༼ན༽༄༅། །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པའི་རྣམ་པར་བཤད་པ་ཤིང་རྟའི་སྲོལ་གཉིས་གཅིག་ཏུ་བསྡུས་པའི་ལམ་པོ་ཆེ་ཞེས་བྱ་བ་བཞུགས་སོ།།
སྭསྟི། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལུས་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པའི་རྣམ་པར་བཤད་པ་ཤིང་རྟའི་སྲོལ་གཉིས་གཅིག་ཏུ་བསྡུས་པའི་ལམ་པོ་ཆེ་ཞེས་བྱ་བ། བདེ་འབྱུང་གཙུག་གི་ཟླ་གཞོན་ལང་ཚོ་ལ། །ཉེ་བར་སིམ་པའི་ཞབས་སེན་འོད་དམར་ཅན། །རྟག་ཏུ་དམ་ཆོས་གསུང་བའི་འཛུམ་དཀར་དང༌། །ལྷན་ཅིག་འཆར་བ་དེ་ལ་ཕྱག་འཚལ་ལོ། །ཀུན་གྱི་བླ་མ་ཐུབ་ཆེན་སྟོན་པ་དེའི། །མི་འཇིགས་སེང་གེའི་ཁྲི་ལ་ཉེར་འཁོད་ནས། །སླར་ཡང་འཇིགས་མེད་རྡོ་རྗེའི་གདན་སྟེངས་སུ། །ཡང་དག་རྫོགས་སངས་རྒྱས་མཛད་བྱམས་པའི་མཚན། །རྫུ་འཕྲུལ་རྐང་པའི་སྟབས་ཆེན་ཁོ་ན་ཡིས། །དགའ་ལྡན་ཆོས་ཀྱི་ཁང་བཟང་དེར་བྱོན་ནས། །མི་ཕམ་ཞལ་ལས་གསལ་འཁྲུངས་བདུད་རྩིའི་རྒྱུན། །ངོམས་པར་གསོལ་མཛད་དེ་ལ་ཕྱག་བགྱིའོ། །ཐུབ་པའི་བསྟན་ལ་ཀུན་མཁྱེན་གཉིས་པ་ཞེས། །གསལ་བར་རབ་གྲགས་དབྱིག་གཉེན་ཞབས་གང་གིས། །གྲུབ་མཐའ་རྣམ་བཞིའི་ཤིང་རྟ་ལ་ཆིབས་ནས། །ངེས་དོན་དབང་གི་རྒྱལ་པོ་དེ་གཟིགས་སོ། །མི་ཕམ་མཁའ་ལྡིང་དབང་པོའི་འཆི་མེད་རྒྱུན། །ཀླུ་སྒྲུབ་ཐོགས་མེད་ཞབས་ཀྱི་དཔག་བསམ་ལས། །ཉེ་བར་ཐོབ་པའི་སྲོལ་ཆེན་དེ་འཛིན་པ། །འཕགས་པའི་ཐུགས་མངའ་རྣམ་པར་གྲོལ་བའི་སྡེ། །ལོག་སྨྲའི་གླང་ཆེན་རིང་ནས་ཁྲོས་འོངས་པའི། །ཀླད་པ་འགེམས་མཛད་སེང་གེ་བཟང་པོའི་ཞབས། །ཤེར་ཕྱིན་གངས་ཀྱི་རི་ལ་གནས་བཅས་ནས། །མང་ཐོས་ནགས་ཀྱི་ཚལ་ནའང་འཇིགས་མེད་རྒྱུ། །དེ་ལས་བརྒྱུད་པའི་ལེགས་བཤད་བགྲོད་མང་གིས། །གང་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །གངས་ཅན་བློ་ཡི་དབུལ་བ་སེལ་མཁས་པ། །བློ་ལྡན་བཟང་པོས་རྒྱལ་བའི་ལུང་བསྟན་བརྙེས། །ཐུབ་བསྟན་རིན་ཆེན་ཆ་ཤས་མ་ཉམས་པ། །འཆད་རྩོམ་ཤིང་རྟའི་ཁྲི་ལ་ཉེར་བླངས་ནས། །གྲུབ་མཐའི་སྲོལ་ཆེན་མ་ལུས་འཛིན་བཞིན་དུ། །ཤེར་ཕྱིན་བསྟན་པ་རྒྱས་མཛད་བུ་སྟོན་ཞབས། །མི་ཕམ་ཞལ་བཟང་གྲུབ་པ་གཡག་གི་མཚན། །སངས་རྒྱས་བསྟན་པའི་དཔལ་དུ་ཤར་བ་ན། །ཕ་རོལ་ཕྱིན་དང་བྱམས་པའི་གཞུང་ལུགས་ལ། །རྨོངས་པའི་མུན་ཆེན་མ་ལུས་གཅིག་ཅར་བསལ། །ཤཱཀྱའི་བསྟན་པ་འཆི་མེད་ནོར་བུའི་ཏོག །བཤད་སྒྲུབ་རྒྱལ་མཚན་རྩེ་ལ་བཞུགས་གསོལ་ནས། །དཔལ་ལྡན་ཕྲིན་ལས་བཟང་པོས་གདུལ་བྱ་ཡི། །རེ་བ་སྐོང་མཛད་ཐུབ་དབང་གཉིས་པའི་མཚན། །གང་དེའི་ལེགས་བཤད་རི་མོ་མ་ཉམས་པ། །དོན་ཡོད་མཁྱེན་པའི་དཔལ་གྱིས་ཉེར་བཟུང་ནས། །སྐལ་བཟང་འགྲོ་ལ་བརྩེ་བས་འདོམས་མཁས་པ། །ཡོངས་ཀྱི་བཤེས་གཉེན་དམ་པར་ཕྱག་བགྱིའོ། །འགྲེལ་མཛད་གཞན་དང་བཤད་པའི་སྲོལ་མང་པོ། །རྒྱས་མཛད་མཁས་པའི་ཐུགས་ལ་བཞུགས་ན་ཡང༌། །ཡི་གེའི་ལམ་དུ་ཇི་བཞིན་བརྗོད་དཀའ་བ། །ཤིང་རྟའི་སྲོལ་གཉིས་འགལ་བ་མེད་འདིར་འཆད། །ཅེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། དངོས་ཀྱི་དོན་ལ་གསུམ་སྟེ། འགྱུར་ལ་འཇུག་པའི་བྱ་བ། བསྒྱུར་བྱ་བསྟན་བཅོས་ཀྱི་རང་བཞིན། འགྱུར་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། མཚན་གྱི་དོན། བམ་པོའི་གྲངས། འགྱུར་གྱི་ཕྱག་དང་གསུམ་ནི་དཀྱུས་ནས་གསལ་བ་དེ་ཉིད་དོ། །མཚན་དོན་བཤད་ན། ཤེར་ཕྱིན་ལ་བརྗོད་བྱ་དང་རྗོད་བྱེད་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འདི་ཡང་དྲི་མས་དག་མ་དག་གི་གནས་སྐབས་ཐམས་ཅད་དུ་ནི་རང་བཞིན་དང༌། དག་ལ་མ་དག་པ་ཞེས་པའི་གནས་སྐབས་སུ་ནི་ལམ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་ནི་འབྲས་བུའི་ཤེར་ཕྱིན་ཞེས་བྱ་ལ། དེ་དག་བརྗོད་བྱར་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་ལ་ནི་གཞུང་ཤེར་ཕྱིན་ཞེས་བྱ་ལ། དེ་ཡང་སངས་རྒྱས་ཀྱི་སར་ནི་ཆོས་ཀྱི་སྐུ་ལས་གཞན་དུ་མེད་དོ། །དངོས་བཏགས་དང་གཙོ་ཕལ་ནི་གནས་སྐབས་ལ་ལྟོས་ནས་ཡིན་གྱི། མཐའ་གཅིག་ཏུ་ངེས་པ་མེད་དོ། །མན་ངག་རྗོད་བྱེད་ཀྱི་ཚིག་ཉུང་ངུ་འདི་ལ་བརྟེན་ནས་བརྗོད་བྱའི་དོན་རྒྱས་པ་བདེ་བླག་ཏུ་རྟོགས་པའོ། །བསྟན་བཅོས་ནི་སྤྱིར་བཀའ་ཡང་བསྟན་བཅོས་སུ་མི་འགལ་མོད། འདིར་ནི་བཀའི་དགོངས་འགྲེལ་དུ་བྱས་པའི་དོན་ཏོ། །མངོན་པར་རྟོགས་པ་ནི་དངོས་པོ་བརྒྱད་པོ་དག་སྟེ། དེ་ཉིད་ཤེར་ཕྱིན་གྱི་མདོའི་དོན་དུ་སྔར་མི་གསལ་བ་གསལ་བར་བྱས་པས་ན་རྒྱན་ནོ། །འགྲེལ་པ་འདི་ལ་དོན་གསལ་བ་ཞེས་བྱ་སྟེ། མདོའི་ཚིག་དང་སྦྱོར་བ་ལྷུར་མི་ལེན་གྱི། བརྗོད་བྱའི་དོན་གྱི་གཙོ་བོ་སྤྲོས་པའི་མཐའ་བྲལ་རིགས་པས་འཆད་ཚུལ་དང༌། སྤྲོས་བྲལ་དེའི་ཤེས་རྣམ་སྒོམ་པས་ཉམས་སུ་མྱོང་བྱ་ཡིན་པའི་ཚུལ་མདོར་བསྡུས་ནས་སྟོན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྒྱན་བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བ་དང་གསུམ་མོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ། རྩོད་པ་སྤངས་ནས་རྩོམ་པའི་རྒྱུ་གཞན་བསྟན་པའོ། །དང་པོ་ནི་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་རྩོམ་པའི་ཐོག་མར། འབྲས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། གཞུང་ཤེར་ཕྱིན་དེའི་རྒྱན་གྱི་ཚིག་ལེའུར་བྱས་པ་དག་ཡུམ་ཀུན་གྱི་རྒྱན་དུ་འགྱུར་བར་ནི་རྣམ་པར་དབྱེ་བའི་ཕྱིར་དུ་ཡིན་པས་སོ། །གཉིས་པ་ལ་གསུམ་སྟེ། སློབ་དཔོན་རང་གིས་ཡུམ་དོན་རྙེད་པར་བསྟན། གཞན་གྱིས་ཇི་བཞིན་མ་རྙེད་པར་བསྟན། རྙེད་པ་ན་དབྱེ་རིགས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། སློབ་དཔོན་སྔ་མའི་མན་ངག་ལས་རྙེད་པ་དང༌། རང་གི་ཤེས་རབ་ཀྱིས་རྙེད་པ་དང༌། སངས་རྒྱས་ཀྱི་བྱིན་རླབས་ལས་རྙེད་པའོ། །དང་པོ་ནི། གལ་ཏེ་སྔོན་གྱི་སློབ་དཔོན་དག་གིས་དེ་ལྟར་ཕྱེ་བ་ཡོད་དམ་མེད། ཡོད་ན་ཟློས་པར་འགྱུར་ལ། མེད་ན་རང་བཟོའི་ཉེས་པ་ཅན་ནོ་ཞེ་ན། ཡོད་པར་སྟོན་པ་ལ། འཕགས་པ་ཐོགས་མེད་ཆོས་ཅན། ཉིད་ཀྱིས་བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་དེ། མི་ཕམ་མགོན་པོ་ལ་དངོས་སུ་གསན་ནས་ནི་མདོ་འགྲེལ་དེ་ཉིད་རྣམ་ངེས་མཛད་པའི་ཕྱིར། འདིའི་ཡོན་ཏན་ནི། འགྲོ་བ་ལ་ཆགས་པའི་སྙིང་རྗེས་ཀུན་ཏུ་ཆགས་པའི་ཆགས་པ་མེད་པར་མཛད་ཅིང༌། གཞན་སྡུག་བསྔལ་ལས་སྐྱོབ་པར་མཛད་པའོ། །ཇི་སྐད་དུ། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུ་ཆགས་པ་མེད། །ཅེས་པ་དང་མཐུན་ནོ། །འདིར་འགྲེལ་པ་དེ་ཉིད་རྣམ་ངེས་སུ་མདོ་དང་རྒྱན་མ་སྦྱར་ཡང༌། ཐོགས་མེད་ཞབས་ཀྱིས་མདོ་དང་མ་སྦྱར་རོ་ཞེས་ཟེར་བ་མི་འཐད་དེ། དེ་ལྟར་སྦྱོར་ཚུལ་རྗེ་བཙུན་ལ་དངོས་སུ་གསན་པའི་ཕྱིར། དབྱིག་གཉེན་གྱིས་ཀྱང་སྦྱོར་ཚུལ་དེ་དང་འདྲ་སྟེ། གཅེན་ཐོགས་མེད་ཞབས་ལ་དངོས་སུ་གསན་པའི་ཕྱིར། གཅེན་གྱིས་གཅུང་འདུལ་བའི་ཆེད་དུ་དེ་ཉིད་རྣམ་ངེས་སེམས་ཙམ་དུ་བཀྲལ་ཞེས་ཟེར་ཡང༌། ཐོག་མར་སེམས་ཙམ་བསྟན་མོད། མཐར་ཐུག་དེར་གནས་པ་མ་ཡིན་ཏེ། སྐུ་མཆེད་གཉིས་ཀྱི་གཞུང་ལུགས་ན་དབུ་སེམས་གཉིས་ཀའི་གྲུབ་མཐའ་ཚང་བར་བཞུགས་པའི་ཕྱིར། ཡང་མཁས་མཆོག་དབྱིག་གཉེན་ཆོས་ཅན། བསྟན་བཅོས་ཆེན་པོ་རྣམ་པར་བཀྲོལ་ཏེ། རང་གི་མོས་པའམ་དད་པ་གཙོ་བོར་བྱེད་པས། ཤེས་བྱ་བདེན་པ་གཉིས་པོ་ནང་སེམས་ཀྱི་བདག་ཉིད་ཡིན་པར་འཆད་པའི་གཞུང་ལུགས་ལ་ཡང་དག་པར་བརྟེན་ནས་རྣམ་པར་བཀྲོལ་བའི་ཕྱིར། འདིའི་ཡོན་ཏན་ནི་འགྲོ་བའི་དོན་གྱི་རྩ་ལག་ཏུ་གྱུར་པས་མིང་དོན་མཐུན་པའོ། །འདིར་སྐུ་མཆེད་གཉིས་ཀྱིས་ཡུམ་གྱི་ངེས་དོན་རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་བརྟེན་པར་བཤད་མོད། དེས་སེམས་ཙམ་དུ་མི་འགྲུབ་སྟེ། སེམས་ཙམ་པས་ནི་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའི་སེམས་བདེན་གྲུབ་ཏུ་ཁས་ལེན་ལ། སྐུ་མཆེད་གཉིས་པོའི་གཞུང་གི་མཐར་ཐུག་ཏུ་ནི་གཟུང་འཛིན་གཉིས་པོ་ཀུན་བརྟགས་དང་རང་སྟོང་དུ་བཤད་པའི་ཕྱིར། སྟོང་པ་ཉིད་ཀྱི་ངོས་འཛིན་ཡེ་ཤེས་ལ་བཤད་པས་དེར་འགྱུར་ན་ནི་རྡོ་རྗེ་ཐེག་པའི་ཡེ་ཤེས་མཐའ་དག་ལ་ཡང་ཧ་ཅང་ཐལ་བར་འགྱུར། ཡང་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་ཀྱང་ཆོས་ཅན། བསྟན་བཅོས་ཆེན་པོ་རྣམ་པར་ཕྱེ་སྟེ། དབྱིག་གཉེན་དེས་དོན་དམ་པའི་བདེན་པ་རིགས་པས་དཔྱད་པར་བྱས་པ་དེ་ཡུམ་གྱི་མདོའི་དངོས་བསྟན་བཞིན་བྱས་པ་མ་ཡིན་པར་མཐོང་ནས། དབུ་མ་ངོ་བོ་ཉིད་མེད་པ་པར་གནས་པའི་བློས་རྣམ་པར་བརྟགས་ནས་ཉི་ཁྲི་སྣང་བ་མཛད་པའི་ཕྱིར། འདིའི་ཡོན་ཏན་ནི་ཐེག་ཆེན་འཕགས་པའི་ཁོངས་སུ་གཏོགས་པའོ། །འདིས་དོན་དམ་བདེན་པ་རང་སྟོང་དུ་བསྟན་པ་དང༌། སྐུ་མཆེད་གཉིས་ཀྱིས་དེ་ལྟར་མ་བསྟན་པ་ལ། མཐར་དོན་དམ་བདེན་པ་ལ་མཚན་འཛིན་རྟོགས་པའི་ས་བོན་འགོག་ནུས་པ་དང་མི་ནུས་པའི་ཁྱད་པར་ཡོད་པ་མ་ཡིན་ཏེ། ལུགས་གཉིས་ཀས་ཀྱང་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་རང་སྟོང་དུ་སྟོན་པ་ལ་ཁྱད་པར་མེད་པའི་ཕྱིར། ཡང་འཕགས་པས་མཛད་པ་དེའི་འོག་ཏུ་རྣམ་པར་གྲོལ་བའི་སྡེ་ཆོས་ཅན། བསྟན་བཅོས་ཆེན་པོའི་རྣམ་བཤད་བྱས་ཏེ། རྒྱན་དང་སྦྱོར་རྒྱུའི་བསྟན་བཅོས་མཐའ་དག་མ་རྙེད་པར། རང་གི་ཤེས་རབ་དང་རྗེས་སུ་མཐུན་པ་ཙམ་ཞིག་བྱས་པའི་ཕྱིར། འདིའི་ཡོན་ཏན་ནི་དད་པའི་ས་ཚོགས་ལམ་ལ་གནས་པའོ། །འདིས་མཛད་པ་ལ་ཉི་ཁྲི་རྣམ་འགྲེལ་དང༌། དབྱིག་གཉེན་གྱིས་མཛད་པ་ལ་ཉི་ཁྲི་གཞུང་འགྲེལ་ཞེས་གྲགས་པར་མཐུན་མོད། ངོས་འཛིན་མི་མཐུན་པར་འཆད་པ་མང་ངོ༌། །གཉིས་པ་ནི། དེ་ལྟར་མཁས་པ་སྔ་མས་སྣང་ཞིང་གསལ་བར་བྱས་མོད། ཟློས་པར་མི་འགྱུར་ཏེ། མངོན་པར་རྟོགས་པའི་རྒྱན་འདི་བསྟན་བཅོས་ཏེ། ཡུམ་གསུམ་པོ་མཐའ་དག་གི་རྒྱན་ཡིན་པ་དེ་ལྟར་དུ། རང་གི་ཤེས་རབ་ཀྱིས་རྙེད་པ་གང་ཡིན་པ་དེ་འགྲེལ་མཛད་གཞན་ལས་ཡ་མཚན་ཆེ་བའི་ཕྱིར་རོ། །གསུམ་པ་ནི། འཕགས་པ་དག་གིས་མ་རྙེད་པའི་ཚིག་དོན་གྱི་ལེགས་བཤད་ཁྱོད་ལ་མེད་དོ་ཞེ་ན། མ་ཡིན་ཏེ། ཟབ་མོ་ཤེར་ཕྱིན་གྱི་མདོའི་ཚིག་དང་དོན་གྱི་ལམ་འདི་ནི་ཅི་ཞིག་ལྟར་ཏེ་འབད་རྩོལ་ལ་ལྟོས་པ་མེད་པར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དབང་གིས་རྙེད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་བྱིན་རླབས་ཀུན་ལ་འཇུག་གོ །ཞེ་ན། དེ་ལྟ་མོད་ཀྱི་སེང་གེ་བཟང་པོས་རྙེད་པ་ལྟར་གཞན་གྱིས་རྙེད་པ་ཤིན་ཏུ་དཀའ་སྟེ། དབྱིག་གཉེན་ལ་སོགས་པ་འགའ་ཞིག་ཁོ་ནས་ཀྱང་ཕྱོགས་རེ་ཙམ་ལས་མ་རྙེད་པ་དེ་ལྟ་བས་ནའོ། །གསུམ་པ་ནི། མདོ་དང་རྒྱན་གྱི་ཚིག་དོན་མ་ལུས་པར་རྙེད་པ་ན་ཤིན་ཏུ་ཡང་དབྱེ་བར་རིགས་ཏེ། ཕྱོགས་རེ་ཙམ་གཟིགས་པས་ཀྱང་དབྱེ་བ་ནི་མཁས་པ་རྣམས་ཀྱི་སྤྱི་ལུགས་སུ་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། ཁྱོད་ཀྱིས་ཡུམ་དོན་རྙེད་པ་མི་འཐད་དེ། ཁྱོད་ལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མེད་པའི་ཕྱིར་ཞེ་ན། སེང་གེ་བཟང་པོ་ཆོས་ཅན། ཡུམ་གྱི་དོན་རྣམ་པ་ཀུན་ཏུ་བདག་གི་ནི་སྤྱོད་ཡུལ་མ་ཡིན་ཀྱང༌། འགྲེལ་པ་རྩོམ་པ་ལ་སྤྲོ་བ་སྐྱེས་ཏེ། རང་གཞན་ལ་ཕན་གདགས་པར་འདོད་པས་སོ། །འདིས་རང་དང་གཞན་ལ་ཕན་པ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་དག་གཞན་ཕན་སྒྲུབ་པ་དང་རྫོགས་བྱང་གི་རྒྱུར་མཐུན་པའི་ཕྱིར།། །།གཉིས་པ་ལ་གཉིས་ཏེ། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་དང༌། དེ་ལྟར་བརྩམས་པའི་བསྟན་བཅོས་ཉིད་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། འཕགས་པ་བྱམས་པ་རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པས་རེ་ཤིག་དང་པོར་ཡུམ་ལ་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་སྒོ་ནས་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། མཆོད་བརྗོད་ཀྱི་གདུལ་བྱ་གཞན་དང་གཞན་དག་མཁྱེན་པ་གསུམ་ལ་རབ་ཏུ་དྭང་བ་བསྐྱེད་པའི་ཆེད་དུ་དང༌། ཁ་ཅིག་བཅོམ་ལྡན་འདས་མ་རང་དོན་གྱི་ཡོན་ཏན་ཕུལ་དུ་དབྱུང་དུ་མེད་ཅིང༌། གཞན་དོན་གྱི་ཡོན་ཏན་དཔག་ཏུ་མེད་པའི་འབྱུང་གནས་ལ་དོན་གྱིས་འཇུག་པར་བྱ་བའི་ཕྱིར་དུ་ཡིན་པས་སོ། །དང་པོ་དེས་ཡོན་ཏན་བརྗོད་པའི་དགོས་པ་དང༌། ཕྱི་མས་ཕྱག་འཚལ་བའི་དགོས་པ་འཆད་དོ། །ཡོན་ཏན་བརྗོད་པ་ལ་བརྟེན་ནས་དྭང་བ་འདྲེན་ནུས་ཏེ། འབྲས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གསུམ་པོ་ཤེས་པའི་ཡུལ་ཅན་གྱི་རབ་ཏུ་དྭང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བ་སྟེ་གྲུབ་པའི་ཕྱིར་རོ། །འདིར་མཁྱེན་པ་གསུམ་གྱི་ཡོན་ཏན་ཤེས་པའི་དད་པ་ནི་རིགས་ཅན་གསུམ་ག་ལ་ཡོད་ཅིང༌། དམན་པའི་སེམས་བསྐྱེད་ཀྱང་སྲིད་ལ། འབྲས་ཡུམ་ལ་ཕྱག་འཚལ་བ་ལས་བྱུང་བའི་གཞན་དག་གི་དད་པ་ནི་ཐེག་ཆེན་སེམས་བསྐྱེད་ཁོ་ནའོ། །གཉིས་པ་རྩ་བའི་དོན་ནི་རྗེ་བཙུན་གྱིས་ཉན་ཐོས་སོགས་རྐང་པ་དང་པོ་གཉིས་ཀྱི་ཡུམ་བཅོམ་ལྡན་འདས་མ་ལ་གཞི་ཤེས་དང་ལམ་ཤེས་ཀྱི་ཡོན་ཏན་མངའ་བའི་སྒོ་ནས་བསྟོད་པ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་ཉན་རང་གི་རིགས་ཅན་གཞི་ཤེས་ལ་དད་པ་སྐྱེས་ནས་དེའི་གསུང་རབ་ལ་འཇུག་པ་དང༌། བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པའི་རིགས་ཅན་དག་ལམ་ཤེས་ཀྱི་ཡོན་ཏན་མཐོང་ནས་དེའི་གསུང་རབ་ལ་འཇུག་པའི་ཆེད་དུ་ཡིན་པས་སོ། །ཡང་དེ་ལ་རྣམ་མཁྱེན་གྱི་ཡོན་ཏན་མངའ་བའི་སྒོ་ནས་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ་དག་རྣམ་མཁྱེན་གྱི་ཡོན་ཏན་མཐོང་ནས་དེའི་གསུང་རབ་ལ་འཇུག་པའི་ཕྱིར་དུ་ཡིན་པས་སོ། །འདིར་འཕགས་པ་བཞིའི་བཞེད་དོན་དངོས་སུ་སྒྲུབ་བྱེད་ཀྱི་ཡུམ་ནི་རང་རང་གི་ཐུགས་རྒྱུད་ཀྱི་མཁྱེན་པ་དེ་དང་དེ་ཡིན་ལ། འབྲས་ཡུམ་གྱི་ཡོན་ཏན་གསུམ་པོས་ནི། རིགས་ཅན་སོ་སོའི་བཞེད་དོན་རྒྱུད་ནས་སྒྲུབ་པར་བྱེད་པས་དེ་དང་དེའི་ཡུམ་དུ་འཇོག་པ་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་བཤད་པ་ལྟར་རོ། །གསུམ་པ་འགྲེལ་པ་ལ་བཞི་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན། རྒལ་ལན་གྱིས་གཏན་ལ་ཕབ་པའོ། །དང་པོ་ལ། དངོས་ཀྱི་དགོས་པ་དང༌། བརྒྱུད་པའི་དགོས་པའོ། །དང་པོ་ནི། མཆོད་བརྗོད་ངག་གི་གདུལ་བྱ་དད་པའི་རྗེས་སུ་འབྲང་བ་རྣམས་ནི་ཆོས་ཅན། མཆོད་ཡུམ་ལ་དྭང་བ་སྐྱེ་བ་མཆོད་བརྗོད་ཀྱི་ངག་དཔྱད་པ་གསུམ་གྱིས་དག་པ་ཉིད་དུ་མཐོང་བ་ལ་མི་ལྟོས་ཏེ། ཉན་ཐོས་ཞེས་སོགས་ཚིགས་སུ་བཅད་པ་འདིས་ནི་ཡུམ་མཁྱེན་གསུམ་འདིའི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་པ་དེ་དང་དེ་ཐོས་པ་ཉིད་ནས་ཡུམ་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དྭང་བ་སྐྱེ་བའི་ཕྱིར་རོ། །འོ་ན་དབང་རྣོན་ཀྱང་དེ་ལྟར་ངེས་སམ་ཞེ་ན། མཆོད་བརྗོད་ངག་གི་གདུལ་བྱ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་ཆོས་ཅན། ངག་དེ་ཐོས་མ་ཐག་ཉིད་ནས་དྭང་བ་སྐྱེ་ནུས་པ་མ་ཡིན་ཏེ། མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཅན་གྱི་ཡུམ་ལ་ལུང་རིགས་ཀྱིས་གནོད་པ་མ་མཐོང་ནས་ཏེ། ངག་དཔྱད་གསུམ་གྱིས་རྣམ་པར་དག་པ་དེའི་ཚེ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཚུལ་གསུམ་པ་ཅན་འདིས་སངས་རྒྱས་ལ་སོགས་པ་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེ། དེ་ལ་རབ་ཏུ་དྭང་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དུས་ནམ་གྱི་ཚེ་མཆོད་བརྗོད་ཀྱི་ངག་ལ་དཔྱད་པས་རྣམ་པར་དག་ཅེ་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་དེའི་ཚེ་ནའོ། །གཉིས་པ་བརྒྱུད་པའི་དགོས་པ་ལ་གཉིས་ལས། འབྲས་ཡུམ་ལ་ཕྱག་འཚལ་བའི་དགོས་པ་ནི། དེ་ལ་རབ་ཏུ་དྭང་བས་ཀྱང་ཞེས་སོགས་སོ། །ཡོན་ཏན་བརྗོད་པའི་དགོས་པ་ནི། དེའི་ཕྱིར་ཞེས་སོགས་སོ། །གཉིས་པ་བསྡུས་པའི་དོན་ནི། རྗེ་བཙུན་ཆོས་ཅན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་འབྲས་ཡུམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པས་མཁྱེན་པ་གསུམ་པོ་མཐའ་དག་མཆོད་ཡུམ་དུ་གོ་ནུས་པར་མ་ཟད། མངོན་པར་རྟོགས་པ་ལྷག་མ་ལྔ་པོ་ཡང་དེར་དོན་གྱིས་འཕངས་པ་ཡིན་ཏེ། རྩ་བའི་གསུངས་པ་དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་མངོན་པར་རྟོགས་པ་བརྒྱད་བསྡུས་ལ། དེ་དག་ཀྱང་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་ལྔ་པོ་དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས་སྲས་འཕགས་པ་རྣམས་ཀྱིས་བཞེད་པའི་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དེ་ལྟར་ཐུགས་ལ་བཞག་ནས་མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། མཁྱེན་གསུམ་གྱི་ཡོན་ཏན་སོ་སོར་བརྗོད་པ་དང༌། ཡོན་ཏན་དེ་དག་མངའ་བའི་རྒྱུ་མཚན་གྱིས་འབྲས་ཡུམ་ལ་ཕྱག་འཚལ་བའོ། །དང་པོ་ལ་གསུམ་ལས། རྗེ་བཙུན་ཆོས་ཅན། གཞི་ཤེས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་ཡུམ་དུ་བསྟན་པ་ཡིན་ཏེ། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཀྱི་རིགས་ཅན་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱང་གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་འཐོབ་པར་མཛད་པ་གང་ཡིན་པའི་ཡོན་ཏན་དེ་འབྲས་ཡུམ་ལ་མངའ་བར་དངོས་སུ་བཤད་ནས། དམན་པའི་གཞི་ཤེས་ཀྱང་ཡོན་ཏན་དེ་དང་ལྡན་པའི་རྒྱུ་མཚན་གྱིས་མཆོད་ཡུམ་དུ་དོན་གྱིས་འཕངས་པའི་ཕྱིར། རང་རྒྱལ་རྩ་བར་མ་བསྟན་པ་མིན་ཏེ། ཞི་བ་འཚོལ་རྣམས་ཞེས་པའི་རིམ་པ་གཅིག་གིས་བསྟན་པའོ། །དེ་ལྟར་བསྟན་ཀྱང་ཉན་ཐོས་དང་ཁྱད་མེད་མ་ཡིན་ཏེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་ལྷག་པས་སོ། །དམན་པའི་གཞི་ཤེས་འདི་ལ་ནི། ཇི་སྐད་དུ། ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་པས་ཤེར་ཕྱིན་གྱི་སྒྲ་འཇུག་པར་རུང་ངོ༌། །གཉིས་པ་ལམ་ཤེས་ཀྱི་ཡོན་ཏན་ནི། རྗེ་བཙུན་ཆོས་ཅན། ལམ་ཤེས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་རྒྱུ་ལམ་ཤེས་ཀྱང་མཆོད་ཡུམ་དུ་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པ་ཉིད་དུ་བསམ་པས་ཞུགས་པ་རྣམས་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་མཛད་པ་གང་ཡིན་པའི་ཡོན་ཏན་དེ་དངོས་སུ་འབྲས་ཡུམ་ལ་མངའ་བར་བསྟན་ནས། རྒྱུ་ལམ་ཤེས་ཀྱང་ཡོན་ཏན་དེ་དང་ལྡན་པའི་རྒྱུ་མཚན་གྱིས་མཆོད་ཡུམ་དུ་དོན་གྱིས་འཕངས་པའི་ཕྱིར། རྩ་བར་འབྲས་ཡུམ་སངས་རྒྱས་ཁོ་ནའི་ཡུམ་དུ་བཤད་ནས། རིགས་ཅན་གསུམ་པོའི་ཡུམ་དུ་མ་བཤད་པ་ནི་མ་ཡིན་ཏེ། འབྲས་ཡུམ་ལ་མངའ་བའི་ཡོན་ཏན་སྔ་མ་གཉིས་པོས་རིགས་ཅན་གསུམ་གྱི་བཞེད་དོན་བརྒྱུད་ནས་སྒྲུབ་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་ཡོན་ཏན་བརྗོད་པ་ནི། རྗེ་བཙུན་ཆོས་ཅན། རྣམ་མཁྱེན་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་དེ་ཉིད་སངས་རྒྱས་འཕགས་པའི་ཡུམ་དུ་བསྟན་པ་ཡིན་ཏེ། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ལྡན་ན་སངས་རྒྱས་ཡང་དག་པར་བསྡམས་པའི་སྐུ་ཅན། རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་གཙོ་བོ་རྣམས་ཀྱིས། དགོས་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་ལས་སུ་བྱ་བ་ཆོས་ཀྱི་འཁོར་ལོ་མ་ལུས་པ་བརྗོད་བྱ་རྣམ་པ་ཐམས་ཅད་པ་དེ་བསྐོར་བར་མཛད་པའི་ཡོན་ཏན་གང་ཡིན་པ་དེ་འབྲས་བུ་ཤེར་ཕྱིན་ཁོ་ན་ལ་མངའ་བར་བརྗོད་པའི་ཕྱིར། དེ་ལྟར་ན་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པའི་ཡུམ་གྱི་གཙོ་བོ་ནི་འབྲས་ཡུམ་ཉིད་ཡིན་ཏེ། རྗེ་བཙུན་གྱིས་དེའི་ཡོན་ཏན་བརྗོད་ནས་དེ་ཉིད་ལ་ཕྱག་མཛད་པའི་ཕྱིར། དེ་ཉིད་འཕགས་པ་བཞི་ཀའི་ཡུམ་ཡང་ཡིན་ཏེ། དེ་དག་གི་བཞེད་དོན་སྒྲུབ་པའི་ཡོན་ཏན་མངའ་བའི་ཕྱིར། དེ་ལྟ་ན་ཡང་སློབ་ལམ་གྱི་མཁྱེན་པ་གཉིས་འདིར་བསྟན་གྱི་ཡུམ་དུ་མི་འཇོག་པ་མ་ཡིན་ཏེ། དེར་འཇོག་པའི་རྒྱུ་མཚན་མ་ལུས་པ་ཚང་བའི་ཕྱིར། གཉིས་པ་ནི་སངས་རྒྱས་ཞེས་སོགས་ཏེ། ངག་དོན་ནི་བཤད་མ་ཐག་པ་ཉིད་དོ། །བཞི་པ་བརྒལ་ལན་བཤད་པ་ལ་གཉིས་ཏེ། བརྒལ་བ་དང་ལན་ནོ། །དང་པོ་ནི། དེ་ལྟར་འབྲས་ཡུམ་ལ་ཕྱག་འཚལ་བ་དང༌། མཁྱེན་གསུམ་ལ་བསྟོད་པ་སྔོན་དུ་འགྲོ་བའི་བསྟན་བཅོས་མངོན་པར་རྟོགས་པ་ཤེར་ཕྱིན་གྱི་མདོའི་རྒྱན་རྩོམ་པར་དམ་བཅའ་བ་ལ། རྒོལ་བ་ན་རེ། མདོ་དང་རྒྱན་གྱིས་གཞི་དང་གཉེན་པོ་དང་རྣམ་པ་རྣམས་ལས་གང་ཡང་རུང་བ་ཞིག་བརྗོད་བྱར་བསྡུས་པར་མཛད་གྲང་ན་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ཏེ། དོན་ནི་ཡུམ་གྱི་མདོའི་བརྗོད་བྱ་ཕྱོགས་གསུམ་པོ་རེ་རེ་བ་ལྟར་ན། དངོས་བསྟན་གྱི་སྐྱོན་དེ་དག་དང༌། ཕྱོགས་གསུམ་ཆར་བསྡུས་ནའང༌། འཕགས་པ་མཐའ་དག་གི་མངོན་པར་རྟོགས་པ་མ་བསྡུས་པར་འགྱུར་ཏེ། ཡུལ་གཞི་ལམ་རྣམ་གསུམ་བསྟན་པས་ཡུལ་ཅན་འཕགས་པའི་མངོན་པར་རྟོགས་པ་རྣམས་རྒྱུད་ལ་སྐྱེ་ཚུལ་གོ་མི་ནུས་པའི་ཕྱིར་དང༌། གོ་ནུས་ན་མངོན་པར་རྟོགས་པའི་རྒྱན་བརྩམས་པ་དགོས་མེད་དང་ཟློས་སྐྱོན་ཅན་དུ་འགྱུར་རོ། །བསྟན་བཅོས་སུ་བསྟོད་ཕྱག་མཐུན་པའི་བརྗོད་བྱ་འཆད་ནའང༌། མངོན་པར་རྟོགས་པ་མཐའ་དག་གི་རྒྱན་དུ་མི་འཐད་དེ། འབྲས་ཡུམ་གྱི་ཡོན་ཏན་དུ་བཤད་པའི་མཁྱེན་པ་གསུམ་པོ་དེས་འཕགས་པའི་མངོན་པར་རྟོགས་པ་མཐའ་དག་བསྡུ་མི་ནུས་པའི་ཕྱིར། ཞེས་རྒོལ་བའོ། །ལན་ལ་གསུམ་སྟེ། གཏན་ཚིགས་དགོད། སྒྲུབ་བྱེད་བཤད། ཐུན་མོང་གི་མཇུག་བསྡུ་བའོ། །དང་པོ་ནི། ཡུམ་གྱི་མདོ་དང་རྒྱན་ཆོས་ཅན། འཕགས་པ་བཞིའི་མངོན་པར་རྟོགས་པ་མཐའ་དག་བརྗོད་བྱར་མ་བསྡུས་པའི་སྐྱོན་ཡོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ན་གཞི་ལམ་རྣམ་པའི་ཕྱོགས་གསུམ་ཆར་གྱིས་མཁྱེན་གསུམ་བསྡུས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་གོ་རིམ་ཇི་ལྟ་བ་བཞིན་དུ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལུང་གི་སྒྲུབ་བྱེད་དང༌། ལུང་དོན་རིགས་པས་བཤད་པའོ། །དང་པོ་ལ་གཉིས་ལས། བསྟན་པ་ནི། འདི་ལྟར་རྒྱལ་བའི་ཡུམ་བར་མ་ལས་ཞེས་སོགས་སོ། །བཤད་པ་ལ་གསུམ་ལས། གཞི་ཤེས་ཀྱིས་ཉན་རང་འཕགས་པའི་མངོན་རྟོགས་བསྡུས་ཚུལ་ལ། རྒྱུ་མཚན་འདྲི་བ་ནི། བཅོམ་ལྡན་འདས་ཅིའི་སླད་དུ་སོགས་སོ། །རྒྱུ་མཚན་དགོད་པ་ནི། རབ་འབྱོར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པ་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་བསྡུས་ཞེས་བྱ་སྟེ། གཞི་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་ཀྱི་ཆོས་རྣམས་ཇི་སྙེད་པ་འདི་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་གང་ཟག་གི་བདག་མེད་པར་ཤེས་ཀྱི། ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན། རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཡང་མ་ཡིན་པ་དེའི་ཕྱིར། གཉིས་པ་ལམ་ཤེས་ཀྱིས་བྱང་སེམས་ཀྱི་མངོན་རྟོགས་བསྡུས་ཚུལ་ལ། རྒྱུ་མཚན་དྲི་བ་ནི། བཅོམ་ལྡན་འདས་སོགས་སོ། །རྒྱུ་མཚན་དགོད་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྟོགས་པ་ནི། ལམ་ཤེས་པ་ཉིད་ཀྱིས་བསྡུས་ཞེས་བྱ་སྟེ། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་བསྡུས་པ་དེའི་ཕྱིར། དེ་གང་ཞེ་ན། ཤེས་རབ་ཀྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང༌། རང་སངས་རྒྱས་ཀྱི་ལམ་གྱི་རྟོགས་རིགས་གང་ཡིན་པ་དང༌། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་དེ་ཐམས་ཅད་རང་རྒྱུད་ལ་ཡར་ལྡན་དུ་བསྐྱེད་པར་བྱ་ཞིང༌། མི་དམིགས་པའི་ཚུལ་གྱིས་ལམ་ཐམས་ཅད་ཤེས་པར་ཡང་བྱའོ། །ཤེས་པ་དང་བསྐྱེད་པ་དེ་དག་ཕྱོགས་རེ་བ་མ་ཡིན་པ་ཡོངས་སུ་རྫོགས་པར་བྱ་ཞིང༌། ལམ་གསུམ་ཤེས་པ་དེ་དག་གི་ལམ་གྱི་བྱ་བ་རིགས་ཅན་གསུམ་རྗེས་སུ་འཛིན་པ་དང༌། ཤེས་བྱའི་སྒྲིབ་པ་ཆེད་དུ་གཉེར་ནས་སྤོང་བ་ཡང་བྱ་བའོ། །ཐབས་ཀྱི་ཁྱད་པར་ནི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུའི་མཛད་པ་རྒྱུན་མི་ཆད་པ་ཉིད་དུ་སྟོན་ནུས་པའི་སྨོན་ལམ་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མ་བྱས་པ་དང༌། གང་དུ་སངས་རྒྱས་པའི་ཞིང་དེའི་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་སྨིན་པ་ཤ་སྟག་འབྱུང་བའི་རྒྱུ་མཐུན་གྱི་ཚོགས་རྫོགས་པར་མ་བྱས་པ་དང༌། གང་དུ་སངས་རྒྱས་པའི་ཞིང་དེ་རང་སྣང་ལ་དག་པ་འབའ་ཞིག་ཏུ་འཆར་རུང་བའི་སྒོ་ནས་ཡོངས་སུ་སྦྱངས་པར་མ་བྱས་པར། ཡང་དག་པའི་མཐའ་དེ་བཞིན་ཉིད་ལ་རྟག་ཏུ་མཉམ་པར་གཞག་པའི་ཚུལ་གྱིས་མངོན་སུམ་དུ་ནི་མི་བྱ་བའོ། །གསུམ་པོ་དེ་རྫོགས་པར་བྱས་ནས་ཡང་དག་པའི་མཐའ་མངོན་སུམ་དུ་བྱ་བ་ནི་རྣམ་མཁྱེན་གྱི་ཡོན་ཏན་ནོ། །གསུམ་པ་རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་ཚུལ་ལ། རྒྱུ་མཚན་དྲི་བ་ནི། བཅོམ་ལྡན་འདས་སོགས་སོ། །རྒྱུ་མཚན་དགོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་ཞེས་བྱ་སྟེ། མི་རྟག་པ་དང་སྟོང་པ་སོགས་རྣམ་པ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་རྟགས་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྟགས་དེ་དག་དང༌། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས་དེའི་ཕྱིར་རོ། །དེ་བཞིན་དུ་མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཡུམ་རྒྱས་པ་ལས་ཀྱང༌། རྒྱུན་དུ་ཞུགས་པའི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་སོགས་རྒྱ་ཆེར་གསུངས་སོ། །སྐབས་འདིར་བསྡུ་བྱེད་ཀྱི་མཁྱེན་གསུམ་ལ་གཉིས་ལས། གཅིག་ནི་འབྲས་ཡུམ་གྱི་ཡོན་ཏན་ཏེ་མཆོད་བརྗོད་ཀྱི་དངོས་བསྟན་ནོ། །གཅིག་ནི་མཁྱེན་གསུམ་སྤྱི་ཙམ་པ་སྟེ་བསྟན་བཅོས་ཀྱི་བརྗོད་བྱར་བྱས་པ་དེའོ། །བསྡུ་བྱ་ནི་འཕགས་པའི་གང་ཟག་སོ་སོའི་རྒྱུད་དང་འབྲེལ་བ་སྟེ་དེ་མ་ཐག་ཏུ་འཆད་པ་འདི་ཉིད་དོ། །གཉིས་པ་ལ་གསུམ་ལས། དང་པོ་གཞི་ཤེས་ཀྱི་དབང་དུ་བྱས་པ་འདི། བསྡུ་བྱའི་མཁྱེན་པ་གསུམ་ཡོད་པ་དེ་ལ། བསྡུ་བྱའི་ཐམས་ཅད་ཤེས་པ་ཉིད་ནི་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། དམིགས་ཡུལ་གཟུགས་ལ་སོགས་པའི་ཆོས་ལ་དམིགས་པ་དང༌། རྣམ་པ་མི་རྟག་པ་ལ་སོགས་པའི་རྟེན་ཅན་དང༌། འབྲས་བུ་གང་ཟག་གི་བདག་ཏུ་རྨོངས་པ་ཆེད་དུ་གཉེར་ནས་སྤངས་པ་ཅན་ཡིན་པས་སོ། །བསྡུ་བྱའི་ལམ་ཤེས་པ་ཉིད་ནི་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ཤེས་རབ་ཀྱི་ཁྱད་པར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་དང༌། ཐབས་ཀྱི་ཁྱད་པར་དེ་ཁོ་ན་ཉིད་དུས་མ་ཡིན་པར་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་དང༌། བྱེད་པའི་ལས་སེམས་ཅན་མ་བསྡུས་པ་སྡུད་པར་བྱེད་པ་ཅན་ཡིན་པ་ལ་སོགས་པས་སོ། །བསྡུ་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཅན། སྤང་རྟོགས་བྱེད་པའི་ཁྱད་པར་གསུམ་དང་ལྡན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་ཡང་དག་པ་ཉིད་ཀྱི་མཐའ་གློ་བུར་དྲི་བྲལ་གྱི་ཆོས་སྐུ་རྟོགས་པ་དང༌། འབྲས་བུ་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་དང༌། ཉོན་མོངས་པའི་བག་ཆགས་ཀྱི་དབང་གིས་མཚམས་སྦྱོར་བ་ཉིད་སྤངས་པའི་ཕྱིར་རོ། །བསྡུ་བྱའི་ལམ་ཤེས་ཀྱིས་ནི་བག་ཆགས་འདི་མ་སྤངས་པར་འཆད་དགོས་ཏེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་མི་སྤོང་བའི་རང་བཞིན་ཅན་ཡིན་པས་སོ། །གསུམ་པ་ནི་དེ་བས་ན་ཡུམ་གྱི་མདོ་དང་མངོན་པར་རྟོགས་པའི་རྒྱན་ནི་ཆོས་ཅན། ཐེག་པ་གསུམ་གྱི་མངོན་པར་རྟོགས་པ་མཐའ་དག་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ཏེ། མདོ་ལས་ནི་གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས། དེས་མཁྱེན་པ་གསུམ་བསྡུ་བར་ནུས་ལ། བསྟན་བཅོས་ཀྱིས་ནི་དངོས་སུ་མཁྱེན་གསུམ་བསྡུས་པས་དེ་ལྟར་འཐད་པའི་ཕྱིར། གཏན་ཚིགས་དང་པོ་གྲུབ་སྟེ། ཡུམ་སྐྱེ་མེད་རྣམ་གསུམ་འདི་ལྟ་བུའོ། །ཞེས་བསྟན་པ་ན་དེ་ལྟར་རྟོགས་པའི་བློ་གསུམ་ངང་གིས་སྐྱེ་བའི་ཕྱིར། གོང་གི་རྩོད་པའི་དངོས་བསྟན་གོ་དཀའ་ཞིང༌། ལན་དང་མ་འབྲེལ་བས་འདི་ལྟར། རྒོལ་བ་ནི་རྒྱན་འདིས་མདོའི་དོན་འགྲེལ་ན། མདོའི་བརྗོད་བྱ་གཞི་ཁོ་ནར་བྱེད་ན་བདག་མེད་རྒྱས་པར་མ་བསྟན་པས་མངོན་པ་དང་ཁྱེད་མེད། རྣམ་པ་མ་ལུས་པའི་སྟོང་པ་ཉིད་ཁོ་ན་སྟོན་ན་སྐྱོན་སྔ་མ་ལས་གྲོལ་ཡང་མངོན་རྟོགས་དང་མ་འབྲེལ། ལམ་མཁྱེན་པ་གསུམ་ཙམ་སྟོན་ན་སྐྱོན་དང་པོ་གཉིས་ལས་གྲོལ་ཡང་འཕགས་པ་མཐའ་དག་གི་མངོན་རྟོགས་བསྡུ་མི་ནུས་པ་དང་སྤང་བྱ་ངོས་མི་ཟིན། གསུམ་ཀ་བརྗོད་བྱར་བྱེད་ན་རྒྱན་རྩོམ་མི་དགོས་པར་ཐལ། ཞེས་རྒོལ་བ་ལ། བཞི་པའི་ལན་ནི། འདི་མན་ཆད་དུ་འཆད་ལ། གོང་དུ་ནི་ཕྱོགས་གསུམ་ཀ་བརྗོད་བྱར་བསྡུས་པའི་དམ་བཅའ་དང༌། མཁྱེན་གསུམ་གྱིས་འཕགས་པ་ཐམས་ཅད་ཀྱི་མངོན་རྟོགས་བསྡུས་པའི་སྒྲུབ་བྱེད་བཤད་པ་ཉིད་ཀྱིས་ཆོག་པས་དེ་ལྟར་གསུངས་ལ། མདོར་གཉེན་པོ་དངོས་སུ་བསྟན་པའི་སྦས་དོན་རྒྱན་དུ་རྟོག་པའི་རྣམ་གཞག་རྒྱས་པར་གསུངས་པ་དང༌། དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཞེས་སོགས་བཤད་པས་སྤང་གཉེན་གྱི་དབྱེ་བ་ཁོང་དུ་མི་ཆུད་པའི་ཉེས་པ་ལས་གྲོལ་ལོ། །གཉིས་པ་བསྟན་བཅོས་དངོས་ཀྱི་དོན་ལ་བཞི་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན། བསྡུས་དོན་གྱི་རྣམ་གྲངས་གཞན་ཡང་བསྟན་པའོ། །དང་པོ་ལ་གསུམ་ལས་མཚམས་སྦྱར་བ་ནི། མཆོད་བརྗོད་དང་བསྡུས་དོན་གྱི་བར་དུ་བྱམས་པ་རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པ་དང༌། འབྲེལ་པ་ཤུགས་བསྟན་གྱི་ཁོངས་ན་ཡོད་པ་རྣམས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། གདུལ་བྱ་གཞན་དག་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཡིན་པས་སོ། །དེ་དེའི་ཡན་ལག་ཅི་ལྟར་ཡིན་ཞེ་ན། རྣམ་བཅད་དུ་འཇུག་པའི་གེགས་དོགས་པ་བསལ་བ་དང༌། ཡོངས་གཅོད་དུ་མཐུན་རྐྱེན་དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱི་སྒོ་ནས་སོ། །དོགས་པ་དེ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་འཕགས་པ་མ་རྒྱལ་བ་བདུད་བཞི་ལས་རྒྱལ་བའི་བྱམས་པས་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་བསྟན་པ་ལ་དོན་ཅི་ཞིག་ཡོད་སྙམ་དུ་དོགས་པ་དེའོ། །སུ་ཞིག་གིས་དོགས་ན་མདོ་དང་བསྟན་བཅོས་ཀྱི་དགོས་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གིས་སོ། །ཚུལ་ཇི་ལྟར་དུ་ན། བཅོམ་ལྡན་འདས་རྒྱས་པ་དང་འབྲིང་དང་བསྡུས་པ་ལ་དད་པའི་སེམས་ཅན་ལ་ཕན་གདགས་པར་བཞེད་པའི་ཐུགས་རྗེ་ཅན་ཉིད་ཀྱིས་རྒྱལ་བའི་ཡུམ་དེ་དང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་མཐའ་དག་གསལ་བར་མཛད་ཟིན་པ་མ་ཡིན་ནམ་སྙམ་དུའོ། །གཉིས་པ་རྩ་བ་ལ། མདོ་དོན་ཞེས་པ་ཡན་གྱིས་བསྟན་བཅོས་ཀྱི་བརྗོད་བྱ་དང༌། དྲན་པ་ནས་མཐོང་འགྱུར་གྱིས་ཉིང་དགོས་དང༌། ཕྱིར་སོགས་ཀྱི་དགོས་པ་བསྟན་ཏོ། །གསུམ་པ་ཚིག་དོན་ལ་བཞི་ལས། དང་པོ་ནི། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ཤེར་ཕྱིན་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་དངོས་ཤུགས་ཀྱི་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་བསྟན་བཅོས་འདིའི་ཡང་བརྗོད་པར་བྱ་བའོ། །བསྟན་པ་དེ་ཉིད་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཞེས་པ་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ། དེས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་དང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཡང་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་པས་སོ། །གཉིས་པ་འབྲེལ་པ་ནི། དངོས་ཤུགས་ཀྱིས་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་བསྟན་བཅོས་དག་ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་བྱམས་པས་འབྲེལ་བར་མཛད་པ་དག་གོ །གསུམ་པ་དགོས་པ་ནི། བསྟན་བཅོས་འདི་ལ་བརྟེན་ནས་གདུལ་བྱ་བྱང་ཆུབ་སེམས་དཔས་མངོན་པར་འདོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་དངོས་བསྟན་བྱང་ཆུབ་ཀྱི་སེམས་དང་སྒྲུབ་པ་རང་གི་ངོ་བོ་ལ་སོགས་པའི་མཚན་ཉིད་ཅན་ཤུགས་བསྟན་མངོན་པར་རྟོགས་པ་བརྒྱད་པོ་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི་བསྟན་བཅོས་འདི་རྩོམ་པའི་དགོས་པ་ཡིན་པའི་ཕྱིར་ན་མདོ་དང་ཟློས་པའི་སྐྱོན་མེད་དོ། །ལམ་ཤེས་ལྟར་དགོས་ན། དེ་ལྟར་བདེ་བླག་ཏུ་རྟོགས་པ་ཉིད་ལ་དགོས་པ་མེད་དོ་ཞེ་ན། མ་ཡིན་ཏེ། དགོས་པའི་ཡང་དགོས་པ་ཉིང་དགོས་ཀྱི་ཆེད་དུ་ཡིན་པས་སོ། །ཉིང་དགོས་དེ་གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་སྦས་པའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་རེ་རེ་ཡང་སྒོམ་བྱུང་གིས་མངོན་སུམ་དུ་བྱེད་པར་འགྱུར་བ་ཞེས་བྱ་བའོ། །སུ་ཞིག་གིས་མངོན་དུ་བྱེད་ན། བྱང་ཆུབ་སེམས་དཔའ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ཐབས་ཤེས་ཁྱད་པར་ཅན་གཉིས་ལས་གཞན་ཅི་ལ་ཡང་རག་མ་ལས་པར་མཐོང་ནས་བྱང་ཆུབ་ཏུ་ཆས་པ་དག་ཁོ་ནས་སོ། །ཚུལ་ཇི་ལྟ་བུས་མངོན་དུ་བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་སྦས་དོན་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་དངོས་བསྟན་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པའི་བསླབ་བྱ་སྦྱིན་པ་ལ་སོགས་པ་སྒྲུབ་པའི་སྤྱོད་པ་ཐོག་མར་བསྟན་བཅོས་འདི་ལ་བརྟེན་ནས་ཐོས་བསམ་གྱི་ཤེས་པས་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བས་བཞག་པའི་བག་ཆགས་ལས་བྱུང་བའི་དྲན་པའི་ཤེས་པ་ལ་ལེགས་པར་བཞག་ནས་སོ། །དེ་ཙམ་གྱིས་ཉིང་དགོས་མཐར་ཕྱིན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པའི་མཚན་ཉིད་ཅན་གྱིས་རབ་ཏུ་དགའ་བ་ལ་སོགས་པ་རྟོགས་པའི་རིམ་པས་མཐར་ཕྱིན་དགོས་པས་སོ། །གལ་ཏེ་ཡུམ་གྱི་མདོ་ལ་མ་ལྟོས་པར་རྒྱན་ཙམ་ལ་བརྟེན་ནས་མདོ་དོན་བདེ་བླག་ཏུ་རྟོགས་པ་དང་མངོན་སུམ་དུ་བྱེད་ནུས་སམ་ཞེ་ན། མ་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པའི་ཚུལ་ལ་གོམས་པར་མ་བྱས་པ་ཕྱི་རོལ་པ་དང་གཅིག་ཤོས་ནང་པའི་རྣལ་འབྱོར་པ་ཡིན་ཡང་འཇིག་རྟེན་པའི་ལམ་ལ་བརྟེན་ནས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་དང་སྒོམ་པ་ལས་བྱུང་བའི་ཤེས་པ་སྐྱེ་བའི་རིམ་གྱིས་ཡུམ་གྱི་མདོའི་དོན་རིགས་པས་མ་རྟོགས་པ་དང་སྒོམ་པས་མ་མྱངས་པའི་ཕྱིར་དང༌། འདིར་གཞན་དག གཞུང་འདིས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དམན་པར་རིགས་ངེས་པ་དག་མི་སྲིད་པར་བསྟན་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། ཇི་སྐད་དུ། བཅོམ་ལྡན་འདས་མ་ལ་རབ་ཏུ་དྭང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་མཆོད་བརྗོད་ངག་གི་གདུལ་བྱ་ཐེག་དམན་དུ་རིགས་ངེས་པ་དག་གིས་བཅོམ་ལྡན་འདས་མའི་ཡོན་ཏན་མཐོང་ནས་རིམ་གྱིས་ཞུགས་པས་དམན་པའི་མྱང་འདས་མངོན་དུ་བྱེད་པ་དང༌། དེ་འདྲ་དེ་ཡུམ་ལ་དྭང་བ་བསྐྱེད་པའི་ཉིང་དགོས་སུ་ཡང་བཤད་པའི་ཕྱིར། འོ་ན་འདིར་བྱང་ཆུབ་སེམས་དཔའ་ཁོ་ནས་ཞེས་དང༌། ཆོས་ཐམས་ཅད་བདག་མེད་པའི་དོན་ལ་མ་གོམས་པས་རྒྱན་གྱི་ཉིང་དགོས་མངོན་དུ་བྱེད་མི་ནུས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་འདྲ་དེ་ནི་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་མ་ལུས་པའི་ཚིག་དང་སྦྲེལ་རྒྱུ་ཡིན་པ་དང༌། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དམན་པའི་རིགས་ཅན་མེད་ན་མཆོད་བརྗོད་ཀྱི་ཐོག་མར་གཞི་ཤེས་ཀྱི་ཡོན་ཏན་དེ་ལྟར་བརྗོད་པ་དོན་མེད་པ་དང༌། ཇི་སྐད་དུ། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད་ཀྱི་མདོ་འགྲེལ་མཐའ་དག་དང་འགལ་བར་འགྱུར་རོ། །གཉིས་པ་བསྡུས་དོན་ལུས་རྣམ་གཞག་ལ་བཞི་སྟེ། དགོས་པའི་སྒོ་ནས་མཚམས་སྦྱར། མདོ་རྒྱན་གཉིས་ཀའི་ལུས་རྣམ་གཞག་ངོས་བཟུང༌། ལུས་དེའི་ཡང་བསྡུས་དོན་མདོ་ཙམ་བཤད། ལུས་དེའི་ཚིག་དོན་སྐབས་འདིར་མ་བཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་འབྲེལ་པ་ལ་སོགས་པའི་ཆོས་བཞི་བསྙད་ནས་ཚིག་ལེའུར་བྱས་པ་བཅོ་ལྔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་ཀྱི་ལུས་རྣམ་པར་གཞག་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་པ་པོ་རྣམས་ཀྱི་མདོ་དང་བསྟན་བཅོས་ཀྱི་དོན་རགས་པ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དང༌། འཆད་པ་པོ་རྣམས་ཀྱིས་མདོ་དང་བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་ན་ལུས་དང་མཐུན་པར་བཤད་པས་མ་འཛིངས་པ་ཉིད་ཀྱི་སྒོ་ནས་བཤད་པར་བྱ་སླ་བ་ཉིད་དུ་རྗེ་བཙུན་གྱིས་གཟིགས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུས་མདོར་བསྟན་པ་དང༌། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི། གལ་ཏེ་འོ་ན། བདེ་བླག་ཏུ་ནི་རྟོགས་པ་ཞེས་འཆད་པའི་རྒྱུ་མཚན་ཅི་ཞེ་ན། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་ལ་བརྟེན་ནས་ཡུམ་གསུམ་གྱི་མདོ་དོན་མ་ལུས་པ་བདེ་བླག་ཏུ་རྟོགས་ནུས་ཏེ། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་ནི་དངོས་པོ་བརྒྱད་ཀྱི་སྒོ་ནས་དངོས་བསྟན་སྟོང་པ་ཉིད་ཀྱང་དངོས་སུ་ཡང་དག་པར་བཤད་པའི་ཕྱིར། བརྒྱད་པོ་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་ནས། དེ་རྣམ་བརྒྱད་ཀྱི་བར་ཏེ། འདི་ལ་སོ་སོའི་ངོས་འཛིན་དང༌། སྐབས་བརྒྱད་ཀྱི་བརྗོད་བྱའི་གཙོ་བོ་ངོས་བཟུང་བ་དང་གཉིས་ཀྱིས་འཆད་དོ། །དེ་ལ་རྣམ་མཁྱེན་ཙམ་གྱི་མཚན་ཉིད་ནི་བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ཡིན་ལ་སྐབས་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་མཁྱེན་གྱི་མཚན་ཉིད་ནི་སེམས་བསྐྱེད་ལ་སོགས་པ་ཆོས་བཅུ་པོ་དེའི་ཀུན་རྫོབ་དང་དོན་དམ་གྱི་རྣམ་པ་མ་ལུས་པ་ཐུགས་སུ་ཆུད་པ་མཐར་ཐུག་གི་ཡེ་ཤེས་སོ། །དེ་བཞིན་དུ་ལམ་སྐྱེ་མེད་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དང༌། གཞི་སྐྱེ་མེད་དུ་རྟོགས་པའི་འཕགས་མཁྱེན་དང༌། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་རྣལ་འབྱོར་དང༌། དེ་ལྟར་བསྡུས་སྒོམ་རབ་ཏུ་གྱུར་པའི་རྣལ་འབྱོར་དང༌། ཟག་མེད་ཀྱི་ཡོན་ཏན་རིམ་གྱིས་མངོན་དུ་བྱེད་པ་དང༌། གཅིག་ཅར་མངོན་དུ་བྱེད་པའི་རྣལ་འབྱོར་རྣམས་ནི། ལམ་ཤེས་ལ་སོགས་པ་བསྡུ་བྱེད་ཀྱི་མངོན་རྟོགས་སོ་སོའི་མཚན་ཉིད་དང༌། བསྡུ་བྱའི་མངོན་རྟོགས་ལ་ཡང་སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་ཀྱི་མཚན་ཉིད་ནི། ལམ་ཤེས་གཞིར་བྱས་པ་ལ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་དང༌། གཞི་ཤེས་ཡིན་པ་ལ་དེ་ལྟར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བའི་རང་བཞིན་ཅན་དང༌། རྣམ་རྫོགས་སྦྱོར་བ་གཞིར་བྱས་ལ་མི་མཐུན་ཕྱོགས་རྣམ་པར་སུན་འབྱིན་པའི་གཉེན་པོའི་རང་བཞིན་ཅན་དང༌། རྩེ་སྦྱོར་གཞིར་བྱས་ལ་རང་གི་སྤང་བྱའི་གཉེན་པོར་གྱུར་པའི་སྤོང་བ་གཉེན་པོའི་རང་བཞིན་ཅན་དང༌། མཐར་གྱིས་པ་གཞིར་བྱས་ལ་རང་གི་སྤང་བྱ་ལས་གྲོལ་བའི་ཁྱད་པར་གྱི་ལམ་གྱི་རང་བཞིན་ཅན་དང༌། སྐད་ཅིག་མའི་སྦྱོར་བ་གཞིར་བྱས་ལ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་བསྡུས་པ་རྣམས་སོ། །དེ་ལྟར་ན་བསྡུ་བྱའི་རྣམ་རྫོགས་སྦྱོར་བ་དང༌། མཐར་གྱིས་པ་ནི་རྗེས་ཐོབ་གཙོ་བོར་གྱུར་པ་དང༌། བསྡུ་བྱའི་རྩེ་སྦྱོར་དང་སྐད་ཅིག་སྦྱོར་ནི་མཉམ་གཞག་སྤོང་ལམ་གྱིས་བསྡུས་པའོ། །གཉིས་པ་ནི་གལ་ཏེ་དེ་ལྟར་བརྒྱད་པོ་མདོའི་སྦས་དོན་དུ་འཆད་ན་དངོས་བསྟན་གང་དང་གང་རྣམས་དང་སྦྱོར་ཞེ་ན། དེའི་ལན་ལ་སྦྱོར་ཚུལ་བརྒྱད་ལས་མདོའི་དངོས་བསྟན་སེམས་བསྐྱེད་སོགས་བཅུ་དང༌། སྦས་དོན་རྣམ་ཀུན་མཁྱེན་ཉིད་སྦྱོར་བ་ནི། སེམས་བསྐྱེད་པ་དང་ཞེས་སོགས་ཏེ། བཅུ་པོ་གཉིས་སུ་བསྡུ་བའི་ཚུལ་འདི་ལྟར། བསམ་པ་དང༌། སྦྱོར་བའོ། །དང་པོ་ནི། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཞེས་པའོ། །གཉིས་པ་ལ་རྣམ་མཁྱེན་སྒྲུབ་པའི་རྟེན་དང༌། རྟེན་དེ་ལ་བརྟེན་ནས་ཇི་ལྟར་སྒྲུབ་པའོ། །དང་པོ་ལ་ཀུན་རྫོབ་ཐོས་བསམ་སྒོམ་གསུམ་གྱི་རྟེན་དང༌། དོན་དམ་ཆོས་དབྱིངས་རིགས་ཀྱི་རྟེན་ནོ། །དང་པོ་ལ་ཐོས་བསམ་གྱི་རྟེན་ནི་གདམས་ངག་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་རྟེན་ནི་ངེས་འབྱེད་ཡན་ལག་རྣམ་བཞི་དང༌། གཉིས་པ་ནི། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་པ་སྟེ་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་ལ་འཆད་དགོས་ཏེ། ཇི་སྐད་དུ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་པ་ལྟར་ཐོས་བསམ་སྒོམ་གསུམ་གྱི་བག་ཆགས་འཇོག་པའི་གཞིར་ཁས་ལེན་དགོས་པའི་ཕྱིར་དང༌། འདིར་ཡང་ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་ཞེས་སོགས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དམིགས་པ་གང་ལ་དམིགས་པ་དང༌། དེ་ལ་དམིགས་ནས་ཇི་ལྟར་སྒྲུབ་པའོ། །དང་པོ་ལ་གཉིས་ལས། གང་ལ་སྒྲོ་འདོགས་གཅོད་པའི་དམིགས་པ་ནི། དམིགས་པ་དག་དང་ཞེས་པའོ། །གང་གི་ཆེད་དུ་བྱ་བའི་དམིགས་པ་ནི། ཆེད་དང་ནི་ཞེས་པས་བསྟན་ཏེ། སངས་རྒྱས་སའི་སྤངས་རྟོགས་སེམས་བསྐྱེད་གསུམ་ལ་བྱ་ལ། ཆེན་པོ་གསུམ་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའོ། །གཉིས་པ་ལ་བསམ་པའི་གོ་ཆ་དང༌། སྦྱོར་བས་ཞུགས་པའོ། །དང་པོ་ནི། གོ་ཆ་དང་ཞེས་པས་སོ། །གཉིས་པ་ལ་ཞུགས་ཙམ་དང༌། ཞུགས་པ་ལས་ཁྱད་པར་དུ་འཕེལ་བའོ། །དང་པོ་ནི། འཇུག་པའི་བྱ་བ་དང་ཞེས་པས་སོ། །གཉིས་པ་ལ་རྒྱུ་ཚོགས་རྫོགས་པ་དང༌། འབྲས་བུ་ངེས་པར་འབྱིན་པ་གཉིས་ཏེ། ཚོགས་ནི་ངེས་པར་འབྱུང་བཅས་ཞེས་པའོ། །བཅུ་པོ་ལུས་དང་སྦྱོར་བ་ནི། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པའོ། །གཉིས་པ་མདོའི་དངོས་བསྟན་བཅུ་གཅིག་སྦས་དོན་ལམ་ཤེས་དང་སྦྱོར་བའི་ཚུལ་ལ་ཡང་ཡུལ་བཅུ་གཅིག་པོ་གཉིས་སུ་འདུ་སྟེ། ལམ་གྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་མོ། །དང་པོ་ནི། མོག་མོག་པོར་བྱེད་ལ་སོགས་དང༌། །ཞེས་པས། ལམ་དེ་གང་ལ་སྐྱེ་བའི་རྟེན། ལྷན་ཅིག་བྱེད་པའི་རྐྱེན། ཉེ་བར་ལེན་པའི་རྒྱུ་གསུམ་དང༌། སྐྱེས་པའི་ལམ་གྱི་རང་བཞིན་བྱེད་ལས་དང་བཅས་པ་རྣམས་བསྟན་ཏོ། །གཉིས་པ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ལམ་དང༌། མངོན་དུ་བྱ་བའི་ལམ་གཉིས་ལས། དང་པོ་ནི། སློབ་མ་བསེ་རུའི་ལམ་གང་དང༌། །ཞེས་པས་བསྟན་ཏེ་བྱང་ཆུབ་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་བསྐྱེད་པའི་ལམ་གྱི་རྟོགས་རིམ་མོ། །གཉིས་པ་ལ་བདེན་པ་མངོན་སུམ་དུ་མཐོང་བའི་ལམ་དང༌། མཐོང་ཟིན་གོམས་པར་བྱེད་པའི་ལམ་མོ། །དང་པོ་ནི། འདི་དང་གཞན་པའི་ཡོན་ཏན་གྱི། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །གཉིས་པ་ལ་སྒོམ་ལམ་གྱི་བྱེད་པའམ་ཕན་ཡོན་ནི། བྱེད་པ་དང་ནི་ཞེས་པའོ། །བྱེད་པ་ཅན་གྱི་སྒོམ་ལམ་ལ་གཉིས་ལས། རྗེས་ཐོབ་དག་པ་འཇིག་རྟེན་པའི་རང་བཞིན་ཅན་ནི། བསོད་ནམས་ཀྱི་ཚོགས་བསྐྱེད་པ་དང༌། དེ་ཆུད་མི་ཟ་བ་དང༌། དེ་ཡང་གོང་དུ་འཕེལ་བ་དང་གསུམ་ནི། མོས་པ་དང༌། བསྔོ་དང་རྗེས་སུ་ཡིད་རང་དང༌། །ཞེས་པའོ། །བསྟོད་དང་བཀུར་དང་བསྔགས་པ་དང༌། །ཞེས་པ་འདིར་མོས་པ་སྒོམ་ལམ་གྱི་ཕན་ཡོན་དུ་བཤད་མོད། སྤྱིར་གཞུང་ཤེར་ཕྱིན་གྱི་ཡོན་ཏན་མཐོང་ནས་དེ་ལ་མོས་པའི་ཕན་ཡོན་དུ་བཤད་པའོ། །གཞན་དག་སྒོམ་ལམ་འདི་གསུམ་གྱི་ངོ་བོ་རྟོག་པར་འཆད་མོད། དེ་གསུམ་རྟོག་པ་དང་མཚུངས་ལྡན་དུ་བཤད་པས་དེར་མི་འགྲུབ་ཅིང༌། ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་མཉམ་གཞག་རྣམ་པར་མི་རྟོག་པའི་རང་བཞིན་ལ། ཡོན་ཏན་མངོན་པར་སྒྲུབ་པ་ཁྱད་པར་གྱི་ལམ་དང༌། མི་མཐུན་པའི་ཕྱོགས་དག་པར་བྱེད་པ་བར་ཆད་མེད་པའི་ལམ་གཉིས་ཏེ། སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་སྒོམ་པའི་ལམ། །ཞེས་པས་སོ། །དེ་ལྟར་མདོའི་དངོས་བསྟན་བཅུ་གཅིག་པོ་སྦས་དོན་དང་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་པའོ། །གསུམ་པ་གཞི་ཤེས་ཀྱི་སྦྱོར་ཚུལ་ལ། ཆོས་སོ་སོའི་ངོ་བོ་མཚོན་བྱེད། ལུས་དང་སྦྱོར་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། འཇུག་ཡུལ་གྱི་ཤེར་ཕྱིན་ལ་ཇི་ལྟར་འཇུག་པ། དེ་ལ་ཞུགས་པའི་འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། ཤེར་ཕྱིན་ངོས་བཟུང་བ་དང༌། དེ་ལ་འཇུག་པའི་སྦྱོར་བའོ། །དང་པོ་ལ་སྐབས་གཉིས་པར་བསྟན་པའི་ཤེར་ཕྱིན་དེ་སྲིད་ཞིའི་མཐའ་ལ་མི་གནས་པར་བསྟན། དེས་ན་སྐབས་དང་པོའི་རྣམ་མཁྱེན་ལ་ཉེ་བ་དང༌། དམན་པའི་ལམ་གྱི་གཉེན་པོར་ཡང་བསྟན་པའོ། །དང་པོ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་པས་སོ། །གཉིས་པ་ལ་ཉེ་བར་བསྟན་པ་དང༌། གཉེན་པོར་བསྟན་པའོ། །དང་པོ་ནི། ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱི་རིང་བ་མ་ཡིན་ཉིད། །ཅེས་པའོ། །གཉིས་པ་ནི། མི་མཐུན་གཉེན་པོའི་ཕྱོགས་དག་དང༌། གཉིས་པ་སྦྱོར་བ་ནི་དངོས་དང༌། འཛིན་སྟངས་ཀྱི་སྒོ་ནས་འཆད་དེ། སྦྱོར་དང་དེ་ཡི་མཉམ་ཉིད་དང༌། །ཞེས་པའོ། །གཉིས་པ་འབྲས་བུ་ནི། མཐོང་བའི་ལམ་མོ་ཞེས་པས་སོ། །དེ་ལྟར་དངོས་སུ་བསྟན་པའི་གཞི་ལམ་འབྲས་གསུམ་ནི་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་ཁོ་ནར་བཤད་ཀྱི། གང་ཟག་གི་བདག་མེད་པའི་རྟོགས་རིགས་ཅན་དུ་བཤད་པ་མེད་ལ། ཞར་བྱུང་གི་ཚུལ་དུ་བཤད་པའི་སྲིད་ཞི་ལ་གནས་པ་སོགས་གསུམ་ནི། གཞི་ཤེས་ཀྱི་རྟོགས་རིགས་དང༌། སྐབས་གསུམ་པ་ལོགས་སུ་བསྟན་པའི་བསྟན་བྱའི་གཙོ་བོ་དང༌། བསྡུ་བྱའི་གཞི་ཤེས་སུ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་བཤད་པ་དང༌། འདིར་དངོས་བསྟན་གྱི་ཤེར་ཕྱིན་ནི། སྐབས་གཉིས་པའི་ལམ་ཤེར་ཕྱིན་དེ་ཉིད་འབྲས་བུ་རྣམ་མཁྱེན་ལ་ཉེ་བའི་ཤེས་བྱེད་དུ་བཀོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་ལ་སོགས་པ། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་པའོ། །བཞི་པ་རྣམ་ཀུན་གྱི་སྦྱོར་ཚུལ་ལ། ཆོས་སོ་སོའི་ངོ་བོ་དང༌། ལུས་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་ལ་འཇུག་ཚུལ་གཏན་ལ་དབབ་པ་དང༌། སྦྱོར་བ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་ངོས་བཟུང་བ་དང༌། དེའི་སྔོན་འགྲོའི་ཆོས་རྣམས་སོ། །དང་པོ་ལ་བསྒོམ་བྱ་རྣམ་པའི་དབྱེ་བ་དང༌། སྒོམ་བྱེད་སྦྱོར་བའི་དབྱེ་བ་གཉིས་ཏེ། དེ་དག་ནི། རྣམ་པ་སྦྱོར་བ་བཅས་རྣམས་དང༌། །ཞེས་པའོ། །འདིར་བསྒོམ་བྱ་རྣམ་པ་ནི་ཤེས་རྣམ་སྟེ། སྟོང་ཉིད་མེད་དགག་རྟོགས་པའི་བློའི་རིགས་རྒྱུན་ལ་བྱ་བ་མ་ཡིན་གྱི། རྟག་པ་དང་བདེ་བ་སོགས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་སོ། །སྔོན་འགྲོའི་ཆོས་གཉིས་ཏེ། སྦྱོར་བ་ལ་འཇུག་པའི་སྔོན་དུ་ཤེས་བྱ་ཤེས་ཚུལ་དང༌། ཤེས་པ་དེ་གནས་སྐབས་གང་དུ་ཐོབ་པའི་ས་མཚམས་སོ། །དང་པོ་ལ་རྣལ་འབྱོར་ལ་འཇུག་པའི་བར་ཆད་དང༌། ཡོན་ཏན་ཤེས་དགོས་པར་བསྟན་པ་དང༌། རྣལ་འབྱོར་རང་གི་མཚན་ཉིད་ཤེས་དགོས་པར་བསྟན་པ་དང་གསུམ་སྟེ། ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཞེས་པས་འཆད་དོ། །གཉིས་པ་ནི་ཐར་དང་ཞེས་པའོ། །གཉིས་པ་ལ་རྣལ་འབྱོར་གང་དུ་སྐྱེས་པའི་ས་མཚམས་དང༌། སྐྱེས་ནས་རྗེས་ཐོབ་ཏུ་ཚོགས་གཉིས་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་དང་ཞེས་པའོ། །གཉིས་པ་ལ་ཕྱིར་མི་ལྡོག་པའི་རྟགས་རྣམས་དང༌། རྟགས་ཅན་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་གཉིས་སོ། །དང་པོ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའོ། །གཉིས་པ་ལ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་དག་པ། འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་གཉིས་ཏེ། གསུམ་པོ་རང་དོན་ཕུན་སུམ་ཚོགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་གཉིས་སུ་བསྡུས་ནས། སྲིད་དང་ཞི་བ་མཉམ་ཉིད་དང༌། །ཞིང་དག་བླ་ན་མེད་པ་དང༌། །འདི་ནི་ཐབས་མཁས་བཅས་པ་ཡིན། །ཞེས་པའོ། །སྦས་དོན་དང་སྦྱོར་བ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །ཞེས་པས་འཆད་དོ། །འདི་ཡང་མདོའི་དངོས་བསྟན་གྱི་ཆོས་བཅུ་གཅིག་པོ་ནི་ཐེག་ཆེན་གྱི་སྦྱོར་བ་ཙམ་གྱི་རྣམ་གཞག་དང་སྐྱེ་ཚུལ་ཡིན་ལ། སྦས་དོན་གྱི་སྐྱེ་མེད་གསུམ་ལ་དབང་ཐོབ་ཕྱིར་གྱི་ཐབས་ཤེས་ཟུང་འབྲེལ་ལོ། །ལྔ་པ་རྩེ་སྦྱོར་གྱི་འཆད་ཚུལ་ལ། མདོའི་དངོས་བསྟན་གྱི་ཆོས་སོ་སོའི་ངོ་བོ། དེ་ཉིད་སྦས་དོན་དང་སྦྱར་བའོ། །དང་པོ་དེ་དག་གཉིས་སུ་བསྡུ་སྟེ། འཇིག་རྟེན་པའི་རྣལ་འབྱོར་དང༌། དེ་ལས་འདས་པའི་རྣལ་འབྱོར་རོ། །དང་པོ་ལ་རྗེས་ཐོབ་ཀྱི་ཆ་ནས་བསྟན་པ་དྲོད་རྩེ་གཉིས་ནི། དེ་ཡི་རྟགས་དང་རྣམ་འཕེལ་དང༌། །ཞེས་པའོ། །མཉམ་གཞག་གི་ཆ་ནས་བསྟན་པ་བཟོད་མཆོག་གཉིས་ནི། བརྟན་དང་སེམས་ཀུན་གནས་པ་ཞེས་པའོ། །གཉིས་པ་ལ་སྤང་བྱ་རྟོགས་པའི་གཉེན་པོ་དང༌། གནས་ངན་ལེན་གྱི་དྲི་མའི་གཉེན་པོ་གཉིས་ལས། དང་པོ་ལ་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་གཉེན་པོའི་དབང་དུ་བྱས་པ་སྟེ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་པའོ། །གཉིས་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་སྒྲུབ་དང་བཅས་པ་ནི། །ཞེས་པའོ། །སྦས་དོན་དང་སྦྱར་བ་ནི། རྩེ་མོའི་མངོན་རྟོགས་ཞེས་པ་སྟེ། རྣམ་རྩེ་གཉིས་ནི་སྤང་བྱའི་ས་བོན་མགོ་གནོན་པ་དང་དྲུངས་འབྱིན་པའི་ཆ་ནས་འཆད་པའི་ཕྱིར་ན་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་རོ། །དྲུག་པ་མཐར་གྱིས་པ་ལ་ཆོས་སོ་སོ་དང་སྦྱོར་ཚུལ་ལ། དངོས་བསྟན་ནི་ཐབས་ཕུན་སུམ་ཚོགས་པ་བསམ་སྦྱོར་གཉིས་དང༌། ཤེས་རབ་ཕུན་ཚོགས་དངོས་མེད་ངོ་བོ་ཉིད་ཀྱི་རྣལ་འབྱོར་དང་གཉིས་སུ་བསྡུས་ལ། དང་པོ་ཡང་སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་དང་བསམ་པ་ཕུན་ཚོགས་རྗེས་དྲན་དྲུག་གི་རྣལ་འབྱོར་རྣམས་ནི། རྣམ་གསུམ་རྣམ་བཅུ་ཞེས་པའོ། །ལུས་སྦས་དོན་དང་སྦྱར་བ་ནི། མཐར་གྱིས་ཞེས་པ་སྟེ། འདི་ནི་སྐྱེ་མེད་གསུམ་གྱི་རྣལ་འབྱོར་ལ་དབང་ཐོབ་ནས་ཡོན་ཏན་བཅུ་གསུམ་མངོན་དུ་བྱེད་པ་ལ་ཐོག་མར་སློབ་པའོ། །བདུན་པ་སྐད་ཅིག་མའི་སྦྱོར་བ་ལ་མཚོན་བྱེད་ཀྱི་ཆོས་དང་སྦྱོར་ཚུལ་ཆོས་བཞི་པོ་གཉིས་སུ་བསྡུ་སྟེ། རྟོགས་བྱ་ཡུལ་གྱི་དབང་དུ་བྱས་པ་དང༌། རྟོགས་བྱེད་ཡུལ་ཅན་གྱི་དབང་དུ་བྱས་པའོ། །དང་པོ་ནི། རྣམ་པར་སྨིན་པ་མ་ཡིན་པ་དང༌། རྣམ་པར་སྨིན་པའི་ཆོས་གཉིས་སུ་འདུ་ལ། གཉིས་པ་ཡང་མཚན་ཉིད་མེད་པའི་དང༌། གཉིས་སུ་མེད་པའི་རྣལ་འབྱོར་གཉིས་སུ་འདུས་པ་རྣམས་ནི། མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་དང༌། སྦས་དོན་དང་སྦྱར་བ་ནི། སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །ཞེས་པའོ། །ས་བཅུ་རྒྱུན་མཐའི་ཚེ་མཉམ་གཞག་གི་རྟོགས་བྱ་དང་རྟོགས་བྱེད་གཉིས་ཀ་ཡེ་ཤེས་སུ་བཤད་པས་ལེགས་ལྡན་དང་ཟླ་བའི་ལུགས་དག་དང་མཐུན་པར་མི་འཆད་དོ། །བརྒྱད་པ་ཆོས་སྐུའི་སྦྱོར་ཚུལ་ལ། ཆོས་སོ་སོ་བ་ནི་སྐུ་དང་འཕྲིན་ལས་གཉིས་སུ་འདུས་ལ། དང་པོ་ཡང༌། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས་སུ་འདུ་ལ། རང་དོན་ཡང་ཆོས་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཅན་གྱི་ཡེ་ཤེས་གཉིས་སུ་ཕྱེ་བ་དང༌། གཞན་དོན་ཡང་ཐུན་མོང་མ་ཡིན་པ་དང༌། ཐུན་མོང་བ་གཉིས་སུ་ཕྱེ་ནས་འཆད་པ་རྣམས་ནི། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །འཕྲིན་ལས་དང་བཅས་པ། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་དང༌། ལུས་དང་སྦྱར་བ་ནི། ཆོས་ཀྱི་སྐུ་ཞེས་པ་སྟེ། འདིར་ཡང་བསྡུ་བྱའི་ཆོས་སྐུ་ནི། རང་དོན་ཕུན་སུམ་ཚོགས་པའི་སྐུ་དེ་ཉིད་དོ། །གསུམ་པ་ལུས་རྣམ་གཞག་གིས་བསྡུས་དོན་ནི། དེ་ལ་ཞེས་སོགས་གཞུང་བཞིན་དང༌། བཞི་པ་སྐབས་འདིར་ཚིག་དོན་མི་འཆད་པའི་རྒྱུ་མཚན་ཡང༌། བསྡུས་པའི་དོན་གྱི་ཞེས་སོགས་གཞུང་བཞིན་ནོ། །གསུམ་པ་མདོ་དང་བསྟན་བཅོས་ཀྱི་ཚིག་དོན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡུལ་མཁྱེན་པ་གསུམ་གྱི་དང༌། ཡུལ་ཅན་སྦྱོར་བ་བཞིའི་དང༌། འབྲས་བུ་ཆོས་ཀྱི་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། འབྲས་བུ་ཐུན་མོང་མ་ཡིན་པ་རྣམ་མཁྱེན། རྒྱུ་ཐུན་མོང་མ་ཡིན་པ་ལམ་ཤེས། རྒྱུ་དང་རྒྱུ་མིན་གྱི་རང་བཞིན་གཞི་ཤེས་སོ། །དང་པོ་ལ་འབྲལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་མདོ་དང་བསྟན་བཅོས་ཀྱི་བསྡུས་པའི་དོན་ཀུན་བསྟན་ནས། སྐབས་བརྒྱད་ཀྱི་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་སྡུད་པའི་ལུས་རྣམ་གཞག་གི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པའི་སྒོ་ནས་མཚོན་བྱེད་ཀྱི་ཆོས་རྣམས་བཤད་པར་བཞེད་པ་ལ་རྒྱུ་མཚན་ཡོད་དེ། མདོ་དང་རྒྱན་གྱི་གདུལ་བྱ་བྱང་ཆུབ་སེམས་དཔའི་རིགས་ཅན་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་འདོད་པས། ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སྤྲོ་བ་བསྐྱེད་དགོས་པས་སོ། །གཉིས་པ་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་པ་དང༌། སྦྱོར་བ་སྒྲུབ་པ་ལ་འཇུག་པའི་ཚུལ་ལོ། །དང་པོ་ལ། མདོའི་ཐོག་མར་བྱུང་བའི་སེམས་བསྐྱེད་ངོས་བཟུང༌། དེའི་དབྱེ་བ་མདོ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དངོས་དང༌། དེ་ལྟར་འཆད་པ་རྗེ་བཙུན་གྱི་རང་བཟོ་མ་ཡིན་པར་བསྟན་པའོ། །དང་པོ་ལ་གསུམ་ལས་མཚམས་སྦྱར་བ་ནི། ཡུམ་གྱི་མདོ་ལས་ཐོག་མར་གསུངས་པའི་སེམས་བསྐྱེད་པ་རང་གི་ངོ་བོ་དངོས་དང་ཆེད་དུ་བྱ་བའི་དམིགས་པ་དང་བཅས་པ་འཆད་དོ། །རྩ་བ་ལ། སེམས་བསྐྱེད་པ་ནི། ཞེས་པས་མཚན་གཞི་བསྟན། ལྷག་མས་མཚན་ཉིད་འཆད་དོ། །འགྲེལ་པ་ལ་གཉིས་ཏེ། ཚིག་དོན་དངོས་དང༌། བརྒལ་ལན་ནོ། །དང་པོ་ནི་བྱང་སེམས་རང་ཉིད་ཐོག་མར་སངས་རྒྱས་སུ་གྲུབ་ནས་སེམས་ཅན་གཞན་གྱི་དོན་དུ་ཐེག་པ་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་འབད་པར་བྱའོ་ཞེས་སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་ཅན་དེ་དབྱེ་གཞི། དབྱེ་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་མཐའ་དག་གིས་མ་ཟིན་པའི་སྨོན་པ་དང༌། མཐའ་དག་གིས་ཟིན་པ་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ། །འབྱེད་པའི་རྒྱུ་མཚན་མདོ་དང་བསྟན་བཅོས་འདིར་དངོས་སུ་མེད་ཀྱང་དོན་གྱིས་འཐོབ་པ་དང༌། མདོ་གཞན་དུ་མ་ལས་དབྱེ་བ་དེ་བཞིན་དུ་གསུངས་པའོ། །འདིར་སྨོན་པ་ལ་གཉིས་ཏེ། བསླབ་པ་ཡང་དག་པར་བླངས་པ་ལ་མ་ལྟོས་པ་དང༌། ལྟོས་པའོ། །གཞུང་འདིར་དང་པོ་དེ་བཤད་ལ། གཉིས་པ་དེ་ནི་འཇུག་པའི་ནང་དུ་བསྡུས་ནས་འཆད་ནུས་པ་ཡང་ཡིན་ཏེ། གཞུང་འདིའི་རྩ་འགྲེལ་དུ་འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ་རྫོགས་བྱང་དོན་གཉེར་གྱི་འདོད་པའམ་དེ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་གང་རུང་ལས་མ་འདས་པར་བཤད་པའི་ཕྱིར། གཞུང་གཞན་ནས་དེ་ལྟར་འདོད་པའི་ཆ་ནས་སེམས་བསྐྱེད་དང༌། བསླབ་པ་ལ་སློབ་པའི་ཆ་ནས་སྡོམ་པར་བཤད་དོ། །གཉིས་པ་ལ་གཉིས་ཏེ། རྒོལ་བ་དང༌། ལན་ནོ། །དང་པོ་ནི། རྩ་བར་འདོད་ཅེས་པ་ལ། རྒོལ་བ་ན་རེ། འདིར་བསྟན་གྱི་སེམས་བསྐྱེད་པ་ནི། ཇི་ལྟར་ན་རྫོགས་བྱང་དོན་གཉེར་གྱི་འདོད་པར་འགྱུར་ཏེ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི། དེ་དོན་དུ་གཉེར་བ་དགེ་བའི་ཆོས་ལ་འདུན་པའི་སེམས་ལས་བྱུང་བ་ཡིན་ལ། སེམས་བསྐྱེད་པ་ནི་གཙོ་བོ་སེམས་རང་གི་ཡུལ་ཁྱད་པར་དུ་འཕགས་པ་དོན་གཉིས་ཀྱི་ངོ་བོ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ་སྟེ། ཇི་སྐད་དུ། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་བཤད་པས་སོ་ཞེ་ན། ལན་ལ། རྒྱུ་མིང་འབྲས་བུ་ལ་བཏགས་པའི་ལན་དང༌། གྲོགས་མིང་གྲོགས་ཅན་ལ་བཏགས་པའི་ལན་ནོ། །དང་པོ་ནི། སེམས་བསྐྱེད་ཡིན་ན། སེམས་བྱུང་མ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་གཞུང་འདིར་རྒྱུ་གཞན་དོན་དོན་གཉེར་གྱི་འདོད་པའི་མིང་གིས་འབྲས་བུ་སེམས་བསྐྱེད་བསྟན་པ་ཡིན་ཏེ། དགེ་བའི་ཆོས་ལ་འདུན་པའི་མཚན་ཉིད་ཀྱི་གཞན་དོན་དོན་དུ་གཉེར་བ་ཡོད་ན་འབྲས་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འབྱུང་བས་སོ། །འདོགས་པའི་རྒྱུ་མཚན་དེ་ལྟར་ཚང་བས་ན། ཐེག་ཆེན་སེམས་བསྐྱེད་ལ་གཞན་དོན་དོན་གཉེར་གྱི་འདོད་པའི་མིང་གིས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་ཉེས་པ་མེད་དོ། །བཏགས་པའི་དགོས་པ་ནི། གཞན་དོན་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ལ་འདོགས་པའི་རྒྱུ་མཚན་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཆོས་ཅན། རྫོགས་བྱང་དོན་གཉེར་གྱི་འདོད་པ་དེའི་སྒྲས་སྟོན་པའི་རྒྱུ་མཚན་ཡོད་དེ། འདོད་པ་དེ་དང་ལྷན་ཅིག་སྤྱོད་པའི་ཕྱིར། བཏགས་པའི་དགོས་པ་ནི་སྔ་མ་ལས་རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་སེམས་དེ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། འདིར་བསྟན་གྱི་སེམས་བསྐྱེད་པ་དེས་གང་འདོད་པར་བྱ་བའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དངོས་སུ་དམིགས་པ་དང༌། གཞན་གྱི་དོན་ལ་ཆེད་དུ་བྱ་བའི་དམིགས་པར་བཤད་པ་དེ་རྒྱུ་མཚན་གང་ལས་ཤེས་པ་ཡིན་ཞེ་ན། རྩ་བ་ནི། རྗེ་བཙུན་ཆོས་ཅན། འདིར་བསྟན་སེམས་བསྐྱེད་ཀྱི་དམིགས་ཡུལ་དེ་ལྟར་བཤད་པ་རང་བཟོ་མ་ཡིན་ཏེ། དེ་དང་དེ་ལྟར་བཤད་པ་དེ་ནི་ཡུམ་གསུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་བསྟན་བཅོས་འདིར་ཡང་བསྡུས་པ་དང་རྒྱས་པའི་སྒོ་ནས་མཚན་ཉིད་དང་དབྱེ་བའི་གཞུང་རྣམས་བརྗོད་པས་སོ། །འགྲེལ་པ་ལ་གསུམ་སྟེ། ཚིག་དོན་དངོས། གྲུབ་དོན་བསྟན་པ། དོགས་པ་སྤང་བའོ། །དང་པོ་ནི་བསྟན་ཏེ་ཞེས་པ་བཤད་པའི་གཞི། གང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་ལ་དམིགས་པ་དེའོ། །ཚུལ་ཇི་ལྟར་དུ་ན། ཡུམ་གྱི་མདོའི་དོན་རབ་ཏུ་སྟོན་པ་ལྷུར་བྱེད་པའི་ངག་གིས་མདོའི་དོན་དང་མི་འགལ་བར་བསྡུས་པ་དང་རྒྱས་པའི་སྒོ་ནས་སོ། །མདོ་ལས་ཇི་ལྟར་བསྟན་ཞེ་ན། རྒྱལ་བའི་ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་པ་སྟེ་གསུམ་ཆར་ལས་ཀྱང༌། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསྒྲུབ་པར་བྱའོ། །ཞེས་དང༌། ཡང་དེ་ལྟར་འདོད་པས་སྦྱིན་པ་ལ་སོགས་པ་ཐམས་ཅད་ལ་སྦྱིན་པར་བྱ་བ་དང་སྦྱིན་པ་པོ་དང་ལེན་པ་པོ་ལ་སོགས་པ་མི་དམིགས་པ་བསྒྲུབ་པར་བྱའོ། །ཞེས་བྱ་བས་ནི་རྫོགས་བྱང་ལ་དམིགས་པ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །ཡང་ཤཱ་རིའི་བུ་སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདའ་བར་འགོད་པར་འདོད་པས་འདི་ཉིད་ལ་བསྒྲུབ་པར་བྱའོ། །ཞེས་དང༌། སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་འགོད་པར་འདོད་པས་ཤེར་ཕྱིན་ལ་བསྒྲུབ་པར་བྱའོ། །ཞེས་སོགས་མདོ་ཚན་གཉིས་ཀྱིས་ནི་གཞན་དོན་ལ་དམིགས་པ་མདོ་དང་རྒྱས་པར་བཤད་པའོ། །དེ་ནི་ལེ་བརྒྱད་མའི་དོན་ཏེ། ཡུམ་གྱི་མདོ་གཞན་ལས་མདོ་རྒྱས་དེ་ལྟར་བཤད་པ་མེད་དོ། །གཉིས་པ་གྲུབ་དོན་ནི། འདིར་བསྟན་སེམས་བསྐྱེད་པ་ནི་ཆོས་ཅན། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཅན་ཡིན་པར་ཤེས་པར་བྱ་སྟེ། ཚུལ་དེ་ལྟར་དུ་མདོ་ལས་གསུངས་པའི་ཕྱིར་ནའོ། །གསུམ་པ་ནི། སེམས་བསྐྱེད་ལ་རང་བཟོ་སྤང་བའི་ཕྱིར་དུ་མདོ་དང་སྦྱོར་བ་དེ་ལྟར་ན་གདམས་ངག་སོགས་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱོར་དགོས་སོ་ཞེ་ན། མདོའི་གཙུག་ལག་གི་གཞུང་སྐབས་ཀྱི་དོན་སྟོན་པ་ལྷུར་ལེན་པ་ནི་རྒྱས་འབྲིང་བསྡུས་པ་ཐམས་ཅད་ལས་ཀྱང་གསུངས་མོད་ཀྱི་གདམས་ངག་སོགས་དང་སྦྱོར་ཚུལ་ཁུངས་ཉིད་དུ་མ་བྲིས་ཏེ། གོ་བར་སླ་ཞིང་ཚིག་མངས་སུ་དོགས་པས་སོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྩ་བ་ནི། རྗེ་བཙུན་གྱིས་འདིར་བསྟན་སེམས་བསྐྱེད་དཔེའི་སྒོ་ནས་ཉི་ཤུ་རྩ་གཉིས་སུ་བསྡུས་པ་ཆོས་ཅན། དགོས་པ་ཡོད་དེ། ཡུམ་གྱི་མདོ་ལས་སེམས་བསྐྱེད་ཀྱི་དབྱེ་བ་མང་པོ་གསུངས་པ་རྣམས་ཉི་ཤུ་རྩ་གཉིས་སུ་བསྡུས་ཚུལ་བདེ་བླག་ཏུ་རྟོགས་པའི་ཕྱིར་ཡིན་པས་སོ། །འགྲེལ་པ་ལ་གཉིས་ཏེ། ཚིག་དོན་དངོས་དང༌། ས་མཚམས་བསྟན་པའོ། །དང་པོ་ནི་མདོ་ལས་གསུངས་པའི་དོན་དང༌། བསྟན་བཅོས་རྩ་བའི་དཔེ་དང༌། འགྲེལ་པ་མཁན་པོས་ཤེས་བྱེད་བཀོད་པ་གསུམ་སྦྱར་ནས་འཆད་པ་ནི། མདོ་ལས་དངོས་སུ་བསྟན་པའི་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང༌། གཞན་དོན་དོན་གཉེར་གྱི་བསམ་པ་དང༌། དྲན་པ་ཉེར་གཞག་སོགས་ལྷག་པའི་བསམ་པ་དང༌། སྐྱེ་མེད་གསུམ་ལ་དམིགས་པའི་སྦྱོར་བ་དང༌། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་མཁས་དང༌། སྨོན་ལམ་དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཅེས་ཀུན་ལ་སྦྱར་བ་དང༌། དེ་བཞིན་དུ་མངོན་པར་ཤེས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་དང༌། སྙིང་རྗེ་དང་ལྷག་མཐོང་གཉིས་དང༌། གཟུངས་དང་སྤོབས་པ་གཉིས་དང༌། ཆོས་ཀྱི་སྡོམ་བཞི་འཆད་པའི་དགའ་སྟོན་དང༌། བགྲོད་པ་གཅིག་པའི་ལམ་དང༌། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ནི་ཆོས་ཅན། གོ་རིམ་བཞིན་དུ་ཞེས་ཀུན་ལ་སྦྱར་ནས། ས་དང༌། གསེར་བཟང་པོ་དང༌། ཟླ་བ་ཚེས་པ་དང༌། མེ་དང༌། གཏེར་ཆེན་པོ་དང༌། རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་དང༌། རྒྱ་མཚོ་ཆེན་པོ་དང༌། རྡོ་རྗེ་དང༌། རིའི་རྒྱལ་པོ་དང༌། སྨན་དང༌། དགེ་བའི་བཤེས་གཉེན་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཉི་མ་དང༌། ཆོས་ཀྱི་སྒྲ་དབྱངས་སྙན་པ་དང༌། རྒྱལ་པོ་ཆེན་པོ་དང༌། བང་མཛོད་དང༌། ལམ་པོ་ཆེ་དང༌། བཞོན་པ་བཟང་པོ་དང༌། བཀོད་མའི་ཆུ་དང༌། སྒྲ་སྙན་པ་དང༌། ཆུ་བོའི་རྒྱུན་དང༌། སྤྲིན་ལྟ་བུ་སྟེ། གཏན་ཚིགས་གོ་རིམ་བཞིན་དུ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པའི་ཕྱིར་དང༌། བྱང་ཆུབ་ཀྱི་བར་དུ་ལྡོག་པར་མི་འགྱུར་བའི་ཕྱིར་དང༌། དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་གེགས་བྱེད་ཀྱི་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པའི་ཕྱིར་དང༌། ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང༌། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་དང༌། མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་པས་མི་འཁྲུགས་པ་དང༌། ཆོས་ལ་ཡིད་ཆེས་པ་བརྟན་པས་བདུད་ལས་ཀྱིས་མི་ཕྱེད་པ་དང༌། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པ་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པ་དང༌། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དང༌། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་དང༌། མཐུ་སྟོབས་ཀྱིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། ཡེ་ཤེས་ཀྱིས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་དང༌། མངོན་ཤེས་ཀྱི་མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ལྟ་བུ་དང༌། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གང་དུ་ཡང་མི་ལྟུང་བར་བདེ་བླག་ཏུ་འགྲོ་བ་དང༌། གཟུངས་སྤོབས་ཀྱི་སྔར་ཐོས་པ་དང་མ་ཐོས་པ་འཛིན་པས་མི་ཟད་པ་དང༌། ཐར་པ་འདོད་པའི་གདུལ་བྱ་ལ་ཆོས་ཀྱི་སྡོམ་བཞི་སྙན་པར་སྒྲོགས་པ་དང༌། གཞན་གྱི་དོན་བྱ་བ་རྒྱུན་མི་ཆད་པས་ཐ་མི་དད་པ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་དང༌། སོགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་བྱ་བ་ལ་སོགས་པས་ནི་མདོ་ལས་གསུངས་པའི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་མ་ཚང་བ་མེད་པར་བསྡུས་ནས་བཤད་པ་ཡིན་ནོ། །གཉིས་པ་ས་མཚམས་ནི། ཉི་ཤུ་རྩ་གཉིས་པོ་དེ་ལ་འདུན་སོགས་དང་པོ་གསུམ་མཚན་ཉིད་པ་ཐོག་མར་སྐྱེས་པའི་མཚམས་ནི། ཚོགས་ལམ་ཆུང་ངུ་དང་འབྲིང་དང༌། ཆེན་པོ་ཉིད་ཀྱི་སྒོ་ནས་ལས་དང་པོ་པའི་སས་བསྡུས་པའོ། །དེའི་འོག་ཏུ་སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་ཐོག་མར་སྐྱེས་པའི་ས་མཚམས་ནི། ས་དང་པོ་ལ་འཇུག་པའི་སྦྱོར་བའི་ལམ་ངེས་འབྱེད་ཆ་མཐུན་གྱིས་བསྡུས་སོ། །དེའི་འོག་ཏུ་སྦྱིན་སོགས་ལ་གཙོ་བོར་སྤྱོད་པའི་སེམས་བསྐྱེད་པ་བཅུ་ནི། རེ་རེ་ནས་དང་པོར་སྐྱེས་པའི་ས་མཚམས་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུས་བསྡུས་ཏེ། མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་ཏུ་མངོན་པར་ཤེས་པ་དང་མཚུངས་ལྡན་སོགས་ལྔ་ནི་ས་དང་པོ་ནས་བཅུ་པའི་བར་ན་ཡོད་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་ཏེ། ས་ཐོབ་རྗེས་སུ་མངོན་ཤེས་དང་རྣམ་ཐར་སོགས་ཡོན་ཏན་མངོན་དུ་བྱེད་པའི་ལམ་ཇི་སྙེད་པ་ལ་ཁྱད་པར་གྱི་ལམ་དུ་འཇོག་པའི་ཕྱིར། དེའི་འོག་ཏུ་སེམས་བསྐྱེད་པ་ཐ་མ་གསུམ་ནི་སངས་རྒྱས་ཀྱི་སས་བསྡུས་ཞེས་བརྗོད་པ་ཡིན་ཏེ། སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བ་ས་བཅུའི་ཁྱད་པར་གྱི་ལམ་དང༌། དངོས་གཞི་ཆོས་སྐུ་དང༌། མཇུག་གཟུགས་སྐུའི་སྒོ་ནས་གཙོ་བོར་བསྡུས་པའི་ཕྱིར། གསུམ་པོ་འདི་དེ་དང་དེར་གཙོ་ཆེ་བ་ཡིན་གྱི་ས་འོག་མ་ན་མེད་པ་ནི་མ་ཡིན་ཏེ། ས་བརྒྱད་པ་ལ་བགྲོད་པ་གཅིག་པའི་སར་བཤད་པ་དང༌། ས་དང་པོ་ནས་རྫུ་འཕྲུལ་གྱི་མཐུས་མཛད་པ་བཅུ་གཉིས་སྟོན་ནུས་པ་ལ་སོགས་པའི་ཕྱིར་རོ། །དེ་ལྟར་ན་སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ཉི་ཤུ་རྩ་གཉིས་པོ་འདིས་ནི་སངས་རྒྱ་བའི་ལམ་གྱི་རིམ་པ་མ་ལུས་པ་བསྡུས་པ་ཡིན་ཏེ། ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་པས་སོ། །གཉིས་པ་སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་བཤད་པ་ལ་གཉིས་ཏེ། སྒྲུབ་པའི་རྟེན་དང༌། བརྟེན་པ་སྒྲུབ་པའི་བསྐྱེད་ཚུལ་ལོ། །དང་པོ་ལ་ཀུན་རྫོབ་ཀྱི་རྟེན་ཐོས་བསམ་སྒོམ་གསུམ་དང༌། དོན་དམ་པའི་རྟེན་ཆོས་དབྱིངས་སོ། །དང་པོ་ལ་ཐོས་བསམ་གྱི་རྟེན་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་རྟེན་ནོ། །དང་པོ་ལ་གདམས་ངག་སྤྱིར་བསྟན་པ་དང༌། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སེམས་བསྐྱེད་ཀྱི་དབྱེ་བ་ཞར་ལ་བརྗོད་ནས། བྱང་ཆུབ་ཀྱི་སེམས་དང་པོ་འདུན་ལྡན་སོགས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དུས་ཇི་ལྟ་བ་བཞིན་དུ་གདམས་ངག་དོན་དུ་གཉེར་བར་བྱེད་པ་ལ་དགེ་བའི་བཤེས་གཉེན་གྱིས་འདོམས་དགོས་པ་ནི་ཐེག་པ་ཆེན་པོའི་གདམས་ངག་ཡིན་པས་དེ་འཆད་དོ། །དེ་ལྟར་འདོམས་པའི་དགོས་པ་ལ་གཉིས་ལས། གདམས་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་སྔར་གྱི་ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་མི་ཉམས་པར་འདོམས་པ་དང༌། རྗེས་བསྟན་གྱི་དགོས་པ་ནི། སེམས་བསྐྱེད་དེས་འཕངས་པའི་ཆོས་སྔར་མ་ཐོབ་པ་ངེས་འབྱེད་སོགས་འགྲུབ་པར་བྱ་བའི་ཕྱིར་དུ་འདོམས་དགོས་པ་དང༌། མདོར་ན་ཡོན་ཏན་སྔར་སྐྱེས་མ་སྐྱེས་ཐམས་ཅད་མངོན་པར་འཕེལ་བར་བྱ་བའི་ཕྱིར་དུ་ཡིན་ནོ། །འདིར་དབྱེ་བ་ཞར་བྱུང་དུ་བཤད་པ་ནི། མདོ་དང་བསྟན་བཅོས་ཀྱི་དངོས་བསྟན་ཡིན་པས་ཞར་བྱུང་མ་ཡིན་ཀྱང༌། མཚོན་བྱེད་ཀྱི་ཆོས་བཅུ་པོ་རྒྱུད་ལ་སྐྱེ་བའི་རིམ་པ་ལ་བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་ནས་གདམས་ངག་ཉན་ཆོག་པའི་དབང་དུ་བྱས་པའོ། །རྩ་བ་ལ། ཡུམ་གྱི་མདོའི་དངོས་བསྟན་གྱི་གདམས་ངག་ནི་ཆོས་ཅན། བཅུའི་བདག་ཉིད་དུ་བཤད་དོ་ཞེས་ཤེས་པར་བྱ་སྟེ། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་སོགས་ཡུལ་གྱི་སྒོ་ནས་བཅུ་ཉིད་དུ་གྲངས་ངེས་པར་བཤད་པའི་ཕྱིར། འགྲེལ་པ་ལ། དབྱེ་བ་རྒྱས་པར་བཤད། གྲངས་ངེས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཉམས་སུ་བླང་བྱ་སྒྲུབ་པ་ལ་འདོམས་པ་དང༌། དེས་གང་ལ་དམིགས་པའི་བདེན་པ་བཞི་ལ་འདོམས་པ་དང༌། སྒྲུབ་པ་དེ་གང་གིས་ཁྱད་པར་དུ་བྱེད་པའི་ཁྱད་ཆོས་རྣམས་ལ་འདོམས་པའོ། །དང་པོ་ནི། སེམས་བསྐྱེད་དང་པོའི་མདོ་ལས་འཕྲོས་ནས། ཤཱ་རིའི་བུས་གསོལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཤེར་ཕྱིན་ལ་ཇི་ལྟར་བསླབ་པར་བགྱི། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ་ཐབས་ཤེས་ཁྱད་པར་ཅན་གཉིས་ལ་སློབ་དགོས་སོ་ཞེས་འདོམས་པའི་ཕྱིར། ཤེས་རབ་ཀྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བའི་ཤེས་རབ་དེ་བསྟན། ཡང་དག་པར་རྗེས་སུ་མི་མཐོང་ཞེས་པས་དོན་དམ་པའི་བདེན་པ་ལས་མི་འདའ་བའི་ཤེས་རབ་དེ་བསྟན་པ་ཡིན་ཏེ། ཀུན་རྫོབ་མ་རིག་པའི་ངོར་ཡོད་པ་དང་དོན་དམ་ཡེ་ཤེས་ཀྱི་ངོར་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། །ཞེས་བསྟན་པའི་ཕྱིར། འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང༌། མཽ་གལ་གྱི་བུ་ཤ་སྟག་གིས་གང་བར་གྱུར་ཀྱང༌། དེ་དག་གི་ཤེས་རབ་གང་ཡིན་པ་དེས་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་ཀྱི་མདོ་དེས་ཐབས་ཀྱི་ཁྱད་པར་བསྟན་པ་ཡིན་ཏེ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བསམ་པ་སེམས་བསྐྱེད་པས་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་དགོས་པར་བསྟན་པའི་ཕྱིར། གཉིས་པ་ལ་བཞི་ལས། དང་པོ་སྡུག་བདེན་ལ་འདོམས་པ་ནི། བཀའ་སྩལ་པ། གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བགྱིའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། སྡུག་བསྔལ་གྱི་བདེན་པ་ལ་འདོམས་པ་ཡིན་ཏེ། གཟུགས་ལ་སོགས་པ་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང༌། ཡུལ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་དུ་གཅིག་གོ་ཞེས་འདོམས་པའི་ཕྱིར། གཉིས་པ་ཀུན་འབྱུང་ལ་འདོམས་པ་ནི། གཟུགས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཀུན་འབྱུང་གི་བདེན་པ་ལ་འདོམས་པ་ཡིན་ཏེ། རྒྱུར་གྱུར་པའི་གཟུགས་ལ་སོགས་པ་དང༌། སྟོང་པ་ཉིད་དག་ཐ་མི་དད་པ་ཉིད་ཀྱིས་ན་གཟུགས་ལ་སོགས་པ་ནི་སྔར་མེད་གསར་དུ་ཀུན་འབྱུང་བ་དང༌། སྔར་ཡོད་འགོག་པ་དང༌། ཆགས་སོགས་ཀུན་ནས་ཉོན་མོངས་པ་དང༌། དད་སོགས་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ནོ་ཞེས་འདོམས་པའི་ཕྱིར། གསུམ་པ་འགོག་བདེན་ལ་འདོམས་པ་ནི། བཀའ་སྩལ་པ། སྟོང་པ་ཉིད་ནི་མི་སྐྱེ་མི་འགག་ཅེས་སོགས་ཀྱི་མདོ་ཆོས་ཅན། འགོག་པ་ལ་འདོམས་པ་ཡིན་ཏེ། གཟུགས་མེད་པ་ནས། མ་རིག་པ་སྐྱེ་བ་སོགས་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ཡང་མེད། མ་རིག་པ་འགག་པ་སོགས་རྣམ་བྱང་གི་རྟེན་འབྲེལ་ཡང་མེད། རྟོགས་པ་ཕུན་ཚོགས་སངས་རྒྱས་ཀྱང་མེད། སྤངས་པ་ཕུན་ཚོགས་བྱང་ཆུབ་ཀྱི་བར་དུ་ཡང་མེད་དོ་ཞེས་འདོམས་པའི་ཕྱིར། དེ་ལྟར་མེད་པ་ཡིན་ཏེ། གློ་བུར་དྲི་བྲལ་གྱི་སྟོང་པ་ཉིད་ལ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འགག་པ་དང་བྲལ། སྤང་གཉེན་གྱི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་བྲལ། གནས་སྐབས་ཀྱི་མཚན་ཉིད་ཉམས་པ་དང་འཕེལ་བ་དང་བྲལ། སོགས་པའི་སྒྲས། འདས་སོགས་དུས་གསུམ་གྱི་མཚན་ཉིད་དང་བྲལ་བར་མདོ་ལས་གསུངས་པའི་ཕྱིར། བཞི་པ་ལ། བཀའ་སྩལ་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། བྱང་སེམས་བདག་ཉིད་སྦྱིན་སོགས་ལ་བརྩོན་ཞེས་བགྱི་བའམ། མི་བརྩོན་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། །ཞེས་སོགས་དང༌། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་མི་སྦྱོར་ཞེས་སོགས་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོགས་ཀྱི་མདོ་ཚན་གསུམ་ཆོས་ཅན། ལམ་བདེན་ལ་འདོམས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་བྱང་སེམས་བདག་ཉིད་ཕན་ཚུན་བསྒོམ་བྱ་དང་སྒོམ་བྱེད་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དང༌། ཡང་ནང་ཡུལ་ཅན་དུ་གྱུར་པའི་སྟོང་པ་ཉིད་སོགས་ནི་ཕྱི་ཡུལ་དུ་གྱུར་པའི་སྟོང་པ་ཉིད་སོགས་དང་ཡུལ་ཡུལ་ཅན་དུ་དང༌། སྔོན་གྱི་མཐའ་འཁོར་བ་དང༌། ཕྱི་མའི་མཐའ་མྱ་ངན་ལས་འདས་པ་དག ཕན་ཚུན་ངེས་པར་འབྱུང་བ་དང་འབྱུང་བྱེད་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ཉིད་དུ་རྟོགས་ལ་སྒྲུབ་བོ་ཞེས་འདོམས་པའི་ཕྱིར། འདིར་གཞུང་ཚན་དང་པོས་ལམ་དང༌། བར་པས་རིགས་སྒྲུབ་དང༌། གསུམ་པས་ངེས་འབྱིན་ལ་འདོམས་པའོ། །གདམས་ངག་བར་པ་བདུན་གྱི་སྐབས་སུ་དོན་དམ་པའི་བདེན་པ་ལས་མི་འདའ་བ་ནི་མདོ་གཞུང་གི་དངོས་བསྟན་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བས་ཞེས་ཚིག་རྣམ་པར་སྦྱར་རོ། །གསུམ་པ་ལ་གསུམ་སྟེ། བར་ཆད་སེལ་བའི་རྟེན་དཀོན་མཆོག་གསུམ་ལ་འདོམས་པ་དང༌། མི་མཐུན་ཕྱོགས་སེལ་བྱེད་བརྩོན་འགྲུས་གསུམ་ལ་འདོམས་པ་དང༌། གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ལ་འདོམས་པའོ། །དང་པོ་ལ་གསུམ་ལས་སངས་རྒྱས་ལ་འདོམས་པ་ནི། བཀའ་སྩལ་པ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱོར་བར་མི་བྱེད་ཅེས་སོགས་ཀྱི་མདོ་ཚན་གསུམ་ཆོས་ཅན། སངས་རྒྱས་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། དམིགས་པར་བྱ་བའི་ཡུལ་དང་དམིགས་པར་བྱེད་པའི་ཡུལ་ཅན་ཐ་དད་མ་ཡིན་པར་མཉམ་པ་ཉིད་དུ་ཤེས་པ་ནི་སངས་རྒྱས་སོ་ཞེས་བྱ་བའི་ཚུལ་གྱིས་འདོམས་པའི་ཕྱིར། སངས་རྒྱས་ཀྱི་སར་ཡུལ་ཡུལ་ཅན་ཐ་མི་དད་པའི་ཤེས་བྱེད་ནི། སངས་རྒྱས་རྟོགས་པ་དང་བྱང་ཆུབ་དབྱིངས་སྒྲིབ་བྲལ་དག་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་དང༌། སངས་རྒྱས་སུ་མཚོན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ལ་སོགས་སུ་མི་དམིགས་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡུལ་གཟུགས་ལ་སོགས་པ་ལ་མི་སྦྱོར་བའི་ཕྱིར་རོ། །གཉིས་པ་ཆོས་དཀོན་མཆོག་ལ་ནི། བཀའ་སྩལ་པ། གཟུགས་དངོས་པོ་ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བར་མི་སྦྱོར། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་མི་སྦྱོར། ཞེས་སོགས་ཀྱི་མདོ་ཆོས་ཅན། ཆོས་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་དངོས་སུ་བསྡུས་པ་དག་གིས་ཞར་ལ་གཞན་ཡང་བསྡུས་པའི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་ཞིང༌། དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་གདམས་པའི་ཕྱིར། མདོ་འདིས་ཆོས་དཀོན་མཆོག་ཇི་ལྟར་བསྟན་ཞེ་ན། ཡུལ་གྱིས་ཡུལ་ཅན་འཕེན་ནུས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་གཞི་ལམ་རྣམ་གསུམ་ཡུལ་དུ་བསྡུས་པའི་ཕྱིར་རོ། །གསུམ་པ་དགེ་འདུན་ལ་ནི། དགེ་འདུན་ཉི་ཤུ་སྟོན་བྱེད་ཀྱི་མདོ་རྣམས་ཆོས་ཅན། དགེ་འདུན་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་དུ་འཇུག་པར་བྱའོ། །ཞེས་གདམས་པའི་ཕྱིར། མདོ་ལས་གྲངས་དུ་ཞིག་བསྟན་ཅེ་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ལ་རྩ་བའི་དབྱེ་བ་འབྲས་བུ་ལ་ཞུགས་པ་དང༌། གནས་པའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་ལ་ཡན་ལག་གི་དབྱེ་བ་དབང་པོ་བརྟུལ་པོ་ལ་སོགས་པའི་བྱེ་བྲག་གིས་གྲངས་ཉི་ཤུར་ཚང་བ་ཅིག་བསྟན་ནོ། །འདིར་བསྟན་དགྲ་བཅོམ་པ་ནི། དགེ་འདུན་དུ་མ་གཏོགས་ཏེ། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་མི་མཐུན་ཕྱོགས་སེལ་བྱེད་ལ་གསུམ་ལས། དང་པོ་ནི། ཤཱ་རིའི་བུས་གསོལ་པ། ལུས་ཀྱི་ལས་མ་དག་པ་དང༌། ཡིད་ཀྱི་དང་ངག་གི་ལས་མ་དག་པ་གང་ལགས་ཞེས་སོགས་ཀྱི་མདོ་ཆོས་ཅན། མ་ཞེན་པའི་བརྩོན་འགྲུས་ལ་འདོམས་པ་ཡིན་ཏེ། ལུས་ལ་སོགས་པ་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་འདོམས་པའི་ཕྱིར། དགོས་པ་ཅིའི་དོན་དུ་ན། སྦྱོར་བའི་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་བྱེད་པ་ན་ལུས་ལ་སོགས་པའི་ལས་མ་དག་པ་ལ་མངོན་པར་ཞེན་པའི་བསོད་ཉམས་ཉིད་ཀྱིས་ལེ་ལོ་ཅན་ལ་ལ་མངོན་པར་ཞེན་པར་འགྱུར་བས་དེའི་གཉེན་པོར་རོ། །གཉིས་པ་མི་ངལ་བ་ལ་ནི། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད་ཅེས་སོགས་ཀྱི་མདོ་ཆོས་ཅན། ཡོངས་སུ་ངལ་བ་མེད་པ་ལ་འདོམས་པ་ཡིན་ཏེ། གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རློམ་པ་མེད་པ་ཉིད་དུ་གདམས་པའི་ཕྱིར། དགོས་པ་ནི་དུས་ཡུན་རིང་མོ་ཞིག་ནས་གོམས་པར་བྱས་ཀྱང་འདོད་པའི་དོན་མ་གྲུབ་ན་དངང་བའི་རང་བཞིན་ཅན་ཡོངས་སུ་སྐྱོ་བར་འགྱུར་བས་དེའི་གཉེན་པོར་རོ། །གསུམ་པ་ནི། བྱང་སེམས་ཆེན་པོའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས། ཞེས་པའི་ལན་གྱི་མདོ་རྣམས་ཆོས་ཅན། ལམ་ཡོངས་སུ་བཟུང་བའི་བརྩོན་འགྲུས་ལ་འདོམས་པ་ཡིན་ཏེ། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་གདམས་པའི་ཕྱིར། དགོས་པ་ནི་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སོགས་པ་ལ་དོན་རེ་རེའི་ཕྱིར་ཡང་ལམ་གྱི་ལུང་ནོད་པར་བྱ་དགོས་ན། ཡང་སེམས་ཞུམ་པར་འགྱུར་བས་དེའི་གཉེན་པོར་རོ། །གསུམ་པ་ལ་གཉིས་ཏེ། ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ལ་འདོམས་པ་དང༌། སྤང་བྱའི་ས་བོན་འཇོམས་པའི་ལམ་ལ་འདོམས་པའོ། །དང་པོ་ལ་གཉིས་ལས། སྤྱན་ལ་འདོམས་པ་ནི། ཤཱ་རིའི་བུ་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། སྤྱན་ལ་འདོམས་པ་ཡིན་ཏེ། སྤྱན་ལྔ་པོ་རྣམས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་ཞིང༌། དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་དུ་སྒྲུབ་བོ། །ཞེས་གདམས་པའི་ཕྱིར། ལྔ་པོ་གང་ཞེ་ན། གོ་རིམ་ཇི་ལྟ་བ་བཞིན་དུ་ཤའི་སྤྱན་ནི། བདག་རྐྱེན་ཕར་ཕྱིན་ལ་བརྟེན་ནས་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གང་རུང་མཐོང་བའི་ཡུལ་ཅན་དང༌། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་ནི། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་བ་དང༌། ཤེས་རབ་ཀྱི་ནི། དེ་ལ་བརྟེན་ནས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་དང༌། ཆོས་ཀྱི་སྤྱན་ནི་རང་དང་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིས་མངོན་སུམ་དུ་རྟོགས་པ་དང༌། སངས་རྒྱས་ཀྱི་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་ཡུལ་ཅན་ནོ། །གཉིས་པ་ནི། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ། ཞེས་སོགས་ཀྱི་མདོ་ཆོས་ཅན། མངོན་པར་ཤེས་པ་དྲུག་ལ་འདོམས་པ་ཡིན་ཏེ། མངོན་པར་ཤེས་པ་དྲུག་པོ་རྣམས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བར་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ་ཞེས་གདམས་པའི་ཕྱིར། དྲུག་པོ་གང་ཞེ་ན། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ས་གཡོ་བ་ལ་སོགས་པར་བྱེད་པ་དང༌། ལྷའི་རྣ་བའི་ནི། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་གཅིག་ཤོས་ཐོས་པ་དང༌། གཞན་གྱི་སེམས་ཤེས་པ་ནི། དེ་ལ་བརྟེན་ནས་གཞན་གྱི་སེམས་འདོད་ཆགས་ཡོད་མེད་སོགས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ནི། དེ་ལ་བརྟེན་ནས་རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་དང༌། མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་གིས་ནི། དེ་ལ་བརྟེན་ནས་གཟུགས་ཐམས་ཅད་མཐོང་བ་དང༌། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ་ནི། བསམ་གཏན་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་ཀུན་ལ་སྦྱར་རོ། །གཉིས་པ་ལ་གཉིས་ལས། དང་པོ་མཐོང་ལམ་ལ་འདོམས་པ་ནི། འདི་ཡན་ཆད་དུ་ཤཱ་རིའི་བུ་དང་ཞུས་ལན་གྱི་སྐབས་མཚམས་བཞག་ནས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཇི་ལྟར་ངེས་པར་འབྱུང་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག ཞེས་སོགས་ཀྱི་མདོ་ཆོས་ཅན། མཐོང་བའི་ལམ་ལ་འདོམས་པ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང༌། ཀུན་རྫོབ་ཏུ་མཐོང་ལམ་དེས་སྤང་བར་བྱ་བའི་དངོས་པོ་སྤང་བྱ་ཀུན་བཏགས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་སྒོམ་པར་བྱེད་དོ། །ཞེས་གདམས་པའི་ཕྱིར། གང་གིས་བསྒོམ་ན་རྣལ་འབྱོར་པ་སྒྱུ་མ་མཁན་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་གྱིས་སོ། །མཐོང་ལམ་ཇི་ལྟ་བུ་ཞེ་ན། མདོ་ལས་བཤད་ཚུལ་མང་ཡང༌། འདིར་ནི་ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་བརྒྱད་དང་ཤེས་པའི་བདག་ཉིད་བརྒྱད་དེ། སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་དུ་བཤད་དོ། །བརྒྱད་སྟོང་པར་ནི་མདོ་དཀྱུས་མའི་ཐོག་མ་རབ་འབྱོར་གྱི་སྐབས་འདི་ཉིད་ཡིན་པས་སེམས་བསྐྱེད་ཉེར་གཉིས་དང་གདམས་ངག་དང་པོ་བརྒྱད་ལ་མདོ་ལ་སོགས་པ་མེད་དོ། །གཉིས་པ་སྒོམ་ལམ་ལ་འདོམས་པ་ནི། བཀའ་སྩལ་པ། འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་གདགས་པར་མི་ནུས་ཞེས་སོགས་ཀྱི་མདོ་ཆོས་ཅན། སྒོམ་པའི་ལམ་ལ་འདོམས་པ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང༌། ཀུན་རྫོབ་ཏུ་སྒོམ་ལམ་དེས་སྤང་བར་བྱ་བའི་དངོས་པོ་སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ། །ཞེས་གདམས་པའི་ཕྱིར། འདི་འཆད་པ་ལ། དངོས་དང་བརྒལ་ལན་གཉིས་ལས། དང་པོ་ནི། སྒོམ་ལམ་ཇི་ལྟ་བུ་ཞེ་ན། དོན་དམ་པར་བཤད་མ་ཐག་པའི་མཐོང་ལམ་ལས་རྫས་ཐ་དད་པའི་སྒོམ་པའི་ལམ་མཚན་ཉིད་པ་རྣམ་པར་བཞག་པ་ནི་བྱར་མེད་དེ། དོན་དམ་པར་མཐོང་བ་དང་སྒོམ་པ་ཐ་དད་དུ་གྱུར་པ་མེད་པས་སོ། །ཇི་ལྟར་ཞེ་ན། འདུས་བྱས་དང༌། འདུས་མ་བྱས་ཀྱི་དབྱིངས་དག་ངོ་བོ་གཅིག་པ་ཉིད་ཀྱིས་ཕན་ཚུན་ཐ་དད་དུ་གདགས་པར་མི་ནུས་པ་བཞིན་དུ་ཇི་སྐད་བཤད་པའི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱས་པའི་ཆོས་ཉིད་ཀྱི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པ་སྟེ། རྫས་གཅིག་པའི་ཕྱིར། གཉིས་པ་ནི། གཉིས་པོ་ཆོས་ཉིད་དངོས་པོར་རྫས་གཅིག་ན་ལྡོག་པ་ཐ་དད་དུ་འཇོག་པ་མི་འཐད་དོ་ཞེ་ན། དེ་ལྟར་བཞག་ནུས་ཏེ་སྒྲིབ་པ་ལྷན་སྐྱེས་སྒོམ་ལམ་ཁོ་ནས་སྤོང་ནུས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ནི། སེམས་བསྐྱེད་དུ་མ་ཟད་གདམས་ངག་ཀྱང་ནི་རྣམ་པ་བཅུར་གྲངས་ངེས་ཏེ། བཅུ་པོ་འདི་ཙམ་ཁོ་ནས་རྫོགས་བྱང་དོན་གཉེར་གྱི་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་སོ། །ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། དེས་འཕངས་པའི་ཆོས་ཀྱིས་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པའི་རྣམ་པ་གང་ཡིན་པ་ཐབས་ལ་མཁས་པ་དང༌། མི་དམིགས་པའི་རྣམ་པས་འཇུག་པ་དང༌། སྒྲུབ་པ་དེའི་དམིགས་པ་གང་ཡིན་པ་འཕགས་པའི་བདེན་པ་བཞི་དང༌། སྒྲུབ་པའི་རྟེན་གང་ཡིན་པ་སྐྱབས་གསུམ་དང༌། སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་ལེ་ལོ་ལ་མ་ཆགས་པ་དང༌། སྒྲུབ་པ་སླར་མི་ལྡོག་པར་འགྲོ་བའི་རྒྱུ་གང་ཡིན་པ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱིས་རྫོགས་བྱང་དུ་མི་འགྲོ་བའི་རྒྱུ་གང་ཡིན་པ་ལམ་ཡོངས་སུ་འཛིན་པ་དང༌། རང་དོན་ལ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བའི་རྒྱུ་གང་ཡིན་པ་སྤྱན་ལྔ་དང༌། གཞན་དོན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་པར་ཤེས་པ་དྲུག་དང༌། སྒྲིབ་པའི་ས་བོན་སྤངས་པས་སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་རྫོགས་པར་བསྟན་ཟིན་པ་དེ་ལྟར་ནའོ། །དེ་ལྟར་ཤེས་པ་ན་མཚོན་བྱེད་ཀྱི་ཆོས་བཅུ་པོའི་རང་ལྡོག་ནས་སྔ་ཕྱིའི་གོ་རིམ་ངེས་ཚུལ་དང༌། སོ་སོའི་ནང་ཚན་གྱི་དབྱེ་བས་ལམ་གྱི་ལུས་རྫོགས་ཚུལ་རྣམས་ཀྱི་ཤན་ཕྱེད་པར་བྱའོ། །གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །རྩ་བ་ལ་ཡུམ་གྱི་མདོ་ལས་དངོས་སུ་བསྟན་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབྱེ་བ་ནི་ཉི་ཤུའོ། །ཉི་ཤུ་པོ་ལ་མིང་གི་འདོགས་ཚུལ་མདོ་དང་བསྟན་བཅོས་ཁྱད་པར་མེད་དམ་ཞེ་ན། ཁྱད་པར་ཡོད་པའི་ཚུལ་ནི་རྒྱན་དུ་མངོན་པ་ནས་བཤད་པའི་དམན་པའི་དགེ་འདུན་གྱི་མིང་གིས་བསྟན་ལ། ཡུམ་ལས་དེ་ལྟར་དངོས་སུ་བསྟན་པ་མེད་དོ། །མདོ་ལས་གསུངས་པའི་དགེ་འདུན་གྱི་དོན་རེ་རེ་དང༌། བསྟན་བཅོས་ཀྱི་མིང་རེ་རེ་སྦྱོར་བ་ནི་འགྲེལ་པ་མཛད་པའི་ལུགས་སོ། །རྩ་འགྲེལ་དུ་ཉི་ཤུའི་གྲངས་བགྲངས་ཚུལ་མ་མཐུན་པ་ཅི་ཞེ་ན། འགྲེལ་པ་འདི་ནི་རྩ་བའི་ཉི་ཤུ་པོ་གཞིར་བཞག་པའི་སྟེང་དུ། རྒྱུན་ཞུགས་འབྲས་གནས་ཙམ་པོ་དང༌། ཕྱིར་འོང་ཙམ་པོ་དང་དགྲ་བཅོམ་ཞུགས་པ་གསུམ་བསྣན། སྲིད་རྩེ་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཅིག་ཏུ་མཛད་ནས་དབྱེ་གཞི་ཡིན་པས་དབྱེ་བར་མི་བགྲང༌། འོག་མིན་འགྲོ་ཡང་དེ་དང་འདྲ་བར་མཛད་པ་ནི། མདོ་ནས་གསུངས་པའི་དགེ་འདུན་གྱི་དབྱེ་བ་མ་ལུས་པ་བསྟན་བཅོས་སུ་ཚང་བར་བསྡུ་བའི་ཆེད་ཡིན་ནོ། །འདི་ལྟར་ཡང་འཆད་ནུས་ཏེ། དབང་པོ་རྟུལ་དང་རྣོན་པོ་དག་ནི་རྗེས་འབྲང་གཉིས་ཀྱི་མིང་སྟེ། འདིར་ནི་རྒྱུན་ཞུགས་ཀྱི་དང༌། ཆགས་བྲལ་མངོན་དུ་སོང་བའི་འབྲས་བུ་གཉིས་དང་བཅས་པའི་ཞུགས་པ་མཐའ་དག་འདུའོ། །དད་དང་མཐོང་ཐོབ་ཅེས་པ་ནི་འབྲས་བུ་ལ་གནས་པ་ཇི་སྙེད་པ་དང༌། རིམ་གྱིས་པ་ཕྱི་མ་གསུམ་གྱི་ཞུགས་པ་མཐའ་དག་འདུས་སོ། །རིགས་ནས་རིགས་ཞེས་པ་མངོན་པ་དང་འགྲེལ་པ་འདིར་རྒྱུན་ཞུགས་ཀྱི་དབྱེ་བར་འཆད་ལ། ཡུམ་གྱི་མདོར་ནི་འབྲས་བུ་བར་པའི་སྐབས་སུ་འབྱུང་ངོ༌། །བར་ཆད་གཅིག་པའི་འཆད་ཚུལ་ཡང་འགྲེལ་པ་འདིར་མངོན་པ་དང་མཐུན་ལ། མདོ་ལས་འབྱུང་ཚུལ་དེ་དང་མི་མཐུན་པ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེ་བས་ན་རྩ་བའི་གཞུང་འདིའི་འཆད་ཚུལ་ལ་གསུམ་སྟེ། ཡུམ་བར་མའི་དངོས་བསྟན་གྱི་དགོངས་པ། སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ཀྱི་གོ་དོན། འཕགས་པའི་དགོངས་པ་ཕྱོགས་གཅིག་བཤད་པའོ། །དང་པོ་ནི་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདི་ལ་གནས་པ་གང་དག་མིའི་ནང་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་མ་གཏོགས་པ་དབང་པོ་རྣམས་རྟུལ་བར་འགྱུར་ཏེ། ཞེས་སོགས་དང༌། ཡང་གནས་པ་དེས་གནས་པ་གང་དག་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་པ་དང་དགའ་ལྡན་གྱི་ལྷའི་རིགས་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེ་དག་གི་དབང་པོ་རྣམས་རྣོ་བར་འགྱུར་ཏེ་ཞེས་སོགས་ཀྱི་མདོ་ཚན་གཉིས་པོས་ཤེར་ཕྱིན་ལ་ཐོས་བསམ་གཙོ་བོར་གྱུར་པའི་བྱང་སེམས་ལ་དབང་པོ་རྣོ་རྟུལ་གཉིས་ཕྱེ་བ་དེ་ལ་རྒྱན་གྱིས་རྗེས་འབྲང་གཉིས་སུ་བཤད་པ་ཡིན་ནོ། །ཡང་ཤཱ་རིའི་བུ། བྱང་ཆེན་ཡུམ་ལ་བརྩོན་པ་གང་དག་ཐབས་ལ་མཁས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཀྱང་དེས་ང་རྒྱལ་དུ་མི་བྱེད་པ་དག་ཡོད་དོ། །ཞེས་པས་རྒྱུན་ཞུགས་འབྲས་གནས་དང༌། ཡང་ཤཱ་རིའི་བུ་བྱང་ཆེན་ཚེ་གཅིག་གིས་ཐོགས་པ་ཡུམ་ལ་སྤྱོད་པ་གང་དག་ཐབས་ལ་མཁས་པས་བསམ་གཏན་བཞི་སོགས་ལ་སྙོམས་པར་འཇུག་ཀྱང་དེའི་དབང་དུ་མི་འགྲོ་བར་དགའ་ལྡན་དང་སླར་ཡང་འདིར་སྐྱེ་བ་བསྟན་ཏེ། ཞིང་སྣ་ཚོགས་སུ་སངས་རྒྱ་བ་དག་ཡོད་དོ། །ཞེས་པས་ལན་གཅིག་ཕྱིར་འོང་དང༌། ཡང་ཤཱ་རིའི་བུ་བྱང་ཆེན་ཡུམ་ལ་སྤྱོད་པ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག ཁམས་གསུམ་པོ་དག་ཏུ་མི་སྐྱེ་བར་སངས་རྒྱས་ཀྱི་ཞིང་གཞན་ནས་གཞན་དུ་སེམས་ཅན་གྱི་དོན་སྣ་ཚོགས་བྱེད་པར་གསུངས་པ་དེས་ཕྱིར་མི་འོང་གིས་འབྲས་གནས་ངོས་བཟུང་བ་ཡིན་ཀྱང༌། རྒྱན་དུ་དད་ཐོབ་ཀྱི་ནང་དུ་བསྡུས་ནས་ལོགས་སུ་མ་བགྲངས། གསུམ་པོའི་གོ་དོན་ཡང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཀྱང་ཉོན་མོངས་ཆེད་དུ་མི་སྤོང་བའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་འདོད་ཁམས་པ་ཞིག་ལ་ཕྱིར་འོང་གི་ངོས་འཛིན་དང༌། ཁམས་གསུམ་གང་དུ་ཡང་སྐྱེ་བ་མི་ལེན་པར་དག་པའི་ཞིང་ནས་ཞིང་དུ་སྐྱེས་ནས་སེམས་ཅན་གྱི་དོན་མཛད་པ་ལ་ཕྱིར་མི་འོང་གི་ངོས་འཛིན་དུ་དགོངས་ལ། ཕྱིར་འོང་གིས་ཀྱང་བསམ་གཏན་བཞི་པོའི་དངོས་གཞི་ཐོབ་ལ་མ་ཉམས་པར་བཤད་པས་མཚོན་བྱེད་དཔེའི་དགེ་འདུན་དང་དོན་སྤྱི་འཆར་ལུགས་མི་འདྲ་བ་ཡིན་ནོ། །ཡང་ཤཱ་རིའི་བུ་བྱང་ཆེན་ཡུམ་ལ་སྤྱོད་པ་གང་དག་ཐབས་ལ་མི་མཁས་པས་བསམ་གཏན་གྱི་ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་ཞིང༌། དེ་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེས་པ་དེ་དག་གི་དབང་པོ་རྣམས་རྣོན་པོར་མི་འགྱུར་བ་དག་ཀྱང་ཡོད་དོ། །ཞེས་པ་དང༌། ཡང་བྱང་ཆེན་གང་དག་བསམ་གཏན་སོགས་ལ་སྙོམས་པར་འཇུག་ཀྱང༌། ཐབས་ལ་མཁས་པས་དེའི་དབང་གིས་མི་སྐྱེ་བར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་ཅིང་བསྐལ་པ་བཟང་པོ་འདི་ཉིད་ལ་འཚང་རྒྱ་བ་དག་ཡོད་དོ། །ཞེས་པའི་མདོ་ཚན་གཉིས་པོ་ལ། རྒྱན་དུ་དད་དང་མཐོང་ཐོབ་ཅེས་བཤད་ཅིང༌། གོ་དོན་ནི་འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་འཆད་པའི་དོན་དུ་མི་གསལ་ལོ། །ཡང་ཤཱ་རིའི་བུ་བྱང་ཆེན་ཚེ་གཅིག་གིས་ཐོགས་པ་ཡུམ་ལ་སྤྱོད་པ་གང་དག་བསམ་གཏན་སོགས་ལ་སྙོམས་པར་འཇུག་ཅིང་འཕགས་པའི་བདེན་པ་བཞི་པོ་ཐོབ་པ་གང་ཡིན་པ་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། ཞེས་པས་ནི་རྒྱུན་དུ་ཚེ་གཅིག་བར་ཆད་གཅིག་པ་ཞེས་བསྟན་ལ། དེ་ཡང་སངས་རྒྱ་བ་ལ་ཚེ་གཅིག་གིས་ཐོགས་པར་བཤད་པས་ཕྱིར་མི་འོང་གི་འབྲས་བུ་ལ་དེས་ཐོགས་པ་མ་ཡིན་ནོ། །ཡང་ཤཱ་རིའི་བུ་བྱང་ཆེན་ཡུམ་ལ་སྤྱོད་པ་གང་དག་བསམ་གཏན་སོགས་ལ་སྙོམས་པར་འཇུག་ཀྱང༌། ཐབས་ལ་མཁས་པས་འདོད་པའི་ཁམས་སུ་རྒྱལ་རིགས་སོགས་སུ་སྐྱེ་བ་ཡོད་དོ་ཞེས་དང༌། ཡང་དེ་དག་དེ་ལ་སྙོམས་པར་འཇུག་ཀྱང་ཐབས་ལ་མཁས་པས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་པ་དང༌། ཡང་ཚངས་རིས་ནས་འོག་མིན་གྱི་བར་སོགས་སུ་སྐྱེས་ནས་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ་དང༌། སེམས་ཅན་གྱི་དོན་བྱེད་པར་གསུངས་པའི་མདོ་ཚན་གཉིས་པོའི་དོན། རྒྱན་དུ་རིགས་ནས་རིགས་ཞེས་གསུངས་ལ། འདི་ཡང་རྒྱུན་ཞུགས་ཀྱི་ནང་དུ་མི་གསལ་ལོ། །ཡང་ཤཱ་རིའི་བུ་བྱང་ཆེན་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། བསམ་གཏན་སོགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཐོབ་པ་ཐབས་ལ་མཁས་པས་ཚངས་རིས་ནས་འོག་མིན་གྱི་བར་སྐྱེས་ནས་འཚང་རྒྱ་བ་དག་ཡོད་དོ། །ཞེས་པས་བར་དོར་འདའ་བ་དང༌། ཡང་བྱང་ཆེན་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་པས་སྐྱེས་འདའ་བ་དང༌། ཡང་ཤཱ་རིའི་བུ་བྱང་ཆེན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་པས་བྱེད་བཅས་དང་ཡང་བྱང་ཆེན་གང་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་འདའ་ཞིང་ཕྱིར་མི་ལྡོག་པའི་ས་ལ་ཡང་ཞེས་པ་ནས་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་པས་བྱེད་མེད་ངོས་བཟུང་བ་ཡིན་ལ། འདིར་བར་འདའ་བ་གཟུགས་ཁམས་ཀྱི་སྔོན་དུས་ཀྱི་སྲིད་པར་སྐྱེ་བ་ལེན་པ་དང༌། སྐྱེས་འདའ་བ་སོགས་གསུམ་ལ་ཁམས་གོང་དུ་སྐྱེ་བའི་རྒྱུ་དང་སྐྱེ་བ་ལེན་པ་གཉིས་ཀ་མ་བཤད་པར་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་ཞིག་བཤད་པས་འདི་དག་ཁམས་གོང་མར་ཉེར་འགྲོའི་ནང་ཚན་དུ་བཤད་པ་མེད་དོ། །ཡང་ཤཱ་རིའི་བུ་བྱང་ཆེན་ཡུམ་ལ་སྤྱོད་པ་གང་དག་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་གྱི་དོན་བྱས་ཏེ་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བ་དག་ཡོད་དོ། །ཞེས་པས་འོག་མིན་འགྲོ་དང༌། སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་རྣམས་ཀྱི་བཤད་བྱའི་མདོ་རྣམས་ཀྱིས་ནི་དེ་དག་གི་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ཆོས་མངོན་པ་ནས་འབྱུང་བ་དང་ཆ་འདྲ་བར་བཤད་དོ། །འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞི་ཡིན་པ་དང༌། སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དོན་གཅིག་པ་དང༌། ཕྱི་མ་གཉིས་ཀྱི་དབྱེ་གཞི་འཆད་པའི་ཚུལ་ནི་མདོ་ན་མེད་དོ། །ཡང་ཤཱ་རིའི་བུ་སེམས་ཅན་གང་དག་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དྭང་བ་དེ་ཉིད་ཀྱི་ཐེག་པ་གསུམ་གྱི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཡོད་དོ། །ཞེས་པ་ནི་མཐོང་ཆོས་ཞིའི་མདོ་ཡིན་ལ། གོ་དོན་ནི་བྱང་སེམས་ཆེན་པོ་དག་མཐོང་ནས་དད་པའི་རྐྱེན་གྱིས་ཞི་བ་ཐོབ་པ་ལ་བཤད་དོ། །ཡང་ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ཐོད་རྒལ་ལ་སྙོམས་པར་ཞུགས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བ་དག་ཡོད་དོ། །ཞེས་པ་ནི་ལུས་མངོན་བྱེད་ཀྱི་མདོ་ཡིན་ལ། གོ་དོན་ནི་མངོན་པ་དང་ཆ་འདྲ་བར་བཤད་དོ། །ཡང་ཤཱ་རིའི་བུ་བྱང་ཆེན་གང་དག་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་ཅིང་བདག་ཉིད་ཀྱང་ཆོས་ཀྱི་སྣང་བ་དེ་དང་མི་འབྲལ་བར་བྱེད་དོ། །ཞེས་པ་ནི་དགྲ་བཅོམ་ཞུགས་པའི་མདོ་ཡིན་ལ། གཞུང་རྩ་བས་མ་བསྡུས་སོ། །ཡང་ཤཱ་རིའི་བུ་བྱང་ཆེན་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་མེད་པའི་ཞིང་ཁམས་སུ་རང་བྱང་ཆུབ་ཏུ་འཚང་རྒྱ་བ་དག་ཡོད་དོ། །ཞེས་པ་ནི་བསེ་རུ་ལྟ་བུའི་མདོ་ཡིན་ལ། མདོ་དང་རྒྱན་གྱི་དགོངས་པ་ཉི་ཤུ་པོ་ཐམས་ཅད་བྱང་ཆུབ་སེམས་དཔའི་དགེ་འདུན་དུ་བཤད་པས་ནི། རྒྱན་རྩ་འགྲེལ་གྱི་དངོས་བསྟན་ལ་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་བསྟན་ནས། མཚོན་བྱ་དོན་གྱི་དགེ་འདུན་ཤུགས་ལ་འཕངས་པ་ཡིན་ནོ། །ཞེས་པ་ནི་དགོངས་པར་མི་བཟུང་ངོ༌། །ཡང་ཤཱ་རིའི་བུ་བྱང་སེམས་ཆེན་པོ་དྲན་པ་ཉེར་གཞག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཐོབ་པ་དག་རྒྱུན་དུ་ཞུགས་པ་ནས་རང་བྱང་ཆུབ་ཀྱི་བར་ཐོབ་པར་མི་བྱེད་ཀྱི། ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ལམ་ལ་བཙུད་ཅིང༌། སེམས་ཅན་དེ་དག་རྒྱུན་དུ་ཞུགས་པ་ནས་རང་བྱང་ཆུབ་ཀྱི་བར་འཐོབ་པར་འགྱུར་བར་བྱེད་པ་དག་ཡོད་དོ། །བདག་ཉིད་ཀྱི་མངོན་དུ་མ་བྱས་པ་ལ་གཞན་འགོད་པར་བྱེད་དོ། །ཞེས་པས་ནི་དགེ་འདུན་ཉི་ཤུ་པོའི་མཛད་པ་འཕྲིན་ལས་སྟོན་པའོ། །འདིའི་བྱང་ཆུབ་སེམས་དཔས་ཐེག་པ་གསུམ་གའི་འབྲས་བུ་མངོན་དུ་མི་བྱེད་ཀྱང༌། གསུམ་གའི་རྟོགས་རིས་ཡར་ལྡན་དུ་རྒྱུད་ལ་འཁྲུངས་པའི་བྱང་ཆུབ་སེམས་དཔའ་ལ་རིས་ཅན་སོ་སོའི་མིང་གིས་བཏགས་ནས་དེ་དང་སྐལ་བ་འཚམས་པའི་རིས་ཅན་སོ་སོའི་རྗེས་སུ་འཛིན་ནུས་པའོ། །རང་གིས་མ་ཐོབ་པའི་འབྲས་བུ་ལ་གཞན་ཇི་ལྟར་འགོད་ཅེ་ན། ཤཱ་རིའི་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ཏེ། ཞེས་གསུངས། དོན་ནི་ཉན་རང་གི་སྤངས་རྟོགས་ཐམས་ཅད་བྱང་སེམས་ཀྱི་བཟོད་པ་དེར་རྫོགས་པས་དེར་འགོད་ནུས་ཞེས་པའི་དོན་ནོ། །མདོར་ན་དངོས་བསྟན་གྱི་བྱང་སེམས་འདི་དག་ལ་མངོན་པ་ནས་གསུངས་པའི་དགེ་འདུན་ཉི་ཤུའི་མཚན་ཉིད་མ་ཚང་ཡང་མདོ་རྒྱན་རང་ནས་གསུངས་པའི་ཉི་ཤུའི་མཚན་ཉིད་ཚང་བས་ན། སྐབས་འདི་ནས་བསྟན་པའི་རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བར་དབྱེ་བ་སོ་སོ་དང་བཅས་པ་དངོས་ཡིན་པ་ལ་གནོད་བྱེད་སྟོན་དགོས་པ་མ་ཡིན་ནོ། །གཉིས་པ་མདོ་རྒྱན་གྱི་དོན་འགྲེལ་པས་འཆད་པ་ལ། རྒྱུན་ཞུགས་ཀྱི་སྐོར་སོགས་བཞི་ལས་དང་པོ་ལ་ཞུགས་པ་ནི། སྐབས་གཉིས་པ་ནས་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཅེས་བྱ་བ་ནི་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་གྱི་མཐོང་བའི་ལམ་ལ་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལ་བརྟེན་ནས་འབྲས་བུ་དང་པོའི་ཞུགས་གནས་ཀྱི་རྣམ་གཞག་བཤད་པར་བྱ་བ་ལས། བཟོད་པ་བར་ཆད་མེད་ལམ་བཞི་ལ་གནས་པའི་བྱང་སེམས་ཆོས་ཅན། ཐེག་ཆེན་གྱི་རྒྱུན་དུ་ཞུགས་པ་ཡིན་ཏེ། མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་བག་ལ་ཉལ་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་བྱང་སེམས་ཡིན་པས་སོ། །ཐེག་ཆེན་གྱི་འབྲས་བུ་དང་པོ་ལ་ཞུགས་པ་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། ཡུམ་གྱི་མདོ་ལས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་སོ་སོར་ཕྱེ་ནས་གསུངས་པའི་ཕྱིར། འབྲས་གནས་ནི། དེའི་འོག་ཏུ་བཅུ་དྲུག་པ་ལ་གནས་པའི་བྱང་སེམས་ཆོས་ཅན། ཐེག་ཆེན་གྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ཏེ། མཐོང་སྤང་ཉོན་སྒྲིབ་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པའི་ཕྱིར། དེ་ལ་དབྱེ་བ་གཞན་ཡོད་དམ་ཞེ་ན། དེའི་འོག་ཏུ་བཅུ་དྲུག་པ་ལ་གནས་པ་དེ་ལས་གཞན་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་རྣམ་པ་གཉིས་ཡོད་དེ། བྱང་སེམས་ཀྱི་རྒྱུན་ཞུགས་འབྲས་གནས་དེ་ཉིད་ལ་འདོད་ཁམས་སུ་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་བག་ལ་ཉལ་གྱི་ཉོན་སྒྲིབ་གསུམ་མམ་བཞི་སྤངས་ཤིང་ལྔ་པ་མ་སྤངས་པའི་དབང་གིས་འདོད་པའི་ལྷ་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་སོ། །གཉིས་པ་ལ་གཉིས་ལས། ཞུགས་པ་ནི། བྱང་སེམས་ཀྱི་རྒྱུན་ཞུགས་བཤད་ཟིན་པ་དེའི་འོག་ཏུ་སྤྱོད་པ་ལ་ཞུགས་པའི་བྱང་འཕགས་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་འདོད་ཉོན་དྲུག་པ་སྤོང་བ་ལ་བརྩོན་བཞིན་པ་ཆོས་ཅན། ཐེག་ཆེན་གྱི་ལན་གཅིག་ཕྱིར་འོང་བའི་ཞུགས་པ་ཡིན་ཏེ། འདོད་ཁམས་ཀྱི་ཉོན་མོངས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར། བྱང་སེམས་ཀྱི་ཕྱིར་འོང་ཞུགས་པ་ཆོས་ཅན། མདོ་ལས་གཉིས་སུ་གསུངས་པ་ཡིན་ཏེ། དབང་པོ་རྟུལ་པོ་དང་རྣོན་པོའི་བྱེ་བྲག་གིས་དད་པ་དང་མཐོང་བས་ཐོབ་པ་དག་སོ་སོར་བཤད་པའི་ཕྱིར། དེ་ལྟར་བཤད་ཀྱང་ཉི་ཤུའི་གྲངས་འཛིན་པ་ན་གཅིག་ཁོ་ན་ཡིན་ནོ། །འབྲས་གནས་ནི་ཕྱིར་འོང་ཞུགས་པ་དེའི་འོག་ཏུ་སྤྱོད་པ་ལ་ཞུགས་པའི་བྱང་སེམས་འདོད་པའི་ཉོན་མོངས་བག་ལ་ཉལ་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པ་དེ་ཆོས་ཅན། ཐེག་ཆེན་གྱི་ལན་གཅིག་ཕྱིར་འོང་བ་ཡིན་ཏེ། བྱང་འཕགས་གཞན་དོན་དུ་འདོད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པའི་ཕྱིར་འདི་ལ་དབྱེ་བ་གཞན་ཡོད་དམ་ཞེ་ན། དེའི་འོག་ཏུ་ཕྱིར་འོང་དེ་ཉིད་ལ་འདོད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་བདུན་བརྒྱད་གང་རུང་སྤངས་ཤིང༌། དགུ་པ་མ་སྤངས་པ་དེ་ཆོས་ཅན། ཕྱིར་འོང་ཙམ་པོ་ལས་གཞན་བར་ཆད་གཅིག་པ་ཡིན་ཏེ། འདོད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་གཅིག་ཁོ་ན་དང་བཅས་ཤིང༌། འདོད་པའི་ཁམས་ལས་འདའ་བ་ལ་ཚེ་གཅིག་གིས་ཐོགས་པའི་ཕྱིར། གལ་ཏེ་བྱང་སེམས་འཕགས་པས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་དག་ཆེད་དུ་གཉེར་ནས་སྤོང་བར་འགྱུར་རོ་ཞེ་ན། དེ་ཁོ་ན་ད་ལྟ་མི་སྤང་ཡང༌། ཁམས་གསུམ་ན་སྤྱོད་པའི་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པ་སོ་སོ་བ་དག་ཆེད་དུ་གཉེར་ནས་སྤངས་པས་ན། དེ་དང་སྤངས་དུས་གཅིག་པའི་ཉོན་མོངས་པ་ཡང་སྤོང་བ་ལ་བརྩོན་པ་དང༌། སྤངས་པའི་འབྲས་བུ་ཞེས་པའི་ཐ་སྙད་མཛད་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་ན་དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པ་ཅན་གཟུགས་མེད་ཀྱི་བག་ལ་ཉལ་སྤངས་པར་མ་ངེས་པས་ལུས་མངོན་བྱེད་ཀྱང་སྲིད་པའོ། །གལ་ཏེ་དེ་ལྟར་སྲིད་པ་ན་བྱང་འཕགས་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་འགྱུར་རོ་ཞེ་ན། དེ་ལྟར་ཐལ་བ་མེད་དེ། ས་དང་པོ་ནས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་པའི་ཕྱིར་དང༌། བྱང་འཕགས་སྲིད་པར་འཕེན་བྱེད་ཀྱི་རྒྱུ་ནི་སྙིང་རྗེ་དང་སྨོན་ལམ་གྱིས་བྱེད་ལ། འགྲུབ་བྱེད་ཀྱི་རྒྱུ་འདོད་སྲིད་ཀྱི་ཉོན་མོངས་པའི་བག་ལ་ཉལ་གྱིས་བྱེད་པ་ནི་རྒྱུ་ལམ་ཤེས་ཉོན་མོངས་མི་སྤོང་བའི་རང་བཞིན་ཅན་དུ་བཤད་པ་ལས་ཤེས་པའི་ཕྱིར། དེ་ལྟར་བཤད་པ་དེ་ཤེས་སྒྲིབ་བམ་ཡང་ན་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པ་གང་རུང་ལས་མ་འདས་སོ་ཞེ་ན། མ་ཡིན་ཏེ། འདི་ཐེག་དམན་དགྲ་བཅོམ་པས་སྤངས་པར་བཤད་པའི་ཕྱིར་དང༌། རྒྱུ་ལམ་ཤེས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་རྒྱུ་ནི་འདོད་སྲེད་ཀྱི་བག་ལ་ཉལ་དུ་འཕགས་སེང་གཉིས་ཀས་བཤད་ལ། དེ་དགེ་བ་དང་མཚུངས་ལྡན་དུ་འགལ་བའི་ཕྱིར་དང༌། རྒྱུད་བླ་མའི་འགྲེལ་པར་སྙིང་རྗེ་དང་སྨོན་ལམ་ལ་སོགས་ལ་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པའི་མིང་གིས་བཏགས་ནས། འདོགས་པའི་རྒྱུ་མཚན་དུ་སྤྱོད་པ་ལ་ཞུགས་པའི་བྱང་འཕགས་སྲིད་པར་སྐྱེ་བ་འཕེན་བྱེད་ཀྱི་རྒྱུ་ཡིན་པ་ལ་དགོངས་ནས་བཤད་པ་ཡིན་ནོ།། ༈ །།གསུམ་པ་ལ། ཞུགས་པ་དང༌། གནས་པ་དང༌། དེའི་དབྱེ་བའོ། །དང་པོ་ནི། སྤྱོད་པ་ལ་ཞུགས་པའི་བྱང་སེམས་གཞན་དོན་དུ་འདོད་པར་སྐྱེ་བའི་རྒྱུ་དགུ་པ་སྤོང་བ་ལ་བརྩོན་བཞིན་པ་དེ་ཆོས་ཅན། ཐེག་པ་ཆེན་པོའི་ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་བྱང་སེམས་ཡིན་པའི་ཕྱིར། དེ་ལ་དབྱེ་ན་སྔ་མ་བཞིན་དུ་དད་པས་མོས་པ་དང་མཐོང་བས་ཐོབ་པ་དག་འབྲས་བུ་གསུམ་པ་ལ་ཞུགས་པ་གཅིག་ཁོ་ན་ཡིན་ནོ། །གཉིས་པ་གནས་པ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཐ་མའི་ཆ་མཐུན་ལྔའི་བག་ལ་ཉལ་སྤངས་པ་དེ་ཆོས་ཅན། ཐེག་ཆེན་གྱི་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་ཡིན་ཏེ། དེ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པའི་བྱང་སེམས་ཡིན་པས་སོ། །འདི་ནི་དབྱེ་གཞི་ཡིན་པས་ལོགས་སུ་མི་བགྲང་ངོ༌། །དབྱེ་བ་ལ་གཉིས་ལས། དང་པོ་འདའ་བའི་མིང་ཅན་གྱི་བྱང་སེམས་དེ་ནི་བཞིའོ། །དེ་གང་ཞེ་ན། གཟུགས་ཁམས་ཀྱི་སྲིད་པར་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་སྤངས་ལ། མངོན་པར་འགྲུབ་པའི་བག་ལ་ཉལ་མ་སྤངས་པས་བར་དོར་འདའ་བ་དང༌། དེར་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་མ་སྤངས་པ་ལ་ཡང༌། སྐྱེ་མ་ཐག་འདའ་བ་དང༌། སྐྱེས་ནས་མངོན་པར་འདུ་བྱེད་པ་དང་འདའ་བ་དང༌། དེར་སྐྱེས་ནས་མངོན་པར་འདུ་བྱེད་མེད་པར་འདའ་བའོ། །འདིར་འདའ་བ་བཞི་དང་འོག་མིན་འགྲོ་བ་གཉིས་ཏེ་དྲུག་ནི་དེ་དང་དེར་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བར་བཤད་པས་ཚུལ་སྟོན་པའམ་དངོས་པོ་ལ་འཚང་རྒྱ་བ་གང་ཡིན་དཔྱད་པར་བྱ་ལ། གང་ཡིན་ཡང་ཁམས་གོང་གི་རྟེན་ལ་འཚང་རྒྱ་བ་མ་ཡིན་པར་ནི་དོན་གྱིས་འགྲུབ་བོ། །གཉིས་པ་གོང་འཕོ་ལ་གཉིས་ལས། དང་པོ་ལ་འོག་མིན་འགྲོ་ནི། ཕྱིར་མི་ལྡོག་པའི་བྱང་སེམས་བསམ་གཏན་སྤེལ་མ་བསྒོམས་པའི་སྟོབས་ཀྱིས་གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པ་ཞིག་ཡིན་ལ། འདི་ལ་དབྱེ་ན། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་སྔ་མ་འདའ་བ་ལས་གཞན་རྣམ་པ་གསུམ་མོ། །དེ་ཡང་འདོད་པའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་བསྒོམ་བྱས་པ་དེ་ལས་ཉམས་པའམ། མ་ཉམས་ཀྱང་ཐབས་ལ་མཁས་པས་ཚངས་རིས་སུ་སྐྱེས། རྟེན་དེ་ལ་སྤེལ་སྒོམ་སོར་ཚུད་ནས་ཕྱི་མ་འོག་མིན་དུ་སྐྱེས་ཏེ། དེ་ནས་ཁམས་གསུམ་དུ་མི་སྐྱེ་བར་ཞིང་སྣ་ཚོགས་སུ་སངས་རྒྱ་བའོ། །ཕྱི་མ་གཉིས་ཀྱང་དེས་མཚོན་ནས་ཤེས་པར་བྱ་སྟེ། མཚོན་བྱེད་དཔེའི་སྐབས་དང་ཆ་འདྲ་བར་མདོ་ལས་བཤད་དོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ནི། ཕྱིར་མི་ལྡོག་པའི་བྱང་སེམས་འདོད་པའི་རྟེན་ལ་འབྲས་བུ་ཆེ་མན་ཆད་ཀྱི་ཉོན་སྒྲིབ་སྤངས་པ། གཟུགས་མེད་དུ་སྐྱེ་བའི་བག་ལ་ཉལ་མ་སྤངས་པ་ཞིག་སྐྱེ་བ་ཕྱི་མ་ལ་སྲིད་རྩེས་མཚོན་པའི་གཟུགས་མེད་བཞི་པོ་གང་རུང་དུ་སྐྱེས། དེ་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བ་ཞིག་ཡོད་པ་དེ་ལ་ནི། སྲིད་རྩེའི་མཐར་ཐུག་འགྲོ་ཞེས་ཀྱང་བྱ། གཟུགས་ཀྱི་ཆགས་བཅོམ་ཞེས་ཀྱང་བྱ་བ་དེ་དབྱེ་གཞི། དབྱེ་ན་མཐོང་བའི་ཆོས་ལ་ཞི་བ་སངས་རྒྱས་འཐོབ་པ་དང༌། རྣམ་པར་ཐར་པ་བརྒྱད་ཀྱི་ཏིང་ངེ་འཛིན་ལུས་ཀྱི་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་རྣམ་པ་གཉིས་སོ། །ལུགས་འདིར་སྲིད་རྩེ་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་པ་མི་འགལ་བ་ནི་དཔེར་བརྗོད་པ་དེ་ཉིད་ཀྱིས་རྟོགས་པར་ནུས་ལ། མཐོང་ཆོས་ཞི་དབྱེ་བར་འཇོག་པ་ནི་སྲིད་རྩེར་སྐྱེ་བའི་རྒྱུ་བག་ལ་ཉལ་གྱི་ཉོན་སྒྲིབ་དང་བཅས་བཞིན་དུ་དེར་སྐྱེ་མ་ངེས་པའི་མཐོང་ཆོས་ཞི་སྲིད་པ་དང༌། འགོག་པའི་རྣམ་པར་ཐར་པ་ཁྱད་ཆོས་ལྔ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་པའི་ཕྱིར།། ༈ །།བཞི་པ་ལ་ཞུགས་པ་ནི། རྒྱུན་མཐའི་བྱང་སེམས་ཆོས་ཅན། ཐེག་ཆེན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ཏེ། ཉོན་སྒྲིབ་བག་ཆགས་དང་བཅས་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཕྱིར། འདིར་སེམས་པ་བཞི་དང་སྦྱོར་བ་གཞུང་འགྲེལ་ལ་མེད་ཀྱང་ལོ་ཆེན་གྱིས་བཤད་པའོ། །འབྲས་གནས་ལ་གཉིས་ལས། རྫོགས་པའི་སངས་རྒྱས་ནི་སྐབས་འདིའི་དགེ་འདུན་དཀོན་མཆོག་ཏུ་མི་གཏོགས་ལ། རང་རྒྱལ་ནི་འཕགས་པ་འཇམ་དཔལ་ཆོས་ཅན། ཐེག་ཆེན་གྱི་རང་སངས་རྒྱས་ཡིན་ཏེ། སངས་རྒྱས་སྔ་མའི་ཉན་ཐོས་ཟད་ཅིང༌། སྤྲུལ་སྐུ་རྗེས་མ་མ་བྱོན་པའི་ཞིང་ཁམས་སུ་རང་བྱང་ཆུབ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་མཛད་པའི་ཕྱིར། ཕྱིར་མི་ལྡོག་འཁོར་ལོའི་མདོ་ལས་བྱང་ཆུབ་སེམས་དཔའ་རྒྱུན་ཞུགས་ནས་རང་སངས་རྒྱས་ཀྱི་བར་གསལ་བར་བཤད་དོ། །གསུམ་པ་འཕགས་པ་གྲོལ་སྡེའི་བཞེད་པ་ནི། སྐབས་འདིའི་རྒྱུན་ཞུགས་ཞུགས་གནས་དང༌། དགྲ་བཅོམ་ཞུགས་གནས་ནི་སྤང་བྱ་རིམ་གྱིས་པ་དང༌། འབྲས་བུ་བར་པ་གཉིས་ཀྱི་ཞུགས་གནས་ནི་ཆགས་བྲལ་སྔོན་སོང་ལ་མཛད་ནས། ཉན་ཐོས་ཀྱི་ཞུགས་གནས་སོ་སོ་བ་དང་སྤང་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཆ་འདྲ་བ་འདོགས་པའི་རྒྱུ་མཚན་དང༌། དམན་པའི་རིགས་ཅན་རྣམས་རང་རང་གི་ལམ་ལ་འགོད་ནུས་པར་ཤེས་པ་བཏགས་པའི་དགོས་པ་དང༌། ཐེག་པ་གསུམ་གྱི་རྣམ་གཞག་འཆོལ་བར་ཐལ་བ་དངོས་ལ་གནོད་བྱེད་དུ་མཛད་ནས། བྱང་སེམས་འཕགས་པ་ལ་ཞུགས་གནས་ཀྱི་མིང་གིས་བཏགས་པར་བཞེད་དོ། །འོ་ན་ཆགས་བྲལ་སྔོན་དུ་མ་སོང་བས་འདོད་སྲིད་ཀྱི་བག་ལ་ཉལ་མི་སྤོང་བར་བཞེད་དམ་ཞེ་ན། རྒྱུན་མཐར་མ་སླེབ་ཀྱི་བར་ལ་དེ་མ་སྤོང་བའི་རང་བཞིན་ཅན་དུ་ངེས་པས་ས་འོག་མ་རྣམས་སུ་སྒོམ་སྤངས་ཉོན་མོངས་ཀྱི་སྤོང་ཚུལ་དེ་ཆགས་བྲལ་སྔོན་དུ་མ་སོང་བ་ལ་བཞག་དཀའ་བར་དགོངས་པའོ། །ལོ་ཆེན་གྱིས་ནི་བྱང་ཆུབ་སེམས་དཔས་ཁམས་གོང་འོག་གི་ཉོན་མོངས་པ་དྲུག་པ་རྣམས་དང་དགུ་པ་རྣམས་གཅིག་ཅར་དུ་སྤོང་བས། སློབ་དཔོན་གྱི་བཞེད་པ་དེ་མི་འཐད་ཅེས་གསུངས་སོ། །དགེ་ལེགས་ཚོགས་ཀྱིས་རབ་གང་བའི། །དགེ་འདུན་རྣམ་གཞག་རྟོགས་དཀའ་བ། །དགེ་བར་བཤད་པའི་ལེགས་བྱས་ཀྱིས། །དགེ་འདུན་གོང་ནས་གོང་འཕེལ་ཤོག། །།གཉིས་པ་སྒོམ་བྱུང་གི་རྟེན་སྦྱོར་ལམ་བཤད་པ་ལ། བསྡུས་དོན་གྱི་སྒོ་ནས་མདོར་བསྟན་པ་དང༌། ཚིག་དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ལས་དང་པོ་པ་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །རྩ་བ་ནི། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པ་དག་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། འདིར་བསྟན་གྱི་ཞེས་པ་དང༌། གཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ༌། །གཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་སོ། །འགྲེལ་པ་ལ་གཉིས་ཏེ། ཚིག་དོན་དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་ཁྱད་དུ་འཕགས་པའི་ཚུལ་དང༌། རྒྱུ་མཚན་ནོ། །དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་ནིའོ། །འདི་ལ། ངོ་བོ་དང༌། དབྱེ་བ་གཉིས་ལས། དང་པོ་ནི། བདེན་པ་བཞི་མངོན་སུམ་དུ་རྟོགས་པ་དང་དམིགས་རྣམ་རྗེས་སུ་མཐུན་པ་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཡེ་ཤེས་སོ། །འདི་དུས་ནམ་གྱི་ཚེ་འབྱུང་ཞེ་ན། བདེན་པ་བཞི་ལ་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པས་བསྡུས་པའི་དད་པ་ལ་སོགས་པ་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་གྱི་དགེ་བའི་རྩ་བ་དེའི་འོག་ཏུ་སྐྱེའོ། །གཉིས་པ་སོ་སོའི་ངོ་བོ་ནི་སྒྲ་བཤད་འོག་ནས་འབྱུང་བ་ལྟར་དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང༌། དེའི་འོག་ཏུ་རྩེ་མོར་གྱུར་པ་དང༌། དེའི་འོག་ཏུ་བཟོད་པར་གྱུར་པ་དང༌། དེའི་འོག་ཏུ་ཆོས་ཀྱི་མཆོག་ཅེས་བྱ་བ། ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་བས་སམ། ཡང་ན་བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དབང་པོ་བརྟུལ་པོ་ལ་སོགས་པའི་གང་ཟག་གི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོར་འཆད་པར་འགྱུར་བ་རྣམས་སོ། །གང་གིས་ཁྱད་པར་དུ་འཕགས་ན། ཉན་ཐོས་སོགས་ལས་དམིགས་པའི་ཁྱད་པར་ནི་བདེན་པ་བཞིའི་དངོས་པོ་མི་རྟག་སོགས་ལ་དམིགས་པ་དང༌། རྣམ་པའི་ཁྱད་པར་ནི། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། རྒྱུའི་ཁྱད་པར་ཐེག་པ་གསུམ་ཆར་གྱི་རྟོགས་རིས་ཚང་པས་ཐེག་ཆེན་མཐོང་ལམ་ཡན་ཆད་ཀྱི་རྒྱུ་མཐུན་པའི་ངོ་བོ་དང༌། ཡོངས་འཛིན་གྱི་ཁྱད་པར། ཕྱི་དགེ་བའི་བཤེས་གཉེན་དང་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་ལྡན་པ་དང༌། རྣམ་རྟོག་ལྡན་ཚུལ་གྱི་ཁྱད་པར་མཐོང་བ་དང་སྒོམ་པས་ས་བོན་རྩ་བ་ནས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་མཚུངས་ལྡན་དུ་འབྲེལ་པར་འབྱུང་བ་ཡིས་སོ། །གཉིས་པ་རྒྱུ་མཚན་ནི། ཉན་ཐོས་ཀྱི་དྲོ་བར་གྱུར་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ལ་ཁྱད་ཆོས་ལྔ་པོ་འདི་མེད་དེ། མངོན་པའི་གཞུང་ལུགས་ལས་དེ་དག་གི་དྲོད་སོགས་ནི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་དངོས་པོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང༌། གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང༌། རང་གི་ཐེག་པའི་དོན་རྟོགས་པ་ཁོ་ནའི་ཆེད་དུ་དང༌། ཐེག་དམན་ལས་ཡོངས་སུ་འཛིན་པ་དང་བྲལ་བ་དང༌། རྣམ་པར་རྟོག་པ་བཞི་དང་མི་ལྡན་པར་འབྱུང་ངོ༌། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལ་རྣམ་པ་མི་འདྲ་བ་དུ་མས་དམིགས་པའི་ཚུལ་དང༌། དེ་ཉིད་རྒྱས་པར་མ་སྤྲོས་པའི་རྒྱུ་མཚན་དང༌། ལུང་གཞན་དང་འགལ་བ་སྤང་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཆོས་ཅན། ཐབས་ལ་མཁས་པའི་སྟོབས་ཀྱིས་བདེན་པ་བཞིའི་དངོས་པོ་ལ་ཇི་ལྟར་སྲིད་པ་བཞིན་དུ་དམིགས་པ་ཡིན་ཏེ། མཉམ་གཞག་ཏུ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དང༌། རྗེས་ཐོབ་ཀྱི་གནས་སྐབས་ཁ་ཅིག་ཏུ་ནི་རྒྱུའི་མཚན་མ་མེད་པའི་སྒོ་ནས་དང༌། ཁ་ཅིག་ཏུ་ནི་འབྲས་བུ་ལ་སྨོན་པ་མེད་པའི་སྒོ་ནས་དང༌། ཁ་ཅིག་ཏུ་ནི་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་སྒོ་ནས་དམིགས་ཏེ་རྣམ་པར་སྒྲོ་འདོགས་གཅོད་པའི་ཕྱིར་རོ། །དེར་མ་ཟད་སྔ་མ་གོང་དུ་བཤད་པ་བཞིན་དུ་རྣམ་པ་གཞན་བདག་མེད་པ་གཉིས་ཀྱིས་ཀྱང་དམིགས་སོ་ཞེས་བྱ་བ་ཤེས་པར་བྱའོ། །གཉིས་པ་ནི། རྣམ་པ་མི་འདྲ་བ་དུ་མའི་སྒོ་ནས་དམིགས་པའི་ཚུལ་དེ་འདིར་བརྗོད་དགོས་སོ་ཞེ་ན། དེ་ནི་རྣམ་པར་མ་སྤྲོས་ཏེ། །མདོར་བསྡུས་ཏེ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་སོ། །གསུམ་པ་ནི། རྣམ་པ་མི་འདྲ་བ་དུ་མས་འཆད་པ་མི་འཐད་དེ། ཇི་སྐད་དུ། དྲི་མེད་བཅུ་དྲུག་རྣམ་གཞན་མེད། །ཅེས་བཤད་པས་སོ་ཞེ་ན། དམན་པའི་ཐེག་པ་གཞན་གྱི་ལུང་ལ་བརྟེན་ནས་ཐེག་ཆེན་གྱི་གནས་སྐབས་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ན་ཐེག་ཆེན་གྱི་རྣམ་པར་གཞག་པ་འདི་ནི་དམན་པ་ལས་གཞན་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་པ་དེའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དམིགས་རྣམ་རྒྱུ་གསུམ་གྱི་དང༌། མཚུངས་ལྡན་རྟོག་པའི་དང༌། ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་ཆོས་བཤད་པའོ། །དང་པོ་ལ་གསུམ་སྟེ། སྤྱིའི་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད། ཆོས་ཅན་གྱི་ཆོས་སུ་བརྗོད་པ་འཆད་པའི་རྩོད་པ་སྤང་བའོ། །དང་པོ་ནི། དམིགས་པ་དང་ཞེས་སོགས་སོ། །གཉིས་པ་ལ་དྲོད་ཀྱི་དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད་པ་སོགས་བཞི་ལས། དང་པོ་ལ་གཉིས་ལས། རྩ་བ་ནི། སྒོམ་ལམ་ལ་འདོམས་པའི་གདམས་ངག་ལས་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། སྨྲས་པ། བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ལྷག་པར་ཞེན་པ་ནི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། དྲོད་ཀྱི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་ཆོས་རྒྱས་པར་བཤད་པ་ཡིན་ཏེ། དེ་ལྟར་འཆད་པ་ཉིད། དམིགས་པ་མི་རྟག་ལ་སོགས་པ། ཞེས་པའི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་གཉིས་ལས། རྒྱས་པར་བཤད་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་ལ་བརྟེན་པ་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་པོ་ཆོས་ཅན། གསུམ་ཡོད་པ་དེ་ལ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མངོན་པར་ཞེན་པ་དང༌། ལྷག་པར་དམིགས་པ་དང༌། སོགས་པ་ཀུན་ཤེས་པའི་རྟོག་པ་འགོག་པའི་ཡེ་ཤེས་ནི་ཆོས་ཅན། དྲོད་ཆུང་ངུའི་རྣམ་པ་ཡིན་ཏེ། དེས་བཤད་མ་ཐག་པའི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ངེས་འབྱེད་ཆ་མཐུན་བཞི་ཀའི་རྒྱུའི་ཁྱད་པར་སྐབས་འདིར་འཆད་པ་ནི་དྲོ་བ་ལ་སོགས་པ་ཞེས་པའོ། །འདིར་ཉན་ཐོས་དང་རང་རྒྱལ་གྱི་རྟོགས་རིས་སུ་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་ཞེན་བློར་འདོད་པ་ནི་དྲངས་མ་ཐག་པའི་མདོ་གཞུང་འགྲེལ་གསུམ་གྱིས་ཁེགས་པ་ཡིན་ནོ། །གནས་ཚུལ་ལ་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དག་གི་གཟུགས་ལ་སོགས་པ་སྒྲུབ་པའི་རྣམ་པར་མི་དམིགས། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དག་གིས་དགག་པའི་རྣམ་པ་དག་ཏུ་མ་མཐོང་བ་ཞེས་བྱ་བ་འདི་ཆོས་ཅན། དྲོད་འབྲིང་གི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྒྱུན་མི་འདྲ་བ་ཆད་པ་དང༌། རྒྱུན་འདྲ་བ་རྟག་པར་འཇུག་པའི་མཚན་ཉིད་དག་མེད་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། འབྲིང་གི་རྣམ་པ་ཡིན་ཏེ། དེས་བཤད་མ་ཐག་པའི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་འཛིན་སྟངས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དེ་མེད་པའི་ཤེས་བྱེད་ནི། རྗོད་བྱེད་མིང་ཐམས་ཅད་མེད་པ་ཉིད་ཀྱིས་བརྗོད་བྱ་རྒྱུ་འདྲ་མི་འདྲ་ཡང་མེད་དེ། གཉིས་པོ་ལྟོས་ནས་གྲུབ་པའི་ཕྱིར། དམིགས་པར་བཤད་པའི་དགག་སྒྲུབ་མ་དམིགས་པ་ནི་སྟོང་ཉིད་ཕྱོགས་རེ་བ་ཡིན་ལ། རྣམ་པར་བཤད་པའི་རྟག་ཆད་མེད་པ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རྣམ་པ་ཅན་ཏེ། འོག་མ་དག་ལའང་དེ་བཞིན་ནོ། །གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་གྱི་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དང་ཐ་སྙད་པ་ཙམ་ཡིན་པ་ཞེས་བྱ་བ་དེ་ཆོས་ཅན། ཆེན་པོའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཕྱིར། དགེ་བ་དང་མི་དགེ་བ་སོགས་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་པ་ཞེས་བྱ་བར་རྟོགས་པའི་དྲོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེས་དམིགས་པ་སྔ་མ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དོན་བསྡུ་བ་ནི། དེ་ལྟར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་སྐྱེ་བའི་ལྟས་སུ་གྱུར་པའི་ཕྱིར་དྲོ་བར་གྱུར་པ་ཞེས་བྱ་བ་རྣམ་པ་གསུམ་ཆོས་ཅན། ཐེག་དམན་གྱི་དྲོད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དམིགས་པ་དང༌། རྣམ་པ་དང༌། རྒྱུའི་ཁྱད་པར་གསུམ་དང་ལྡན་པར་བཤད་མ་ཐག་པ་དེ་ལྟར་ནའོ། །གཉིས་པ་རྩེ་མོའི་དམིགས་རྣམ་རྒྱས་པར་བཤད་པ་ལ་གཉིས་ལས། རྩ་བ་ནི་བྱང་སེམས་ཡུམ་ལ་སྤྱོད་པའི་ཚེ་གཟུགས་ལ་གནས་པར་མི་བགྱིའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། རྩེ་མོའི་དམིགས་རྣམ་རྒྱས་པར་བཤད་པ་ཡིན་ཏེ། དེ་ལྟར་འཆད་བྱེད་དུ་རྩ་བའི་གཞུང་འདིས་བཀྲལ་བའི་ཕྱིར། དེ་ཡང་རྐང་པ་དང་པོ་གསུམ་གྱིས་རྩེ་མོ་ཆུང་ངུའི་དམིགས་པ། དེ་ནས་གསུམ་གྱིས་དེའི་རྣམ་པ། དེ་ནས་རྐང་པ་གཉིས་ཀྱིས་འབྲིང་གི་དམིགས་རྣམ། དེ་ནས་གཉིས་ཀྱིས་ཆེན་པོའི་དམིགས་རྣམ་བསྟན་པ་ཡིན་ནོ། །འགྲེལ་པ་ལ་གཉིས་ལས། བཤད་པ་ནི། གཟུགས་ལ་སོགས་པ་ལ་མི་གནས་པ་ཞེས་བྱ་བ་སྟེ། གནས་བྱར་མ་གྲུབ་པའི་དགག་པ་ཉི་ཚེ་བ་དེ་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞི་ཡིན་པའི་ཕྱིར། དེར་མ་གྲུབ་པའི་ཤེས་བྱེད་ནི། གཟུགས་ལ་སོགས་པའི་རང་གི་ངོ་བོ་དང་བྲལ་བའི་ངོ་བོ་ཉིད་ཡིན་པས་ན་རང་ངོ་བོ་ཉིད་མེད་པའི་ཕྱིར། འདི་དགག་པ་ཕྱོགས་རེ་བ་ཡིན་པའི་རྒྱུ་མཚན་ནི། དེ་དང་དེའི་ངོ་བོ་ཉིད་མེད་པ་དེ་ཆོས་དེ་དང་དེའི་ངོ་བོ་ཉིད་དུ་བསྟན་པས་སོ། །གཟུགས་སོགས་དེ་དག་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་ཉིད་དུ་མི་གནས་པ་ཞེས་བྱ་བ་སྟེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རྩེ་མོའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེས་དམིགས་པ་སྔ་མ་དེ་ཉིད་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དེ་དང་དེར་མི་གནས་པའི་ཤེས་བྱེད་ནི། སྟོང་པ་ཉིད་ལ་མི་རྟག་པ་ལ་སོགས་པ་ཉིད་ཀྱིས་ཏེ། ཡོད་པ་མ་ཡིན་པའི་ཕྱིར་ཏེ། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་ཕན་ཚུན་ངོ་བོ་གཅིག་པས་སོ། །མི་རྟག་པ་ཉིད་ལ་སོགས་པ་དང་སྟོང་པ་ཉིད་དག་ཕན་ཚུན་བདག་ཉིད་གཅིག་པ་ཞེས་བྱ་བ་དེ་ཆོས་ཅན། རྩེ་མོ་འབྲིང་གི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་ཡིན་པའི་ཕྱིར། བདག་ཉིད་གཅིག་པའི་ཤེས་བྱེད་ནི་མི་རྟག་པ་ལ་སོགས་པ་དང་སྟོང་པ་ཉིད་རྣམས་ནི་རང་གི་ངོ་བོ་ཉིད་མེད་པ་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། འདིར་སྟོང་པ་ཉིད་དང་ངོ་བོ་གཅིག་ཅེས་པ་ལ་འཆད་ཚུལ་གཉིས་ལས། སྒྲོ་འདོགས་གཅོད་པའི་ཚེ་ནི་ངོ་བོ་ཉིད་མེད་པར་མཚུངས་པ་ལ་ངོ་བོ་གཅིག་པའི་ཐ་སྙད་དང༌། རྣམ་པས་ཉམས་སུ་མྱོང་བའི་ཚེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་མཚུངས་པ་ལ་དེར་ཐ་སྙད་བྱས་སོ། །གཟུགས་ལ་སོགས་པ་ལ་རང་གིར་མི་བྱེད་པར་རྟོགས་པ་ཞེས་བྱ་བའི་ཡེ་ཤེས་ཆོས་ཅན། རྩེ་མོ་འབྲིང་གི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དེར་མི་བྱེད་པའི་ཤེས་བྱེད་ནི། སྒྲོ་འདོགས་གཅོད་པའི་ཚེ་ངོ་བོ་ཉིད་བཀག་ཟིན་པའི་ཕྱིར། ཁྱབ་བྱེད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཁྱབ་བྱ་གཟུགས་ལ་སོགས་པ་དེ་དག་ལ་སྔོན་པོ་ལ་སོགས་པའི་ཁྱད་པར་གྱི་ཆོས་ཀྱི་མཚན་མར་མི་མཐོང་ཞིང་མ་དམིགས་པ་ཞེས་བྱ་བ་ཆོས་ཅན། རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར། རྩེ་མོ་ཆེན་པོའི་ཤེས་རབ་ཀྱིས་ཆོས་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པས་དངོས་པོ་ཐམས་ཅད་མི་དམིགས་པར་ངེས་པར་རྟོགས་པ་ཞེས་བྱ་བ་དེ་ཆོས་ཅན། རྩེ་མོ་ཆེན་པོའི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དེ་ལྟར་ན་གང་ལ་དམིགས་པའི་ཡུལ་དང༌། གང་གིས་དམིགས་པའི་རྣམ་པ་དང༌། གང་འཐོབ་པའི་རྒྱུའི་ཁྱད་པར་དང་ལྡན་པའི་ཆུང་ངུ་འབྲིང་ཆེན་པོ་གསུམ་ནི་ཆོས་ཅན། རྩེ་མོར་གྱུར་པ་ཞེས་བྱ་སྟེ། དགེ་བའི་རྩ་བ་མི་མཐུན་ཕྱོགས་ཀྱིས་གཡོ་ནུས་པ་རྣམས་ཀྱི་རྩེ་མོར་གྱུར་པ་ཡིན་པའི་ཕྱིར། གསུམ་པ་བཟོད་པའི་དམིགས་རྣམ་རྒྱས་པར་བཤད་པ་ལ། རྩ་བ་ནི། རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་ལ་སོགས་པར་ཤེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། བཟོད་པའི་དམིགས་རྣམ་བསྟན་པ་ཡིན་ཏེ། དེ་སྟོན་བྱེད་དུ་རྗེ་བཙུན་གྱི་གཞུང་འདིས་བསྟན་པའི་ཕྱིར། འགྲེལ་པ་ལ་གསུམ་ལས། བཟོད་པ་ཆུང་ངུའི་དམིགས་རྣམ་ནི། མཚན་ཉིད་ཀྱི་ངོ་བོ་ཉིད་མཚན་གཞི་དང༌། ངོ་བོ་ཉིད་ཀྱི་མཚན་ཉིད་མཚོན་བྱེད་དག་སྟོང་པ་ཉིད་དུ་གཅིག་པར་གཏན་ལ་ཕབ་ཟིན་པ་ཉིད་ཀྱིས་ན། གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པ་གང་ཡིན་པ་ཞེས་བྱ་བ་དེ་ཆོས་ཅན། བཟོད་པ་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར་རོ། །ཡང་ན་མཚན་ཉིད་ཀྱི་ངོ་བོ་ཉིད་ཅེས་པ་གཟུགས་རུང་སོགས་ཀུན་རྫོབ་ཀྱི་ངོ་བོ་དང༌། ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་པ་དེའི་སྟོང་ཉིད་སོགས་དོན་དམ་གྱི་ངོ་བོ་ལ་བཤད་ནས། དེ་གཉིས་ཀ་དང་བྲལ་བ་ནི་དམིགས་པར་འཇོག་པའི་ཚེ་ནའོ། །སྐྱེ་བོ་དམིགས་པ་ཅན་གྱི་ངོར་ཡོད་པའི་གཟུགས་ལ་སོགས་པ་གཟུང་འཛིན་དངོས་པོས་བསྡུས་པ་རྣམས་མེད་པ་ཉིད་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བར་རྟོགས་པའི་ཡེ་ཤེས་དེ་ཆོས་ཅན། བཟོད་པ་ཆུང་ངུའི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་ནས་གོམས་པར་བྱེད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཉིས་པ་ནི་གཟུགས་སོགས་རང་བཞིན་གྱིས་མ་སྐྱེས་པར་གཏན་ལ་ཕབ་ཟིན་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ལ་སྐྱེ་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་ཅེས་བྱ་བ་དེ་ཆོས་ཅན། བཟོད་པ་འབྲིང་གི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་དུ་རྟོགས་པ་ཁོ་ནའི་རྒྱུ་ལ་བརྟེན་ནས། འབྲས་བུ་ལུས་དང་ངག་ལ་སོགས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་སངས་རྒྱས་ཀྱི་སྐུ་གསུམ་འབྱུང་བར་རྟོགས་པ་ཞེས་བྱ་བའི་ཡེ་ཤེས་ནི་ཆོས་ཅན། བཟོད་པ་འབྲིང་གི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། འདི་ནི་མཉམ་གཞག་གིས་དྲངས་པའི་ངེས་ཤེས་ལ་རྣམ་པའི་མིང་བཏགས་པའོ། །གསུམ་པ་ནི། གཟུགས་གཟུགས་རུང་སོགས་རང་གི་མཚན་ཉིད་དང༌། མི་རྟག་པ་སོགས་སྤྱིའི་མཚན་ཉིད་རིགས་ངོར་མི་འཐད་པ་ཉིད་དུ་གཏན་ལ་ཕབ་པས། ཆོས་ཐམས་ཅད་མཚན་མ་མེད་པ་ཉིད་ཅེས་བྱ་བ་དེ་ཆོས་ཅན། བཟོད་པ་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར། སྟོང་པ་ཉིད་རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བར་དམིགས་པའི་ཚེ་སྒྲོ་འདོགས་བཅད་ཟིན་པ་ཉིད་ཀྱིས་མཉམ་གཞག་ཏུ་མོས་པ་ཡིད་ལ་བྱེད་པས་སྟོང་པ་ཉིད་ལ་སོགས་པར་མི་མོས་ཤིང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མེད་པར་དགག་པ་ཡོངས་སུ་ཤེས་པ་མེད་པ་ཞེས་བྱ་བ་དེ་ཆོས་ཅན། བཟོད་པ་ཆེན་པོའི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གཞུང་འདིས་ནི་ངེས་ཆའི་མཉམ་གཞག་ཡེ་ཤེས་སྟོང་པ་ཉིད་ལ་ཞེན་བློ་ཡིན་པ་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་མེད་དགག་གི་ཆ་མངོན་སུམ་དུ་རྟོགས་པ་གཉིས་ཀ་བཀག་པ་ཡིན་ནོ། །དེ་ལྟར་ན་གང་ལ་དམིགས་པ་སོགས་གསུམ་དང་ལྡན་པའི་ཆུང་ངུ་སོགས་རྣམ་པ་གསུམ་ནི་ཆོས་ཅན། བཟོད་པར་གྱུར་པ་ཞེས་བྱ་སྟེ། ཆོས་ཆེན་པོ་སྐྱེ་མེད་ཀྱི་དོན་ལ་བཟོད་པ་དང་པོར་ཐོབ་པས་ངན་འགྲོ་མེད་པའི་ཕན་ཡོན་དང་ལྡན་པའི་ཕྱིར། སྐབས་འདི་དག་ཏུ་རྣམ་པར་བཤད་པ་རྣམས་ནི་མྱོང་བྱ་དང་མྱོང་བྱེད་གཉིས་ཀ་གཉིས་སྟོང་གི་ཡེ་ཤེས་སུ་ཁྱད་པར་མེད་ལ། དམིགས་པ་འཆད་པའི་ཚེ། ཆོས་ཅན་བདེན་བཞི་ལྟ་བུ་སྒྲོ་འདོགས་གཅོད་པའི་གཞིར་བཟུང་བ་དང༌། སྟོང་ཉིད་མཚན་མེད་སོགས་རིགས་པས་སྒྲོ་འདོགས་བཅད་ཟིན་པའི་མེད་དགག་གི་ཆ་གཉིས་ཀ་བཤད་པ་ལས། གཉིས་ཀ་ཡང་རྣམ་པས་སྒྲོ་འདོགས་གཅོད་དགོས་སུ་ཁྱད་པར་མེད་མོད། སྔ་མ་ཐོས་བསམ་གྱི་ཡུལ་ཁོ་ན་ཡིན་ལ། ཕྱི་མ་ནི་སྒོམ་བྱུང་གིས་ཀྱང་ཡུལ་དུ་བྱས་མོད། དེའི་ཉམས་སུ་མྱོང་བྱར་ནི་མི་འཆད་དོ། །བཞི་པ་ཆོས་མཆོག་གི་དམིགས་རྣམ་རྒྱས་པར་འཆད་པ་ལ། རྩ་བ་ནི། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ། ཡངས་པ་མདུན་དུ་བྱས་པ། ཚད་མེད་པར་ངེས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོག་པའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཆོས་མཆོག་གི་དམིགས་རྣམ་བསྟན་པ་ཡིན་ཏེ། དེ་སྟོན་བྱེད་དུ་རྗེ་བཙུན་གྱི་གཞུང་འདིས་གཏན་ལ་ཕབ་པའི་ཕྱིར། འགྲེལ་པ་ལ་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་ཐོས་བསམ་གྱི་ཚེ། བསྒོམ་བྱ་ཏིང་ངེ་འཛིན་ངོ་ཤེས་པ་དེ་ཆོས་ཅན། ཆོས་མཆོག་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་རྣམ་པས་གང་ལ་དམིགས་པའི་ཡུལ་དུ་གྱུར་པའི་ཕྱིར། ཏིང་ངེ་འཛིན་དེ་དག་བསྒོམས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་ལྷུན་གྱིས་གྲུབ་པར་ཆོ་འཕྲུལ་རྣམ་པ་གསུམ་ལ་སོགས་པ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བར་རྟོགས་པའི་ཡེ་ཤེས་ནི་ཆོས་ཅན། ཆོས་མཆོག་ཆུང་ངུའི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། དེ་ལྟར་བྱེད་པ་འཇུག་ནུས་པ་ཡིན་ཏེ། རང་གི་སྨོན་ལམ་དང༌། བསོད་ནམས་དང༌། ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ལ་བྱ་བྱེད་རུང་བའི་སྟོབས་ཀྱིས་སོ། །འདི་ཡང་མཉམ་གཞག་གི་རྣམ་པས་དྲངས་པའི་ངེས་ཤེས་ལ་དེའི་མིང་གིས་བཏགས་པ་སྟེ། རྣམ་པ་དངོས་ནི་དམིགས་པར་བཤད་པའི་ཏིང་ངེ་འཛིན་གང་ཡང་རུང་བ་རྣམས་སོ། །གཉིས་པ་ལ་ཆོས་ཐམས་ཅད་སྐྱེ་བ་མེད་པ་སོགས་ལ་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་བརྒྱ་ཉི་ཤུ་པོ་གང་རུང་དང་ལྡན་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་པ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་དོ་ཞེས་བྱ་བ་འདི་ཆོས་ཅན། ཆོས་མཆོག་འབྲིང་གི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅོད་པའི་གཞིར་བཟུང་བའི་ཕྱིར། ཐོས་བསམ་གྱི་ཚེ་རྣམ་པར་རྟོག་པ་ཐམས་ཅད་མི་འཐད་པར་གཏན་ལ་ཕབ་ཟིན་པས་ན་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་རྟོགས་པའི་བྱང་ཆུབ་སེམས་དཔའ་ཆོས་མཆོག་པ་དེ་ལ་བདག་ནི་ད་ལྟ་མཉམ་པར་བཞག་པའོ་སྙམ་པ་ལ་སོགས་པ་རྟོག་པའི་ཤེས་པ་མི་འབྱུང་བ་ཞེས་བྱ་བ་དེ་ཆོས་ཅན། ཆོས་མཆོག་འབྲིང་གི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གསུམ་པ་ལ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་ན་སྒོམ་ཏིང་ངེ་འཛིན་དང༌། སྒོམ་པ་པོ་བྱང་ཆུབ་སེམས་དཔའ་དང༌། བསྒོམ་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དོན་གསུམ་ཕན་ཚུན་ངོ་བོ་གཅིག་ཉིད་དུ་གནས་པ་ཞེས་བྱ་བ་དེ་ཆོས་ཅན། ཆོས་མཆོག་ཆེན་པོའི་དམིགས་པ་ཡིན་ཏེ། དེས་སྒྲོ་འདོགས་གཅད་པར་བྱ་བའི་གཞིའམ་རྣམ་པའི་ཡུལ་དུ་གྱུར་པའི་ཕྱིར། འདིར་ངོ་བོ་གཅིག་པའི་དོན་ཡེ་ཤེས་སུ་གཅིག་པ་དང༌། མེད་དགག་ཏུ་གཅིག་པའི་ཚུལ་གཉིས་ཡོད་དོ། །ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་པ་ཉིད་ཀྱིས་ན། མཉམ་གཞག་གི་ཚེ་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པ་ནི། སྐད་ཅིག་གཉིས་པར་མཐོང་ལམ་སྐྱེ་བའི་ཐབས་དམ་པར་གཏོགས་པའོ་ཞེས་བྱ་བའི་ཡེ་ཤེས་ཆོས་ཅན། ཆོས་མཆོག་ཆེན་པོའི་རྣམ་པ་ཡིན་ཏེ། དེས་རང་གི་དམིགས་པ་ལ་སྒྲོ་འདོགས་བཅད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། འདི་ཡང་རྗེས་ཀྱི་ངེས་ཤེས་ལ་མིང་བཏགས་པ་ཡིན་གྱི། རྣམ་པ་དངོས་ནི་ཏིང་ངེ་འཛིན་དུ་རྣམ་པར་མི་རྟོག་པ་ཉིད་དོ། །དེ་ལྟར་ན་གང་ལ་དམིགས་པའི་ཡུལ་སོགས་དང་ལྡན་པའི་འདིར་བསྟན་གྱི་རྣམ་པ་གསུམ་ཆོས་ཅན། ཆོས་ཀྱི་མཆོག་ཅེས་བྱ་སྟེ། འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། སྐབས་འདི་དག་ཏུ་ཆོས་ཉིད་མེད་དགག་གི་ཆ་དམིགས་ཡུལ་དུ་འཆད་པ་དང༌། ཉམས་སུ་མྱོང་བྱ་ཡེ་ཤེས་ཁོ་ན་ལ་འཆད་པ་འབྲེལ་མེད་དུ་འགྱུར་བ་མ་ཡིན་ཏེ། གཉིས་སྟོང་མེད་དགག་གི་ཆ་ཡུལ་དུ་བྱས་པས་གཟུང་འཛིན་གྱི་ཞེན་བློ་ཁེགས་པ་ན་གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བྱར་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །གསུམ་པ་ཆོས་ཅན་གྱི་ཆོས་སུ་བརྗོད་པ་འཆད་པའི་རྩོད་སྤང་ལ། དོགས་པ་ནི། དྲོད་འབྲིང་པོ་མན་ཆད་ཀྱི་དམིགས་རྣམ་བཅུ་གཅིག་པོ་བདེན་པའི་རྟེན་ཅན་ཡིན་པར་དངོས་སུ་མ་བརྗོད་པའི་ཕྱིར་ཆོས་ཅན་བདེན་པ་རྣམས་ཀྱི་ཆོས་མ་ཡིན་པར་འགྱུར་ལ། དེ་ལྟ་ན་དྲོད་འབྲིང་སོགས་ངེས་འབྱེད་ཆ་མཐུན་མ་ཡིན་པར་འགྱུར་རོ་སྙམ་པའོ། །ལན་ལ་གསུམ་སྟེ། དེ་ལྟར་དངོས་སུ་མ་བརྗོད་ཀྱང་དོན་གྱིས་གོ་བའི་ལན་དང༌། དངོས་སུ་མི་བརྗོད་པའི་རྒྱུ་མཚན་དང༌། བརྗོད་མི་དགོས་པའི་ཤེས་བྱེད་དོ། །དང་པོ་ནི། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་རྟེན་ཅན་ཞེས་བྱ་བ་མ་གཏོགས་པ་གཞུང་ལྷག་མ་རྣམས་སུ། དམིགས་པ་འདུ་འགོད་དང་བྲལ་བ། །རྣམ་པ་གནས་བྲལ་གནས་མེད་པ། །གཟུགས་སོགས་བདེན་པའི་རྟེན་ཅན་ནོ། །ཞེས་པ་ལྟ་བུ་དམིགས་པ་དང་རྣམ་པ་ཁྱད་པར་ཅན་གྱི་ཆོས་ཅན་དང་ཆོས་སུ་བརྗོད་པས་བརྗོད་པར་བྱ་བ་ཡིན་ཡང༌། གཞུང་ཕྱི་མ་རྣམས་སུ་གཟུགས་སོགས་འདུ་འགོད་གནས་བྲལ་དང༌། ཞེས་སོགས་དམིགས་པ་དང་རྣམ་པ་ཆོས་ཅན། བདེན་བཞིའི་ཆོས་གཞན་ལས་ཁྱད་པར་དུ་བྱས་པ་ཅན་ཆོས་འདུ་འགོད་དང་བྲལ་བ་ལྟ་བུ་ཆོས་གཞན་མི་སྤོང་བའི་ཚུལ་གྱིས་བརྗོད་པས་གཞུང་ཕྱི་མ་ཐམས་ཅད་དུ་བརྗོད་པ་ལ་ནི། ཆོས་ཅན་བདེན་པ་བཞིའི་ཆོས་སུ་མི་རྟོགས་པའི་སྐྱོན་མེད་དེ། གཟུགས་སོགས་འདུ་འགོད་དང་བྲལ་ཞེས་དང༌། གཟུགས་ཀྱི་འདུ་འགོད་དང་བྲལ་ཞེས་པ་ལྟ་བུ་ཆོས་དང་ཆོས་ཅན་གྱི་བརྗོད་ཚུལ་འདི་དག་ལ་ནི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཚུལ་གྱིས་བརྗོད་པ་མ་གཏོགས་པ། བརྗོད་བྱའི་དོན་གྱི་གོ་ཚུལ་ལས་ནི་ཁྱད་པར་འགའ་ཡང་མེད་དོ། །ཞེས་རྣམ་འགྲེལ་མཛད་པའི་ལུགས་ལས་འབྱུང་བའི་ཕྱིར། དེ་སྐད་དུ་ཡང༌། དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་འགྱུར་ཞེས། །ཞེས་དང༌། ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་བརྗོད་པར་བྱེད། །ཅེས་བརྗོད་ཚུལ་དེ་གཉིས་ཀས་ཀྱང་ཐལ་མོ་དང་ཁུ་ཚུར་ལྟ་བུ་སོར་མོའི་ཡོན་ཏན་དུ་སྟོན་པ་དང༌། གོ་བ་ལ་མཚུངས་པར་བཤད་དོ། །གཉིས་པ་ནི། དེ་ལྟར་དངོས་སུ་མི་བརྗོད་པའི་རྒྱུ་མཚན་ནི། ཚིག་ལེའུར་བྱས་པ་ལྷག་མ་རྣམས་བསྡེབས་པའི་ངོར་དམིགས་རྣམ་དང་པོའི་བརྗོད་ཚུལ་ལས་ཐ་དད་པ་ཉིད་དུ་སྟེ་མི་འདྲ་བར་བརྗོད་པའོ། །གསུམ་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན་དམིགས་རྣམ་ཕྱི་མ་རྣམས་ཆོས་ཅན་གྱི་ཆོས་ཡིན་པར་དངོས་སུ་བརྗོད་མི་དགོས་ཏེ། བདེན་པ་བཞི་པོ་དག་ལ་མངོན་པར་ཞེན་པ་ལ་སོགས་པ་བཀག་པ་ཁྱད་ཆོས་སུ་ལྡན་པ་དེ་ཉིད་ཁོ་ན་སྒྲུབ་པ་དང་དགག་པ་དང་བྲལ་བར་འགྱུར་བའི་རྟེན་ཆོས་ཅན་དུ་རིགས་པའི་ཕྱིར། དེ་ལྟར་བཤད་པ་དེ་ཆོས་ཅན། དྲོད་ཆེན་པོ་སོགས་འོག་མ་དག་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་ལ་སོགས་པའི་བདེན་པར་གཏོགས་པ་ཁོ་ན་དམིགས་པ་དང༌། རྣམ་པར་བྱ་བ་ཡིན་པའི་ལུང་རིགས་གཉིས་ཀ་མཚོན་ནུས་པའི་ཕྱིར། གཉིས་པ་མཚུངས་ལྡན་རྟོག་པའི་ཆོས་རྒྱས་པར་བཤད་པ་ལ་གསུམ་སྟེ། མཚམས་སྦྱར་བ་དང༌། དངོས་དོན་སོ་སོར་བཤད་པ་དང༌། ལྡན་ཚུལ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འདི་ཡན་ཆད་དུ། བཅོམ་ལྡན་འདས་དང་རབ་འབྱོར་གྱི་ཞུས་ལན་རེ་ཤིག་རྫོགས་ནས། ཤཱ་རིའི་བུས་གསོལ་པ་བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ལ་སློབ་པ་ལགས། བཀའ་སྩལ་པ། དེ་ལྟར་སློབ་པ་དེ་ཆོས་གང་ལ་ཡང་སློབ་པ་མེད་དོ། །དེ་ཅིའི་སླད་དུ་ཞེ་ན། ཤཱ་རིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོ་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། མཚུངས་ལྡན་རྟོག་པའི་ཁྱད་ཆོས་རྒྱས་པར་བཤད་པ་ཡིན་ཏེ། དེ་འཆད་བྱེད་དུ་རྗེ་བཙུན་གྱི་གཞུང་གི་བཤད་པའི་ཕྱིར། འགྲེལ་པ་ལ། གཟུང་བར་རྣམ་པར་རྟོག་པ་ནི་དབྱེ་གཞི། རྩ་བའི་དབྱེ་བ་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་གཉེན་པོའི་རྟེན་ཅན་ཉིད་ཀྱིས་རྣམ་པ་གཉིས་སུ་ཕྱེ་བ་ལས། ཡན་ལག་གི་དབྱེ་བ་མ་རིག་པ་དང་རྣམ་པར་བྱང་བའི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བས་སོ་སོར་རྣམ་པ་དགུ་དགུར་ཕྱེ་ནས་གསུངས་སོ། །དེ་བཞིན་དུ་འཛིན་པའི་རྣམ་པར་རྟོག་པ་དབྱེ་གཞི། རྩ་བའི་དབྱེ་བ་གང་ཟག་རྫས་སུ་ཡོད་པ་ལ་དམིགས་ནས་དང༌། སྐྱེས་བུ་བཏགས་པར་ཡོད་པ་ལ་དམིགས་ནས་འཛིན་པར་རྣམ་པར་རྟོག་པ་གཉིས་སུ་དབྱེ་བ་ཡིན་ལ། དེ་རེ་རེ་ལ་ཡང་ཡན་ལག་གི་དབྱེ་བ། བདག་རང་དབང་ཅན་དུ་འཛིན་པ་དང༌། ཕུང་པོ་ལ་སོགས་པ་བཏགས་པ་ཙམ་ལ་དམིགས་པ་ཉིད་ཀྱི་དབྱེ་བས་མདོ་ལས་སོ་སོར་དགུ་དགུ་ཉིད་དུ་ཕྱེ་ནས་གསུངས་སོ། །གཉིས་པ་ལ། མཚམས་སྦྱར་བ་ནི། མདོར་བསྡུས་པ་དེ་ལ་དོན་རྒྱས་པར་བཤད་ན་འདི་ཡིན་ཏེ། ཞེས་པའོ། །རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཀུན་ནས་ཉོན་མོངས་གཟུང་རྟོག་རྒྱས་པར་བཤད་པ་ལ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་ངོ་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པའི་དབྱེ་བས་སོ། །དགུ་པོ་གང་ཞེ་ན། དམིགས་པའི་དབང་དུ་བྱས་པ་ནི་རྩ་བ་མ་རིག་པ་དང༌། གཟུགས་སོགས་ཉེ་བར་ལེན་པའི་ཕུང་པོ་དང༌། ངོ་བོའི་དབང་དུ་བྱས་པ་མིང་དང་གཟུགས་ལ་མངོན་པར་ཞེན་པ་དང༌། འབྲས་བུའི་དབང་དུ་བྱས་པ་མཐའ་གཉིས་ལ་ཆགས་པ་དང༌། ཉེས་དམིགས་ཀྱི་དབང་དུ་བྱས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་ཤེས་པ་དང༌། འཕགས་པའི་ལམ་ལ་མི་གནས་པ་དང༌། ཉོན་མོངས་འཕེལ་བའི་དབང་དུ་བྱས་པ་དམིགས་པ་དང་བདག་དང་གཞན་ལ་སོགས་པ་དང༌། ཡོན་ཏན་གྱི་དབང་དུ་བྱས་པ་རྣམ་པར་དག་པའི་ཆོས་བསྐྱེད་པ་ལ་སོགས་པ་སྟེ། སྡུག་ཀུན་གྱིས་ཡིད་རབ་ཏུ་མ་ཕྱུང་ན་ངེས་འབྱུང་གི་བློ་མི་སྐྱེ་བའི་ཕྱིར། གཉིས་པ་ནི། གཉེན་པོའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་ངོ་གཟུང་བར་རྣམ་པར་རྟོག་པ་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །དགུ་པོ་གང་ཞེ་ན། རྣམ་བྱང་གི་དབང་དུ་བྱས་པའི་ཕུང་པོ་དང་སྐྱེ་བའི་སྒོ་སྟེ་སྐྱེ་མཆེད་དང༌། རིགས་ཏེ་ཁམས་དང༌། མ་རིག་པ་འགགས་པས་ཡེ་ཤེས་སྐྱེ་བ་སོགས་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། ཕ་རོལ་ཏུ་ཕྱིན་པའི་དོན་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་ལམ་རྣམས་སོ། །གསུམ་པ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་ངོ་འཛིན་པར་རྣམ་པར་རྟོག་པ་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །དགུ་པོ་གང་ཞེ་ན། ཀུན་རྫོབ་པའི་བདག་དང་དོན་དམ་པའི་བདག་ཏུ་འཛིན་པ་གཉིས་ལས། དང་པོ་ནི། བདག་རང་དབང་ཅན་དང༌། གཅིག་པུ་དང༌། རྒྱུ་དང༌། ལྟ་བ་པོ་ལ་སོགས་པའི་བར་དང༌། མ་རིག་པ་སོགས་ཀུན་ནས་ཉོན་མོངས་པའི་རྟེན་འབྲེལ་དང༌། འཇིག་རྟེན་གྱི་འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་ཏུ་སྒྲོ་བཏགས་པའི་བཏགས་ཡོད་དང༌། མཐོང་བ་དང༌། སྒོམ་པའི་ལམ་དང༌། གཉིས་པ་ནི། དོན་གཉིས་མཐར་ཕྱིན་པར་བྱས་པ་མི་སློབ་པའི་ལམ་གྱི་རྟེན་དུ་གྱུར་པ་དོན་དམ་པའི་བདག་རྣམས་སོ། །བཞི་པ་ནི། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་ངོ་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །དགུ་པོ་གང་ཞེ་ན། སོ་སོ་སྐྱེ་བོའི་གང་ཟག་གི་གདགས་གཞི་ལ་བཏགས་པའི་བཏགས་ཡོད་དང༌། འཕགས་པའི་གང་ཟག་གི་གདགས་གཞི་ལ་བཏགས་པའི་བཏགས་ཡོད་གཉིས་ལས། དང་པོ་ནི། ཀུན་ནས་ཉོན་མོངས་ཀྱི་ཕྱོགས་སུ་གྱུར་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའོ། །གཉིས་པ་ནི། རྣམ་པར་བྱང་བ་བྱང་ཕྱོགས་སོ་བདུན་གྱི་ཆོས་ཉིད་དང༌། མཐོང་བ་དང་སྒོམ་པ་དང་ཁྱད་པར་གྱི་ལམ་དང༌། མི་སློབ་པའི་ལམ་གྱི་ཆོས་དབྱིངས་རྣམས་སོ། །གསུམ་པ་ནི། དེ་ལྟ་བུའི་དགག་སྒྲུབ་ཀྱི་རྣམ་པར་རྟོག་པ་བཞི་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཤད་མ་ཐག་པ་བཞི་པོ་གྲངས་བཞིན་དུ་དབང་དང་མངོན་གྱུར་གང་རུང་གི་སྒོ་ནས་མཚུངས་པར་ལྡན་པ་ཡིན་ནོ། །དགག་རྟོག་མངོན་གྱུར་དང་མཚུངས་པར་ལྡན་མོད། སྒྲུབ་རྟོག་དབང་ཙམ་དང་ལྡན་པ་ཇི་ཞེ་ན། ཐེག་ཆེན་གྱི་ངེས་འབྱེད་ཆ་བཞི་པོ་སྤང་བྱ་རིགས་གཉིས་ཀྱི་སྒྲུབ་རྟོག་མངོན་གྱུར་བ་མགོ་གནོན་པའི་སྦྱོར་བ་ཉེར་བསྡོགས་སུ་གྱུར་པའི་ཕྱིར་རོ། །སྐབས་འདིར་རྟོག་པ་བཞིའི་བསྡུ་བ་དང༌། ལྡན་ཚུལ་དང་སྤོང་ཚུལ་རྣམས་འདི་ལྟར་བཤད་ན་གོ་བདེ་བ་ཡིན་ཏེ། སྤྱིར་རྫས་འཛིན་ཞེས་པ་བདེན་འཛིན་དང༌། བཏགས་འཛིན་ཞེས་པ་བདེན་མེད་དུ་ཞེན་པའོ། །དེ་རེ་རེ་ལ་ཡང༌། གཟུང་བ་ལ་རྫས་བཏགས་སུ་ཞེན་པ་དང༌། འཛིན་པ་ལ་རྫས་བཏགས་སུ་ཞེན་པ་གཉིས་གཉིས་སུ་ཕྱེད། དེ་ལ་ཡང་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་བ་ལ་རྫས་བཏགས་སུ་ཞེན་པ་དང༌། རྣམ་བྱང་གི་ཕྱོགས་ཀྱི་གཟུང་བ་ལ་རྫས་བཏགས་སུ་ཞེན་པ་གཉིས་སུ་འབྱེད་ལ། འཛིན་པ་ལ་རྫས་བཏགས་སུ་ཞེན་པ་ལ་ཡང༌། གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་འཛིན་པའི་དབྱེ་བས་གཉིས་དང་གཟུང་བ་ལ་ཡང་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་བ་གཉིས་སུ་འབྱེད་ལ། དེ་རེ་རེ་ལ་ཡང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་དབང་དུ་བྱས་པའི་དབྱེ་བས་གཉིས་སུ་ཕྱེ་སྟེ། མདོར་ན་བདེན་པར་འཛིན་པ་རྣམས་ནི་སྒྲུབ་རྟོག་དང༌། བདེན་མེད་དུ་ཞེན་པ་རྣམས་དགག་རྟོག་ཏུ་བཞག་གོ །ལྡན་ཚུལ་ནི། གཟུང་རྟོག་ཏུ་གྱུར་པའི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་ལ་བརྟེན་པའི་སྒྲུབ་རྟོག་གཉིས་དང༌། འཛིན་རྟོག་ཏུ་གྱུར་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཕྱོགས་ལ་བརྟེན་པའི་རྫས་འཛིན་རྟོག་པ་སྟེ་གསུམ་པོ་ནི་གོ་རིམ་བཞིན་དུ་ངེས་འབྱེད་ཆ་མཐུན་དང་པོ་གསུམ་གྱིས་མགོ་གནོན་པའི་གཉེན་པོ་བྱེད་པས་མངོན་གྱུར་དང་མི་ལྡན་ལ། དབང་དང་ནི་ལྡན་ཏེ། ངེས་ཆ་གསུམ་པའི་རྗེས་ཐོབ་ཏུ་སྒྲུབ་རྟོག་མངོན་གྱུར་བ་འབྱུང་བའི་ཕྱིར། ཡང་གཟུང་བ་དང་འཛིན་པ་ཆོས་དང་གང་ཟག་གི་དབང་དུ་བྱས་ཀྱང་འདྲ་སྟེ། བཏགས་པ་ཙམ་དུ་ཞེན་པའི་རྟོག་པ་མངོན་གྱུར་བ་དང་ནི་འབྱེད་ཆ་བཞི་ཀའི་མཉམ་གཞག་ཏུ་མཚུངས་པར་ལྡན་ལ། དམིགས་བསལ་ནི། ཆོས་མཆོག་གི་མཉམ་གཞག་ཏུ་མཐོང་སྤང་དུ་གྱུར་པའི་སྒྲུབ་རྟོག་བཞི་ཀ་དབང་དང་ལྡན་པ་ཁེགས་ཤིང༌། ས་བོན་ཙམ་དང་ལྡན་ལ། མཐོང་སྤང་དུ་གྱུར་པའི་བཏགས་འཛིན་རྟོག་པ་ནི་ཆོས་མཆོག་ཆེན་པོའི་སྐབས་སུ་ཡང་མངོན་དུ་མི་འགྱུར་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་གྱུར་པའི་ཕྱིར་རོ། །ངེས་འབྱེད་ཆ་བཞིའི་མཉམ་གཞག་ཏུ་དགག་རྟོག་མངོན་གྱུར་བ་དང་མཚུངས་པར་ལྡན་ཡང༌། དེར་མི་འགྱུར་བའི་ཤེས་བྱེད་ནི། དཔེར་ན་གཟུགས་འཛིན་མིག་གི་རྣམ་ཤེས་ཁ་ཅིག་ཆགས་སོགས་དང་མཚུངས་པར་ལྡན་ཡང་དེར་མི་འགྱུར་བ་བཞིན་ནོ། །སྤོང་ཚུལ་ལ། སྤྱིའི་བཤད་པ་དང༌། ཁྱད་པར་དུ་བཤད་པ་གཉིས་ལས། དང་པོ་ནི། གང་ཟག་གི་དབང་དུ་བྱས་པའི་གཟུང་བ་ལ་བདེན་པར་འཛིན་པ་ནི་ཉན་ཐོས་དགྲ་བཅོམ་པ་དང༌། ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་བ་ལ་བདེན་པར་འཛིན་པ་ནི་རང་རྒྱལ་དགྲ་བཅོམ་པས་སྤངས་མོད། དེ་དག་ལ་བཏགས་པ་ཙམ་དུ་ཞེན་པའི་རྟོག་པ་དང༌། གང་ཟག་དང་གཟུང་བ་ཕྱི་རོལ་གྱི་དབང་དུ་བྱས་པའི་འཛིན་པ་ལ་བདེན་པར་འཛིན་པ་ནི་དམན་པའི་དགྲ་བཅོམ་གྱིས་མ་སྤངས་ཤིང་སྤོང་བྱེད་ཀྱི་གཉེན་པོ་ཡང་མེད་དོ། །འོ་ན་ཐེག་ཆེན་གྱི་ངེས་ཆ་དང་པོ་གཉིས་དང་ཁྱད་པར་མེད་དམ་ཞེ་ན། མ་ཡིན་ཏེ། ཐེག་ཆེན་གྱི་ངེས་ཆ་དང་པོ་གཉིས་ཀྱིས་ནི་གང་ཟག་དང་ཕྱི་རོལ་གྱི་དོན་ཙམ་དུ་མ་ཟད། ཀུན་བྱང་གི་ཆོས་ཇི་སྙེད་པའི་གཟུང་བ་མཐའ་དག་རང་བཞིན་མེད་པར་དགོངས་ཤིང་རྟོགས་པ་དང༌། འཛིན་པའི་ཆོས་མཐའ་དག་རང་བཞིན་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་པ་ཡང་སྔོན་དུ་སོང་བས་སོ། །འོ་ན་ངེས་ཆ་ཕྱི་མ་གཉིས་དང་ཁྱད་པར་ཅི་ཞེ་ན། གཟུང་འཛིན་གཉིས་ཀ་བདེན་མེད་དུ་ཐོས་བསམ་གྱིས་གཏན་ལ་ཕེབས་པར་འདྲ་ཡང༌། སྒོམ་བྱུང་གི་བློས་གོམས་པར་བྱེད་མི་བྱེད་ཀྱི་ཁྱད་པར་ཅན་ནོ། །གཞན་དག་ཐེག་ཆེན་གྱི་དྲོད་སོགས་དང་པོ་གཉིས་ཀྱིས་ཀྱང་གཟུང་འཛིན་གྱི་ཆོས་མཐའ་དག་རང་བཞིན་མེད་པ་ཉིད་དུ་གོམས་པར་བྱེད་དོ་ཞེས་ཟེར་བ་ནི་རྒྱན་རྩ་འགྲེལ་གཉིས་ཀའི་དགོངས་པ་དང་མི་མཐུན་པས། མདོ་སྡེའི་རྒྱན་ནས་ཇི་སྐད་གསུངས་པ་དེ་ཉིད་འདིར་ཡང་ཁས་ལེན་དགོས་པར་འགྲེལ་ཆེན་དང་ལེའུ་བརྒྱད་མའི་བསྡུས་དོན་གཉིས་ཀ་ལས་གསུངས་སོ། །འོ་ན་མདོ་སྡེའི་རྒྱན་ལས་བཟོད་པའི་གནས་སྐབས་སུ་འཛིན་པའི་རྣམ་པར་གཡེང་བ་ལུས་པར་བཤད་པས་འདིར་བཤད་པ་དང་མི་མཐུན་ནོ་ཞེ་ན། མ་ཡིན་ཏེ། རྒྱན་དེར་རྫས་འཛིན་དང་བཏགས་འཛིན་སོ་སོར་ཕྱེ་བ་མེད་ཀྱང་བཟོད་པར་འཛིན་རྟོག་རགས་པའི་གཉེན་པོ་ཐོབ་ཀྱང་ཕྲ་མོའི་གཉེན་པོ་མ་ཐོབ་པས་རྣམ་གཡེང་དེ་ལུས་པ་དང་ཆོས་མཆོག་ཏུ་དེའི་གཉེན་པོ་ཐོབ་པས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པར་བཤད། ཕྲ་རགས་ཀྱི་ཁྱད་པར་ཡང་རྫས་བཏགས་ཀྱིས་འབྱེད་པ་རྗེ་བཙུན་གྱི་དགོངས་པ་སྟེ། འདི་ཉིད་དུ་དེ་ལྟར་བཤད་པས་སོ། །མདོར་ན་ཆོས་མཆོག་མ་ཐོབ་པ་དེ་སྲིད་དུ་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་གོམས་པར་བྱེད་པ་མེད་ཅིང༌། སེམས་ཙམ་གྱི་ལྟ་བས་ཐོབ་པའི་སྦྱོར་ལམ་ལ་ནི་ཐེག་ཆེན་གྱི་དྲོད་རྩེ་གཉིས་སྲིད་ཀྱི། སྔ་རབས་པ་དག་བཟོད་པ་ཡང་སྲིད་པར་འཆད་པ་ནི་རྒྱན་འདིའི་རྩ་འགྲེལ་དང་མ་མཐུན་ནོ། །གཉིས་པ་ཁྱད་པར་དུ་བཤད་པ་ལ། རྒྱན་འདིར་རྟོག་པ་དགུ་བཞི་སོ་དྲུག་པོ་ལ་བཤད་ཚུལ་གསུམ་འབྱུང་སྟེ། སྐབས་དང་པོར་སྤང་བྱ་རིགས་གཉིས་སུ་སོ་སོར་མ་ཕྱེ་བ་དང༌། སྐབས་ལྔ་པར་སོ་སོར་ཕྱེ་ནས་བཤད་པའོ། །དེའི་གོ་བ་ཡང་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་ནི་མཐོང་སྒོམ་སོ་སོར་མ་ཕྱེ་བའི་སྤང་བྱ་རྟོག་པ་བཞི་ཀ་མགོ་གནོན་པའི་གཉེན་པོ་བྱེད་པ་དང༌། མཐོང་སྒོམ་གྱིས་ནི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ས་བོན་སོ་སོར་ཕྱེ་ནས་སྤོང་བ་ལ་དགོངས་པའོ། །མཐོང་ལམ་གྱི་རྗེས་ཐོབ་ཏུ་མཐོང་སྤང་གཟུང་འཛིན་གྱི་རྟོག་པ་ལྡན་ཚུལ་གསུམ་ཀ་མེད་མོད། སྒོམ་སྤང་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་གཉིས་ཀ་འབྱུང་སྲིད་ལ། དེ་ཡང་རྫས་བཏགས་ཀྱི་རྟོག་པ་གཅིག་ལས་གཅིག་མངོན་དུ་གྱུར་ཚེ་ཅིག་ཤོས་མི་འབྱུང་བ་ནི་ས་བདུན་པ་མན་ཆོད་ཀྱི་རྗེས་ཐོབ་ཐམས་ཅད་དུ་འདྲ་བ་ཡིན་ཏེ། དེར་ལམ་གྱི་དངོས་པོའི་རྒྱུན་དང་མི་ལྡན་པར་བཤད་པས་སོ། །ས་བརྒྱད་པ་ཡན་ཆད་དུ་སྒྲ་དོན་འཛིན་པའི་རྟོག་པ་དང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཉིས་ཀས་ཀྱང་ལམ་གྱི་བར་ཆད་བྱེད་མ་ནུས་པ་ལམ་གྱི་དངོས་པོའི་རྒྱུན་དང་ལྡན་པ་དང༌། མི་རྟོག་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པར་རྒྱན་གཉིས་ཀ་ལས་གསུངས་སོ། །སྐབས་ལྔ་པར་སྤང་བྱ་གཉིས་པོ་འདིའི་ནང་དུ་མ་འདུས་པའི་བསལ་བྱ་ལོག་སྒྲུབ་བཤད་པ་ལྟར་ན། དེ་དག་ཏུ་མ་འདུས་པའི་གནས་ངན་ལེན་གྱི་བག་ཆགས་རྒྱུན་མཐའི་ཡེ་ཤེས་ཀྱིས་སྤོང་བར་དགོངས་སོ། །དེ་བས་ན་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཀྱི་ངོ་བོ་ནི་སྒྲ་དོན་འཛིན་པའི་རྟོག་པ་ལྟ་ཅི་སྨོས། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་ཡང་མི་རུང་བར་མདོ་སྡེ་རྒྱན་དུ་གསུངས་པས་ན། ཆོས་ཉིད་ཀྱི་ཤེས་རྣམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དུ་འཇོག་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་སུ་རྣམ་པར་བཞག་གོ །གསུམ་པ་ཡོངས་འཛིན་གྱི་ཁྱད་པར་ལ་གསུམ་ལས། མཚམས་སྦྱར་བ་ནི། མདོར་བསྟན་དུ་ཡོངས་འཛིན་གྱི་ཁྱད་ཆོས་ཚིགས་བཅད་སྦྱར་བདེ་བའི་དབང་དུ་བྱས་ནས་རྟོག་པའི་སྔར་གསུངས་ཀྱང༌། རྒྱས་བཤད་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཡོངས་འཛིན་རྟོག་པའི་འཇུག་ཐོགས་སུ་གསུངས་པ་ཆོས་ཅན། རྒྱུ་མཚན་དང་དགོས་པ་གཉིས་དང་བཅས་ཏེ། མདོའི་གོ་རིམ་ཇི་ལྟ་བ་བཞིན་དུ་ཡིན་པ་དང༌། ཡོངས་འཛིན་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་རྟོག་པ་བཞི་པོ་ཐེག་ཆེན་སྦྱོར་ལམ་དུ་མ་ཟད་མཐོང་སྒོམ་ལམ་གྱི་ཡང་ཁྱད་ཆོས་སུ་འགྱུར་རོ། །ཞེས་བསྟན་པའི་ཕྱིར་ཡིན་པས་སོ། །འདིའི་དོན་ལ་གཞན་དག དེའི་སྟོབས་ཀྱིས་རྣམ་རྟོག་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ཡིན་ཞེས་ཟེར་མོད། ཇི་སྲིད་རྫོགས་སྨིན་སྦྱང་གསུམ་མ་བྱས་ཀྱི་བར་དུ་རྣམ་པར་རྟོག་པ་ཕྲ་རགས་ཆེད་དུ་གཉེར་ནས་མི་སྤོང་བར་མཚུངས་ལྡན་དུ་འཇོག་པ་ནི་ཡོངས་འཛིན་ཐབས་ལ་མཁས་པའི་ཁྱད་པར་ཏེ། ས་བརྒྱད་པར་ནི་རྣམ་པར་རྟོག་པ་མེད་ཀྱང༌། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པས་འགོག་པ་ལས་སློང་བར་མཛད་དོ། །གཉིས་པ་རྩ་བ་ལ། རྫས་འཛིན་རྟོག་པ་རྫོགས་པ་ན། ཤཱ་རིའི་བུའི་ཞུས་ལན་གྱིས་མཚམས་བཅད་ནས། བཏགས་འཛིན་རྟོག་པར་རབ་འབྱོར་དང་ཞུས་ལན་མཛད་པ་ལ་འཕྲོས་ནས། དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ན། ཞུམ་ཞིང་དངང་བ་དང༌། ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། ཐེག་པ་ལ་གསར་དུ་ཞུགས་པ་དེ་ཐབས་མི་མཁས་པ་དགེ་བའི་བཤེས་གཉེན་གྱི་ལག་ཏུ་སོང་བར་མ་གྱུར་ན་ནི་དེ་ལྟར་འགྱུར་རོ། །གསོལ་པ་ཐབས་ལ་མཁས་པ་དེ་གང་ལགས། རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཐེག་པ་ཆེན་པོའི་ཡོངས་འཛིན་བསྟན་པ་ཡིན་ཏེ། མདོ་དེའི་དོན་ནང་ཐབས་མཁས་དང༌། ཕྱི་དགེ་བཤེས་དང༌། དེ་གཉིས་ཀའི་མི་མཐུན་ཕྱོགས་བོར་བ་དང་གསུམ་གྱི་ཁྱད་པར་ཅན་དུ་རྗེ་བཙུན་གྱིས་བཤད་པའི་ཕྱིར། འགྲེལ་པ་ནི། ཁྱད་པར་གསུམ་དང་ལྡན་པའི་མཆོག་གི་སྤྲུལ་སྐུ་ཆོས་ཅན། ཐེག་པ་ཆེན་པོའི་ཡོངས་སུ་འཛིན་པ་ཡིན་ཏེ། དེའི་དགེ་བའི་བཤེས་གཉེན་ཡིན་པས་སོ། །གསུམ་པོ་གང་ཞེ་ན། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང༌། དངོས་གཞི་སྟོང་པ་ཉིད་ལ་སེམས་མི་འགོང་ཞིང་མི་སྐྲག་པ་དང༌། སོགས་པ་ཞེས་བྱ་བའི་སྒྲས་རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་སོགས་ཀྱི་ཐབས་ལ་མཁས་པ་དང༌། ཤེས་རབ་ཀྱི་ཁྱད་པར་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་དངོས་པོ་མཐའ་དག་བདག་མེད་པ་ལ་སོགས་པར་སྟོན་པ་དང༌། སྤངས་པའི་ཁྱད་པར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་མི་ལྡན་པའོ། །གཉིས་པ་དོན་དམ་པའི་རྟེན་ཆོས་དབྱིངས་བཤད་པ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཐེག་ཆེན་སྒྲུབ་པའི་ཀུན་རྫོབ་ཀྱི་རྟེན་ཐོས་བསམ་སྒོམ་གསུམ་བཤད་པའི་འོག་ཏུ། སྒྲུབ་པའི་དོན་དམ་པའི་རྟེན་དུ་གྱུར་པའི་རིགས་འཆད་པའི་རྒྱུ་མཚན་ཡོད་དེ། བཤད་མ་ཐག་པའི་ཐོས་བསམ་སྒོམ་གསུམ་གྱིས་རྒྱས་པར་བྱས་པའི་ཆོས་དབྱིངས་དང་ལྡན་པ་ལ་ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་ལམ་ལ་སོགས་པའི་ངོ་བོར་གྱུར་པའི་སྒྲུབ་པ་བཞི་པོ་གཞན་ཡང་འབྱུང་བས་སོ། །འདིར་སེམས་བསྐྱེད་སོགས་སྐྱེ་བ་ལ་རང་བཞིན་གནས་རིགས་སྔོན་དུ་འགྲོ་དགོས་མོད། སེམས་བསྐྱེད་སོགས་ཀྱིས་རྒྱས་པར་བྱས་པའི་ཆོས་དབྱིངས་སུ་གྱུར་པ་དེ་ནས་ཐེག་ཆེན་སྒྲུབ་པའི་རྟེན་དུ་འཇོག་པས་གོ་རིམ་དེ་ལྟར་ངེས་སོ། །རྩ་བ་ལ། རབ་འབྱོར་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །ཞེས་སོགས་ཡུམ་གྱི་མདོ་ཚན་བཅུ་གསུམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་བཅུ་གསུམ་དུ་ཕྱེ་བ་ཡིན་ཏེ། དེ་ལྟར་འབྱེད་པ་དེ་རྟོགས་པ་ཞེས་སོགས་རྩ་བའི་གཞུང་འདིས་བཤད་པའི་ཕྱིར། སྐབས་འདིའི་མདོ་དང་རྒྱན་གྱིས་བྱང་ཆུབ་སེམས་དཔའ་ལ་བདེན་པ་གཉིས་སུ་ཕྱེ་ནས། དོན་དམ་བདེན་པའི་བྱང་ཆུབ་སེམས་དཔའ་དེ་ཐེག་ཆེན་སྒྲུབ་པའི་རྟེན་དུ་བཤད་པ་ཡིན་ཏེ། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཞེས་པའི་ཚིག་གི་དོན་གང་ཡིན་ཞེས་ཞུས་པའི་ལན་དུ། མདོ་དེ་དག་གསུངས་པས་སོ། །གསུམ་པ་འགྲེལ་པ་ལ། རྟེན་ཆོས་སྒྲུབ་པའི་དབྱེ་བ་དང༌། དེ་དག་གི་གྲངས་ངེས་དང་གོ་རིམ་བསྟན་པ། དོན་དམ་པའི་རྟེན་ཉིད་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། ངོ་བོའི་སྒོ་ནས་རྟོགས་པའི་ཆོས་དྲུག་ཏུ་འདུས་པ་དང༌། དེ་དག་ལ་ཡོན་ཏན་སོ་སོའི་དབྱེ་བས་བདུན་དུ་ཕྱེ་བའི་ཚུལ་ལོ། །དང་པོ་ནི། རྟོགས་པའི་ཆོས་དྲུག་པོ་གང་ཞེ་ན། རེ་ཤིག་སྒྲུབ་པ་བཅུ་གསུམ་གྱི་དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་སོ་སོར་བགྲངས་པ་དང༌། མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་དག་གོ །གཉིས་པ་ལ་བདུན་ལས། དང་པོ་ནི། སྤྱིར་བཤད་པ་དེའི་འོག་ཏུ་ཆོས་དྲུག་པོ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱིར་ཕྱུང་བའི་དཔེས་བསྟན་ལ། རྗེས་མཐུན་པ་སྤོང་གཉེན་ཙམ་དང༌། ཁྱད་པར་ཅན་བར་ཆད་མེད་ལམ་གྱི་སྒྲུབ་པ་དག་འབྱུང་ལ། དེ་དག་ཀྱང་རང་གི་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་ཡིན་ནོ། །གོམས་པའི་སྟོབས་ཀྱིས་ཆོས་དབྱིངས་ཡེ་ཤེས་དང་དབྱེར་མེད་དུ་འགྱུར་བའི་ཕྱིར། འོག་མ་དག་ལའང་སྦྱོར་ཚུལ་དེ་བཞིན་ནོ། །གཉིས་པ་ནི་སྒོ་འཕར་བཅད་པའི་དཔེས་བསྟན་པའི་རྣམ་གྲོལ་ལམ་གྱི་སྒྲུབ་པ་དག་འབྱུང་ལ། དེ་ཡང་ཆོས་དབྱིངས་ལ་བརྟེན་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཇི་སྙེད་པ་ཆོས་དབྱིངས་དང་གཉིས་སུ་དབྱེར་མེད་པའི་ཕྱིར། ཞར་ལ་སྤང་གཉེན་སྐྱེ་འགག་བྱེད་ཚུལ་བསྟན་པ་ནི། གཉེན་པོ་བར་ཆད་མེད་ལམ་སྐྱེས་པ་ལ་མངོན་དུ་ཕྱོགས་པ་དང༌། དེའི་ངོས་སྐལ་གྱི་སྤང་བྱ་མངོན་གྱུར་བའི་རྒྱུན་འགགས་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། གཉེན་པོ་དེ་རྫོགས་པར་སྐྱེས་ཟིན་པ་དང་སྤང་བྱ་དེ་ཉིད་ཀྱི་ས་བོན་འགགས་པ་དང༌། སྐབས་དེའི་རྣམ་གྲོལ་ལམ་སྐྱེས་པ་གསུམ་པོ་དུས་མཉམ་དུ་འབྱུང་ངོ༌། །དཔེར་ན་སྤང་བྱ་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བཅས་ཀྱི་ངོ་བོར་སྐྱེ་བས་གཉེན་པོ་ཡང་དེར་སྐྱེ་བ་དང་ལྷན་ཅིག་པ་མི་སྲིད་ལ། ས་བོན་ནི་ཀུན་གཞི་ལ་གནས་པས་ཕྲད་ནས་སྤོང་བ་དང༌། བག་ཆགས་ནི་གནས་དེ་ལ་གནས་ཀྱང་ཇི་སྲིད་རྒྱུན་མཐར་མ་ཕྱིན་པའི་བར་སྤོང་མི་ནུས་པའོ། །གསུམ་པ་ནི། ས་བདུན་པ་མན་ཆད་དུ་བཤད་མ་ཐག་པའི་སྒྲུབ་པ་གཉིས་པོ་གཙོ་ཆེ་ལ། ས་བརྒྱད་པར་ནི་སྤང་གཉེན་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་དག་སྤངས་པ་ཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་པའི་ཕྱིར། བཞི་པ་ནི། དེའི་འོག་ཏུ་ས་དགུ་པའི་དངོས་གཞི་ལ། སྨོན་ལམ་དང་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མཚན་ཉིད་ཅན་གྱི་ཤེས་རབ་དང་ཐབས་སྙིང་རྗེ་ཆེན་པོ་ཐོབ་སྟེ། སྲིད་ཞིའི་མཐའ་གཉིས་ཀྱི་དོགས་པ་དང་བྲལ་བས་སངས་རྒྱས་རྣམས་ཀྱིས་འགོག་པ་ལས་སློང་བ་སོགས་མི་དགོས་པའི་ཕྱིར། ལྔ་པ་ནི། དེའི་འོག་ཏུ་ས་དགུ་པའི་རྗེས་ཐོབ་ལ་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཐོབ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། གཞན་ངོར་མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་སྟོན་པར་ནུས་པའི་ཡོན་ཏན་ཐོབ་པའི་ཕྱིར། དྲུག་པ་ནི། ས་དགུ་པར་ཡོན་ཏན་དེ་ཐོབ་པའི་འོག་ཏུ་ས་བཅུ་པར་གཞན་གྱི་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་འབྱུང་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་སོགས་བརྒྱད་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། ཆོས་འཁོར་དེའི་ཡོན་ཏན་ཀྱང༌། གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་ནས་བསྐོར་བས་གདུལ་བྱ་ཐེག་པ་གསུམ་གྱི་ལམ་ལ་འགོད་པར་ནུས་པའི་མཚན་ཉིད་ཅན་ནོ། །ཁྱད་ཆོས་བདུན་པ་ནི། གཞན་ངོར་འཕྲིན་ལས་བྱེད་ཚུལ་སངས་རྒྱས་དང་མཉམ་པ་དེ་ལྟ་ན་དེ་དང་ཁྱད་པར་མེད་དམ་ཞེ་ན་མ་ཡིན་ཏེ། ས་བཅུ་པར་ནི་རྫོགས་སྨིན་སྦྱང་གསུམ་མཐར་མ་ཕྱིན་པས་གཞན་དོན་བྱེད་པའི་ཚེ་ཆོས་དབྱིངས་ལ་མཉམ་པར་གཞག་ལྡང་སྤེལ་མར་བྱེད་དགོས་ལ། སངས་རྒྱས་ཀྱི་སར་ནི་འབད་རྩོལ་གྱི་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་གཞན་གྱི་དོན་མཐར་ཕྱིན་པའི་ཡེ་ཤེས་འབྱུང་བའི་ཕྱིར། འདིའི་དངོས་བསྟན་མདོ་འགྲེལ་དུ་སངས་རྒྱས་ཀྱི་སར་བཞག་ཀྱང༌། དེའི་དངོས་རྒྱུ་རྒྱུན་མཐའི་ཡེ་ཤེས་སྒྲུབ་པ་བཅུ་གསུམ་པར་འཆད་དགོས་སོ། །གཉིས་པ་ནི། གདམས་ངག་ཏུ་མ་ཟད་སྒྲུབ་པ་བཅུ་གསུམ་པོ་འདིས་ཀྱང་ཐེག་ཆེན་སྐྱེས་བུའི་འདོད་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ཏེ། ཇི་སྐད་བཤད་ཟིན་པ་འདི་དག་འདི་ནི་རྟོགས་པ་སྐྱེ་བའི་གོ་རིམ་ཡིན་པས་སོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོའི་སེམས་ཀྱི་ཆོས་དབྱིངས་ཆོས་ཅན། ཁྱོད་ཁོ་ན་ལ་གཞུང་འདིར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཞེས་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་སྒྲུབ་པའི་ཆོས་བཅུ་གསུམ་པོ་དང་པོར་སྐྱེ་བའི་གཞི་དང༌། བར་དུ་གནས་པའི་གཞི་དང༌། ཐ་མར་འཚང་རྒྱ་བའི་གཞིར་གྱུར་པའི་ཕྱིར། བཅུ་གསུམ་དུ་ཇི་ལྟར་དབྱེ་ཞེ་ན། དྲོད་སོགས་ཀྱི་གནས་སྐབས་ཐ་དད་པའི་བྱེ་བྲག་གིས་སོ། །འདིར་ཁོ་ནའི་སྒྲས་རིགས་ཀྱི་འདོད་ཚུལ་གཞན་འགོག་པ་ཡིན་ཞེས་ཟེར་མོད། སྐབས་ཀྱི་དོན་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་ཞེས་བྱ་བ་དེ་ཉིད་བསྟན་པ་ཡིན་ཏེ། ཀུན་རྫོབ་པའི་བྱང་ཆུབ་སེམས་དཔའ་སྒྲུབ་པའི་རྟེན་མ་ཡིན་པར་བཤད་པས་སོ། །འོ་ན་རྟེན་ཆོས་སྒྲུབ་པ་བཅུ་གསུམ་པོ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། འཇིག་རྟེན་ལས་འདས་པའི་སྒྲུབ་པ་ནི། ཆོས་དབྱིངས་སུ་རོ་གཅིག་ལ། འཇིག་རྟེན་པའི་སྒྲུབ་པ་ནི་ཀུན་རྫོབ་པའི་ཆོས་སོ། །ཆོས་ཀྱི་དབྱིངས་ནི་ཡེ་ཤེས་ལ་འཆད་དགོས་པ་ཡིན་གྱི། མེད་པར་དགག་པ་ལ་མི་རུང་སྟེ། རང་སྟོང་གི་ལྟ་བ་མཐར་ཐུག་པའི་ཚེ་ན་སྒྲུབ་པ་ཉིད་ཀྱང་རང་གི་ངོ་བོས་སྟོང་ན། རྟེན་བརྟེན་པའི་རྣམ་གཞག་མི་འཐད་པའི་ཕྱིར། འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་འཇོག་མཚམས་མཐར་ཐུག་པ་སྟེ། གཞུང་འགྲེལ་ཉིད་ལས་བཤད་པ་མང་དུ་འབྱུང་ངོ༌། །གཉིས་པ་ལ་གཉིས་ལས། རྩོད་པ་ནི། གལ་ཏེ་ཆོས་ཀྱི་དབྱིངས་ཁོ་ན་ལ་སངས་རྒྱས་ཀྱི་རིགས་སུ་བྱེད་པ་དེའི་ཚེ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སྟོབས་སོགས་རྣམས་དང་ངོ་བོ་དབྱེར་མེད་པའི་བདག་ཉིད་ཅན་གྱི་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཁོ་ན་སངས་རྒྱས་ཀྱི་རིགས་ལ་གནས་པ་མ་ཡིན་པར་ཉན་ཐོས་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱི་རིགས་ལ་གནས་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཁོ་ན་སངས་རྒྱས་འཕགས་པའི་ཆོས་རྣམས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་དང༌། ཆོས་དབྱིངས་དེ་ནི་སྤྱིར་གནས་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་བ་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ཅན་གསུམ་སོགས་མེད་པར་འགྱུར། །ཞེས་རྒོལ་བའོ། །གཉིས་པ་ལན་ལ། ཆོས་དབྱིངས་རིགས་སུ་འཆད་པའི་འཐད་པ་དང༌། རིགས་གསུམ་དུ་དབྱེ་བ་རྒྱས་འགྱུར་གྱི་རིགས་ལ་ལྟོས་པའོ། །དང་པོ་ནི། དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་ཆོས་ཅན། འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་སངས་རྒྱས་ཀྱི་རིགས་ཉིད་དུ་ཐ་སྙད་འདོགས་ཏེ། འདོགས་པའི་རྒྱུ་མཚན་ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བདག་མེད་གསུམ་རྟོགས་པའི་རིམ་གྱིས་ཉེར་ལེན་གྱི་ཕུང་པོ་དང་ཕྱི་རོལ་གྱི་དོན་སོགས་ལ་དམིགས་པ་དེ་བཞིན་དུ་སྟེ་དེ་དང་མཐུན་པར་བྱང་ཕྱོགས་འཕགས་པའི་ཆོས་རྣམས་རྟོགས་པར་བྱ་བའི་དང་པོའི་རྒྱུ་དང་ཕྱིས་ཀྱི་རྟེན་ཡིན་པའི་ཕྱིར། འདིའི་ཁྱབ་འབྲེལ་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་ལྟར་རོ། །འདིར་གཞན་དག་ཉན་ཐོས་ཀྱི་རང་བཞིན་གནས་རིགས་སོགས་གསུམ་དུ་དབྱེ་བ་ནི་མི་འཐད་དེ། དེ་ལྟར་དབྱེ་བའི་ལུང་མེད་ཅིང༌། རང་བཞིན་གནས་རིགས་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པའི་ཕྱིར་རོ། །ཇི་སྐད་དུ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བར་གསུངས་པའི་དགོངས་པ་ནི། ཇི་སྐད་དུ། དེ་གོམས་པ་ལས་བདག་འགྱུར་བས། །ཞེས་པ་ལྟར་ཟག་མེད་ཀྱི་ཡོན་ཏན་ཇི་སྙེད་པ་ཆོས་ཉིད་དང་དབྱེར་མེད་དུ་འདྲེས་པ་ལ་དགོངས་སོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། གཞུང་ཇི་ལྟ་བ་བཞིན་ནོ། །རྩ་བ་ལ། འདིའི་བཤད་བྱ་ཡུམ་གྱི་མདོ་ན་མེད་ཀྱང༌། ཉི་སྣང་དུ་མདོ་གཞན་དྲངས་པ་ལས། འཇམ་དཔལ་དེ་བཞིན་ཉིད་ཀྱང་གཅིག་ཆོས་ཀྱི་དབྱིངས་ཀྱང་གཅིག་ན། །སྣོད་དང་སྣོད་མ་ཡིན་པ་ཞེས་ཇི་ལྟར་གདགས། །ཞེས་པའི་ལན་དུ། འཇིམ་པའི་གོང་བུ་གཅིག་ལ་སྣོད་ཐ་དད་དུ་བྱས་ཏེ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྐབས་འདིའི་རྩོད་པ་ལན་དང་བཅས་པ་བསྟན་ཏེ། སྣོད་ཀྱི་དཔེས་རང་བཞིན་གནས་རིགས་ལ་དབྱེ་བ་མེད་པ་དང༌། བཅུད་སོ་སོའི་དཔེ་ལས་རྒྱས་བྱེད་རིགས་ཀྱི་དབྱེ་བས་རིགས་ཅན་གསུམ་དུ་འབྱེད་པར་བསྟན་པའི་ཕྱིར། འགྲེལ་པ་ནི། རྟེན་ཆོས་དབྱིངས་ལ་ཉན་ཐོས་ཀྱི་རང་བཞིན་གནས་རིགས་སོགས་ཀྱི་དབྱེ་བ་མེད་ཀྱང༌། བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བའི་ཆོས་རྒྱས་འགྱུར་གྱི་རིགས་ཐ་དད་པ་ཉིད་ཀྱིས་ཐེག་པ་གསུམ་གྱི་རིགས་ཅན་ཐ་དད་པ་ཉིད་དོ། །ཞེས་བསྟན་པ་ཡིན་ཏེ། དཔེར་ན་ཉེར་ལེན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང༌། རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་གསུམ་རང་གི་ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མ་ཕྱེད་ཀྱང༌། བརྟེན་པ་ནང་གི་བཅུད་མར་དང་སྦྲང་རྩི་དང་ལི་ཁ་རའི་སྣོད་དུ་གྱུར་པ་ཉིད་ཀྱིས་དབྱེ་བ་ཐ་དད་དུ་འབྱེད་པར་ནུས་པ་དེ་བཞིན་དུའོ། །སྐབས་འདིར་གཞན་དག་སེམས་ཙམ་པས་རིགས་ཆད་ཁས་ལེན་ནོ་ཞེས་ཟེར་མོད། རྣམ་རྫུན་པར་གྲགས་པའི་རྣལ་འབྱོར་སྤྱོད་པ་པ་ལ་ཟེར་ན་ནི་མི་འཐད་དེ། བྱང་སར་རང་བཞིན་གནས་རིགས་ཀྱི་ངོས་འཛིན་ཆོས་ཉིད་ལ་བཤད་པ་དང༌། མིང་གི་རྣམ་གྲངས་སྒྲིབ་པ་སྤང་རུང་དང༌། ཟག་མེད་ཀྱི་ས་བོན་སོགས་སུ་བཤད་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གསུམ་དུ་བཤད་པས་ཟེར་ན་ནི། ཁྱབ་པ་འགལ་ལ། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་སེམས་ཅན་ནི་རྒྱུད་བླ་མའི་བསྟན་བཅོས་རྩ་འགྲེལ་ལས་ཀྱང་བཤད་དོ། །ངོ་བོ་ཉིད་མེད་པ་པས་སེམས་ཅན་དེ་འདྲ་ཁས་མི་ལེན་པའི་ཁྱད་པར་གཅིག་ཡིན་ལ། རྣལ་འབྱོར་སྤྱོད་པ་པས་སེམས་ཅན་ཐམས་ཅད་སངས་རྒྱ་བར་རུང་བ་ཡིན་ཡང༌། མི་རྒྱ་བའི་སེམས་ཅན་ཡོད་པ་ནི་ཁྱད་པར་གཅིག་ཡིན་ཏེ། ཉེར་ལེན་གྱི་རྒྱུས་ཁྱབ་ཀྱང་མཐུན་རྐྱེན་མ་ཚང་བ་སྲིད་པས་སོ། །གཞན་དུ་ན། མདོ་སྡེའི་རྒྱན་ལས། ཡོད་དང༌། ཞེས་པ་དང༌། རྒྱུ་དང་ཞེས་པའི་གཞུང་སྔ་ཕྱི་གེགས་བྱེད་དུ་སོང་བས་རྣམ་པར་མ་དག་པ་ཉིད་དུ་འགྱུར་རོ། །གཉིས་པ་རྟེན་ཆོས་སྒྲུབ་པའི་རྣམ་གཞག་ལ་གཉིས་ཏེ། དམིགས་རྣམ་སོ་སོའི་ཁྱད་ཆོས་དང་ཁྱད་པར་ཅན་སྒྲུབ་པ་སོ་སོའི་དབྱེ་བ་བཤད་པའོ། །དང་པོ་ལ་དམིགས་རྣམ་གཉིས་ལས། དང་པོ་ལ་དངོས་ཀྱི་དམིགས་པ་དང༌། ཆེད་དུ་བྱ་བའི་དམིགས་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། སྒྲུབ་པའི་རྟེན་དུ་ཇི་སྐད་བཤད་པའི་དོན་དམ་པའི་བྱང་ཆུབ་སེམས་དཔའ་དེའི་དམིགས་པ་གང་ཞེ་ན། རྩ་བ་ལ་རབ་འབྱོར་གྱིས་ཆོས་ཐམས་ཅད་ཅེས་བྱ་བ་ནི་གང༌། ཇི་ལྟར་ན་ཡོད་པར་མ་གྱུར་པ་ཉིད་ལ་བསླབ་པར་བགྱི། ཞེས་པའི་ལན་དུ་གསུངས་པའི་མདོ་ཚན་བཅུ་གཅིག་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་བསྟན་པ་ཡིན་ཏེ། དེ་བསྟན་པར་རྩ་བའི་གཞུང་འདིས་འཆད་པའི་ཕྱིར། འདིར་དོན་དམ་པའི་སྒྲུབ་པ་དངོས་ནི་རྟེན་ཆོས་དབྱིངས་དང་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེའི་དམིགས་པ་གང་ཡིན་དཔྱད་པ་ན། རྣལ་འབྱོར་སྤྱོད་པ་པས་ཆོས་དབྱིངས་ཡེ་ཤེས་དེ་ཉིད་ཡིན་པར་འཆད་པ་ལ། འཕགས་སེང་གིས་དགག་པ་མཛད་ནས། དམིགས་པ་རྟེན་འབྲེལ་སྣ་ཚོགས་པ་ལ་དམིགས་ནས་མཚན་མ་མེད་པའི་རྣམ་པ་ཅན་ཉིད་མདོའི་དགོངས་པར་འཆད་དོ། །དེའི་ཚེ་ན་མཚན་ཉིད་ནི། སྦྱོར་བའི་དུས་སུ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་གཞིར་བཟུང་ནས། སྒོམ་བྱུང་དངོས་གཞིའི་དུས་ཀྱི་དམིགས་ཡུལ་དུ་གྱུར་པའི་རྣམ་འགྱུར་སྣ་ཚོགས་པའོ། །རྣམ་ཤེས་ཚོགས་དྲུག་གི་རྒྱུ་བ་བཀག་པའི་མཉམ་གཞག་ཡེ་ཤེས་ལ་གཟུགས་སྒྲ་སོགས་ཀྱི་སྣང་བ་ཇི་ལྟར་འཆར་ཞེ་ན། སྒོམ་བྱུང་རྟོག་བཅས་ལ་ནི་ཆོས་ཅན་སྣ་ཚོགས་པའི་གཟུགས་བརྙན་མི་གསལ་བའི་ཚུལ་གྱིས་འཆར་ཞིང༌། དེ་ཉིད་ཀུན་རྫོབ་བདེན་པར་ཡང་འཆད་ལ། མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་ལ་ནི་རྟེན་འབྲེལ་སྣ་ཚོགས་པ་ཇི་སྙེད་པའི་གཟུགས་བརྙན་གསལ་བར་འཆར་ལ། དེ་ཉིད་དོན་དམ་པའི་བདེན་པར་འཆད་ནུས་པ་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་རྙེད་དོན་དུ་གྱུར་པའི་ཕྱིར། སྣང་བ་དེ་མི་སྲིད་པ་མ་ཡིན་ཏེ། ཇི་སྐད་དུ། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་དང༌། གཞན་དུ་ན་དག་པའི་སྣང་བ་མི་སྲིད་པར་འགྱུར་རོ། །འགྲེལ་པ་ལ་གསུམ་ལས། སྤྱིར་བསྟན་པ་ནི་ཐེག་ཆེན་གྱི་སྒྲུབ་པ་དག་གི་རེ་ཤིག་དང་པོར་ཆོས་གསུམ་པོ་ལ་སྤྱིར་དམིགས་ནས། དེའི་རྗེས་སུ་ཁྱད་པར་ལ་རྟོག་ཅིང་མཇལ་བར་བྱེད་དོ། །གསུམ་པོའི་མཚན་གཞི་ནི། དགེ་སྦྱོང་གི་ཚུལ་ཞེས་པ་སྐབས་འདིར་མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་ནི་དགེ་བ་དང༌། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་པའི་སྲོག་གཅོད་པ་ལ་སོགས་པ་བཅུ་ནི་མི་དགེ་བ་དང༌། ཀུན་སློང་དགེ་མི་དགེ་ལ་མ་ལྟོས་པའི་ལུས་ཀྱི་ལས་བཟོ་ལ་སོགས་པ་ནི་ལུང་དུ་མ་བསྟན་པའི་ཆོས་སོ། །གཉིས་པ་སོ་སོར་བཤད་པ་ནི། ཆོས་ཅན་སྤྱི་ལ་དམིགས་ནས་སྒྲོ་འདོགས་བཅད་པ་དེའི་འོག་ཏུ་ལྷག་མ་སོ་སོའི་ཁྱད་པར་བརྒྱད་པོ་རྣམས་ལ་དམིགས་པར་བྱེད་དོ། །བརྒྱད་ཇི་ལྟར་ཡིན་ཞེ་ན། སྤྱིར་བསྟན་པ་གསུམ་པོ་དེ་དག་ཉིད་ལ་འཇིག་རྟེན་པ་སོགས་གཉིས་ཚན་གྱི་དབྱེ་བ་བཞིར་ཕྱེ་བ་ཉིད་ཀྱིས་སོ། །འདི་ཡང་དགེ་བ་ཉིད་ལ་གཉིས་ཚན་དུ་དབྱེ་བ་ཡིན་གྱི། གཞན་གཉིས་པོ་ལ་དེ་ལྟར་དབྱེ་མི་ནུས་སོ། །བརྒྱད་པོའི་མཚན་གཞི་གང་ཞེ་ན། འཇིག་རྟེན་པ་ནི་བྱིས་པའི་སྐྱེ་བོ་ཐམས་ཅད་དང་འབྲེལ་བའི་ཕུང་པོ་ལྔ་སོགས་མདོ་ལས་ཇི་སྐད་དུ་བཤད་པ་རྣམས་དང༌། འཇིག་རྟེན་ལས་འདས་པ་ནི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱིས་བསྡུས་པའི་བསམ་གཏན་བཞི་སོགས་དང༌། ཟག་བཅས་ནི་བདག་ཏུ་ལྟ་བའི་གཉེན་པོ་ཉིད་དུ་མ་གྱུར་པས། ཉེ་བར་ལེན་པའི་ཕུང་པོ་ལྔ་སོགས་དང༌། ཟག་མེད་ནི་དེར་ལྟ་བའི་གཉེན་པོ་ཉིད་དུ་གྱུར་པས་དྲན་པ་ཉེར་གཞག་སོགས་དང༌། འདུས་བྱས་ནི་ལས་ཉོན་གྱི་རྒྱུ་ལ་ལྟོས་པས་འདོད་པའི་ཁམས་སོགས་དང༌། འདུས་མ་བྱས་ནི་རྒྱུ་དེ་ལ་མི་ལྟོས་པས་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང༌། ཐུན་མོང་བ་ནི། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་བསམ་གཏན་བཞི་དང༌། ཐུན་མོང་མ་ཡིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བས་ཆོས་ཅན་སྟོབས་བཅུ་ལ་སོགས་པ་སྟེ། མདོ་ལས་ཇི་སྐད་དུ་གསུངས་པ་ཞེས་ཐམས་ཅད་ལ་སྦྱར་རོ། །གསུམ་པ་དོན་བསྡུ་བ་ནི། སྐབས་འདིའི་མདོ་ཚན་བཅུ་གཅིག་ཏུ་གསུངས་པ་ནི་དམིགས་པ་རྣམ་པ་བཅུ་གཅིག་གོ །ཇི་ལྟར་དམིགས་པའི་ཚུལ་ནི། ཇི་སྐད་བཤད་པ་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་ཕྱེ་ནས་སྒྲོ་འདོགས་བཅད་ཅིང་སྒྱུ་མ་ལྟ་བུར་རྟོགས་པའི་རིམ་གྱིས་དམིགས་པའོ། །དམིགས་ཚུལ་དེ་ལྟར་བཤད་པ་ཆོས་ཅན། རྣམ་བཅད་དང་ཡོངས་གཅོད་ཀྱི་དགོས་པ་དང་བཅས་ཏེ། དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བར་མེད་པའི་ལོག་རྟོག་བསལ་བ་དང༌། རྟེན་དང་དམིགས་པ་དག་ལ་རང་བཞིན་གཙོ་བོར་གྱུར་པ་དང༌། རྣམ་འགྱུར་གཙོ་བོར་གྱུར་པའི་ཁྱད་པར་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར། འདིར་གཞན་དག འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཀུན་རྫོབ་ལ་དམིགས་ན་སངས་རྒྱས་བཞིན་དུ་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་སྤངས་པར་འགྱུར་ཞེས་ཟེར་བ་ནི་དམིགས་རྣམ་གྱི་ཁྱད་པར་མ་ཕྱེད་པས་ནོངས་ཏེ། རང་གི་འགལ་ཟླ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བ་ཅན་གྱི་ཡེ་ཤེས་མཐའ་དག་ཀྱང་དེ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཆོས་ཅན་སོ་སོ་ལ་སྒྲོ་འདོགས་རིམ་གྱིས་གཅོད་དགོས་ན་ཐུག་མེད་དུ་ཐལ་བ་མ་ཡིན་ནམ། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་བཤད་པས་སོ་ཞེ་ན། བདག་མེད་གསུམ་ཡང་རིམ་གྱིས་སློབ་པ་དང་སྒོམ་མི་དགོས་པར་འགྱུར་ཏེ། ལུང་དེ་ལྟར་བཤད་པས་སོ། །མདོར་ན་འཕགས་སེང་གི་མཉམ་གཞག་སྣང་བཅས་ཀྱི་ཚུལ་བཞེད་པ་འདི་ནི་སྲོལ་འབྱེད་ལོགས་པ་སྟེ། ལུགས་གཞན་དང་བསྲེ་བ་མ་ཡིན་ནོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཀུན་རྫོབ་ཀྱི་རིམ་པ་དེ་ལྟ་བུ་ལ་དངོས་སུ་དམིགས་པའི་སྒྲུབ་པ་དེའི་ཆེད་དུ་བྱ་བའི་དམིགས་པ་གང་ཞེ་ན། རྩ་བ་ལ། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གི་དོན་དེ་ལ་བདག་ཀྱང་སྤོབས་པ་སྐྱེས་སོ། །ཞེས་རབ་འབྱོར་གྱིས་ཞུས་པའི་མདོ་ཚན་གཉིས་དང༌། ཤཱ་རིའི་བུས་ཀྱང་དེ་ལྟར་ཞུས་པའི་མདོ་ཚན་གཅིག་སྟེ་གསུམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་སྟོན་བྱེད་ཀྱི་མདོ་ཡིན་ཏེ། དེ་ཡིན་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། སེམས་ཅན་ཀུན་མཆོག་སོགས་རྒྱན་གཞུང་འདི་ཆོས་ཅན། ཆེད་དུ་བྱ་བ་ལ་བསྒྲུབ་བྱ་སངས་རྒྱས་པའི་ཆེན་པོ་གསུམ་དང༌། སྒྲུབ་བྱེད་བྱང་ཆུབ་སེམས་དཔའི་ཆེན་པོ་གསུམ་དང་སྡེ་ཚན་གཉིས་སུ་ཕྱེ་བ་ཡིན་ཏེ། དེ་ལྟར་དབྱེ་བ་ཉིད་དུ་འགྲེལ་པ་དོན་གསལ་གྱིས་བཀྲལ་བའི་ཕྱིར། དེ་ལྟར་འབྱེད་དགོས་པ་ཡང་ཡིན་ཏེ། དེ་ལྟར་མ་ཕྱེ་ན་བསྟན་བྱའི་གཙོ་བོ་དང་མདོའི་དངོས་བསྟན་གྱི་དབྱེ་བ་སོ་སོར་མི་ཤེས་པའི་ཕྱིར། གསུམ་པ་ནི་འདིར་བསྟན་གྱི་ཆེད་དུ་བྱ་བ་ནི་གསུམ་དུ་ཤེས་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་བཞིན་པའམ། བྱས་ཟིན་པ་ཉིད་ཀྱི་སེམས་ཆེན་པོ་དང༌། སྤོང་བ་ཆེན་པོ་དང༌། རྟོགས་པ་ཆེན་པོ་སྟེ་གསུམ་དུ་མདོ་ལས་གསུངས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པོ་དེ་ལའང་གཉིས་སུ་འབྱེད་དགོས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་རྟེན་གྱི་དབྱེ་བས་སོ། །བྱང་ཆུབ་སེམས་དཔའི་སྤང་རྟོགས་སེམས་བསྐྱེད་གསུམ་ལ། རང་བྱུང་གི་ཆེད་དུ་བྱ་བ་ཞེས་འཆད་པ་མི་འཐད་དེ། སློབ་ལམ་གྱིས་བསྡུས་པས་སོ་ཞེ་ན། བྱང་སེམས་ཀྱི་སྤངས་རྟོགས་སེམས་གསུམ་ཆོས་ཅན། སངས་རྒྱས་ཀྱི་སའི་ཆེད་དུ་བྱ་བའི་མིང་གིས་འདོགས་སུ་རུང་སྟེ། ཐབས་ཤེས་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་པའི་སྒོ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སར་འགྱུར་བས་ན་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའི་ཕྱིར། བཏགས་པ་ལ་དགོས་པ་ཡོད་དེ། བསྒྲུབ་བྱ་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན། གསུམ་པོ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་སྒྲུབ་པ་ལ་འཇུག་པའི་ཕྱིར་དུ་ཡིན་པས་སོ། །དངོས་ལ་གནོད་བྱེད་ནི་མཐར་ཐུག་གི་སྤངས་རྟོགས་སེམས་བསྐྱེད་གསུམ་པོ་གང་རུང་དུ་ཐལ་བས་སོ། །གཉིས་པ་རྣམ་པའི་ཁྱད་པར་ལ་གསུམ་སྟེ། དྲི་བའི་སྒོ་ནས་མཚམས་སྦྱར། ལན་གྱི་སྒོ་ནས་ངོས་བཟུང༌། ས་མཚམས་ཀྱི་སྒོ་ནས་སོ་སོར་ཕྱེ་བའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་སྒྲུབ་པ་དང་སྐྱེ་བ་དང་གནས་པའི་རྟེན་དུ་གྱུར་པ་དང༌། དངོས་ཀྱི་དམིགས་པ་ལ་སོགས་པ་བརྗོད་ནས་སྒྲུབ་པ་དེའི་ཤེས་རྣམ་རང་གི་ངོ་བོ་གང་ཡིན་ཞེ་ན། གཉིས་པ་ལ་མདོ་རྒྱན་ནས་བཤད་པའི་ཐེག་ཆེན་སྒྲུབ་པ་ནི་ཆོས་ཅན། ལྟ་སྤྱོད་ཀྱི་ཁྱད་པར་གཉིས་ཟུང་དུ་འབྲེལ་དགོས་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་སྐྱེ་མེད་གསུམ་རྟོགས་པའི་ཡེ་ཤེས་ལ་སྤྱིར་ཐེག་ཆེན་གྱི་དགེ་བའི་ཆོས་ཀྱི་རྟེན་ཅན་དུ་བྱེད་དགོས་པ་ཅན་དང༌། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་རྟེན་དུ་བྱེད་དགོས་པ་ཅན་གྱི་བྱ་བ་ལ་ཐེག་ཆེན་གྱི་སྒྲུབ་པ་ཞེས་འཇོག་པའི་ཕྱིར། སྒྲུབ་པ་དེ་ལ་གནས་སྐབས་ཀྱི་དབྱེ་བས་བཞིར་འབྱེད་པ་ཡིན་ཏེ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་སོགས་མངོན་པར་རྟོགས་པ་བཞི་པོ་རེ་རེ་ཞིང་ཡང་ལྟ་སྤྱོད་ཟུང་དུ་འབྲེལ་བའི་སྒྲུབ་པ་དེ་ཉིད་ལ་དབང་འཐོབ་ཕྱིར་དང༌། ཐོབ་པ་དང༌། བརྟན་པ་ཐོབ་ཕྱིར་དང༌། ཐོབ་ཟིན་པའི་རྣལ་འབྱོར་གྱི་དབྱེ་བས་སོ། །བཞི་པོ་དེ་དང་གོ་འཇུག་ཚོགས་ངེས་ཀྱི་སྒྲུབ་པ་བཞི་གོ་རིམ་བཞིན་དོན་གཅིག་ཏུ་འབྱོར་པ་ཡིན་ཏེ། གཉིས་ཚན་སྔ་མ་དག་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་དང༌། གཉིས་ཚན་ཕྱི་མ་དག་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དུ་འགྲིག་པས་སོ། །གཞུང་འདིའི་བསྟན་ཚུལ་ལ་མདོ་ཟུར་པ་དང༌། འགྲེལ་བྱེད་གཞན་ལ་མེད་ཀྱང་འཕགས་སེང་གིས་བཤད་པ་འདི་ནི་གལ་ཆེ་བ་ཡིན་ཏེ། ཤེར་ཕྱིན་གྱི་ལུས་བརྒྱད་པོའི་འཆད་བྱེད་དོན་བདུན་བཅུའི་ལམ་གྱི་རིམ་པ་མདོ་དང་རྒྱན་གྱི་དངོས་བསྟན་ལ་གསལ་བར་བཞུགས་པས་རྟོགས་པར་སླར་མོད། བཤད་བྱ་དངོས་པོ་བརྒྱད་སྤྱི་ལྡོག་གི་ལམ་རིམ། ཇི་སྐད་དུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པའི་གཞུང་གིས་བསྟན་པའི་ལམ་གྱི་གོ་རིམ་ཇི་ལྟར་ཡིན་པ་འཕགས་སེང་གིས་བཤད་པ་འདི་ཁོ་ན་ལས་རྟོགས་དགོས་པའི་ཕྱིར། མདོར་ན་གཞུང་འདིས་ཐེག་ཆེན་སྒྲུབ་པའི་མཚན་ཉིད་བསྟན་པ་ཡིན་ཏེ། ལྟ་སྤྱོད་ཀྱི་རྟེན་གཉིས་པོ་དེ་ལ་བརྟེན་པ་ཅན་གྱི་བྱ་བ་ནི་སྒྲུབ་པ་སྟེ་ཞེས་འཆད་པའི་ཕྱིར། གསུམ་པ་ནི། གདམས་ངག་ནས་བཟུང་སྟེ་བཤད་པ་དེ་ལྟར་ན། བཤད་མ་ཐག་པ་དེ་ཁྱབ་བྱེད་དུ་འགྲོ་བའི་ཐེག་ཆེན་གྱི་སྒྲུབ་པ་ནི་ཆོས་ཅན། ཉམས་སུ་ལེན་ཚུལ་དང༌། དེ་ལས་ཡོན་ཏན་སྐྱེ་ཚུལ་གྱིས་བཞིར་ཕྱེ་བ་ཡིན་ཏེ། དང་པོར་སྒྲུབ་པ་སྐྱེ་བའི་ས་མཚམས་ཀྱི་དབང་དུ་བྱས་པ་སྦྱོར་བའི་ལམ་གྱི་ངོ་བོ་ཉིད་ཀྱི་གོ་ཆ་དང༌། མཐོང་བའི་ལམ་གྱི་ངོ་བོ་ཉིད་ཀྱི་འཇུག་པ་དང༌། སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཀྱི་ཚོགས་དང༌། ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་ངེས་པར་འབྱུང་བའི་སྒྲུབ་པ་རྣམས་སུ་འབྱེད་པས་སོ། །གཉིས་པ་སྒྲུབ་པ་སོ་སོའི་དབྱེ་བ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་གོ་སྒྲུབ་ལ་གསུམ་ལས་མཚམས་སྦྱར་བ་ནི། ཐོག་མར་བསམ་པས་གོ་ཆ་བགོ་བའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཞེས་སོ། །རྩ་བ་ནི། བྱམས་མའི་བུ་གང་པོས་སེམས་དཔའ་ཆེན་པོ་ཞེས་བགྱི་བའི་དོན་དེ་ལ་བདག་ཀྱང་སྤོབས་སོ། །དེས་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་མདོར་བསྟན་ནས། མདོ་ཚན་སོ་དྲུག་ཆོས་ཅན། གོ་སྒྲུབ་བསྟན་པ་ཡིན་ཏེ། དེ་བསྟན་པར་དེ་དག་ཅེས་སོགས་ཀྱི་གཞུང་འདིས་བཀྲལ་བའི་ཕྱིར། གསུམ་པ་ཚིག་དོན་ལ། མདོ་ལས་གསུངས་ཚུལ་རྒྱས་པར་བཤད། གཞུང་རྩ་བའི་ཚིག་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་དངོས་གཞི་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་ཆོས་ཀྱི་སྦྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པ་དང༌། རྗེས་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་སྙམ་པའི་གོ་ཆ་ཉིད་ཀྱིས་བགོ་བར་བྱེད་པ་ནི་སྦྱིན་པའི་ཡང་སྦྱིན་པའི་གོ་ཆ་དང༌། དེ་བཞིན་དུ་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་སྦྱིན་པར་བྱེད་པ་ན། དངོས་གཞི་མི་དམིགས་པར་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་སྒོ་ནས་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་སོགས་སྤོང་བ་དང༌། རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བའི་གོ་ཆ་བགོ་བ་ནི། སྦྱིན་པའི་ཚུལ་ཁྲིམས་ཀྱི་གོ་ཆ་དང༌། དེ་དང་འདྲ་བར་སྦྱིན་པར་བྱེད་པ་ན། །ཞེས་དང༌། སྦྱོར་དངོས་རྗེས་གསུམ་གྱི་ཁྱད་པར་དེ་དག་འོག་མ་ཀུན་ལ་སྦྱར་ནས། སྐྱེ་བོ་ཐམས་ཅད་ཀྱི་མི་སྙན་པར་སྨྲ་བ་ཉིད་བཟོད་པའི་གོ་ཆ་དང༌། འདུན་པ་འབད་ནས་བསྐྱེད་པའི་གོ་ཆ་དང༌། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པའི་གོ་ཆ་དང༌། སྦྱིན་པར་བྱ་བ་སོགས་སྦྱིན་པའི་དབང་དུ་བྱས་པའི་ཚུལ་ཁྲིམས་སོགས་རྣམས་ཀྱི་བྱ་བྱེད་ལས་གསུམ་མི་དམིགས་པའི་ཤེས་རབ་ཀྱི་གོ་ཆ་ནི་གོ་རིམ་བཞིན་དུ། སྦྱིན་པའི་ཚུལ་ཁྲིམས་ཀྱི་དང༌། དེའི་བཟོད་པའི་དང༌། དེའི་བརྩོན་འགྲུས་ཀྱི་དང༌། དེའི་བསམ་གཏན་གྱི་དང༌། དེའི་ཤེས་རབ་ཀྱི་གོ་ཆ་སྟེ། བསྡུ་བྱེད་སྦྱིན་པས་བསྡུས་པའི་བསྡུ་བྱ་ཕར་ཕྱིན་དྲུག་གི་གོ་ཆ་རྣམ་པ་དྲུག་གོ །དེ་བཞིན་དུ་སྦྱིན་པའི་གོ་ཆ་ལ་ཕར་ཕྱིན་དྲུག་ལྡན་གྱི་གོ་ཆ་བགོས་པ། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད་པའི་གོ་ཆ་ཡང་དྲུག་ལྡན་དུ་བགོ་བར་བྱེད། བཟོད་པ་རྫོགས་པར་བྱེད་པའི་གོ་ཆ་དང༌། བརྩོན་འགྲུས་རྩོམ་པར་བྱེད་པའི་གོ་ཆ་དང༌། བསམ་གཏན་སྒྲུབ་པའི་དང༌། ཤེས་རབ་སྒོམ་པར་བྱེད་པའི་གོ་ཆ་ཡང་དྲུག་ལྡན་དུ་བགོ་བར་བྱེད་དོ། །འདིར་གོ་སྒྲུབ་ནི་གོ་ཆ་ཉིད་ཀྱི་ལྡོག་པ་ནས་ངོས་འཛིན་དགོས་ཏེ། གོ་བགོས་པ་ལྟར་སྦྱིན་པ་གཏོང་བ་སོགས་ལ་དངོས་སུ་ཞུགས་པ་ནི་འཇུག་པའི་སྒྲུབ་པར་འཆད་དགོས་པས་སོ། །གཉིས་པ་ནི། དེ་ལྟར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སོ་སོར་ཡང་སྦྱིན་པ་ལ་སོགས་པ་དྲུག་བསྡུས་པར་གསུངས་པས་མདོར་ནི་སྦྱིན་པའི་གོ་ཆ་ལ་སོགས་པ་དྲུག་ཚན་དྲུག་གི་སྒོ་ནས་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་བཤད་པ་ཡིན་མོད་ཀྱི། བསྟན་བཅོས་འདིར་གོ་ཆའི་སྒྲུབ་པ་རྣམ་པ་དྲུག་ཏུ་བསྡུས་པ་ཡིན་ཏེ། རྒྱུ་མཚན་ནི་སྦྱིན་པའི་སྦྱིན་པ་སོགས་དྲུག་སྦྱིན་པའི་ཁྱད་ཆོས་སུ་ཆོས་མཐུན་པ་ལ་སོགས་པའི་ཕྱིར་རོ། །དེ་ལྟར་བམ་པོ་དང་པོ་བཤད་ཟིན་ནས་གཉིས་པ་འཆད་དོ་ཞེས་པ་ནི་ལོ་ཙྪ་བས་བཀོད་པའོ། །གཉིས་པ་འཇུག་སྒྲུབ་འཆད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི་དེ་ལྟར་སོགས་སོ། །རྩ་བ་ནི། གང་པོས་གོ་སྒྲུབ་ཀྱི་མདོ་རྒྱས་པར་བཤད་པ་ལ་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཞུགས་པ་དང༌། འཛེག་པར་རིག་པར་བགྱི། ཞེས་དྲིས་པའི་ལན་གྱི་མདོ་ཚན་དགུ་གསུངས་པ་ཆོས་ཅན། འཇུག་སྒྲུབ་དགུ་བསྟན་པ་ཡིན་ཏེ། དེ་བསྟན་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། གསུམ་པ་ལ་ཡུལ་ཅན་གྱི་མཚན་ཉིད། ཡུལ་གྱི་དབྱེ་བ་གཉིས་ལས། དང་པོ་ནི། འཇུག་ཡུལ་དགུ་པོ་དག་ལ་ཡང་དག་པར་ཞུགས་ཤིང་གནས་པའི་མཚན་ཉིད་ཅན་གྱི་བྱང་སེམས་མཐོང་ལམ་པའི་བྱ་བ་ནི་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་པ་ཆེན་པོའི་ཆོས་མཐའ་དག་གོང་ནས་གོང་དུ་རྣམ་པར་གནོན་པའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། འཇུག་ཡུལ་དགུ་པོ་དེ་དག་གང་ཞེ་ན། རྣམ་མཁྱེན་ཡིད་བྱེད་དང་ལྡན་པའི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པ་དང༌། གསུམ་པོ་དེ་དག་གི་ཁྱད་པར་གྱི་ལམ་དང༌། དམིགས་པ་མེད་པའི་ཚད་མེད་པ་བཞི་དང༌། གནས་སྐབས་ཐམས་ཅད་དུ་མཚན་མར་མི་དམིགས་པ་དང་ལྡན་པ་དང༌། དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པ་དང༌། ཆེད་དུ་བྱ་བ་ཆེན་པོ་གསུམ་དང༌། གཞན་དོན་སྒྲུབ་པའི་ཡན་ལག་མངོན་པར་ཤེས་པ་དྲུག་དང༌། འབྲས་བུའི་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་སྟེ། འདིས་བགྲོད་པ་རྒྱུའི་ཐེག་པ་དྲུག་དང༌། འདིར་བགྲོད་པ་འབྲས་བུའི་ཐེག་པ་གསུམ་རྣམས་སོ། །གསུམ་པ་ཚོགས་སྒྲུབ་འཆད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་གོ་འཇུག་གཉིས་ཀྱི་ཉམས་ལེན་བྱས་པ་ལ། ཡོན་ཏན་གྱི་ཁྱད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེ་བས་ན་དེ་མ་ཐག་ཏུ་གསུམ་པ་ཚོགས་ཀྱི་སྒྲུབ་པ་འཆད་དོ། །རྩ་བ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་གོ་སྒྲུབ་ཀྱི་ཕན་ཡོན་དྲིས་པའི་ལན་དུ་མདོ་ཚན་བཅུ་བདུན་གསུངས་པ་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་བསྟན་པ་ཡིན་ཏེ། ཞེས་འགོད་དོ། །འགྲེལ་པ་ལ། མིང་གི་སྒོ་ནས་བཅུ་བདུན་ངོས་གཟུང་བ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཚན་ཉིད་ནི། གོ་འཇུག་གི་སྒྲུབ་པ་ཉམས་སུ་བླངས་པ་ལས་རང་གི་ངང་གིས་སྐྱེ་བའི་ཚོགས་བཅུ་བདུན་པོ་རྣམས་དོན་དམ་པར་མི་དམིགས་ཤིང༌། ཐེག་པ་ཆེན་པོའི་དོན་མཐའ་དག་སྒྲུབ་པའི་བརྩོན་འགྲུས་ནི་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། ཡུལ་ཚོགས་རྣམས་ལ་དམིགས་ནས་ལྟ་སྤྱོད་ཟུང་འབྲེལ་གྱིས་ཉམས་སུ་ལེན་པའི་བྱ་བ་ཡིན་པའི་ཕྱིར། དབྱེ་བ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། མཚན་ཉིད་དེ་དང་ལྡན་པའི་ཚོགས་ཀྱི་སྒྲུབ་པ་ནི་ཆོས་ཅན། བཅུ་བདུན་དུ་བཤད་པ་ཡིན་ཏེ། ཡུལ་ཚོགས་ལ་བཅུ་བདུན་དུ་མདོ་ལས་བཤད་པས་སོ། །བཅུ་བདུན་པོ་ཚོགས་སུ་འཇོག་པའི་རྒྱུ་མཚན་ནི། འདིར་བསྟན་པའི་སྙིང་རྗེ་ལ་སོགས་པ་བཅུ་བདུན་ནི་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་ཡིན་ཏེ། སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་ནུས་པ་མཐུ་ཅན་གྱི་ཚུལ་དུ་འཛིན་པར་བྱེད་པའི་ཕྱིར། འདིར་འབྱིན་ཞེས་པ་ནི་ཚོགས་ཀྱི་སྒྲ་དོན་ལ་མ་ཞུགས་ཤིང༌། ངེས་འབྱུང་དང་ཟློས་པས་གཞུང་དག་པ་མ་ཡིན་ནོ། །བཤད་པ་ནི། བཅུ་བདུན་པོ་གང་ཞེ་ན། སྙིང་རྗེ་ཆེན་པོ་དང་ཞེས་པ་ནས་གཉེན་པོའི་བར་རྣམས་སོ། །འདིར་ཞི་ལྷག་གི་ངོས་འཛིན་ནི། སེམས་གནས་པའི་ཐབས་དགུས་སྔོན་དུ་སྦྱངས་པ་ལས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་ཡིན་ལ། ལྷག་མཐོང་གི་ངོས་འཛིན་ནི། སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་བརྟགས་པ་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་སྔར་བརྟགས་པའི་དོན་དེ་ཉིད་མངོན་སུམ་མཐོང་བའི་ཡེ་ཤེས་སོ། །དེ་ཡང་རྣམ་པར་བརྟགས་པའི་དོན་གནས་ལུགས་མེད་དགག་ལ་བྱས་པའི་ཚེ། ཅི་ཡང་མ་མཐོང་བ་ལ་མཐོང་བའི་མིང་གིས་བཏགས་པ་དང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་ངོས་བཟུང་བའི་ཚེ་མངོན་སུམ་དུ་མཐོང་བ་མཚན་ཉིད་པ་སྟེ། སོ་སོར་རང་རིག་པའི་ཡེ་ཤེས་སོ། །གཉིས་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་ཚོགས་བྱེ་བྱག་ཏུ་བཤད་པ་དང༌། སའི་ཚོགས་དང༌། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཡུལ་ཅན་ཡེ་ཤེས་ཀྱི་དབྱེ་བ་དང༌། ཡུལ་སྟོང་པ་ཉིད་ཀྱི་དབྱེ་བ་དང༌། ཡེ་ཤེས་དེའི་དམིགས་པ་གང་ཡིན་དཔྱད་པའོ། །དང་པོ་ནི། ཚོགས་སྒྲུབ་བཅུ་བདུན་བཤད་པ་དེ་ལ་སྟོང་ཉིད་རྟོགས་པའི་ཡེ་ཤེས་སྒོམ་བྱུང་གིས་བསྡུས་པའི་ཚོགས་ནི་ཆོས་ཅན། རྒྱན་རྩ་འགྲེལ་དུ་ཉི་ཤུར་ཕྱེ་བ་ཡིན་ཏེ། སྐབས་འདིའི་མདོ་ལས། ནང་སྟོང་པ་ཉིད་ནས་གཞན་སྟོང་པ་ཉིད་ཀྱི་བར་ཡུལ་སྟོང་ཉིད་ལ་ཉི་ཤུར་ཕྱེ་བའི་བྱེ་བྲག་གིས་སོ། །སྐབས་འདིར་བསྟན་བཅོས་མཛད་པ་གཞན་དག་ན་རེ། མདོ་ལས་སྟོང་ཉིད་ཉི་ཤུར་བཤད་པ་དེ་བསྟན་བཅོས་ལས་ཡེ་ཤེས་ཉི་ཤུར་བཤད་པས་སྐབས་ཀྱི་དོན་ལས་ཉམས་སོ། །ཞེས་ཟེར་བ་ལ། འཕགས་པ་གྲོལ་སྡེས། མདོ་ལས་ཇི་སྐད་བཤད་པ་དེ་ཉིད་ཐད་སོར་བཞག་ན་ཆེད་དུ་བྱ་བ་ཉམས་པར་འགྱུར་ཏེ། སྟོང་ཉིད་རྐྱང་པ་ཉི་ཤུ་ལ་ལམ་རིམ་བཤད་དུ་མེད་པས་སྐྱེས་བུ་ལ་མཁོ་བའི་དོན་མ་བསྟན་པའི་ཕྱིར་མངོན་པར་རྟོགས་པའི་རྒྱན་མཛད་པ་དགོས་མེད་དུ་འགྱུར་རོ། །ཞེས་པའི་དོན་དུ་བཤད་ལ། དེ་ལ་དཔགས་ནས་སློབ་དཔོན་གྱིས་ཡེ་ཤེས་ཉི་ཤུ་པོ་མོས་སྤྱོད་ནས་སངས་རྒྱས་ཀྱི་སའི་བར་ལ་ས་མཚམས་སོ་སོར་སྦྱར་ནས་བཤད་པ་འདི་དཀའ་བའི་གནས་སུ་བརྟག་དགོས་ཏེ། ཉི་ཤུ་པོ་གསར་མཐོང་དང་མཐོང་ཟིན་གང་གི་དབང་དུ་བྱས་ཀྱང༌། གཅིག་མཐོང་ན་ཀུན་མཐོང་བ་དང༌། གཅིག་གོམས་ན་ཐམས་ཅད་གོམས་པར་བྱས་པ་ནི། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་སོགས་ཀྱི་དོན་དུ་གསལ་བས་སོ་སྙམ་པ་ལ། ཐོས་བསམ་གྱི་ཚེ་བྱང་སེམས་ལས་དང་པོ་པས་ཤེས་བྱ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕེབས་པར་འདྲ་ཡང༌། སྒོམ་བྱུང་གི་ཤེས་པས་ཉམས་སུ་མྱོང་བའི་རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་གྱི་དབྱེ་བས་ཡེ་ཤེས་ཀྱི་ཚོགས་ཉི་ཤུ་ལ་ས་མཚམས་འཇོག་པའི་ལུང་གི་ཤེས་བྱེད་དངོས་ནི། དབུས་མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །ཞེས་སོགས་ས་བཅུའི་རྗེས་ཐོབ་ཏུ་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་མི་འདྲ་བ་བཅུར་བཤད་པ་དེ་ཁུངས་སུ་མཛད་ནས། མོས་སྤྱོད་ཀྱི་ས་དང་སངས་རྒྱས་ཀྱི་ས་ལ་ཡང་ཡེ་ཤེས་གསུམ་གསུམ་དང་སྦྱོར་བར་མཛད་དོ། །ཆོས་ཅན་གྱི་དབྱེ་བས་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་རིམ་གྱིས་པར་འཆད་པ་འདི་ནི། འཕགས་སེང་རང་ལུགས་ལ་དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་དགོས་པའི་ཤེས་བྱེད་ཡང་འབྲེལ་བའོ། །གཉིས་པ་ནི། འདིར་སྨྲས་ཞེས་མཚམས་སྦྱར་ནས། ཡུམ་གྱི་མདོར་སྟོང་པ་ཉིད་ཀྱི་རྐང་གྲངས་ལ་བརྒྱད་དུ་ཕྱེ་བ་དང༌། བཅུ་བཞིར་ཕྱེ་བ་དང༌། བཅུ་དྲུག་ཏུ་ཕྱེ་བ་དག་ཡོད་ཀྱང༌། སྐབས་འདིར་ཆོས་ཅན་གྱི་དབྱེ་བས་ཉི་ཤུར་འདོད་དོ། །དེར་དབྱེ་བའི་རྒྱུ་མཚན་ནི། ནང་དང་ཕྱི་རོལ་རྣམས་དང་ནི། །ཞེས་པ་ནས། ཆོས་ཀྱི་གཞན་གྱི་ངོ་བོ་ཉིད། །ཅེས་པའི་བར་གྱི་ཆོས་ཅན་ཉི་ཤུ་པོ་དེ་ལ་རིགས་པས་རྣམ་པར་དཔྱད་པའི་ཚེ་ན་རང་རང་གི་ངོ་བོས་སྟོང་པའི་ཕྱིར། དེའི་ཚེ་མིག་མིག་གིས་སྟོང་པ་ནས་རྣམ་མཁྱེན་རྣམ་མཁྱེན་ཉིད་ཀྱིས་སྟོང་པའི་བར་ལྟ་བུའོ། །འདི་ཡང་གནས་ཚུལ་སེམས་པ་ལ་མ་ཞུགས་པའི་ཚེ་ནི་དེ་ལྟར་སྟོང་པ་མ་ཡིན་ཏེ། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་ལེན་དགོས་པའི་ཕྱིར། གནས་སྐབས་གཉིས་པོ་གང་དབང་བཙན་པར་བྱེད་ཅེ་ན། རྣམ་ཤེས་ཀྱི་ངོར་བསོད་ནམས་ཀྱི་ཚོགས་གསོག་པ་ལ་ལྟོས་ནས་མ་བརྟགས་པའི་སྐབས་ཉིད་གཙོ་ཆེ་སྟེ། དེའི་ཚེ་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་འབྲེལ་དབང་བཙན་པས་སོ། །ཡེ་ཤེས་ཀྱི་ངོར་ཡེ་ཤེས་ཚོགས་གསོག་ལ་ལྟོས་ནས་ནི་རྣམ་པར་བརྟགས་པ་ཉིད་དབང་བཙན་པ་ཡིན་ཏེ། དེའི་ཚེ་ལྟོས་ནས་གྲུབ་པའི་རྟེན་འབྲེལ་དབང་བཙན་པས་སྟོང་པ་ཉིད་ལས་མ་གཏོགས་པའི་ཆོས་གཞན་མེད་དོ། །ཞེས་འཆད་དགོས་པའི་ཕྱིར། དེ་ལྟ་བུའི་ཡོད་མེད་འགལ་བ་གཉིས་སྦྱིན་གཏོང་ལྟ་བུའི་ཉམས་ལེན་གཅིག་ལ་ཇི་ལྟ་བུ་ཞེ་ན། གཏོང་བ་པོ་གཅིག་གི་ཤེས་རྒྱུད་ལ་རྣམ་ཤེས་ཀྱི་ངོར་འཁོར་གསུམ་དམིགས་པ་དང༌། ཡེ་ཤེས་ཀྱི་ངོར་གསུམ་པོ་མི་དམིགས་པ་གཅིག་ཅར་དུ་འབྱུང་བ་མི་འགལ་བ་ནི། ཐེག་ཆེན་ལམ་གྱི་ཁྱད་ཆོས་ཡིན་པས་སོ། །གསུམ་པ་ཡེ་ཤེས་ཀྱི་དམིགས་པ་དཔྱད་པ་ལ། ཉི་སྣང་དུ་ལུགས་གསུམ་བཀོད་ནས། དབུ་མ་ཐལ་འགྱུར་བས་སྟོང་ཉིད་ཁོ་ན་ཡེ་ཤེས་ཀྱི་དམིགས་པར་འདོད་པ་ལ། ཡེ་ཤེས་རྟོག་པར་ཐལ་བའམ། སྟོང་ཉིད་འདུས་བྱས་སུ་ཐལ་བ་གང་རུང་གི་སྐྱོན་བརྗོད། རྣལ་འབྱོར་སྤྱོད་པ་པས་ཆོས་དབྱིངས་ཡེ་ཤེས་ཁོ་ན་དམིགས་པ་དང༌། རིགས་པས་ཅི་ཙམ་དཔྱད་ཀྱང་རང་བཞིན་གྱིས་གྲུབ་པར་ཁས་ལེན་པ་ལ། དམིགས་པ་དག་པ་གོང་འཕེལ་དུ་འགྲོར་མེད་པའི་སྐྱོན་དང༌། གཉེན་པོ་ཡེ་ཤེས་བདེན་པར་གྲུབ་ན་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱང་བདེན་གྲུབ་ཏུ་འགྱུར་ཏེ། གཉིས་པོ་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར། ཞེས་པའི་སུན་འབྱིན་མཛད་ནས། རང་ལུགས་ནི་ཕྱི་ནང་ལ་སོགས་པའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ལ་དམིགས་པར་བཤད། འགྲེལ་ཆེན་དུ་གང་ཤེས་པ་ཡིན་ན་རང་བཞིན་སྟོང་པ་ཉིད་ལ་དམིགས་པས་ཁྱབ། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན། ཇི་སྐད་བཤད་པ་རྣམས་ཀྱང་ཤེས་པ་ཡིན་ནོ། །ཞེས་པའི་ངག་བཀོད་ནས། ཕྱོགས་ཆོས་རྣམ་ངེས་ཀྱི་ལུང་ལ་བརྟེན་ནས་མངོན་སུམ་གྱིས་གྲུབ་པ་དང༌། རྟགས་མི་མཐུན་པའི་ཕྱོགས་ལས་བཟློག་པ་སྟེ་ཚུལ་གསུམ་ཚང་བར་གསུངས་སོ། །དེ་དག་གི་དོན་ནི་འདི་ལྟར་ཐ་མལ་གྱི་ཤེས་པ་གང་ཡིན་གྱིས་ནི་སྣང་ཚོད་དེ་ཉིད་དུ་དམིགས་པ་ལས་གཞན་མེད་ལ། འཕགས་པའི་སྒོམ་བྱུང་མཉམ་རྗེས་ཀྱིས་ནི་སྔར་ཐོས་བསམ་གྱི་ཚེ་རང་སྟོང་དུ་གཏན་ལ་ཕེབས་པའི་ཚད་མ་དེའི་བྱེད་པ་མ་ཉམས་པར་ཡོད་པའི་ཆོས་ཅན་སྣ་ཚོགས་པ་ཉིད་དམིགས་པར་བྱེད་པ་ལ་བསམས་ནས་རང་བཞིན་སྟོང་པ་ཉིད་ལ་དམིགས་ཞེས་བཤད་དོ། །འོ་ན་མཉམ་རྗེས་ཁྱད་མེད་དུ་འགྱུར་ཏེ། ཆོས་ཅན་ཀུན་རྫོབ་པ་ལ་དམིགས་རྣམ་རྨི་ལམ་ལྟ་བུར་རྟོགས་པ་ལ་ཁྱད་མེད་པའི་ཕྱིར་ཞེ་ན། དེ་ལྟར་ཐལ་བ་མེད་དེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྣང་བ་ནི། གཟུང་འཛིན་གཉིས་སུ་སྣང་བའི་ཤེས་སྒྲིབ་ཀྱིས་བསྐྱེད་པ་མ་ཡིན་ལ། འཕགས་པ་སློབ་པའི་རྗེས་ཐོབ་ཀྱི་སྣང་བ་ནི། ཤེས་སྒྲིབ་དེའི་བག་ཆགས་ལས་བྱུང་བའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ལ་ཇི་ལྟ་བུ་ཞེ་ན། རྒྱུད་སྡེ་དང་རྣལ་འབྱོར་སྤྱོད་པའི་གཞུང་ལས་ནི་དེའི་མཉམ་རྗེས་ཐམས་ཅད་དག་སྣང་འབའ་ཞིག་པར་འཆད་ལ། མདོ་སྡེ་དང་གྲགས་སྡེ་སྤྱོད་པའི་དབུ་མ་པས་ནི་སྣང་མེད་ཁོ་ནར་བཞེད་དོ། །དེ་ལྟ་ན་ཡང་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་འདོད་མི་འདོད་ཀྱི་ཁྱད་པར་ནི་རང་རང་གི་གཞུང་དེ་དང་དེ་ན་གསལ་ལོ། །གཉིས་པ་སའི་ཚོགས་བཤད་པ་ལ་གཉིས་ཏེ། ས་དང་པོ་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་པ་དང༌། བཅུ་པ་འབྲས་བུའི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས་ལས། སྤྱིའི་མཚམས་སྦྱར་བ་ནི། སའི་ཚོགས་ལ་ཞེས་སོགས་ཏེ་འདི་ཡང་ས་བཅུའི་མཉམ་གཞག་ཏུ་བཤད་མ་ཐག་པའི་ཡེ་ཤེས་ཀྱི་ཚོགས་ས་མཚམས་ཀྱིས་ཕྱེ་བ་དེ་དང་དེ་བསགས་པ་སྔོན་དུ་སོང་ནས། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསྐལ་པ་མང་པོར་བསགས་ནས། ས་དེ་དང་དེའི་ཡོན་ཏན་རྣམས་མཐར་ཕྱིན་པར་བྱེད་པའོ། །གཉིས་པ་དངོས་དོན་སོ་སོར་བཤད་པ་ལ་དགུ་ལས། ས་དང་པོའི་ཡོངས་སྦྱོང་ལ་རྩ་བ་ནི། རབ་འབྱོར་བྱང་སེམས་ཆེན་པོ་ས་ནས་སར་འཕར་ཏེ། ཞེས་པ་ནས། ས་དང་པོ་ལ་གནས་པས་ཆོས་བཅུ་ཡོངས་སུ་སྦྱང་བར་བྱ་སྟེ། ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྔ་མ་བཞིན་དུ་སྦྱར་རོ། །འགྲེལ་པ་ལ། སྦྱོང་ཚུལ་ཇི་ལྟ་བུ་དང༌། སྦྱོང་བྱེད་ཀྱི་དབྱེ་བ་རྣམས་སོ། །བྱང་སེམས་ས་དང་པོ་པས་རྗེས་ཐོབ་ཏུ་ཡོངས་སུ་སྦྱོང་བའི་རྒྱུའི་ཁྱད་པར་བཤད་མ་ཐག་པ་བཅུ་པོ་དེ་ཡེ་ཤེས་ཀྱི་ངོར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་ཤིང༌། རྣམ་ཤེས་ཀྱི་ངོར་སྣང་ཆ་མ་དོར་བའི་ཡོངས་སུ་སྦྱོང་བ་དག་ཁོ་ནས་ས་དང་པོ་རབ་ཏུ་དགའ་བ་མཐར་ཕྱིན་པ་ཉིད་དུ་འཐོབ་པར་བྱ་དགོས་པ་ཡིན་ཏེ། བཤད་མ་ཐག་པ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་བཅུས་ས་དང་པོའི་ཡོན་ཏན་རྣམ་པ་ཐམས་ཅད་དུ་སྟེ་རྫོགས་པར་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། བཅུ་པོ་གང་ཞེ་ན། རྩ་བའི་རིམ་པ་ཇི་ལྟ་བ་བཞིན་དུ། རྫོགས་པའི་བྱང་ཆུབ་ཀྱི་གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་དང་ནས། བདེན་པར་སྨྲ་བ་ཉིད་ཅེས་བྱ་བའི་བར་གཞུང་ཇི་ལྟ་བ་བཞིན་ནོ། །ས་གཉིས་པའི་ཡོངས་སྦྱོང་ལ། རྩ་བ་ནི། ཚུལ་ཁྲིམས་བྱས་པ་ཞེས་སོགས་ཀྱི་གཞུང་འདི་ཆོས་ཅན། རྗེ་བཙུན་གྱི་རང་བཟོ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་ཡོངས་སུ་སྦྱང་བར་བྱ་སྟེ། ཞེས་སོགས་ཀྱི་མདོ་དོན་ཇི་ལྟ་བ་བཞིན་དུ་བཀྲལ་བའི་ཕྱིར་འགྲེལ་པ་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་ཞེས་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྲོ་བ་ཞེས་པའི་བར་གྱི་ཆོས་བརྒྱད་པོ་དེ་སྔ་མ་ས་དང་པོར་བཤད་པ་བཞིན་དུ་དོན་དམ་ཡེ་ཤེས་ཀྱི་ངོར་མི་དམིགས་ཤིང༌། ཀུན་རྫོབ་རྣམ་ཤེས་ཀྱི་ངོར་སྣང་ཆ་མ་དོར་བའི་ཐབས་ལ་མཁས་པས་ཡོངས་སུ་སྦྱང་བ་དག་བྱས་པས་ནི་ཆོས་ཅན། ས་གཉིས་པ་དྲི་མ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ་པ་ཡིན་ཏེ། དེས་དེ་ལྟར་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ས་གསུམ་པའི་ཡོངས་སྦྱོང་བཤད་པ་ལ། རྩ་བ་ནི། ཐོས་པས་མི་ངོམས་སོགས་ཀྱི་གཞུང་འདི་ཆོས་ཅན། རྗེ་བཙུན་གྱིས་རང་གར་མཛད་པ་མ་ཡིན་ཏེ། བྱང་སེམས་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ཡོངས་སུ་སྦྱང་བར་བྱ་སྟེ། ཞེས་སོགས་ཀྱི་མདོ་དོན་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། འགྲེལ་པ་ནི། བྱང་སེམས་ས་གསུམ་པ་པས་རྗེས་ཐོབ་ཏུ་དམ་པའི་ཆོས་མཉན་པས་ངོམས་མི་ཤེས་པ་ནས་རང་དང་གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་མི་བྱེད་པ་ཞེས་བྱ་བའི་ཆོས་ལྔ་པོ་སྔ་མ་བཞིན་དུ་སྣང་ཆ་མ་དོར་བ་དང་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་ཡོངས་སུ་སྦྱོང་བ་དག་བྱས་པས་ནི་ཆོས་ཅན། ས་གསུམ་པ་འོད་བྱེད་པ་རབ་ཏུ་རྟོགས་པའམ་རྫོགས་པར་བྱ་དགོས་པ་ཡིན་ཏེ། དེས་དེའི་ཡོན་ཏན་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ས་བཞི་པའི་ཡོངས་སྦྱོང་བཤད་པ་ལ། ནགས་གནས་སོགས་ཀྱི་རྒྱན་གཞུང་ཆོས་ཅན། རྗེ་བཙུན་གྱིས་རང་ཁར་མཛད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ས་བཞི་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་སྦྱང་བར་བྱ་ཞེས་སོགས་ཀྱི་མདོ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕྱིར། འགྲེལ་པ་ནི། ཐེག་དམན་གྱི་ས་ཡིད་ལ་མི་བྱེད་པའི་དགོན་པར་གནས་པ་སོགས་ནས། དངོས་པོ་ཐམས་ཅད་ལ་མཚན་མར་མི་ལྟ་བ་ཞེས་བྱ་བའི་བར་དེ་ལྟ་བུའི་ཆོས་རྣམ་པ་བཅུ་སྔ་མ་བཞིན་དུ་རྣམ་པར་བརྟགས་པའི་བློ་ངོར་མི་དམིགས་ཤིང༌། མ་བརྟགས་པའི་ངོར་སྣང་ཆ་མ་དོར་བས་ས་བཞི་པའི་རྗེས་ཐོབ་ཏུ་ཡོངས་སུ་སྦྱང་བ་བྱས་པས་ནི་ཆོས་ཅན། ས་བཞི་པ་འོད་འཕྲོ་བ་ཅན་རྫོགས་པར་གནོན་པ་ཡིན་ཏེ། དེ་ལྟར་གནོན་པའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར། ས་ལྔ་པའི་ཡོངས་སྦྱོང་བཤད་པ་ལ། རྩ་བ་ནི། ས་ལྔ་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་སྦྱང་བར་བྱ་སྟེ་ཞེས་སོགས་ཀྱི་མདོ་ཆོས་ཅན། ས་ལྔ་པའི་ཡོངས་སྦྱོང་བསྟན་པ་ཡིན་ཏེ། དེ་ཚིག་གི་ཟིན་པ་བཞིན་དུ་རྒྱན་གཞུང་འདིར་བསྡུས་པའི་ཕྱིར། འགྲེལ་པ་ལ། ཡོངས་སྦྱོང་དངོས་དང༌། ལོག་ཕྱོགས་ངོས་བཟུང་བ་གཉིས་ལས། དང་པོ་ནི། ས་ལྔ་པའི་རྗེས་ཐོབ་ཏུ་མི་མཐུན་པའི་རྣམ་པར་སྤངས་ཤིང༌། བཟློག་པའི་མཚན་ཉིད་ཅན་གྱི་ཆོས་བཅུ་དོན་གྱིས་འཕངས་པ་དེ་སྔ་མ་བཞིན་དུ་བདེན་པ་གཉིས་ལས་མི་འདའ་བའི་སྒོ་ནས་ཡོངས་སུ་སྦྱོང་བ་བྱས་པས་ནི་ཆོས་ཅན། ས་ལྔ་པ་སྦྱང་དཀའ་རྫོགས་པར་འཐོབ་པ་ཡིན་ཏེ། དེ་ལྟར་འཐོབ་པའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར། གཉིས་པ་ནི། ལོག་ཕྱོགས་བཅུ་པོ་གང་ཞེ་ན། རྙེད་པ་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་སོགས་དང་འགྲོགས་པ་ནས། འདོད་ཆགས་ལ་སོགས་པའི་ཉོན་མོངས་ཐམས་ཅད་ལ་མངོན་དུ་ཕྱོགས་པར་བྱེད་པ་ཞེས་པའི་བར་རྣམས་སོ། །ས་དྲུག་པའི་ཡོངས་སྦྱོང་བཤད་པ་ལ། རྩ་བ་ནི། ས་དྲུག་པ་ལ་གནས་པས་ཆོས་དྲུག་ཚན་གཉིས་ཡོངས་སུ་སྦྱང་བར་བྱ་སྟེ་ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྦྱར་རོ། །འགྲེལ་པ་ནི། དྲུག་ཚན་དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་དང༌། དྲུག་ཚན་གཉིས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་འདོད་པ་ནས་སློང་བ་པོའི་སྐྱེ་བོ་སྤོང་བའི་སེམས་ཏེ། སྤང་བྱ་དྲུག་པོ་སྤོང་བར་བྱེད་པའི་ཆོས་རྣམ་པ་བཅུ་གཉིས་སྤང་མ་བཞིན་དུ་ས་དྲུག་པའི་རྗེས་ཐོབ་ཏུ་ཡོངས་སུ་སྦྱོང་བ་བྱས་པས་ནི་ཆོས་ཅན། ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་བ་ཡིན་ཏེ། དེ་ལྟར་འགྱུར་བའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར། ས་བདུན་པའི་ཡོངས་སྦྱོང་བཤད་པ་ལ། མི་མཐུན་ཕྱོགས་སྤོང་བའི་ཡོངས་སྦྱོང་བཤད་པ་དང༌། གཉེན་པོ་བསྟེན་པའི་ཡོངས་སྦྱོང་བཤད་པའོ། །དང་པོ་ནི། ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་སྤང་བར་བྱ་སྟེ། ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། བདག་དང་སེམས་ཅན་ལ་སོགས་པར་འཛིན་པ་ནས། སྟོང་པ་ཉིད་ལ་རྩོད་པ་དང༌། མངོན་སུམ་དུ་མཐོང་བ་དང༌། སྟོང་པ་ཉིད་འགལ་བ་བརྗོད་པས་འཛིན་པ་ཡོངས་སུ་སྤངས་པ་སྟེ་མདོར་ན་ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་བཟློག་པའི་ཆོས་དོན་གྱི་ཤུགས་བསྟན་ལ་འཕངས་པ་ཉི་ཤུ་སྔ་མ་བཞིན་དུ་ཡོངས་སུ་སྦྱོང་བ་བྱས་པས་ནི་ཆོས་ཅན། ས་བདུན་པ་རིང་དུ་སོང་བ་ཀུན་ཤེས་པར་འགྱུར་བ་ཡིན་ཏེ། དེར་འགྱུར་བའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ་ནི་དོན་གྱིས་འཕངས་པའི་ཆོས་གཉིས་བསྟན་པའི་ཕྱིར། ཞེས་པ་བཤད་མ་ཐག་པའི་སྐྱོན་ཉི་ཤུ་པོ་སྤོང་བྱེད་ཀྱི་གཉེན་པོ་གང་ཞེ་ན། ཞེས་པའོ། །འགྲེལ་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སོགས་ཤེས་པ་དང༌། དགེ་བ་བཅུ་སོགས་ཀྱི་འཁོར་གསུམ་མི་དམིགས་པར་ཤེས་པ་ནས། གདུལ་བྱ་དང་མཐུན་པར་བདག་གི་ལུས་རབ་ཏུ་སྟོན་པ་ཞེས་པའི་བར་རྣམ་པ་ཉི་ཤུ་པོ་བྱང་སེམས་ས་བདུན་པ་པས་མཉམ་རྗེས་ཅི་རིགས་པར་སྔ་མ་བཞིན་དུ་ཡོངས་སུ་སྦྱོང་བར་བྱས་པས་ནི་ཆོས་ཅན། ས་བདུན་པ་རིང་དུ་སོང་བ་རྟོགས་པའམ་རྫོགས་པར་འགྱུར་བ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་ཡིན་པའི་ཕྱིར། གཞུང་སྔ་ཕྱི་གཉིས་ཀྱིས་བསྟན་པའི་སྤང་གཉེན་སོ་སོར་སྦྱོར་བར་འཆད་པའི་ཚེ་རྣམ་ཐར་སྒོ་གསུམ་གཅིག་ཏུ་བསྡུད་པའམ། རྟོག་པ་གཅོད་པ་སོགས་གསུམ་པོ་གཅིག་ཏུ་བསྡུས་ནས་སྤང་བྱའི་གྲངས་དང་མཐུན་པར་སྦྱོར་ཞེས་འཆད་དོ། །ས་བརྒྱད་པའི་ཡོངས་སྦྱོང་བཤད་པ་ལ། རྩ་བ་ནི། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་པས་ཆོས་བཞི་ཚན་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ནས། སེམས་ཅན་གྱི་དོན་མཐོང་བ་ན་བློ་སྔོན་དུ་བཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བའི་བར་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་རྗེས་ཐོབ་ཀྱི་ཚེ་སྔ་མ་བཞིན་དུ་ཡོངས་སུ་སྦྱང་བ་བྱས་པས་ནི་ཆོས་ཅན། ས་བརྒྱད་པ་མི་གཡོ་བ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཏེ། ཞེས་སོགས་སྦྱར། ས་དགུ་པའི་ཡོངས་སྦྱོང་བཤད་པ་ལ། རྩ་བ་ནི། བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་སྦྱོང་བར་བྱ་སྟེ། ཞེས་སྦྱར། འགྲེལ་པ་ནི་སྨོན་ལམ་མཐའ་ཡས་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་སྟོབས་སོགས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་གྱི་ཆོས་རྣམ་པ་བཅུ་གཉིས་གཙོ་བོར་རྗེས་ཐོབ་ཀྱི་ཚེ་སྔ་མ་བཞིན་དུ་ཡོངས་སུ་སྦྱོང་བ་བྱས་པའི་ཁྱད་པར་དག་གིས་ནི་ཆོས་ཅན། ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ཏེ། ཞེས་སྦྱར་རོ། །སྐབས་འདི་དག་ཏུ་ཐེག་པ་ཆེན་པོའི་ཉམས་ལེན་མཐའ་དག་བདེན་པ་གཉིས་ལས་མི་འདའ་བའི་ཚུལ་འཆད་པ་ན། དོན་དམ་དུ་མེད་པ་དང་ཐ་སྙད་དུ་ཡོད་པ་ལ་མཐུན་པར་འཆད་མོད། དེ་ལྟར་འཆད་པ་ལ་བརྟགས་པ་ན། ཆོས་ཐམས་ཅད་དོན་དམ་དུ་མེད་པ་ཡིན་ཡང༌། སྤྱིར་ཡོད་པ་མ་ཡིན་པར་མི་འཆད་དོ། །ཞེས་ཟེར་བ་དེ་ལྟ་ན། ཀུན་རྫོབ་དང་ཐ་སྙད་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་དང༌། དོན་དམ་དང་རིགས་ཤེས་གནས་ཚུལ་ལ་མ་ཞུགས་པར་ཁས་བླངས་པས་ངོ་བོ་ཉིད་མེད་པ་པའི་ཕྱོགས་ལས་ཉམས་སོ། །འདིར་འཕགས་སེང་མཉམ་གཞག་སྣང་བཅས་སུ་བཞེད་པའི་ཕྱོགས་ལ་འདི་ལྟར། ཐོས་བསམ་གྱི་དུས་སུ་ཀླུ་སྒྲུབ་ཀྱི་རིགས་པས་གཏན་ལ་འབེབས་པའི་ཚེ་ནི་ཡོད་པའི་ཆོས་ལྟ་ཅི་སྨོས། དེ་བཀག་པས་མེད་པ་ཉིད་དུ་ཡང་གོ་བར་མི་བྱེད་ལ། དེ་ལྟར་སྒྲོ་འདོགས་བཅད་ནས་རྟོག་པ་ལྡོག་པའི་ཚུལ་ཇི་སྙེད་པ་ཁོང་དུ་ཆུད་དེ་སྒོམ་པས་ཉམས་སུ་ལེན་པ་ལ་ཞུགས་པ་ན། སྣང་བ་འཆར་བའི་ཚུལ་ནི་གཉིས་ཏེ། འཇིག་རྟེན་པའི་མཉམ་གཞག་དང༌། སློབ་པའི་རྗེས་ཐོབ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་འཆར་བ་དང༌། འཕགས་པའི་མཉམ་གཞག་ཏུ་ཡང་དག་པའི་ཡེ་ཤེས་ཀྱི་དབང་གིས་འཆར་བ་དག་ལས། འཆར་ཚུལ་དང་པོའི་ཚེ། རྣམ་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་སྣང་ཆ་དེ་མི་འདོར་ཞིང༌། དེ་ལ་དམིགས་པའི་ཡེ་ཤེས་ཀྱིས་སྤྲོས་པའི་མཚན་མ་གང་དུའང་མི་གཟིགས་པ་ནི་བདེན་པ་གཉིས་ལས་མི་འདའ་བའི་ཚུལ་གཅིག་གོ །ཚུལ་གཉིས་པ་དེ་ལ་ནི་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་ཉམས་ཀྱིའམ་དག་པའི་སྣང་བ་སྣ་ཚོགས་ཤར་བ་ན་ཡེ་ཤེས་ཀྱི་ངོ་བོ་ཉིད་དུའང་སྣང་ཆ་དེ་མི་འདོར་ཞིང༌། དེ་ལ་མཚན་མ་གང་དུའང་མི་འཛིན་པ་ནི་བདེན་པ་དག་ལས་མི་འདའ་བའི་ཚུལ་གཉིས་པའོ། །དེ་ལྟར་སྤྲོས་བྲལ་རྟོགས་པའི་སྒོམ་བྱུང་གི་ཚེ་སྣང་བ་མི་འགོག་ཀྱང༌། ཐོས་བསམ་གྱི་རིགས་པས་གནས་ཚུལ་སེམས་པའི་རིགས་ཤེས་དེའི་ངོར་ནི་སྣང་བ་ཁས་མི་ལེན་ཏེ། དེའི་ཚེ་སྣང་བ་གང་ཤར་རང་མལ་དུ་ཅུང་ཟད་ཀྱང་མི་འཇོག་པར་མཐའ་བྲལ་དུ་གཏན་ལ་འབེབས་པའི་ཕྱིར། འོ་ན་ཐོས་བསམ་དང་སྒོམ་བྱུང་མ་མཐུན་པར་ཐལ་ལོ་ཞེ་ན། ཐལ་བ་མ་ཡིན་ཏེ། གནས་ཚུལ་བསམ་པའི་དགོས་པ་ནི་མཚན་འཛིན་གྱི་རྟོག་པ་ལྡོག་པ་ཡིན་ལ། རྟོག་པ་མེད་པའི་ངང་ལ་མཉམ་པར་འཇོག་པ་ནི་སྒོམ་བྱུང་གི་དོན་ཡིན་པས་སོ། །དེ་ལྟར་བཀག་པའི་མེད་དགག་ཙམ་ལས་མཉམ་གཞག་གི་ཡུལ་གཞན་མེད་ན་ནི་དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པར་འགྱུར་རོ། །དེ་ལྟར་རྗེས་ཐོབ་ཀྱི་སྣང་བཅས་ཕལ་ཆེར་རྣམ་ཤེས་ཀྱི་ངོ་བོ་ཁས་ལེན་ཀྱང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྣང་བ་ནི་ཡེ་ཤེས་ཉིད་དུ་ཁས་ལེན་པས་ན་སོ་སོར་རང་གིས་རིག་པའི་ཡེ་ཤེས་སོ། །གལ་ཏེ་སློབ་དཔོན་འདི་དག་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་ན་རྣམ་རིག་པའི་མཉམ་གཞག་ཡེ་ཤེས་ཀྱི་འཆད་ཚུལ་དང་མ་མཐུན་ཏེ། འདིར་སྣང་བཅས་སུ་ཁས་བླངས་པ་དང༌། རྣམ་པ་གཅིག་ཏུ་ན་སྣང་བ་ཡེ་ཤེས་སུ་ཁས་བླངས་པས་ཡེ་ཤེས་འབའ་ཞིག་ལ་དམིགས་པའི་ཉེས་པ་སོ་ན་འདུག་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་རིག་པས་ནི་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་དམིགས་པར་བཞེད་ལ། འདིར་ནི་གཉིས་སྣང་ཅན་གྱི་ཡེ་ཤེས་དམིགས་པར་བཤད་པས་སོ། །འོ་ན་ཟག་བཅས་དང་ཟག་མེད་སྒོམ་ལམ་གྱི་དབྱེ་བ་མི་ཕྱེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡང་དག་མིན་རྟོག་གི་སྣང་བཅས་ཡིན་མིན་གྱི་ཁྱད་པར་ལས་སོ། །ཞར་ལ་ཐལ་འགྱུར་བས་ནི་ཡེ་ཤེས་སྟོང་ཉིད་དུ་ཆུ་ལ་ཆུ་བཞག་པའི་ཚུལ་དུ་སོང་བས་ཡུལ་ཅན་མཚན་ཉིད་པར་ཁས་མི་ལེན་ཞིང༌། ལེགས་ལྡན་གྱིས་ནི་མཉམ་གཞག་ཏུ་ཡེ་ཤེས་ཁས་བླངས་ཀྱང་རང་རིག་པ་དང་སྟོང་ཉིད་རིག་པ་གང་དུ་ཡང་ཁས་མི་ལེན། སློབ་དཔོན་འདིས་ནི་མཉམ་གཞག་གི་ཡུལ་སྣང་ཡེ་ཤེས་སུ་ཁས་བླངས་ནས་རང་རིག་པའི་ཡེ་ཤེས་སུ་བཞེད་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བཤད་པ་ཡིན་ནོ། །གཉིས་པ་འབྲས་བུ་ས་བཅུ་པའི་མཚན་ཉིད་བཤད་པ་ལ་གསུམ་ལས། དང་པོ་ནི། ཇི་སྐད་བཤད་པ་དེ་ལྟར་རྒྱུ་ས་དགུ་པོ་རྣམས་ཀྱི་ཡོངས་སུ་སྦྱོང་བ་མདོ་དང་བསྟན་བཅོས་གཉིས་ཀ་ལས་སོ་སོར་ངེས་པ་ཉིད་དུ་བསྟན་ནས། འབྲས་བུའི་ས་བཅུ་པ་ཉིད་དུ་དངོས་བསྟན་ལ་ཡོངས་སྦྱོང་དེ་དག་གིས་མ་བསྟན་པར་འབྲས་བུའི་ས་ཉིད་དུ་མདོ་རྒྱན་གཉིས་ཀ་ལས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ས་བཅུ་པ་ལ་ཐེག་པ་ཆེ་ཆུང་གི་ས་ཐམས་ཅད་ཀྱི་རྟོགས་རིགས་དང་ཡོན་ཏན་ཡར་ལྡན་དུ་བསྡུ་བ་ཉིད་དུ་ཤེས་པའི་ཆེད་ཀྱི་སྒོ་ནས་བསྟན་པས་སོ། །རྩ་བ་ནི། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་སོགས་བསྟན་བཤད་གཉིས་ཀྱི་མདོ་ཆོས་ཅན། ས་བཅུ་པའི་མཚན་ཉིད་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པ་དེ་ཉིད་རྒྱན་དུ་སྒྲ་ཇི་བཞིན་པས་བསྟན་པའི་ཕྱིར། འགྲེལ་པ་ལ། འབྲས་བུའི་ས་ངོས་བཟུང་བ། ས་དགུའི་རྐང་གྲངས་བཤད་པའོ། །དང་པོ་ནི། མདོ་དང་རྒྱན་འདིར་ཆོས་ཅན། ས་བཅུ་པ་ཡོངས་སྦྱོང་གི་སྒོ་ནས་མ་བཤད་ཀྱང༌། དེའི་མཚན་ཉིད་མི་རྟོགས་པའི་སྐྱོན་མེད་དེ། སྨོན་ལམ་གྱི་མཐུས་མཛད་པ་བཅུ་གཉིས་སོགས་སངས་རྒྱས་ཀྱི་རྫུ་འཕྲུལ་གཞན་སྣང་དུ་སྟོན་ཤེས་པ་གང་གིས་སམ་དེའི་རྒྱུ་མཚན་གྱིས་སངས་རྒྱས་སུ་མིང་གིས་བཏགས་པའི་ས་དེ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་པ་ཡིན་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར། འདོགས་པའི་རྒྱུ་མཚན་དང་དངོས་ལ་གནོད་བྱེད་ལུང་དང་སྦྱར་བ་ནི། ཡུམ་གྱི་མདོ་ལས། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པའི་ཕྱིར་སངས་རྒྱས་ཁོ་ནར་བརྗོད་པར་བྱའོ། །ཞེས་དང༌། ཇི་སྐད་དུ། རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་མདོ་དང་བྱམས་པའི་ལུགས་ལས་འབྱུང་བས་སོ། །ཞེས་པའོ། །གཉིས་པ་ནི། གང་ལས་འདས་པའི་ས་དགུ་པོ་དེ་དག་གང་ཞེ་ན། མདོ་ཉིད་ལས། རིགས་དང་བརྒྱད་པ་སོགས་དྲུག་དང་ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ས་ཞེས་གསུངས། དེའི་ངོས་འཛིན་ནི་གནས་སྐབས་གང་ནས་ཐེག་པ་གསུམ་པོ་སོ་སོར་རིགས་ངེས་པ་ཉན་ཐོས་ལ་སོགས་པའི་རིགས་དང༌། ཞེས་པས་རིགས་ཀྱི་ས་ངོས་བཟུང་བ་དང༌། བརྒྱད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང༌། མཐོང་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། བསྲབ་པ་ནི་ལན་གཅིག་ཕྱིར་འོང་བ་དང༌། འདོད་ཆགས་དང་བྲལ་བ་ནི་ཕྱིར་མི་འོང་བ་དང༌། བྱས་པ་རྟོགས་པ་ནི་དགྲ་བཅོམ་པའི་འབྲས་བུ་དང༌། ཉན་ཐོས་ཀྱི་ས་ཞེས་པ་ཞུགས་པ་ལྷག་མ་གསུམ་དང༌། རང་སངས་རྒྱས་ཀྱི་ས་ཇི་སྙེད་པ་དང༌། བྱང་ཆུབ་སེམས་དཔའི་ས་ཞེས་པ་ཇི་སྐད་བཤད་པའི་ས་དགུ་པོ་གཅིག་ཏུ་བྱས་པའོ། །འདིར་ཞུགས་པ་གསུམ་པོ་ཁོ་ན་ལ་ཉན་ཐོས་ཀྱི་ས་ཞེས་ལོགས་སུ་བསྡུས་པ་ཆོས་ཅན། དགོས་པ་ཡོད་དེ། འདའ་ས་འཆད་པའི་སྐབས་འདིར་ཐེག་པ་གསུམ་གྱི་ཚུལ་གསུམ་རྣམ་པར་བཞག་པར་འགྲུབ་པར་དགོངས་པའི་ཕྱིར། དེ་ལྟར་གྲུབ་པ་ཡང་ཆོས་ཅན། དགོས་པ་དང་བཅས་ཏེ། ས་བཅུ་པ་ལ་ཐེག་པ་ཆེ་ཆུང་གི་ས་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུ་བའི་སྒོ་ནས་འདུས་པར་ཤེས་པའི་ཆེད་ཡིན་པས་སོ། །འདིར་དེ་བཞིན་གཤེགས་པའི་མཛད་པས་ཉེ་བར་གནས་པ་དེ་ས་བཅུ་པའི་ཡོངས་སྦྱོང་དངོས་སུ་མ་བཤད་ཀྱང་དོན་གྱིས་འཐོབ་པ་ཡིན་ཏེ། ས་བཅུ་པའི་རྗེས་ཐོབ་ཏུ་དེ་ལྟར་མཛད་པ་དེ་ས་བཅུ་པ་ལ་ལྟོས་པའི་བསོད་ནམས་ཀྱི་ཚོགས་གསོག་དངོས་ཡིན་པའི་ཕྱིར་དང༌། བསྐལ་པ་ཆེན་པོ་དག་ཏུ་དེ་ལྟར་མ་མཛད་ན་སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་གཞན་དོན་ལྷུན་གྱིས་གྲུབ་པ་དེ་མི་འབྱུང་བའི་ཕྱིར་དང༌། དུས་མ་ཡིན་པར་ཡང་དག་པའི་མཐའ་མངོན་དུ་བྱས་པའི་ཉེས་པ་དེར་ཐལ་བའི་ཕྱིར་རོ། །གསུམ་པ་གཉེན་པོར་ཚོགས་ལ་མཚམས་སྦྱར་བ་ནི་གཞུང་བཞིན་ནོ། །རྩ་བ་ནི་མདོར་ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་དང༌། ཇི་ཙམ་གྱིས་ན་དེ་ལ་ཞུགས་པ་དང༌། ཐེག་པ་ཆེན་པོ་དེ་གང་ཡིན་དྲིས་པའི་ལན་གྱིས་གོ་འཇུག་ཚོགས་གསུམ་གྱི་སྒྲུབ་པ་རྒྱས་པར་བཤད་ནས། ཐེག་པ་དེས་གང་ནས་གང་དུ་ཡང༌། ཇི་ལྟར་ངེས་པར་འབྱུང་དྲིས་པའི་ལན་དུ། གསུམ་པོ་དོན་དམ་པར་མི་དམིགས་པ་དང༌། ཀུན་རྫོབ་ཏུ་ངེས་པར་འབྱུང་བའི་ལན་གྱིས་གཉེན་པོའི་ཚོགས་དེ་དབྱེ་བ་བརྒྱད་དང་བཅས་པ་ངོས་བཟུང་བར་བཞེད་དོ། །འགྲེལ་པ་ལ་མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ལ་བརྟེན་པའི་གཉེན་པོ་ནི་ཆོས་ཅན། རྣམ་པ་བརྒྱད་དུ་ཕྱེ་བ་ཡིན་ཏེ། མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བརྒྱད་དུ་ཕྱེ་བ་ལས་སོ། །བརྒྱད་ཇི་ལྟར་ཡིན་ཞེ་ན། མཐོང་བ་དང་སྒོམ་པའི་ལམ་སོ་སོ་ལ་གཟུང་བའི་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་དང༌། གཉེན་པོའི་རྟེན་ཅན་གཉིས་དང༌། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་དབྱེ་བས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཡིན་པས་སོ། །འདི་དག་མདོ་ལས་ཇི་ལྟར་བསྟན་ཅེ་ན། རྟོག་པའི་དབྱེ་བ་དངོས་སུ་མ་བསྟན་ཀྱང་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་ནས་མངོན་དུ་བྱ་བའི་ལན་གྱིས་མཚོན་ནོ། །བཞི་པ་ངེས་འབྱུང་གི་སྒྲུབ་པ་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི་གཞུང་བཞིན་ནོ། །འདིར་ངེས་འབྱུང་ཞེས་པ་མི་གནས་པའི་མྱང་འདས་ཀྱི་མིང་ཡིན་ལ། དེ་ལ་ཙམ་པོ་ངེས་འབྱུང་དེ་གདོན་མི་ཟ་བར་འབྱིན་པ་ཙམ་དང༌། ཁྱད་པར་ཅན་དངོས་སུ་འབྱིན་པ་གཉིས་ལས། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply