དམིགས་པར་བཤད་པ་ནོར་ཞེས་འཆད་པ་ཡོད་དོ། །རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་བསྒོམ་པའི་དབྱེ་བས། ཞེས་པའི་གཞུང་འདི་གང་ལ་འཕྲོས་པ་ཡིན་ཞེ་ན། གཞུང་གི་རང་གཞུང་དུ་བཞེད་པ་དང་གཞན་གཞུང་དུ་བཞེད་པའི་ལུགས་དང༌། རང་གི་བློ་ལ་ཤར་བ་བརྗོད་པའོ། །དང་པོ་ལ། བོད་སྔ་རབས་ཀྱི་དགེ་བའི་བཤེས་གཉེན་ཕལ་ཆེ་བ་རྣམས་ནི། སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་ཟློས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྐབས་དང་པོ་གསུམ་གྱི་ལམ་གསུམ་མཚན་ཉིད་པ་ཡིན་ལ། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་བསྟན་པའི་ལམ་གསུམ་གྱི་མིང་ཅན་དེ་ལམ་གསུམ་བཏགས་པ་བ་ཡིན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། འདི་ལའང་ཁ་ཅིག་ན་རེ། དག་པ་ས་གསུམ་གྱི་ཡེ་ཤེས་ཆུང་ངུ་འབྲིང་ཆེན་པོ་གསུམ་ལ། རིམ་པ་བཞིན་སྦྱོར་མཐོང་བསྒོམ་གསུམ་གྱི་མིང་གིས་བཏགས་ཞེས་ཟེར་རོ། །འགའ་ཞིག་ན་རེ། ས་གསུམ་གྱི་ཡེ་ཤེས་ཆུང་ངུ་གསུམ་ལ། རྣམ་ཀུན་དང༌། འབྲིང་གསུམ་ལ་རྩེ་སྦྱོར་དང༌། ཆེན་པོ་གསུམ་ལ་མཐར་གྱིས་སྦྱོར་བའི་སྐབས་ཀྱི་ལམ་གསུམ་གྱི་མིང་གིས་བསྟན་ཞེས་ཟེར་རོ། །ཡང་གཞན་དག་ན་རེ། ས་བརྒྱད་པའི་ཡེ་ཤེས་གསུམ་ལ་རྣམ་ཀུན་དང༌། དགུ་པ་དང༌། བཅུ་པ་ཐོབ་མ་ཐག་པ་དང༌། ས་བཅུ་པའི་དཀྱིལ་སྟོད་ཀྱི་ཡེ་ཤེས་གསུམ་ལ་རྩེ་སྦྱོར་དང༌། བཅུ་པའི་དཀྱིལ་སྨད་གསུམ་དུ་བྱས་པ་ལ། མཐར་གྱི་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བཏགས་ནས་བསྟན་པ་ཡིན་ནོ་ཞེས་གསུང་ངོ༌། །ཡང་མཁན་ཆེན་རིན་པོ་ཆེ། ལམ་གསུམ་མཚན་ཉིད་པ་འཕགས་པའི་ལུགས་དང༌། བཏགས་པ་བ་སློབ་དཔོན་གྱི་ལུགས་ཡིན་ཡང༌། སློབ་དཔོན་གྱི་ལུགས་འདི་རིགས་པས་འཐད་དོ། །ཞེས་གསུངས། ཡང་ཁ་ཅིག་ན་རེ། སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་ལའང༌། མཚན་ཉིད་པ་དང་བཏགས་པ་བ་གཉིས་གཉིས་སུ་ཡོད་པ་ཡིན་ལ། བཏགས་པ་བ་རྣམས་ནི་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་འབྲིང་སོགས་ལ་འདོགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་བཏགས་པ་བ་ཁོ་ན་ཡིན་ན། རྣམ་རྫོགས་སྦྱོར་བའི་སྐབས་སུ་སྦྱོར་ལམ་པ་དང༌། མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་བཏགས་མ་བསྟན་པར་འགྱུར་བ་དང༌། སྒོམ་ལམ་གྱི་དབྱེ་བ་གྲངས་ངེས་སོགས་ཀྱང་ས་བརྒྱད་པ་ཁོ་ནའི་དབང་དུ་བྱས་པར་འགྱུར་བ་སོགས་ཧ་ཅང་ཐལ་ལོ། །རྣམ་པ་ཐམས་ཅད་དུ་མཚན་ཉིད་པ་ཡིན་ནའང༌། བསྡུད་འགྲེལ་སོགས་དང་འགལ་བར་འགྱུར་ཞེས་ཟེར་རོ། །དར་ཊཱིཀ་པ། གཞུང་འདི་མངོན་པར་རྟོགས་པ་དང་པོ་དྲུག་གི་གོ་རིམ་ལོག་པར་རྟོག་པ་འགོག་པ་ཡིན་ཏེ། སྐབས་དང་པོར་སྦྱོར་མཐོང་སྒོམ་གསུམ་བསྟན་པ་དེ། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་དེ་ཚོགས་སྦྱོར་གྱི་གནས་སྐབས་འབའ་ཞིག་ཏུ་སྒོམ་པའི་ཅིག་ཅར་སྐྱེ་བ་ཡིན་ནམ་སྙམ་པའི་དོགས་པ་དགག་པའི་ཆེད་ལ་སོགས་པ་ཡིན་ནོ། །དེ་ལྟར་ན་སློབ་དཔོན་གྱི་བསྡུད་འགྲེལ་དུ། ལམ་རྐྱང་པ་བའི་ལུགས་དེ་རང་ལུགས་སུ་མཛད་པ་ལྟར་སྣང་ཡང༌། འགྲེལ་པ་འདིར། དགག་པ་དམིགས་ཕུག་སྟེ་མཛད་པ་ཡིན་ནོ། །ཞེས་བཞེད། འདི་ནི་རེ་ཞིག་འཐད་པར་མཐོང་མ་སྟེ། སྙིང་པོ་དྲིལ་ན། ལམ་རྐྱང་པའི་འདོད་པ་འགོག་པའི་ཆེད་དུ་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་ཏུ་གསུངས་སོ། །ཞེས་པར་སོང་བས་མི་རིགས་ཏེ། ལམ་རྐྱང་པའི་འདོད་ཚུལ་ནི། རྗེ་བཙུན་གྱི་རྗེས་སུ་འཇུག་པའི་སྲོལ་འབྱེད་གཅིག་ཡིན་གྱི། རྗེ་བཙུན་གྱིས་དེ་ཕྱོགས་སྔར་བྱས་ནས། འགོག་པ་མིན་པའི་ཕྱིར་དང༌། གཞན་ཡང་ལོག་རྟོག་དེ་ལྡོག་པ་ཁོ་ནའི་ཆེད་དུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་ཡིན་ན། ལམ་ཤེས་སོགས་སུ་སྒོམ་ལམ་སྟོན་མི་དགོས་པར་འགྱུར་ཏེ། ལམ་ཤེས་སོགས་སྒོམ་ལམ་གྱི་སྐབས་སུ་མི་སྒོམ་པར་འདོད་པ་མིན་པའི་ཕྱིར་རོ། །ཞེས་ཏེ། ལམ་རྐྱང་པའི་འདོད་ཚུལ་མི་འཐད་པར་ཐལ། སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་ཏུ་བསྟན་པས་མངོན་པར་རྟོགས་པ་དང་པོ་དྲུག་སྦྱོར་མཐོང་སྒོམ་པ་གསུམ་ཆར་གྱི་གནས་སྐབས་སུ་སྒོམ་པར་རྟོགས་ནུས་པའི་ཕྱིར། ཞེས་པའི་དོན་ནོ་ཞེ་ན། ལམ་གསུམ་གྱི་གནས་སྐབས་སུ་རྒྱུ་འབྲས་གཙོ་བོའི་རྣམ་མཁྱེན་སྒོམ་པའི་དོན་ཅི། སེམས་བསྐྱེད་སོགས་མཚོན་བྱེད་ཀྱི་ཆོས་བཅུ་སྒོམ་པའམ། དེ་དག་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་མཚན་ཉིད་པ་གཅིག་སྒོམ་པར་རྟོགས་པ་ཡིན། དང་པོ་ལྟར་ན་ནི། རྐྱང་པའི་འདོད་པ་འགོག་མི་ནུས་ཏེ། ལམ་རྐྱང་པའི་འདོད་པ་དེ་མཚོན་བྱ་དངོས་པོ་བརྒྱད་ཀྱི་དབང་དུ་བྱས་པ་ཡིན་གྱི། མཚོན་བྱེད་ཆོས་ཀྱི་དབང་དུ་བྱས་ཏེ་སྨྲས་པ་མིན་པའི་ཕྱིར། གལ་ཏེ་ཡིན་ན་ལམ་ཁུག་པའི་འདོད་ཚུལ་ཡང་དེ་ལྟར་ཡིན་དགོས་པས་སྐབས་ཀྱི་དོན་འཆོལ་པར་འགྱུར་རོ། །གཉིས་པ་ལྟར་ན་དེ་ལས་མི་རིགས་པས་གཞན་ཅི་ཞིག་ཡོད། ཡང་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཞེས་དང༌། རིམ་གྱིས་སྐྱེ་བ་ཡིན་པས་ཅིག་ཆར་སྐྱེ་བ་འགག་པའི་ཕྱིར། ཞེས་པ་གཞུང་གོང་འོག་གཉིས་ཀ་ལ་སྦྱོར་བ་མི་འཐད་དེ། གསུམ་ལ་ནི་ཞེས་སྒྲུབ་བྱེད་གཉིས་པོ་སོ་སོར་ངེས་པར་བཟུང་བའི་ཕྱིར། གསེར་གླིང་པས་དེ་ལྟར་སྦྱར་ཞེས་པའང་རྫུན་གྱིས་བཤད་པ་ཡིན་ཏེ། རྟོགས་དཀའི་སྣང་བ་ལས་ནི། ངེས་པར་འབྱེད་པའི་ཆ་ལ་སོགས་པའི་ཐ་སྙད་གསུངས་པ་ཡིན་པར་ཞེས་པ་སྔ་མ་ལ་སྦྱར་བ་ཙམ་མ་གཏོགས། གཞན་སྦྱར་བ་མེད་པའི་ཕྱིར་རོ། །གཞན་ཡང་ཚོགས་སྦྱོར་དང༌། ས་དང་པོ་ནས་དྲུག་པའི་བར་དུ་སྐྱེ་བར་འདོད་པ་ལ་ནི། གཅིག་ཆར་སྐྱེ་བར་འདོད་པའི་དོན་ཡོད་པ་མིན་ཏེ། གནས་སྐབས་དེ་དག་ཏུ་བསྐལ་པ་གྲངས་མེད་པ་རེ་ཐོགས་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཀུན་མཁྱེན་ཆོས་ཀྱི་རྗེའི་ཞལ་སྔ་ནས། གཞུང་འདི་ནི་སློབ་དཔོན་གཞན་གྱི་བཞེད་པ་བཀོད་པ་ཡིན་ཏེ། འགྲེལ་ཆེན་ལས། གཞུང་འདི་བཀོད་པའི་འཇུག་ཏུ། ཞེས་བྱ་བ་ནི་ཁ་ཅིག་གིའོ་ཞེས་དང༌། སྐབས་ལྔ་པར་བསྟན་པའི་མཐོང་སྤང་རྟོག་པར་བཤད་པ་རྣམ་པ་བཅུ་པ་དང་འབྲེལ་བའི་རྩེ་མོའི་མངོན་པར་རྟོགས་པས་སྤོང་ངོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །ཞེས་འབྱུང་བས་སོ། །ཞེས་གསུང་ངོ༌། །འདི་ལ་ཡང་ཁ་ཅིག་ན་རེ། འདི་སློབ་དཔོན་གྱི་བཞེད་པ་ཡིན་ཏེ། འགྲེལ་བཤད་བྱེད་པ་གསུམ་གྱིས་འདི་སློབ་དཔོན་གྱི་བཞེད་པར་བཀྲལ་ཞིང༌། འཇིགས་མེད་འབྱུང་གནས་ཀྱིས་ཀྱང༌། ཆེན་པོ་འགའ་ཞིག་ལའང༌། སོ་སོ་སྐྱེ་བོ་ཉིད་ཀྱིས་བག་མེད་པ་ལས་འཁྲུལ་པ་སྲིད་ཅེས། སློབ་དཔོན་གྱི་ལམ་གསུམ་བཏགས་པ་བར་བཞེད་པ་ཕྱོགས་སྔར་མཛད་པའི་ཕྱིར་དང༌། བསྡུད་འགྲེལ་ལས། འདིར་ཁྱད་པར་གྱི་ལམ་གྱི་རང་བཞིན་མིན་ནམ། ངེས་པར་འབྱེད་པའི་ཆ་ལ་སོགས་པར་བསྟན་པ་ཇི་ལྟར་རིགས་ཞེ་ན། ས་བརྒྱད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་རེ་ཤིག་གི་དུས་སུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤངས་པའི་ཕྱིར། གང་སེམས་མཉམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ་ལ་རིམ་གྱིས་སྐྱེ་བ་ཡིན་གྱི། ཅིག་ཆར་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ངེས་པར་འབྱེད་པའི་ཆ་ལ་སོགས་པར་བཏགས་ནས་འདིར་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཞེས་དང༌། རྣམ་པ་དང་ལམ་དང་དངོས་པོའི་ཤེས་པ་ཐམས་ཅད་བསྡུས་ནས་དབང་དུ་བྱ་བའི་ཕྱིར། ཡང་ནས་ཡང་དུ་མངོན་དུ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན། ཁྱད་པར་གྱི་ལམ་སྟོབས་ཅན་ས་བརྒྱད་པ་མི་གཡོ་བ་ལ་སོགས་པ་དེའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར། རྣམ་པ་ཀུན་མངོན་པར་རྫོགས་པར་བསྟན་ཏེ། དེའི་རྗེས་ལ་གཉེན་པོའི་ཚོགས་དང༌། ངེས་པར་འབྱུང་བའི་སྒྲུབ་པའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་གསལ་བ་རབ་ཀྱི་མཐར་ཐུག་པར་འགྲོ་བ་ཁྱད་པར་གྱི་ལམ་སྟེ། དེ་ཉིད་ཡིད་ལ་བྱེད་པ་ལེགས་པའི་བློ་གྲོས་ལ་སོགས་པའི་ས་དགུ་པའི་རྩེ་མོའི་མངོན་པར་རྟོགས་པ་བསྟན་ཏེ། དེའི་རྗེས་ལ་ས་བཅུ་པའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་སྐབས་སུ། སོ་སོ་བ་དང་བསྡུས་པ་སྒོམ་པའི་གོ་རིམ་བསྟན་པར་བྱ་བའི་ཕྱིར། རིམ་པ་བཞིན་བྱ་སྟེ། དེ་ཉིད་སྒོམ་པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པ་མཐར་ཕྱིན་པའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །འདི་ལ་ལོ་ཙྪ་བ་ཆེན་པོའི་ཞལ་སྔ་ནས། སྐབས་འོག་མ་གསུམ་དུ་དག་པའི་ཡེ་ཤེས་ལ་ལམ་གསུམ་གྱིས་བཏགས་པར་འཆད་པ་ནི་འཁྲུལ་ཏེ། རྒྱུ་མཚན་དང༌། དགོས་པ། དངོས་ལ་གནོད་བྱེད་གསུམ་ཀ་མེད་པའི་ཕྱིར་ཏེ། ལམ་གསུམ་དང་ཡེ་ཤེས་གསུམ་ལ་འབྲེལ་པ་མེད་པའི་ཕྱིར་དང༌། ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་ཕྱེ་བས་གཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་མི་ཁེགས་ན། ལམ་གསུམ་གྱི་མིང་གི་བཏགས་པས་ཀྱང་མི་ཁེགས་པའི་ཕྱིར་དང༌། འདི་དག་ལམ་གསུམ་དངོས་མིན་པ་ལ་གནོད་བྱེད་ཀྱི་ལུང་དང་རིགས་པ་གཉིས་ཀ་མེད་པའི་ཕྱིར། ཞེས་གསུངས་སོ། །ཡང་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་ནི། རྣམ་ཀུན་གྱི་ལམ་གསུམ་མཚན་ཉིད་པ་དང༌། རྩེ་མོ་དང་མཐར་གྱིས་པའི་ལམ་གསུམ་བཏགས་པ་བར་བཞེད་པར་སྣང་ངོ༌། །འགྲེལ་བཤད་བྱེད་པ་གསུམ་གྱི་སློབ་དཔོན་གྱི་བཞེད་པ་ཇི་ལྟར་བཀྲལ་ཞེ་ན། ཆོས་ཤེས་ནི་སྐབས་དང་པོ་གསུམ་ནི་དང་པོར་གསར་དུ་སྐྱེས་པ་འཇིག་རྟེན་ལས་འདས་མ་འདས་གཉིས་ཀའི་དབང་དུ་བྱས་ལ་སྦྱོར་བ་དང་པོ་གསུམ་ནི་སྐྱེས་ཟིན་བསྟན་པར་བྱེད་པ་འཇིག་རྟེན་ལས་འདས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང༌། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་བཤད་པས་ཤེས་སོ། །ཞེས་བཞེད། རིགས་བྱིན་ནི། སྐབས་དང་པོ་གསུམ་དུ་ནི་ལམ་གསུམ་ཤེས་པའི་ཐབས་སམ་རྒྱུ་ཙམ་ཤེས་པའི་ཆེད་ཡིན་ལ། སྦྱོར་བ་དང་པོ་གསུམ་དུ་ནི་ལམ་གསུམ་དངོས་བསྟན་པ་ཡིན་ནོ། །ཞེས་བཞེད། ཤེར་བློ་ནི། དང་པོ་གསུམ་དུ། གཞི་ལམ་རྣམ་གསུམ་སོ་སོར་ངེས་པའི་ལམ་གསུམ་བསྟན་ལ། འདིར་ནི་ཐུན་མོང་གི་ལམ་གསུམ་བསྟན་ནོ། །དེ་ལས་ཟག་པ་མེད་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་རིམ་གྱིས་སྐྱེ་བ་ཡིན་ནོ། །དེ་ཡང་ཟག་པ་མེད་པའི་ཡེ་ཤེས་ངོ་བོ་ལ་ཐ་དད་པ་མེད་པས། དབྱེ་བ་རྟོགས་པར་བྱ་བའི་ཕྱིར་དེས་ཆ་ལ་སོགས་པའི་ཐ་སྙད་གསུངས་པར་བཞེད། གསུམ་པ་ནི། བདག་གི་བློ་ལ་འདི་ལྟར་སྣང་སྟེ། འདི་ལ་དོགས་པ་ནི། སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དུ་མར་བསྟན་པ་ལ་ཟློས་པའི་སྐྱོན་ཡོད་མོད་དེ། བརྗོད་བྱ་དང༌། དགོས་པའི་ཁྱད་པར་མི་འདྲ་བ་མེད་པའི་ཕྱིར། ཞེ་ན། ཅེས་པ་སྟེ། འགྲེལ་ཆེན་ལས། མངོན་པར་རྟོགས་པ་རེ་རེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཅིའི་ཕྱིར་བཤད་ཅེ་ན། བརྗོད་པ་ཞེས་འབྱུང་བ་ལྟར་རོ། །ལན་ལ། མི་ཟློས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་ནི། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོས་བསམ་གྱིས་རྟོགས་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་སྒོམ་པའི་ལམ་ཐོས་བསམ་གྱིས་རྟོགས་པའི་ཆེད་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་གསུམ་ལ་ནི། དབང་དུ་བྱེད་པ་རྒྱུ་འབྲས་དང༌། བརྟན་པ་རྒྱུ་འབྲས་གཉིས་ཏེ། སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་ལམ་དུ་བཞག་པའི་སྦྱོར་བ་དང་པོ་གསུམ་གྱིས་བསྡུས་པའི་ཟག་པ་མེད་པའི་ཡེ་ཤེས་ཆུང་ངུའི་སྦྱོར་ལམ་དང་འབྲིང་མཐོང་ལམ་དང་ཆེན་པོ་སྒོམ་པ་རྣམ་པ་ཐམས་ཅད་དུ་རིམ་གྱིས་སྐྱེ་བར་བསྟན་པའི་ཕྱིར། སྔོན་དུ་འགྲོ་བས་ཞེས་དང༌། རིམ་གྱི་སྐྱེ་བ་ཡིན་པས། ཞེས་པ་གཉིས་དོན་ལ་ཁྱད་པར་མེད་དོ། །དེ་ལྟར་ནའང་སྐབས་དང་པོ་གསུམ་དུ་བསྟན་པ་གསུམ་ལ་ཟློས་པའི་སྐྱོན་མེད་དེ། རྣམ་པ་དང་ལམ་དང༌། གཞི་སྐྱེ་མེད་རྟོགས་ནས་སྒོམ་པའི་དབྱེ་བས་བསྟན་པའི་ཕྱིར། དེ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་རྣམ་པ་གཞི་མེད་སོགས་ལ་བརྗོད་པའི་ཉེས་པ་ཡོད་དོ། །སྦྱོར་བ་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་བསྟན་པ་ལའང༌། ཟློས་སྐྱོན་མེད་དེ། དགོས་པའི་ཁྱད་པར་མི་འདྲ་བའི་ཕྱིར་ཏེ། དབང་ཐོབ་ཕྱིར་སྒོམ་པའི་སྦྱོར་ལམ་དང༌། ཐོབ་པའི་ཚུལ་གྱིས་སྒོམ་པའི་སྦྱོར་ལམ་དང༌། བརྟན་པ་ཐོབ་ཕྱིར་སྒོམ་པའི་སྦྱོར་ལམ་སྟེ་གསུམ་དང༌། དེ་བཞིན་དུ་མཐོང་ལམ་དང༌། སྒོམ་ལམ་གསུམ་ཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་དགག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ལོག་རྟོག་དེ་དགག་དགོས་པ་ཡིན་ཏེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་སྦྱོར་བ་བཞིའི་རིམ་པས་སྒོམ་པ་མི་འཐད་དེ། སྦྱོར་བ་བཞི་ཀ་ཡང་ལམ་གསུམ་གྱི་རང་བཞིན་ལས་ནི་མ་འདས་ལ། རྣམ་རྫོགས་སྦྱོར་བར་བསྟན་པའི་སྦྱོར་ལམ་དེ་རྒྱུད་ལ་སྐྱེས་པ་ན། མཐར་གྱིས་སྦྱོར་བར་བསྟན་པའི་སྦྱོར་ལམ་དེ་ཡང་རྒྱུད་ལ་སྐྱེས་པའི་ཕྱིར་ཏེ། དེ་དག་སྦྱོར་ལམ་གཅིག་ཉིད་ཡིན་པའི་ཕྱིར་སྙམ་པའི་དོགས་པ་སྐྱེ་བར་འགྱུར་བས་སོ། །ལོག་རྟོག་དེ་དག་འགོག་ནུས་པ་ཡང་ཡིན་ཏེ། སྦྱོར་བ་གསུམ་གྱི་སྐབས་སུ་ལམ་གསུམ་པོ་དེ་དབང་ཐོབ་ཕྱིར་སྒོམ་པ་ལ་སོགས་པའི་རིམ་པས་བསྟན་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྟོགས་དཀའི་སྣང་གསལ་ལས། སྒོམ་པ་ནི་གོམས་པས་བོགས། གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱི་ཞེས་བྱ་བ་ནི། གོ་རིམ་ལས་གྱུར་པའི་རབ་ཀྱི་མཐའ་སྟེ། རྒྱུ་དེས་ན་རྣམ་པ་ཐམས་ཅད་རྣམ་པ་ཀུན་ཏུའོ། །ཁྱད་པར་གྱི་ལམ་ནི་སྔར་བཤད་པའོ། །ཞེས་གསུངས་ཤིང༌། སེམས་བསྐྱེད་ཀྱི་ས་མཚམས་སུ། སྔ་མ་ལས་ཁྱད་པར་དུ་གྱུར་པའི་ཤེས་པས་བར་ཆད་མེད་པའི་ལམ་ལ་འཇུག་པ་ནི་ཁྱད་པར་གྱི་ལམ་སྟེ། ཞེས་དང༌། ཡེ་ཤེས་ཟག་པ་མེད་པ་ནི་འདོད་ཆགས་ལ་སོགས་པས་སྟོང་པའོ། །ཞེས་གསུངས་སོ། །འགྲེལ་ཆེན་ལས། མཁྱེན་གསུམ་དང༌། རྣམ་རྫོགས་སྦྱོར་བའི་གསུངས་པ་དེ་ཡང་འདིར་དྲན་པར་བྱའོ། །གཉིས་པ་རྟེན་ཕྱིར་མི་ལྡོག་པའི་དགེ་འདུན་ལ། སྔ་ཕྱིའི་འབྲེལ་དང༌། འབྲེལ་པ་ཅན་གྱི་དོན་དངོས་སོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་ཏེ། ཐེག་ཆེན་ངེས་འབྱེད་ཐོབ་ནས་རྫོགས་པའི་བྱང་ཆུབ་ཏུ་ངེས་པའི་ཕྱིར་ཞེས་སྟོན་པ་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཞེས་སོགས་སོ། །འདི་ནི་སྐབས་དང་པོར་ངེས་འབྱེད་ཡན་ལག་གི་འོག་ཏུ་སྒྲུབ་པའི་རྟེན་བཤད་པ་དང་འདྲའོ། །གཉིས་པ་ལ། བཤད་བྱའི་མདོ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། བཅོམ་ལྡན་འདས་ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། ཞེས་སོགས་མདོའི་རིམ་པ་གཅིག་ལ་རྟེན་གྱི་དབྱེ་བས་མདོར་བསྟན། རྟགས་ཀྱི་དབྱེ་བས་རྒྱས་པར་བཤད། ངོ་བོའི་སྒོ་ནས་འཇུག་བསྡུ་བ་དང་གསུམ། དང་པོ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་སོགས་སོ། །འདིས་ནི་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་དམ་བཅའ་བཞག་པ་ཡིན་ནོ། །དེ་སྒྲུབ་པ་ལ་རྟགས་ཀྱི་དབྱེ་བས་རྒྱས་པར་བཤད་པ་ཞེས་བྱ་ལ། འདི་ལ་རྟགས་ཆོས་དོན་གསུམ་ངོས་བཟུང་བ་དང༌། རྟགས་སུ་ཇི་ལྟར་འགྱུར་བའི་ཚུལ་གཉིས་ལས། དང་པོ་ལ་ཆོས་ཅན་གྱི་དོན་ནི། སྤྱིར་ཐེག་ཆེན་སྦྱོར་ལམ་ནས་ཕྱིར་མི་ལྡོག་པར་ངེས་ཀྱང༌། རྟགས་ཀྱི་ཁྱད་པར་དང་ལྡན་པ་ནི་དབང་རྣོན་སྦྱོར་ལམ་དང༌། དབང་འབྲིང་མཐོང་ལམ་དང༌། དབང་རྟུལ་ས་བརྒྱད་པ་ཐོབ་ནས་ཡིན་ཏེ། འགྲེལ་ཆེན་ལས། ལ་ལ་ནི་རིགས་མ་ངེས་པ་ཡིན་ཀྱང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྐབས་སུ་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར། ཕྱིར་མི་ལྡོག་པ་ཉིད་དུ་རྣམ་པར་བཞག་གོ །ཞེས་དང༌། ས་བརྒྱད་པ་ལ་ནི་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་ཉིད་དུ་བཞག་གོ །ཞེས་དང༌། ཐུབ་པ་དགོངས་རྒྱན་དུ། དབང་པོ་འབྲིང་པོ་ནི་ས་རབ་ཏུ་དགའ་བ་ནས་ཕྱིར་མི་ལྡོག་སྟེ་ཅེས་དང༌། བསྡུས་དོན་སྒྲོན་མ་ལས། དབང་པོ་རབ་འབྲིང་ཐ་མ་ཡིས། །ངེས་འབྱེད་མཐོང་ལམ་སྒོམ་ལམ་གྱིས། །ས་བརྒྱད་དག་ཏུ་གོ་རིམ་བཞིན། །ཕྱིར་མི་ལྡོག་པ་གསུམ་ཡིན་ནོ། །མཐར་ཐུག་རྟོགས་པ་མ་ཡིན་ཡང༌། །གནས་སྐབས་ལྡོག་པ་ཡོད་པས་ན། །རྟགས་ཡོད་ན་ནི་གནས་སྐབས་ཀྱི། །ལྡོག་པ་ཡང་ནི་མེད་དོ་ཞེས། །རྟགས་ཀྱི་སྒོ་ནས་དཔོག་པ་ཡིན། །ཞེས་གསུངས་སོ། །མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་ནི། ས་ཐོབ་ནས་དབང་པོ་རྟུལ་པོ་མི་སྲིད་པར་བཞེད་དོ། །ཞེས་རལ་གྲི་གསུང་ངོ༌། །ཉི་ཁྲི་སྣང་བར་ཡང༌། ཕྱིར་མི་ལྡོག་པར་ནི་དབང་པོ་རྣོན་པོའི་ལམ་གྱིས་ཐོབ་བོ་ཞེས་བཤད་པ་ཡང་ཡོད་དོ། །འདིར་ཆོས་ཅན་དུ་བཟུང་བ་ཡང་མ་ངེས་པའི་རིགས་ཅན་ཁོ་ན་ཡིན་ཏེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*