ཚོགས་སྒྲུབ་ལས་ཁྱད་པར་ཕྱེ་ན་ཕྱི་མ་འདི་དབང་བཙན་ནོ། །རྩ་བ་ནི། རབ་འབྱོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འདིས་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་ཏེ་འབྱུང་བ་ཡིན་ནོ། །ཞེས་སོགས་མདོ་ཚན་བརྒྱད་ཆོས་ཅན། ཞེས་སྦྱར་རོ། །འགྲེལ་པ་ལ། སྒྲུབ་པ་ངོས་བཟུང་བ་དང༌། ངེས་པར་འབྱུང་བའི་དབྱེ་བའོ། །དང་པོ་ནི་ཚོགས་སྒྲུབ་མཐར་ཕྱིན་པའི་གནས་སྐབས་ཀྱི་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ངེས་འབྱུང་གི་སྒྲུབ་པ་ཡིན་ཏེ། ངེས་འབྱུང་གི་དབྱེ་བ་བརྒྱད་པོ་དེ་དོན་དམ་པར་མི་དམིགས་ཤིང༌། ཐབས་མཁས་ཀྱིས་དེ་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། ངེས་འབྱུང་གི་སྒྲུབ་པ་དེ་ཆོས་ཅན། ངེས་འབྱུང་གི་དབྱེ་བ་ལྡོག་པས་ཕྱེ་ན་བརྒྱད་ཡིན་པར་མདོ་ལས་བཤད་པའི་རྒྱུ་མཚན་གྱིས་རྣམ་པ་བརྒྱད་དུ་འདིར་ཡང་ཕྱེ་བ་ཡིན་ཏེ། ངེས་པར་འབྱུང་བའི་གཞི་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར། ལྡོག་པས་ཕྱེ་བ་བརྒྱད་གང་ཞེ་ན། སྒྲུབ་པའི་ཆེད་དུ་བྱ་བ་ཇི་སྐད་བཤད་པ་རྣམས་དང༌། དེ་ལ་ཡང་མཉམ་གཞག་གི་ཁྱད་པར་ཆོས་ཐམས་ཅད་ཆོས་དབྱིངས་སུ་མཉམ་པ་ཉིད་དུ་རྟོགས་པ་དང༌། རྗེས་ཀྱི་ཁྱད་པར་སེམས་ཅན་གྱི་དོན་ཕྱད་པར་བྱེད་པ་དང༌། བྱེད་པའི་ཁྱད་པར་མཚན་མ་མེད་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་དང༌། ཆོས་ཐམས་ཅད་ཐེར་ཟུག་ཏུ་གནས་པ་དང་འཇིག་པ་ཡང་མ་ཡིན་པས་ན་རྟག་པ་དང་ཆད་པ་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་དང༌། ཡོན་ཏན་གྱི་ཁྱད་པར་ཐེག་པ་གསུམ་ཆར་གྱི་དོན་འཐོབ་པ་དང༌། དེ་ཐམས་ཅད་གཅིག་ཏུ་བསྡུས་པར་མཆོད་བརྗོད་ཀྱི་སྐབས་སུ་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་ཞེས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཛད་པ་རྣམས་སོ། །འདིར་སྨྲས་པ། རབ་འབྱོར་ལེའུའི་ལང་ཚོ་མ་ཉམས་པ། །གཞན་དུ་ཇི་བཞིན་མ་གསལ་མཚར་སྡུག་ཀུན། །ཇི་བཞིན་གཟིགས་པའི་ཉི་མ་འདི་འཆར་གྱི། །ནུབ་རིའི་མལ་དུ་གཟིམས་པར་མ་གྱུར་ཅིག །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ།། །།ཐུབ་དབང་ཉིད་ཀྱིས་བཤམས་པའི་ཁྲི་སྟེངས་ནས། །རབ་འབྱོར་ལེའུའི་ཉིན་བྱེད་ཤར་བ་ནས། །ཚངས་དང་དབང་པོའི་མུན་པ་སངས་གྱུར་ནས། །ལམ་ཤེས་གསུང་མཛད་དེ་ལ་ཕྱག་བགྱིའོ། །དེ་ལྟར་མཆོད་པར་བརྗོད་ནས། གཉིས་པ་རྒྱུ་ལམ་ཤེས་འཆད་པ་ལ་གསུམ་ལས། འབྲེལ་དགོད་པས་མཚམས་སྦྱར་བ་ནི། མཚོན་བྱེད་ཀྱི་ཆོས་བཅུའི་སྒོ་ནས་སྦས་དོན་དུ་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་ཤིང་ཐོབ་པ་ནི་རྒྱུ་ལམ་ཤེས་པ་ཉིད་མེད་ན་འབྱུང་བ་མེད་པས་ན་སྐབས་གཉིས་པར་རྒྱུ་ལམ་ཤེས་པ་ཉིད་འཆད་དོ། །སྐབས་གཉིས་པར་ནི་བསྟན་བཅོས་སུ་ཡང་རྒྱུ་ལམ་ཤེས་དངོས་སུ་བསྟན་ལ། འབྲས་བུ་རྣམ་མཁྱེན་ནི་སྐབས་དང་པོའི་བསྟན་བཅོས་སུ་ཡང་མཚོན་བྱེད་ཀྱི་སྒོ་ནས་བསྟན་པས་བསྟན་ཚུལ་ནི་མདོ་དང་མཚུངས་པ་ཉིད་དོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ་གཉིས་ཏེ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ལ་གཉིས་ལས། རྩ་བ་ནི། བཅོམ་ལྡན་འདས་ཀྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་གང་ཡིན་པ་དེ་ནི་ལྷམ་མེ་མ་ཡིན་ལྷན་ནེ་མ་ཡིན་གྱི་མདོ་ཚན་ལྔ་ཆོས་ཅན། ལམ་ཤེས་ཀྱི་ཡན་ལག་གསུངས་པ་ཡིན་ཏེ། རྒྱུ་ལམ་ཤེས་དེ་གང་ལ་སྐྱེ་བའི་རྟེན་ཁྱད་པར་ལྔ་ལྡན་དུ་རྗེ་བཙུན་གྱིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་བཞི་སྟེ། གང་ལ་སྐྱེ་བའི་རྟེན། འཐོབ་པར་བྱེད་པའི་རྒྱུ། བརྟེན་པ་རྒྱུ་ལམ་ཤེས་ཀྱི་རང་བཞིན། ལམ་ཤེས་དེའི་བྱེད་ལས་སོ། །དང་པོ་ནི་མདོ་ལས། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་རྣམས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་འོད་མོག་མོག་པོར་མཛད་པར་གསུངས་པས་ནི་ཆོས་ཅན། ཚིག་ཟུར་གྱིས་ལམ་ཤེས་གང་ལ་སྐྱེ་བའི་རྟེན་བརྗོད་པ་ཡིན་ཏེ། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ། དེ་ལྟར་མཛད་པ་དེའི་ཕྱིར། དེ་ནི་ཤུགས་བསྟན་གྱི་དགོས་པ་ཡིན་ལ། དངོས་བསྟན་གྱི་དགོས་པ་ནི་འོད་དེ་མོག་མོག་པོར་མཛད་པས་ལྷ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་པ་སྐྱེ་བར་རུང་བ་ཉིད་དུ་སྒྲུབ་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ལྷན་ཅིག་བྱེད་པའི་རྐྱེན་སོ་སོར་ངེས་པ་དང༌། ཉེ་བར་ལེན་པའི་རྒྱུས་ཐམས་ཅད་ལ་ཁྱབ་པའོ། །དང་པོ་ནི། སྐབས་དང་པོར་རབ་འབྱོར་གྱིས་ཤེར་ཕྱིན་རྒྱས་པར་བསྟན་པ་ལ་འཕྲོས་ནས། བརྒྱ་བྱིན་གྱིས་ཤེར་ཕྱིན་གང་ཡིན་པ་དང༌། དེ་ལ་ཇི་ལྟར་གནས་པར་བྱ་དྲིས་པའི་ལན་དུ། ལྷའི་བུ་གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ལ་ནི་སེམས་བསྐྱེད་པའི་མཐུ་མེད་དེ། འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་པའི་མདོ་འདིས་ལམ་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་ཡོད་མེད་ཀྱི་ཡུལ་སོ་སོར་ངེས་པ་ཉིད་དུ་བསྟན་པ་ཡིན་ཏེ། རྟེན་བཤད་མ་ཐག་པ་དེ་ཡང་ལམ་ཤེས་དངོས་སུ་སྐྱེ་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་དགོས་པར་བསྟན་པས་སོ། །འདིར་གཞན་དག་སེམས་ཙམ་པའི་ལུགས་ལ་མདོ་འདིས་མཐར་ཐུག་ཐེག་པ་གསུམ་དུ་བསྟན་ཞེས་ཟེར་མོད། སེམས་ཙམ་པའི་ངོས་འཛིན་གང་ཡིན་ཐོགས་མེད་ཞབས་ཀྱིས་ས་སྡེར་ནི་ལྷག་བཅས་ཀྱི་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པར་བཤད་ལ་ལྷག་མེད་ནས་དེར་མི་འཇུག་པ་ལ་དགོངས་པར་འཆད་ན་ནི་མ་ངེས་ཏེ། འཁོར་བའི་རྒྱུན་གྱི་མཚམས་བཅད་པ་ནི་ལྷག་བཅས་དགྲ་བཅོམ་པ་ལ་ཡང་ཡོད་པས་སོ། །གཉིས་པ་ནི་སེམས་མ་བསྐྱེད་པ་ལ་ལམ་ཤེས་གཏན་མི་སྐྱེ་བ་ཡིན་ནམ་ཞེ་ན། གལ་ཏེ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ། །ཞེས་པའི་མདོ་འདིས་ཆོས་ཅན། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའི་ཐེག་དམན་དགྲ་བཅོམ་པ་དང༌། ཅིག་ཤོས་ཕྱི་རོལ་པ་དང་ནང་པའི་རྣལ་འབྱོར་པ་སེམས་མ་བསྐྱེད་པས་ཀྱང་མཐར་ཐུག་སངས་རྒྱས་ཉིད་འཐོབ་པར་བྱ་བའི་ཕྱིར་དུ། ལམ་ཤེས་པ་ཉིད་བསྒོམ་པར་བྱ་བས་ཁྱབ་པར་བསྟན་པ་ཡིན་ཏེ། འཁོར་བའི་རྒྱུན་གྱི་མཚམས་བཅད་པར་བཤད་མ་ཐག་པ་དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་དངོས་སུ་བསྟན་པ་དེའི་ཕྱིར། དེ་སྒྲུབ་པ་ནི་མདོ་དེས་དེ་ལྟར་བསྟན་མོད། དེ་དགོངས་པ་ཅན་ནོ་ཞེ་ན། དམན་པའི་ལྷག་མེད་དུ་ཞུགས་པ་དང༌། གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་སོགས་ཀྱི་སྐྱེ་བོ་ཐམས་ཅད་ཆོས་ཅན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། རྒྱུ་རང་བཞིན་དུ་གནས་པའི་རིགས་ཀྱིས་ཁྱབ་པའི་ཕྱིར། གཏན་ཚིགས་འདི་ནི་མཐར་ཐུག་ཐེག་པ་གསུམ་པ་དག་གི་ངོར་འགོད་དགོས་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་ལས་རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་མ་ཡིན་ནོ། །ཞེས་དང༌། དབུ་མ་སྣང་བར། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་འདིས་ཀྱང་ཐམས་ཅད་སངས་རྒྱ་བར་རུང་བ་ཉིད་དུ་བསྟན། ཅེས་བཤད་པ་ལྟར་རོ། །དེས་ན་མཐར་ཐུག་ཐེག་པ་གསུམ་དང་གཏན་མི་འདའ་བའི་ཆོས་ཅན་ཁས་བླངས་པས་དབུ་མ་པ་མ་ཡིན་པར་མ་ངེས་ཤིང༌། སེམས་ཙམ་པ་མ་ཡིན་པས་སེམས་ཅན་ལ་རང་བཞིན་གནས་རིགས་དང་སྙིང་པོས་མ་ཁྱབ་པར་ཁས་ལེན་པའི་ངེས་པ་མེད་དོ། །གཏན་ཚིགས་དེ་མི་མཐུན་ཕྱོགས་ལ་ཞུགས་པ་མ་ཡིན་ཏེ། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་ཞེས་སོགས་མཐར་ཐུག་ཐེག་པ་གསུམ་དུ་རྣམ་པར་གཞག་པ་ནི། དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ལུགས་ལས་ཏེ། མདོ་དེའི་དེ་མ་ཐག་ཏུ་ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ་ཞེས་འབྱུང་བས་སོ། །འདིར་འཁོར་བ་ལ་མཐའ་མེད་པ་ནི་དབུ་སེམས་སུ་གྲགས་པ་གཉིས་ཀའི་འདོད་པ་ཇི་ལྟར་ཡིན་ལ། རྣམ་རིག་དབུ་མ་པས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱ་བར་རུང་བ་དང༌། སངས་མི་རྒྱ་བའི་སེམས་ཅན་ཡོད་པ་མི་འགལ་བར་ཁས་ལེན་དགོས་པ་དབུ་སེམས་གཉིས་སུ་གྲགས་པ་གཉིས་ཀ་ཁྱད་མེད་ཅིང༌། ལྷག་མེད་དུ་ཞུགས་ནས་ཐེག་པ་ཆེན་པོར་འཇུག་པའི་སྐྱེ་བ་ལེན་ཚུལ་ཇི་ལྟར་ཡིན་པ་ནི། རྣམ་བརྫུན་པ་དང་ངོ་བོ་ཉིད་མེད་པ་པའི་གཞུང་གང་དུ་ཡང་མ་བཤད་ལ། འཁོར་ལོ་གསུམ་པའི་མདོ་དང་བསྟན་བཅོས་ལས་ནི་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ལུས་ལེན་པར་བཤད་དོ། །གསུམ་པ་རྒྱུ་ལམ་ཤེས་ཀྱི་རང་བཞིན་ནི། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་པའི་མདོ་ཆོས་ཅན། རྒྱུ་ལམ་ཤེས་ཀྱི་རང་བཞིན་བསྟན་པ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱིས་ན་འདོད་སྲིད་ཀྱི་འདོད་ཆགས་ཀྱི་ཉོན་མོངས་པའི་བག་ལ་ཉལ་རྣམ་པ་ཐམས་ཅད་དུ་ཆེད་དུ་གཉེར་ནས་སྤངས་པ་དང་སྤོང་བ་མ་ཡིན་པ་ནི་དེའི་རང་བཞིན་དུ་བཤད་པའི་ཕྱིར། འདིར་གཞན་དག འདོད་སྲིད་ཀྱི་འདོད་ཆགས་བྱང་འཕགས་གཞན་དོན་སྒྲུབ་པའི་གྲོགས་སུ་དགོས་པ་ཡིན་གྱི། སྲིད་པར་སྐྱེ་བ་ལེན་པའི་རྒྱུར་དགོས་པ་མ་ཡིན་ཏེ། དེའི་རྒྱུ་ནི་སྙིང་རྗེ་དང་སྨོན་ལམ་གྱིས་ཆོག་པའི་ཕྱིར་དང༌། གཞན་དུ་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བས་སོ། །ཞེས་གསུངས་པ་ནི་དེར་མ་ངེས་ཏེ། བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་པའི་འགྲེལ་ཆེན་གཉིས་ཀ་ལས། མ་རིག་པ་དང་ལྟ་བའི་བག་ལ་ཉལ་འཇོམས་ཀྱི། འདོད་པ་དང་སྲིད་པའི་ཟག་པ་ནི་མ་ཡིན་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་འཛིན་པས་སོ། །ཞེས་གསུངས་པའི་ཕྱིར། སྐྱེ་བ་ལེན་པའི་རྒྱུ་འདི་དམན་པའི་དགྲ་བཅོམ་ལ་ཡོད་པ་མ་ཡིན་ཏེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུའི་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤངས་ཟིན་པས་སོ། །འཕགས་སེང་གཉིས་ཀ་ཉོན་མོངས་མི་སྤོང་བའི་རང་བཞིན་དེ་ལྟར་བཞེད་པ་ཉིད་དུ་འདྲ་ན། བྱང་སེམས་ལ་འབྲས་བུ་རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ཀྱི་རྣམ་གཞག་འཆད་ནི་འཚད་ཀྱི་ཁྱད་པར་འབྱུང་བ་ཅི་ཞེ་ན། འཕགས་པས་ནི་ཐེག་ཆེན་ལམ་དུ་དེ་འདྲའི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བས་ན་དེ་འདྲ་སྤོང་བ་ལ་བརྩོན་བཞིན་པ་དང་སྤངས་པས་རབ་ཏུ་ཕྱེ་བ་ཞེས་བཞག་མ་ནུས་ཤིང༌། ཤེས་སྒྲིབ་ཀྱི་ཞར་ལ་སྤངས་པ་དེ་ཡང་ཁམས་གསུམ་གྱི་དབྱེ་བས་རིམ་ཅན་དུ་མ་ཡིན་པར་ཅིག་ཅར་དུ་སྤངས་པས་ན་ཕྱིར་མི་འོང་དུ་བཞག་པའི་ཚེ་ན་དགྲ་བཅོམ་དུ་ཐལ་བ་སོགས་ཀྱིས་སོ། །འཇིག་རྟེན་པའི་ལམ་གྱིས་སྤོང་བའི་ཚེ་ནི་ཁམས་གསུམ་གྱི་དབྱེ་བས་རིམ་ཅན་ཁོ་ནར་ངེས་པས་ན་ཆགས་བྲལ་སྔོན་སོང་ལ་མི་མཚུངས་སོ། །འཕགས་སེང་གཉིས་ཀའི་བཞེད་ཚུལ་དེ་ལྟ་ན། སྡུག་བསྔལ་ལ་ཆོས་བཟོད་དུ་དམན་པའི་སྤངས་རྟོགས་རྫོགས་པར་འཆད་པ་དང་ཇི་ལྟར་མི་འགལ་ཞེ་ན། དགྲ་བཅོམ་པས་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་དང༌། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་སྤང་བཞིན་དུ་ཐེག་ཆེན་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་ཡང་དེ་སྤངས་པའོ། །དེའི་ཤེས་བྱེད་ཀྱང་དམན་པའི་རྒྱུད་ལ་ནི་འདོད་སྲིད་ཀྱི་བག་ལ་ཉལ་ཐར་པའི་གེགས་དང་ཉོན་མོངས་པའི་ཉེས་པ་བསྐྱེད་ཅིང་འདོད་གཟུགས་སུ་སྐྱེ་བ་འཕེན་བྱེད་ཀྱི་རྒྱུ་བྱེད་པས་འཁོར་བར་འཆིང་བྱེད་ཡིན་ལ། བྱང་འཕགས་ལ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པས་དེ་འདྲ་དེ་ལ་ཉོན་མོངས་པའི་ཉེས་པ་བསྐྱེད་པའི་ནུས་པ་མེད་ཅིང༌། དེའི་ཚེ་སྲིད་པར་སྐྱེ་བ་འཕེན་བྱེད་ཀྱི་རྒྱུ་ནི་སྙིང་རྗེ་དང་སྨོན་ལམ་ཡིན་གྱི། འདོད་སྲིད་ཀྱི་ཟག་པ་མ་ཡིན་པ་དང༌། དེའི་ཚེ་ནི་རང་གི་ཐོབ་བྱའི་ཐར་པ་ལ་གེགས་བྱེད་མ་ཡིན་གྱི། དེ་ལ་ཕན་འདོགས་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར། དེ་ཡང་སྐྱེ་འཕགས་གང་ཡིན་ཡང་སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་ལ་ནི། འཕེན་བྱེད་གང་ཡིན་ཡང༌། འགྲུབ་བྱེད་འདོད་སྲིད་ཀྱི་བག་ལ་ཉལ་ངེས་པར་དགོས་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་འཕགས་སེང་བཞེད་ལ་རྒྱུད་བླ་རྩ་འགྲེལ་སོགས་ཀྱི་གཞུང་གཞན་ལས་ནི། སྙིང་རྗེ་དང་སྨོན་ལམ། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་སམ། མ་རིག་བག་ཆགས་ས་དང་ཟག་མེད་ཀྱི་ལས་ལྟ་བུ་ཡིན་པ་དེའི་ཚེ་ནི་འགྲུབ་བྱེད་ལ་སྲེད་ལེན་གྱི་བག་ལ་ཉལ་གྱི་བཤད་པ་མེད་པས་ཤིང་རྟའི་སྲོལ་སོ་སོའོ། །འོ་ན་སྲོལ་འདིར་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་ལ་སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་མེད་པས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་ཚུལ་ཇི་ལྟ་བུ་ཞེ་ན། མདོ་སྡེ་རྒྱན་ལས། བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་པར། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་སོགས་གཞུང་གོང་འོག་གི་སྐབས་ཇི་ལྟ་བ་བཞིན་ཁས་བླང་བར་བྱའོ། །བཞི་པ་ནི་སེམས་བསྐྱེད་པ་དེའི་འོག་ཏུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལྟ་བུའི་རང་བཞིན་ཅན་གྱི་བྱེད་ལས་ནི། གདུལ་བྱའི་སེམས་ཅན་དག་སྔར་མ་བསྡུས་པ་སྦྱིན་པ་དང་སྙན་པར་སྨྲ་བས་སྡུད་པར་བྱེད་པ་དང༌། བར་དུ་སེམས་བསྐྱེད་པ་སོགས་དོན་མཐུན་པས་སྨིན་པར་བྱེད་པ་དང༌། མཐར་བདག་མེད་པའི་ལྟ་བ་སོགས་དོན་སྤྱོད་པས་སྨིན་པ་ལ་སོགས་པར་བྱེད་པ་ཅན་ཡིན་ཏེ། མདོ་ལས་ཁྱད་པར་འཕགས་པ་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་འཐོབ་པར་བྱའོ་ཞེས་པ་ལས་དོན་དེ་བསྟན་པའི་ཕྱིར། གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ་གསུམ་སྟེ། ཉན་ཐོས་ཀྱི་དང༌། རང་རྒྱལ་གྱི་དང༌། བྱང་ཆུབ་སེམས་དཔའི་ལམ་ཤེས་སོ། །དང་པོ་ལ་ཤེས་བྱའི་ལམ་དངོས་དང༌། དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་གསུམ་ལས་མཚམས་སྦྱར་བ་ནི། དེ་ལྟར་རྟེན་ལ་སོགས་པ་ཡན་ལག་ལྔ་བརྗོད་ཟིན་ནས། དང་པོར་ཉན་ཐོས་ཀྱི་ལམ་དང༌། དེ་ཤེས་པའི་ཚུལ་བཤད་པར་བྱ་སྟེ། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཡར་ལྡན་དུ་རྫོགས་པར་བྱ་དགོས་པས་སོ། །རྩ་བ་ནི། བརྒྱ་བྱིན་གྱིས་རབ་འབྱོར་གྱི་ལེའུར་ཤེར་ཕྱིན་གང་ཡིན་དྲིས་པའི་ལན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གཟུགས་མི་རྟག་པ་ཡིད་ལ་བྱའོ། །ཞེས་སོགས་ཀྱི་མདོ་ཚན་ཉི་ཤུ་རྩ་དྲུག་པོ་ཆོས་ཅན། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་བསྟན་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། དེ་ཡང་ཤེས་པར་བྱ་བའི་ལམ་གསུམ་ནི། སྤྱིར་རྟེན་གྱི་གང་ཟག་ཐེག་པ་གསུམ་པོ་སོ་སོར་འབྱེད་པའི་རྟོགས་རིས་གསུམ་པོ་དེ་ཡིན་ལ། དེ་དམན་པའི་རྒྱུད་ལ་ཡོད་པའི་ཚེ། བྱེད་ལས་བདག་འཛིན་སྤོང་བར་བྱེད་ཅིང༌། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པ་དང་མི་འགལ། རང་རྒྱལ་གྱི་རྒྱུད་ལ་ཡོད་པའི་ཚེ་བྱེད་ལས་སྔ་མའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དུ་ཞེན་པ་ཁོ་ན་ཆེད་དུ་གཉེར་ནས་སྤོང༌། བྱང་ཆུབ་སེམས་དཔའི་རྒྱུད་ལ་ནི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན། བྱང་སེམས་འཕགས་པས་ནི། ལམ་སྔ་མ་གཉིས་པོ་ལ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་ཀྱི་མངོན་དུ་མི་བྱེད། ལམ་གསུམ་པ་ཡང་ཇི་སྲིད་རྫོགས་སྨིན་མཐར་མ་ཕྱིན་པ་དེ་སྲིད་མངོན་དུ་བྱེད་ཀྱང་སངས་རྒྱས་ནས་འདའ་བར་བྱེད་པའོ། །འདིར་བསྟན་གྱི་ལམ་གསུམ་ཤེས་ཚུལ་ནི། རང་རྒྱུད་ལ་བསྐྱེད་ནས་ཤེས་དགོས་པ་ཡིན་ཏེ། ཤེས་མཐོང་གི་ལྟ་བའི་དོན་ལམ་སྔ་མ་གཉིས་ཀྱང་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་ཤེས་དགོས་པ་ལ་བཤད་པའི་ཕྱིར། དེ་ཡང་རྟོགས་རིས་སམ་ཆ་འདྲ་ཙམ་བསྐྱེད་པ་ཡིན་གྱི། དངོས་བསྐྱེད་པ་མ་ཡིན་ཏེ། ཉན་རང་གི་ལམ་དངོས་ནི་སྟོང་པ་ཉིད་ཀྱི་ཤེས་རབ་དང་མི་མཐུན་ཞིང༌། ཉོན་མོངས་མི་སྤོང་བའི་རང་བཞིན་དང་འགལ་བས་སོ། །དེ་ལ་དགོངས་ནས་ལོ་ཙྪ་བ་ཆེན་པོས་ས་བདུན་པ་མན་ཆད་དུ་ཉན་རང་གི་ལམ་གཟུགས་བརྙན་གྱི་ཚུལ་དུ་བསྐྱེད་པ་ཞེས་བཤད་དོ། །ཉན་རང་གི་ལམ་དངོས་མ་ཡིན་ཡང༌། བདག་མེད་དང་པོ་གཉིས་རྟོགས་པའི་ཡེ་ཤེས་ནི་དངོས་ཡིན་ལ། བྱང་འཕགས་ཀྱི་མཉམ་གཞག་ཏུ་རྟོགས་པ་གསུམ་པོ་འགལ་བ་མ་ཡིན་ཏེ། ཐམས་ཅད་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་མཚུངས་ལྡན་དུ་བྱུང་བས་ཡེ་ཤེས་དེའི་ངོར་གཅིག་རྟོགས་པ་ལ་གཅིག་ཤོས་གཉིས་ཀྱང་རྟོགས་པས་ཁྱབ་པའི་ཕྱིར་རོ། །དེ་ལྟར་བཤད་པས་ནི་ཤེས་པར་བྱ་བའི་ཉན་རང་གི་ལམ་དང༌། དེའི་ལམ་དངོས་ཀྱི་ཁྱད་པར་ཕྱེ་བ་ཡིན་ནོ། །དེ་ལས་གཞན་དུ་གང་ཟག་གི་བདག་མེད་རྟོགས་པའི་ཐེག་ཆེན་མཐོང་ལམ་གྱིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་ན་དེ་འདྲ་དེ་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བ་དང༌། འཛིན་རྟོག་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་དུ་ཐལ་བར་འགྱུར་རོ། །ལམ་དེ་ཇི་ལྟར་ཤེས་པའི་ཚུལ་ནི་མི་དམིགས་པ་ཉིད་དུ་ཤེས་པར་བྱ་བ་ཡིན་ཏེ། རྣམ་པ་མི་དམིགས་སྒོ་ནས་ནི། །ཞེས་པ་ལམ་ཤེས་གསུམ་ག་ལ་སྦྱོར་རྒྱུ་ཡིན་པས་སོ། །དེ་ལྟར་ན་ལམ་ཤེས་འདི་ནི་ཤེས་པར་བྱ་བའི་ལམ་གསུམ་ལ་ལྟོས་ནས། རང་རིག་མངོན་སུམ་དུ་མ་ཟད། རྣལ་འབྱོར་མངོན་སུམ་དུ་ཡང་བཞག་དགོས་ཏེ། བསྒོམས་པས་ཉམས་མྱོང་གི་ཚེ་ལམ་གསུམ་གྱི་གནས་ཚུལ་རང་མཚན་དང་དོན་དམ་བདེན་པར་གནས་པའི་ཕྱིར། འགྲེལ་པ་ལ། ཤེས་པར་བྱ་བའི་ལམ་དང༌། ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ལ་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་དུ་བྱུང་བའི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན། བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་སྐྱེས་པ་ཞིག་ཡིན་པས་དེ་འཆད་པ་ལ། ཆོས་མངོན་པ་དང་ཤེར་ཕྱིན་ལས་གསུངས་པ་མིང་དོན་གཉིས་ཀ་མཐུན་པ་རྣམས་ལ་ངོ་བོ་ཉིད་ཀྱི་རྣམ་པ་ཞེས་པའི་བརྡ་དང༌། མིང་མ་མཐུན་ཀྱང་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པའི་ཚེ་དོན་མཐུན་པ་རྣམས་ལ་རྣམ་གྲངས་ཀྱི་རྣམ་པ་ཞེས་པའི་བརྡ་སྦྱར་ནས། དོར་བྱ་སྡུག་ཀུན་གྱི་རྣམ་པ་དང༌། བླང་བྱ་འགོག་ལམ་གྱི་རྣམ་པའོ། །དང་པོ་ལ་སོ་སོའི་རྣམ་པ་དང༌། ཐུན་མོང་གི་རྣམ་པའོ། །དང་པོ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ནི། ཆོས་མངོན་པ་ལས་འབྱུང་བ་དང་གོ་རིམ་བཞིན་དུ་སྦྱར་ན་ལུང་གཉིས་ཀ་ལས། མི་རྟག་པ་དང༌། སྟོང་པ་དང༌། མངོན་པ་ལས་བདག་མེད་པ་ཞེས་གསུངས་པ་དེ་དག་གི་མཚན་ཉིད་ཤེར་ཕྱིན་ལས། ཞི་བའི་རྣམ་པ་སྟེ་བཞི་དང༌། ཀུན་འབྱུང་བདེན་པའི་རྣམ་པ་ནི་ཤེར་ཕྱིན་ལས་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པ་ལྟ་བུའི་རྣམ་པ་རྣམས་སུ་གསུངས་པ་ནི། མངོན་པ་ལས། སྡུག་བསྔལ་བ་དང༌། རྒྱུ་དང་ཀུན་འབྱུང་བ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་གྱི་ངོ་བོ་ཉིད་ཀྱི་རྣམ་པ་ཞེས་གསུངས་པ་རྣམས་ནི་གོ་རིམ་བཞིན་དུ་རྣམ་གྲངས་ཀྱི་རྣམ་པས་སྦྱར་བར་བྱ་སྟེ། མིང་མ་མཐུན་ཀྱང་དཔེའི་སྒོ་ནས་དོན་མཐུན་པའི་ཕྱིར། གཉིས་པ་ནི། སྔ་མ་བརྒྱད་པོ་རེ་རེ་ཞིང་ཆོས་མངོན་པ་དང་སྦྱོར་ན། ཤེར་ཕྱིན་ལས་ཕ་རོལ་གྱི་རྣམ་པ་སོགས་བདུན་གསུངས་པ་གང་དང་སྦྱོར་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དེ་དག་ཉིད་ལ་སོ་སོར། ཆོས་མངོན་པ་ལས། ཡིད་འབྱུང་སོགས་ཀྱི་རྣམ་པ་གསུམ་ཡོད་པ་དང་སྦྱར་བར་བྱ་སྟེ། ཡིད་འབྱུང་བའི་མཚན་ཉིད་གཉིས་པོ་དག་ནི་ཕ་རོལ་དང༌། འཇིག་པའི་ཆོས་ཅན་གྱི་རྣམ་པ་ཉིད་དག་དང༌། འདོད་ཆགས་དང་བྲལ་བར་བྱ་བ་དག་གི་ངོ་བོ་གཡོ་བ་དང་རབ་ཏུ་འཇིག་པའི་རྣམ་པ་དག་དང༌། འགོག་པར་བྱ་བའི་རང་གི་ངོ་བོ་འཇིག་པ་དང༌། ནད་འགོ་བ་དང༌། འཚེ་བའི་རྣམ་པ་དག་ཏུ་བསྒོམ་པར་བྱ་བ་དང་སྦྱོར་བའི་ཕྱིར། དེ་ལྟར་སྦྱོར་མོད། ཡིད་འབྱུང་སོགས་གསུམ་པོ་སྡུག་ཀུན་གྱི་རྣམ་པར་མངོན་པ་ལས་ཇི་ལྟར་གསུངས་ཞེ་ན། རྣམ་གྲངས་བསྡུ་བ་ལས། ཡིད་འབྱུང་བར་བྱ་བ་དང༌། འདོད་ཆགས་དང་བྲལ་བར་བྱ་བ་དང༌། འགོག་པའི་ཕྱིར་ལམ་དུ་ཞུགས་པ་ཡིན་ནོ་ཞེས་བཤད་ལ། འགོག་ལམ་ལ་ནི་ཡིད་འབྱུང་བ་སོགས་སུ་བྱར་མེད་པའི་ཕྱིར་རོ། །གཉིས་པ་ལ། འགོག་ལམ་གྱི་རྣམ་པ་གཉིས་ལས། དང་པོ་འགོག་པའི་བདེན་པའི་རྣམ་པ་ནི། མངོན་པ་ལས་གསུངས་པ། འགོག་པའི་རང་གི་ངོ་བོ། ཤེར་ཕྱིན་ལས་བདག་མེད་པ་དང༌། མངོན་པ་ལས་ཞི་བ་དང་གྱ་ནོམ་པའི་རྣམ་པའི་བདག་ཉིད་ཤེར་ཕྱིན་ལས་དབེན་པ་དང༌། མངོན་པ་ལས་ངེས་པར་འབྱུང་བའི་ངོ་བོ་ཉིད་ཀྱི་རྣམ་པ་ཤེར་ཕྱིན་ལས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པ་དག་གོ །གཉིས་པ་ལམ་གྱི་བདེན་པའི་རྣམ་པ་ནི། ལུང་གཉིས་ཀ་ལས། ལམ་དང༌། སྒྲུབ་པ་དང༌། རིགས་པ་དང༌། ངེས་པར་འབྱིན་པའི་རྣམ་པ་རྣམས་སོ། །ཇི་ལྟར་ཤེས་པའི་ཚུལ་ནི། བྱེད་པ་པོ་བྱང་ཆུབ་སེམས་དཔས། ལས་སུ་བྱ་བ་ཇི་སྐད་བཤད་པའི་རྣམ་པ་དེ་རྣམས་ཤེས་ཚུལ་ངོ་བོ་ཉིད་མི་དམིགས་པའི་སྒོ་ནས་ཤེས་པ་ནི་ཉན་ཐོས་རྣམས་ཀྱི་ལམ་ཤེས་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་དུ་མདོ་དང་རྒྱན་ལས་གསུངས་པའི་ཕྱིར། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་སྟོང་པ་ཉིད་ཀྱི་རྣམ་པ་ཅན་དུ་བཤད་པ་དེ་གནས་སྐབས་ཐམས་ཅད་དུའམ་ཞེ་ན། དམིགས་ཀྱིས་བསལ་བའི་ཕྱིར། ལམ་ཤེས་པ་ཉིད་ཀྱི་སྐབས་སུ་ཞེས་སྨོས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། བདེན་པ་བཞིའི་རྣམ་པ་མི་རྟག་སོགས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པ་ཉིད་དུ་ཡོངས་སུ་ཤེས་པ་ནི། དེ་དང་དམིགས་རྣམ་མཚུངས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བས་སོགས་སོ། །རྩ་བ་ནི། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཞེས་སོགས་ཀྱི་མདོ་ཚན་གཉིས་ཆོས་ཅན། ཤེས་པར་བྱ་བའི་ཉན་ཐོས་ཀྱི་མཐོང་ལམ་གོང་དུ་བཤད་མ་ཐག་པ་དེའི་རིགས་འདྲའི་ངེས་ཆ་བསྟན་པ་ཡིན་ཏེ། དེ་བསྟན་པར་འཕགས་པ་ཞེས་སོགས་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྟོང་པ་ཉིད་རྣམས་ཕན་ཚུན་དུ་ཐ་དད་པ་མེད་པའི་རྣམ་པས་བདེན་པ་བཞིའི་དམིགས་པ་ལ་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་དང་མཚུངས་ལྡན་དུ་དམིགས་པ་ལ་ནི་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དྲོད་སྐྱེའོ། །ཞེས་པ་དང༌། གཟུགས་ལ་སོགས་པ་སྔ་མ་བཞིན་དུ་མི་དམིགས་པའི་རྣམ་པ་དང༌། མི་རྟག་ལ་སོགས་ཀྱི་རྣམ་པ་མཚུངས་ལྡན་གྱི་སྒོ་ནས་བདེན་པ་བཞི་ལ་དམིགས་པས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྩེ་མོ་སྐྱེའོ། །ཞེས་བྱ་བ་དང༌། དེ་བཞིན་དུ་གཟུགས་ལ་སོགས་པ་བདེན་པ་བཞི་ལ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །ཞེས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པ་དང༌། ཐུན་མོང་བ་སྟོང་བདག་མེད་ཀྱི་རྣམ་པ་མཚུངས་ལྡན་དུ་བྱུང་བས་ནི་ངེས་ཆ་བཟོད་པ་སྐྱེའོ། །ཞེས་བྱ་བ་དང༌། ས་རབ་ཏུ་དགའ་བ་ལ་སོགས་པ་ལ་མི་གནས་པའི་ཚུལ་མདོ་ལས་རྒྱས་པར་བསྟན་པ་དེ་རྣམས་ཀྱི་རྣམ་པ་དང༌། སྟོང་བདག་མེད་ཀྱི་རྣམ་པ་མཚུངས་ལྡན་དུ་བྱུང་བ་ཡིན་པས་ནི་ངེས་ཆ་ཆོས་ཀྱི་མཆོག་སྐྱེའོ། །ཞེས་བྱ་བར་ཤེས་པར་བྱ་སྟེ། གང་གི་ཕྱིར་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ནས་མ་དག་པ་ཀུན་རྫོབ་ཀྱི་ཆོས་རྣམ་མ་དམིགས་པའི་ཕྱིར། ཞེས་ཚད་མའི་སྐྱེས་བུས་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱི་འཐད་པས་སོ། །འདིར་ངག་དོན་ནི། གཟུགས་སོགས་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཀྱི་བདག་མེད་པ་དང༌། མི་རྟག་སོགས་གང་ཟག་གི་བདག་མེད་པའི་རྣམ་པ་གཉིས་ཀས་དམིགས་པ་མི་འཐད་དེ། སྡུག་ཀུན་གྱི་བདེན་པ་རང་གི་ངོ་བོས་སྟོང་ན་འཕགས་པ་ལམ་གྱི་དམིགས་པར་འགལ་བ་དང༌། འགོག་ལམ་ནི་དམ་པའི་བདེན་པར་ངེས་པའི་ཕྱིར། སྙམ་པ་ལ། སྡུག་ཀུན་གྱི་བདེན་པ་ནི་དེ་བཞིན་གཤེགས་པས་མ་གཟིགས་པའི་ཕྱིར་རང་གི་ངོ་བོས་སྟོང་ལ། རིགས་ཤེས་རྟོག་པས་སྒྲོ་འདོགས་བཅད་བྱར་དམིགས་པའི་ཕྱིར། འཇིག་རྟེན་པའི་སྒོམ་བྱུང་གི་དམིགས་པར་མི་འགལ་ལ། འགོག་ལམ་ཡང་རིགས་ཤེས་ཀྱིས་དཔྱད་པའི་ངོར་གང་དུ་ཡང་མི་འགྲུབ་པའི་ཕྱིར། རྟོག་པས་མཚན་མར་འཛིན་པའི་གནས་བྱར་མ་དམིགས་པས་སྟོང་པ་དང༌། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་མྱོང་བྱར་དམིགས་པའི་ཕྱིར་འཐད་པ་ཡིན་ནོ། །འོ་ན་ཤེས་བྱའི་ལམ་དང་ལམ་ཤེས་ཀྱི་ཁྱད་པར་མ་ཕྱེད་དོ་ཞེ་ན། བདག་མེད་ཀྱི་རྣམ་པ་དང་སྟོང་ཉིད་ཀྱི་རྣམ་པ་མཚུངས་ལྡན་དུ་བྱུང་བས་བདེན་པ་ལ་དམིགས་པའི་ཚེ་ནི་ཤེས་བྱའི་ལམ་དུ་འཇོག་ལ། དེ་ཉིད་ཀྱང་མི་དམིགས་པར་རྟོགས་པའི་ཡེ་ཤེས་ལ་ནི་ཡུལ་ཅན་ལམ་ཤེས་སུ་བཞག་པའོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་འཆད་པ་ལ། ཤེས་བྱའི་ལམ་དང༌། ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ལ་ཁྱད་པར་འཕགས་ཆོས་དང༌། ཁྱད་གཞི་ལམ་གྱི་ངོ་བོ་ཉིད་ལས། དང་པོ་ལ་དངོས་དང་རྩོད་པ་སྤངས་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་གྱི་འཇུག་ཐོགས་སུ་ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་བརྗོད་པར་རིགས་མོད་ཀྱི། རེ་ཤིག་སྤྱིར་རང་རྒྱལ་ཉན་ཐོས་ལས་ཁྱད་ཞུགས་པ་ཉིད་དུ་བསྒྲུབ་པར་བྱ་སྟེ། སྤྱིར་ཉན་ཐོས་རྣམས་ལས་རང་རྒྱལ་ཁྱད་པར་དུ་འཕགས་ན་ཁྱད་ཆོས་གང་གིས་ན་རང་རྒྱལ་དེ་དག་གི་སློབ་པ་དང་མི་སློབ་པའི་ལམ་ཉན་ཐོས་ལས། གཞན་ཇི་ལྟར་ཡིན་སྙམ་པའི་དོགས་པ་བསུ་ནས་དེ་སེལ་དགོས་པའི་ཕྱིར། རྩ་བ་ནི། རབ་འབྱོར་གྱིས་གོང་དུ་དེ་ལྟར་བསྟན་པ་ལ་འཕྲོས་ནས། ལྷའི་བུ་དག་གི་བསམ་པ་ལ་གནོད་སྦྱིན་ལ་སོགས་པ་སྨྲ་བ་པོ་ཀུན་གྱིས་གང་སྨྲས་པ་དེ་ཤེས་པར་རུང་ཡང༌། རབ་འབྱོར་གྱིས་ཤེར་ཕྱིན་བསྟན་པ་དེ་ནི་ཤེས་པར་མི་རུང་ངོ་སྙམ་པ་ལ་རབ་འབྱོར་གྱིས་སྨྲས་པ། ཁོ་བོས་ཚིག་གཅིག་ཀྱང་མ་བརྗོད་དོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། རང་རྒྱལ་མི་སློབ་པས་ཆོས་སྟོན་ཚུལ་གྱི་ཁྱད་པར་བསྟན་པ་ཡིན་ཏེ། དེ་བསྟན་པར། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཞེས་པས་བསྟན་པའི་ཕྱིར། དེར་མ་ཟད། རང་འབྱུང་བདག་ཉིད་སོགས་རྒྱན་གཞུང་རྐང་པ་གཉིས་ཆོས་ཅན། རང་རྒྱལ་སློབ་པས་ལམ་བགྲོད་ཚུལ་གྱི་ཁྱད་པར་བསྟན་པ་ཡིན་ཏེ། དེ་འདྲ་དེ་མདོ་ཚིག་གིས་དངོས་སུ་མ་ཟིན་པ་ལ་རྗེ་བཙུན་གྱིས་ཁ་བསྐང་ནས་བཤད་པའི་ཕྱིར། འགྲེལ་པ་ལ་གཉིས་ལས། ལམ་བགྲོད་ཚུལ་གྱི་ཁྱད་པར་ནི། རང་རྒྱལ་སློབ་པ་དེ་དག་ལ་སྲིད་པ་ཐ་མ་པའི་དུས་སུ་སངས་རྒྱས་ལ་སོགས་པས་བསྟན་པ་ལ་ལྟོས་མི་དགོས་སོ། །ཞེས་བྱ་བ་ནི། ཉན་ཐོས་ལས་ཁྱད་ཞུགས་པ་ཉིད་གཅིག་ཡིན་ཏེ། རང་སངས་རྒྱས་སུ་ངེས་པའི་སློབ་པ་རྣམས་ནི་སྔོན་ཚེ་རབས་གཞན་ལ་སོ་སྐྱེར་གྱུར་པའི་ཚེ། མཁས་པར་བྱ་བའི་དངོས་པོ་དྲུག་ལ་ཐོས་པ་དང་བསམ་པ་སོགས་མངོན་པར་འདུ་བྱས་པ་ལས་སྲིད་པ་ཐ་མ་པའི་ཚེ་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱི་དབེན་པར་བསྒོམ་པ་ཙམ་ལས་རང་གི་བྱང་ཆུབ་རྟོགས་པར་གྱུར་པ་དེའི་ཕྱིར། ཁྱབ་པ་སྒྲུབ་པ་ནི། ལུང་ལས། ཉན་ཐོས་རྣམས་ནི་སངས་རྒྱས་སོགས་གཞན་གྱིས་བསྟན་པ་ལ་ལྟོས་ནས། རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ། གཞན་དག་ཀྱང་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་དགེ་བ་ལ་འཇུག་པར་བྱེད་དོ། །ཞེས་འབྱུང་ངོ༌། །གཉིས་པ་ཆོས་སྟོན་ཚུལ་གྱི་ཁྱད་པར་ནི། རང་རྒྱལ་དེ་དག་གི་ཡེ་ཤེས་ངག་ལས་མི་རྟོགས་པ་ཉིད་ནི་ཁྱད་ཞུགས་པ་ཉིད་གཅིག་ཡིན་ཏེ། རང་སངས་རྒྱས་དེ་དག་ནི་རང་གིས་ཐོབ་པའི་ཡེ་ཤེས་དང་སྨོན་ལམ་ལ་སོགས་པའི་མཐུས་སྒྲ་མེད་པའི་ཆོས་བསྟན་པས་གཞན་དག་དགེ་བ་བཅུ་ལ་སོགས་པ་ལ་འཇུག་པར་བྱེད་པ་དེའི་ཕྱིར། དེའི་ཁྱབ་པ་ནི། ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་ངག་ལས་ཤེས་པ་ཙམ་རྟོགས་པར་བྱེད་དགོས་ཤིང༌། དེ་ཡང་སྒྲར་བརྗོད་པའི་ཆོས་བསྟན་པ་ལ་རག་ལས་པའི་ཕྱིར་ན་ཉན་ཐོས་རྣམས་ལ་དེ་མེད་དོ། །གཉིས་པ་རྩོད་སྤོང་ནི། སྒྲ་མེད་ན་ཆོས་སྟོན་པར་འགལ་ལོ་སྙམ་པའི་དོགས་པ་བསུ་ནས། གང་གང་ཞེས་སོགས་ཀྱི་གཞུང་འདི་རྗེ་བཙུན་གྱིས་ཁ་བསྐང་བར་མཛད་དོ། །འགྲེལ་པ་ནི། སངས་རྒྱས་སུ་མ་ཟད། རང་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་ཡང་སྒྲ་མེད་པར་ཆོས་སྟོན་པར་ནུས་ཞེས་བྱ་སྟེ། སྔོན་སློབ་པའི་དུས་སུ་རང་སངས་རྒྱས་པ་ན་སྒྲ་མེད་དུ་ཆོས་སྟོན་ནུས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་དང་སོགས་པའི་སྒྲས་སྨོན་ལམ་དེ་འགྲུབ་པའི་རྒྱུ་བསྐལ་པ་བརྒྱར་བསོད་ནམས་ཀྱི་ཚོགས་བསགས་པའི་མཐུས། ཉན་པ་པོ་གང་ཞིག་དོན་གང་ལ་རྣམ་པ་ཇི་ལྟ་བུ་ཉན་པར་འདོད་པ་དེའི་རྣམ་པར་ཤེས་པ་ལ་དོན་དེ་རྣམ་པ་དེ་ཁོ་ན་ལྟར་སྒྲ་མེད་ཀྱང་སྣང་བར་འགྱུར་བས་སོ། །ཁྱབ་པ་ནི་ཆོས་སྟོན་པའི་སྒྲའི་དོན་ནི་འདི་ལྟར། བརྗོད་པར་བྱ་བའི་ཆོས་ཉན་པ་པོའི་རྣམ་པར་ཤེས་པ་ལ་བསྐྲུན་ཞིང་བསྐྱེད་པར་བྱ་བ་ཞེས་བྱ་བ་འདི་ཡིན་ནོ། །སྨོན་ལམ་གྱི་མཐུས་དེ་ལྟར་ནུས་པའི་དཔེ་ནི་བྱང་ཆུབ་སེམས་དཔའ་འདི་ལྟར་སངས་རྒྱས་སུ་གྱུར་ནས། བརྗོད་པ་མེད་པར་ཆོས་སྟོན་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་ལ། བཏབ་པ་དེ་ཡང་གྲུབ་པ་དེ་བས་ན། སངས་རྒྱས་དང་འདྲ་བའི་ཕྱིར་ཞེས་དཔེ་སྒྲུབ་པའོ། །སྨོན་ལམ་དེ་ལྟར་འདེབས་པའི་རྒྱུ་མཚན་ནི། རྣམ་པར་མ་བརྟགས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲ་བས་ན་ཡིད་ཀྱིས་བརྗོད་པ་རྟོག་དཔྱོད་ནི་རྣམ་པར་གཡེང་བ་ཡིན་ལ། དེ་ཡང་རྒྱུད་འཁྲུག་པར་བྱེད་པ་ཡིན་པར་དགོངས་ནས་སོ། །དཔེ་དེའི་དོན་ནི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་གཞན་སྣང་ལ་རྗོད་བྱེད་སྒྲའི་རྣམ་རིག་འབྱུང་བར་གསུངས་པ་དེ་ཡིན་ནོ། །གཉིས་པ་ལ་གསུམ་ལས་མཚམས་སྦྱར་བ་ནི། དེ་ལྟར་སོགས་སོ། །རྩ་བ་ལ། ལྷའི་བུ་དག་གིས་རབ་འབྱོར་ནི་ཤེས་རབ་ཟབ་མོ་དང་ལྡན་པའོ། །སྙམ་དུ་བསམ་པ་ན། རབ་འབྱོར་གྱིས་གཟུགས་ནི་ཟབ་པ་མ་ཡིན་ཞེས་སོགས་དང༌། གཟུགས་ནི་སྒྱུ་མ་ལྟ་བུའོ། །ཞེས་སོགས་དང༌། ཡུམ་འདི་ལེན་པར་བྱེད་པ་སུ་ཞིག་འབྱུང་བར་འགྱུར། ཞེས་པའི་ལན་གྱི་མདོ་ཚིག་གསུམ་ཆོས་ཅན། ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་ཁྱད་པར་གསུམ་ལྡན་དུ་བསྟན་པ་ཡིན་ཏེ། གཟུང་རྟོག་སྤངས་པ་དང༌། འཛིག་རྟོག་མ་སྤངས་པ་དང༌། ཆོས་ཉིད་རིགས་ཀྱི་རྟེན་དང་གསུམ་ལྡན་དུ་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་བསྟན་པར་རྗེ་བཙུན་གྱིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། ཤེས་པར་བྱ་བའི་རང་སངས་རྒྱས་ཀྱི་ལམ་ནི་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། ཇི་སྐད་བཤད་པའི་བདེན་པའི་རྣམ་པ་མི་རྟག་སོགས་སྒོམ་པ་ཁོ་ན་དང་མཚུངས་ལྡན་དུ་བྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་སྒོམ་པ་ཉིད་ཀྱིས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་པ་དང༌། འཛིན་པའི་དོན་གྱི་རྣམ་པར་རྟོག་པ་མ་སྤངས་པའི་རྟོགས་རིས་སུ་གནས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་བརྟེན་པའི་ཆོས་ཀྱི་གཞི་རིགས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར། དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཆོས་དེ་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བ་ནི་ཆོས་ཅན། གཞན་དོན་དུ་ཤེས་པར་བྱ་བའི་ལམ་གྱི་གནས་སྐབས་ཐམས་ཅད་དུ་ཤེས་པ་སྟེ་མངོན་དུ་བྱ་བ་ནི་མ་ཡིན་ཏེ། དེ་ལྟར་བྱས་ན་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བའི་ཉེས་དམིགས་དང་བཅས་པའི་ཕྱིར། ཞེས་བྱ་བ་ནི་འདིར་བྱང་སེམས་རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་བ་ནི་རང་སངས་རྒྱས་ཀྱི་ལམ་མོ། །དེ་ལ་དགོངས་ནས་ཡུམ་འདི་ལེན་པར་བྱེད་པ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ་ཞེས་གསུངས། འོ་ན་འཛིན་རྟོག་མ་སྤངས་པར་འགལ་ལོ་ཞེ་ན། གཟུང་བ་ཆོས་ཀྱི་བདག་མེད་ཙམ་རྟོགས་པའི་ཤེས་རབ་དེ་འཛིན་རྟོག་གི་གཉེན་པོའི་རིས་སུ་མི་གནས་པའི་ཆ་ནས་བཤད་པའོ། །འདིར་རྟེན་རིགས་ཀྱི་ཁྱད་པར་དེ་ཆོས་ཉིད་ལ་འཆད་ན་རང་རྒྱལ་གྱིས་ཆོས་དབྱིངས་རྟོགས་པ་དང༌། རང་སངས་རྒྱས་ཀྱི་རང་བཞིན་གནས་རིགས་ཁས་ལེན་དགོས་པ་མ་ཡིན་ནམ། བརྟེན་པ་ཙམ་ནི་ཁྱད་ཆོས་སུ་མི་འགྱུར་བས་སོ་ཞེ་ན། བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཡེ་ཤེས་དེ། རྟེན་གྱི་གང་ཟག་གང་ཡིན་པ་དེའི་རྒྱུད་ཀྱི་ཆོས་དབྱིངས་ཡེ་ཤེས་དང་དབྱེར་མེད་དུ་འདྲེས་པ་ནི། རྟེན་གྱི་དོན་ཡིན་ལ། ལམ་གཞན་གཉིས་ཀྱི་སྐབས་ཡང་ཡོད་མོད་ཀྱང༌། འདི་ཁོ་ནར་བཤད་པ་ནི་མདོ་ལས་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པའོ། །འདིར་གཞན་དག འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་སེམས་ཙམ་གྲུབ་པའི་མཐའ། །མཚུངས་པར་འདོད་པའི་མཁས་པ་མཚར། །ཞེས་ཟེར་བ་ནི་གསལ་བྱེད་པའི་བཞད་གད་དེ། གཟུང་འཛིན་གཉིས་མེད་ཤིང་རྟ་ཡི། །སྲོལ་ཀུན་དང་ནི་མདོ་རྒྱུད་ཀྱི། །གཞུང་ཀུན་མཐུན་པར་དབུ་མ་པའི། །ལྟ་བའི་མཐར་ཐུག་ཉིད་དུ་བཤད། །ཅེས་འཆད་དོ། །གཉིས་པ་ལ་མཚམས་སྦྱར་བ་ནི། ཇི་སྐད་བཤད་མ་ཐག་པའི་ལམ་དང་རྟོགས་རིས་མཚུངས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡར་ལྡན་དུ་ཐོབ་ན་རང་རྒྱལ་གྱི་ལམ་ཤེས་པའི་ཐེག་ཆེན་གྱི་མཐོང་ལམ་སྐྱེ་བས་ངེས་ཆ་དེ་འཆད་དོ། །རྩ་བ་ནི་ལྷའི་བུ་དག་གིས། ཀྱེ་མ་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་མཆོག་ཏུ་ངོ་མཚར་བའོ། །ཞེས་སོགས་ཀྱི་མདོ་ཚན་བཞི་ཆོས་ཅན། ཐེག་ཆེན་མཐོང་ལམ་པའི་རྒྱུད་ལ་ཡར་ལྡན་དུ་སྐྱེས་པའི་རང་རྒྱལ་གྱི་ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་པ་ཡིན་ཏེ། དེ་བསྟན་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ནི་བདག་མེད་ཕྱེད་དང་གཉིས་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་དུ་གཟུགས་ལ་སོགས་པའི་ཆོས་ཀྱི་བརྡ་ལས་བྱུང་བ་ཙམ་དང༌། ཆོས་ཉིད་མི་འགལ་བར་རབ་ཏུ་སྟོན་པའི་རྣམ་པས་བདེན་པ་བཞི་ལ་དམིགས་པ་ལས་ནི། གོ་རིམ་བཞིན་དུ་རྒྱན་གཞུང་འདིས་བསྟན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དྲོད་སྐྱེའོ། །ཞེས་བྱ་བ་དང༌། ཡང་དེ་དང་མཚུངས་པར་ལྡན་པའི་གཟུགས་ལ་སོགས་པ་ལ་དོན་དམ་པར་འགྲིབ་པ་དང་འཕེལ་བ་མེད་པ་ལ་སོགས་པའི་དོན་དུ་སློབ་པའི་ཤེས་རབ་དང༌། ཡང་དེ་དང་མཚུངས་ལྡན་དུ་ཆོས་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ན་གཟུགས་ལ་སོགས་པ་ལ་ནང་དང་ཕྱི་ལ་སོགས་པ་སྟོང་པ་ཉིད་ཀྱིས་ན་ཡོངས་སུ་མི་འཛིན་པའི་ཤེས་རབ་དང༌། ཡང་དེ་དང་མཚུངས་ལྡན་དུ་གཟུགས་ལ་སོགས་པ་སྐྱེ་བ་དང་འགག་པ་མེད་པ་ཞེས་བྱ་བའི་རྣམ་པ་གོ་རིམ་བཞིན་དུ་བདེན་པ་བཞི་ལ་དམིགས་པ་ལས་ནི་འདིར་བསྟན་པའི་རང་རྒྱལ་གྱི་ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་རྣམས་སྐྱེའོ། །ཞེས་བྱ་བ་ཡིན་ནོ། །དེ་ལྟར་བཤད་པ་ན་སྐབས་འདིར་བསྟན་པའི་ངེས་འབྱེད་ཆ་མཐུན་སྔ་ཕྱི་གཉིས་ཀ་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དུ་འཆད་པ་དེའི་ཚེ། སྐབས་འདིའི་འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་སྐབས་དང་པོ་ཉིད་དུ་བཤད་པ་ལས་ཤེས་པར་བྱའོ། །ཞེས་བཤད་པ་དེ་ཅི་ལ་དགོངས་ཞེ་ན། ཇི་སྐད་དུ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། ཞེས་པ་ལྟར། ཐེག་ཆེན་གྱི་སྦྱོར་ལམ་ལ་ཐེག་པ་གསུམ་ཀའི་རྟོགས་རིས་ཚང་བ་ལས། སྐབས་གཉིས་པ་འདིར་ནི་རྟོགས་རིས་སྔ་མ་གཉིས་ཀྱི་དབང་དུ་བྱས་ནས་བཤད་ལ། རྟོགས་རིས་གསུམ་པའི་དབང་དུ་བྱས་པའི་ངེས་ཆ་ནི་སྐབས་དང་པོར་ཁ་འཕངས་ནས་རྟོགས་རིས་གསུམ་པ་ལ་སྦྱོར་མཐོང་སྒོམ་གསུམ་ག་འཆད་རིགས་པ་དང༌། རྟོགས་རིས་སྔ་མ་གཉིས་ནི་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པ་དེ་ཡང་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བ་ཡིན་པའི་ཕྱིར། དེའི་དབང་དུ་བྱས་པའི་སྦྱོར་མཐོང་གཉིས་སྟོན་གྱི། སྒོམ་ལམ་མི་སྟོན་པའི་ཤེས་བྱེད་དང་བཅས་ཏེ་འཆད་པ་ཡིན་ནོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ། མཐོང་ལམ་དང༌། སྒོམ་ལམ་གཉིས་ལས། དང་པོ་ལ། མཚམས་སྦྱར་བ་ནི། རང་སངས་རྒྱས་ཀྱི་སོགས་སོ། །དངོས་ཀྱི་དོན་ལ་མདོར་བསྟན་པ་ལ། རྩ་བ་ནི། བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ། ཡུམ་འདི་གང་ལས་བཙལ་བར་བྱ། ཞེས་དྲིས་པའི་ལན་དུ། རབ་འབྱོར་གྱི་ལེའུར་ལས་བཙལ་བར་བྱའོ། །ཞེས་སོགས་ཀྱི་མདོ་ཚན་བཅུ་དྲུག་ཆོས་ཅན། ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་ལམ་གྱི་དབྱེ་བ་བསྟན་པ་ཡིན་ཏེ། དེ་བསྟན་པར་རྩ་བའི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། ལམ་ཤེས་པ་ཉིད་ཀྱི་སྐབས་འདིར་ཆོས་ཅན། མཐོང་ལམ་གྱི་འཆད་ཚུལ་གནས་སྐབས་གཞན་དང་མི་འདྲ་བར་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་བསྒོམ་པར་བྱ་བའི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་ནས། ཚེ་འདི་དང་གཞན་པའི་ཡོན་ཏན་ཕན་ཡོན་ཆེན་པོ་ཅན་ཞེས་བརྗོད་པའི་ཕྱིར། དེ་གང་ཞེ་ན། བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་པོ་སོ་སོར་བདེན་པ་བཞི་པོ་དང་འབྲེལ་བ་དག་ཏུ་ལྡན་པའོ། །འདིར་བསྒོམ་པར་བྱ་བའི་ཞེས་སྨོས་པ་ནི་ལམ་སྔ་མ་གཉིས་སུ་ཤེས་པར་བྱ་བ་ཞེས་སྨོས་པ་ལས་ཁྱད་པར་དུ་བྱས་པ་ཡིན་ཏེ། འདི་ནི་མངོན་དུ་བྱ་བའི་ལམ་ཡིན་གྱི། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དང༌། སྔ་མ་གཉིས་སུ་ཤེས་བྱ་དང་ཤེས་ཚུལ་ལ་ཁྱད་པར་ཕྱེ་ནས། མི་དམིགས་སྒོ་ནས་ནི། ཤེས་པར་བྱ་ཞེས་གསུངས་པ་ལ། འདིར་ནི་ཤེས་བྱ་དང་ཤེས་བྱེད་ཀྱི་དབྱེ་བ་མི་མཛད་པར་ཤེས་བྱ་ཉིད་བསྒོམ་བྱར་བཤད་པའོ། །མཐོང་ལམ་གྱི་སྟོན་ཚུལ་སྐབས་གཞན་དང་མི་འདྲ་བ་ཇི་ལྟར་ཞེ་ན། ཡོངས་སྦྱོངས་དང་ཕྱིར་མི་ལྡོག་གི་སྐབས་ལྟ་བུ་རྗེས་ཐོབ་ཀྱི་ཆ་ནས་བཤད། མཐར་གྱིས་པར་ཡོན་ཏན་མངོན་པར་སྒྲུབ་པའི་ཆ་ནས་བཤད། ཚོགས་སྒྲུབ་ཏུ་མི་མཐུན་ཕྱོགས་སྤོང་བའི་ཆ་ནས་བཤད། བར་ཆད་མེད་པའི་ལམ་ཉིད་ཀྱང་རྩེ་སྦྱོར་དུ་སྐད་ཅིག་མ་གཅིག་ཏུ་བཤད་པ་དང༌། གཞི་ཤེས་ཀྱི་སྐབས་སུ་སྐད་ཅིག་བཅུ་དྲུག་ཏུ་བཤད་པ་དང༌། སྐབས་འདི་ཉིད་དུ་ཡང་འདའ་བྱར་བཤད་པ་དང༌། མངོན་དུ་བྱ་བར་བཤད་པའི་དབྱེ་བ་ལས་སོ། །སྐད་ཅིག་གི་དབྱེ་བ་བཅུ་དྲུག་དང་གཅིག་ལས་གང་བཟུང་བར་བྱ་ཞེ་ན། སློབ་དཔོན་འདིའི་དགོངས་པས་བདེན་པ་མངོན་སུམ་དུ་མཐོང་བ་ཙམ་དང༌། གེགས་བྱེད་ཀྱི་སྤང་བྱ་སྤོང་བ་ལ་ནི་བཟོད་པའི་སྐད་ཅིག་མ་དང༌། དེ་ལས་གྲོལ་ཙམ་གྱི་ལམ་ལ་ནི་ཤེས་པའི་སྐད་ཅིག་གཅིག་གིས་ཆོག་ཀྱང༌། རྗེས་ཐོབ་ཏུ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཆ་ནས་བདེན་པ་མངོན་རྟོགས་སུ་འཇོག་དགོས་ལ། དེ་ལ་ནི་སྐད་ཅིག་མ་བཅུ་དྲུག་ཏུ་ཕྱེ་བ་ཡིན་ཏེ། མདོ་དང་བསྟན་བཅོས་གཉིས་ཀ་ལས་བཅུ་དྲུག་ཏུ་ཕྱེ་བ་དེ་ནི་དོན་དེ་ལ་དགོངས་པ་ཡིན་གྱི། རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཙམ་ལ་དེ་ལྟར་དབྱེ་མི་དགོས་པའི་ཕྱིར། སྐད་ཅིག་གི་ཚད་དུས་མཐའ་འམ་བྱ་རྫོགས་གང་ལ་བྱ་ཞེ་ན། བྱ་རྫོགས་ཏེ། ངེས་པ་འདྲེན་པའི་ནུས་པ་རྫོགས་དགོས་པའི་ཕྱིར། དེ་ཡང་དབང་པོའི་རིམ་པས་ཚད་ལ་ངེས་པ་མེད་དོ། །དེ་ཡང་ཆོས་བཟོད་བཞི་ནི་བར་ཆད་མེད་ལམ་དང༌། ཆོས་ཤེས་བཞི་ནི་རྣམ་པར་གྲོལ་བའི་ལམ་དང༌། ཕྱི་མ་གཉིས་ནི་ཁྱད་པར་གྱི་ལམ་མོ། །ཆོས་བཟོད་བཞི་པོས་སྤང་བྱ་སྤོང་ཚུལ་ཅིག་ཅར་བ་ཡིན་ཏེ། ཆོས་ཉིད་མཐོང་ཙམ་ལ་གེགས་བྱེད་པའི་ཤེས་སྒྲིབ་དང༌། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་སྡུག་བསྔལ་ཆོས་བཟོད་ཀྱིས་སྤོང་མ་ནུས་པ་ནི་མི་འཆད་པའི་ཕྱིར། གནས་གྱུར་གསར་པ་མངོན་དུ་བྱས་པའི་ཆོས་ཤེས་བཞི་པོ་ཡང་དེ་བཞིན་ཏེ། བར་ཆད་མེད་ལམ་གྱི་ངེས་པ་ལས་སོ། །དེ་ལྟར་སྤང་བྱ་ལ་ལྟོས་པའི་བཟོད་པ་བཞི་ཅིག་ཅར་བ་དང༌། ཤེས་པ་བཞི་ཡང་དེ་ལྟར་ངེས་མོད། ངེས་པ་འདྲེན་པའི་མཉམ་གཞག་གི་ནུས་པ་བརྒྱད་ནི་རིམ་ཅན་པ་ཁོ་ནར་ངེས་ཏེ། གཞན་དུ་ན་བདེན་པ་མངོན་རྟོགས་ཀྱི་དབྱེ་བ་འབྱེད་མི་ནུས་པའི་ཕྱིར། དབང་རྣོན་འགའ་ཞིག་ལ་མཉམ་གཞག་ཏུ་དེ་འདྲའི་ནུས་པ་ཅིག་ཅར་དུ་སྐྱེས་ཀྱང༌། དེས་དྲངས་པའི་ངེས་པ་དེ་དག་རྗེས་ཐོབ་ཏུ་སྐྱེ་བ་དེའི་ཚེ་ནི་རིམ་ཅན་ཁོ་ནར་ངེས་ཏེ། རྟོག་གཉིས་ཅིག་ཅར་མི་འཇུག་པས་སོ། །རྗེས་སུ་བཟོད་ཤེས་གཉིས་ལ་ཡང་དེ་ལྟར་སྦྱར་དགོས་ཏེ། བཟོད་པས་ནི་ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་ཀྱི་རྒྱུ་མིན་དུ་འཛིན་པའི་རྟོག་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ལ། དེ་ལས་གྲོལ་བའི་ཚེ་ནི་རྗེས་སུ་ཤེས་པར་འཇོག་པས་སོ། །དེ་ལྟར་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པའི་ཚེ། བྱང་སེམས་ཀྱི་འབྲས་བུ་དང་པོའི་ཞུགས་པ་དངོས་དང༌། བཅུ་དྲུག་པའི་ཚེ་དེའི་རྒྱུན་ཞུགས་འབྲས་གནས་སོ། །འཕགས་པས་ནི་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་ཡང༌། དེ་སྤངས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ནི་མངོན་དུ་མི་བྱེད་དེ། དེ་ལས་འདའ་བར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་ན་ཡང་འདོགས་པའི་རྒྱུ་མཚན་ནི། སྤངས་རྟོགས་ཆ་འདྲ་བ་ལས་སོ། །ཞེས་བཞེད་པར་མངོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། དངོས་དང༌། གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ནི། མདོ་ན་རྒྱས་བསྡུས་ཀྱི་དབྱེ་བ་མེད་པས་ངག་དོན་སྔ་མ་དེ་ཉིད་དོ། །འགྲེལ་པ་ལ་གཉིས་ལས། བཤད་པ་ནི། དེ་བཞིན་ཉིད་དང༌། ཞེས་སོགས་ཀྱི་བཤད་བྱའི་མདོ་ཚིག་དང་པོ་བཞི་ཆོས་ཅན། ཡུལ་སྡུག་བདེན་ལ་དམིགས་པའི་བཟོད་ཤེས་དང་པོ་བཞིའི་ཤེས་རྣམ་བསྟན་པ་ཡིན་ཏེ། དེ་ལྟར་རྗེ་བཙུན་གྱིས་བཀྲལ་བའི་ཕྱིར། བཞི་པོ་གང་ཞེ་ན། དོན་དམ་པའི་ཚུལ་གྱིས་ཞེས་སོགས་སོ། །དེ་བཞིན་དུ་ཀུན་འབྱུང་ལ་བཟོད་ཤེས་ཀྱི་མདོ་ཆོས་ཅན། ཞེས་སོགས་སྔ་མ་བཞིན་དུ་སྦྱར། འདིར་སྐད་ཅིག་བརྒྱད་པ་ལ་ཚད་མེད་བཞི་སྒོམ་པར་གསུངས་པས། དེར་རྗེས་ཐོབ་ཏུ་ལྡང་བ་ཡིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། སློབ་པའི་མཉམ་གཞག་ཏུ་ཚད་མེད་བཞི་སྒོམ་པ་མི་འགལ་བའི་ཕྱིར་དང༌། ངོ་བོ་ཉིད་མོས་པ་སྔོན་དུ་འགྲོ་བའི་ཞེས་བཤད་པས་དམིགས་མེད་ཀྱི་སྙིང་རྗེ་སོགས་ལ་དགོངས་པའི་ཕྱིར་དང༌། འདི་ཀུན་འབྱུང་ལ་རྗེས་ཤེས་ཀྱི་རྣམ་པར་འཆད་ཀྱི། དེའི་རྗེས་ཐོབ་ཏུ་མི་འཆད་པའི་ཕྱིར། གཞན་དུ་ན་མཉམ་གཞག་གི་དབྱེ་བ་བཅུ་དྲུག་མི་ཚང་བའི་ཕྱིར། ལྷག་མ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །བཞི་ཚན་ཐ་མ་ནི་གཙོ་བོར་ཕན་ཡོན་གྱི་དབང་དུ་བྱས་ལ། རྗེས་ཐོབ་ཏུ་ཕན་ཡོན་དེ་དག་འདྲེན་པའི་ནུས་པ་མཉམ་ན་ཤེས་རྣམ་གྱི་ངོ་བོར་ཡོད་པ་དེ་ལ་དགོངས་སོ། །བསྡུ་བ་ནི་དེ་ལྟ་བུ་སོགས་སོ། །གཉིས་པ་ལ་འདོད་པ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། རྒྱན་གྱི་འགྲེལ་བྱེད་ཁ་ཅིག་གི་ནི་ཞེས་ཟེར་ཡང༌། རྣམ་པ་གཞི་མེད་ཡུམ་གྱི་མདོའི་བརྗོད་བྱར་འདོད་པ་དག་ན་རེ། མདོར་བསྟན་གྱི་ཚིག་ལེའུར་བྱས་པའི་དོན་ཉེ་བར་མཚོན་པ་ལྷུར་ལེན་པའི་གཞུང་ཞེས་པ་སྐབས་འདིའི་ཡུམ་གྱི་མདོ་རྣམས་ཀྱིས་མཐོང་ལམ་བཅུ་དྲུག་གི་བསྒོམ་བྱ་རྣམ་པའི་དོན་མ་བཤད་པར་བཅུ་དྲུག་གི་དབྱེ་བ་ཙམ་ཉེ་བར་མཚོན་པ་ཉི་ཚེ་མཛད་པར་ཟད་དེ། གཞན་དུ་ན་མཉམ་གཞག་དམིགས་པ་ཅན་དུ་ཐལ་བའི་ཕྱིར་དང༌། རང་རིག་ཁས་བླངས་པས་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམ་བརྫུན་པའི་འདོད་པ་དེ་ལས་མ་འདས་པའི་ཕྱིར། སྔར་བཤད་ཟིན་པ་དང༌། མ་བཤད་པའི་ངེས་འབྱེད་ཆ་མཐུན་ལ་སོགས་པའི་དོན་གྱི་ཚིག་ལེའུར་བྱས་པ་གང་དག་ཡིན་པ་དེ་དག་གི་བཤད་བྱའི་མདོ་རྣམས་སུ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་ཟེར་རོ། །དེ་སྐད་འདི་ནི་རྟོག་གེ་འབར་བ་དང༌། དབུ་མ་ལ་འཇུག་པ་ལས་བཤད་པ་དེ་ཉིད་དོ། །གཉིས་པ་སུན་འབྱིན་པ་ནི། མཁན་པོ་རྣམ་སྣང་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཞན་དག་ན་རེ། སྦྱོར་མཐོང་སྒོམ་གསུམ་སྟོན་པའི་ཡུམ་གྱི་མདོ་དེ་དག་གིས་ནི་ཆོས་ཅན། མངོན་པར་རྟོགས་པ་གོང་འཕེལ་གྱི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་ཏེ། སྟོང་ཉིད་རྐྱང་པ་ལས་ལོགས་སུ་སྐྱེ་མེད་གསུམ་གྱི་ཤེས་རྣམ་སྒོམ་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར། འདོད་ན་སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་རོ། །གཞན་ཡང༌། དམིགས་པ་དང་ནི་རྣམ་པ་དང༌། །སོགས་པའི་སྒྲས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་པའི་དོན་ཀྱང་ཇི་ལྟར་དྲང་ཞེས་ཟེར་རོ། །ཕྱོགས་སྔ་མ་འདི་ནི་བྱམས་པའི་གཞུང་ལ་མི་རྒོལ་ཡང༌། རྣམ་པ་ཞེས་པ་སྟོང་པ་ཉིད་མེད་པར་དགག་པའི་ཆ་ལ་འཆད་པའི་ལུགས་ཏེ། ཇི་སྐད་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲེལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཞེས་འབྱུང་བ་དེ་ཉིད་དོ། །གཉིས་པ་སྒོམ་ལམ་བཤད་པ་ལ་གཉིས་ཏེ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ལ་གསུམ་ལས་མཚམས་སྦྱར་བ་ནི་གཞུང་བཞིན་ནོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་ཞི་བ་དང་ང་རྒྱལ་མ་མཆིས་པའི་སླད་དུ་གནས་པ་ནི་ངོ་མཚར་ཆེ་བ་ལགས་སོ། །ཞེས་སོགས་ཀྱི་མདོ་ཚན་དྲུག་ཆོས་ཅན་ཞེས་སྦྱར། འགྲེལ་པ་ལ་བཞི་ལས། སྐྱེས་བུ་བྱེད་པའི་འབྲས་བུ་ལ་གཉིས་ལས། ཆགས་སྡང་ཞི་བའི་ཕན་ཡོན་ནི། རྣམ་པ་ཐམས་ཅད་སོགས་དང༌། ང་རྒྱལ་ཞི་བའི་ནི། དགེ་བའི་བཤེས་གཉེན་སོགས་དང༌། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ལས། ནང་གི་ཉེར་འཚེ་ཞི་བ་ནི། འདོད་ཆགས་སོགས་དང༌། ཕྱིའི་ཉེར་འཚེ་ཞི་བ་ནི་ཕ་རོལ་གྱི་སོགས་དང༌། གསུམ་པ་རྣམ་སྨིན་གྱི་འབྲས་བུ་ནི། ཡང་དག་པར་རྫོགས་པའི་སོགས་དང༌། བཞི་པ་བདག་པོའི་འབྲས་བུ་ནི་རྟེན་གྱི་སོགས་སོ། །གཉིས་པ་ལ་མཚམས་སྦྱར་བ་དང༌། དངོས་ཀྱི་དོན་ནོ། །དང་པོ་ནི། བྱེད་པའི་འོག་ཏུ་ཞེས་སོགས་སོ། །འདིར་སྒོམ་ལམ་གཉིས་པོའི་ཁྱད་པར། ཀུན་རྫོབ་སྣང་བ་ཡོད་མེད་ཙམ་གྱིས་མི་ཕྱེད་དེ། འཕགས་སེང་གི་མཉམ་གཞག་སྣང་བཅས་སུ་བཞེད་པས་སོ། །དེའི་ཕྱིར་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པའི་དབྱེ་བ་ལས་འབྱེད་པའོ། །གལ་ཏེ་མཉམ་གཞག་ཡེ་ཤེས་ལ་གཉིས་ཀྱི་སྣང་བ་ཡོད་པས་ཟག་བཅས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། འཕགས་པའི་མཉམ་གཞག་ཏུ་གཟུགས་སོགས་ཀྱི་སྣང་བ་ཤར་བ་དེ་ནི་ཁམས་གསུམ་གྱིས་བསྡུས་པའི་གཟུགས་སོགས་ཀྱི་སྣང་བ་མ་ཡིན་གྱི། ཇི་སྐད་དུ་འབྱུང་མེད་གཟུགས་དོན་བལྟ་བ་དང༌། །ཞེས་སོགས་ལྟར་དབང་འབྱོར་བའི་གཟུགས་ཏེ། ཟད་པར་ས་ལ་སོགས་པ་བཞིན་ནོ། །ཡང་དག་མིན་རྟོག་དང་མཉམ་གཞག་ཡེ་ཤེས་འཛིན་སྟང་འགལ་ཡང༌། མཚུངས་ལྡན་དུ་འབྱུང་མི་སྲིད་པ་མ་ཡིན་ཏེ། རྟོག་པ་བཞི་དང་ངེས་འབྱེད་ཆ་མཐུན་བཞིན་ནོ། །གཉིས་པ་ལ་ཟག་བཅས་སྒོམ་ལམ་དང༌། ཟག་མེད་སྒོམ་ལམ་མོ། །དང་པོ་ལ་སྤྱིའི་མཚམས་སྦྱར་བ་དང༌། སོ་སོའི་རང་བཞིན་བཤད་པ་དང༌། བྱེད་ལས་ཀྱི་དོན་བསྡུ་བའོ། །དང་པོ་ནི་མོས་པ་དང་སོགས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ལ་མོས་པ་དངོས་དང༌། དེའི་ཕན་ཡོན་ནོ། །དང་པོ་ནི། རྣམས་ཀྱི་ནང་ནས་སོགས་ལ། བརྒྱ་བྱིན་གྱིས་མི་མཇེད་ཀྱི་ཞིང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རིང་བསྲེལ་གྱིས་བྱུར་བུས་གཏམས་པའི་མཆོད་རྟེན་ལ་མཆོད་པའི་བསོད་ནམས་ལས་ཤེར་ཕྱིན་གྱི་མིང་ཚིག་ཡི་གེར་བྲིས་པ་ལ་མཆོད་པའི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་པའི་མདོ་ཚན་ཉི་ཤུ་རྩ་བདུན་ཆོས་ཅན། ཤེར་ཕྱིན་ལ་མོས་པ་ཉི་ཤུ་རྩ་བདུན་དང་མཚུངས་པར་ལྡན་པའི་སྒོམ་ལམ་ཉི་ཤུ་རྩ་བདུན་དུ་ཕྱེ་ནས་བཤད་པ་ཡིན་ཏེ། དེ་བཤད་པར་ཞེས་སོགས་སྦྱར་རོ། །འགྲེལ་པ་ལ། མོས་པ་དང་མཚུངས་ལྡན་གྱི་སྒོམ་ལམ་ངོས་བཟུང༌། དབྱེ་བ་སོ་སོར་བཤད་པའོ། །དང་པོ་ནི་ཡུམ་གྱི་མདོ་ལས་ཤེར་ཕྱིན་ལ་མཆོད་པའི་བསོད་ནམས་ཇི་སྙེད་བཤད་པ་དེ་ཐམས་ཅད་མོས་པའི་དུས་དེ་ཉིད་ཐོབ་པ་ཡིན་ནམ་ཞེ་ན། ཤེར་ཕྱིན་དེ་རང་གི་དོན་དང༌། གཉིས་ཀ་དང༌། གཞན་དོན་གྱི་འབྱུང་གནས་སུ་ཤེས་ནས་དམིགས་པ་ཉིད་ཇི་ལྟར་མོས་པ་བཞིན་དོན་གསུམ་མཐོང་བ་སྟེ་ཐོབ་པའི་དགེ་བའི་ཆོས་ཀྱི་རྟེན་ནམ་རྒྱུ་ཡིན་ན་ཡང་དང་པོ་མོས་པའི་དུས་ཉིད་ནས་མངོན་དུ་མི་བྱེད་དེ། དོན་གསུམ་པོ་དེའི་རྒྱུ་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་སོ། །དབྱེ་བ་ནི་ཤེར་ཕྱིན་ལ་མོས་པ་དང་མཚུངས་ལྡན་དུ་བྱུང་བའི་སྒོམ་ལམ་གྱི་ངོ་བོ་ཡང་ཆུང་འབྲིང་རྣམ་པ་གསུམ་དུ་དང༌། གསུམ་པོ་དེ་དག་ཀྱང་རེ་རེ་ཞིང་ཆུང་ངུ་ལ་སོགས་པའི་དབྱེ་བས་གསུམ་དང༌། གསུམ་པོ་ཡང་རེ་རེ་ཞིང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འབྱེད་པ་ཡིན་ལ། དེ་ལྟར་ཕྱེ་བས་དགུ་ཚན་གསུམ་གྱིས་ཉི་ཤུ་རྩ་བདུན་ཡིན་ཏེ། དེ་ལྟར་མདོ་ལས་གསུངས་པའི་ཕྱིར། འདིར་བསྟན་གྱི་མོས་པ་ནི། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་དད་པ་ཡིན་ལ། དེ་ལ་ཐོས་བསམ་གྱིས་བསྡུས་པ་དང༌། སྒོམ་བྱུང་གིས་བསྡུས་པ་གཉིས་ལས། དང་པོ་ནི། ལུང་རིགས་རྣམ་དག་ལ་བརྟེན་ནས། དེ་ལྟར་མོས་པ་ལས་དང་པོ་པའི་ས་ནས་ཀྱང་ཡོད་ལ། གཉིས་པ་ལ་འཇིག་རྟེན་པའི་དང༌། དེ་ལས་འདས་པའི་སྒོམ་བྱུང་གིས་བསྡུས་པ་གཉིས་སུ་ཡོད་ཀྱང༌། མོས་པ་ཡིད་ལ་བྱེད་པའི་སྦྱོར་ལམ་དང་མཐོང་ལམ་གྱི་རྣམ་གཞག་མ་གསུངས་པ་ནི་སྦྱོར་མཐོང་ཙམ་གྱིས་མོས་པ་དེ་མཐར་མི་ཕྱིན་ཞིང༌། དེ་མཐར་ཕྱིན་པ་སྒོམ་ལམ་གྱིས་གོམས་པར་བྱས་པ་ལ་རག་ལུས་པའོ། །དེའི་ཤེས་བྱེད་ཀྱང་རྫོགས་སྨིན་སྦྱང་གསུམ་མ་བྱས་ཀྱི་བར་ཡང་དག་པའི་མཐའ་མངོན་དུ་བྱེད་མི་ནུས་པའོ། །དེ་ལྟར་མོས་པ་སྒོམ་ལམ་གྱི་ངོས་འཛིན་ནི། རྒྱུའི་ཀུན་སློང་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པ་སྔོན་དུ་བཏང་ནས། དུས་ཀྱི་ཀུན་སློང་ཡང་དེ་དང་མཚུངས་པར་ལྡན་པའི་རྗེས་ལ་མངོན་རྟོག་ཙམ་ཞིག་ནི་མཉམ་གཞག་ན་ཡང་ཡོད་མོད། མཉམ་གཞག་དེའི་རྗེས་ཐོབ་ཏུ་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་པའི་ཐབས་ཀྱིས་བསྡུས་པའི་རྗེས་ཐོབ་ཡེ་ཤེས་ལ་མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་ཞེས་བྱ་ཞིང༌། བསྔོ་བ་དང་ཡི་རང་གཉིས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་ཕན་ཡོན་ལ་གསུམ་ལས། མཚམས་སྦྱར་བ་ནི་དེ་ལྟར་སོགས་སོ། །རྩ་བ་ནི། བརྒྱ་བྱིན་གྱིས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་དང༌། ཡོན་ཏན་ཚད་མེད་པ་དང༌། མི་མཉམ་པ་དང་མཉམ་པ་དང་ལྡན་པ་ཞེས་སོགས་ཀྱི་མདོ་ཆོས་ཅན། མོས་པ་གསུམ་པོ་ལ་གོ་རིམ་བཞིན་དུ་བསྟོད་བཀུར་བསྔགས་གསུམ་དགུ་ཚན་རེ་རེ་མཛད་པ་ཡིན་ཏེ། དེ་མཛད་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ནི་ལས་སུ་བྱ་བ་དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དོན་གསུམ་མཐོང་བ་སྟེ་འཐོབ་ཏུ་རུང་བའི་ཆོས་ཀྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པའི་རྣམ་པས་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་གནས་སྐབས་ཀྱི་ཁྱད་པར་དང་པོར་རང་དོན་མོས་པའི་གནས་སྐབས་དགུ་དག་དང༌། གཉིས་པ་གཉིས་དོན་མོས་པའི་དང༌། གསུམ་པ་གཞན་དོན་མོས་པའི་གནས་སྐབས་དགུ་དག་ཏུ། བྱེད་པ་པོ་གོ་རིམ་བཞིན་དུ་སོ་སོར་བསྟོད་པ་དགུ་དང༌། བཀུར་བ་དགུ་དང༌། བསྔགས་པ་རྣམ་པ་དགུས། དགོས་པའི་ཁྱད་པར་མོས་པ་དེས་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་དུ་བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་དོ། །བསྟོད་པ་ལ་སོགས་པ་འདི་དག་ནི་ཆོས་ཅན། ཡོན་ཏན་གྱི་དོན་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་ནས་བརྗོད་པའི་མཚན་ཉིད་ཅན་ཡིན་གྱི། གཅམ་བུའི་ངོ་བོ་ནི་མ་ཡིན་ཏེ། ཡོན་ཏན་དང་འཚམས་པར་བསྟོད་པ་ལ་སོགས་པ་རིམ་པར་བཤད་པ་དེས་ནའོ། །ཕན་ཡོན་འདི་དག་ནི་སྒོམ་ལམ་དུ་མ་ཟད། སྐབས་འདི་ནས་བཤད་པའི་མོས་པ་མཚན་ཉིད་པ་གསུམ་ཀའི་ཕན་ཡོན་ཡིན་པར་མདོ་ལས་བཤད་དོ། །ཕན་ཡོན་ཅན་གྱི་མོས་པ་དེས་བསགས་པའི་དགེ་བ་ཡང༌། བསོད་ནམས་ཀྱི་ཚོགས་ནི་སྒོམ་ལམ་གསུམ་པའི་སྦྱོར་བ་དང༌། རྗེས་ཐོབ་ཏུ་གསོག་པ་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི། མཉམ་གཞག་གི་སྐབས་ཉིད་དུ་ཡིན་པས་ན་མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་ཞེས་བྱ་བ་འདིའི་གཙོ་བོ་ནི་མཉམ་གཞག་ཡིན་ལ། ཟག་བཅས་སུ་བཤད་པ་ནི་རྗེས་ཐོབ་སྟེ། བསྔོ་རྒྱུའི་དགེ་རྩ་གསོག་པ་ནི་སྐབས་དེར་གཙོ་ཆེ་བའི་ཕྱིར་རོ། །གཉིས་པ་བསྔོ་བ་སྒོམ་ལམ་བཤད་པ་ལ། མཚམས་སྦྱར་བ་ནི་དེ་ལྟར་སོགས་དང༌། རྩ་བ་ནི་བརྒྱ་བྱིན་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་འདི་ནི་དགེ་བའི་རྩ་བ་གཞན་ཐམས་ཅད་ལས་མཆོག་ཅེས་བྱའོ། །ཞེས་སོགས་ཀྱི་མདོ་ཚིག་བཅུ་གཉིས་པོ་ཆོས་ཅན། བྱང་སེམས་ཀྱི་བསྔོ་བ་ཉིད་དང༌། བསྔོ་བ་དེ་དང་མཚུངས་པར་ལྡན་པའི་སྒོམ་ལམ་ཡང་བཤད་པ་ཡིན་ཏེ། དེ་བཤད་པར་རྗེ་བཙུན་གྱི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ལ། བསྔོ་ཚུལ་དང༌། བསྔོ་བའི་དབྱེ་བ་གཉིས་ལས། དང་པོ་ནི། བྱེད་པ་པོ་ཐེག་པ་གསུམ་གྱིས་བསྡུ་བར་བྱ་བའི་སེམས་ཅན་ལ། ལམ་ཉེ་བར་སྟོན་པའི་རྒྱུའི་ངོ་བོ་ཚོགས་གཉིས་གསོག་པར་བྱེད་པ་དང་ལྡན་པ་བྱང་སེམས་རྣམས་ཀྱིས་དགོས་པའི་ཁྱད་པར་དགེ་རྩ་མི་ཟད་པར་བྱ་བའི་ཕྱིར་དུ་ལས་སུ་བྱ་བ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །བསྔོ་ཚུལ་ནི་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་སོ། །གཉིས་པ་ལ་བསྔོ་ཚུལ་དང༌། དབྱེ་བའོ། །དང་པོ་ལ་ངོ་བོ་ངོས་བཟུང་བ་དང༌། དེ་ལ་དགོས་པའི་ཡན་ལག་གི་ཚོགས་སོ། །དང་པོ་ནི། འདི་སྐད་བཤད་པའི་མོས་པས་བསགས་པའི་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ཁྱད་པར་ཅན་གྱི་བསྔོ་བ་ཞེས་བྱའོ། །གཉིས་པ་ལ་བློའི་རྣམ་པ་དང་བསྔོ་བྱའི་རྫས་སོ། །དང་པོ་ནི། མི་དམིགས་པ་དང༌། དབེན་པའི་རྣམ་པ་ཅན་ཏེ། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་མི་དམིགས་པ་དང༌། བདག་དང་གཞན་ལ་སོགས་པས་དབེན་པ་དང༌། བསྔོ་བར་བྱེད་པའི་སེམས་ཕྱིན་ཅི་མ་ལོག་པ་འཁོར་གསུམ་མི་དམིགས་པའི་ཤེས་རབ་དང་ལྡན་པའོ། །བསྔོ་བྱའི་རྫས་ལ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། རང་གི་དགེ་བ་ལ་མཚན་མར་མི་འཛིན་པའོ། །དང་པོ་ནི་དེ་བཞིན་གཤེགས་པའི་དགེ་བའི་ཚོགས་ཀྱི་རང་བཞིན་དྲན་པ་ཞེས་བྱ་བའི་མིང་ཅན་དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་ལ་དང༌། གཉིས་པ་ནི་གང་བསྔོ་བ་ཐབས་ལ་མཁས་པ་དང་བཅས་པའི་མིང་ཅན་སྦྱིན་པ་སོགས་ལ་དང༌། གང་གིས་བསྔོ་བ་མཚན་མ་མེད་པའི་མིང་ཅན་མཚན་མ་ལ་དང༌། གྲོགས་ཀྱི་ཁྱད་པར་སངས་རྒྱས་ཀྱིས་གནང་བའི་མིང་ཅན་ཐབས་ཤེས་རབ་ཚང་བའི་ལམ་ཐམས་ཅད་ལ་དང༌། བསྔོ་སའི་ཁྱད་པར་བསྔོ་ས་ཁམས་གསུམ་པར་མ་གཏོགས་པའི་མིང་ཅན་འདོད་པའི་ཁམས་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་དམིགས་པ་དང༌། དབྱེ་བ་ནི་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་བྱ་བ་དེ་ལྟར་མིང་དུ་བཏགས་པའི་ཡིད་ལ་བྱེད་པ་དགེ་བ་བཅུའི་ལས་ཀྱི་ལམ་མི་དམིགས་པའི་ཚུལ་གྱིས་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དམིགས་པའི་ཚུལ་གྱིས་སེམས་ཅན་གང་དག་དེ་ལ་བཀོད་པའི་བསོད་ནམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའོ། །འདིའི་དོན་རྣམས་ནི་མདོའི་དངོས་བསྟན་དང༌། མིང་ནི་བསྟན་བཅོས་སུ་བཏགས་པའོ། །གསུམ་པ་རྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ་ལ། མཚམས་སྦྱར་བ་ནི་དེ་ལྟར་སོགས་དང༌། རྩ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་རབ་འབྱོར་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་ནི་གང་ཡིན། ཞེས་དྲིས་པའི་ལན་དུ། དུས་གསུམ་པའི་སངས་རྒྱས་ཀྱི་དགེ་བ་སོགས་མི་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་ན་རྗེས་སུ་ཡི་རང་བའི་མཆོག་ཅེས་བྱའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། རང་དང་གཞན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཏུ་རྣམ་ཤེས་ཀྱི་སྣང་ཆ་མ་དོར་བའི་ཐབས་ཀྱིས་དམིགས་ལ། དོན་དམ་པར་ཡེ་ཤེས་ཀྱི་ངོར་མི་དམིགས་པའི་སྒོ་ནས་རྗེས་སུ་ཡི་རང་བར་བྱ་བ་ནི་ཆོས་ཅན། ཁྱད་པར་དུ་འཕགས་པ་ཡིན་ཏེ། བསྔོ་བས་ལེགས་པར་བསྔོས་པའི་དགེ་བ་དེ་ཡང་གོང་ནས་གོང་དུ་སྤེལ་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ལ་བསྡུས་པའི་དོན་ནི་ཞེས་སོགས་སོ། །འདིར་བསོད་ནམས་བྱས་པ་མཉམ་པའི་དོན་ལ་རྗེས་སུ་ཡི་རང་བའི་ཚུལ་གཉིས་ཏེ། གཞན་གྱིས་བྱས་པ་དེ་ལ་དམིགས་པའི་ཚུལ་གྱིས་ནི་དགེ་བ་དེ་རྒྱུར་བྱས་པ་ལས་བྱུང་བའི་བསོད་ནམས་འཐོབ་པ་ཙམ་ཡིན་ལ། མི་དམིགས་པའི་ཚུལ་གྱིས་ནི་གཞན་གྱིས་བྱས་པ་དེ་རྒྱུར་བྱས་པ་ལས་བྱུང་བར་མ་ཟད། དགེ་བ་དེ་ལས་ཆེས་ལྷག་པར་འཐོབ་པ་ནི་ཡུམ་གྱི་མདོའི་དགོངས་པའོ། །ཡང་རང་གིས་བྱས་པ་ལ་ཡི་རང་བ་དང༌། གཞན་གྱིས་བྱས་པ་ལ་ཡི་རང་བ་གཉིས་ལས། དང་པོ་ལ་ཡང༌། བསྔོ་བས་མ་ཟིན་པ་ནི་འགྱོད་པ་མེད་པར་བྱས་པས་བྱས་ལ་བསགས་པའི་ལས་སུ་བྱེད་ལ། བསྔོ་བས་ཟིན་ན་ནི་གོང་དུ་སྤེལ་བར་བྱེད་དོ། །གཉིས་པ་ལ་ཡང༌། བསྔོ་རྒྱུ་དངོས་ནི་རྗེས་སུ་ཡི་རང་བའི་དགེ་བ་ཉིད་ཡིན་ལ། གཞན་གྱིས་བསགས་པའི་ཆ་ནི་གང་ཟག་གཞན་གྱི་བསྔོ་བས་བསྒྱུར་དུ་མི་རུང་ཡང༌། ཇི་སྐད་དུ། ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིག །ཅེས་པ་ལྟ་བུ་གནས་མ་ཡིན་པའི་སྨོན་ལམ་སྟེ། སྡོམ་གསུམ་ལས། ཆོས་རྣམས་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱིས། །བསྔོ་བ་དེང་སང་ཅིས་མི་འགྲུབ། །ཅེས་གསུངས་སོ། །གཉིས་པ་ཟག་མེད་སྒོམ་ལམ་བཤད་པ་ལ་གཉིས་ལས། མཚམས་སྦྱར་བ་ནི། དེའི་འོག་ཏུ་ཞེས་སོགས་དང༌། དོན་བཤད་པ་ལ་གཉིས་ཏེ། སྒྲུབ་པ་སྒོམ་ལམ་བཤད་པ་དང༌། རྣམ་དག་སྒོམ་ལམ་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། དེའི་ཕྱིར། དང་པོ་སོགས་དང༌། རྩ་བ་ནི་ཤཱ་རིའི་བུས་གསོལ་པ། ཡུམ་འདི་ནི་སྣང་བར་བགྱི་བའོ། །དེ་བས་ན་ཡུམ་འདི་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྦྱར། འདིར་བསྡུས་པའི་དོན་ནི། ཟག་མེད་སྒོམ་ལམ་ཞེས་པའི་མིང་ཅན་མཉམ་གཞག་གི་ཡེ་ཤེས་དེ་གསུམ་དུ་འདུས་པ་ཡིན་ཏེ། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །དེ་དག་ལས་སྔ་མ་གཉིས་ལ་ནི་རྣམ་དག་སྒོམ་ལམ་ཞེས་བྱ། ཕྱི་མ་འདི་ལ་སྒྲུབ་པ་སྒོམ་ལམ་ཞེས་བྱ་སྟེ། ཡོན་ཏན་མངོན་པར་སྒྲུབ་པའི་དབང་དུ་བྱས་སོ། །འདིར་བཤད་པའི་གོ་རིམ་ནི། སྐྱེ་རིམ་ལས་བཟློག་པ་སྟེ། ཡོན་ཏན་སྔར་བཤད་པའོ། །ཡོན་ཏན་གང་ཞེ་ན། གཉིས་ཏེ། གནས་སྐབས་ཀྱི་དང༌། མཐར་ཐུག་གིའོ། །དང་པོ་ལ། རང་དོན་སྤང་རྟོགས་ཀྱི་དང༌། གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་གཉིས་ལས། དང་པོ་ལ་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སྐྱེ་བ་དང༌། མཉམ་གཞག་ཏུ་ཡེ་ཤེས་ཀྱི་ཚོགས་སྐྱེ་བའོ། །དང་པོ་ནི། གཟུགས་ལ་སོགས་པ་ཕྱིན་ཅི་མ་ལོག་པ་སྒྱུ་མ་ལྟ་བུར་མཐོང་བའི་ཡེ་ཤེས་འདྲེན་པ་ནི། སྒོམ་ལམ་འདིའི་མཉམ་གཞག་གི་ངོ་བོ་ཉིད་དོ། །ཡེ་ཤེས་དེས་མ་ཟིན་ན་སྦྱིན་སོགས་གཞན་གྱིས་སངས་རྒྱ་བ་ཉིད་མི་ཐོབ་པ་ནི་ཡེ་ཤེས་དེའི་ཡོན་ཏན་གྱི་མཆོག་ཉིད་དོ། །གཉིས་པ་ནི། ཆོས་ཐམས་ཅད་ཀྱི་རྣམ་པའི་ཁྱད་པར་སྐྱེ་བ་མེད་པར་རྟོགས་པའི་ཕྱིར་ཡུལ་ཀུན་ལ་མངོན་པར་ཞེན་པ་འདུ་མི་བྱེད་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །གཉིས་པ་ནི། དེ་ལྟ་བུའི་ངོ་བོ་ཉིད་ལ་སོགས་པའི་ལམ་གྱིས་ཆོས་ཐམས་ཅད་མ་དམིགས་པ་ཉིད་དུ་རྣལ་འབྱོར་པ་གཞན་གྱི་རྒྱུད་ལ་གཏོད་པར་བྱེད་པའོ། །གཉིས་པ་ནི་དོན་ཆེན་པོ་སངས་རྒྱས་ཉིད་དུ་བྱེད་པའི་ཕྱིར་ཡོན་ཏན་གྱི་དོན་ཆེན་པོའོ། །གཉིས་པ་རྣམ་དག་སྒོམ་ལམ་བཤད་པ་ལ། རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་དང༌། འབྲས་བུ་རྣམ་དག་སྒོམ་ལམ་དངོས་སོ། །དང་པོ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། རྩ་བ་ནི། ཤཱ་རིའི་བུས་གསོལ་པ། ཡུམ་འདི་ལ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། ཡུན་ཇི་ཙམ་ཞིག་ནས་སངས་རྒྱས་མཉེས་པར་བྱས་པ་ལགས། ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། རྣམ་དག་སྒོམ་ལམ་སྐྱེ་བའི་མཐུན་རྐྱེན་དང་འགལ་རྐྱེན་གཉིས་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། རྣམ་པར་གྲོལ་བའི་ལམ་དང༌། བར་ཆད་མེད་པའི་ལམ་མོ། །དང་པོ་ལ་རྣམ་དག་གི་ངོ་བོ་སྤྱིར་བསྟན་པ་དང༌། དབྱེ་བ་སོ་སོར་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི་དེ་ལྟར་སོགས་དང༌། རྩ་བ་ལ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། འབྲས་བུ་རྣམ་པར་དག་པ་ཞེས་སོགས་ཀྱི་མདོ་ཆོས་ཅན། ཡུལ་ཅན་མཉམ་གཞག་ཡེ་ཤེས་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། དེས་སྒྲོ་འདོགས་བཅད་ཟིན་པའི་ཡུལ་གཟུགས་སོགས་ཀྱང་དྲི་མ་དེ་ཉིད་ཀྱིས་རྣམ་པར་དག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དག་པ་དེ་ཉིད་གནས་ཚུལ་ལ་ཐ་དད་དུ་མེད་ཅིང༌། རྟོག་པས་སོ་སོར་བཅད་དུ་མེད་པའི་ཕྱིར་ཏེ། རྟོག་པའི་ཡུལ་ལས་འདས་པའི་ཕྱིར། འདི་ནི་གཉིས་སུ་བྱར་མེད་ཅེས་པའི་དོན་ཏེ། དོན་དམ་པའི་བདེན་པ་དག་ནི་རྟོག་ངོར་ཐ་དད་པས་ཐ་དད་པའི་གོ་མི་ཆོད་པའོ། །འགྲེལ་པ་ལ། བཤད་པ་དང༌། བསྡུ་བ་གཉིས་ལས། དང་པོ་ནི། འཕགས་པའི་གང་ཟག་བཞི་པོ་དག་གི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམ་གྲོལ་གྱི་ལམ་གང་ཡིན་པ་དེ་དེའི་ངོ་སྐལ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་སྒོ་ནས་འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་དེའི་ཡུལ་དུ་བཞག་པའི་གཟུགས་ལ་སོགས་པ་ཡང་རྣམ་པར་དག་པ་ཡིན་ཏེ། འབྲས་བུ་རྣམ་གྲོལ་ལམ་དང་དེའི་ཡུལ་གཟུགས་ལ་སོགས་པ་ངོ་སྐལ་གྱི་དྲི་མ་རྣམ་པར་དག་པ་ནི་དེ་སྐབས་ཀྱི་ཡུལ་གཟུགས་ལ་སོགས་པའི་ཕུང་པོ་དང༌། གཟུང་བ་ཕྱི་རོལ་གྱི་དོན་དང༌། ཐེག་པ་གསུམ་གྱི་ལམ་སོགས་ལ་བདག་དང་གཟུང་བའི་ཆོས་དང་ལམ་གྱི་ཆོས་སུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་སོ། །གཉིས་པ་ནི་འབྲས་བུ་རྣམ་པར་དག་པ་ན་དེའི་ཡུལ་ཐམས་ཅད་ཀྱང་དེ་ལྟར་དུ་རྣམ་པར་དག་པ་ཡིན་ཞེས་མདོ་ལས་བརྗོད་པ་ཡིན་ཏེ། སྒྲས་ཐ་དད་དུ་བརྗོད་པའི་རྣམ་པར་དག་པ་དེ་དག་རང་གི་མཚན་ཉིད་ཐ་དད་དུ་མངོན་སུམ་གྱིས་མ་དམིགས་ཤིང༌། སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཀྱང་ཐ་དད་དུ་བཞག་པར་བྱར་མེད་པ་ཉིད་ཀྱི་ཕྱིར། དེ་ཡང་གང་གི་ཕྱིར་དེ་དག་གི་རྣམ་པར་དག་པའི་ཡེ་ཤེས་དེ་རྫས་ཐ་དད་དུ་མེད་ཅིང་རྟོག་པས་ནི་ནམ་ཡང་བཅད་དུ་མེད་པ་ཉིད་ཀྱི་ཕྱིར་དེ་ལྟར་བཤད་ན་ལྡོག་པའི་ཆོས་རྣམས་ལ་རྟོག་ངོར་ཐ་དད་པས་ཐ་དད་པའི་གོ་ཆོད་པར་འཇོག་ཀྱང༌། དོན་རང་མཚན་གྱི་ཆོས་རྣམས་ལ་ལྡོག་པ་ཐ་དད་པས་ཐ་དད་ཀྱི་གོ་མི་ཆོད་པ་ནི་རྣམ་འགྲེལ་མཛད་པའི་གཞུང་གིས་སྐབས་སུ་ཡང་འཆད་དགོས་སོ། །ཡང་གལ་ཏེ་གཞུང་འདིའི་ངོས་བསྟན་ལྟར་ན། ཤེས་བྱ་མཐའ་དག་ཀྱང་དག་པ་ཉིད་དུ་ཁས་ལེན་དགོས་པ་མ་ཡིན་ནམ། ཞེ་ན། གཞུང་ལུགས་ཀྱི་དོན་ལེགས་པར་བཤད་པ་ན་ཧ་ཅང་ཐལ་བ་མེད་དེ། རྣམ་མཁྱེན་གྱི་དངོས་ཡུལ་དུ་གང་བཞག་པ་དེ་དེ་ལས་རྫས་གཞན་དུ་ཡོད་ན་གཟུང་བ་ཆོས་ཀྱི་བདག་ཏུ་འགྱུར་ལ། མེད་ན་ནི་རྫས་གཅིག་པས་དོན་དེ་ཉིད་གྲུབ་པ་དང༌། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ཉིད་སྣ་ཚོགས་རྣམས་སུ་སྣང༌། །ཞེས་བྱ་བའི་དོན་དེ་ཉིད་འདིར་ཁས་ལེན་པའི་ཕྱིར་དང༌། རྣམ་འགྲེལ་མཛད་པས་བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པས་རང་རིག་ཏུ་འགྲུབ་པར་ཡང་བཤད་པའི་ཕྱིར་རོ། །ཡང་ན་རྣམ་གྲོལ་ལམ་གློ་བུར་གྱི་དྲི་མས་དག་པ་དང༌། དྲི་མ་དེ་ཉིད་ཀྱི་ཡུལ་གཟུགས་སོགས་རང་བཞིན་གྱིས་རྣམ་པར་དག་པའི་ཆ་གཉིས་ལ་སྦྱར་ནས་ཀྱང་བཤད་པར་བྱའོ། །གཉིས་པ་ལ་མཚམས་སྦྱར་བ་ནི། རྣམ་པར་དག་པ་ཞེས་སོགས་དང༌། རྩ་བ་ནི། ཉོན་མོངས་ཞེས་སོགས་ཀྱི་གཞུང་འདི་ཆོས་ཅན། འཕགས་པ་བཞིའི་རྣམ་དག་སོ་སོར་ཕྱེ་བ་ཡིན་ཏེ། དྲངས་མ་ཐག་པའི་མདོ་དེས་གཙོ་བོར་བྱང་སེམས་ཀྱི་རྣམ་དག་དངོས་སུ་བསྟན་ཞིང༌། དེའི་ཞར་ལ་ཉན་རང་གི །རྣམ་དག་ཤིན་ཏུ་བ་ཡང་བསྟན་པའི་ཕྱིར། །ཞེས་པའོ། །འགྲེལ་པ་ལ། མདོ་ལས་བཤད་པའི་རྣམ་དག་གསུམ་པོ་གང་ཞེ་ན། འདོད་ཆགས་ལ་སོགས་པའི་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །རྩ་བས་ཁ་བསྐངས་པའི་རྣམ་དག་ཤིན་ཏུ་བ་དེ་གང་ཞེ་ན། ཉོན་མོངས་པ་དང་ཞེས་སོགས་སོ། །གཉིས་པ་བར་ཆད་མེད་པའི་ལམ་ལ་གཉིས་ཏེ། དངོས་དང༌། སྤང་བྱ་སྤོང་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། ལམ་ཤེས་པ་ཉིད་ཀྱི་སྐྱབས་སུ། མདོ་ལས་བྱང་སེམས་ཀྱི་རྣམ་དག་སྨོས་པའི་ཞར་ལ། བསྟན་བཅོས་སུ་སངས་རྒྱས་དང་ཞེས་སོགས་སོ། །རྩ་བ་ལ་བྱང་སེམས་ཀྱི་རྣམ་དག་འཆད་བྱེད་ཀྱི་མདོའི་དེ་མ་ཐག་ཏུ། གཟུགས་སོགས་རྣམ་པར་དག་པ་ན་ཡུམ་རྣམ་པར་དག་པ་ཡུམ་རྣམ་པར་དག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རྣམ་པར་དག་པ། ཞེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། འབྲས་བུ་རྣམ་དག་གི་ཡེ་ཤེས་མཐར་ཕྱིན་པ་དེ་འཐོབ་བྱེད་ཀྱི་རྒྱུ་བར་ཆད་མེད་ལམ་བསྟན་པ་ཡིན་ཏེ། དེ་བསྟན་པར་གཞུང་འདིས་ཞེས་སྦྱར། འགྲེལ་པ་ནི། རྩ་བར། སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་དང༌། དེའི་ཤུགས་ལ་ཅིག་ཤོས་ཤིན་ཏུ་བ་མ་ཡིན་པར་གསུངས་པའི་རྒྱུ་མཚན་ཡོད་དེ། སྤང་བྱའི་རྟེན་འདོད་པའི་ཁམས་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་སྟེ། ས་དགུ་ལ་བརྟེན་པའི་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་དགུའི་གཉེན་པོའི་ངོ་བོར་གོ་རིམ་བཞིན་དུ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་དགུ་སྤང་བྱ་རྣམ་པ་ཐམས་ཅད་རྣམ་པར་དག་པའི་རྒྱུ་ཡིན་པ་དང༌། ཅིག་ཤོས་ཉན་རང་གི་ལམ་ནི་སྤང་བྱ་ཉི་ཚེ་བ་ཙམ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་བྱང་སེམས་ཀྱི་སྒོམ་ལམ་དགུ་པོ་ཐམས་ཅད་རྣམ་དག་སྒོམ་ལམ་དངོས་དང༌། དེས་ཐོབ་པའི་རྣམ་གྲོལ་གྱི་ལམ་ལ་བྱང་སེམས་ཀྱི་དང༌། སངས་རྒྱས་ཀྱི་དབྱེ་བས་དང་པོ་རྣམ་དག་སྒོམ་ལམ་དངོས་དང༌། ཕྱི་མ་ནི་ཞར་ལས་བྱུང་བ་སྟེ། མདོ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་པས་ཀྱང་མཚོན་པར་ནུས་ལ། སྐབས་འདིར་བྱང་སེམས་ཀྱི་རྣམ་དག་རྒྱུ་དང་བཅས་པ་འཆད་པའི་སྐབས་ཡིན་པས་ཉན་རང་དང་སངས་རྒྱས་ཀྱི་ཞར་ལ་བྱུང་ཞེས་སྨོས་སོ། །གཉིས་པ་ནི་ཇི་ལྟར་ཤིན་ཏུ་བ་ཡིན་ཏེ། སྤང་གཉེན་གྱི་གོ་རིམ་མི་མཐུན་པས་སོ་ཞེ་ན། ལན་ལ་རྩ་བ་ནི། ཆོས་རྣམས་བེམ་པོར་གྱུར་པའི་ཕྱིར། རྣམ་པར་དག་པ་ལ་ཤེས་པ་མེད་དོ། །ཞེས་སོགས་མདོ་ཚན་བཅུ་གཅིག་དང༌། དེའི་འོག་ཏུ་རྣམ་པར་དག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་བྱེད། གནོད་པར་མི་བྱེད་ཅེས་སོགས་ཀླན་ཀ་སྤང་བའི་མདོ་རྣམས་གསུངས་པས་ན། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་དེ་ཡི་གཉེན་པོར་འདོད། །ཅེས་པ་ཉིད་མདོའི་དོན་དུ་བཤད་པས། འགྲེལ་པ་ལ། གཉེན་པོ་ངོས་བཟུང་བ་དང༌། སྤང་གཉེན་གྱི་གོ་རིམ་འཐད་པའི་དཔེ་བསྟན་པའོ། །དང་པོ་ནི། ཁམས་གསུམ་གྱིས་བསྡུས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་གི་གཉེན་པོ་སྒོམ་ལམ་བར་ཆད་མེད་ལམ་དེའི་ངོ་བོ་ཅི་ཞེ་ན། ཇི་སྐད་དུ་བཤད་པའི་སྒོམ་པའི་ལམ་རྣམ་དག་ཤིན་ཏུ་བའི་རྒྱུ་ཉིད་དུ་བསྟན་པ་ཆོས་ཅན། ཁྱོད་ཀྱིས་ཐོབ་པའི་སངས་རྒྱས་ཀྱི་རྣམ་དག་དེ་ཤིན་ཏུ་བ་ཉིད་དུ་བཞག་པ་ཡིན་ཏེ། ཁྱོད་ཁམས་གསུམ་གྱིས་བསྡུས་པའི་དྲི་མ་མཐའ་དག་གི་གཉེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཁམས་གསུམ་པའི་རྣམ་པ་ཅན་གྱི་ཤེས་པ་འཛིན་པ་དང་ཤེས་བྱ་གཟུང་བ་དག་མི་དམིགས་པ་ཉིད་ཀྱི་སྒོ་ནས་མཉམ་པ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ཉིད་ཡིན་པའི་ཕྱིར་རོ། །མདོ་དང་ཉི་སྣང་ལས་ནི་འདིར་བསྟན་གྱི་བར་ཆད་མེད་ལམ་ལ་སྒོམ་པའི་ལམ་ཤིན་ཏུ་བ་ཞེས་བཤད་ཀྱི་གཞན་བཤད་པ་མེད་དོ། །གཉིས་པ་ནི། ས་དགུ་པ་ནས་ཞེས་པས་བསྟན་པའི་སྤང་གཉེན་གྱི་རིམ་པ་མི་འཐད་པ་མ་ཡིན་ཏེ། ཇི་སྐད་དུ་བཤད་པ་དེ་ལ་གཉེན་པོ་ནི་ཆེན་པོའི་ཆེན་པོ་ལ་སོགས་པ་དང༌། མི་མཐུན་པའི་ཕྱོགས་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པར་རིགས་སོ་ཞེས་བྱ་བའི་ཀླན་ཀ་དེ་གོས་ལ་ཆགས་པའི་དྲི་མ་ཕྲ་མོ་སེལ་བ་ལ་བཙོ་བླག་མཁན་ཆེ་ཐང་དུ་འབད་པའི་དཔེས་ཀླན་ཀ་དེ་སྤངས་པའི་སྒོ་ནས་སྤང་གཉེན་གྱི་སྦྱོར་ཚུལ་དེ་འཐད་པར་གྲུབ་པའི་ཕྱིར། གཞུང་འདི་དང་སྐབས་བདུན་པར། རྨི་ལམ་དང་ནི་དེ་མཐོང་ཉིད། །ཅེས་སོགས་ཀྱིས་ནི་གཉེན་པོ་བར་ཆད་མེད་ལམ་གྱི་ངོ་བོ་ཁམས་གསུམ་གྱིས་བསྡུས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སུ་བཤད་ནས་དེ་ཉིད་རྣམ་དག་ཤིན་ཏུ་བ་དང་འབྲས་བུ་ཆོས་སྐུའི་དངོས་ཀྱི་ཉེར་ལེན་དུ་བཤད་པས་ན། ཇི་སྐད་དུ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་པས་བསྟན་པའི་དེ་ཁོ་ན་ཉིད་དེ་ཡང་འདིར་བཤད་པ་ལས་གཞན་དུ་ཡོད་པར་མི་སེམས་སོ། །འདིར་སྨྲས་པ། ལམ་ཤེས་གཞུང་གི་དཀའ་གནས་ཕལ་ཆེ་བ། །བཏང་སྙོམས་བཞག་པའི་རྣམ་བཤད་མང་པོ་དང༌། །ལ་ལས་ལེགས་པར་བཤད་ཅེས་གསུང་བ་ཡང༌། །སྔ་མས་གང་བཤད་དེ་ཉིད་ཟློས་པར་བཤད། །གང་འདིར་ཚིག་ཟུར་ཕྱིན་པའི་བཤད་པ་ནི། །སྔོན་མས་གང་བཤད་བཟློས་ཏེ་བཤད་མིན་ཡང༌། །མདོ་དང་བྱམས་པའི་གཞུང་གིས་ངེས་དོན་ནི། །རིགས་པར་འཆད་བྱེད་ཤིང་རྟའི་སྲོལ་ཆེན་པོ། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཞེས་སོགས་ཏེ། འཕགས་པ་གྲོལ་སྡེས་ཉི་ཁྲི་ལེའུ་བརྒྱད་དུ་ཕྱེ་བ་རང་བཟོར་སྨྲ་ཡང་རྒྱན་གྱི་རྗེས་སུ་ཞུགས་པ་ཡིན་ནོ།། །།ལམ་གསུམ་མཁྱེན་པའི་ཡེ་ཤེས་ཉི་མ་ཡིས། །ལམ་གཞན་གཉིས་ལ་བལྟས་ནས་འདའ་བྱ་ཞིང༌། །ལམ་ཤེས་རང་བཞིན་མངོན་དུ་བྱའོ་ཞེས། །སྟོན་མཛད་མ་ཕམ་པ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གསུམ་པ་བླང་དོར་བྱ་བའི་ཡན་ལག་གཞི་ཤེས་ཀྱི་སྐབས་བཤད་པ་ལ་གསུམ་ལས། དང་པོ་འབྲེལ་བཀོད་པས་མཚམས་སྦྱར་བ་ནི། གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་ཏུ་དབྱེ་བ་ཐམས་ཅད་ཡོངས་སུ་ཤེས་པ་མེད་ན་མངོན་དུ་བྱ་བའི་ལམ་ལེགས་པར་ཤེས་པ་ཉིད་འབྱུང་བ་མེད་པས་དོར་བར་བྱ་བའི་གཞི་ཐམས་ཅད་ཤེས་པ་ཉིད་གསུམ་པར་འཆད་དོ། །འདིར་ཐམས་ཅད་ཤེས་པའི་མིང་ཅན་ལ་གཉིས་ཏེ། སྐབས་གསུམ་པ་འདི་གཉིས་པ་ལས་ལོགས་སུ་བསྟན་པའི་དགོས་པས་མཚོན་པའི་གཞི་ཤེས་དང༌། བསྟན་བྱའི་གཞི་ཤེས་སོ། །དང་པོ་ནི། ལམ་ཤེས་ཀྱིས་རྣམ་མཁྱེན་སྒྲུབ་པའི་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་ལམ་བདེ་བླག་ཏུ་རྟོགས་པ་དེ་ཡིན་ལ། གཉིས་པ་ནི། མཚན་འཛིན་དང་མཚུངས་པར་ལྡན་པའི་ཤེར་ཕྱིན་གྱི་མིང་ཅན་ནོ། །ཅི་མཚན་མེད་ཀྱི་ཤེར་ཕྱིན་ཉིད་སྐབས་འདིར་གཙོ་ཆེ་བ་མ་ཡིན་ནམ་ཞེ་ན། སྤྱིར་ལམ་གྱི་གཙོ་བོ་དེ་ལྟར་ཡིན་ཡང༌། སྐབས་འདིར་ནི་དོར་བྱའི་ཤེར་ཕྱིན་དེ་ཉིད་ངོས་ཟིན་པ་ནི་སྐབས་གསུམ་པ་འདི་ལ་ལོགས་སུ་བསྟན་པའི་དགོས་པ་ཡིན་ནོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ། ལེའུ་འདི་ཉིད་རྒྱས་པར་བཤད་པ་དང༌། ལེའུ་གསུམ་གའི་དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། འཇུག་ཡུལ་ཤེར་ཕྱིན་དང༌། དེར་འཇུག་པའི་སྦྱོར་བ། ཞུགས་འབྲས་མཐོང་ལམ། འདའ་བྱའི་ཤེར་ཕྱིན་མངོན་དུ་མི་བྱེད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ལ་གསུམ་སྟེ། འཇུག་ཡུལ་ཤེར་ཕྱིན་གྱི་ངོ་བོ། ཉེ་རིང་གི་འཐད་པ། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེའོ། །དང་པོ་ལ་རྩ་བ་ནི། རྣམ་དག་སྒོམ་ལམ་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུ་རོལ་གྱི་མཐའ་ལ་ཡང་མི་གནས། ཕ་རོལ་གྱི་མཐའ་ལ་ཡང་མི་གནས། གཉིས་ཀའི་བར་ན་ཡང་མི་གནས་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། སྐབས་གཉིས་པར་བསྟན་པའི་ཟག་མེད་སྒོམ་ལམ་གྱི་བྱེད་ལས་སྟོན་བྱེད་ཀྱི་མདོ་ཡིན་ཏེ། དེ་ཡིན་པར་གཞུང་རྩ་བ་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་དངོས་བསྟན་གྱི་ཤེར་ཕྱིན་ངོས་བཟུང༌། ལོག་ཕྱོགས་ཀྱི་ཤེར་ཕྱིན་མཚོན་ནས་བཤད་པའོ། །དང་པོ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གྱུར་པར་འདོད་པ་གང་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཆོས་ཅན། སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པ་ཡིན་པར་ཤེས་པར་བྱ་སྟེ། དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའི་རྣམ་པས་མཉམ་པ་ཉིད་དུ་རྟོགས་པས་སོ། །དེའི་ཁྱབ་འབྲེལ་ནི། ཤེས་རབ་ཀྱིས་འཁོར་བ་རང་བཞིན་མེད་པར་རྟོགས་པས་ཚུ་རོལ་གྱི་མཐའ་འཁོར་བ་རྟག་པའི་མཚན་ཉིད་ཅན་ལ་མི་གནས། དམིགས་པ་མེད་པའི་སྙིང་རྗེས་གཞན་དོན་བྱེད་པས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་ཆད་པའི་མཚན་ཉིད་ཅན་ལ་ཡང་མི་གནས། ཐབས་ཤེས་ཟུང་དུ་འཇུག་པ་དེ་དག་གི་བར་ན་ཡང་མི་གནས་པའོ། །གཉིས་པ་ནི། ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ཆོས་ཅན། ཡང་དག་པའི་ཤེར་ཕྱིན་ལ་རིང་བར་གྱུར་པ་ཡིན་ཏེ། དུས་གསུམ་པའི་ཆོས་རྣམས་མཉམ་པ་ཉིད་དུ་ཤེས་པ་དེ་མེད་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། དངོས་པོ་དང་དངོས་པོ་མེད་པར་དམིགས་པ་ཉིད་ཀྱིས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱ་དགོས་ཏེ། དེ་ལྟར་དམིགས་པ་དེའི་ཚེ་ན་དམིགས་པ་མེད་པ་ཉིད་ཀྱི་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་རོ། །འདིར་རིང་བའི་ཤེར་ཕྱིན་གྱི་མིང་ཅན་འདི་ལ་གཉིས་ཏེ། ཐེག་དམན་གྱི་རྒྱུད་ལ་དང༌། བྱང་སེམས་ལ་ཡར་ལྡན་དུ་ཡོད་པའོ། །སྔ་མ་དེ་ལྟ་ཅི་སྨོས། ཕྱི་མ་དེ་ཡང་མངོན་དུ་བྱས་ན་རྣམ་མཁྱེན་ལ་རིང་དུ་འགྱུར་བས་ན་འདའ་བར་བྱ་དགོས་པའི་དོན་ནོ། །འདི་མདོ་དང་རྩ་བར་མེད་དོ་ཞེ་ན། ཀུན་ཤེས་པ་ཉིད་ཀྱི་སྐབས་འདིར་ནི། རྟོག་པ་ཙམ་གྱི་ཤེར་ཕྱིན། དེ་ལ་འཇུག་པའི་སྦྱོར་བ། ཞུགས་འབྲས་མཐོང་ལམ་གསུམ་ཀ་ལྡོག་པའི་སྒོ་ནས་བསྟན་པས་ན་ཉེས་པ་མེད་དོ། །གཉིས་པ་ཉེ་རིང་གི་འཐད་པ་ལ་གསུམ་ལས། དྲི་བས་མཚམས་སྦྱར་བ་ནི། ཡང་དག་པ་དང་ཅིག་ཤོས་ཀྱི་ཤེར་ཕྱིན། དེ་གཉིས་འབྲས་ཡུམ་ལ་རིང་བ་དང་ཅིག་ཤོས་སུ་ཇི་ལྟར་འགྱུར་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་དེ་ཡང་ཉན་ཐོས་སོགས་ཐམས་ཅད་ལ་ཡོད་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །དེ་ཡིན་ཏེ། གཞི་རྟོགས་ཤིང་ཞེས་པ་ནི། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། གཞི་ཕུང་ཁམས་སོགས་ཤེས་ན་སྟོང་ཉིད་ཤེས་དགོས་ཏེ། ཀླུ་སྒྲུབ་ཀྱི་ལུགས་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་འབྱུང་བས་སོ། །ཞེ་ན་རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། གང་ལ་ལ་ཞིག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཚན་མར་དམིགས་ན་ཤེར་ཕྱིན་འདི་ལས་རིང་དུ་འགྱུར། འདོར་བར་འགྱུར། ཞེས་སོགས་ཀྱི་མདོ་ཚན་གཉིས་ཆོས་ཅན། ཤེར་ཕྱིན་ཙམ་ཁྱད་གཉིས་ཀྱི་ཁྱད་པར་བསྟན་པ་ཡིན་ཏེ། དེ་བསྟན་པར་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་གཉིས་ལས། བཤད་པ་ལ། གཟུགས་བརྙན་གྱི་ཤེར་ཕྱིན་ཡུམ་ལས་རིང་བའི་རྒྱུ་མཚན། ཡང་དག་པའི་ཤེར་ཕྱིན་ཉེ་བའི་རྒྱུ་མཚན་ནོ། །དང་པོ་ནི། ཕུང་སོགས་མཐོང་བ་ཙམ་གྱིས་དེའི་ཆོས་ཉིད་མཐོང་བའི་ས་མེད་དོ་ཞེས་འཆད་པ་ནི་ཉན་ཐོས་ལ་སོགས་པ་དངོས་པོའི་རང་གི་ངོ་བོ་མི་ཤེས་པ་རྣམས་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་མེད་དེ། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར་ན། དངོས་པོ་མཐོང་ཡང་མཚན་མ་དང་ལྡན་པར་རྟོགས་པའི་ཕྱིར། དཔེར་ན་སྒྱུ་མ་མཁན་རང་གིས་སྤྲུལ་པའི་དངོས་པོ་ལ་དེའི་རང་གི་ངོ་བོ་མི་ཤེས་པས་ངོ་བོ་ཉིད་མེད་པར་མི་སྣང་བ་དེ་བཞིན་ནོ། །དེའི་ཕྱིར་དེ་དག་ལ་རྒྱལ་བའི་ཡུམ་འདི་རིང་བར་འགྱུར་རོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་དེ་ལྟར་མཚུངས་སོ་ཞེ་ན། གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་ཤིང་མཐོང་བའི་བྱང་སེམས་དེ་དག་ལ་ཆོས་ཅན། དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ཏེ། དང་པོར་མངོན་པར་ཞེན་པའི་འཁྲུལ་པའི་མཚན་མ་བསལ་བའི་ཕྱིར། རྒྱུ་གང་ལ་བརྟེན་ཞེ་ན། དུས་རིང་མོ་ཞིག་ནས་དགེ་བའི་བཤེས་གཉེན་ཡང་དག་པར་མགུ་བར་བྱས་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཅན་བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་ཐོས་པ་དང་བསམ་པ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་པས་སོ། །དེའི་ཕྱིར། དེ་དག་ལ་རྒྱལ་བའི་ཡུམ་འདི་ཡང་དག་པར་ཉེ་བར་འགྱུར་རོ། །བསྡུ་བ་ནི་ཐབས་མ་ཡིན་པས་ནི་རིང་བ་ཉིད་ཡིན་ལ། ཐབས་ཀྱིས་ནི་མི་རིང་བ་ཉིད་ཡིན་ནོ། །གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཁྱད་པར་ལ་གཉིས་ཏེ། བཤད་པ་དང༌། བསྡུ་བའོ། །དང་པོ་ལ་གཉིས་ཏེ། གཞི་ལམ་ལ་མཚན་འཛིན་གྱི་སྤང་གཉེན་དང༌། འབྲས་བུ་ལ་མཚན་འཛིན་གྱི་སྤང་གཉེན་ནོ། །དང་པོ་ལ་མི་མཐུན་ཕྱོགས་དང་གཉེན་པོའོ། །དང་པོ་ལ་མཚམས་སྦྱར་བ་ནི། དེ་ལྟར་ཉན་ཐོས་ལ་སོགས་པ་རང་གི་རྟོགས་པ་ཙམ་གྱི་ཡུམ་འབྲས་ཡུམ་ལ་རིང་བར་གྱུར་པ་ཉིད་ཀྱི་སྒྲུབ་བྱེད་དུ་བཤད་པའི་མི་མཐུན་ཕྱོགས་དང་བཅས་པ་དེ་གང་ཞེ་ན། རྩ་བ་ལ། གང་དུ། རབ་འབྱོར་གྱིས་བྱང་སེམས་ཆེན་པོ་ཆགས་པ་དང་མ་ཆགས་པ་མ་མཆིས་པར་ཡུམ་འདི་བཤད་པ་དང་མཐར་ཕྱིན་པ་ནི་ངོ་མཚར་ཆེའོ་ཞེས་པ་ལ་འཕྲོས་ནས། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ཆགས་པ་ནི་གང༌། མ་ཆགས་པ་ནི་གང་ཞེས་དྲིས་པའི་ལན་གྱི་མདོ་ཚན་གཉིས་ཆོས་ཅན། གཞི་ལམ་ལ་མཚན་འཛིན་དང་དེའི་གཉེན་པོ་བསྟན་པ་ཡིན་ཏེ། དེ་བསྟན་པར་གཟུགས་སོགས་དང་སྦྱིན་སོགས་གཉིས་ཀྱིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། གཟུགས་ལ་སོགས་པ་དུས་གསུམ་པའི་ཆོས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཀའི་ངོ་བོ་དངོས་པོར་མ་གྱུར་པ་ལ་དངོས་པོར་དམིགས་པ་ཉིད་ཀྱིས་ན་གཟུགས་སོགས་ཕུང་པོ་ལ། གཞན་གྱི་ཀུན་ནས་བཏགས་པའི་བདག་ལ་སྟོང་པ་ཉིད་དུ་བལྟ་བའི་འདུ་ཤེས་ནི་བདག་འཛིན་དེ་དག་གི་གཉེན་པོ་ཡིན་ན་ཡང་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། ཞེས་དང༌། སྦྱིན་སོགས་ལ་མཚན་མར་དམིགས་པའི་སྒོ་ནས་སྒྲུབ་པའི་འདུ་ཤེས་ནི་སེར་སྣ་སོགས་དེ་དག་གི་གཉེན་པོ་ཡིན་ན་ཡང༌། གཉེན་པོ་ཤེར་ཕྱིན་གྱི་མི་མཐུན་ཕྱོགས་ཡིན་ཏེ། གཞི་ལམ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཉིད་ཀྱིས་ན་གཉེན་པོ་དེས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་གཟུགས་བརྙན་གྱི་ཤེར་ཕྱིན་རང་གི་ངོ་བོ་མཚན་འཛིན་དུ་སྟོན་པ་ནི་མ་ཡིན་གྱི། འཛིན་སྟངས་མི་འགལ་བ་དང་མཚུངས་པར་ལྡན་པ་ཙམ་མོ། །གལ་ཏེ་དམན་པའི་རྟོགས་རིས་བྱང་སེམས་ལ་ཡར་ལྡན་དུ་སྐྱེ་བ་དེ་ཡང་དེ་ལྟར་ཡིན་ནམ་ཞེ་ན། དེ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ཚེ་དེ་ལྟར་མ་གྱུར་ཀྱང༌། དེ་མངོན་དུ་བྱས་ན་དེ་ལྟར་འགྱུར་བའི་དོགས་པ་དང་བཅས་པའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་དུ་བྱ་བའི་ཤེར་ཕྱིན་ནི་བཟློག་སྟེ་གཉེན་པོ་ཡིན་པར་བསྟན་པའི་ཕྱིར། སྦྱིན་ལ་སོགས་ལ། ཞེས་རྐང་པ་གསུམ་གསུངས་སོ། །འགྲེལ་པ་ནི། འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་བདག་མེད་པར་རྟོགས་པ་ལ་རང་གནས་ནས་གཞན་ཡང་སྦྱོར་བའི་ཤེར་ཕྱིན་ནི་ཆོས་ཅན། རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། གཞི་ལམ་ལ་ཡང་དག་པར་ཞུགས་པའི་ཕྱིར་དང༌། ཆགས་པའི་ཚོགས་ཀྱི་གནས་བཀག་པས་བླང་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤང་བྱ་དང༌། གཉེན་པོའོ། །དང་པོ་ལ་གཉིས་ཏེ། མི་མཐུན་ཕྱོགས་སུ་བསྟན་པ་དང༌། དེར་སྒྲུབ་པའོ། །དང་པོ་ནི། རབ་འབྱོར་ཆགས་པའི་མཐའ་ཕྲ་བ་ཡང་བསྟན་པར་བྱ་སྟེ། ཞེས་པའི་མདོ་ཆོས་ཅན། འབྲས་བུ་ལ་མཚན་འཛིན་བསྟན་པ་ཡིན་ཏེ། དེ་བསྟན་པར། རྒྱལ་ལ་ཞེས་པས་བཀྲལ་བའི་ཕྱིར། འགྲེལ་པ་ནི། དེ་བཞིན་གཤེགས་པ་ལ་མཚན་མར་དམིགས་ཏེ་ཕྱག་འཚལ་བ་ལ་སོགས་པ་ཡང༌། ལས་དང་པོ་པ་ལ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་སྤྱོད་པ་ཕྱིན་ཅི་ལོག་གི་གཉེན་པོ་ཡིན་མོད་ཀྱང༌། ཡེ་ཤེས་ཀྱི་ཚོགས་ལྟ་བུའི་རྣམ་པ་ཐམས་ཅད་དུ་གཉེན་པོ་མ་ཡིན་པས་ན་ཡང་དག་པའི་ཤེར་ཕྱིན་གྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་སོ། །གཉིས་པ་ལ་དྲི་བ་ནི། ཡང་ཇི་ལྟར་ཞེས་སོགས་ཏེ། རབ་འབྱོར་ལ་ཆོས་ཐམས་ཅད་ཟབ་པ་དང་རྟོགས་དཀའ་བ་དང་བསམ་གྱིས་མི་ཁྱབ་པར་སྟོན་པའི་མདོ་གསུམ་ཆོས་ཅན། ཆགས་པ་ཕྲ་མོ་མི་མཐུན་པའི་ཕྱོགས་སུ་བསྟན་པ་ཡིན་ཏེ། དེ་ལྟར་སྒྲས་ཟིན་ལ་བསྟན་པ་ལྟར་རྗེ་བཙུན་གྱིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། དེ་བཞིན་གཤེགས་པ་ལ་མཚན་མར་དམིགས་པ་ཡང་མི་མཐུན་པའི་ཕྱོགས་ཡིན་ཏེ། གང་གི་ཕྱིར་སོགས་སོ། །ཡང་ཇི་ལྟར་ཟབ་ཅེ་ན། མཐོང་བ་ཞེས་སོགས་ཏེ། ཆོས་རྣམས་ཐམས་ཅད་ཀྱི་གནས་ཚུལ་ཟབ་པ་ཡིན་ཏེ། ཡེ་ཤེས་ཀྱི་ཟླས་ཕྱེ་བའི་རྣམ་པར་ཤེས་པ་ཐམས་ཅད་ཀྱིས་དམིགས་པའི་དོན་བསལ་བས་ན་རྟོགས་པར་དཀའ་བ་ཉིད་དུ་མདོ་ལས་བཤད་པ་དེའི་ཕྱིར། ཡང་རྟོགས་པར་དཀའ་བ་ཅི་ཞེ་ན། གཟུགས་ལ་སོགས་པ་རྩ་འགྲེལ་ཏེ། ཆོས་རྣམས་ཀྱི་གནས་ཚུལ་དེ་ནི་རྟོགས་པར་དཀའ་བ་ཡིན་ཏེ། གང་གི་ཕྱིར་ན་གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ་གཟུགས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་རང་བཞིན་གང་དུ་ཡང་མི་ཤེས་པས་བསམ་བྱུང་གི་རིགས་པའི་ཡུལ་ལས་འདས་པ་ཉིད་དུ་འདོད་པའི་ཕྱིར། འདི་དག་ཏུ་རིགས་པས་དཔྱད་པའི་ཚེ་མ་དམིགས་པ་དང༌། སྒོམ་བྱུང་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་འགལ་བར་མི་སེམས་ཏེ། ཉམས་སུ་མྱོང་བྱ་དེ་རྟོག་པའི་ཡུལ་ལས་འདས་པའི་ཕྱིར། འོ་ན་བསམ་བྱུང་དགོས་པ་མེད་དེ། དེས་གང་བསམས་པ་དེ་སྒོམ་པས་མི་ཤེས་པའི་ཕྱིར་ཞེ་ན་མ་ཡིན་ཏེ། རྟོག་པ་འགོག་དགོས་པའི་ཕྱིར། གཉིས་པ་གཉེན་པོ་ནི། འོ་ན་ཆགས་པ་ཕྲ་མོ་ཇི་ལྟར་སྤང་ཞེ་ན། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་གཅིག་པར་ཡོངས་སུ་ཤེས་པ་སྟེ། གཉིས་མེད་ཀྱི་ཡེ་ཤེས་ཉམས་སུ་མྱོང་བའི་བར་ཆད་མེད་ལམ་ནི་ཆགས་པ་ཕྲ་མོ་སྤོང་བའི་གཉེན་པོ་ཡིན་ཏེ། དེས་སྤོང་བར་མི་ནུས་པའི་མཚན་འཛིན་གྱི་ས་བོན་མ་གྲུབ་པའི་ཕྱིར། མཉམ་པ་ཉིད་དེ་ཇི་ལྟ་བུ་ཞེ་ན། འདི་ལྟར་གཟུགས་ལ་སོགས་པའི་ཤེས་བྱ་དང་ཤེས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བའི་ཚུལ་དུ་རང་བཞིན་གཅིག་པ་ཁོ་ན་སྟེ། རིགས་པས་གཏན་ལ་འབེབས་པའི་ཚེ་རང་རང་གིས་མི་སྟོང་བའི་ཆོས་གང་ཡང་ལྷག་མར་ལུས་པ་མེད་པའི་ཕྱིར། དོན་བསྡུ་བ་ན། དེ་ལྟར་སོགས་རྩ་འགྲེལ་ཏེ། སྐབས་གསུམ་པ་ལོགས་སུ་བསྟན་པའི་དགོས་པ་ནི་དེ་ཡིན་ནོ། །གཉིས་པ་འཇུག་པ་སྦྱོར་བ་ལ། སྦྱོར་བའི་དབྱེ་བ་དང༌། རྣམ་པའི་ཁྱད་པར་གཉིས་ལས། དང་པོ་ལ་མཚམས་སྦྱར་བ་ནི། དེ་ལྟར་སོགས་ནས་ཡང་དག་པའི་ཤེར་ཕྱིན་དེ་དག་རྣམ་པར་སྒོམ་པའི་སྦྱོར་བ་གང་ཡིན་ཞེ་ན། སྦྱོར་བའི་ལམ་ནི་ཞེས་པའོ། །འདི་ཡང་ལམ་བཞིའི་ཟླས་ཕྱེ་བ་ཡིན་གྱི། ངེས་འབྱེད་ཆ་མཐུན་ཁོ་ནར་མ་ངེས་སོ། །རྩ་བ་ནི། དེ་ནས་རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོས་ཡུམ་ལ་ཇི་ལྟར་སྤྱད་པར་བགྱི། བཀའ་སྩལ་པ། གཟུགས་ལ་མི་སྤྱོད་ན་ཡུམ་ལ་སྤྱོད་དོ་ཞེས་པའི་མདོ་ཚན་བཅུ་ཆོས་ཅན། སྦྱོར་བའི་དབྱེ་བ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གཉིས་ཏེ། ཡང་དག་པའི་ཤེར་ཕྱིན་ལ་འཇུག་པ་རྗེས་འགྲོའི་སྒོ་ནས་བསྟན་པ་དང༌། རིང་བའི་ཤེར་ཕྱིན་ལ་འཇུག་པའི་སྦྱོར་བ་ལྡོག་པའི་སྒོ་ནས་བསྟན་པའོ། །དང་པོ་ནི། གཟུགས་སོགས་ཡུལ་བཅུ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའི་སྒོ་ནས། སྤྲོས་བྲལ་གྱི་རྣམ་པས་སྦྱོར་བའི་ཉེར་བསྡོགས་ཀྱི་ལམ་ནི་ཆོས་ཅན། བཅུར་ཕྱེ་བ་ཡིན་ཏེ། མདོ་ལས་གཟུགས་སོགས་ཡུལ་བཅུའི་དབྱེ་བས་དེ་ལྟར་ཕྱེ་བའི་ཕྱིར། འདི་ནི་དཔེར་ན། ངེས་འབྱེད་ཆ་མཐུན་གྱི་དུས་སུ་ཐེག་པ་གསུམ་ཆར་གྱི་རྟོགས་རིས་ཚང་བའི་ནང་ནས་བྱང་སེམས་ཀྱི་རྟོགས་རིས་དེ་མཐོང་ལམ་ན་ཡོད་པའི་ཡང་དག་པའི་ཤེར་ཕྱིན་ལ་འཇུག་པའི་སྦྱོར་བ་དང༌། སྒོམ་ལམ་བར་ཆད་མེད་ལམ་དགུ་ལ་འཇུག་པའི་ཚེ་སྦྱོར་བ་སེང་གེ་རྣམ་བསྒྱིང་གིས་དབྱེ་བ་རྣམ་པར་བཤད་པ་ལྟ་བུའོ། །བཅུ་པོ་གང་ཞེ་ན། གཉིས་ལས། རང་བཞིན་གྱི་སྦྱོར་བ་བཞི་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་བསལ་བའི་སྒོ་ནས་ཞེན་སྤྱོད་བཀག་པའི་སྦྱོར་བ་དང༌། ཞེས་ཀུན་ལ་སྦྱར་ནས་གཟུགས་སོགས་དེ་དག་ཉིད་ཀྱི་ཁྱད་པར་རྟག་མི་རྟག་ལ་དང༌། སྟོང་པ་ཉིད་ལ་སོགས་པ་དང༌། གཟུགས་སོགས་ཐམས་ཅད་ལ་སོ་སོར་རྫོགས་མ་རྫོགས་སུ་ཕྱེ་བ་དེ་ལ་དང༌། གཟུགས་སོགས་ལ་ཆགས་པ་མེད་པ་ཉིད་ལ་ཞེན་སྤྱོད་བཀག་པའི་རྣལ་འབྱོར་དང༌། གནས་སྐབས་ཀྱི་སྦྱོར་བ་བཅུ་ནི་གཟུགས་སོགས་བསྟོད་སྨད་སོགས་ཀྱིས་གཞན་དུ་མི་འགྱུར་བ་དང༌། གཟུགས་སོགས་ལ་གཞན་གྱི་བཏགས་པའི་བྱེད་པ་པོ་མེད་པ་ཉིད་ལ་དང༌། བྱ་དཀའ་གསུམ་ལ་དང༌། གསུམ་པོ་ནི་རྣམ་མཁྱེན་གྱི་བདག་ཉིད་ཆེད་དུ་བྱ་བ་བྱ་དཀའ་བ་དང༌། ལམ་ཤེས་ཀྱི་བདག་ཉིད་སྦྱོར་བ་བྱ་དཀའ་བ་དང༌། གཞི་ཤེས་ཀྱི་བདག་ཉིད་བྱེད་པ་བྱ་དཀའ་བ་རྣམས་སོ། །རྣལ་འབྱོར་བཞི་པ་ནི། སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པས་ན་འབྲས་བུས་མི་སྟོང་བ་ལ་དང༌། སྲུང་བྱེད་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་དང༌། སྣང་བ་རྣམ་བདུན་ལ་བསྡུ་བའི་ཡོངས་སུ་ཤེས་པ་བསལ་བའི་སྒོ་ནས་སྤྱོད་པ་བཀག་པའི་སྦྱོར་བ་རྣམས་སོ། །བདུན་པོ་གང་ཞེ་ན། མདོ་ལས། རྨི་ལམ་གྱི་སྒྲས་བསྟན་པ་བག་ཆགས་ཡོངས་སུ་འགྱུར་བའི་སྣང་བ་དང༌། སྒྱུ་མའི་སྒྲས་བསྟན་པ་རྒྱུ་རྐྱེན་མཉམ་དུ་ཚོགས་པ་དང༌། སྨིག་རྒྱུའི་སྒྲས་བསྟན་པ་དེར་སྣང་ཡང་དེ་དང་འགལ་བ་དང༌། བྲག་ཆའི་སྒྲས་བསྟན་པ་རྐྱེན་ལ་རག་ལས་པ་དང༌། ཆུ་ཟླའི་སྒྲས་བསྟན་པ་མ་འཕོས་པ་དང༌། དྲི་ཟའི་གྲོང་ཁྱེར་གྱི་སྒྲས་བསྟན་པ་རྟེན་མེད་པ་དང༌། སྤྲུལ་པའི་སྒྲས་བསྟན་པ་བྱེད་པོར་སྣང་ཡང་བྱེད་པ་པོ་མ་ཡིན་པ་རྣམས་སོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་བཅུ་པ་དེ་དང་དེ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་རྣམས་པ་བཅུ་མདོ་དང་བསྟན་བཅོས་གཉིས་སུ་རྗེས་འགྲོའི་སྒོ་ནས་བསྟན་པ་དེའི་ཤུགས་ཀྱིས་ནི་ཉན་ཐོས་ལ་སོགས་པའི་ཤེར་ཕྱིན་གྱི་མིང་ཅན་དེ་ལ་འཇུག་པའི་སྦྱོར་བ་ནི་ཇི་སྐད་བཤད་པ་ལས་བཟློག་སྟེ། སུམ་ཅུ་པོ་དེ་ལ་མངོན་པར་ཞེན་པ་དང་བཅས་པའི་སྦྱོར་བ་ཡིན་ནོ། །འདིར་བསྟན་པའི་ཡུལ་རྫོགས་མ་རྫོགས་གཉིས་སུ་ནི་གཞན་དབང་མ་འདུས་པ་མ་ཡིན་ཏེ། གཞན་དབང་ལ་ཆ་ཤས་སུ་ཕྱེ་བའི་གཟུང་འཛིན་གཉིས་སུ་སྣང་བ་ནི་ཀུན་བརྟགས་དང༌། གསལ་རིག་གི་ཆ་ནི་ཡོངས་གྲུབ་ཏུ་འདུ་བས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ལ་རྫོགས་མ་རྫོགས་གཉིས་སུ་ཡུམ་གྱི་མདོ་ལས་ཕྱེ་བ་དེའི་ཚེ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྣང་བ་ནི་མ་རྫོགས་པ་དང༌། སྣང་ཆ་དེས་སྟོང་པའི་གསལ་རིག་ནི་རྫོགས་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ནི་ཀུན་བརྟགས་པའི་གཟུགས་ལྟ་ཅི། རྣམ་པར་བརྟགས་པའི་རྣམ་མཁྱེན་གྱི་བར་དུ་ཡང་སྣང་བ་མེད་དེ། འདི་ནི་རྣམ་རིག་དབུ་མའི་ལུགས་ཏེ། སེམས་ཙམ་པས་ནི་གང་དང་གང་དུ་སྣང་བ་ཐམས་ཅད་སྣང་མཁན་གྱི་སེམས་ལས་ལོགས་ན་མེད་ཅིང༌། སེམས་དེ་སྣང་བ་ལྟར་གྱི་དོན་དེས་སྟོང་བ་ནི་སྣང་བའི་ཆ་ནས་གཞན་གྱི་དབང་དང་དེ་བདེན་པར་གྲུབ་ཅིང༌། སྟོང་རིག་གི་ཆ་ནས་དོན་དམ་པའོ། །གཉིས་པ་རྣམ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། མཉམ་པ་ཉིད་ཀྱི་སྒོ་ནས་སོགས་སོ། །རྩ་བ་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་དང༌། གཟུགས་ལ་དང༌། གཟུགས་བདག་གི་ཞེས་དེར་མི་བྱེད་པའི་ཚུལ་ཐམས་ཅད་ལ་སྦྱར་ནས་གསུངས་པ་ཆོས་ཅན། སྦྱོར་བ་འདིའི་མཉམ་ཉིད་ངོས་བཟུང་བ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི་གཞུང་ཇི་ལྟ་བ་བཞིན་ཏེ། རློམ་པ་བཞི་ནི། གཟུགས་སོགས་ཀྱི་ངོ་བོ་དང༌། མཚན་མ་དང༌། སོ་སོའི་དབྱེ་བ་དང༌། ཡུལ་ཅན་རྟོགས་པའི་རློམ་པ་བཞི་འགོག་པ་སྟེ། མདོ་ཚིག་བཞི་པོ་སོ་སོའི་དོན་ནོ། །གསུམ་པ་ལ་གཉིས་ཏེ། དངོས་བསྟན་གྱི་མཐོང་ལམ་སྤྲོས་བྲལ་དུ་བསྟན། ཤུགས་བསྟན་གྱི་མཐོང་ལམ་སྤྲོས་བཅས་སུ་མཚོན་ཚུལ་ཁ་བསྐང་བའོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། སྦྱོར་བའི་ཞེས་སོགས་དང༌། རྩ་བ་ལ་དེའི་ཚེ་ལྷ་རྣམས་ཀྱི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཡི་གེ་འདི་ཉིད་དང༌། མིང་འདི་ཉིད་ཀྱིས་དང༌། ཞུ་བ་པོ་རབ་འབྱོར་དང༌། བརྒྱ་བྱིན་གྱིས་ཞུས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་མཐོང་བར་གྱུར་ཏོ། །ཞེས་པའི་མདོ་འདི་ཆོས་ཅན། སྐབས་གསུམ་པའི་མཐོང་ལམ་མདོར་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི་གཞུང་བཞིན་ཏེ། སྐབས་གཉིས་པར་བསྟན་པ་ལས་དབྱེ་བའི་ཕྱིར་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཞེས་སྨོས། བཤད་པ་ལ་རྩ་བ་ནི། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བྱམས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཞེས་བྱ་བར་ཆོས་སྟོན་པར་འགྱུར་རོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། སྐབས་གསུམ་པའི་དངོས་བསྟན་གྱི་མཐོང་ལམ་རྒྱས་པར་བཤད་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ། འཕགས་པས་འདིར་བསྟན་གྱི་རྣམ་པ་བཅུ་དྲུག་པོ་ཤེས་བཟོད་བཅུ་དྲུག་དང་སྦྱོར་བ་ལྟ་བུར་བཤད་ཀྱང་འདིར་བསྟན་གྱི་སྒྲོ་འདོགས་སོ་གཉིས་པོ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ནི་བཟོད་པ་བཞི་པོ་དང་སྦྱོར་བ་ཉིད་གོང་འོག་ཀུན་དང་འགྲིག་ཅིང༌། ཆོས་བཟོད་ཁོ་ན་ལ་སྐད་ཅིག་བཅུ་དྲུག་ཏུ་ཕྱེ་ན་ཡང༌། འདིར་བསྟན་བཅུ་དྲུག་པོ་ཐམས་ཅད་བར་ཆད་མེད་ལམ་དུ་ཐལ་བས་ན་འདི་ལྟར་འཆད་དེ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་ཀྱི་སྤོང་གཉེན་ཡིན་ཏེ། གཟུགས་སོགས་རྟག་མི་རྟག་གི་སྤྲོས་བྲལ་དང༌། རྟག་ཆད་ཀྱི་མཐའ་བྲལ་དང༌། སྟོང་མི་སྟོང་དང༌། བདག་ཡོད་མེད་ཀྱི་མཐའ་བྲལ་ལ་གཙོ་བོར་གསལ་ལ་ངེས་པ་འདྲེན་ནུས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ངོ་བོ་ཉིད་མེད་པའི་ཕྱིར། ཞེས་པ་ནས་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དག་ཡིན་ནོ། །ཞེས་པའི་བར་རོ། །ཀུན་འབྱུང་ལ་ཆོས་བཟོད་ཆོས་ཅན། ཀུན་འབྱུང་བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཞེས་དང༌། འགོག་པ་ལ་ཆོས་བཟོད་ཆོས་ཅན། འགོག་བདེན་གྱི་ཆོས་ཉིད་ཅེས་དང༌། ལམ་ལ་ཆོས་བཟོད་ཆོས་ཅན། ལམ་བདེན་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་ཞེས་སོགས་སྦྱར་ནས་རྒྱུ་ཡིན་མིན་གྱི་སྤྲོས་བྲལ་དང༌། ཀུན་འབྱུང་ཡིན་མིན་དང༌། རབ་སྐྱེ་ཡིན་མིན་དང༌། རྐྱེན་ཡིན་མིན་གྱི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་པ་ཡིན་པའི་ཕྱིར་དང༌། འགོག་པ་ཡིན་མིན་དང༌། ཞི་བ་ཡིན་མིན་དང༌། གྱ་ནོམ་ཡིན་མིན་དང༌། ངེས་འབྱུང་ཡིན་མིན་གྱི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཡིན་པའི་ཕྱིར་དང༌། ལམ་ཡིན་མིན་དང༌། རིགས་པ་ཡིན་མིན་དང༌། སྒྲུབ་པ་ཡིན་མིན་དང༌། ངེས་འབྱིན་ཡིན་མིན་གྱི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་ནུས་ཡིན་པའི་ཕྱིར། ཞེས་བདེན་པ་སོ་སོ་ལ་སྦྱར་རོ། །རྗེས་བཟོད་བཞི་པོ་ནི། བདེན་པ་སོ་སོའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་གཉེན་པོར་མི་འཇོག་ཀྱང༌། བདེན་པ་སོ་སོའི་མཐོང་སྤང་སྤོང་བྱེད་ཀྱི་གཉེན་པོར་བཞག་སྟེ། ཡེ་ཤེས་སྔ་མ་ཉིད་འཕགས་པའི་ཆོས་ཀྱི་རྒྱུ་མིན་དུ་རྟོག་པ་སེལ་དགོས་པའི་ཕྱིར། འོ་ན་སྤྲོས་པ་དེ་རྣམས་གནས་ཚུལ་ལ་མེད་པའི་རྒྱུ་མཚན་ཅི་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར། ཞེས་སོགས་གཞུང་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དོན་བསྡུ་བ་ནི། དེ་ལྟ་བུའི་རྣམ་པ་ཅན་གྱི་ཞེས་སོགས་ཏེ། འདིར་བཟོད་པ་བཞིའི་བྱེད་ལས་དངོས་སུ་བསྟན་པས་དེའི་རྣམ་གྲོལ་ལམ་སྟོན་པ་པོ་མཚོན་པར་ནུས་ཤིང༌། དེ་ནས་དེའི་ཁྱད་པར་གྱི་ལམ་བརྒྱད་པོ་ཡང་ཤུགས་ཀྱིས་གོ་བས་ན་སྐབས་གསུམ་པར་ཤེས་བཟོད་སྐད་ཅིག་བཅུ་དྲུག་པོ་ཚང་བར་བསྟན་ཞེས་འཆད་པ་ལ་འགལ་བ་མེད་དོ། །ཡང་སྤྲོས་བྲལ་གྱི་རྣམ་པ་བཅུ་དྲུག་དང༌། བཟོད་ཤེས་བཅུ་དྲུག་སོ་སོར་སྦྱོར་བ་ཉིད་གཞུང་འགྲེལ་གྱི་དགོངས་པར་འཆད་ན་སྤྲོས་བྲལ་བཅུ་དྲུག་ངེས་པའི་ངེས་ཤེས་བཅུ་དྲུག་པོ་རྗེས་ཐོབ་ཏུ་མཉམ་གཞག་བཅུ་དྲུག་པོའི་སྐྱེ་ཚུལ་དང་མཐུན་པར་སྐྱེ་བ་དེའི་ཚེ། འབྲས་བུ་ངེས་ཤེས་བཅུ་དྲུག་པོ་ལ་རྒྱུ་མཉམ་གཞག་བཅུ་དྲུག་གི་མིང་གིས་བཏགས་པ་ཡིན་ཞེས་པ་དེ་ལས་གཞན་དུ་བཤད་པ་ནི་མི་ནུས་སོ། །གཉིས་པ་ནི། ཉན་ཐོས་རྣམས་ཀྱི་ནི་ཞེས་སོགས་ཏེ། འདིར་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ཡེ་ཤེས་དེའི་ཆ་ནས་གཞི་ཤེས་སུ་འཇོག་དགོས་ཤིང༌། དེ་འདྲའི་རྣམ་པ་ཅན་དེ་ནི་བྱང་སེམས་འཕགས་པས་འདའ་བར་བྱ་བ་ཡིན་གྱི། མངོན་སུམ་དུ་བྱ་བ་མ་ཡིན་པ་དང༌། རིང་བའི་ཤེར་ཕྱིན་ལ་ལྟོས་པའི་སྦྱོར་མཐོང་སྒོམ་གསུམ་ཀ་དེ་ལྟ་བུའི་རྣམ་པ་ཅན་དུ་འཆད་པ་ཉིད་ཡིན་པ་དེའི་ཕྱིར། འདིར་སྔ་རབས་པ་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དང༌། ཉེ་བའི་དང༌། གཉེན་པོའི་ཞེས་འཆད་པ་ནི་ཧ་ཅང་ལེགས་པ་མ་ཡིན་ནོ། །གལ་ཏེ་གཞི་ཤེས་ཀྱི་སྒྲ་འདའ་བྱའི་ལམ་ཁོ་ན་ལ་འཆད་པ་དེ་ལྟར་ན། བྱང་སེམས་དང་སངས་རྒྱས་ལ་ཐམས་ཅད་ཤེས་པ་ཉིད་ཡོད་པར་འཆད་པ་ཇི་ལྟར་མི་འགལ་ཞེ་ན། དེ་ནི་མི་རྟག་ལ་སོགས་ཀྱི་རྣམ་པ་ཅན་གྱི་ཆ་ནས་འཆད་པ་མ་ཡིན་གྱི། བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དེས་རྟག་སོགས་བཅུ་དྲུག་གི་སྒྲོ་འདོགས་བསལ་བའི་ཆ་ནས་གཞི་སྐྱེ་མེད་དང༌། གང་ཟག་གི་བདག་མེད་རྟོགས་ཞེས་བྱ་བ་ཡིན་གྱི། ཉན་ཐོས་སོགས་ཀྱི་རྟོགས་རིས་སུ་འཇོག་པ་མ་ཡིན་པས་ན་སྐབས་གསུམ་པར་བསྟན་པའི་གཞི་ཤེས་སུ་ནི་མི་འཆད་དོ། །བཞི་པ་ནི་ཉི་སྣང་ལས། ཡང་ཅི་ལམ་ཤེས་པ་ཉིད་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ལ་སྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཞེས་དྲི་བ་བཀོད་པ་དེའི་དོན་ནི་སྐབས་དེ་དང་དེར་སྤྱིར་སྒོམ་ལམ་བསྟན་མ་བསྟན་ཙམ་དུ་དོགས་པ་མ་ཡིན་གྱི། སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་ལམ་བསྟན་པ་བཞིན་དུ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་དེའི་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་ལམ་དེ་མི་སྟོན་པ་ཅི་ཞེ་ན། སྐབས་གསུམ་པ་འདིར་ཆོས་ཅན། དེ་འདྲའི་སྒོམ་ལམ་ནི་མ་བསྟན་ཏེ། ཉན་ཐོས་དང་རང་རྒྱལ་གྱི་ལམ་ནི་བྱང་ཆུབ་སེམས་དཔས་གཞན་དོན་དུ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་པས་སོ། །སྐབས་འདིར་ཉི་སྣང་དུ་ཐེག་ཆེན་མཐོང་ལམ་དུ་ཉན་རང་གི་སྤངས་རྟོགས་རྫོགས་པའི་ཤེས་བྱེད་དུ། ལམ་གཞན་ཁྱད་པར་ཡོད་པ་ཡིན་ན་རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པའི་ཕྱིར། ཞེས་པ་གཅིག་དང༌། བྱང་སེམས་ཆེན་པོའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པས་དེ་སྐད་དུ་བརྗོད་ཀྱི། རེ་ཤིག་རྟོགས་པའི་ཚད་ནི་འདི་ཙམ་མ་ཡིན་ནོ། །ཞེས་གསུངས། ལུང་སྔ་མ་དེའི་དོན་ནི། བྱང་ཆུབ་སེམས་དཔས་གཞན་རྗེས་སུ་འཛིན་པའི་ཡན་ལག་ཏུ་གཞི་ཤེས་ཀྱི་རྟོགས་རིས་མཐོང་ལམ་དུ་མཐོང་བ་ཙམ་གྱིས་ཆོག་གི སྒོམ་ལམ་གྱིས་གོམས་པར་བྱེད་མི་དགོས་ཏེ། ཐེག་དམན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་མིང་ཅན་འཁོར་བར་འཆིང་བྱེད་ཀྱི་སྒྲིབ་པའི་ས་བོན་མ་ལུས་པ་སྤོང་ནུས་པའི་རྟོགས་པ་དང༌། དེ་སྤངས་པའི་རྣམ་གྲོལ་ལམ་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ནི་བྱང་སེམས་ཀྱི་སྡུག་བསྔལ་ཆོས་བཟོད་དུ་རྫོགས་པར་ཐོབ་པའི་ཕྱིར། དེའི་ཤེས་བྱེད་ཉན་ཐོས་ཀྱི་ནི་བཟོད་པ་བརྒྱད་དང་སྒོམ་ལམ་དགུའི་གཉེན་པོས་སྤང་དགོས་པ་རྣམས་བྱང་སེམས་ཀྱི་སྡུག་བསྔལ་ཆོས་བཟོད་གཅིག་པུས་སྤོང་ནུས་པ་ནི། ལམ་གཞན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཁྱད་པར་དུ་ཡོད་པ་དང༌། རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པའི་ཕྱིར་ཞེས་པའི་དོན་དང༌། ལུང་ཕྱི་མའི་དོན་ནི་དོན་དེ་ལ་བསམས་ནས་དེ་ལྟར་བཤད་ཀྱི། ཉན་རང་གི་དགྲ་བཅོམ་སོགས་ལ་ཡོད་པའི་མཐོང་ཆོས་ལ་བདེ་བར་གནས་པའི་ཡོན་ཏན་ཅན་དང་མངོན་ཤེས་རྣམ་པ་ཐར་པ་བརྒྱད་སོགས་རྟོགས་པའི་ཚད་ཇི་སྙེད་པ་འདི་ཙམ་དུ་མ་ངེས་ཞེས་པ་དང༌། ཉན་རང་དགྲ་བཅོམ་པས་ནི་འདོད་སྲིད་ཀྱི་བག་ལ་ཉལ་སྤངས་ལ། དམན་ལམ་སྔོན་དུ་མ་སོང་བའི་ཆོས་བཟོད་ཀྱིས་ནི་དེ་མ་སྤངས་ཤིང༌། ཆེད་དུ་གཉེར་ནས་སྤོང་བ་ཡང་མ་ཡིན་པས་ན་མི་མཐུན་ཕྱོགས་སྤོང་བའི་ལམ་གྱི་ཚད་ཀྱང་དེ་ཙམ་མ་ཡིན་ཞེས་པའོ། །འོ་ན་ཆོས་བཟོད་དུ་སྤངས་པ་དང་རྟོགས་པ་གཉིས་ཀ་མ་རྫོགས་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ། འདོད་སྲིད་ཀྱི་བག་ལ་ཉལ་ཉན་རང་གི་རྒྱུད་ལ་ཡོད་པའི་ཚེ་ཉེས་པ་གང་བསྐྱེད་པའི་ཚེ་དེ་ནི་ཐེག་ཆེན་གྱི་ཆོས་བཟོད་དུ་སྤངས་ལ། དེ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཚེ་ཡོན་ཏན་གང་སྐྱེས་པ་དེ་ནི་ཉན་རང་དགྲ་བཅོམ་པས་སྤངས་པ་མ་ཡིན་པའི་ཕྱིར་ཏེ། སྔ་མའི་ཚེ་སྐྱོན་ནི་འཁོར་བར་འཆིང་བྱེད་ཡིན་ལ། ཕྱི་མའི་ཚེ་ཡོན་ཏན་ནི་བསོད་ནམས་ཀྱི་ཚོགས་རྫོགས་བྱེད་ཡིན་པའི་ཕྱིར། ལུང་ཕྱི་མས་དེར་དེའི་སྤངས་རྟོགས་མ་རྫོགས་པར་བསྟན་ཟེར་བ་ལྟར་ན། འདིར་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་དུ་འགལ་བ་དང་དོན་དེ་ལ་གནོད་བྱེད་དུ་སོང་བ་ཡིན་ནོ། །གསུམ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་རྒྱས་པར་བསྟན་པས་སྐབས་གསུམ་པོ་དེའི་མཇུག་དུའི་མདོ་ཚན་གསུངས་པ་དེའི་དོན་འཆད་པ་ནི་ཞེས་པའོ། །རྩ་བ་ནི། ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འཕྲོག་པར་བྱེད་པ་མ་ཡིན་ཞེས་དང༌། ཡུམ་འདི་ནི་འདོད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན། གནས་པར་བྱེད་པ་མ་ཡིན། ཞེས་དང༌། ཡུམ་འདི་ནི་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན། རྣམ་པར་བྱང་བར་བྱེད་པ་མ་ཡིན། ཞེས་སོགས་ཀྱི་མདོ་ཚན་གསུམ་ཆོས་ཅན། ལེའུ་གསུམ་གྱི་མཇུག་བསྡུད་མཛད་པ་ཡིན་ཏེ། ལེའུ་གསུམ་གྱིས་སོ་སོར་མཁྱེན་གསུམ་བསྟན་ཞེས་འཆད་པའི་མདོ་ཚིག་ཡིན་པའི་ཕྱིར། འགྲེལ་པ་ནི། དེ་ལྟར་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །འདིར་སྨྲས་པ། གཞི་ལམ་རྣམ་གསུམ་སྐྱེ་མེད་རྟོགས་པ་ཡི། །མཁྱེན་གསུམ་ཙམ་ཞིག་སྐབས་གསུམ་སོ་སོ་ཡི། །བསྟན་བྱར་བཤད་ཚེ་གཞུང་དོན་འཁྲུལ་མཐོང་ནས། །སྤྱི་དང་ཁྱད་པར་ཕྱེ་ནས་བཤད་འདི་ཡིན། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ།། །།ཐོས་བསམ་བློ་ཡིས་སྐྱེ་མེད་རྣམ་གསུམ་པོ། །རིགས་པར་མཁྱེན་ནས་ཚུལ་བཞིན་སྒོམ་པ་ལ། །རྣལ་འབྱོར་རྣམ་བཞིའི་གོ་རིམ་ངེས་མཛད་པའི། །མདོ་དང་རྒྱན་གྱི་གཞུང་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི་བཤད་པ་ལ་གཉིས་ཏེ། མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་བཤད་པ་དང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་གཉིས་ཏེ། དབང་ཐོབ་ཕྱིར་དུ་སྒོམ་པ་རྣམ་ཀུན་གྱི་སྦྱོར་བ་དང༌། དབང་ཐོབ་པའི་ཚུལ་གྱིས་སྒོམ་པ་རྩེ་མོའི་སྦྱོར་བ་བཤད་པའོ། །དང་པོ་ལ་གསུམ་ལས། འབྲེལ་དགོད་པས་མཚམས་སྦྱར་བ་ནི། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་པའི་འོག་ཏུ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་འཆད་དེ། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་ནས་དེ་ལྟར་ཤེས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་བྱུང་གི་བློས་སྒོམ་པར་བྱེད་དགོས་པའི་ཕྱིར། ཇི་ལྟར་སྒོམ་ན། སྔར་ཐམས་ཅད་མཁྱེན་པ་ཉིད་གསུམ་ཐོས་བསམ་གྱིས་ཡོངས་སུ་ཤེས་པ་ནི་ཡང་རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་དང༌། ལམ་ཐམས་ཅད་དང་གཞི་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་རྣམ་པ་ཉིད་དུ་བསྡུ་བའི་སྒོ་ནས་སོ། །དགོས་པ་ནི་དབང་དུ་བྱ་བའི་ཕྱིར་དུའོ། །འདིར་བསྡུ་ཞེས་པ་བཤད་པ་རྒྱས་བསྡུས་ལ་ཟེར་བ་མ་ཡིན་གྱི། ཐོས་བསམ་གྱི་ཡུལ་དུ་བཞག་པའི་སྐྱེ་མེད་གསུམ་པོ་དེ་ཡུལ་ཅན་སྒོམ་བྱུང་གི་ཤེས་པའི་འཛིན་སྟངས་ཅན་དུ་བསྡུད་པའོ། །འདིར་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་ཞེས་པ། མཁྱེན་གསུམ་ཙམ་པོ་ལ་བྱ་བ་ཡིན་གྱི། སྐབས་གསུམ་པོའི་བསྟན་བྱར་གྱུར་པ་ལ་བཤད་ན། གཞི་ཤེས་ཀྱི་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་དང་འགལ་ལོ། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐེག་ཆེན་གྱི་སྦྱོར་བ་ཙམ་གྱི་རྣམ་གཞག་གཏན་ལ་དབབ་པ་དང༌། སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་སྦྱོར་བ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་བཞི་སྟེ། བསྒོམ་བྱ་རྣམ་པ། སྒོམ་པ་པོའི་གང་ཟག དེས་དེ་བསྒོམ་པའི་རྣལ་འབྱོར། སྦྱོར་བ་དེའི་སྔོན་འགྲོའི་ཆོས་རྣམས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ལ་གཉིས་ལས་རྩ་བ་ནི། རྐང་པ་དང་པོ་གཉིས་ཀྱི་ངོ་བོ་དང༌། ཕྱི་མ་གཉིས་ཀྱིས་དབྱེ་བ་མདོར་བསྟན་ནོ། །འགྲེལ་པ་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། མདོ་དང་རྒྱན་ལས་རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་བསྒོམ་བྱ་རྣམ་པའི་མཚན་ཉིད་དོ། །དེ་གང་ཞེ་ན། ཁྱད་པར་གྱི་གཞི་བདེན་པ་སོ་སོའི་ཆོས་མི་རྟག་པ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་སོ། །དེ་འདྲ་དེ་ཆོས་ཅན། འདིར་བསྒོམ་བྱའི་རྣམ་པ་ཡིན་ཏེ། གཞི་སོ་སོའི་སྟེང་དུ་རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། བསྒོམ་བྱའི་རྣམ་པ་དེ་དག་ཀྱང་ཞེས་སོགས་ཏེ། ཁོ་ནའི་སྒྲས་རྩ་བའི་དབྱེ་བ་གསུམ་ལས་གཞན་མི་དགོས་པར་བསྟན་ཏོ། །འདིར་མཁྱེན་པ་གསུམ་དང་དེའི་ཤེས་རྣམ་གྱི་ཁྱད་པར་ཅི་ཞེ་ན། སྐབས་འདིར་ནི་གསུམ་པོའི་འཇོག་ཚུལ་སྤྱིར་གཉིས་བཤད་པ་ལས། ཙམ་པོའི་དབང་དུ་བྱས་པ་སྟེ། སྐྱེ་མེད་རྣམ་པ་གསུམ་ཤེས་པའོ། །དེ་ཡང་སྒོམ་བྱུང་གི་དབང་དུ་བྱས་ཤིང༌། ས་མཚམས་ངེས་ཆ་ནས་སངས་རྒྱས་ཀྱི་སའི་བར་དུའོ། །ཤེས་རྣམ་ནི་གསུམ་པོ་དེའི་འཛིན་སྟངས་ཀྱི་བྱེ་བྲག ཁྱད་གཞིའི་སྟེང་གི་ཁྱད་ཆོས་སོ་སོར་རྟོགས་པའི་ཁྱད་པར་རོ། །གཞི་ནི་སྤྱིར་བདེན་པ་བཞི་དང༌། རྣམ་མཁྱེན་གྱི་སྐབས་སུ་ལམ་གྱི་བདེན་པ་སྟེ། རྩ་འགྲེལ་ལས་དངོས་སུ་གསལ་བ་དེའོ། །ཁྱད་པར་རྟོགས་ཚུལ་ནི། ཆོས་མངོན་པ་ལས་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་དང༌། ཤེར་ཕྱིན་ལས་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་གསུངས་པ་ལས། ཉན་རང་གི་རྒྱུད་ལ་ཡོད་པའི་གཞི་ཤེས་ཀྱི་རྣམ་པ་ནི་དང་པོ་དང༌། བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་ཡོད་པའི་ཚེ། ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པ་དང་མཚུངས་པར་ལྡན་པའི་མི་རྟག་ལ་སོགས་ཀྱི་རྣམ་པ་ཅན་ནོ། །མཁྱེན་པ་ཕྱི་མ་གཉིས་ཀྱི་རྣམ་པ་ནི་ཉན་རང་ལ་མེད་པས། ཁྱད་གཞི་བདེན་པའི་སྟེང་གི་ཁྱད་ཆོས་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་ཁོ་ནའོ། །འདི་ཡང་མ་མཐའ་སྦྱོར་ལམ་ནས་བཞག་སྟེ། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་གི་ཤེས་རྣམ་དུ་འཆད་དགོས་པས་སོ། །འདིར་བསྒོམ་བྱ་གཞི་ཤེས་ཀྱི་ཤེས་རྣམ་འཆད་པ་དང༌། གཞི་ཤེས་ཀྱི་རྟོགས་རིས་མི་སྒོམ་པར་འཆད་པ་མི་འགལ་ལམ་ཞེ་ན། སྤྱིར་ནི་བྱང་སེམས་ཀྱི་བསྒོམ་བྱ་ནི་མེད་པ་དང་མི་སྐྱེ་བ་སོགས་ཆོས་ཀྱི་བདག་མེད་པའི་རྣམ་པ་ཉི་ཤུ་རྩ་བདུན་དུ་བཤད་པ་ཡིན་ལ། དེ་མངོན་པ་དང་སྦྱོར་བའི་ཚེ། ཡེ་ཤེས་དེས་རྟག་སོགས་ཀྱི་སྒྲོ་འདོགས་སེལ་བའི་ཆ་ནས་མི་རྟག་སོགས་ཀྱི་རྟོགས་པ་ཡར་ལྡན་དུ་ཡོད་པར་བཤད་ནས་རིམ་ཅན་དུ་སྦྱོར་བ་ཡིན་ནོ། །མི་རྟག་སོགས་ཀྱི་རྟོགས་རིས་ཀྱི་ཆ་ནས་ཆོས་ཤེས་ཡན་ཆད་དུ་བསྒོམ་པར་བྱ་བ་མ་ཡིན་ཀྱང༌། ཆོས་བཟོད་དང་ངེས་ཆའི་ཐད་དུ་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར། རྟོགས་རིས་སྔ་མ་དེ་ཐེག་ཆེན་སྦྱོར་བས་བསྒོམ་བྱར་མི་བྱེད་པའི་ངེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་རྟོགས་རིས་ཡར་ལྡན་དུ་སྐྱེས་པའི་ཤེས་རྣམ་དང་པོས་འདོད་སྲིད་ཀྱི་བག་ལ་ཉལ་སྤོང་དགོས་པས་ན་ཤེས་རྣམ་དང་པོ་ཐེག་ཆེན་སྦྱོར་བའི་བསྒོམ་བྱར་མི་འགལ་ལོ། །ཡང་རྣམ་མཁྱེན་སྦྱོར་བའི་བསྒོམ་བྱ་ལ་རྣམ་མཁྱེན་གྱི་ཤེས་རྣམ་མཚན་ཉིད་པ་མི་སྲིད་པ་ཇི་ལྟར་ཞེ་ན། སྨོན་ལམ་གྱི་རྣམ་པས་ཡིད་ལ་བྱེད་ཅེས་པ་ནི། མཉམ་གཞག་གི་སྒོམ་མཚན་ཉིད་པར་བཞག་དཀའ་བས་རྣམ་པ་སྐྱེ་མེད་དུ་རྟོགས་པའི་བློ་ཡི་རིགས་རྒྱུན་སྔ་མ་སྟོབས་སོགས་དང་དམིགས་རྣམ་རྗེས་སུ་མཐུན་པ་དེ་ཉིད་དོ། །དེས་ན་རྣམ་མཁྱེན་གྱི་སྦྱོར་བས་རྣམ་མཁྱེན་གྱི་ཤེས་རྣམ་མཚན་ཉིད་པ་སྒོམ་བྱར་བྱེད་པའི་ཚུལ་བརྟག་དཀའ་བས། རྣམ་མཁྱེན་དང་དེའི་ཤེས་རྣམ་གྱི་འཇོག་ཚུལ་སྔ་མ་ཉིད་འཐད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཤད་བྱའི་མདོ་མཁྱེན་གསུམ་གྱི་མཇུག་བསྡུད་ལ་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཡུམ་འདི་ནི་སངས་རྒྱས་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་ཕ་རོལ་ཏུ་ཕྱིན་པའི་མིང་ཅན་བརྒྱ་དང་བདུན་བཅུ་རྩ་གསུམ་གསུངས་པ་དོན་ཚན་སོ་སོར་ཕྱེ་ནས་འཆད་པ་ལ་གསུམ་སྟེ། གཞི་ཤེས་ཀྱི་དང༌། ལམ་ཤེས་ཀྱི་དང༌། རྣམ་མཁྱེན་གྱི་ཤེས་རྣམ་རྒྱས་པར་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། རྣམ་པ་རྣམས་ཞེས་སོགས་དང༌། རྩ་བ་ལ། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་སོགས་ཞུས་པས་ཤེས་རྣམ་དང༌། བཀའ་སྩལ་པས་དོན་རྣམ་སོ་སོར་ཕྱེ་ནས་གསུངས་པའི་མདོ་ཚན་ཉེར་བདུན་པོ་ཆོས་ཅན། བདེན་བཞི་སོ་སོའི་ཤེས་རྣམ་ཡུལ་དང་བཅས་པ་བསྟན་པ་ཡིན་ཏེ། དེ་བསྟན་པར་ཞེས་སྦྱར། འགྲེལ་པ་ལ་གཉིས་ཏེ། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཤད་པ་དང༌། ལམ་བདེན་གྱི་རྣམ་པ་བཤད་པའོ། །དང་པོ་ནི། གསུམ་ཡོད་པ་དེ་ལ་ཤེར་ཕྱིན་ལས་གཞི་ཐམས་ཅད་སྐྱེ་མེད་དུ་ཤེས་པའི་རྣམ་པ་ཉིད་ཀྱི་དབང་དུ་བྱས་ནས་སྡུག་བདེན་དངོས་པོར་མེད་པ་དང༌། གསར་དུ་སྐྱེ་བ་མེད་པ་དང༌། བདག་གི་བས་དབེན་པ་དང༌། བདག་ཏུ་འཛིན་པས་མི་བརྫི་བའི་རྣམ་པ་རྣམས་ནི་ཆོས་ཅན། གོ་རིམ་བཞིན་དུ་མངོན་པ་ནས་སྡུག་བསྔལ་བདེན་པའི་རྣམ་པར་གསུངས་པའི་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། དེ་དག་གི་གནས་ཚུལ་ཡུལ་ཅན་གྱི་བློ་དང་བཅས་པ་ཉིད་ཀྱི་ཕྱིར། ཤེར་ཕྱིན་ལས་སྡུག་བསྔལ་གྱི་གནས་མེད་པ་དང༌། ནམ་མཁའ་ལྟར་སྐྱེ་འགག་མེད་པ་དང༌། བརྗོད་བྱའི་དོན་བརྗོད་དུ་མེད་པ་དང༌། རྗོད་བྱེད་ཀྱི་མིང་མེད་པ་དང་བཞི་པོའི་རྣམ་པ་རྣམས་ནི་ཆོས་ཅན། མངོན་པ་ནས་ཀུན་འབྱུང་གི་བདེན་པའི་རྣམ་པར་གསུངས་པའི་རྒྱུ་སོགས་ཀྱི་མཚན་ཉིད་དག་ཡིན་ཏེ། དེའི་གནས་ཚུལ་རྟོགས་པའི་བློ་དང་བཅས་པ་ཉིད་ཡིན་པའི་ཕྱིར། ཤེར་ཕྱིན་ལས། འགྲོ་བ་དང་འོང་བ་སོགས་ཀྱི་ཐོབ་བྱར་མེད་པ་དང༌། རྣམ་ཤེས་ཀྱི་ཡུལ་དུ་བྱས་པའི་སྒོ་ནས་མི་འཕྲོག་པ་དང༌། རིགས་པས་དཔྱད་པའི་སྒོ་ནས་ཟད་པར་བྱར་མེད་པ་དང༌། སྐྱེ་བ་མེད་པའི་རྣམ་པ་རྣམས་ནི། མངོན་པ་ནས་འགོག་བདེན་གྱི་རྣམ་པར་གསུངས་པའི་འགོག་སོགས་ཀྱི་མཚན་ཉིད་དག་ཡིན་ཏེ། དེའི་གནས་ཚུལ་རྟོགས་པའི་ཤེས་རབ་རྣམས་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་ཚུལ་དེ་ལྟར་མི་འཐད་དེ། མི་རྟག་སོགས་ཀྱི་རྣམ་པ་དང་འཛིན་སྟངས་འགལ་བའི་ཕྱིར་སྙམ་ན་ཉེས་པ་མེད་དེ། འདིར་བཤད་པ་དེ་དག་གིས་རྟག་སོགས་ཀྱི་སྒྲོ་འདོགས་སེལ་ནུས་པས་གཞི་ཤེས་ཀྱི་རྟོགས་པ་ཡར་ལྡན་དུ་འཇོག་པའི་ཕྱིར་དང༌། མི་རྟག་པའི་སྒྲོ་འདོགས་ཀྱང་བསལ་བས་སྦྱོར་བའི་བསྒོམ་བྱར་འཐད་པའི་ཕྱིར། མེད་པ་དང་མི་རྟག་པ་ཇི་ལྟར་སྦྱོར་ཞེ་ན། མི་རྟག་པའི་འཆད་ཚུལ་ལ་རྩིང་ཞིབ་ཕྲ་རགས་གཉིས་ལས། རགས་པ་ནི་རྒྱུན་གྱི་མི་རྟག་པ་སྟེ། བདག་མེད་དང་པོ་རྟོགས་པའི་ཐབས་སུ་རྟོགས་དགོས་ལ། ཕྲ་བ་ནི་ཆོས་ཀྱི་བདག་མེད་པ་ཉིད་དེ། དེའི་དོན་རང་སྟོང་ལ་མི་འཆད་པ་མེད་པ་ཉིད་དོ། །གཉིས་པ་ལ་གསུམ་སྟེ། རྟེན་ལམ་གྱི་དབྱེ་བ། ལམ་སོ་སོའི་དབྱེ་བ། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། གཞི་ཤེས་ཀྱི་ཤེས་རྣམ་གང་ལ་བརྟེན་པའི་ལམ་གྱི་བདེན་པ་ནི་ཆོས་ཅན། ཤེར་ཕྱིན་ལས་གསུམ་དུ་ཕྱེ་བ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཟག་པ་མེད་པའི་ལམ་གཅིག་དང༌། ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པའི་རྗེས་ཐོབ་དང༌། མཉམ་གཞག་ཟག་མེད་གཉིས་སུ་བཤད་པས་སོ། །གཞི་ཤེས་ཀྱི་རྣམ་པ་ཤེས་སྒྲིབ་ཀྱི་གཉེན་པོར་སྟོན་པ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་སངས་རྒྱས་རྣམས་ཀྱི་བགྲོད་བྱེད་ལམ་གྱི་རྟོགས་རིས་ཀྱང་བསྡུས་པའི་ཕྱིར། འདིར་དངོས་བསྟན་གྱི་ལམ་ཉན་རང་གི་རྟེན་ཅན་དུ་བཤད་ཀྱང༌། སྦྱོར་བའི་བསྒོམ་བྱ་དངོས་ནི་བྱང་སེམས་ཀྱི་ཤེས་རྣམ་ཡིན་པས། ཉོན་སྒྲིབ་ཀྱི་གཉེན་པོ་སྡུག་བསྔལ་ལ་ཆོས་བཟོད་དང༌། ཤེས་སྒྲིབ་གཟུང་རྟོག་གི་སྤོང་བ་གཉེན་པོ་ནི་དངོས་བསྟན་རང་རྒྱལ་གྱི་སྒོམ་ལམ་ལ་བཤད་ཀྱང༌། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་ཚེ་ངེས་ཆ་དང་པོ་གསུམ་དང་སྦྱོར་བར་རིགས་ཏེ། གནས་སྐབས་དེར་བཤད་པའི་ཕྱིར་དང༌། རང་རྒྱལ་གྱི་སྤངས་པ་ཆོས་བཟོད་དུ་རྫོགས་པའི་ཕྱིར་དང༌། དེའི་རྟོགས་རིས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ཕྱིར། དེའི་སྒོམ་ལམ་མེད་པས་གཉེན་པོ་ཟག་མེད་ནི་ཆོས་བཟོད་དང༌། ཟག་བཅས་ནི་ངེས་འབྱེད་ཆ་མཐུན་ནོ། །ཞེས་བཤད་པར་བྱའོ། །གཉིས་པ་ལ་གསུམ་ལས། ལམ་དང་པོའི་རྣམ་པ་ནི་ཤེར་ཕྱིན་ལས། བྱེད་པ་པོ་མེད་པ་དང༌། ཤེས་པ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། འདུལ་བ་མེད་པའི་རྣམ་པ་རྣམས་སུ་གསུངས་པ་ནི་གོ་རིམ་བཞིན་དུ། མངོན་པ་ནས་གསུངས་པའི་ལམ་ལ་སོགས་པ་བཞི་པོའི་མཚན་ཉིད་དག་ཡིན་ཏེ། དེ་དང་དོན་གཅིག་ལ་འདུ་བའི་ཕྱིར། འདི་ནི་ལུང་གཉིས་ཀ་ལས་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་གསུངས་པར་མཐུན་མོད། རྟེན་ཉན་རང་གི་ཚེ་ན་མཐོང་སྒོམ་གཉིས་ཀའི་རྣམ་པར་ཡོད་ལ། བྱང་སེམས་ཀྱི་ཚེ་ན་མཐོང་ལམ་མཉམ་གཞག་ཁོ་ནའོ། །ལམ་གཉིས་པ་ནི་ཕྱི་རོལ་གྱི་གཟུང་བ་རྨི་ལམ་ལྟར་ངོ་བོ་ཉིད་མེད་པ་དང༌། སྒྲ་བརྙན་ལྟར་མ་སྐྱེས་པ་དང༌། མིག་ཡོར་ལྟར་མ་འགགས་པ་དང༌། སྨིག་རྒྱུ་ལྟར་གཟོད་མ་ནས་ཞི་བ་དང༌། སྒྱུ་མའི་མཚན་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་ཤེས་རྣམ་དག་ནི་ཆོས་ཅན། ཤེས་བྱའི་སྒྲིབ་པ་གཟུང་རྟོག་གི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཕྱི་གཟུང་བའི་ཡུལ་ལ་མཚན་འཛིན་སྤོང་བྱེད་ཡིན་པའི་ཕྱིར། འདི་ནི་རྟེན་རང་རྒྱལ་དང་རྟེན་བྱང་སེམས་གཉིས་ཀ་ལ་ཡང་རྣམ་པ་མཚུངས་པ་ཡིན་མོད། སྔ་མ་ནི་མངོན་དུ་བྱ་ལ། བྱང་སེམས་ཀྱི་ཚེ་ནི་དེའི་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་གསུངས་པ་དེ་ཉིད་དོ། །ཟག་པ་དང་བཅས་མ་བཅས་ཀྱི་དབྱེ་བ་ནི་རྟེན་སྔ་མ་ལ་ཡིན་གྱི། བྱང་སེམས་ཀྱི་ཚེ་མཐོང་ལམ་མཉམ་གཞག་ལས་གཞན་དུ་དེའི་གཉེན་པོ་མི་འཆད་པས། དབྱེ་བ་དེ་མེད་དོ། །གསུམ་པ་ནི་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། མི་གཡོ་བའི་རྣམ་པ་སྟེ་ཤེས་རྣམ་དྲུག་ནི་ཆོས་ཅན། གོ་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་དང༌། རྣམ་བྱང་གི་དང༌། ཉོན་མོངས་པའི་བག་ཆགས་ལ་དང༌། གཟུགས་ལ་སོགས་པའི་སྤྲོས་པ་ལ་དང༌། རང་གི་རྟོགས་པ་ལ་རློམ་པའི་དང༌། རྟོགས་པ་ཐོབ་ཟིན་ཡོངས་སུ་ཉམས་པའི་གཉེན་པོར་གྱུར་པ་དག་ཡིན་ཏེ། ཀུན་ནས་ཉོན་མོངས་ལ་སོགས་པའི་གཟུང་བ་ལ་སོགས་པ་རྣམས་དམིགས་སུ་མེད་པར་རྟོགས་པའི་ཕྱིར། རྣམ་པ་འདི་དག་ནི་རྟེན་བྱང་སེམས་ཀྱི་དབང་དུ་བྱས་པ་ཁོ་ན་སྟེ། རང་རྒྱལ་སློབ་པ་ལ་གཉེན་པོ་འདི་དག་ཡོད་ན་འཛིན་པ་བདེན་མེད་དུ་ཡོད་པར་ཐལ་བ་དང༌། འདི་དག་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གཟུང་རྟོག་གི་གཉེན་པོ་ཉིད་དུ་བཤད་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ལ་ཡར་ལྡན་དུ་སྐྱེས་པ་ཁོ་ན་སྟེ། འདིའི་ཆ་ཤས་སུ་གྱུར་པའི་རང་རྒྱལ་གྱི་རྟོགས་རིས་ཡོད་པ་མི་འགལ་ལོ། །གསུམ་པ་ནི་དེ་ལྟར་ན་ཞེས་སོགས་སོ། །མདོར་ན་མངོན་པ་ནས་གསུངས་པའི་གཞི་ཤེས་ཀྱི་རྟོགས་རིས་སུ་གྱུར་པའི་ཤེས་རྣམ་ནི་སྡུག་བསྔལ་ཆོས་བཟོད་མན་ཆད་ཀྱི་སྦྱོར་བས་བསྒོམ་བྱ་ཡིན་ལ། ཤེར་ཕྱིན་ནས་གསུངས་པའི་ཉན་རང་གི་ལམ་དངོས་མ་ཡིན་པས་དང༌། གཞི་སྐྱེ་མེད་ཀྱི་ཆ་ནས་བྱང་སེམས་ཀྱིས་སྒོམ་པ་མི་འགལ་བའི་ཕྱིར། ཉན་རང་དང་ཐུན་མོང་བའི་ཤེས་རྣམ་ཐེག་ཆེན་སྦྱོར་བའི་བསྒོམ་བྱར་གསུངས་ཏེ། འོག་ནས་ཀྱང་འཆད་པར་འགྱུར་རོ། །གཉིས་པ་ལམ་ཤེས་ཀྱི་ཤེས་རྣམ་བཤད་པ་ལ་གསུམ་ལས་མཚམས་སྦྱར་བ་ནི་དེའི་འོག་ཏུ་སོགས་དང༌། རྩ་བ་ནི་བཅོམ་ལྡན་འདས་ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱི་མདོ་ཚིག་སུམ་ཅུ་རྩ་དྲུག་ཆོས་ཅན། བསྒོམ་བྱ་ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བསྟན་པ་ཡིན་ཏེ། ཞེས་སྦྱར། གཞི་ཤེས་དང་ལམ་ཤེས་སྦྱོར་བ་གཉིས་ཀའི་ཤེས་རྣམ་གྱི་རྟེན་དུ་བདེན་པ་བཞི་ཀ་བཤད་ན་ཁྱད་པར་གང་གིས་འབྱེད་ན། གང་ཟག་དང་ཆོས་ཀྱི་བདག་མེད་པའི་རྣམ་པས་དང༌། གཞི་སྐྱེ་མེད་དང༌། ལམ་སྐྱེ་མེད་ཀྱི་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པས་དབྱེ་བར་བྱའོ། །འགྲེལ་པ་ནི་མདོ་ལས་གསུངས་པའི་སུམ་ཅུ་རྩ་དྲུག་པོ་དེ་བདེན་པ་བཞི་པོ་གང་དང་གང་གི་རྣམ་པར་འཆད་ཅེ་ན། སྡུག་བསྔལ་དང༌། ཞེས་སོགས་དང༌། བཞི་པོའི་གོ་རིམ་ལུང་གཞན་ཀུན་དང་མ་མཐུན་པས་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདིར་ནི་ཀུན་ནས་ཞེས་སོགས་སོ། །འདི་ཉིད་རྒྱས་པར་འཆད་པ་ལ་བཞི་སྟེ། ཀུན་འབྱུང་བདེན་པ་སྤང་གཉེན་གྱི་སྒོ་ནས་དང༌། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་དང༌། སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དང༌། འགོག་བདེན་གློ་བུར་དྲི་བྲལ་གྱི་སྒོ་ནས་བསྟན་པའོ། །དང་པོ་ལ་སྤང་བྱ་དང༌། སྤང་གཉེན་སྦྱར་ནས་དོན་བསྡུ་བའོ། །དང་པོ་ནི། འདུན་པ་དང༌། འདོད་ཆགས་དང༌། སྲིད་པ་ལ་དགའ་བ་གང་ཡིན་པ་དེ་ཆོས་ཅན། རྒྱུ་ཡིན་ཏེ། ཡང་སྲིད་ཀྱི་བག་ཆགས་འཇོག་བྱེད་ཡིན་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་ཆོས་ཅན། ཀུན་འབྱུང་བ་ཡིན་ཏེ། བག་ཆགས་བཞག་པ་དང་མཐུན་པར་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར། ཀུན་དུ་རྟོག་པ་གང་ཡིན་པ་ཆོས་ཅན། རབ་ཏུ་སྐྱེ་བ་ཡིན་ཏེ། སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པའི་ཕྱིར། སེམས་ཅན་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ཆོས་ཅན། རྐྱེན་ཡིན་ཏེ། སྡུག་བསྔལ་སྔ་མ་འདོར་ཞིང་ཕྱི་མ་ལེན་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི། མདོ་ལས་ཀུན་འབྱུང་གི་རྣམ་པ་བརྒྱད་གསུངས་པ་དེ་ལ། འདོད་ཆགས་དང་བྲལ་བ་དང༌། སྤྲོས་པ་ཉེ་བར་ཞི་བ་དང༌། མི་གནས་པ་དང་གསུམ་ནི་སྤང་བྱ་བརྒྱད་པོ་དེ་རྣམས་ཀྱི་ནང་ནས་རྒྱུའི་གཉེན་པོར་གྱུར་པ་གསུམ་དང༌། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་དང་གསུམ་ནི་ཀུན་འབྱུང་གི་གཉེན་པོར་གྱུར་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་ནི་རབ་ཏུ་སྐྱེ་བའི་གཉེན་པོར་གྱུར་པ་གཅིག་དང༌། སེམས་ཅན་མེད་པའི་རྣམ་པ་ནི་རྐྱེན་གྱི་གཉེན་པོར་གྱུར་པ་གཅིག་སྟེ། དེ་ལྟར་ན་རྒྱུ་ཀུན་འབྱུང་གི་བདེན་པའི་རྣམ་པ་བརྒྱད་ཡིན་ནོ། །དེ་ཡང་མངོན་པ་ལས་ནི་རྣམ་པ་བཞི་པོ་སྤང་བྱའི་ཆ་ནས་བཤད་ལ། ཡུམ་ལས་ནི་དེ་སྤོང་བྱེད་གཉེན་པོའི་ཆ་ནས་བཤད་པའོ། །གཉེན་པོ་ཡང་མངོན་པར་གང་ཟག་གི་བདག་མེད་པའི་ཆ་ནས་འཆད་ལ། ཡུམ་འདིར་ནི་བདག་མེད་གཉིས་ཀའི་ཆ་ནས་བཤད་དོ། །གཉིས་པ་ལ་མངོན་པ་ནས་གསུངས་པ་དམ་བཅའ་དང༌། ཤེར་ཕྱིན་ལས་གསུངས་པ་འཐད་པའི་ཚུལ་གྱིས་གོ་རིམ་བཞིན་དུ་སྦྱར་བ་ནི། མངོན་པ་ནས་གསུངས་པའི་ལམ་བདེན་གྱི་རྣམ་པ་བཞིའི་ཐོག་མར་བཤད་པའི་ལམ་དེ་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་དམ་ཚད་མེད་པ་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་འབྱེད་པའོ། །དེའི་ཡང་སྒྲུབ་བྱེད་འདྲི་བ་ནི། ཇི་ལྟར་ན་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པ་ཡིན་ཞེ་ན། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བར་བྱང་ཆུབ་ཏུ་འཁྲིད་པའོ། །རིགས་པ་གང་ཡིན་པ་ནི། འཁོར་འདས་ལ་བླང་དོར་ཐ་མི་དད་པར་ཤེས་པའོ། །ཇི་ལྟར་རིགས་པ་ཡིན་པ་ནི། ཐེག་པ་ཆེ་ཆུང་ལ་མཆོག་དམན་དུ་འཛིན་པ་མེད་པའོ། །སྒྲུབ་པ་གང་ཡིན་པ་ནི། བདག་གཉིས་སུ་རྣམ་པར་མི་རྟོག་པའོ། །ཇི་ལྟར་སྒྲུབ་པ་ཡིན་པ་ནི། ཆོས་ཉིད་ཚད་མས་གཞལ་དུ་མེད་པའོ། །ངེས་པར་འབྱུང་བ་གང་ཡིན་པ་ནི་འཁོར་འདས་ལ་ཆགས་པ་མེད་པའི་རྣམ་པར་དག་པ་སྟེ། ཡུམ་ལས་འདིའི་འཐད་པ་མ་གསུངས་སོ། །དོན་བསྡུ་བ་ནི། མངོན་པ་ལས་གསུངས་པའི་རྣམ་པ་བཞི་པོ་དེ་རྣམས་ཀྱི་ངོ་བོ་ཉིད། ཤེར་ཕྱིན་ལས། གཉིས་དང༌། གཉིས་དང༌། གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པའི་སོགས་སོ། །གསུམ་པ་ལ་བཤད་པ་ནི། ཡུམ་དང་མངོན་པ་གཉིས་ཀ་ལས། མི་རྟག་པ་དང༌། སྡུག་བསྔལ་དང༌། སྟོང་པ་དང༌། བདག་མེད་པའི་རྣམ་པ་སྟེ་མཐུན་པ་བཞི་དང༌། ཤེར་ཕྱིན་ལས་ལྔ་པ་མཚན་ཉིད་མེད་པ་ཆོས་ཀྱི་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམས་ཏེ། འདི་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པས་ན། མངོན་དུ་བྱ་བའི་ལམ་དུ་འཆད་དགོས་ལ། བདེན་པ་དང་པོ་གསུམ་གྱི་རྣམ་པའང་དེ་བཞིན་ནོ། །གཞི་ཤེས་ཀྱི་ཉེར་བདུན་ལ་ཡང་ཕ་རོལ་དུ་ཕྱིན་པའི་སྒྲས་གསུངས་མོད། སློབ་དཔོན་གྱིས་དེ་ལ་ཟག་པ་ཡོད་མེད་གཉིས་སུ་ཕྱེ་བས་ཟག་མེད་དུ་བཤད་པའི་ཆ་ནི་འདའ་བར་བྱ་བའི་ལམ་དུ་ཤེས་དགོས་སོ། །བསྡུ་བ་ནི། དེ་ལྟར་ན་སོགས་སོ། །བཞི་པ་ལ་གཉིས་ལས། བཤད་པ་ལ་བཞི་སྟེ། དངོས་པོའི་དྲི་མ་འགོག་པ། མངོན་ཞེན་གྱི་དྲི་མ་འགོག་པ། བྱེད་པ་པོའི་རྟོག་པས་དབེན་པ། འཁྲུལ་པའི་དྲི་མ་བསལ་བའི་ངེས་འབྱུང་ངོ༌། །འདིར་ཤེར་ཕྱིན་ལས་ནང་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་བཅུ་དྲུག་གསུངས་པ་དེ་མངོན་པ་ནས་བཤད་པའི་རྣམ་པ་བཞི་དང་སྦྱར་ནས་འཆད་པ་ལ། དང་པོ་དངོས་པོའི་དྲི་མ་འགོག་པ་ནི། ནང་དང་ཕྱི་དང་གཉིས་ཀའི་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བསྟན་པ་གསུམ་ནི་ཆོས་ཅན། འགོག་བདེན་གྱི་རྣམ་པ་བཞིའི་ཐོག་མ་འགོག་པ་ཞེས་པ་དེའི་ངོ་བོ་ཉིད་ཡིན་ཏེ། ནང་དང་ཕྱི་དང་གཉིས་ཀའི་དངོས་པོ་རྣམས་ལ་མངོན་པར་ཞེན་པའི་དྲི་མ་བཀག་པས་རབ་ཏུ་ཕྱེ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི་སྟོང་པ་ཉིད་ཀྱི་དང༌། ཆེན་པོ་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། མཐའ་ལས་འདས་པ་དང༌། ཐོག་མ་དང་ཐ་མ་མེད་པ་དང༌། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ཕ་རོལ་དུ་ཕྱིན་པའི་རྣམ་པ་སྟེ། སྒྲས་བསྟན་པའི་ཕ་རོལ་དུ་ཕྱིན་པ་བརྒྱད་པོ་ཆོས་ཅན། ཞི་བའི་ངོ་བོ་ཉིད་ཡིན་ཏེ། བཏགས་པའི་བདག་གིས་སྟོང་པ་ཉིད་དང༌། སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། རྟག་པ་དང༌། ཆད་པའི་མཐའ་དང༌། འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང༌། རྟོགས་པའི་ཆོས་དོར་བ་མེད་པ་ལ་མངོན་པར་ཞེན་པའི་དྲི་མ་དགག་པས་རབ་ཏུ་ཕྱེ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པའི་རྣམ་པ་ནི་ཆོས་ཅན། གྱ་ནོམ་པའི་རྣམ་པ་ཡིན་ཏེ། གཞན་གྱིས་ཀུན་བརྟགས་པ་དགག་པས་རབ་ཏུ་ཕྱེ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར། བཞི་པ་ལ་གང་ངེས་པར་འབྱུང་བ། ཇི་ལྟར་ངེས་འབྱུང་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དང༌། རང་གི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་དང༌། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་དེ་གསུམ་ནི་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། བཏགས་པ་ཙམ་གྱི་བདག་ཉིད་ཡུལ་དུ་འཁྲུལ་པ་དང༌། མཚན་ཉིད་དུ་འཁྲུལ་པ་དང༌། དུས་སུ་འཁྲུལ་པ་རྣམས་དགག་པས་རབ་ཏུ་ཕྱེ་བའི་སྟོང་པ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཅན། ཇི་ལྟར་ངེས་འབྱུང་གི་རྣམ་པ་ཡིན་ཏེ། ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ལ། ངེས་པར་འབྱུང་བ་དང་འབྱུང་བྱེད་དང༌། གང་འབྱུང་བ་སྟེ། འཁོར་གསུམ་དུ་ཞེན་པའི་ངོ་བོ་ཉིད་དགག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་ཡིན་པའི་ཕྱིར། བསྡུ་བ་ནི། འགོག་པའི་རྣམ་པ་གསུམ་ནས་ཇི་ལྟར་ངེས་འབྱུང་གི་རྣམ་པ་གཅིག་ཡིན་ཏེ། དེ་ལྟར་ན་སོགས་སོ། །འདིར་བསྟན་གྱི་སྟོང་ཉིད་བཅུ་དྲུག་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་བཅུ་དྲུག་ལ་འཆད་དགོས་པ་ཡིན་ཏེ། གློ་བུར་རྣམ་དག་གི་ཆོས་ཉིད་ཡིན་པའི་ཕྱིར་དང༌། རྣམ་པར་གྲོལ་བའི་ལམ་མྱོང་བྱ་ཡིན་པའི་ཕྱིར། རྣམ་པ་སྟོན་པའི་མདོ་ལས་ཞུས་པ་རྣམས་ནི་ཕར་ཕྱིན་གྱི་སྒྲས་བསྟན་པས་ཤེས་རྣམ་དང་བསྒོམ་བྱ་དངོས་ཡིན་ལ། བཀའ་སྩལ་པས་ནི་དོན་རྣམ་དང༌། ཐོས་བསམ་གྱི་སྒྲོ་འདོགས་བཅད་པས་མཚན་འཛིན་འགོག་པའི་ཡན་ལག་ཡིན་གྱི། བསྒོམ་བྱ་དངོས་མ་ཡིན་ཏེ། དེ་ནི་མེད་པར་དགག་པས་ན་རྣལ་འབྱོར་མངོན་སུམ་གྱི་དམིགས་ན་ཡེ་ཤེས་སྟོང་པའི་ཡུལ་ཅན་དུ་ཐལ་བ་སོགས་ཀྱི་ཉེས་པས་རེག་པའི་ཕྱིར། གཞན་དག་གང་ཐོས་བསམ་གྱིས་གཏན་ལ་ཕེབས་པ་དེ། རྟ་དཀྱུ་ས་དང་རྒྱུག་ས་མ་མཐུན་པའི་དཔེ་ཅན་དུ་སོང་ངོ་ཟེར་མོད། འཕགས་སེང་གིས་སྐྱེ་མེད་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཤེས་རྣམ་བསྒོམ་བྱར་འཆད་པའི་གཞུང་གོང་འོག་ཀུན་དང་མཐུན་པར་འཆད་དགོས་སོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་རྣམ་བཤད་པ་ལ་གཉིས་ལས་མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། དངོས་དོན་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ལ། རྩ་བ་ནི། གསོལ་པ། ཡུམ་འདི་ནི་དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་མདོ་ཚན་བརྒྱ་དང་བཅུ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། མདོ་ལས་དྲན་པ་ཉེར་གཞག་ནས་བཟུང་སྟེ། སངས་རྒྱས་ཉིད་ཀྱི་རྣམ་པའི་མཐར་ཐུག་པར་གསུངས་པ་རྣམས་ནི་རྗེ་བཙུན་གྱིས་དོན་ཚན་གསུམ་དུ་བསྡུ་བར་མཛད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་གོ་རིམ་བཞིན་དུ་ཉན་ཐོས་རྣམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་གཞི་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་བདུན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་ལམ་ཤེས་ཀྱི་རྣམ་པ་སུམ་ཅུ་རྩ་བཞི། སངས་རྒྱས་རྣམས་ཉིད་ཀྱི་རྣམ་པ་སུམ་ཅུ་རྩ་དགུར་བཞེད་པས་སོ། །རྣམ་མཁྱེན་གྱི་རྣམ་པ་གཅིག་པུ་ལ་གསུམ་དུ་འབྱེད་པ་མི་འཐད་དོ་ཞེ་ན། མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུས་པའི་ཕྱིར། གལ་ཏེ་རྣམ་མཁྱེན་གྱི་སྦྱོར་བ་དང་དེའི་བསྒོམ་བྱ་ཤེས་རྣམ་ངོ་བོ་གཅིག་ཏུ་ཡོད་དགོས་པས་སུམ་ཅུ་རྩ་བདུན་པོ་ཡར་ལྡན་དུ་ཡོད་མོད། སྟོབས་སོགས་ཀྱི་རྣམ་པ་ཇི་ལྟར་ཞེ་ན། སྟོབས་སོགས་ཀྱི་རིགས་འདྲ་སྔ་མ་ཉིད་དེ། དེ་བཞིན་ཉིད་ཀྱི་རྣམ་པའི་སྒོམ་ཚུལ་བཞིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། རྣམ་མཁྱེན་ལས་ཕྱེ་བའི་གཞི་ཤེས་ཀྱི་དང༌། དེ་ལས་ཕྱེ་བའི་ལམ་ཤེས་ཀྱི་དང༌། ཐུན་མོང་མ་ཡིན་པའི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་རྣམ་གསལ་གྱི་དཔེའི་སྒོ་ནས་ངོས་འཛིན་རྒྱས་པར་བཤད་པ་དང༌། གྲངས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། དེ་ལ་ཞེས་སོགས་ཏེ། དེ་ཉིད་འཆད་པ་ལ་སྡེ་ཚན་བདུན་ལས་དང་པོར་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་འཆད་པ་ཡིན་ཏེ། ལམ་དེ་སྡེ་ཚན་བདུན་གྱི་ཐོག་མར་སྐྱེ་བའི་ཕྱིར། དངོས་ཀྱི་དོན་ནི། ཚོགས་ལམ་ཆུང་ངུའི་དྲན་པ་ཉེ་བར་བཞག་པ་བཞི་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་རྣམས་ལ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟགས་ནས་སྒོམ་པའི་ཚོགས་ལམ་ཆུང་ངུའི་མངོན་རྟོགས་ཡིན་པའི་ཕྱིར། དགོས་པ་ནི་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དུའོ། །དངོས་པོ་ལ་རྟོག་པའི་མིང་ཅན་ནི་མ་མཐའི་ས་མཚམས་ཏེ། སྦྱོར་བའི་བསྒོམ་བྱ་ནི་ས་བཅུ་པའི་བར་དུ་ཡར་ལྡན་གྱི་ཚུལ་དུ་ཡོད་པ་སྟེ། འོག་མ་རྣམས་ལའང་དེ་བཞིན་ནོ། །འདི་ཡང་དཔེར་ན་དྲན་པ་ཉེར་གཞག་ལ་དབང་ཐོབ་ཕྱིར་དུ་སྒོམ་པའི་རྣལ་འབྱོར་དེས། དྲན་པ་ཉེར་གཞག་གི་ཤེས་རྣམ་སྐྱེ་མེད་དུ་རྟོགས་ནས་དེ་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་ཡིན་ལ། དེའི་ཚེ་ཆོས་ཅན་དྲན་པ་ཉེར་གཞག་དེ་རྣམ་མཁྱེན་དངོས་ལ་བཤད་ནས་དེ་སྐྱེ་མེད་དུ་རྟོགས་པ་ལ་དེའི་ཤེས་རྣམ་ཞེས་བྱ་ཞིང༌། རྟོགས་པ་དེའི་སྟེང་ན་གང་ཟག་གི་བདག་མེད་པའི་རྣམ་པ་དང༌། ཆོས་ཀྱི་བདག་མེད་པའི་རྣམ་པ་ལྡོག་པས་ཕྱེ་བ་དེ་ལ་གཞི་ཤེས་ཀྱི་དང༌། ལམ་ཤེས་ཀྱི་རྣམ་པ་ཞེས་བྱའོ། །གཉིས་པ་རྩོལ་བ་ལས་བྱུང་བའི་ལམ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་ཞུགས་པ་ལས་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་འབྱུང་བས་རྩོལ་བ་ལས་བྱུང་བའི་ལམ་འཆད་དོ། །དངོས་ཀྱི་དོན་ནི་ཚོགས་ལམ་འབྲིང་གི་ཡང་དག་པར་སྤོང་བ་བཞི་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བ་དང༌། མ་སྐྱེས་པ་མི་སྐྱེད་པ་དང༌། དགེ་བ་སྐྱེས་པ་སྤེལ་བ་དང༌། མ་སྐྱེས་པ་བསྐྱེད་པའི་རྒྱུའི་བརྩོན་འགྲུས་ཀྱི་ངོ་བོ་ཚོགས་ལམ་འབྲིང་གིས་བསྡུས་པ་ཡིན་པའི་ཕྱིར། གསུམ་པ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་མཚམས་སྦྱར་བ་ནི། བརྩོན་འགྲུས་དེ་དང་ལྡན་པ་ནི་སེམས་ལས་སུ་རུང་བ་ཉིད་དུ་བྱེད་པས་དེ་འཆད་དོ། །དངོས་ཀྱི་དོན་ནི་ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་པ་བཞི་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། གུས་པར་སྦྱོར་བའི་འདུན་པ་དང༌། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་དང༌། སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་དང༌། དམིགས་པ་རྣམ་པར་དཔྱོད་པའི་ཤེས་རབ་སྟེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཚོགས་ལམ་ཆེན་པོའི་མངོན་རྟོགས་ཡིན་པའི་ཕྱིར། བཞི་པ་མངོན་པར་རྟོགས་པ་སྦྱོར་བའི་ལམ་ལ་མཚམས་སྦྱར་བ་ནི། ཏིང་ངེ་འཛིན་གྱི་སེམས་ཡོངས་སུ་སྦྱང་བ་བྱས་པ་ལས་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བས་དེ་འཆད་པ་ལ། དངོས་ཀྱི་དོན་ནི། དྲོད་ཀྱིས་བསྡུས་པའི་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་དབང་པོ་ལྔ་ཆོས་ཅན། བདེན་པ་མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་ཏེ། དྲོ་བ་དང་རྩེ་མོ་གང་རུང་གི་ངོ་བོ་ཡིན་པའི་ཕྱིར། ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ལ་མཚམས་སྦྱར་བ་ནི། དྲོ་བ་ལ་སོགས་པ་ཐོབ་པ་ལས་བཟོད་པ་དང་ཆོས་ཀྱི་མཆོག་འབྱུང་བས་དེ་འཆད་དོ། །དངོས་ཀྱི་དོན་ནི། བཟོད་པས་བསྡུས་པའི་དད་པ་ནས་ཤེས་རབ་ཀྱི་སྟོབས་རྣམ་པ་ལྔ་ཆོས་ཅན། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ཏེ། བཟོད་པ་དང་ཆོས་མཆོག་གང་རུང་གི་ལམ་ཡིན་པའི་ཕྱིར། དྲུག་པ་མངོན་པར་རྟོགས་པའི་ལམ་ལ་མཚམས་སྦྱར་བ་ནི། དྲོ་བ་ལ་སོགས་པ་བཞི་ཐོབ་པས་བདེན་པ་མཐོང་བའི་ལམ་འབྱུང་བས་དེ་འཆད་དོ། །དངོས་ཀྱི་དོན་ནི། མཐོང་ལམ་གྱི་ངོ་བོར་གྱུར་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་དང༌། བརྩོན་འགྲུས་དང༌། དགའ་བ་ཡང་དག་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། དྲན་པ་དང༌། གཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་གི་རྣམ་པ་བདུན་ཆོས་ཅན། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། འདིར་བྱང་ཆུབ་ནི་མཐོང་ལམ་སྟེ་འཁོར་ལོ་བསྒྱུར་རྒྱལ་དང་འདྲ་ལ། བདུན་པོ་ནི་རིན་པོ་ཆེ་བདུན་དང་འདྲ་བས་ཡན་ལག་གོ །བདུན་པ་རྣམ་དག་ངེས་འབྱིན་གྱི་ལམ་ལ། མཚམས་སྦྱར་བ་ནི་བདེན་པ་མཐོང་བ་ཡོངས་སུ་ཤེས་པ་ལས་སྒོམ་པའི་ལམ་འབྱུང་བས་དེ་འཆད་དོ། །དངོས་ཀྱི་དོན་ནི། སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏེ། འཕགས་ལམ་ཡན་ལག་བརྒྱད་པོ་ནི་ཆོས་ཅན། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ཡིན་ཏེ། སྒོམ་སྤང་དག་པར་བྱེད་པའི་གཉེན་པོ་ཡིན་པའི་ཕྱིར། གཉིས་པ་ནི་དེ་ལྟར་ན་སློབ་མ་རྣམས་ལ་ཞེས་སོགས་སོ། །འདིར་སློབ་མའི་རྟེན་ཅན་གྱི་བྱང་ཕྱོགས་སོ་བདུན་ནི་ལམ་གྱི་བདེན་པ་དང༌། སོ་བདུན་པོ་གང་ཟག་གི་བདག་མེད་པས་ཤེས་རྣམ་ནི་སྤྱིར་གཞི་ཤེས་སྦྱོར་བའི་བསྒོམ་བྱར་འཆད་མོད། འདིར་རྣམ་མཁྱེན་ལས་ཕྱེ་བའི་གཞི་ཤེས་ཀྱི་རྣམ་པར་འཇོག་པ་ལ། ཇི་སྐད་དུ། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཞེས་བཤད་པ་དེ་སངས་རྒྱས་ཀྱི་སའི་སོ་བདུན་པོ་ཉིད་ལ་ངོས་འཛིན་ཏེ། འོག་མ་སུམ་ཅུ་རྩ་བཞི་པོ་ལ་ཡང་དེ་བཞིན་ནོ། །གཉིས་པ་དེ་ལས་ཕྱེ་བའི་ལམ་ཤེས་ཀྱི་རྣམ་པ་འཆད་པ་ལ། བཤད་པ་དང་བསྡུ་བའོ། །དང་པོ་ལ་དྲུག་ལས། གཉེན་པོའི་ལམ་ནི། རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་དང་བདག་མེད་པའི་རྣམ་པའི་ངོ་བོ་ཉིད་ནི་ཆོས་ཅན། གཉེན་པོའི་ལམ་ཡིན་ཏེ། གོ་རིམ་བཞིན་དུ་བདག་དང་བདག་གིར་ལྟ་བས་བྱས་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། རྣམ་པར་ཐར་པའི་སྒོ་གཉིས་པ་འགོག་པ་དང་ལམ་གྱི་བདེན་པའི་རྣམ་པའི་ངོ་བོ་ཉིད་བརྒྱད་ནི་ཆོས་ཅན། དེ་ཡིན་ཏེ། ལྟ་བ་དེའི་རྒྱུ་མཚན་གྱི་རྣམ་པར་རྟོག་པའི་གཉེན་པོ་ཡིན་པའི་ཕྱིར། མི་རྟག་པ་དང་སྡུག་བསྔལ་བ་དང་ཀུན་འབྱུང་བདེན་པའི་རྣམ་པའི་ངོ་བོ་ཉིད་གསུམ་ནི་ཆོས་ཅན། གཉེན་པོའི་ལམ་ཡིན་ཏེ། ཁམས་གསུམ་པ་ལ་བླང་བྱར་སྨོན་པའི་གཉེན་པོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར། འདི་ཙམ་ཞིག་ནི་ཉན་རང་དང་ཐུན་མོང་བ་ཡིན་མོད། འདིར་ནི་ལམ་སྐྱེ་མེད་དུ་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་དབང་དུ་བྱས་པ་དང༌། དེ་ལྟར་རྟོགས་པའི་ཡེ་ཤེས་དེའི་སྟེང་ན་རྣམ་ཐར་སྒོ་གསུམ་གྱི་རྟོགས་པ་ཡར་ལྡན་གྱི་དབང་དུ་བྱས་སོ། །དེ་ལྟར་ན་རྣམ་པར་ཐར་པའི་སྒོ་གསུམ་གྱི་དབང་དུ་བྱས་པའི་རྣམ་པ་གསུམ་མོ། །གཉིས་པ་སྤྲུལ་པའི་ལམ་ལ། བཤད་པ་ནི། གཟུགས་ཅན་གྱི་རྣམ་པར་ཐར་པ་འདི་གཉིས་ནི་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འབྱོར་པར་བྱེད་པའི་རྟོགས་པ་ཡིན་པས་སོ། །གཉིས་པོ་གང་ཞེ་ན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་གོ་རིམ་བཞིན་དུ་ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་སྤྲུལ་ཏེ་བལྟའོ། །ཞེས་བྱ་བ་དང༌། ཡང་རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པའི་ཕྱིར་ནང་གཟུགས་ཅན་དུ་འདུ་ཤེས་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྣ་ཚོགས་སུ་སྤྲུལ་ཏེ་བལྟ་བ་དང་གཉིས་སོ། །དགོས་པ་ཅིའི་ཕྱིར་དུ་ན་སྣ་ཚོགས་སུ་སྤྲུལ་པ་ལ་སྒྲིབ་པ་ཞེས་བྱ་བ་སྙོམས་འཇུག་གི་སྒྲིབ་པའི་ནང་ཚན་ཞིག་གི་གཉེན་པོར་ལྟའོ། །གཉིས་པ་སྡུག་པའི་རྣམ་པར་ཐར་པ་ནི། རྩེ་གཅིག་ཏུ་གནས་ཏེ་སྒོམ་མོ། །གང་ན་སྡུག་པའི་རྣམ་པར་ཐར་པའོ། །ཚུལ་ཇི་ལྟར་དུ་ན་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེའོ། །དགོས་པ་ཅིའི་ཕྱིར་དུ་ན་རྣམ་ཐར་སྔ་མ་གཉིས་ཀྱི་སྐབས་སུ་གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང༌། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པའི་མིང་ཅན་སྙོམས་འཇུག་གི་སྒྲིབ་པ་ཞིག་གི་གཉེན་པོར་རོ། །བསྡུ་བ་ནི་དེ་ལྟར་སོགས་སོ། །གསུམ་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ལ་གཉིས་ལས། ཐར་པ་དང་མཐུན་པར་གནས་པའི་ལམ་ནི་བྱང་ཆུབ་སེམས་དཔའི་གཟུགས་མེད་པའི་སྙོམས་འཇུག་གི་རྣམ་པར་ཐར་པ་བཞི་ནི་ཆོས་ཅན། ཐར་པ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ཡིན་ཏེ། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པའི་མིང་ཅན་སྙོམས་འཇུག་གི་སྒྲིབ་པའི་ནང་ཚན་ཞིག་ལས་གྲོལ་བའི་སྙོམས་འཇུག་ཡིན་པའི་ཕྱིར། གཉིས་པ་ཞི་བར་གནས་པའི་ལམ་ནི། བྱང་ཆུབ་སེམས་དཔའི་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པ་གཅིག་ནི་ཆོས་ཅན། ཞི་བར་གནས་པའི་ལམ་གྱི་རང་བཞིན་ཡིན་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་གང་ཞིག་རང་རྣམ་ཐར་དུ་འཇོག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བའི་ཕྱིར། བསྡུ་བ་ནི་དེ་ལྟར་ནའོ། །བརྒྱད་པོ་འདི་ཡང་ཐེག་ཆེན་གྱི་ལམ་སྐྱེ་མེད་ཀྱི་རྣམ་པ་དང་མཚུངས་པར་ལྡན་པའི་དབང་དུ་བྱས་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒྲས་གསུངས་པ་དང༌། ཉན་རང་ལས་ཁྱད་པར་དུ་དབྱེ་དགོས་པས་སོ། །བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ནི། བྱང་སེམས་འཕགས་པའི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་དང༌། འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དགུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། ཟག་མེད་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར། མངོན་པ་ནས་གསུངས་པའི་འགོག་སྙོམས་ཀྱི་ཡང་རྫས་ནི་ཡེ་ཤེས་སུ་གནས་པས་འདས་ལམ་དུ་མི་འགལ་ལོ། །ལྔ་པ་སྤོང་བའི་ལམ་ནི། ཡུལ་བདེན་པ་བཞིས་བསྡུས་པ། ངོ་བོ་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཅན་གྱི་བཟོད་པ་བཞི་ཆོས་ཅན། སྤོང་བའི་ལམ་ཡིན་ཏེ། བར་ཆད་མེད་པའི་ལམ་གྱི་རྣམ་པ་ཡིན་པའི་ཕྱིར། འདི་ཡང་ལམ་གསུམ་ཡར་ལྡན་དུ་སྐྱེས་པའི་ཆོས་བཟོད་བཞི་པོ་དེ་ལ་བཤད་དོ། །དྲུག་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཆོས་ཅན། སངས་རྒྱས་ཉིད་ཀྱི་ལམ་ཡིན་ཏེ། དེར་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་མཁྱེན་པ་ཡིན་པས་སོ། །གཉིས་པ་དོན་བསྡུ་བ་ནི། སྦྱོར་བ་སྒོམ་པ་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་ཏེ། གཞི་ལམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་བསྒོམ་བྱ་ཤེས་རྣམ་ནི་ཆོས་ཅན། སུམ་ཅུ་རྩ་བཞིར་གསུངས་པ་ཡིན་ཏེ་གཉེན་པོའི་ལམ་སོགས་དྲུག་ལ་ཕྱེ་བ་དེ་ལྟར་ནའོ། །གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་པ་ལ་བསྟན། བཤད། བསྡུ་གསུམ་ལས། དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཅན། འཕགས་པ་གཞན་དང་ཐུན་མོང་མ་ཡིན་པའི་ལམ་གཅིག་པུ་ཁོ་ན་ཡིན་ཏེ། ས་བཅུ་པ་མན་ཆད་ལས་རྟོགས་རིས་ཤིན་ཏུ་ཕུལ་དུ་བྱུང་བའི་ཁྱད་པར་ཅན་ཡིན་པའི་ཕྱིར། འོ་ན་སྔ་མ་གཉིས་ཀྱང་རྣམ་མཁྱེན་གྱི་རྣམ་པ་ཉིད་ལས་ཕྱེ་བའི་ཕྱིར། ཅིའི་ཕྱིར་ཐུན་མོང་མ་ཡིན་པར་མི་འགྱུར་ཞེ་ན། སངས་རྒྱས་ཀྱི་སའི་རྣམ་མཁྱེན་ལ་འཕགས་པ་གཞན་གཉིས་དང་རྟོགས་རིས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལྡོག་ཆ་ནས་ཐ་སྙད་བཏགས་པའོ། །བསྒོམ་བྱ་རྣམ་པ་ཡང་དེ་དང་འདྲ་སྟེ། འཕགས་པ་འོག་མའི་རྟོགས་རིས་ཡར་ལྡན་དུ་བསྐྱེད་པའི་ཤེས་རྣམ་དང༌། སྟོབས་སོགས་ཀྱི་རྣམ་པ་ཅན་གྱི་རིགས་རྒྱུན་སྔ་མའི་ལྡོག་པས་ཕྱེ་བའོ། །གཉིས་པ་བཤད་པ་ལ། བརྟེན་པ་ཡོན་ཏན་གྱི་དབྱེ་བ་དང༌། རྟེན་ཡེ་ཤེས་ཀྱི་རང་བཞིན་ནོ། །དང་པོ་ལ་སྟོབས་སོགས་བཞི་ལས། དང་པོ་སྟོབས་ཀྱི་རྣམ་པ་ནི་བཅུ་སྟེ། གང་ཞེ་ན། གནས་དང་གནས་མ་ཡིན་པ་མཁྱེན་པ་ནས་ཟག་པ་ཟད་པ་མཁྱེན་པའི་བར་རྣམས་སོ། །རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པ་ཡིན་ན་སྟོབས་བཅུ་པོ་ཡིན་དགོས་ཀྱང༌། དེ་དང་དེའི་རིགས་འདྲ་འཕགས་པ་གཞན་ལ་ཡོད་པ་ཙམ་གྱིས་སྟོབས་སོགས་ཐུན་མོང་བའི་རྣམ་པར་མི་འཇོག་པའི་དབྱེ་བ་ཕྱེད་དགོས་སོ། །གཉིས་པ་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། རང་དོན་དམ་བཅས་པ་ལ་མི་འཇིགས་པ་གཉིས་ནི། ང་ནི་སངས་རྒྱས་སོ་ཞེས་བདག་ཉིད་དེར་ཞལ་གྱིས་འཆེས་པ་དང༌། བདག་ཉིད་ཟག་པ་ཟད་པ་ཉིད་དུ་ཞལ་གྱིས་འཆེས་པ་ལ་རྒོལ་བ་པོ་མེད་པས་མི་འཇིགས་པའོ། །གཞན་དོན་དམ་བཅས་པ་ལ་མི་འཇིགས་པ་གཉིས་ནི། འདོད་ཆགས་ལ་སོགས་པ་ཐར་པ་ལ་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་དང༌། ཐམས་ཅད་ཤེས་པ་ཉིད་ལ་སོགས་པའི་ལམ་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཉིད་དུ་བརྗོད་པ་ལ་རྒོལ་བ་པོ་མེད་པའོ། །གསུམ་པ་སོ་སོ་ཡང་དག་པར་རིག་པའི་རྣམ་པ་ནི་བཞི་སྟེ། གོ་རིམ་བཞིན་དུ་མིང་གི་རྣམ་གྲངས་མ་ལུས་པ་མཁྱེན་པ་ནི་ཆོས་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ལུས་པར་མཁྱེན་པ་ནི་དོན་དང༌། ཡུལ་སོ་སོའི་སྐད་ཐོགས་མེད་དུ་མཁྱེན་པ་ནི་ངེས་པའི་ཚིག་དང༌། རྫས་ཡོད་དང་བཏགས་ཡོད་ལ་སོགས་པའི་ཆོས་ཀྱི་རབ་ཏུ་དབྱེ་བ་ཐོགས་མེད་དུ་མཁྱེན་པ་ནི་སྤོབས་པ་སོ་སོའི་ཡང་དག་པར་རིག་པའོ། །བཞི་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་གཉིས་ལས། བཤད་པ་ལ་བཞི་ལས། དང་པོ་སྤྱོད་པ་མ་འདྲེས་པ་རྣམ་པ་དྲུག་སྟེ། གང་ཞེ་ན། སྐུ་ལ་འཁྲུལ་པ་དང༌། གསུང་ལ་ཅ་ཅོ་དང༌། ཐུགས་དྲན་པ་ཉམས་པ་དང་མཉམ་པར་མ་བཞག་པ་དང༌། བླང་དོར་ཐ་དད་པ་ཉིད་ཀྱི་འདུ་ཤེས་དང༌། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་རྣམས་སོ། །རྟོགས་པ་མ་འདྲེས་པ་ནི་རྣམ་པ་དྲུག་སྟེ། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་རྣམས་སོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུ་དང༌། གསུང་དང༌། ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་སོ། །བསྡུ་བ་ནི་དེ་ལྟར་ན་སོགས་སོ། །གཉིས་པ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་རྣམ་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་པའོ། །གཉིས་པ་རང་བྱུང་གི་རྣམ་པ་ནི། གཞན་ལ་རག་མ་ལས་པར་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་རང་བྱུང་གི་ཡེ་ཤེས་མཐར་ཐུག་གོ །སངས་རྒྱས་ཉིད་ཀྱི་རྣམ་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཀྱི་རྣམ་པ་དང་གསུམ་མོ། །གསུམ་པ་ནི་དེ་ལྟར་ན་སོགས་ཏེ། འདིར་ལམ་གྱི་རྟེན་ཅན་ཞེས་པ་ནི། སྤྱིར་ལམ་བདེན་གྱི་རྣམ་པ་དང༌། བྱེ་བྲག་ཏུ་སངས་རྒྱས་ཀྱི་སའི་རྣམ་མཁྱེན་གྱི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་ལ་དགོངས་པའོ། །གསུམ་པ་མཇུག་བསྡུ་བ་ལ་གཉིས་ལས་ངོ་བོའི་སྒོ་ནས་སོ་སོའི་དོན་བསྡུ་བ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉི་ཤུ་རྩ་བདུན་གྱི་ནང་ནས་མངོན་པ་ནས་གསུངས་པའི་བཅུ་དྲུག་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་ནི་ཆོས་ཅན། གོ་རིམ་བཞིན་དུ་ཟག་པ་མེད་པ་ཡིན་ཏེ། མཉམ་གཞག་ཏུ་ཉོན་སྒྲིབ་ཀྱི་གཉེན་པོར་ཆེད་དུ་གཉེར་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། རྣམ་པ་ཉེར་བདུན་པོ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ནི་ཆོས་ཅན། ཟག་པ་དང་བཅས་པ་དག་ཀྱང་ཡིན་ཏེ། ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཁོ་ནའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སོ་དྲུག་ནི་ཆོས་ཅན། ཟག་པ་དང་བཅས་པ་ཁོ་ན་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་མི་སྤོང་ཞིང་མ་སྤངས་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་བརྒྱ་དང་བཅུ་ནི་ཆོས་ཅན། ཟག་པ་མེད་པ་དག་ཁོ་ན་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཤིན་ཏུ་སྤངས་པས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར། དེ་ནི་བསྒོམ་བྱ་རྣམ་པ་དངོས་སུ་བཤད་དཀའ་བས་རྣམ་པ་བརྒྱ་དང་བཅུ་པའི་རྟེན་དུ་གྱུར་པའི་ལམ་གྱི་བདེན་པ་ནི་ཆོས་ཅན་དུ་བཟུང་ན་ལེགས་སོ། །གྲངས་ཀྱི་སྒོ་ནས་ཐུན་མོང་གི་དོན་བསྡུ་བ་ནི། རྣམ་པ་ཞེས་སོགས་སོ། །གཉིས་པ་སྒོམ་པ་པོའི་གང་ཟག་བཤད་པ་ལ། གསུམ་ལས། མཚམས་སྦྱར་བ་ནི། སྦྱོར་བ་ཁྱད་པར་ཅན་དག་གིས་ཞེས་སོགས་ཏེ། ཁྱད་པར་ཅན་ཞེས་པ་སྐྱེ་མེད་གསུམ་པོ་ཙམ་ཡུལ་དུ་བྱེད་པའི་སྤྱིའི་སྒྲུབ་པ་ལས་བཀར་བ་ཡིན་གྱི། དག་པའི་ཡེ་ཤེས་ལ་ངོས་འཛིན་པ་མ་ཡིན་ནོ། །རྩ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་བཀའ་སྩལ་པ། ཡུམ་འདི་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དང་དགེ་བའི་རྩ་བ་བསྐྲུན་པའོ། །ཞེས་སོགས་ཀྱི་མདོ་ཚན་བཞི་ཆོས་ཅན། འདིར་བསྟན་གྱི་རྣམ་པ་སྒོམ་པ་པོ་སོགས་ཀྱི་རྟེན་ངོས་བཟུང་བ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི་ཚེ་རབས་སྔ་མ་འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་སྤྱིར་དགེ་བའི་རྩ་བ་བསྐྲུན་ཞིང་སྦྱངས་པ་དང་ལྡན། ཚེ་འདིར་དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་ནི་ཆོས་ཅན། རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་མཚན་ཉིད་ཅན་གྱི་ཡུམ་འདིའི་གཞུང་ཉན་པའི་སྣོད་ཡིན་ཏེ། དེ་ཡིན་པར་ཡུམ་གསུང་བ་པོ་སངས་རྒྱས་དང༌། སོགས་པ་ཡུམ་ཞུ་བ་པོ་རྣམས་ཀྱིས་བཞེད་པའི་ཕྱིར། དེ་བཞིན་དུ་སྔོན་དེ་བཞིན་གཤེགས་པ་རྣམས་ལ་ལུས་ལ་སོགས་པའི་བསྙེན་བཀུར་གྱིས་མཉེས་པར་བྱས་པ་དང༌། ཚེ་འདིར་སོགས་དང༌། སྔོན་སངས་རྒྱས་རྣམས་ལ་ཐེ་ཚོམ་གྱི་དོན་འདྲི་བ་དང༌། ཚེ་འདིར་སོགས་དང༌། སྔོན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དང་ལྡན། ཚེ་འདིར་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དག་གིས་བྱིན་གྱིས་བརླབས་པ་རྣམས་ནི་ཆོས་ཅན། གོ་རིམ་བཞིན་དུ་ཡུམ་འདིའི་གཞུང་འཛིན་པ་དང༌། དོན་མི་བརྗེད་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་ཏེ། དེ་ལྟར་དུ་སངས་རྒྱས་ལ་སོགས་པས་བཞེད་པའི་ཕྱིར། ད་ལྟར་ཡུམ་ཚུལ་བཞིན་དུ་ཉན་པ་ལ་སོགས་པར་བྱེད་པའི་གང་ཟག་ལྷས་སྦྱིན་ཆོས་ཅན། གཞུང་རྩ་བས་བསྟན་པའི་རྒྱུ་ཚོགས་འདི་དག་སྔོན་དུ་སོང་བ་ཡིན་ཏེ། ད་ལྟར་དགེ་བའི་བཤེས་གཉེན་ལ་ཡུམ་ཉན་པ་ལ་སོགས་པར་དམིགས་པའི་ཕྱིར། གསུམ་པ་ཡུལ་ཅན་སྦྱོར་བའི་དབྱེ་བ་བཤད་པ་ལ་གསུམ་ལས། དང་པོ་ནི་དེ་ལྟར་སོགས་དང༌། རྩ་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ། གཟུགས་ལ་གནས་པར་མི་བྱེད་དེ། དེ་ལྟར་མི་བྱེད་པ་དེ་ནི་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱི་མདོ་ཚིག་ཉི་ཤུ་ཆོས་ཅན། ཐེག་ཆེན་སྦྱོར་བ་ཙམ་གྱི་དབྱེ་བ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གཉིས་ལས། རྒྱས་པར་བཤད་པ་ལ། རང་བཞིན་གྱི་སྦྱོར་བ་ལྔར་ཕྱེ་བ་དང༌། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔར་ཕྱེ་བའོ། །དང་པོ་ལ་གཟུང་འཛིན་གཉིས་མེད་ཀྱི་དབྱེ་བས་གཉིས་སུ་བསྡུ་བ་དང༌། སྐྱེ་མེད་གསུམ་གྱི་དབྱེ་བས་གསུམ་དུ་བསྡུ་བའོ། །དང་པོ་ནི། ཡུལ་གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་གང་དུ་ཡང་གནས་བྱར་མ་གྲུབ་པ་ཉིད་དུ་རྟོགས་པ་ནི། གྲངས་བཞིན་དུ་རྩ་བར་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ཞེས་བསྟན་པ་དེ་ལ་གཟུགས་སོགས་དེ་དག་ལ་ངོ་བོ་ཉིད་མེད་པས་ཅིར་ཡང་མི་སྦྱོར་བ་ཉིད་སྦྱོར་བར་རྟོགས་པའི་རྣལ་འབྱོར་ལ། རྩ་བར་མི་སྦྱོར་བའི་སྦྱོར་བ་ཞེས་པའི་མིང་གིས་བསྟན་པ་སྟེ། ཐེག་ཆེན་སྦྱོར་བའི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སུ་མཚོན་པའོ། །གཉིས་པ་ནི། གཟུགས་ལ་སོགས་པ་གནས་ཚུལ་ལ་དེ་བཞིན་ཉིད་ཀྱི་ངོ་བོར་གནས་པས། ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པར་རྟོགས་པའི་རྣལ་འབྱོར་གསུམ་ལ་ནི། རྩ་བར་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པའི་སྦྱོར་བ་ཞེས་པའི་མིང་གིས་བསྟན་པ་སྟེ། གཞི་སྐྱེ་མེད་དུ་རྟོགས་པས་ཟབ། ལམ་སྐྱེ་མེད་དུ་རྟོགས་པས་གཏིང་དཔག་དཀའ། རྣམ་པ་སྐྱེ་མེད་དུ་རྟོགས་པས་ཚད་མེད་ཅེས་ལྡོག་པས་འབྱེད་ལ། ལྔ་པོ་འདི་འོག་མ་བཅོ་ལྔར་མ་ཟད་རྣམ་ཀུན་སོགས་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་བས་མདོར་བསྟན་པ་ཡིན་ནོ། །གཉིས་པ་གནས་སྐབས་ཀྱི་སྦྱོར་བ་ལ་དོན་དང་མིང་གོ་རིམ་བཞིན་དུ་སྦྱར་ན་བྱང་སེམས་སོ་སྐྱེའི་སྒྲུབ་པ་ལྟ་བུར་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་རྣལ་འབྱོར་ལ་ནི། རྩ་བར་ཚེགས་ཆེན་པོས་ཡུན་རིང་མོ་ཞིག་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་སྦྱོར་བ་དང༌། དྲོད་སོགས་བཞི་ལ་མདོ་ལས་གསུངས་པའི་ཤེར་ཕྱིན་ལ་མི་སྐྲག་པ་སོགས་བཞི་ལ་རྒྱན་དུ་ལུང་བསྟན་པ་ལ་སོགས་པའི་མིང་གིས་བསྟན་པའི་སྒྲུབ་པ་བཞི་དང༌། མཐོང་ལམ་དུ་ཟག་པ་མེད་པའི་ཆོས་གསར་དུ་སྐྱེས་པ་ལ་བྱང་ཆུབ་ལ་ཉེ་བའི་མིང་གིས་བསྟན་པ་དང༌། ས་གཉིས་པ་ནས་བདུན་པའི་བར་དུ་ཆོས་ཀྱི་སྐུ་མངོན་པར་འགྲུབ་པ་ལ་མྱུར་དུ་བྱང་ཆུབ་པའི་མིང་གིས་བསྟན་པ་དང༌། ས་བརྒྱད་པར་གཞན་དོན་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་ལྔ་ལ་གཞན་གྱི་དོན་སོགས་ལྔའི་མིང་གིས་བསྟན་པ་དང༌། ས་དགུ་པར་འབྲས་བུ་དང་པོ་སོགས་མཐོང་བ་དང༌། ས་བཅུ་པར་གཟུགས་སོགས་དག་པའི་རྣལ་འབྱོར་ལ་ནི་འབྲས་བུ་རིན་པོ་ཆེ་སྦྱིན་པའི་དང༌། རྣམ་པར་དག་པའི་སྦྱོར་བ་ཞེས་པའི་མིང་ཅན་དང༌། ལོ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བའི་སྒྲུབ་པ་དང་ལྡན་པའི་རྣལ་འབྱོར་ལ་ནི་ས་མཚམས་ཀྱི་སྦྱོར་བ་ཞེས་བསྟན་ནོ། །བསྡུ་བ་ནི། དེ་ལྟར་རྣམ་པ་བཅོ་ལྔ་སྟེ་སོགས་སོ། །བཞི་པ་སྔོན་འགྲོའི་ཆོས་ལ་གསུམ་སྟེ། བླང་བར་བྱ་བ་ཡོན་ཏན། དོར་བར་བྱ་བ་སྐྱོན། ཤེས་པར་བྱ་བ་མཚན་ཉིད་དོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཡོན་ཏན་མཐོང་བ་ཞེས་སོགས་སོ། །རྩ་བ་ནི། ཤཱ་རིའི་བུས་གསོལ་པ་ཡུམ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཡོན་ཏན་གྱི་རྣམ་པ་ནི་གང་ཞིག་འཐོབ་པ་ལགས། ཞེས་པའི་ལན་གྱི་མདོ་ཚན་བཅུ་བཞི་ཆོས་ཅན། ཐེག་ཆེན་གྱི་སྦྱོར་བ་བསྒོམས་པ་ལས་ཕྱུང་བའི་ཡོན་ཏན་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། འདིར་བསྟན་གྱི་ཡོན་ཏན་རྣམ་པ་བཅུ་བཞི་ཡིན་ནོ། །བཅུ་བཞི་པོ་གང་ཞེ་ན། རྒྱུ་འབྲས་གྲངས་བཞིན་དུ་སྦྱར་བ་ནི། རྣམ་པ་ཕྱིན་ཅི་མ་ལོག་པ་སྒོམ་པ་ལ་མངོན་པར་དགའ་བའི་བྱང་སེམས་ཆོས་ཅན། བདུད་ཀྱི་སྡེ་བཅོམ་པའི་ཡོན་ཏན་འབྱུང་སྟེ། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཐོབ་པའི་ཕྱིར། དེ་ཆོས་ཅན་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་དང༌། སངས་རྒྱས་ཀྱི་མངོན་སུམ་དུ་མཛད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དང༌། སངས་རྒྱས་དང་ཕྲད་པ་སོགས་ཀྱི་དོན་ཆེན་པོ་ཉིད་འཐོབ་པ་དང༌། ཤེར་ཕྱིན་དར་བའི་ཡུལ་ཕྱོགས་དཔྱད་པའི་ཡོན་ཏན་འབྱུང་སྟེ། ད་ལྟ་སངས་རྒྱས་ཀྱིས་དགོངས་པ་དང༌། དེའི་ཡེ་ཤེས་ཀྱིས་གཟིགས་པ་དང༌། རྫོགས་བྱང་ལ་ཉེ་བར་གྱུར་པ་དང༌། ལུང་ལ་བརྟེན་པའི་ཕན་ཡོན་ཆེན་པོ་འཐོབ་པ་དང༌། ད་ལྟ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པའི་ཕྱིར། དེ་ཆོས་ཅན་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་བ་དང༌། ཆོས་སྨྲ་བའི་སྐྱེས་བུ་ཉིད་དུ་འགྱུར་བ་དང༌། བདུད་ཀྱིས་མི་ཕྱེད་པ་ཉིད་དང༌། དགེ་བའི་རྩ་བ་ཉན་རང་དང་ཐུན་མོང་མ་ཡིན་པ་སྐྱེ་བ་དང༌། དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབ་པ་དང༌། འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་དང༌། སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་སྒྲུབ་པ་དང༌། ཤེར་ཕྱིན་གྱི་ཚིག་དང་དོན་ངེས་པར་འཐོབ་པ་ཞེས་བྱ་བའི་ཡོན་ཏན་འབྱུང་སྟེ། ད་ལྟར་གཉེན་པོའི་ཕྱོགས་ཡོངས་སུ་རྫོགས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏམ་བརྗོད་པ་དང༌། དེ་བཞིན་གཤེགས་པས་གྲོགས་མཛད་པ་དང༌། ཐེག་ཆེན་གྱི་ཆོས་ལ་དགའ་བ་རྒྱ་ཆེན་པོ་བསྐྱེད་པ་དང༌། བྱང་སེམས་དེའི་དམ་བཅའ་བའི་ཚིག་ལ་ཡི་རང་བ་དང༌། ཐེག་པ་ཆེན་པོའི་ཆོས་ཟབ་མོ་མངོན་པར་འདོད་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་སྤྲོ་བ་དང༌། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྙེད་པ་ཞེས་བྱ་བ་ཐོབ་པའི་ཕྱིར། གཉིས་པ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་བར་ཆད་ཀྱི་ཆོས་ནི་གང་ཞིག་ལགས་ཞེས་པའི་ལན་དུ་གསུངས་པའི་མདོ་ཚིག་བཞི་བཅུ་རྩ་དྲུག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། གཉིས་ཏེ། བསལ་བྱ་སྐྱོན་དང༌། སེལ་བྱེད་གཉེན་པོའོ། །དང་པོ་ལ་གསུམ་སྟེ། རང་ལ་བརྟེན་པའི་འགལ་རྐྱེན་ཉི་ཤུ། མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་མོ། །དང་པོ་ནི་ཚེགས་ཆེན་པོ་ནས་བཅུ་ཚན་གཉིས་པའི་བར་ཡིན་ལ། གཉིས་པ་ལ་གྲངས་བཞིན་དུ་ནས་བཅུ་ཚན་བཞི་པའི་བར་ཉི་ཤུ་དང༌། དེ་བཞིན་དུ་ཞེས་སོགས་གསུམ་མོ། །གཞན་ལ་བརྟེན་པ་གསུམ་ནི། ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་དང༌། བྱང་ཆུབ་ཀྱི་ལམ་ལྟར་བཅོས་མ་ཉེ་བར་སྒྲུབ་པ་དང༌། གུས་པ་བསྐྱེད་པའི་ཡུལ་ཇི་ལྟ་བ་མ་ཡིན་པ་ཞེས་སོགས་ཏེ། དེ་ལྟར་ན་སོགས་ནི། མདོ་ལས་གསུངས་པ་རྣམས་གྲངས་ཞེ་དྲུག་ཏུ་བསྡུས་པའོ། །གཉིས་པ་ནི། ཡུམ་ལ་སྤྱོད་པའི་ཚེ་བར་ཆད་དེ་ལྟར་གླགས་ལྟ་བ་ཡོད་ཀྱང༌། ཚུགས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །ཅེས་དང༌། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་བརླབས་ཅན། །ཞེས་གསུངས་པས་སོ། །གསུམ་པ་ལ་གསུམ་སྟེ། སྤྱིའི་མཚམས་སྦྱར། ངོ་བོ་མདོར་བསྟན། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི་གོ་རིམ་བཞིན་དུ། ཞེས་སོགས་ཏེ། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཤེས་པ་སྔོན་དུ་མ་སོང་བར་མཚན་གཞི་ཐེག་ཆེན་གྱི་སྦྱོར་བ་ངོས་མི་ཟིན་པས་ཐོག་མར་དེའི་མཚན་ཉིད་ཤེས་པ་སྔོན་དུ་འགྲོ་དགོས་པའི་དོན་ནོ། །གཉིས་པ་ནི་སྤྱིར་མཚན་ཉིད་ཀྱི་སྒྲ་འཇུག་པའི་ཡུལ་ནི་གཉིས་ཏེ། གང་གིས་མཚོན་པར་བྱེད་པའི་མཚན་ཉིད་དོན་བྱེད་ནུས་པ་ལྟ་བུ་དང༌། དེས་གང་མཚོན་པར་བྱ་བའི་གཞི་དངོས་པོ་ལྟ་བུའོ། །དང་པོ་ནི། ཤེས་པ་དང་ཁྱད་པར་དང་བྱེད་པའི་མིང་ཅན་གསུམ་སྟེ། མཚན་གཞི་ཐེག་ཆེན་གྱི་སྦྱོར་བ་གཅིག་ལ་ལྡོག་པས་གསུམ་དུ་ཕྱེ་བའོ། །དེ་དག་ནི་རྐང་པ་དང་པོ་གཉིས་ཀྱིས་བསྟན་ལ། གཉིས་པ་ནི་མཚན་གཞི་ཐེག་ཆེན་གྱི་སྦྱོར་བ་ཙམ་དང༌། སོ་སོར་ཕྱེ་ན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་སོགས་གསུམ་སྟེ། རྐང་པ་བཞི་པས་བསྟན་ནོ། །གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ཏེ་ཞེས་དང༌། རང་གི་གདུལ་བྱ་ལ་ཕན་བདེ་སྐྱོབ་པ་སོགས་ཀྱི་མཛད་པ་ཉེ་བར་སྒྲུབ་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ཏེ། དེ་ཐུན་མོང་མ་ཡིན་པར་མཚོན་བྱེད་ཡིན་པའི་ཕྱིར། ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། ཐེག་ཆེན་གྱི་ལམ་ཤེས་དང་རྣམ་མཁྱེན་སྦྱོར་བ་གཉིས་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པའི་སྦྱོར་བར་མཚོན་ནུས་ཡིན་པའི་ཕྱིར། ཞེས་རྐང་པ་གསུམ་གྱི་དང༌། ཐེག་ཆེན་གྱི་མཁྱེན་གསུམ་གྱི་སྦྱོར་བ་གསུམ་པོ་ཆོས་ཅན། ཐེག་ཆེན་སྦྱོར་བའི་མཚན་གཞི་ཡིན་ཏེ། སྐྱེ་མེད་རྣམ་གསུམ་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་སོགས་གསུམ་གྱིས་ཐེག་ཆེན་སྦྱོར་བ་མཚོན་པར་བྱེད་པའི་གཞི་དང་ཆོས་ཅན་དུ་གྱུར་པ་ཡིན་པས་སོ། །ཞེས་པ་ནི་རྐང་པ་བཞི་པའི་འོ། །འགྲེལ་པ་ལ་འདིས་ཐེག་ཆེན་གྱི་སྦྱོར་བ་རྣམས་མཚོན་པར་བྱེད་པས་ན་མཚན་ཉིད་དེ། དབྱེ་ན་རྟོགས་པའི་ཆ་ནས་ཤེས་པ་དང༌། གཞན་ལས་ལྷག་པའི་ཆ་ནས་ཁྱད་པར་དང༌། གཞན་དོན་བྱེད་པའི་ཆ་ནས་མིང་དུ་བཏགས་པ་བྱེད་པ་སྟེ་མཚན་ཉིད་གསུམ་མོ། །གསུམ་པོ་དེས་མཚོན་པར་བྱ་བའི་གཞི་ཡིན་པས་ན། ངོ་བོ་ཉིད་ཀྱི་མཚན་ཉིད་དེ། ལས་སྒྲུབ་ཀྱི་དབང་དུ་བྱས་པ་ནི་ཐེག་ཆེན་སྦྱོར་བ་ཙམ་དང༌། དེ་ལས་ཕྱེ་ན་གཞི་ཤེས་ཀྱི་སྦྱོར་བ་སོགས་གསུམ་མོ། །འདིར་མཚན་ཉིད་ཀྱི་མིང་བཏགས་པ་ནི། མཚོན་བྱེད་གསུམ་པོ་དང༌། མཚན་གཞི་གསུམ་པོ་ལ་ཡིན་གྱི། མཚན་མཚོན་གཞི་གསུམ་དུ་གྲགས་པའི་མཚོན་བྱ་ནི་འདིར་དངོས་སུ་བཤད་པ་མེད་དོ། །དེའི་ཕྱིར་གོང་འོག་རྣམས་སུ་མཚོན་པར་བྱེད་པས་ན་ཞེས་གསུངས་པ་དེའི་མཚོན་ཚུལ་ནི་མཁྱེན་གསུམ་གྱི་སྦྱོར་བ་སོ་སོ་བ་མཚན་གཞིར་བཞག་ནས། ཐེག་ཆེན་གྱི་སྦྱོར་བ་ཙམ་དུ་མཚོན་པ་ལ་བཤད་མ་ཐག་པའི་ཤེས་ཁྱད་བྱེད་གསུམ་མཚན་ཉིད་དུ་འགོད་པ་དང༌། ཟབ་པའི་སྦྱོར་བ་སོགས་གསུམ་པོ་སོ་སོ་བ་མཚན་གཞིར་བཞག་ནས་མཁྱེན་གསུམ་གྱི་སྦྱོར་བར་རེ་རེ་ནས་མཚོན་པ་ལ། རང་རང་གི་སྐབས་ནས་བཤད་པའི་ཤེས་ཁྱད་བྱེད་པ་གསུམ་མཚན་ཉིད་དུ་བཀོད་ནས་མིང་དོན་གྱི་འབྲེལ་པ་གོ་བྱེད་དུ་གསུངས་པ་ཡིན་གྱི། བོད་ཀྱི་མཚོན་སྦྱོར་འགོད་ལུགས་ལྟར་དེ་དང་དེའི་ཐ་སྙད་བྱ་རུང་དུ་མཚོན་ཞེས་པ་ལྟ་བུ་ནི། ལུགས་འདི་ལ་ཡོད་པ་མ་ཡིན་ཏེ། གཞི་མཚན་གཉིས་ལས་ལོགས་སུ་མཚོན་བྱ་བཏགས་ཡོད་ཀྱི་བཤད་པ་མ་བཤད་པས་སོ། །གསུམ་པ་ལ་གསུམ་སྟེ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པ་དང༌། ལས་སྒྲུབ་ཀྱི་དབང་དུ་བྱས་པ་དང༌། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཤེས་མཚན་གྱི་དང༌། ཁྱད་མཚན་གྱི་དང༌། བྱེད་མཚན་གྱི་རྣམ་གཞག་བཤད་པའོ། །དང་པོ་ལ་གཞི་ཤེས་ཀྱི་དང༌། ལམ་ཤེས་ཀྱི་དང་རྣམ་མཁྱེན་གྱི་ཤེས་མཚན་བཤད་པའོ། །དང་པོ་ལ་གསུམ་ལས་སྤྱིའི་མཚམས་སྦྱར་བ་ནི། དེ་ལ་ཞེས་སོགས་དང༌། བྱེ་བྲག་གི་མཚམས་སྦྱར་བ་ནི་རེ་ཤིག་སོགས་སོ། །རྩ་བ་ལ། རབ་འབྱོར་ཀྱིས་གསོལ་པ། ཡུམ་འདི་ནི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པའོ། །འཇིག་རྟེན་སྟོན་པར་མཛད་པའོ། །ཞེས་བཀའ་སྩལ་ན། ཇི་ཙམ་གྱིས་ན་དེ་བཞིན་གཤེགས་པ་བསྐྱེད་པ་སོགས་ཡིན། ཞེས་ཞུས་པའི་ལན་གྱི་མདོ་ཚན་བཅུ་དྲུག་ཆོས་ཅན། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་བསྟན་པ་ཡིན་ཏེ། ཞེས་སོགས་སྦྱར། འགྲེལ་པ་ལ་མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ནི། མདོའི་དངོས་བསྟན་ལྟར་ན། ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བ་དང༌། འཇིག་རྟེན་འཇིག་པ་མེད་པ་ལ་སོགས་པར་རྟོགས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ནས། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་བཅུ་དྲུག་པོ་ཉིད་ཤེས་མཚན་གྱི་མཚན་གཞིར་གསུངས་ལ། རྩ་འགྲེལ་ལྟར་ན་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་གིས་ཞེས་བཤད་པས་ཐེག་ཆེན་སྦྱོར་བའི་ཤེས་པའི་རྣམ་པ་ཉིད་དུ་གསུངས་པས་བྱང་སེམས་ཀྱི་མཁྱེན་པ་ཉིད་དུ་བཤད་ཅིང༌། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དུ་འཆད་པའང་བསྟན་བཅོས་ཀྱི་ལུགས་ཡིན་པས་རྫས་ཐ་དད་པ་མཚན་ཉིད་དུ་མི་རིགས་པའི་ཕྱིར། བྱང་སེམས་ཀྱི་མཁྱེན་པའི་ཆ་ནས་འཛིན་དགོས་པ་དང༌། དེ་ཡང་གཞི་ཤེས་ཀྱི་ལྡོག་ཆ་ནས་བཤད་པས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་པ་ཡར་ལྡན་གྱི་ཆ་ནས་ངོས་འཛིན་དགོས་ཏེ། ཐེག་ཆེན་གྱི་སྦྱོར་བ་འཆད་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་མཚོན་ཚུལ་ནི། དེ་ལྟ་ན་ཡང་ཤེས་མཚན་དང་པོའི་སྐབས་འདིར་གཞི་ཤེས་ཀྱི་སྦྱོར་བ་ཙམ་གྱི་མཚོན་ཚུལ་སྒྲས་ཟིན་ལ་འཆད་དགོས་པ་ཡིན་ཏེ། ཤེས་པའི་མཚན་ཉིད་སྤྱིར་བརྗོད་ནས་ཞེས་པ་དེའི་དགོངས་པ་ལ་བརྟག་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན་བསྟན་བཅོས་ཀྱི་དགོངས་པ་ནི་འདི་ལྟར། རང་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། འདིར་བསྟན་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཟབ་པའི་སྦྱོར་བ་དེ་འདིར་བསྟན་གྱི་གཞི་ཤེས་སྦྱོར་བར་མཚོན་པ་ལ་ཁྱོད་མཚན་ཉིད་དུ་བཀོད་པ་དེ་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚོན་སྦྱོར་སྐྱོན་མེད་ཡིན་པའི་ཕྱིར། ཞེས་ལྷག་མ་རྣམས་ལའང་སྦྱར་བ་དང༌། མདོའི་དངོས་བསྟན་ལྟར་ན། དེ་བཞིན་གཤེགས་པས་ཡུམ་གཞི་ཤེས་ལ་བརྟེན་ནས། དེ་བཞིན་གཤེགས་པ་འབྱུང་བ་སོགས་རྟོགས་པའི་ཡེ་ཤེས་བཅུ་དྲུག་ཆོས་ཅན། གཞི་ཤེས་སྦྱོར་བའི་ཤེས་མཚན་དུ་གསུངས་པ་ལ་རྒྱུ་མཚན་དང་དགོས་པ་ཡོད་དེ། དེར་གསུངས་པ་ལ་བརྟེན་ནས་འདིར་བསྟན་གཞི་ཤེས་ཀྱི་སྦྱོར་བ་དེ་རང་དོན་རྟོགས་པ་ཕུན་ཚོགས་ཀྱི་རྒྱུ་ཡིན་པ་ལྟར། དེའི་རྒྱུ་ཉིད་དུ་རྗེས་འཇུག་གི་གདུལ་བྱས་གོ་བར་བྱ་བའི་ཆེད་ཡིན་པས་སོ། །འགོད་ཚུལ་འདི་བཞིན་ཤེས་མཚན་ཕྱི་མ་གཉིས་ཀྱི་སྐབས་སུ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་འཇིག་རྟེན་འཇིག་པ་མེད་པ་ཉིད་དུ་རྟོགས་པའི་དང༌། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཤེས་པའི་དང༌། སེམས་ཅན་གྱི་སེམས་ནང་དུ་བསྡུས་པ་དང༌། དེའི་སེམས་ཕྱི་རོལ་ཏུ་གཡེངས་པ་དང༌། དེའི་སེམས་མི་ཟད་པའི་རྣམ་པ་དང༌། དེའི་སེམས་འདོད་ཆགས་དང་བཅས་པ་དང༌། རྩ་བར་སོགས་པ་ཞེས་པའི་སྒྲས་བསྡུས་པ་སེམས་འདོད་ཆགས་དང་བྲལ་བ་དང༌། སེམས་རྒྱ་ཆེན་པོ་པ་དང༌། སེམས་ཆེན་པོར་གྱུར་པ་དང༌། སེམས་ཚད་མེད་པ་དང༌། སེམས་བསྟན་དུ་མེད་པ་དང༌། སེམས་བལྟར་མེད་པ་དང༌། སེམས་གཡོ་བ་དང༌། འདུ་བ་དང༌། བཀྲམ་པ་སོགས་འཁྲུལ་གཞིའི་ཕུང་པོ་ལྔ་ལ་བརྟེན་ནས་བདག་ཏུ་འཁྲུལ་པར་ཤེས་པ་དང༌། གཡོ་བ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་དུ་ཤེས་པ་དང༌། དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་དང༌། གཞན་ལ་བསྟན་པ་དང༌། བརྡར་བཏགས་པ་ཞེས་བྱ་བ་སྟེ་བཞི་པོ་གཅིག་ཏུ་བྱས་པ་འདི་རྣམས་ཀྱི་ཤེས་པའི་རྣམ་པའི་བྱེ་བྲག་བཅུ་དྲུག་ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བར་བསྡུས་པ་རྣམས་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་བསྡུས་པའི་སྦྱོར་བའི་ཤེས་པའི་མཚན་ཉིད་དུ་གསུངས་པ་ཡིན་ཏེ། ཟབ་པའི་སྦྱོར་བ་དེ་ལྟར་གཞི་ཤེས་ཀྱི་སྦྱོར་བར་མཚོན་བྱེད་ཡིན་པའི་ཕྱིར་ཏེ། གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་རྟོགས་རིས་ཡར་ལྡན་དུ་གྱུར་པའི་ཤེས་རྣམ་ཡིན་པའི་ཕྱིར། གཉིས་པ་ལམ་ཤེས་སྦྱོར་བའི་ཤེས་མཚན་བཤད་པ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། རྩ་བ་ནི། དེ་ནས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་གསོལ་པ། ཡུམ་ཟབ་པར་གསུངས་པ་དེ་ཇི་ལྟ་བུ་ཞེས་ཞུས་པའི་ལན་དུ་ཟབ་པ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཞེས་སོགས་ཀྱི་མདོ་ཚན་བཅུ་དྲུག་ཆོས་ཅན། ལམ་ཤེས་སྦྱོར་བའི་ཤེས་མཚན་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་གཉིས་ལས། དང་པོ་ནི། སྦྱོར་བ་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པ་ཅན་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། རྩ་བར་སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ། ཀུན་ནས་ཉོན་མོངས་པ་མེད་པའི་དང༌། རྣམ་པར་བྱང་བ་མེད་པའི་དང༌། དངོས་པོ་མེད་པའི་དང༌། ཆོས་ཀྱི་དབྱིངས་སྙིང་པོ་ཉིད་ཀྱི་དང༌། འདུས་བྱས་ཀྱི་རྟེན་མེད་པའི་དང༌། འགྱུར་བ་མེད་པས་ན་ནམ་མཁའི་མཚན་ཉིད་ཅན་ཏེ་དྲུག་དང༌། ཆོས་ཉིད་ལྷ་དང་མི་ལ་སོགས་པས་རྣམ་པར་དཀྲུག་ཏུ་མེད་པ་དང༌། རྒྱུས་འདུ་མི་བྱེད་པ་དང༌། གང་དུ་ཡང་རྣམ་པར་མི་རྟོག་པ་དང༌། ཐ་སྙད་ཀྱིས་མཚོན་དུ་མེད་པས་ན་མཚན་ཉིད་མེད་པའི་རྣམ་པ་ཅན་ཞེས་བྱ་བ་རྣམས་སོ། །གཉིས་པ་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་ཤེས་པའི་རྣམ་པའི་ཁྱད་པར་ལམ་ཤེས་པ་ཉིད་ཀྱི་རྟོགས་རིས་སུ་བསྡུས་པ་བཅུ་དྲུག་ཆོས་ཅན། གཏིང་དཔག་དཀའ་བའི་སྦྱོར་བ་དེ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་ཏུ་མཚོན་པར་བྱེད་པ་ཡིན་པའི་ཕྱིར་ན་ལམ་ཤེས་སྦྱོར་བའི་མཚན་ཉིད་དོ། །ཡང་བཅུ་དྲུག་པོ་དེ་ཆོས་ཅན། ཁྱོད་ལ་ལམ་ཤེས་སྦྱོར་བའི་ཤེས་མཚན་ཞེས་གསུངས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལམ་ཤེས་སྦྱོར་བའི་མཚོན་བྱེད་དུ་བཞག་པ་ལ་བརྟེན་ནས་སྦྱོར་བ་དེ་རང་དོན་རྟོགས་པ་ཕུན་ཚོགས་ཀྱི་རྒྱུ་ཉིད་དུ་གོ་ནུས་པའི་ཕྱིར། གསུམ་པ་ལ་མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། དེ་བཞིན་གཤེགས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ལ་གནས་པའོ། །ཞེས་སོགས་ཀྱི་མདོ་ཚན་བཅུ་དྲུག་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་གཉིས་ལས། མཚན་ཉིད་ཀྱི་དབྱེ་བ་ནི། དེ་བཞིན་གཤེགས་པ་ནི་དེ་ཉིད་ཀྱི་ཆོས་རྣམ་མཁྱེན་ལ་མངོན་པར་བརྟེན་ནས་གནས་པ་དང༌། གུས་པར་བྱ་བ་དང༌། བླ་མར་བྱ་བ་དང༌། མཉེས་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། དོན་དམ་པར་བྱེད་པ་པོའི་རྒྱུ་མེད་པ་ཉིད་དང༌། ཡེ་ཤེས་ཐམས་ཅད་དུ་འགྲོ་བ་ཉིད་དང༌། ཅི་ཡང་མ་མཐོང་བ་ཉིད་དེ་ཁོ་ནའི་དོན་མཐོང་བ་ཉིད་དུ་སྟོན་པར་མཛད་པ་དང༌། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པར་སྟོན་པ་དང༌། ཞེས་སྤྱིར་བསྟན་ནས། ཇི་ལྟར་སྟོན་ན། ཐོས་པའི་དུས་སུ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་དང༌། བསམ་པའི་དུས་སུ་འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད་པ་དང༌། སྒོམ་པའི་དུས་སུ་འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་དང༌། འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང༌། འཇིག་རྟེན་ཞི་བ་ཉིད་དུ་སྟོན་པ་དང༌། འཇིག་རྟེན་གྱི་འདུ་ཤེས་འགོག་པ་དང༌། མཚན་འཛིན་གྱི་འདུ་ཤེས་འགོག་པ་ཞེས་བྱ་བ་རྣམས་སོ། །མཚོན་པའི་ཚུལ་ནི། ཡུལ་བཅུ་དྲུག་པོ་འདི་རྣམས་ཀྱི་ཡུལ་ཅན་བྱང་སེམས་ཀྱི་ཤེས་པའི་རྣམ་པའི་བྱེ་བྲག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟོགས་རིས་སུ་བསྡུས་པ་བཅུ་དྲུག་པོ་འདི་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཚད་མེད་པའི་སྦྱོར་བ་དེ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བར་མཚོན་བྱེད་ཡིན་པས་སོ། །གཉིས་པ་ཁྱད་མཚན་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་ཞེས་སོགས་ཏེ། སྤྱི་ཡི་ངོ་བོ་ཉིད་དུ་བརྗོད། །ཅེས་པའི་དོན་ལ། ཤེས་མཚན་གྱི་སྐབས་སུ་ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བ་དང༌། སྐབས་འདིར་ཕྱེ་ནས་འཆད་ཅེས་གསུངས་པ་ལྟར་ཡང་ཡིན་མོད་ཀྱི། གོང་དུ་ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བར་སྦྱོར་བ་ཙམ་གྱི་ཤེས་མཚན་བཤད་ཅེས་ནི་འཆད་པར་མི་ནུས་ལ། ཐེག་ཆེན་སྦྱོར་བ་ཙམ་དང༌། བྱེ་བྲག་ཏུ་མཁྱེན་གསུམ་གྱི་སྦྱོར་བ་སོ་སོ་བ་དག་གི་ཡང་སྤྱིའི་མཚན་ཉིད་ཙམ་བརྗོད་པ་ཡིན་གྱི། དེ་དག་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཀྱི་ལྡོག་ཆ་ནས་མ་བཤད་ཅེས་པའི་དོན་ནོ། །རྩ་བ་ལ་རབ་འབྱོར་ཆོས་རྣམས་ཀྱི་མཚན་ཉིད་ནི། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟོགས་པར་དཀའ་སྟེ། བསམ་གྱིས་མི་ཁྱབ་པ་སོགས་ལས་ཀྱང་ཡང་དག་པར་འདས་སོ། །ཞེས་སོགས་མདོ་ཚན་བཅུ་དྲུག་པོ་དེའི་དོན་ལ་རྩ་བས་མདོར་བསྟན། ཁ་བསྐང་བ་ནི། མདོ་དེ་དག་ཆོས་ཅན། ཐེག་ཆེན་སྦྱོར་བའི་སྤྱི་མཚན་ཉིད་དང༌། བྱེ་བྲག་ཏུ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་བྱེད་བསྟན་པ་ཡིན་ཏེ། དེ་བསྟན་པར་ཞེས་སོགས་སྦྱར། འགྲེལ་པ་ནི། ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་སོགས་མདོ་ལས་གསུངས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སྡུག་བསྔལ་ལ་སོགས་པའི་བདེན་བཞིའི་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ཏེ། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དང༌། སོགས་པ་རྣམ་མཁྱེན་གྱི་སྦྱོར་བ་གང་ཡིན་དེ་དག་ཐེག་ཆེན་སྦྱོར་བ་ཙམ་དུ་མཚོན་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། འདིར་བསྟན་ཁྱད་པར་གྱི་མཚན་ཉིད་ཀྱང་ཡིན་ཏེ། ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བ་དག་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པའི་རྣལ་འབྱོར་དུ་མཚོན་ནུས་པའི་ཕྱིར། བཅུ་དྲུག་པོ་གང་ཞེ་ན། ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་བརྒྱད་དང༌། ཤེས་པའི་མཚན་ཉིད་བརྒྱད་དོ། །འདི་ནི་མཚན་གཞི་དཔེར་བརྗོད་པ་ཡིན་གྱི། དེར་འདུས་པ་མ་ཡིན་ནོ། །འདིར་འཕགས་པས་མཁྱེན་པ་གསུམ་གའི་སྦྱོར་བ་ལ་ཁྱད་མཚན་འཆད་ལ། སློབ་དཔོན་གྱིས་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མི་འཆད་པའི་ཤེས་བྱེད་ནི། མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་ཀྱི་སྒོ་ནས་མཚོན་ཚུལ་མི་འདྲ་བ་ལ་དགོངས་པ་ཡིན་ཞེས་འཆད་པ་དེའི་དོན་ནི། ཤེས་མཚན་དང་བྱེད་མཚན་གྱི་ཚེ་ན་ཐེག་ཆེན་གྱི་སྦྱོར་བ་ཙམ་དུ་མཚོན་ཞིང་ཁྱད་མཚན་གྱི་ཚེ་ན་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་ཚུལ་འགྲེལ་པ་ཉིད་དུ་གསུངས་པས་གཞན་ལྡན་རྣམ་གཅོད་ཀྱི་མཚོན་ཚུལ་དུ་འཆད་པ་ཡིན་མོད། མཚོན་ཚུལ་དེ་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ལ་ཡང་ཡོད་པས། བཤད་དཀའ་བ་དེའི་ཚེ་དེའང་དེ་སྦྱོར་བ་གཉིས་པོའི་ནང་དུ་འདུས་པ་ཡིན་ཟེར་མོད་ཀྱང༌། དེ་ལྟ་ན་གཉིས་པོ་ཡང་གཅིག་གི་ནང་དུ་གཅིག་ཤོས་འདུས་པས་ལམ་ཤེས་སྦྱོར་བ་གཅིག་པུའི་ཁྱད་མཚན་བཤད་པས་ཆོག་པར་འགྱུར་རོ། །དེས་ན་འདི་ལྟར། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ཡིན་ཡང༌། གཞི་ཤེས་རྟོགས་རིས་ཀྱི་ཆ་ནས་འཆད་ལ། དེ་འདིར་བསྟན་གྱི་ཁྱད་མཚན་བཅུ་དྲུག་པོའི་མཚན་ཉིད་ཅན་དུ་བཤད་ན། ཤེས་མཐོང་གིས་བལྟས་ནས་འདའ་བྱ་མ་ཡིན་པར་མངོན་དུ་རྟོགས་པར་བྱ་བའི་རྟོགས་རིས་སུ་ཐལ་བར་འགྱུར་སྙམ་དུ་དགོངས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། སྔ་མ་གཉིས་གཞུང་ཇི་ལྟ་བ་བཞིན་དང༌། འགྲེལ་པ་ལ། མཚན་ཉིད་ཀྱི་དབྱེ་བ། མཚོན་པའི་ཚུལ། དམན་ལམ་མི་སྟོན་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་སེམས་གོང་མ་རྣམས་ཀྱིས་ལེགས་པར་བཟུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ནས་ཆོས་རྣམས་ལ་མངོན་པར་ཞེན་པའི་རོ་མྱང་བ་མེད་པའི་བར་བཅུ་དྲུག་གི་བདག་ཉིད་ནི་གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པའི་སྐད་ཅིག་མ་རྣམས་ཀྱི་ཁྱད་པར་དག་ཡིན་ནོ། །གཉིས་པ་ནི། ཆོས་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་རྣལ་འབྱོར་བཅུ་དྲུག་ཆོས་ཅན། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་དང༌། རྣམ་མཁྱེན་གྱི་སྦྱོར་བ་གཉིས་ནི་ཉན་ཐོས་ལ་སོགས་པའི་རྟོགས་རིས་སུ་གྱུར་པའི་ལམ་རྣམས་ལས་ཁྱད་ཞུགས་པའི་མཚོན་བྱེད་ཡིན་ཏེ། དེ་ལྟར་དུ་མཚོན་པ་ལ་ཁྱོད་མཚན་ཉིད་དུ་བཀོད་པ་དེ། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚོན་སྦྱོར་སྐྱོན་མེད་ཡིན་པའི་ཕྱིར། འདིར་ཤེས་བཟོད་བཅུ་དྲུག་བཤད་པ་ནི་ཁྱད་མཚན་གྱི་མ་མཐའི་ས་མཚམས་འཛིན་པར་དགོངས་སོ། །ཁྱད་མཚན་གྱི་མཚོན་ཚུལ་ཐེག་དམན་གྱི་སྦྱོར་བ་མཚན་ཉིད་པ་ལས་ཁྱད་པར་སྒྲུབ་ན་ནི་འདིར་བསྟན་གཞི་ཤེས་ཀྱི་སྦྱོར་བ་ཡང་ཅིའི་ཕྱིར་མི་འཛིན་ཞིང༌། གཉིས་ནི་ཞེས་པ་ལ་རྣམ་བཅད་ཅི་ཡོད། སོགས་པའི་སྒྲ་གཉིས་ཀྱང་ལྷག་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྦྱོར་བར་མ་འདུས་པའི་རྣམ་མཁྱེན་གྱི་སྦྱོར་བ་མི་འཐད་པས་སོ། །གསུམ་པ་ནི་བྱང་སེམས་ཀྱི་སྦྱོར་བ་གཉིས་པོ་བྱང་ཆུབ་སེམས་དཔས་མངོན་དུ་བྱ་བའི་རྟོགས་རིས་སུ་བཤད་པ་དེའི་ཕྱིར། ཉན་རང་དེ་དག་གི་གཞི་ཤེས་ཀྱི་རྟོགས་རིས་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་མངོན་པར་ཞེན་པ་ལ་སོགས་པ་སྐྱེ་བའི་མཚན་ཉིད་ཅན་དུ་གོ་སླ་བའི་ཕྱིར་མཚན་ཉིད་སྟོན་པའི་མདོ་དང་བསྟན་བཅོས་ལས་དངོས་སུ་མ་བཤད་དོ། །གཞུང་འདི་ཤེས་ཁྱད་བྱེད་པ་གསུམ་ཆར་གྱི་སྐབས་སུ་དམན་ལམ་མི་སྟོན་པའི་རྒྱུ་མཚན་དུ་བྱ་དགོས་ལ། དེ་ཡང་རྣམ་པའི་སྐབས་སུ་ཆོས་མངོན་པ་ནས་གསུངས་པའི་རྣམ་པ་དང་སྦྱོར་ཚུལ་དངོས་སུ་བཤད་པ་དང༌། སྐབས་གསུམ་པར་བྱང་སེམས་ཀྱི་ཤེར་ཕྱིན་འབྲས་ཡུམ་ལ་ཉེ་བའི་ཤེས་བྱེད་དུ་དམན་པའི་ཤེར་ཕྱིན་དེ་དང་རིང་བའི་སྒྲུབ་བྱེད་དངོས་སུ་བཤད་པ་ལྟར་འདིར་ཡང་བཤད་དགོས་སོ་སྙམ་པའི་དོགས་པ་དེ་སེལ་བའོ། །གསུམ་པ་བྱེད་མཚན་བཤད་པ་ལ། མཚམས་སྦྱར་བ་ནི་ཁྱད་པར་གྱི་མཚན་ཉིད་ཅེས་སོགས་ཏེ། དོན་ནི་ཁྱད་ཆོས་དེ་དང་ལྡན་པའི་སྦྱོར་བའི་བྱེད་ལས་འཆད་དོ། །ཞེས་པའོ། །རྩ་བ་ནི། རབ་འབྱོར་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་དང་ཟབ་པ་ཡིན་ཡང༌། དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཕན་པ་དང་བདེ་བའི་ཕྱིར་མཛད་པ་ཉེ་བར་སྒྲུབ་པའོ། །ཞེས་སོགས་ཀྱི་མདོ་ཚན་བཅུ་གཅིག་ཆོས་ཅན། ཐེག་ཆེན་སྦྱོར་བའི་བྱེད་མཚན་ལ་གསུམ་དུ་ཕྱེ་ནས་བཤད་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ། མཚན་ཉིད་ཀྱི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བའི་བྱེད་པ་ནི། མདོ་ལས་གསུམ་དུ་གསུངས་ཏེ། གང་ཞེ་ན། མ་འོངས་པའི་ཕན་པ་དང༌། ཚེ་འདིའི་བདེ་བ་དང༌། སྡུག་བསྔལ་མེད་པའི་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་ཉིད་ཉེ་བར་སྒྲུབ་པ་ནི་སངས་རྒྱས་ཀྱི་མཛད་པར་བཤད་པའི་དོན་གྱིས་མཚོན་ནུས་པའོ། །གཉིས་པ་ལམ་ཤེས་པ་ཉིད་ཀྱི་སྦྱོར་བའི་བྱེད་པ་ནི། མདོ་ལས་བདུན་དུ་གསུངས་ཏེ། གང་ཞེ་ན། གཏན་དུ་ཕན་པ་སྐྱབས་ཀྱི་བྱེད་པ་དང༌། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་བཟློག་པ་གནས་ཀྱི་བྱེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་དཔུང་གཉེན་གྱི་བྱེད་པ་དང༌། རང་དང་གཞན་གྱི་དོན་རྟོགས་པའི་ངོ་བོ་གླིང་གི་བྱེད་པ་དང༌། གཞན་གྱི་དོན་འབད་མེད་དུ་གྲུབ་པ་ཡོངས་འདྲེན་གྱི་བྱེད་པ་དང༌། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་འཇུག་པ་ལྷུན་གྲུབ་ཀྱི་བྱེད་པ་དང༌། རྫོགས་སྨིན་མ་སྦྱངས་པར་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་དུས་མ་ཡིན་པར་འབྲས་བུ་མངོན་སུམ་དུ་མི་བྱེད་པའི་བྱེད་པ་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཆོས་ཅན། ལམ་ཤེས་སྦྱོར་བའི་བྱེད་པ་ཡིན་ཏེ། ལམ་ཤེས་སྦྱོར་བས་དུས་ཇི་ལྟ་བ་བཞིན་དུ་གདུལ་བྱ་ལ་ཕན་པ་ཉེ་བར་སྒྲུབ་པའི་མཛད་པ་ཡིན་པས་སོ། །གསུམ་པ་ནི། འཇིག་རྟེན་གྱི་མཛད་པ་གཅིག་ནི་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་བྱེད་པ་ཡིན་ཏེ། རྣམ་མཁྱེན་གྱིས་གདུལ་བྱ་ལ་ཆོས་སྟོན་པའི་བར་སྒྲུབ་པའི་མཛད་པ་ཡིན་པའི་དོན་གྱིས་སོ། །གཉིས་པ་མཚོན་པའི་ཚུལ་ནི། དེ་ལྟར་ན་འདིར་བསྟན་གྱི་བྱེད་པ་བཅུ་གཅིག་པོ་དག་ཆོས་ཅན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཐེག་ཆེན་གྱི་སྦྱོར་བ་ཙམ་དུ་མཚོན་པར་བྱེད་པས་སོ། །དེ་ཆོས་ཅན་ཁྱོད་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་འཇོག་པ་ལ་རྒྱུ་མཚན་དང་དགོས་པ་ཡོད་དེ། ཐེག་ཆེན་སྦྱོར་བའི་བྱེད་ལས་ཡིན་པའི་ཆ་ནས་དེར་བཞག་ཅིང༌། དེར་བཞག་པ་ལ་བརྟེན་ནས་ཐེག་ཆེན་གྱི་སྦྱོར་བ་དེ་གཞན་དོན་ཕྲིན་ལས་ཕུན་ཚོགས་ཀྱི་རྒྱུ་ཉིད་དུ་གོ་བར་བྱ་བའི་ཆེད་ཡིན་པས་སོ། །འདིར་མདོའི་དངོས་བསྟན་མདོའི་བྱེད་པ་བཅུ་གཅིག་པོ་སངས་རྒྱས་ཀྱི་སར་བཞག་པ་ཕལ་ཆེ་ཡང༌། བྱེད་མཚན་དུ་འགྲོ་རྒྱུ་ནི་བྱང་སེམས་ཀྱི་རྣལ་འབྱོར་རོ། །གཉིས་པ་ལས་སྒྲུབ་ཀྱི་དབང་དུ་བྱས་པ་ངོ་བོ་ཉིད་མཚན་བཤད་པ་ལ་གསུམ་ལས། དང་པོ་ནི་བྱེད་པའི་མཚན་ཉིད་ཀྱི་སོགས་ཏེ། དོན་ནི་གོང་དུ་བཤད་ཟིན་པའི་ཤེས་ཁྱད་བྱེད་པ་གསུམ་གྱིས་མཚོན་པར་བྱ་བའི་མཚན་གཞི་གང་ཡིན་ཞེས་དྲིས་པའོ། །རྩ་བ་ནི། རབ་འབྱོར་ཡུམ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་སོགས་དང༌། དེའི་རྟགས་དང༌། དེའི་མཚན་མ་དང༌། ཆགས་སོགས་དང༌། དེ་མེད་པས་ཀྱང་དབེན་པའོ། །ཞེས་སོགས་ཀྱི་མདོ་ཚན་བཅུ་དྲུག་ཆོས་ཅན། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱིས་མཚོན་པར་བྱ་བའི་མཚན་གཞི་ངོས་བཟུང་བ་ཡིན་ཏེ། དེ་ཡིན་པར་ཞེས་སོགས་སྦྱར། འགྲེལ་པ་ལ་གཉིས་ཏེ། མཚན་གཞིའི་དབྱེ་བ་དང༌། མཚོན་པའི་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་ནི། མདོ་ལས་དབེན་པ་རྣམ་པ་བཞིའི་ངོ་བོ་ཉིད་དུ་བསྟན་པ་དེ་ཡིན་ནོ། །དེ་གང་ཞེ་ན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རང་གི་ངོ་བོས་དབེན་པ་དང༌། དེའི་རྟགས་ལུས་ངག་གི་གནས་ངན་ལེན་སོགས་ཀྱིས་དབེན་པ་དང༌། ཉོན་མོངས་དེའི་མཚན་མ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་དབེན་པ་དང༌། འདོད་ཆགས་དང་འདོད་ཆགས་མེད་པ་སོགས་མི་མཐུན་པའི་ཕྱོགས་དང༌། གཉེན་པོར་ཞེན་པ་དག་གིས་སྟོང་པས་ན་ཆགས་སོགས་ཡོད་མེད་ཀྱིས་ཀྱང་དབེན་པའོ། །འདིར་དང་པོ་གཉིས་ཉོན་སྒྲིབ་ཀྱིས་དབེན་པ་དང༌། ཕྱི་མ་གསུམ་ཤེས་སྒྲིབ་ཀྱིས་དབེན་པ་ཡིན། ཞེས་གསུངས་ཡང༌། ངོ་བོ་ཉིད་བཞི་ག་ཡང་གཞི་ཤེས་ཀྱི་རྟོགས་རིས་སུ་འཆད་དགོས་པས། སྦྱོར་བའི་ངོ་བོ་སྔ་མ་གསུམ་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བའི་རྟོགས་རིས་དང༌། བཞི་པས་སྦྱོར་བའི་ངོ་བོ་ཞེན་བློ་མ་ཡིན་པར་སྟོན་པའོ། །གཉིས་པ་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ནི་ལྔའོ། །དེ་གང་ཞེ་ན། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བར་དཀའ་བ་དེ་མི་འགལ་བར་ཤེས་པ་དང༌། ཐེག་པ་གཞན་དུ་མི་ལྟུང་བའི་མཚན་ཉིད་ཀྱིས་ལམ་མཐའ་གཅིག་ཏུ་ངེས་པ་དང༌། ཡུན་རིང་པོ་ནས་བསྒྲུབ་པར་བྱ་བའི་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ཆེད་དུ་འབད་པ་དང༌། བསྒོམ་པར་བྱ་བ་དང་སྒོམ་པ་པོའི་ཆོས་མི་དམིགས་པར་ཤེས་པ་དང༌། དངོས་པོར་མངོན་པར་ཞེན་པ་མཐའ་དག་བཀག་པ་ཞེས་བྱ་བ་དེ་ལྟ་བུ་དག་གོ །གསུམ་པ་རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་ནི་བདུན་ནོ། །དེ་གང་ཞེ་ན། ཐམས་ཅད་ཤེས་པ་ཉིད་དང་ལམ་ཤེས་པ་ཉིད་ཀྱི་བསྡུས་པའི་དངོས་པོའི་ཁྱད་པར་དག་ལ་དམིགས་པ་དང༌། འཇིག་རྟེན་གྱི་སྒྲུབ་པའི་འཛིན་པ་སོགས་ལས་བཟློག་སྟེ་གཟུང་འཛིན་གཉིས་མེད་དུ་བསྟན་པས་ན་དེ་དང་མི་མཐུན་པ་དང༌། གཟུགས་ལ་སོགས་པའི་གནས་ཚུལ་ཐོགས་པ་མེད་པར་ཤེས་པ་དང༌། ཤེས་བྱ་དང་ཤེས་པ་སྟེ་གཟུང་འཛིན་གཉིས་པོ་མི་དམིགས་པ་ཉིད་ཀྱིས་ན་གཞི་མེད་པ་དང༌། རྟག་ཏུ་དེ་བཞིན་ཉིད་ཀྱིས་ན་གནས་ཚུལ་ལས་གཞན་དུ་འགྲོ་བ་མེད་པ་དང༌། གཟུགས་ལ་སོགས་པ་ལ་ཀུན་རྫོབ་ཀྱི་ངོ་བོ་ཉིད་མེད་པས་གསར་དུ་སྐྱེ་བ་མེད་པ་དང༌། དངོས་དང་དངོས་པོ་མེད་པ་ལ་སོགས་པའི་གསུམ་གྱི་དོན་དམ་པའི་ངོ་བོ་དེ་བཞིན་ཉིད་ཀྱང་རིགས་པས་དཔྱད་པའི་ཚེ། མི་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་དག་གོ །གཉིས་པ་ནི། དེ་ལྟར་ན་བཤད་མ་ཐག་པའི་ངོ་བོ་ཉིད་བཅུ་དྲུག་པོ་ཆོས་ཅན། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བཞེད་པ་ཡིན་ཏེ། ཐམས་ཅད་ཤེས་པ་ཉིད་གསུམ་སྦྱོར་བ་དག་ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པའི་མཚན་གཞི་ཡིན་པས་སོ། །ཇི་ལྟར་མཚོན་ཞེ་ན། མཚན་ཉིད་དང་ལྡན་པ་བཞིན་དུ་ཞེས་པ། མཚན་ཉིད་ཤེས་ཁྱད་བྱེད་པ་གསུམ་པོ་གང་ལ་གནས་པའི་གཞི་ཡིན་པའོ། །འོ་ན་ངོ་བོ་ཉིད་བཅུ་དྲུག་ཅེས་དང༌། མཁྱེན་གསུམ་གྱི་སྦྱོར་བ་ཞེས་དང༌། ཐེག་ཆེན་གྱི་སྦྱོར་བ་ཙམ་པོ་རྣམས་ལས་མཚན་གཞི་དང་མཚོན་བྱ་ཉིད་དུ་བཞག་པར་བྱ་བའི་ཁྱད་པར་གང་ཞེ་ན། དེ་དག་ནི་སྤྱི་བྱེ་བྲག་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་གསུང་རབ་སྤྱི་ལ་གྲགས་པའི་མཚན་གཞི་ཉིད་དུ་འཇོག་གི་རྟོག་གེ་ལ་གྲགས་པའི་མཚོན་བྱ་ཞེས་པ་བཏགས་ཡོད་ཉིད་ལ་ངོས་འཛིན་པ་སྐབས་འདིར་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ན་སྤྱིར་ཞེས་སོགས་སོ། །གཉིས་པ་སྦྱོར་བ་སྐྱེས་པའི་སྒོམ་རིམ་ལ་གསུམ་སྟེ། སྦྱོར་བ་སྐྱེས་པའི་གནས་སྐབས། དེ་ལས་བྱུང་བའི་ཡོན་ཏན། ཡོན་ཏན་དེ་ཐོབ་པས་བསྒོམ་བྱ་སྦྱོར་བའི་དངོས་པོ་རྣམས་སོ། །དང་པོ་ལ། རྣམ་རྫོགས་སྦྱོར་བ་ཐོག་མར་སྐྱེས་པའི་གནས་སྐབས་དང༌། སྐྱེས་ནས་དབང་ཐོབ་ཕྱིར་དུ་བསྒོམ་པའི་སྦྱོར་བ་དངོས་སོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཐར་པའི་ཆ་དང་མཐུན་པ་ཞེས་སོགས་ཏེ། དོན་ནི་འདིར་བསྟན་གྱི་ཐར་པ་ཆ་མཐུན་ལ་གཉིས་ཏེ། ཡུལ་ལ་ཐོས་བསམ་གཙོ་བོར་གྱུར་པ་དང༌། སྒོམ་བྱུང་གཙོ་བོར་གྱུར་པ་གཉིས་ལས། དང་པོ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས་ཞེས་སོགས་སུ་བསྟན་པ་དེ་ཡིན་ལ། རྟེན་དེ་ལ་སྒོམ་བྱུང་གི་ཡེ་ཤེས་ཐོག་མར་རྒྱུད་ལ་སྐྱེས་པའི་ཚེ། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པའི་སྐབས་ནས་བསྟན་པའི་སྦྱོར་བ་དེ་ཐོག་མར་སྐྱེ་ཞེས་པའི་དོན་ཏེ། མ་མཐའི་ས་མཚམས་ཀྱི་དབང་དུ་བྱས་པའོ། །དང་པོར་སྐྱེ་བ་འདི་ཡང་རྣམ་རྫོགས་སྦྱོར་བ་ནས་ཏེ། སྦྱོར་བ་བཞིའི་དང་པོ་ཡིན་པའི་ཕྱིར། རྩ་བ་ནི། ཤཱ་རིའི་བུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བར། སྦྱིན་པ་གཏོང་ཡང་མཚན་མར་མི་བྱེད་ཅེས་སོགས་ཀྱི་མདོ་ཆོས་ཅན། རྣམ་རྫོགས་སྦྱོར་བ་ཐོག་མར་སྐྱེས་པའི་ས་མཚམས་བཟུང་བ་ཡིན་ཏེ། དེ་འཛིན་པར་རྩ་བའི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ལ། བསྟན་པ་དང་བཤད་པ་གཉིས་ལས། དང་པོ་ནི། ཐོག་མར་སྐྱེས་པའི་སྦྱོར་བ་དེའི་ངོ་བོ་གང་ཞེ་ན། ཤེས་རབ་ཀྱི་ཁྱད་པར་གཞི་ལམ་འབྲས་གསུམ་ལ་མཚན་མ་མེད་པར་དམིགས་པའི་ཤེས་པའི་རྣམ་པས་ཐབས་ཀྱི་ཁྱད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་རྣམས་ལ་དབང་ཐོབ་པའི་ཕྱིར་དུ་རང་གི་རྒྱུད་ལ་བསྐྱེད་པར་མཁས་པའི་ཐབས་ཤེས་ཟུང་འབྲེལ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་འདི་ལ་ཚོགས་ལམ་ནས་ས་བཅུ་པའི་བར་དག་ཡོད་ཀྱང༌། ཐོག་མར་སྐྱེས་པ་འདི་ནི་ཐར་པའི་ཆ་དང་མཐུན་པ་ཡིན་པར་འདོད་དོ། །གཉིས་པ་ལ་མཚམས་སྦྱར་བ་ནི། མཁས་པ་དེ་གང་ཡིན་ཞེ་ན་སོགས་སོ། །འགྲེལ་པ་ལ། ཡུལ་གྱི་དབྱེ་བ་དང༌། དབང་པོའི་དབྱེ་བ་གཉིས། དང་པོ་ནི་མཁས་པ་ཡིན་ནོ། །གང་ལ་ན། ཡུལ་རྣམ་པ་ལྔ་ལའོ། །ལྔ་པོ་གང་ཞེ་ན། སངས་རྒྱས་སོགས་དང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པ་དང༌། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་ལ་སོགས་པ་ལྔའོ། །ཚུལ་ཇི་ལྟར་དུ་ན། གྲངས་བཞིན་དུ། དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཉན་རང་ལས་ཁྱད་པར་དུ་འཕགས་པ་ཅན་ནོ། །ལྔ་པོ་དབང་པོ་དང་སྟོབས་སུ་གྱུར་པ་ཡིན་ནམ་ཞེ་ན། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མ་ཐོབ་པས་ན་དབང་པོའི་ངོ་བོ་མ་ཡིན་པ་ཞེས་སྨོས་སོ། །གཉིས་པ་ནི་འདིར་བསྟན་གྱི་ཐར་པ་ཆ་མཐུན་གསུམ་ཀ་ཡུལ་རྣམ་པ་ལྔ་ལ་མཁས་པར་མཚུངས་པ་དེ་ལྟ་མོད་ཀྱི། ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐེག་པ་གཞན་གྱིས་བར་མ་ཆོད་པ་ཉིད་དུ་ཐོབ་པར་ངེས་པ་མ་ཡིན་ཏེ། འདི་ལྟར་དད་པ་ལ་སོགས་ཆེན་པོ་རྣོན་པོས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་སླ་ལ། དད་སོགས་དེ་དག་ཉིད་རྟུལ་པོས་ནི་རྟོགས་པར་དཀའོ་ཞེས་བྱ་བ་འདི་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་སོ། །རྩ་བར། རྟུལ་པོས་རྟོགས་དཀའ་བཞེད་བཤད་པའི་ཤུགས་ཀྱིས་ན། དད་སོགས་འབྲིང་པོ་རང་རྒྱལ་གྱི་མིང་ཅན་གྱིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་ལ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ནི་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ། །ཞེས་བྱ་བ་འདི་འཕངས་པ་ཡིན་ནོ། །རྩ་བའི་དབང་པོ་རྣོན་པོ་ནི་ཐེག་པ་ཆེན་པོར་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་དང༌། རྟུལ་པོ་ནི་དམན་པར་རིགས་ངེས་པ་ཡིན་ལ། དེ་ལ་ཡང་ཉན་རང་གི་དབྱེ་བས་གཉིས་སུ་ཕྱེ་བའོ། །འོ་ན་རྣམ་རྫོགས་སྦྱོར་བ་རྒྱུད་ལ་སྐྱེས་ནས་ཀྱང་བྱང་ཆུབ་ལས་ཕྱིར་ལྡོག་པ་སྲིད་དམ་ཞེ་ན། དེ་སྲིད་པར་ནི་ཚེགས་ཆེན་ཡུན་རིངས་རྟོགས་པའི་སྦྱོར་བ་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པར་བཤད་པ་ལས་ཤེས་སོ། །གཉིས་པ་ལ་གསུམ་ལས་མཚམས་སྦྱར་ནི། ཐབས་ཤེས་ཟུང་འབྲེལ་ལ་དབང་ཐོབ་ཕྱིར་དུ་སྒོམ་པའི་ཐར་པ་ཆ་མཐུན་སྐྱེས་པའི་སྤྲོ་བ་ཅན་ལ་དད་སོགས་ལྔ་དབང་པོའི་ངོ་བོ་ཉིད་དུ་གྱུར་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་དེ་འཆད་དོ། །རྩ་བ་ནི་བྱང་སེམས་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་ཕན་པ་དང་བྱམས་པའི་སེམས་སུ་བྱ། ཞེས་སོགས་ཀྱི་མདོ་ཆོས་ཅན། རྣམ་རྫོགས་སྦྱོར་བ་ཐོག་མར་སྐྱེས་ནས་དེ་ལ་རྣལ་འབྱོར་དུ་བྱེད་པའི་གནས་སྐབས་ངོས་གཟུང་བ་ཡིན་ཏེ། དེ་འཛིན་པར་གཞུང་རྩ་བས་བཀྲལ་བའི་ཕྱིར། འགྲེལ་པ་ལ་གཉིས་ཏེ། དངོས་དང༌། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ལ་དམིགས་རྣམ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་སྒོམ་པའི་སྦྱོར་ལམ་འདི་ལ། བཞི་ཡོད་པ་ལས། དང་པོ་དྲོ་བར་གྱུར་པ་ནི། སེམས་ཅན་ལ་དམིགས་པ་ཡིན་པར་བཞེད་དོ། །རྣམ་པ་གང་གིས་ཤེ་ན། ཆུང་ངུའི་སྐབས་སུ་ཉེ་རིང་མེད་པར་མཉམ་པ་དང༌། བྱམས་པའི་སེམས་ཀྱི་དང༌། འབྲིང་གི་སྐབས་སུ་ཕན་པ་དང༌། ཁོང་ཁྲོ་བ་མེད་པ་དང༌། རྣམ་པར་འཚེ་བ་མེད་པའི་སེམས་ཀྱི་རྣམ་པ་དང༌། ཆེན་པོའི་སྐབས་སུ། རྒན་པ་ལ་ཕ་དང་མའི་སེམས་ནས། གཉེན་དང་སྣག་གི་གཉེན་མཚམས་ཀྱི་སེམས་ཀྱི་རྣམ་པ་གཞན་ལྔས་སོ། །གཉིས་པ་རྩེ་མོར་གྱུར་པ་ནི། སེམས་ལ་དམིགས་པ་ཡིན་པར་བཞེད་དོ། །རྣམ་པ་གང་གིས་ན། ཆོས་ཀྱི་རབ་ཏུ་ཕྱེ་བས་ནི་རྣམ་པ་མཐའ་ཡས་པ་ཞེས་བྱ་བ་དེ་རྣམས་ཀྱིས་སོ། །དེ་གང་ཞེ་ན། མཐའ་ཡས་པ་ཡོད་ཀྱང༌། མདོར་བསྡུ་ན་མི་དགེ་བ་ལ་གྲངས་བཞིན་དུ། སྤོང་བའི་སྒོ་ནས་བཟློག་པའི་བདག་ཉིད་ཅན། དེའི་སྒོ་ནས་གཞན་རྣམས་ཀྱང་སྡིག་པ་ལས་ལྡོག་པ་ལ་སྦྱོར། གཞན་དག་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད། མཐུན་པས་དགའ་བར་བྱེད་པའི་རྣམ་པ་རྣམས་ཀྱིས་དང༌། འབྲིང་གི་སྐབས་སུ་དགེ་བ་ལ་གྲངས་བཞིན་དུ་ལེན་པའི་སྒོ་ནས་ཞུགས་པའི་བདག་ཉིད་ཅན། དེའི་སྒོ་ནས་གཞན་རྣམས་ཀྱང་དགེ་བ་ལ་གནས་པ་ལ་སྦྱོར། ཞུགས་པ་ལ་བསྔགས་པ་བརྗོད། མཐུན་པས་དགའ་བར་བྱེད་པའི་རྣམ་པ་རྣམས་ཀྱིས་དང༌། ཆེན་པོའི་སྐབས་སུ་རང་སྟོང་ཉིད་སྒོམ་པ་ལ་གནས། གཞན་དེ་ལ་འགོད་པ་སོགས་ཀྱི་རྣམ་པས་སོ། །གསུམ་པ་བཟོད་པར་གྱུར་པ་ནི། རྩེ་མོར་གྱུར་པས་རང་དང་གཞན་རྟེན་གྱི་དབྱེ་བས་སེམས་ཅན་ལ་དམིགས་པ་དང༌། རྣམ་པ་སྤོང་བ་དང་ལེན་པ་སོགས་དག་ཇི་ལྟར་བཤད་པ་དེ་བཞིན་དུ་སེམས་ཅན་ལ་དམིགས་ནས་རང་གི་རྟེན་ཅན་རྣམ་པ་སྡུག་བསྔལ་ལ་སོགས་པའི་བདེན་པ་དམིགས་པ་སྟེ་ཤེས་ཤིང༌། གཞན་གྱི་རྟེན་ཅན་ཡང་དེ་ལ་སྦྱོར། ཞུགས་པ་ལ་བསྔགས་པ་བརྗོད། མཐུན་པས་དགའ་བར་བྱེད་པའི་རྣམ་པ་ཅན་གྱི་ཆུང་ངུ་དང༌། འབྲིང་གི་སྐབས་སུ་རང་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཤེས་ཤིང་མངོན་དུ་མི་བྱེད་པའི་ཐབས་མཁས་ལ་གནས། གཞན་དེ་ལ་འགོད་པ་སོགས་ཀྱི་རྣམ་པ་ཅན་ནོ། །ཆེན་པོའི་སྐབས་སུ་རང་བྱང་སེམས་ཀྱི་སྐྱོན་མེད་པ་ལ་གནས་སོགས་སོ། །བཞི་པ་ཆོས་ཀྱི་མཆོག་ནི་སེམས་ཅན་ལ་དམིགས་པ་ཡིན་ནོ། །རྣམ་པ་གང་གིས་ན། རང་ཉིད་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་ལ་གནས་ནས། གཞན་ཡང་དེ་ལ་འགོད་པ་སོགས་ཀྱི་རྣམ་པ་དང༌། འབྲིང་གིས་ནི། རང་མངོན་ཤེས་ཁྱད་པར་ཅན་ལ་གནས་ནས་དེ་ལ་འགོད་པ་སོགས་དང༌། ཆེན་པོའི་སྐབས་སུ་རང་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པ་ལ་གནས། གཞན་དེ་ལ་འགོད་པ་སོགས་ཀྱི་རྣམ་པ་ཅན་ནོ། །འདིར་ངེས་འབྱེད་ཆ་བཞི་ག་དམིགས་པ་སེམས་ཅན་ལ་དམིགས་པར་ནི་གཞུང་རྩ་བས་ཟིན་ཞིང་རྣམ་པ་རྩ་འགྲེལ་གྱིས་མ་ཟིན་པ་རྣམས་སྨིན་བྱེད་སོགས་ཀྱི་སྒྲས་མདོ་ཉིད་ལ་སྙེག་པར་བཤད་དོ། །དོན་བསྡུ་བ་ནི། དམིགས་ཚུལ་གྱི་རྣམ་པ་དེ་ལྟར་ན། རྣམ་རྫོགས་སྦྱོར་བས་བསྡུས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ཡིན་ནོ། །སྐབས་འདིར་རྟོགས་དཀའ་བ་སྦྱོར་བ་བཞིའི་ངོས་འཛིན་ནི་འདི་ཡིན་ཏེ། འཕགས་པས་སྦྱོར་བ་སྔ་མ་གཉིས་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་དང༌། ཕྱི་མ་གཉིས་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་དུ་བཤད། དེའི་དོན་སློབ་དཔོན་གྱིས། སྔ་མ་གཉིས་དབང་དུ་བྱས་པ་རྒྱུ་འབྲས་དང༌། ཕྱི་མ་གཉིས་བརྟན་པ་རྒྱུ་འབྲས་སུ་བཤད་པ་ནི་གཞུང་ལྟ་བུ་ཡིན་ལ། དེ་དག་གི་དགོངས་པ། སྦྱོར་བ་སྔ་མ་གཉིས་ནི་མི་མཐུན་ཕྱོགས་སྤོང་བའི་ལམ་དང༌། ཕྱི་མ་གཉིས་ཁྱད་པར་གྱི་ལམ་དུ་བཞག་ནས་སྦྱོར་བ་བཞིའི་སྐབས་དེར་རྣམ་པར་གྲོལ་བའི་ལམ་ནི་ཤུགས་ཀྱིས་ཐོབ་པས་དངོས་སུ་མི་འཆད། གཉེན་པོའི་ལམ་དེ་ལ་ཡང༌། རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་གཉིས་སུ་ཕྱེ་ནས། སྤོང་གཉེན་ལ། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་གཉིས་ལས་གཉིས་ཀ་ཡང་སྤང་བྱ་ཤེས་སྒྲིབ་རྟོག་པའི་གཉེན་པོར་བཞག་ནས། སྤང་བྱ་གཉིས་པོ་སོ་སོར་མ་ཕྱེ་བའི་གཉེན་པོ་སྦྱོར་བ་ཉེར་བསྡོགས་ནི་ངེས་འབྱེད་ཆ་བཞི་ཡིན་པ་ལས། དེ་དག་ལ་སྦྱོར་ལམ་རྩེ་སྦྱོར་ཞེས་དང༌། སྤང་བྱ་རིས་གཉིས་སོ་སོར་ཕྱེ་བའི་གཉེན་པོ་ལ། མཐོང་སྒོམ་ལམ་གྱི་རྩེ་སྦྱོར་དུ་བཞག་པ་ཡིན་ཏེ། ཇི་སྐད་དུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་ཞེས་དང༌། སྦྱོར་ལམ་གྱི་སྐབས་སུ། རྣམ་རྟོག་བཞི་པོ་ལྡན་བསྟན་པ། །ཞེས་སྤང་བྱ་རིས་གཉིས་པོ་སོ་སོར་མ་ཕྱེ་བའི་ཤེས་སྒྲིབ་རྟོག་པའི་དབང་དུ་བྱས་པས་སོ། །སྦྱོར་བ་བཞིའི་དང་པོ་རྣམ་རྫོགས་སྦྱོར་བ་ནི། ཤེས་སྒྲིབ་རྟོག་པ་རྣམ་པར་སུན་འབྱིན་པའི་གཉེན་པོ་ཁོ་ན་ཡིན་གྱི། སྤོང་གཉེན་དུ་མི་བཞག་སྟེ། གཞན་དུ་ན། དབང་ཐོབ་ཕྱིར་དུ་དང༌། ཐོབ་ནས་སྒོམ་པའི་རྣམ་གཞག་འཆོལ་བར་འགྱུར་བས་སོ། །གཉེན་པོ་དེ་ཡང་ས་བཅུ་པའི་བར་དུ་འགྲོ་བ་ཡིན་ཏེ། སྒོམ་སྤང་རྟོག་པ་དགུའི་གཉེན་པོ་སྦྱོར་འཇུག་གཉིས་གཉིས་སུ་དབྱེ་བ་དེའི་སྔོན་རོལ་ཏུ་ཡང་རྣམ་པར་སུན་འབྱིན་པའི་གཉེན་པོ་རེ་རེ་འགྲོ་དགོས་པས་སོ། །དེ་ཡང་གང་ཞེ་ན། ལམ་ཕྱི་མ་དེ་ལ་ལྟོས་པའི་སྦྱོར་བ་ཉེར་བསྡོགས་དེའི་སྔ་རོལ་ཏུ་ལམ་སྔ་མ་དེའི་ཁྱད་པར་གྱི་ལམ་དུ་གྱུར་པའི་རྗེས་ཐོབ་ཀྱི་ཡེ་ཤེས་འབྱུང་བ་དེ་རྣམས་སོ། །དེ་ལ་དགོངས་ནས་རྣམ་རྫོགས་སྦྱོར་བའི་སྦྱོར་མཐོང་སྒོམ་གསུམ་ཇི་སྙེད་པ་རྗེས་ཐོབ་ཀྱི་ཆ་ནས་བཤད་པར་མངོན་ནོ། །འོ་ན་རྣམ་རྫོགས་སྦྱོར་བའི་ངོ་བོར་གྱུར་པའི་མཉམ་གཞག་ཡེ་ཤེས་མེད་ན་ནི་དེར་གྱུར་པའི་རྗེས་ཐོབ་མི་འབྱུང་ལ། ཡོད་ན་ནི་རྩེ་སྦྱོར་དུ་འཆད་དགོས་པས་རྣམ་རྩེ་གཉིས་ཀྱི་གོ་རིམ་འཆོལ་བ་མ་ཡིན་ནམ་ཞེ་ན། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ལ་ལྡོག་པས་ཕྱེ་ན་གཉིས་ཏེ། ཉོན་སྒྲིབ་ཀྱི་སྤོང་གཉེན་དང༌། ཤེས་སྒྲིབ་ཀྱི་ལས་ཕྱི་མ་རྩེ་སྦྱོར་དུ་འཇོག་ཀྱང༌། སྔ་མ་དེ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་ངེས་པས་ཤེས་སྒྲིབ་རྟོག་པའི་སུན་འབྱིན་པའི་གཉེན་པོ་ཙམ་ལས་མི་འཐོབ་ལ། ཉོན་སྒྲིབ་ཀྱི་ནི་སྤོང་གཉེན་ནོ། །གཞན་དུ་དེ་དེའི་སྤོང་གཉེན་སྦྱོར་བའི་ལམ་དུ་མ་བཤད་ན། སྡུག་བསྔལ་ལ་ཆོས་བཟོད་ཉོན་སྒྲིབ་ཀྱི་སྤོང་གཉེན་བར་ཆད་མེད་ལམ་དུ་ཇི་ལྟར་འཆད། ཉོན་སྒྲིབ་ཀྱི་སྤོང་གཉེན་དུ་གྱུར་པའི་སྦྱོར་བ་དང་པོ་འཇོག་ན་བྱང་ཆུབ་སེམས་དཔས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་དང་འགལ་ལོ་ཞེ་ན། དེ་ལྟར་འཆད་པ་བྱང་སེམས་ཀྱི་མཐོང་ལམ་རྗེས་ཐོབ་ནས་ཡིན་གྱི། སྔ་རོལ་དུ་མ་ཡིན་ཏེ། གཞི་ཤེས་སྦྱོར་བའི་ཤེས་རྣམ་གྱི་སྐབས་སུ། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཟག་པ་མེད་པའི་ལམ་ཞེས་དང༌། ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་བར་ཆད་མེད་པའི་ལམ་གྱི་རྣམ་པ་ཉོན་མོངས་པ་དང་མི་ལྡན་པའི་བཟོད་པ་གཞི་ཤེས་བཤད་པ་དང༌། རྣམ་པར་ཐར་པའི་སྒོ་དང་པོ་བདག་དང་བདག་གིར་ལྟ་བའི་གཉེན་པོར་བཤད་པ་དེ་ཡང༌། ངེས་འབྱེད་ཀྱི་སྐབས་ལ་དགོངས་པ་ཡིན་ཏེ། བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཆེད་དུ་གཉེར་ནས་སྤོང་བར་བཤད་པའི་ཕྱིར། དེ་འདྲ་དེ་ནི་རྩེ་སྦྱོར་དུ་ཡང་མཚུངས་སོ་ཞེ་ན། མ་ཡིན་ཏེ། རྣམ་ཀུན་ནི་སྒོམ་བྱུང་གི་ཐོག་མ་ཡིན་པས་དང་པོར་རྒྱུད་ལ་བསྐྱེད་ནས་ཤེས་དགོས་ལ། དེའི་མི་མཐུན་ཕྱོགས་མ་སྤངས་པར་ནི་རྒྱུད་ལ་བསྐྱེད་ནས་ཤེས་མི་ནུས་པའི་ཕྱིར། རྩེ་སྦྱོར་དུ་ནི་རྨི་ལམ་དུ་ཡང་ཉན་ཐོས་ཀྱི་ས་ཡིད་ལ་བྱེད་པ་སྤོང་བར་བཤད་པའི་ཕྱིར། གཉིས་པ་ཞར་ལས་བྱུང་བའི་དོན་ལ། ཚིག་དོན་དངོས་དང༌། མཐའ་གཞན་དཔྱད་པའོ། །དང་པོ་ནི་སྐབས་སྔ་མ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་རེ་རེ་ཡང་དངོས་ཤུགས་ཅི་རིགས་པས་ལན་དྲུག་ཏུ་བསྟན་པ་ལ། མི་འདྲ་བའི་ཁྱད་པར་ཡོད་ན་དེ་ཉིད་འཆད་དགོས་ཤིང༌། མེད་ན་ནི་ཟློས་པར་འགྱུར་རོ། །ཞེ་ན། ལན་ལ་གཉིས་ཏེ། མཁྱེན་གསུམ་གྱི་སྐབས་ནས་བསྟན་པའི་ལམ་གསུམ་གྱི་ཁྱད་པར་དང༌། སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ལམ་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་མངོན་པར་རྟོགས་པ་དང་པོ་གསུམ་གྱི་ལེའུར་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་འགྲོ་བས་འཇིག་རྟེན་ལས་འདས་པའི་མཐོང་བ་དང་སྒོམ་པའི་ལམ་གྱི་རྟོགས་པ་རེ་རེ་ལ་ཡང་ལན་གསུམ་གསུམ་དུ་བསྟན་པ་ལ་ནི་ཆོས་ཅན། མི་འདྲ་བའི་ཁྱད་པར་མེད་པར་བསྟན་པ་མ་ཡིན་ཏེ། སྐབས་དང་པོ་ནི་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་ནས་སྒོམ་པའི་ལམ་གསུམ་གྱི་དབྱེ་བས་དང༌། སྐབས་གཉིས་པར་ནི་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ལམ་གསུམ་གྱི་དབྱེ་བ་དང༌། སྐབས་གསུམ་པར་ནི་གཞི་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ལམ་གསུམ་གྱི་དབྱེ་བས་ཕྱེ་ནས་བསྟན་པའི་ཕྱིར། གཉིས་པ་ནི། རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ལ་སོགས་པ་གསུམ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པའི་ལམ་གསུམ་གྱི་ཐ་སྙད་ལན་གསུམ་གསུམ་དུ་གསུངས་པ་ལ་ནི་ཆོས་ཅན། མི་འདྲ་བའི་ཁྱད་པར་མེད་པ་ཁོ་ནར་གསུངས་པ་མ་ཡིན་ཏེ། མི་འདྲ་བའི་ཁྱད་པར་ཇི་ལྟར་ཡོད་པའི་རྒྱུ་མཚན་དང༌། ཡོད་པ་ལྟར་བསྟན་པའི་དགོས་པ་གཉིས་གཟིགས་པའི་ཕྱིར། དང་པོ་རྒྱུ་མཚན་ནི། སྦྱོར་བ་དང་པོ་གསུམ་དུ་བསྟན་པའི་ལམ་གསུམ་པོ་ནི་རེ་རེ་ནས་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་ལ་དབང་ཐོབ་ཕྱིར་དུ་དང༌། དབང་ཐོབ་པའི་ཚུལ་གྱི་དང༌། བརྟན་པ་ཐོབ་ཕྱིར་དུ་སྒོམ་པ་གོང་ནས་གོང་གི་གནས་སྐབས་ཀྱི་ཁྱད་པར་གྱིས་ལམ་གསུམ་པོའི་རྣམ་པ་ཐམས་ཅད་ཡང་མི་འདྲ་བའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཕྱིར། གཉིས་པ་ནི་ཁྱད་པར་ཇི་ལྟར་ཡོད་པ་དེ་བཞིན་དུ་ལམ་གསུམ་པོ་རེ་རེ་ནས་ལན་གསུམ་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཟག་པ་མེད་པའི་ཡེ་ཤེས་ཆུང་ངུ་སྦྱོར་བའི་ལམ་ཇི་སྙེད་པ་སྦྱོར་ལམ་པ་གཅིག་གི་རྒྱུད་ལ་དང༌། ཡེ་ཤེས་འབྲིང་མཐོང་ལམ་ཇི་སྙེད་པ་མཐོང་ལམ་པ་གཅིག་གི་རྒྱུད་ལ་དང༌། ཡེ་ཤེས་ཆེན་པོ་སྒོམ་ལམ་གྱི་མིང་ཅན་ཇི་སྙེད་པ་སྒོམ་ལམ་པ་གཅིག་གི་རྒྱུད་ལ་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཡིན་པས་སོ། །དེ་ལྟར་བསྟན་པས་དོགས་པ་དེ་ཁེགས་པ་ཡིན་ཏེ། ཟག་པ་མེད་པའི་ཡེ་ཤེས་ཆུང་ངུ་ལའང་དབང་ཐོབ་ཕྱིར་སོགས་གསུམ་དུ་ཕྱེ་བས་ཆུང་ངུ་ཐམས་ཅད་ཅིག་ཅར་དུ་སྐྱེ་བ་དང༌། འབྲིང་པོ་མཐོང་ལམ་ལ་དབང་ཐོབ་ཕྱིར་གྱི་མཐོང་ལམ་སོགས་གསུམ་དུ་ཕྱེ་བས། ཡེ་ཤེས་འབྲིང་པོ་ཇི་སྙེད་པ་ཅིག་ཅར་དུ་སྐྱེ་བ་དང༌། ཆེན་པོ་སྒོམ་ལམ་ལ་དབང་ཐོབ་ཕྱིར་སོགས་གསུམ་དུ་ཕྱེ་བས་ཆེན་པོ་གང་ཡིན་ཅིག་ཅར་དུ་སྐྱེ་བར་དོགས་པ་ཁེགས་པའི་ཕྱིར། ལམ་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བའི་ཚུལ་ནི་རྣམ་རྫོགས་སྦྱོར་བའི་སྐབས་ཀྱི་སྦྱོར་ལམ་བསྒོམ་བྱ་རྣམ་པ་ལ་དབང་ཐོབ་ཕྱིར་གྱི་ལམ་ཡིན་པ་དང༌། རྩེ་སྦྱོར་གྱི་སྦྱོར་ལམ་དེ་ལ་དབང་ཐོབ་པའི་ལམ་ཡིན་པ་དང༌། མཐར་གྱིས་པའི་སྦྱོར་ལམ་བརྟན་པ་ཐོབ་ཕྱིར་གྱི་ལམ་ཡིན་པར་བཤད་པས། སྦྱོར་ལམ་དེ་གསུམ་བྱང་སེམས་ཀྱི་སྦྱོར་ལམ་པ་གཅིག་གི་རྒྱུད་ལ་རིམ་གྱིས་སྐྱེ་བར་གྲུབ་པ་ཡིན་པས་དང༌། ཆེ་འབྲིང་གཉིས་ལའང་དེ་ལྟར་སྦྱར་བས་སྐབས་བར་པ་གསུམ་གྱི་མཐོང་ལམ་གསུམ་ཡང་རིམ་གྱིས་སྐྱེ་བ་དང༌། དེ་ལྟ་བུའི་སྒོམ་ལམ་གསུམ་ཡང་རིམ་གྱིས་སྐྱེ་བར་གྲུབ་པས་སོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་སྐབས་དང་པོ་གསུམ་གྱི་ལམ་གསུམ་དང༌། སྐབས་བར་པ་གསུམ་གྱི་ལམ་གསུམ་སོ་སོའི་ཁྱད་པར་ཅི་ཞེ་ན། དེའི་ཁྱད་པར་ནི་འཕགས་སེང་གིས་མཁྱེན་གསུམ་སྤྱིའི་སྒྲུབ་པ་དང༌། སྦྱོར་བ་བཞི་བྱེ་བྲག་གི་སྒྲུབ་པའི་ཁྱད་པར་ཕྱེ་བ་ལས་ཤེས་སོ། །འདི་ཡང་ཉམས་ལེན་གྱི་ཚེ་རེ་རེ་ལ་གཉིས་ཀ་ཚང་དགོས་ཀྱང༌། བསྟན་ཚུལ་གྱི་དབྱེ་བས་སོ་སོར་ཕྱེ་བ་ཡིན་ཏེ། སྔ་མ་སྙིང་པོའི་དོན་ཡིད་ལ་བྱེད་ཚུལ་དང༌། ཕྱི་མ་མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་ཚུལ་གྱི་ཆ་ནས་བསྟན་པས་སོ། །སྙིང་པོའི་དོན་ཡིད་ལ་བྱེད་ཚུལ་ལ་བསྟན་ཚུལ་གྱི་རིམ་པ་གཉིས་བྱུང་སྟེ། སྐབས་དང་པོ་གསུམ་དུ་སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་ནས་སྦྱོར་བ་བཞིའི་ཉམས་ལེན་གྱིས་དོན་གསུམ་པོ་དེ་ཉིད་དབང་ཐོབ་ཕྱིར་སོགས་ཀྱིས་རིམ་པས་སྒོམ་པར་བཤད་པའི་རིམ་པ་ནི་བསྒོམ་བྱ་རྣམ་པའི་གཞུང་གིས་གསལ་བར་བསྟན་ནོ། །རིམ་པ་གཅིག་ནི་སྐབས་དང་པོ་གསུམ་གྱི་ལམ་གསུམ་པོས་སྐྱེ་མེད་གསུམ་ལ་གོམས་པ་མཐར་ཕྱིན་པར་བྱས་པས་རྒྱུན་མཐའི་ངེས་འབྱུང་སྒྲུབ་པ་ལ་ཐུག་པ་ནི་སྙིང་པོའི་སྒོམ་ཚུལ་གཅིག་དང༌། སྙིང་པོའི་དོན་ཤེས་པ་དེ་ཉིད་ཀུན་ལ་ཁྱབ་བྱེད་དུ་བཞག་ནས་སྦྱིན་སོགས་དྲུག་པོ་རེ་རེ་ཡང་དྲུག་ལྡན་དུ་ཉམས་སུ་ལེན་པའི་རིམ་པ་གཅིག་གསུངས་པ་ནི་སྐབས་དང་པོར་བསྟན་པའི་མཚོན་བྱེད་ཀྱི་ཆོས་ཀྱི་ཉམས་ལེན་ནོ། །སྐབས་དང་པོ་གསུམ་གྱི་ལམ་གསུམ་པོ་སྐྱེ་མེད་གསུམ་ཤེས་ནས་སྒོམ་པའི་ལྡོག་ཆ་ནས་བསྟན་པ་དེ་ལྟ་མོད་ཀྱི་སྦྱོར་བ་བཞིའི་ལམ་གསུམ་པོ་སྐྱེ་མེད་གསུམ་ལ་སླར་ཡང་དབང་ཐོབ་ཕྱིར་དུ་སྒོམ་པ་སོགས་ཡིན་པར་གང་ལས་འགྲུབ་ཅིང༌། དེ་ལྟར་གྲུབ་པའི་ཚེ་ཟློས་པའི་སྐྱོན་སོ་ན་གནས་པ་མ་ཡིན་ནམ་ཞེ་ན། ལམ་གསུམ་ལན་དྲུག་པོའི་བསྟན་ཚུལ་གྱི་ལྡོག་པ་མི་འདྲ་བས་ཉན་པ་པོའི་རྒྱུད་ལ་གོ་བ་སྐྱེ་ཚུལ་མི་འདྲ་བའི་ཕྱིར་ན་ཟློས་པའི་སྐྱོན་སྤོང་བར་ནུས་ཤིང༌། བསྟན་ཚུལ་མི་འདྲ་ཡང་ཉམས་ལེན་གྱི་ཚེ་ན་སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་གྱི་ཡེ་ཤེས་ལ་སྦྱོར་བ་བཞིའི་སྐབས་ཀྱི་ལམ་གསུམ་པོའི་ཉམས་ལེན་ཚང་མར་ཡོད་དགོས་པས་ན་སྐབས་དང་པོ་གསུམ་གྱི་ལམ་གསུམ་པོའི་ཉམས་ལེན་གྱིས་གྲུབ་ཟིན་སྦྱོར་བཞིའི་སྐབས་ནས་བསྟན་པའི་ལམ་གསུམ་པོའི་ཉམས་ལེན་གྱིས་བསྒྲུབ་དགོས་པར་ཐལ་བ་མ་ཡིན་ནོ། །ཡང་འདི་སྙམ་དུ་རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་ལམ་གསུམ་ནི་སྤང་བྱ་རྟོག་པ་སོ་སོའི་གཉེན་པོར་དངོས་སུ་སྦྱར་བས་སྐྱེ་མེད་གསུམ་ལ་དབང་ཐོབ་པ་དང༌། མི་མཐུན་ཕྱོགས་ཀྱི་གཉེན་པོར་གོ་ནུས་མོད། རྣམ་ཀུན་གྱི་ལམ་གསུམ་པོ་ནི་ཕལ་ཆེར་རྗེས་ཐོབ་ཀྱི་སྤྱོད་པ་ཁོ་ནའི་ཆ་ནས་བཤད་ཅིང༌། ཁྱད་པར་དུ་སྒོམ་ལམ་དང་སྲིད་ཞི་མཉམ་ཉིད་སོགས་ལ་ནི་སྐྱེ་མེད་གསུམ་ལ་དབང་མ་ཐོབ་པའི་དོན་མ་ཚང་བས་ཁྱད་པར་བཤད་ཟིན་པ་དེ་དག་མི་འཐད་དོ་ཞེ་ན། ལན་ནི། རྣམ་རྫོགས་སྦྱོར་བ་ལ་གཉིས་ཏེ་རྩེ་སྦྱོར་སྔོན་དུ་སོང་བ་དང༌། དེའི་རྗེས་ལ་ཐོབ་པའོ། །དང་པོ་ཉམས་སུ་ལེན་ཚུལ་ནི། སྤྱིར་རྣམ་ཀུན་ཙམ་གྱི་སྐབས་ནས་བཤད་པའི་རྣམ་པ་ནས་མཚན་ཉིད་ཀྱི་བར་གྱི་ཉམས་ལེན་དེ་དག་སྦྱོར་བ་བཞི་ག་ལ་ཁྱབ་བྱེད་དུ་འགྲོ་བ་ལས། ལས་དང་པོ་པས་ཐོག་མར་ཉམས་སུ་ལེན་ཚུལ་ཞིག་བྱུང་བ་དེ་ལ་ནི་རྣམ་རྫོགས་སྦྱོར་བ་དང་སྐབས་དེའི་ཐར་པ་ཆ་མཐུན་ཞེས་བྱ། ཚོགས་ལམ་དེའི་མཐར་ཐུག་སྐྱེས་པའི་དྲོད་སོགས་དང་པོ་གསུམ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་སྒྲིབ་གཟུང་རྟོག་ཙམ་གྱི་གཉེན་པོར་གྱུར་ལ། མཐོང་སྒོམ་ལམ་གྱི་སྤང་བྱ་རྟོག་པའི་གཉེན་པོར་མ་གྱུར་པའི་གནས་སྐབས་དེ་ལ་ནི་འཛིན་པ་ཆོས་ཀྱི་བདག་མེད་ལ་དབང་ཐོབ་ཕྱིར་དུ་སྒོམ་པ་ཞེས་བྱ་ཞིང༌། དེ་འདྲའི་སྦྱོར་ལམ་མཉམ་གཞག་དེ་ནི། ཇི་སྐད་དུ། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས། དེའི་ཡན་ལག་ཅེས་པས་བསྟན་ནོ། །རྩ་བར་ནི་རྗེས་ཐོབ་དངོས་སུ་བསྟན་པས་མཉམ་གཞག་མཚོན་ནུས་པ་ཡིན་ཏེ། མཉམ་གཞག་སྔོན་དུ་མ་སོང་བའི་རྗེས་ཐོབ་མི་སྲིད་པས་སོ། །རྗེས་ཐོབ་འདི་ཡང་རྟགས་ཀྱི་རྩེ་སྦྱོར་ལ་ལྟོས་ནས་ལས་དང་པོ་པར་གྱུར་པ་ཡིན་ཏེ། འདིར་ནི་ཐབས་ཀྱི་ཆ་ནས་བཤད་ལ། དེར་ནི་ཤིན་ཏུ་གོམས་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་ཕྱིར། རྩེ་སྦྱོར་ཐོབ་རྗེས་ཀྱི་རྣམ་ཀུན་ནི་ལམ་གསུམ་པོའི་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཀྱི་ཤེས་པ་སྤང་བྱ་ཤེས་སྒྲིབ་མཐོང་སྤང་དང༌། སྒོམ་སྤང་དུ་གྱུར་པའི་ཕྱི་མ་དེ་དང་དེ་དག་གི་སྤོང་གཉེན་སྦྱོར་འཇུག་ལ་མ་རེག་པའི་བར་ན་ཡོད་པ་རྣམས་ཏེ། དྲོད་སོགས་དང་པོ་གསུམ་གྱི་རྗེས་ཐོབ་ནས་ས་བདུན་པའི་བར་དུ་བཞག་གོ །ས་བརྒྱད་པ་ཡན་གྱི་སྒོམ་ལམ་དང༌། སྲིད་ཞི་མཉམ་ཉིད་སོགས་ལ་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་རྫོགས་པར་བསྒོམས་པས་རྣམ་ཀུན་ཙམ་གྱི་དོན་ཚང་ཡང༌། དབང་ཐོབ་ཕྱིར་དུ་སྒོམ་པ་སོགས་ཁྱད་པར་ཅན་གྱི་དོན་མ་ཚང་བས་རྣམ་ཀུན་ཁྱད་པར་ཅན་དུ་མི་འཇོག་ལ། ས་བཅུ་པའི་བར་དུ་བཞག་པ་ནི་ཙམ་པོ་ལ་བསམས་པའོ། །དེས་ན་སྐབས་བཞི་པར་བསྟན་པའི་ལམ་ཇི་སྙེད་པ་རྣམ་ཀུན་ཁྱད་པར་ཅན་དུ་མ་ངེས་པས་སྐྱོན་མེད་དོ། །གཉིས་པ་གནས་སྐབས་དེ་ནས་ཐོབ་པའི་ཡོན་ཏན་བཤད་པ་ལ། སྤྱིའི་མཚམས་སྦྱར། སོ་སོའི་རང་བཞིན་རྒྱས་པར་བཤད། བཤད་ཟིན་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེས་པ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་འབྱུང་བས་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་མདོ་ན་གསུམ་གའི་ཐུན་མོང་གི་མདོར་བསྟན་མེད་ཀྱང༌། བསྟན་བཅོས་སུ་ཐུན་མོང་གི་མདོར་བསྟན་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ཚིག་ཉུང་ངུས་རྟགས་ཀྱི་རྣམ་གཞག་རྒྱས་པ་ཁོང་དུ་ཆུད་ནུས་པའི་ཕྱིར། དེའི་དོན་འབྱེད་པ་ནི། དཔའ་བོ་བྱང་ཆུབ་སེམས་དཔའ་སློབ་པ་གང་དག་ལས། དབང་རྣོན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང༌། དབང་འབྲིང་མཐོང་བའི་ལམ་དང༌། དབང་རྟུལ་སྒོམ་པའི་ལམ་ལ་གནས་པ་གང་དག་ཡིན་པ་དེ་དག་ནི་ཆོས་ཅན། ཕྱིར་མི་ལྡོག་པའི་དགེ་འདུན་དུ་མཚོན་པར་བྱ་བའི་མཚན་ཉིད་ཅན་ཡིན་ཏེ། དེའི་རྟགས་ཉི་ཤུ་པོ་དེ་དང༌། བཅུ་དྲུག་པོ་དེ་དང༌། བརྒྱད་པོ་དེ་རྟོགས་པའི་ཚུལ་གྱིས་ལམ་ལ་གནས་པའི་ཕྱིར་དང༌། འདིར་སྦྱོར་མཐོང་གཉིས་ཀྱི་རྟགས་འཆད་པ་ན། རྩ་བར་རྗེས་ཐོབ་ཀྱི་སྤྱོད་པ་དངོས་སུ་བཤད་ནས། མཉམ་གཞག་གི་རྟོགས་པ་ཤུགས་ལ་གོ་ནུས་པའི་ཚུལ་དང༌། འགྲེལ་པར་ནི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་དེ་དང་དེའི་རྒྱུ་མཉམ་གཞག་གི་རྟོགས་པ་རེ་རེ་ཞིང་རྒྱུ་འབྲས་སུ་སྦྱར་ནས་རྟགས་ཆོས་ཀྱི་འབྲེལ་པ་ངེས་པའི་ཚུལ་གྱིས་བཤད། དེའི་རིགས་པས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཀྱང༌། མཉམ་གཞག་ཏུ་ཟབ་མོ་བརྒྱད་རྟོགས་པ་དང༌། དེས་དྲངས་པའི་རྗེས་ཐོབ་ཀྱི་སྤྱོད་པ་རྟགས་སུ་འགྲོ་བའི་ཚུལ་ངེས་པར་བྱ་བ་ཡིན་ནོ། །དེ་ལ་ཡང་རང་བཞིན་དང་འབྲས་བུའི་རྟགས་སུ་འགྲོ་ཚུལ་དང༌། དེ་རེ་རེ་ལ་ཡང་རང་དོན་དང་གཞན་དོན་སྐབས་སུ་འགྲོ་ཚུལ་གཉིས་སུ་དབྱེ་དགོས་པ་ལས། དང་པོ་ནི་ཇི་སྐད་དུ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་འབྱུང་བ་ལྟར་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། ཐེག་པ་གཞན་གྱི་བར་མ་ཆོད་པར་རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་དུ་རུང་སྟེ། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་རྣམ་མཁྱེན་དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། དེའི་ཁྱབ་འབྲེལ་དངོས་པོ་སྟོབས་ཤུགས་ཀྱི་རིགས་པས་འགྲུབ་ལ། གསུམ་པོ་དེ་རྣམ་མཁྱེན་གྱི་རྒྱུ་ཚོགས་གྲངས་ཚང་ཡིན་པར་ནི། ཇི་སྐད་དུ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པ་ལྟ་བུའི་ལུང་གིས་འགྲུབ་པ་དང༌། དེའི་ཕྱོགས་ཆོས་ནི། རྒོལ་བ་རང་ངོར་མངོན་སུམ་གྱིས་གྲུབ་པ་དེའི་ཚེ། རང་དོན་སྐབས་ཀྱི་གཏན་ཚིགས་སུ་འགྱུར་ལ། རྒོལ་བ་གཞན་གྱི་ངོར་ཕྱོགས་ཆོས་མངོན་སུམ་གྱིས་མ་གྲུབ་པ་དེའི་ཚེ་འབྲས་བུའི་རྟགས་ཀྱི་སྒྲུབ་ཚུལ་ནི། དེ་ཆོས་ཅན། མཉམ་གཞག་ཏུ་རྒྱུ་ཚོགས་གསུམ་པོ་དེ་སྔོན་དུ་སོང་བ་ཡིན་ཏེ། གཞན་དོན་དུ་དམྱལ་བ་ཡང་ཚོལ་བ་ལྟ་བུའི་དང༌། གཟུགས་སོགས་ལ་བདེན་ཞེན་མངོན་གྱུར་པ་བཟློག་པ་ལྟ་བུའི་རྗེས་ཀྱི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཕྱིར། ཞེས་འགོད་པར་བྱ་སྟེ། ཇི་སྐད་དུ། དུ་བ་ལས་ནི་མེ་ཤེས་དང༌། །ཞེས་སོགས་འབྱུང་བ་ལྟར་རོ། །ཕྱོགས་ཆོས་ནི་རྒོལ་བ་གཞན་དེའི་མངོན་སུམ་གྱིས་འགྲུབ་ལ། ཁྱབ་འབྲེལ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པའི་ལུང་དཔྱད་གསུམ་གྱིས་དག་པའི་ཚེ་ན་འགྲུབ་པའོ། །འདི་ཡང་གཞན་རྒྱུད་ལ་གློ་བུར་བའི་རྟགས་ཀྱིས་དཔོག་ནུས་པ་དེའི་ཚེ་རང་དོན་སྐབས་ཀྱི་གཏན་ཚིགས་སོ། །དེ་ལྟར་གྲུབ་ནས་གང་ཟག་དབང་རྟུལ་འགའ་ཞིག་གི་ངོར། དེ་ལྟ་བུ་ཆོས་ཅན་དུ་བཟུང་ནས་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པ་ལ་ཐེག་པ་གཞན་གྱིས་བར་མ་ཆད་པར་རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་དུ་རུང་བ་གཏན་ཚིགས་བཀོད་པ་ནི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་སོ། །གཉིས་པ་ལ་གསུམ་ལས། དང་པོ་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་མདོ་ལོགས་པ་མེད་པས། མཚམས་སྦྱོར་དང་རྩ་བ་གཞུང་བཞིན་དུ་བཞག་ནས། འགྲེལ་པ་ནི། བྱེད་པ་པོ་མདོ་ལས་གསུངས་པའི་གཟུགས་ལ་སོགས་པ་ལས་ལྡོག་པ་དང༌། ཐེ་ཚོམ་མེད་པ་ལ་སོགས་པའི་རྣམ་པ་ཉི་ཤུས་བྱ་བ་གང་ལ་གནས་པའི་ཡུལ་བྱང་ཆུབ་སེམས་དཔའ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ལས་སུ་བྱ་བ་ཕྱིར་མི་ལྡོག་པའི་མཚན་ཉིད་དེ། གོ་བྱེད་དུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི་གཞུང་བཞིན་དང༌། རྩ་བ་ལ་རབ་འབྱོར་གྱིས་གསོལ་པ། བྱང་ཆུབ་སེམས་དཔའ་གང་དག་རྣམ་པ་དང་རྟགས་དང་མཚན་མ་ཇི་ཙམ་གྱིས་ན་ཕྱིར་མི་ལྡོག་པར་རིག་པར་བགྱི། བཀའ་སྩལ་པ། གཟུགས་ལས་ལྡོག་ན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཞེས་སོགས་ཀྱི་མདོ་ཚན་བཅུ་དྲུག་ཆོས་ཅན། བྱང་སེམས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་གཏན་ཚིགས་བཤད་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། བྱེད་པ་པོ་མདོ་དང་རྒྱན་ལས་གསུངས་པའི་རྟགས་ཉི་ཤུ་པོ་འདི་དག་གིས། བྱ་བ་གང་ལ་གནས་པའི་གཞི་དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོ་བ་རྣམས་ནི་ལས་སུ་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཤེས་པར་བྱའོ། །ཉི་ཤུ་པོ་གང་ཞེ་ན། དེ་ལ་བཞི་ལས། དྲོད་ཀྱི་རྟགས་བཅུ་གཅིག་ནི། རྒྱུ་མཉམ་གཞག་ཏུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པས་འབྲས་བུ་རྗེས་ཐོབ་ཏུ་གཟུགས་ལ་སོགས་པའི་ཆོས་ལ་ཞེན་པ་བཟློག་པ་དང༌། རྒྱུ་དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པས་འབྲས་བུ་དེའི་ཡོན་ཏན་ཐེ་ཚོམ་ཟད་པའི་རྗེས་ཀྱི་སྤྱོད་པ་དང༌། རྒྱུ་མི་ཁོམ་པ་བརྒྱད་དུ་མི་སྐྱེ་བའི་སྨོན་ལམ་གྲུབ་པས། འབྲས་བུ་དེ་དག་གི་སྐྱེ་བ་ཟད་པ་ནི་དེ་གང་ལ་སྤྱོད་པའི་བྱང་སེམས་ཕྱིར་མི་ལྡོག་པའི་གཏན་ཚིགས་སོ། །འདིར་འགྲེལ་ཆེན་ལ་བརྟེན་ནས་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་ཆོས་ཅན་དུ་འཛིན་པར་བཞེད་ཀྱང༌། གཏན་ཚིགས་དེ་དག་དང་ལྡན་ན། གང་ལ་ཤེས་འདོད་དང་དཔག་འདོད་ཞུགས་པ་དེ་ཉིད་ཆོས་ཅན་དུ་བཟུང་ངོ༌། །གཏན་ཚིགས་དེ་དག་དང་ལྡན་ཡང་དབང་རྟུལ་ལ་སྒྲུབ་མི་ནུས་ན། རྟགས་ཆོས་ཀྱི་འབྲེལ་བ་འཁྲུལ་པས་དབང་རྣོན་ཡིན་པ་གཏན་ཚིགས་སུ་འགོད་དགོས་པར་འགྱུར་རོ། །ཡང་གཏན་ཚིགས་ཉི་ཤུ་པོ་ཐམས་ཅད་ཀྱི་སྐབས་སུ་ཤེས་ནས་དད་པ་ཐོབ་པས། ཞེས་སོགས་གཞུང་སྔ་མ་རྣམས་རྟགས་སུ་བཀོད་ནས། ཐེ་ཚོམ་ཟད་པ་སོགས་ཕྱི་མ་རྣམས་བསྒྲུབ་བྱའི་ཆོས་བྱེད་པ་ནི་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་སྒྲུབ་པར་སོང་བས། གཏན་ཚིགས་རྣམ་དག་ཏུ་འགྲོ་དཀའ་བའི་ཕྱིར་ན་རྒྱུ་ལས་འབྲས་བུ་འབྱུང་རུང་དུ་སྒྲུབ་པའམ། ཡོན་ཏན་ལ་ཐེ་ཚོམ་ཟད་པ་ལྟ་བུ་ཆོས་ཅན་དུ་བཟུང་ནས་རང་རྒྱུ་ཤེས་ནས་དད་ཐོབ་སྔོན་སོང་དུ་སྒྲུབ་པ་ལྟ་བུའི་ཚུལ་གྱིས་གཏན་ཚིགས་སུ་བཀོད་ན་ལེགས་སོ། །བརྒྱད་པོ་གང་ཞེ་ན། དབང་པོ་མ་ཚང་བ་སོགས་གཅིག་ཏུ་བསྡུས་ནས་གཞུང་ཇི་ལྟ་བ་བཞིན་ནོ། །གཏན་ཚིགས་བཞི་པ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེས་བདག་དགེ་བ་ལ་གནས་ནས་གཞན་ཡང་དགེ་བའི་ཆོས་ལ་སྦྱོར་བ་དང༌། མཉམ་གཞག་ཏུ་བདག་དང་གཞན་དུ་བརྗེ་བའི་སེམས་ཐོབ་པ་ཉིད་ཀྱི་རྗེས་ཐོབ་ཏུ་རང་གིས་བྱས་པའི་སྦྱིན་སོགས་ཀྱི་དགེ་བ་སེམས་ཅན་གཞན་གྱི་ཡུལ་ལ་ཡོངས་སུ་བསྔོ་བ་དང༌། མཉམ་གཞག་ཏུ་ཆོས་ཟབ་མོ་ཡང་དག་པར་རྫོགས་པས་རྗེས་ཐོབ་ཏུ་ཟབ་མོའི་དོན་ལ་སོམ་ཉི་མེད་པར་གཞན་ལ་སྟོན་ནུས་པ་དང༌། བསམ་པས་གཞན་ལ་ཕན་པ་ཉིད་དུ་ཞུགས་པས་སྦྱོར་བ་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ་དང༌། བསླབ་པ་གསུམ་ལ་སློབ་པའི་སྦྱོར་བ་ཕུན་སུམ་ཚོགས་པས་གསུམ་པོ་ལ་བར་དུ་གཅོད་པའི་སྒྲིབ་པ་ལྔ་པོ་དག་རྗེས་ཐོབ་ཀྱི་དུས་གང་དུ་ཡང་མི་འགྲོགས་པ་དང༌། ལྔ་པོ་གང་ཞེ་ན། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱི་ནི་ཚུལ་ཁྲིམས་ཀྱི་བསླབས་པ་ལ་སྒྲིབ། གཉིད་དང་རྨུགས་པས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་སྒྲིབ། རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་དག་གིས་ནི་ཤེས་རབ་ཀྱི་བསླབ་པ་ལ་སྒྲིབ་པའོ། །ཡང་མཉམ་གཞག་ཏུ་གཉེན་པོ་སྟོང་པ་ཉིད་བསྒོམ་པ་ལ་བརྩོན་པ་ཉིད་ཀྱིས་རྗེས་ཐོབ་ཏུ་མ་རིག་པ་དང་ལྟ་བའི་བག་ལ་ཉལ་འཇོམས་པའི་ལུས་ངག་གི་བྱེད་པ་ཅན་དང༌། བླང་དོར་གྱི་གནས་ལ་རྟག་ཏུ་མཉམ་པར་བཞག་པ་ཉིད་ཀྱིས་དྲན་པ་དང་ཤེས་བཞིན་དང་ལྡན་པ་དང་ཞེས་པ། འདིར་སྔ་ཕྱི་བཟློག་སྟེ་བཤད་ན་གོ་བདེ་བར་མངོན་ནོ། །ཕྱི་ནང་གི་གཙང་སྦྲ་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་གོས་ལ་སོགས་པ་གཙང་བ་ཞེས་བྱ་བ་རྣམས་སོ། །གཉིས་པ་རྩེ་མོའི་རྟགས་དྲུག་ནི། དགེ་བའི་རྩ་བ་འཇིག་རྟེན་ཐ་མལ་པ་ལས་མངོན་པར་འཕགས་པ་ཉིད་ཀྱིས་ཕྱིའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང༌། ནང་དུ་མ་ཆགས་པ་སོགས་དགེ་བའི་རྩ་བ་གསུམ་རྣམ་པར་དག་པས་རྗེས་ཀྱི་སེམས་ལ་གྱ་གྱུ་མེད་པ་དང༌། ནང་དུ་རྙེད་པ་དང་བཀུར་སྟི་སོགས་ལ་མི་ལྟ་བའི་སེམས་ཡོད་པ་ཉིད་ཀྱིས་རྗེས་ཐོབ་ཏུ་ཕྱག་དར་ཁྲོད་ལ་སོགས་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་དང༌། ནང་དུ་སྦྱིན་པ་ལ་སོགས་པའི་ཁྱད་པར་མཆོག་ཏུ་བསྒྲུབ་པས་རྗེས་ཐོབ་ཏུ་དེ་དག་དང་འགལ་བ་སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་སོགས་མེད་པ་དང༌། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་བསྡུད་པ་ཉིད་ཀྱི་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འགྲོ་བ་དང༌། འགྲོ་བ་ཐམས་ཅད་བུ་གཅིག་པ་ལྟར་བདག་ཉིད་ཀྱིར་བྱས་པ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བ་ཡང་འདོད་པ་ཞེས་བྱ་བ་དང་དྲུག་གོ །གསུམ་པ་བཟོད་པའི་རྟགས་གཉིས་ནི། རང་གི་རྟོགས་པ་ལ་ཡིད་ཆེས་པའི་ཆོས་ཉིད་ཀྱིས་གཞན་གྱིས་བཀྲིར་མི་བཏུབ་པ་དང༌། སངས་རྒྱས་ཉིད་ཀྱིས་གསུངས་པའི་ཐབས་ཤེས་པ་ལ་མཁས་པ་ཉིད་ཀྱིས་བླ་མེད་བྱང་ཆུབ་ཀྱི་ལམ་ལྟར་བཅོས་མ་ཉེ་བར་སྟོན་པའི་བདུད་ལ་བདུད་ཉིད་དུ་རྟོགས་པ་ཞེས་བྱ་བ་སྟེ་གཉིས་དང༌། བཞི་པ་ཆོས་མཆོག་གི་རྟགས་ནི། སྤྱོད་པ་ཐམས་ཅད་ལ་འཁོར་གསུམ་དུ་མཚན་མར་འཛིན་པ་རྣམ་པར་དག་པས་སངས་རྒྱས་དགྱེས་པའི་སྤྱོད་པ་ཅན་ཞེས་བྱ་བ་འདི་རྣམས་སོ། །གསུམ་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ་གཉིས་ལས། དང་པོ་བསྟན་པ་ལ། མཚམས་སྦྱར་སོགས་གསུམ་ནི་གཞུང་ཇི་ལྟ་བ་བཞིན་ཏེ། མདོ་ལས་ནི་བསྟན་བཤད་གཉིས་སུ་ཕྱེ་བ་མེད་དོ། །རྩ་བར་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་སྒྲས་ཟིན་གྱི་བཅུ་དྲུག་པོ་འདི་ཉིད་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ངོས་འཛིན་དུ་མཛད་ནས་དེ་ཉིད་རྟགས་སུ་བཤད་ལ། འགྲེལ་པར་ནི་མཉམ་གཞག་གི་ཤེས་བཟོད་བཅུ་དྲུག་པོ་ངོས་བཟུང་ནས་རྩ་བའི་ཚིག་ཟིན་གྱི་བཅུ་དྲུག་པོ་ནི་མཉམ་གཞག་དེས་དྲངས་པའི་རྗེས་ཐོབ་ཏུ་བཤད་ནས་དེའི་རྟགས་སུ་མཛད་པ་དང༌། དེ་ལ་མཉམ་གཞག་གཅིག་གི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བར་བྱེད་དོ། །གཉིས་པ་བཤད་པ་ལ། དང་པོ་རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་གང་ལས་ལྡོག་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལགས། བཀའ་སྩལ་པ། གཟུགས་ཀྱི་འདུ་ཤེས་དང་ཚོར་བའི་འདུ་ཤེས་ལས་ཕྱི་ལྡོག་ན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཞེས་སོགས་ཀྱི་མདོ་ཚན་ཆོས་ཅན། ཤེས་བཟོད་སྐད་ཅིག་མས་དྲངས་པའི་རྗེས་ཐོབ་ཀྱི་སྤྱོད་པ་བཅུ་དྲུག་ངོས་བཟུང་བ་ཡིན་ཏེ་ཞེས་སྦྱར། འགྲེལ་པ་ལ་གཉིས་ཏེ། དངོས་བསྟན་རྟགས་ཀྱི་དབྱེ་བ་དང༌། རྟགས་དེ་དག་མཉམ་གཞག་ཡིན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་ལས། སྡུག་བདེན་གྱི་རྣམ་པའི་དབང་དུ་བྱས་པ་ནི། མཉམ་གཞག་ཏུ་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོགས་པས། རྗེས་ཐོབ་ཏུ་གཟུགས་ལ་སོགས་པའི་ཆོས་སུ་མཚན་མར་རྟོག་པ་ལས་ལྡོག་པ་དང༌། དེ་བཞིན་མཉམ་རྗེས་སོ་སོར་སྦྱར་ནས་བསམ་གཏན་དང་གཟུགས་མེད་ལ་ཞུགས་ཀྱང་དེའི་དབང་གིས་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པ་ཞེས་བྱ་བའི་བར་ནི་སྡུག་བདེན་གྱི་རྣམ་པའི་དབང་དུ་བྱས་པའོ། །དེ་བཞིན་དུ་ཀུན་འབྱུང་གི་རྣམ་པ་གཞུང་ཇི་ལྟ་བ་བཞིན་དུ་དང༌། གསུམ་པ་འགོག་པའི་རྣམ་པ་ལ་བཞི་སྟེ། ཤེས་བྱ་ཕུང་སོགས་ལ་ཞེན་པ་དགག་པ་དང༌། མི་མཐུན་ཕྱོགས་ལ་ཞེན་པ་དགག་པ། གཉེན་པོ་རྣམ་བྱང་ལ་ཞེན་པ་དགག་པ། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།