མིང་ལ་ཞེན་པ་དགག་པའོ། །དང་པོ་ནི། མཉམ་གཞག་ཏུ་སྟོང་པ་ཉིད་ལ་མཆོག་ཏུ་གནས་པ་ཉིད་ཀྱིས་རྗེས་ཐོབ་ཏུ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ། མདོ་ལས་སྦྱོར་བ་དང་རྗེས་སུ་སྦྱོར་བ་དག་ཏུ་མི་བྱའོ། །ཞེས་གསུངས་པ་དེ་ལྟར། དང་པོ་ཞེན་པ་སྦྱོར་བ་དང༌། རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་དང༌། གཉིས་པ་ནི། མཉམ་གཞག་ཏུ་མི་མཐུན་པའི་ཞེས་སོགས་དང༌། གསུམ་པ་ནི། མཉམ་གཞག་ཏུ་རྣམ་པར་རྟོག་པའི་ཞེས་སོགས་དང༌། འདི་མདོ་ལས་མ་བཤད་དོ་སྙམ་ན། དམག་གི་གཏམ་གྱི་སྦྱོར་བ་དང་ཞེས་པས་བྱང་ཆུབ་ཀྱི་རྒྱུ་ཚོགས་མཚོན་པའོ། །བཞི་པ་ནི། མཉམ་གཞག་ཏུ་གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་རྗེས་ཐོབ་ཏུ་དབང་པོ་དང་དབང་རྟེན་དང༌། རྣམ་པར་ཤེས་པ་དང༌། ཡུལ་དང༌། བདག་སྲོག་སོགས་དང༌། སྤང་གཉེན་གྱི་གཏམ་ལ་སྦྱོར་བ་དང༌། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཞེས་བྱ་བ་ནི་འགོག་པའི་དབང་དུ་བྱས་པའི་རྣམ་པའོ། །མདོ་ན་དབང་པོ་སོགས་ཀྱི་སྒྲས་བསྟན་པ་མེད་ཀྱང༌། གྲོང་གི་སྒྲས་དབང་པོ་དང༌། གྲོང་ཁྱེར་གྱི་སྒྲས་དབང་རྟེན་དང༌། གྲོང་བརྡལ་གྱི་སྒྲས་བསྟན་པའི་ཡུལ་དང༌། རྣམ་པར་ཤེས་པ་དང༌། གཡུལ་འགྱེད་པའི་གཏམ་གྱིས་སྤང་གཉེན་ལ་ཞེན་པ་འགོག་པ་མཚོན་པ་ཡིན་ནོ། །ལམ་བདེན་གྱི་དབང་དུ་བྱས་པ་ནི། མཉམ་གཞག་ཏུ་སྦྱིན་པ་ལ་སོགས་པའི་ཁྱད་པར་ཞེས་དང༌། དེ་ཡང་མཉམ་གཞག་ཏུ་ཆོས་ཐམས་ཅད་སོགས་དང༌། མཉམ་གཞག་ཏུ་རང་གི་རྟོགས་པ་ལ་མངོན་པར་ཞེས་སོགས་དང༌། མཐའ་གཅིག་ཏུ་རྣམ་མཁྱེན་ལ་གཞོལ་བ་ཉིད་ཀྱིས་ཞེས་སྦྱར་བ་ནི་འགོག་པའི་རྣམ་པ་དག་ཡིན་ནོ། །དེ་ལྟར་བཤད་པ་ན་རྒྱུ་མཉམ་གཞག་རྣམས་ནི་བདེན་པ་བཞི་པོ་དེ་དང་དེའི་བཟོད་ཤེས་དངོས་ཡིན་ལ། རྗེས་རྣམས་ནི་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པའོ། །གལ་ཏེ་རྗེས་ཀྱི་སྤྱོད་པ་འདི་རྣམས་མངོན་དུ་འགྱུར་བའམ། འོན་ཏེ་མི་འགྱུར་ན་ནི་རྟགས་སུ་འགལ་ལ། འགྱུར་ན་ནི་ཤེས་བཟོད་བཅུ་དྲུག་གི་གྲངས་ངེས་ཉམས་པ་དང༌། ཀུན་ལས་བཏུས་སུ་མཐོང་བའི་ལམ་ལ་བདེན་པར་རྣམ་པར་འཇོག་ལ། མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཀྱི་ཤེས་པ་རྣམས་འཐོབ་སྟེ་མངོན་དུ་བྱེད་པ་ནི་མིན་ནོ། །ཞེས་པ་དང་འགལ་ལོ་སྙམ་པ་ལ། བོད་སྔ་མས་མཐོང་ལམ་ལ་རྗེས་ཐོབ་བཞེད་པ་རྒྱན་རྩ་འགྲེལ་གྱི་ལུགས་དང༌། མི་བཞེད་པ་མངོན་པའི་ལུགས་སོ་ཞེས་གསུངས་ཀྱང༌། བདེན་པ་མངོན་པར་རྟོགས་པ་ལ་ལམ་བཞི་ལས། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ནི་མཐོང་ལམ་དངོས་དང༌། སྦྱོར་བའི་ལམ་གྱི་ངེས་ཆ་དང༌། ཁྱད་པར་གྱི་ལམ་གྱི་སྐབས་སུ། སེང་གེ་རྣམ་བསྒྱིངས་དང་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་གསུངས་པའི་རིགས་པས་རྟགས་སུ་གཟུང་བྱའི་རྗེས་ཐོབ་འདི་རྣམས་ལམ་གཉིས་ཀྱི་ནང་ནས་མཐོང་ལམ་དུ་མི་འཇོག་ཀྱང༌། མངོན་རྟོགས་ཀྱི་ནང་ནས་བདེན་པ་མངོན་རྟོགས་སུ་བཞག་དགོས་ཏེ། རྗེས་ལ་མངོན་རྟོགས་སུ་འཇོག་པ་ནི་སྒོམ་ལམ་གྱི་སྤང་བྱ་རྟོག་པའི་སྤོང་བ་གཉེན་པོ་ནས་འགོ་འཛིན་དགོས་པས་སོ། །དེའི་ཕྱིར་བདེན་པ་མངོན་རྟོགས་ཀྱི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཆོས་ཅན། མཉམ་གཞག་ཏུ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟོགས་པ་སྔོན་དུ་སོང་བ་ཡིན་ཏེ། སྐབས་འདི་ནས་བསྟན་པའི་རྗེས་ཐོབ་ཀྱི་སྤྱོད་པ་ཁྱད་པར་ཅན་ལ་གནས་པའི་ཕྱིར། ཞེས་འགོད་པར་བྱེད་དོ། །འོ་ན། བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཞེས་བཤད་པ་མིན་ནམ། ཞེས་བཤད་མོད། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །ཞེས་ཀྱང་བཤད་པས་ཤེས་བཟོད་སྐད་ཅིག་མ་ཉིད་རྟགས་སུ་བསྒྲུབ་པར་མི་ནུས་སོ། །དེ་ལྟ་ན་ཡང་གཏན་ཚིགས་འགོད་ཚུལ་དེ་རྒྱུ་སྔོན་སོང་སྒྲུབ་ཡིན་པས། བྱང་སེམས་མཐོང་ལམ་པ་དབང་འབྲིང་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་འགྲུབ་པའི་གཏན་ཚིགས་དངོས་ཡིན་ནོ། །གཉིས་པ་རྩོད་པ་སྤང་བ་ལ། རྩོད་པ་ལ་དངོས་དང༌། དེ་སྤང་བ་གཉིས་ལས། དང་པོ་ནི། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ཆོས་ཅན། བྱང་སེམས་མཐོང་ལམ་པ་གཞན་ངོར་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཇི་ལྟར་ཡིན་ཏེ་རྣལ་འབྱོར་པའི་རྒྱུད་ལ་སོ་སོར་རང་ཁོ་ནས་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་ཞེ་ན། ཞེས་པའོ། །ལན་ལ། རྩ་བར་རྗེས་ཐོབ་ལ་མཉམ་གཞག་གི་མིང་གིས་བཏགས་པར་བསྟན་པ་དང༌། དེས་ན་རྗེས་ཐོབ་ཉིད་རྟགས་སུ་བསྟན་པའོ། །དང་པོ་ནི། མཐོང་ལམ་པ་ཕྱིར་མི་ལྡོག་གི་གཏན་ཚིགས་འཆད་པའི་སྐབས་འདིར། རྗེས་ཐོབ་ལ་མཉམ་གཞག་གི་མིང་གིས་ཉེ་བར་བཏགས་ནས་བཤད་དེ། དེར་འདོགས་པའི་ཆོས་གསུམ་ཚང་བས་སོ། །གསུམ་གང་ཞེ་ན། འདོགས་པའི་རྒྱུ་མཚན་ནི། དེའི་འབྲས་བུ་ཡིན་པ་དང༌། དགོས་པ་རྣལ་འབྱོར་པ་རྣམས་ཀྱི་རྗེས་ཀྱི་ཐ་སྙད་ནི་སེམས་ཅན་འདུལ་བའི་དགོས་པའི་དབང་མ་གཏོགས་པ་ཐམས་ཅད་དུ་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ན་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་པས་སོ། །གནོད་བྱེད་ནི། མཉམ་གཞག་དངོས་ཡིན་པ་ལ་སྟོན་མི་དགོས་པས། ཤེས་བཟོད་དངོས་ཡིན་པ་ལ་སྟོན་དགོས་ཀྱང༌། འགྲེལ་པར་བདེན་པ་བཞིའི་རྣམ་པར་དངོས་སུ་བཤད་པ་ལ། འགྲེལ་བཤད་མཛད་པ་དག་གིས་ཤེས་བཟོད་དངོས་སུ་བཤད་པས་དཀའ་བའི་གནས་སུ་གྱུར་མོད། བཟོད་ཤེས་དངོས་མིན་ཏེ། མཉམ་གཞག་གི་རྗེས་ལས་ཐོབ་པའི་ཕྱིར། ཞེས་པ་ཉིད་དོ། །གཉིས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་པོ་ཆོས་ཅན། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་ཕྱིར་མི་ལྡོག་པའི་མཚན་ཉིད་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཕྱོགས་ཆོས་རྒོལ་བའི་མངོན་སུམ་གྱིས་གྲུབ་ཅིང་ཁྱབ་འབྲེལ་དེ་བྱུང་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ལུང་ལ་བརྟེན་ནས་འགྲུབ་པའི་ཕྱིར། ཇི་ལྟར་འགྲུབ་པ་ནི། བཤད་ཟིན་པ་དེ་ལྟར་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་གོང་དུ་རྒྱུའི་ཆ་ནས་བཤད་པ་འདི་རྣམས་མཉམ་གཞག་ཏུ་ཡང་དག་པར་འཐོབ་པ་ན། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་དུ་རྗེས་ཀྱི་སེམས་ཀྱིས་བསྡུས་པ་མཉམ་གཞག་རང་དང་མཐུན་པའི་འབྲས་བུ་གཟུགས་ལ་སོགས་པའི་འདུ་ཤེས་བཟློག་པ་ལ་སོགས་སྔར་རྟགས་སུ་བཤད་པ་བཅུ་དྲུག་པོ་དེ་བསྐྱེད་པའི་ཕྱིར་ན་རྒྱུ་འབྲས་ཀྱི་འབྲེལ་པ་ངེས་སོ། །ཤེས་བཟོད་སྐད་ཅིག་མའི་མིང་ཅན་དེ་རྣམས་བཟོད་ཤེས་བཏགས་པ་པར་བཤད་པ་མདོ་དང་རྗེ་བཙུན་གྱི་དགོངས་པ་ཡིན་ཏེ། དེ་ལྟར་མ་ཡིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོར་རང་གིས་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན། མ་ངེས་ཏེ། མཉམ་རྗེས་གཉིས་ཀ་ལ་བཟོད་ཤེས་བཅུ་དྲུག་ཐ་དད་དུ་ཚང་བར་ཡོད་དོ་ཞེ་ན། ཡོད་པ་མིན་ཏེ། བཤད་མ་ཐག་པའི་རྗེས་ཐོབ་དེ་དག་མཐོང་ལམ་གྱི་སྐབས་ཉིད་དུ་ནི་མི་སྐྱེ་བའི་ཆོས་ཅན་ཡིན་པས་སོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་གི་རྟགས་བཤད་པ་ལ་གཉིས་ཏེ། སྒོམ་ལམ་གཏན་ལ་དབབ་པ་དང༌། ཁྱད་པར་གྱི་གཞི། རྟགས་དོན་དངོས་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེའི་འོག་ཏུ་སོགས་དང༌། རྩ་བ་ནི། རབ་འབྱོར་གྱིས་གསོལ་བ། བྱང་ཆེན་གང་ལ་གནས་ན་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་གནས་ཟབ་མོ་དེ་གང་ལགས། སྟོང་པ་ཉིད་དང་མཚན་མ་མེད་པའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། སྒོམ་ལམ་གྱི་ངོ་བོ་ཟབ་མོ་སྟོང་པ་ཉིད་དུ་བཤད་པ་ཡིན་ཏེ། ཞེས་པར་འགྲེལ་པ་ལ། སྤྱིར་ཟབ་མོ་ངོས་བཟུང༌། ཟབ་མོ་དེ་དང་ལྡན་པས་སྒོམ་ལམ་ཟབ་པར་བསྒྲུབ་པའོ། །དང་པོ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་དག་ནི་ཆོས་ཅན། ཟབ་མོ་ཡིན་ཏེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་ཀྱིས་ན་རྟོག་པའི་ཡུལ་ལས་འདས་པའི་ཕྱིར། ཟབ་མོ་དེའི་རྣམ་གྲངས་ཀྱི་དབྱེ་བ་ནི། མདོ་ལས་གསུངས་པའི་སྟོང་པ་ཉིད་ལ་སོགས་པའི་མིང་ཅན་ཡིན་ལ། གཏན་ཚིགས་དེ་བསྒྲུབ་པ་ནི་སྟོང་པ་ཉིད་ལ་སོགས་པ་ལ་ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པའི་གཟུགས་མེད་པ་ན། གོ་རིམ་བཞིན་དུ་སྒྲོ་འདོགས་པའི་མཐའ་ལས་གྲོལ་བ་དང༌། སྟོང་པ་ཉིད་ལ་སོགས་པ་རྣམ་པར་བརྟགས་པའི་གཟུགས་ལས་གཞན་དུ་གནས་པ་ཡང་མ་ཡིན་པས་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་དོ། །འདིར་མཐའ་གཉིས་སེལ་བྱེད་ཀྱི་གཞུང་དེ་ནི་གཟུགས་སྟོང་པའོ་ཞེས་པའི་མདོ་ཚན་གཉིས་ཀྱི་དོན་ནོ། །གཟུགས་སོགས་ཐམས་ཅད་གཟུང་འཛིན་གཉིས་ཀྱིས་སྟོང་པ་དང་དེས་སྟོང་པའི་སྟོང་ཉིད་ཀྱི་གཟུགས་སོགས་སུ་འཆད་པ་སྟེ་འདི་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁས་བླངས་ནས་དེ་ཐེག་ཆེན་སྒོམ་ལམ་གྱི་ཉམས་སུ་མྱོང་བྱར་འཆད་པས་ན་རྣལ་འབྱོར་སྤྱོད་པའི་ལུགས་ལྟར་གཟུང་ངོ༌། །ཞར་ལ་ངོ་བོ་ཉིད་མེད་པར་སྨྲ་བ་གཞན་དག་ལྟར་ན་ནི། གཟུགས་སྟོང་པའོ་ཞེས་པས་ཆོས་ཐམས་ཅད་རང་སྟོང་དུ་བསྟན་པས་སྒྲོ་འདོགས་ཀྱི་མཐའ་སེལ། སྟོང་པ་ཉིད་གཟུགས་སོ་ཞེས་པས་གནས་ཚུལ་ལ་གྲུབ་པ་མེད་ཀྱང་འཁྲུལ་ངོར་སྣ་ཚོགས་སུ་སྣང་བས་སྐུར་འདེབས་ཀྱི་མཐའ་སེལ་བར་བཞེད་མོད། དེའི་ཚེ་ན། སྟོང་ཉིད་ཟབ་པ་དང༌། ཆོས་དབྱིངས་ཡེ་ཤེས་ཟབ་མོ་དང་གནས་ལུགས་སུ་ཁས་མི་ལེན་ཏེ། དེའི་ཚེ་ན་དེ་དག་གི་རིགས་པའི་དཔྱད་པ་མི་བཟོད་པས་གང་དུ་ཡང་ཁས་མི་ལེན་པའི་ཕྱིར། དེ་དང་སྐབས་འདི་མི་འདྲ་སྟེ། རིགས་པས་དཔྱད་མི་བཟོད་པ་ཙམ་གྱིས་གནས་ཚུལ་ལ་མེད་པའི་ངེས་པ་ཁས་ལེན་མི་ལེན་གྱི་ཁྱད་པར་ལས་སོ། །གཉིས་པ་ནི། འདིར་བསྟན་བསྒོམ་པའི་ལམ་ནི་ཆོས་ཅན། ཟབ་མོ་ཡིན་ཏེ། སྒྲོ་སྐུར་གྱི་མཐའ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེའི་ངོ་བོར་སྐྱེས་པས་ན་ཟབ་མོ་ཉིད་དང་ལྡན་པའི་ཕྱིར། འོག་ནས་ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་དངོས་པོ་ཞེས་པ་དང་མཐུན་ནོ། །གཉིས་པ་ཁྱད་པར་གྱི་གཞི་ལ། ངོ་བོ་དང༌། དབྱེ་བ་རྩོད་པ་སྤང་བ་དང་གསུམ། དང་པོ་ལ་མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། འདི་ཡང་སྒྲོ་སྐུར་དང་བྲལ་བ་ཁྱད་ཆོས་སུ་སྟོན་པ་ཡིན་གྱི། ཟབ་པ་ནི་ཁྱད་པར་གྱི་གཞི་ལས་མ་འདས་སོ། །རྩ་བ་ནི་རབ་འབྱོར་གྱིས་ཇི་ལྟར་ན་གནས་དེ་ལ་གནས་པས་སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བགྱི་བ་ལགས་ཞེས་ཞུས་པའི་ལན་དུ། དེ་བཞིན་ཉིད་སོགས་ལ། སེམས་འཇལ། ངེས་པར་རྟོག་པས། ཞེས་སོགས་ཀྱི་མདོ་ཆོས་ཅན། སྒོམ་ལམ་གྱི་མཚན་ཉིད་ངོས་བཟུང་བ་ཡིན་ཏེ། དེ་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ངོས་འཛིན་པར་རྩ་འགྲེལ་གྱིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། སྦྱོར་བ། ཐོས་པ་དང་བསམ་པ་དང༌། དངོས་གཞི་བསྒོམ་པ་ལས་བྱུང་བའི་ཤེས་རབ་དག་གམ། ཏིང་ངེ་འཛིན་གྱི་སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ལས་བྱུང་བའི་ཤེས་རབ་ཀྱི་བྱེད་པས་གཞི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་གསུམ་ལ། ལས་སུ་བྱ་བ་ངེས་པར་མཐོང་བའི་དོན་ཡང་དང་ཡང་དུ་སེམས་པ་དང་འཇལ་དང་ངེས་པར་རྟོག་པ་དག་ནི་ཁྱད་གཞི་སྒོམ་པའི་ལམ་རྒྱུན་ཆགས་པ་ཡིན་ནོ། །ཞེས་ངོས་བཟུང་བ་ཡིན་ནོ། །གོ་རིམ་བཞིན་དུ་ཞེས་པ། འཇལ་བ་སྒོམ་བྱུང་དང་དངོས་གཞི་ལ་སྦྱར་ནས། སེམས་པ་དང་རྟོག་པ་ཐོས་བསམ་དང་སྦྱོར་འཇུག་ལ་སྦྱོར་བ་ཉིད་དོན་ལ་འབྱོར་མོད། གཞན་དག་གིས་ལྷག་མཐོང་གི་ངོ་བོ་རྟོག་པར་བསྒྲུབ་པའི་ལུང་དུ་གཞུང་འདི་འདྲེན་པ་དེ་དག་ལ་ནི་ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་གི་ངོ་བོར་གྱུར་པའི་རྣལ་འབྱོར་མངོན་སུམ་མི་སྲིད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ་གསུམ་ལས། དང་པོ་གཉིས་ནི་གཞུང་བཞིན་ཏེ། རབ་འབྱོར་ཡུམ་དང་བྲལ་བ་དཀོན་མཆོག་གསུམ་ལ་མཆོད་པའི་བསོད་ནམས་ཆེས་མང་བ་དེ་བས་ཀྱང་ཡུམ་འདི་ཚིག་གཅིག་ཙམ་གཞན་ལ་བསྟན་པ་བསོད་ནམས་མང་བར་གསུངས་པའི་མདོ་ཚན་དགུ་ཆོས་ཅན། སྒོམ་ལམ་ལ་དགུར་ཕྱེ་བ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། གོང་དུ་སྟོང་པ་ཉིད་ཀྱི་ངོ་བོར་བཤད་པ་དང་དགུར་འབྱེད་པ་འགལ་ལོ་ཞེ་ན། དོན་དམ་པར་སྟོང་ཉིད་ཀྱི་མཚན་ཉིད་ཅན་ཡིན་ཀྱང༌། ཀུན་རྫོབ་ཏུ་རྣམ་པའི་སྒོ་ནས་རྣམ་པར་བརྟགས་པའི་གཉེན་པོའི་དབྱེ་བ་ལས་གྲངས་བཞིན་དུ་འདོད་པའི་ས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་སྒོམ་པའི་ལམ་རྣམ་པ་དགུར་ཕྱེ་བ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། རྣམ་པར་རྟོག་པ་རྩ་བའི་དབྱེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་རེ་རེ་ཞིང་ཡན་ལག་གི་དབྱེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུའི་བྱེ་བྲག་གིས་ཐ་དད་པའི་ཕྱིར། དེ་དག་གི་གཉེན་པོ་སྒོམ་ལམ་ཡང་རྩ་བའི་དབྱེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམས་རེ་རེ་ཞིང་ཡན་ལག་གི་དབྱེ་བས་ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་དེ་ལྟར་ནའོ། །སྤང་གཉེན་གྱི་རིམ་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། མུན་པ་ཤིན་ཏུ་ཆེན་པོ་ནི་སྣང་བ་ཆུང་ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་ལོ། །ཞེས་བྱ་བའི་དཔེ་ལས་རྟོགས་པའི་ཕྱིར་རོ། །སྒོམ་སྤང་ཉོན་སྒྲིབ་ཀྱི་གཉེན་པོ་ཡང་དབྱེ་བར་རིགས་པས་དེར་མ་ངེས་སོ་ཞེ་ན། སྐྱོན་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་སློབ་དཔོན་དབྱིག་གཉེན་གྱི་ལུགས་ལས་འབྱུང་བས་རྣམ་རྟོག་ཏུ་མ་འདུས་པ་མེད་དོ། །གསུམ་པ་ལ་གྲངས་ངེས་ལ་དང༌། བྱེད་པ་ལ་རྩོད་སྤང་གཉིས་ལས། དང་པོ་རྩོད་པ་ནི། རྒྱལ་བའི་ཡུམ་རྒྱས་འབྲིང་དེ་དང་དེ་ལས་སྒོམ་ལམ་གྱི་རྣམ་པ་རེ་རེའི་དབང་དུ་མཛད་དེ། འབྲས་བུ་བསོད་ནམས་གྲངས་མེད་པ་དང༌། གཞལ་ཏུ་མེད་པ་དང༌། ཚད་མེད་པ་སྐྱེ་བར་གསུངས་པའི་བྱེ་བྲག་དགུ་ལས་མང་བ་མ་ཡིན་ནམ། ཇི་ལྟར་ན་སྒོམ་ལམ་རྣམ་པ་དགུ་ཞེས་བྱ་ཞེ་ན། གཉིས་པ་ལན་ལ། རབ་འབྱོར་ཆོས་དེ་དག་ནི་བརྗོད་དུ་མེད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་བརྗོད་དུ་མེད་པའོ། །ཞེས་དང༌། བསོད་ནམས་གྲངས་མེད་པ་ལ་སོགས་པ་དེ་དག་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱིས་བསྟན་པའོ། །ཞེས་པའི་མདོ་ཚན་གཉིས་ཀྱིས་ནི་རྩོད་པ་དེ་ལས་དོན་དམ་དུ་འདོད་པ་དང་ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་གཉིས་གསུངས་སོ། །ཞེས་འཆད་པ་ནི་རྣམ་བཤད་མཛད་པ་རྣམས་ཀྱི་ལུགས་ཡིན་ལ། གཞུང་འགྲེལ་འདི་ཉིད་ཀྱི་དངོས་བསྟན་ནི་དགུར་བཞེད་དོ། །ཞེས་པ་སྒོམ་ལམ་གྱི་དབྱེ་བ་དང༌། དགུ་པོ་རེ་རེ་ལ་བསོད་ནམས་གྲངས་མེད་སོགས་གསུམ་གསུམ་འབྱུང་བར་མདོ་ལས་བཤད་པ་ལ། རྒོལ་བ་ཁོང་ནས་བསླང་སྟེ་ལན་གདབ་པ་ནི། རྣམ་པར་རྟོག་པ་ཆེན་པོ་དང༌། །ཞེས་པ་ནས། སྒོམ་པའི་ལམ་ཡིན་ནོ་ཞེས་པའི་བར་ཏེ། རྒོལ་བ་ནི། སྒོམ་ལམ་ལ་དགུར་དབྱེ་བ་མི་འཐད་དེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དུ་བཤད་མ་ཐག་པའི་ཕྱིར་ཞེས་དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པ་ལ། ལན་ནི། དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པ་ཞེས་འཆད་པ་ནི། དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་སོགས་ཡིན་ལ། དེ་ལྟ་མོད་ཀྱི་ཀུན་རྫོབ་ཏུ་ཡང་དགུར་གྲངས་མ་ངེས་པར་ཐལ། དེར་ཡང་སྒོམ་ལམ་གྱི་རྣམ་པ་རེ་རེ་ལ་བསོད་ནམས་གྲངས་མེད་སོགས་གསུམ་གསུམ་འབྱུང་བར་གསུངས་པས་སོ། །ཞེས་ཀུན་རྫོབ་རྟགས་སུ་བཀོད་ན་ཀུན་རྫོབ་ཉིད་སུན་འབྱིན་པར་བྱེད་པའི་ཀུན་རྫོབ་སྒོ་ཅན་ལ་དོན་དམ་གྱི་སྒོ་ནས་ལན་མི་འདེབས་པར། ཀུན་རྫོབ་ཉིད་ཀྱི་དབང་དུ་བྱས་ནས་ལན་འདེབས་པ་ལ་གཉིས་ཏེ། རྫས་ཀྱི་སྒོ་ནས་དགུར་གྲངས་ངེས་པ་དང༌། ལྡོག་པ་དུ་མར་གསུངས་པའི་དགོས་པ་དང་དགོངས་གཞི་བཤད་པའོ། །དང་པོ་ནི། སྒོམ་པའི་ལམ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་དབྱེ་བ་ཅན་གྱིས་ཉེ་བར་བསྐྱེད་པའི་འབྲས་བུ་བསོད་ནམས་གྲངས་མེད་པ་དང་གཞལ་དུ་མེད་པ་དང་ཚད་མེད་པར་བསྟན་པ་རྣམས་ཆོས་ཅན། ཚིག་ཏུ་ཐ་དད་པར་བརྗོད་པའི་ངོ་བོ་རྣམས་ཀྱི་ནི་དགུ་ལས་གྲངས་མང་བར་ཉིད་དུ་ཐལ་བར་མི་འགྱུར་ཏེ། ལྡོག་པ་ལ་ལྟོས་ནས་ཐ་དད་དུ་ཕྱེ་བ་ཡིན་གྱི། དོན་དམ་པར་ཏེ་རྫས་སུ་ན་དོན་གཅིག་ཏུ་རབ་ཏུ་སྦྱར་བའི་ཕྱིར། དཔེར་ན། ཆུང་ངུའི་ཆུང་ངུ་ལས་གྲངས་མེད་སོགས་གསུམ་འབྱུང་བ་དེ་སྒོམ་ལམ་ཆུང་ངུའི་ཆུང་ངུར་རྫས་གཅིག་པ་སོགས་བཞིན་ནོ། །གཉིས་པ་ནི། ཀུན་རྫོབ་ཏུ་སྒོམ་ལམ་གྱི་འབྲས་བུར་བཤད་པའི་ཆོས་ཀྱི་ངོ་བོ་ཉིད་གྲངས་མེད་སོགས་ཇི་སྐད་བཤད་ཅིང་བསྟན་པ་དེ་དག་ཆོས་ཅན། དགོས་པ་ཡོད་དེ། བྱིས་པའི་སྐྱེ་བོ་རྣམས་འབྲས་བུ་རྒྱ་ཆེན་པོ་ལ་སྤྲོ་བ་སྐྱེ་བར་རབ་ཏུ་སྟོན་པ་ཉིད་ཀྱི་ཕྱིར་རོ། །དེ་ཆོས་ཅན། དགོངས་གཞི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་འབྲས་བུར་གྱུར་པ་ལ་དགོངས་པ་ཡིན་ཏེ། དོན་དམ་པར་ཆོས་དབྱིངས་སུ་རོ་གཅིག་པས་ན་གཞལ་དུ་མེད་པ་སོགས་ལ་དགོངས་ནས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་གྱིས་དེ་བཞིན་ཉིད་དུ་གཤེགས་པའི་རྒྱལ་བས་དེ་ལྟར་བཞེད་པའི་ཕྱིར། དེའི་ཕྱིར་ཡང་ཀུན་རྫོབ་ཀྱི་རྫས་དགུ་ལས་མང་བ་ཉིད་དུ་ཐལ་བར་མི་འགྱུར་རོ། །རྩ་བར། དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་པ་ཀུན་རྫོབ་ཉིད་ལས་ཕྱེ་བའི་དོན་དམ་སྟེ། འགྲེལ་པར། དོན་དམ་པར་ན་དོན་གཅིག་ཏུ་སྦྱོར་ཞེས་པ་རྫས་ལྡོག་གཉིས་ཀྱི་ཟླས་དྲངས་པའི་དོན་དམ་ལ་བཤད་པས་སོ། །དེ་བས་ན་འགྲེལ་པ་འདིར་སྒོམ་ལམ་རྫས་དགུར་གྲངས་ངེས་པ་ཉིད་སྒྲུབ་པར་མཛད་ཀྱི། དོན་དམ་དུ་དེར་མ་ངེས་པའི་ལན་ནི་གོང་དེ་མ་ཐག་ཏུ་དོན་དམ་པར་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་པ་དེར་བཤད་ཟིན་པས་ཡང་དགོས་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། གནས་སྐབས་ཀྱི་བྱེད་པ་ལ་དང༌། མཐར་ཐུག་གི་བྱེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། གོམས་པ་ཕུལ་དུ་བྱུང་བར་བྱར་མེད་པ་མ་ཡིན་ནམ་སྟེ་ཡིན་པར་ཐལ། སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། དེའི་ཕྱིར་སོགས་སོ། །རྩ་བ་ནི། རབ་འབྱོར་གྱི་གསོལ་པ། བརྗོད་དུ་མེད་པའི་དོན་ལ་ཉམས་པ་དང་འཕེལ་བའི་བྱ་བ་ཇི་ལྟར་འཚལ་ཞེས་སོགས་ཀྱི་མདོ་ཆོས་ཅན། སྤང་བྱ་རྟོག་པའི་སྤོང་ཚུལ་ལས་སྒོམ་ལམ་གྱི་རྟོགས་པ་གོང་འཕེལ་ལ་བརྩད་པ་ཡིན་ཏེ། དེ་ཡིན་པར་རྩ་བའི་གཞུང་འདིས་བཀྲལ་བའི་ཕྱིར། འགྲེལ་པ་ནི། སྒོམ་པའི་ལམ་གྱི་དངོས་པོ་ཆོས་ཅན། མི་མཐུན་པའི་ཕྱོགས་འབྲལ་བ་དང་གཉེན་པོ་སྐྱེ་བའི་རིམ་པ་མི་རུང་བར་ཐལ། གོམས་པ་ཕུལ་དུ་ཕྱིན་པ་བྱར་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། ངོ་བོ་ཉིད་མེད་པས་ན་དེ་ཉིད་དང་གཞན་ཉིད་དང་གཉིས་ཀ་དང་གཉིས་ཀ་མིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་ཏེ། ཆོས་ཉིད་ཀྱི་རང་གི་ངོ་བོར་འདོད་པའི་ཕྱིར། འདིར་ཆོས་ཉིད་ཀྱི་ངོ་བོ་དང་ངོ་བོ་ཉིད་མེད་པ་རང་ལུགས་ལ་ཇི་ལྟར་འདོད་ཅེ་ན། སྔ་མ་ནི་བསྒོམ་པས་ཉམས་སུ་མྱོང་བྱ་དང༌། ཕྱི་མ་ནི་རིགས་པས་དཔྱད་པའི་ཚེ་ལ་དགོངས་ཏེ། འགྲེལ་པ་འདིའི་གོང་འོག་ཀུན་ན་གསལ་ལོ། །དེ་བས་ན་སོགས་ནི་དོན་བསྡུ་བ་སྟེ། སྒོམ་ལམ་གྱི་ངོ་བོ་སྟོང་པ་ཉིད་དུ་ཁས་བླངས་པ་དེ་བས་ན་ཞེས་པའི་དོན་ནོ། །གཉིས་པ་ལན་ལ་གསུམ་ལས། དང་པོ་ནི། སྟོང་པ་ཉིད་ལ་ཉམས་འཕེལ་མི་རུང་བ་དེ་ལྟ་མ་ཡིན་ཏེ། ཞེས་པའོ། །རྩ་བ་ནི། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་སོགས་ཏེ་རྫོགས་པའི་བྱང་ཆུབ་དང་སྒོམ་ལམ་མཉམ་གཞག་ཡེ་ཤེས་གཉིས་ཀ་གནས་ཚུལ་ལ་དེ་ཉིད་ཀྱི་དངོས་པོར་གནས་པ་དང༌། སྣང་ཚུལ་ལ་བྱ་བ་བྱེད་པར་མཚུངས་པ་ཉིད་དུ་སྟོན་པའོ། །འགྲེལ་པ་ལ། དཔེ་བསྒྲུབ་པ་དང༌། དོན་ལ་སྦྱར་བ་གཉིས། དང་པོ་ནི། མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་ཅེས་པ་ནི་དོན་ཙམ་སྟོན་པའོ། །ལས་སུ་བྱ་བ་གང་སྒྲུབ་པར་བྱེད་ན་རང་གཞན་གྱི་དོན་ཁྱད་པར་ཅན་ནོ། །ཚུལ་ཇི་ལྟར་དུ་ན། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེ་ཆུང་གི་རྗེས་སུ་མཐུན་པར་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བའི་སེམས་བསྐྱེད་པའི་སྒོ་ནས་སོ། །བྱེད་པ་པོ་གང་གིས་ན་ཆོས་ཀྱི་སྐུ་ལ་སོགས་པའི་རང་བཞིན་ཅན་གྱི་སངས་རྒྱས་ཀྱི་བདག་པོའི་རྐྱེན་ཙམ་གྱིས་སོ། །ཆོས་སྐུ་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་སྤྲོ་བ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞེ་ན། རྒྱུ་རྐྱེན་གྱིས་ཁྱད་པར་དུ་བྱས་པ་མིན་པར་གདོད་མ་ནས་དེ་བཞིན་ཉིད་དུ་གནས་པའོ། །འདི་ནི་གནས་ཚུལ་གྱི་དེ་བཞིན་ཉིད་དེ། སྒྲོ་འདོགས་བཅད་པའི་དེ་བཞིན་ཉིད་ནི་མིན་པའོ། །གཉིས་པ་ནི། རང་གི་ངོ་བོ་རྒྱུ་རྐྱེན་གྱིས་གསར་དུ་མ་བྱས་པས་ན་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ནོ། །སྒོམ་པའི་ལམ་འདི་ཡང་ཀུན་རྫོབ་ཏུ་སྟེ། རིགས་པས་མ་དཔྱད་པའི་དོན་མངོན་པར་འདོད་པའི་དོན་ཉམས་འཕེལ་གྱི་བྱ་བ་བྱེད་དོ། །གང་གི་སྒོ་ནས་ན། རང་གི་རྒྱུན་བསྒོམས་པས་གློ་བུར་གྱི་དྲི་མ་དང་བྲལ་བར་བྱས་པའི་སྒོ་ནས་སོ། །དཔེ་དོན་གཉིས་ཀའི་དོན་བསྡུ་བ་ནི། དོན་དམ་པ་ནི་ཉམས་པ་དང་འཕེལ་བ་ཅི་ཡང་ཡོད་པ་མིན་ནོ། །ཞེས་དགག་པའི་ཚུལ་དུ་བཅོམ་ལྡན་འདས་ཀྱིས་བཞེད་པས་ཡུལ་གང་ལ་ཡང་སྦྱོར་བ་མེད་པ་ཉིད་ཀུན་རྫོབ་ཏུ་སྦྱར་བ་ཡིན་པའི་ཕྱིར་བདེན་གཉིས་རྣམ་འབྱེད་ཀྱི་སྒོ་ནས་ལན་འདེབས་པ་དག་ལས་རྩོད་པ་དེའི་ཉེས་པ་མེད་དོ། །དོན་ནི་སྒོམ་ལམ་ཆོས་ཉིད་འབའ་ཞིག་པའི་ངོ་བོ་ལ་སྤྲོས་པ་རྣམ་རྟོག་གི་འཛིན་པ་ཇི་སྙེད་པ་བཀག་ནས་ཡུན་རིང་དུ་མཉམ་པར་གཞག་པས་གློ་བུར་གྱི་དྲི་མའི་སྣང་བ་འཆར་རྒྱུ་མེད་པར་སོང་བ་དེ་ལ་ནི་དེ་བཞིན་ཉིད་དུ་གནས་ཀྱིས་བྱ་བྱེད་མི་འགལ་བ་ཞེས་བྱའོ། །གཉིས་པ་ལ། རྩོད་པ་དང་ལན་ནོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟ་ན་ཡང་སོགས་ཏེ། དཔེ་བྱང་ཆུབ་ཉིད་མི་འཐད་པར་བརྩོད་པའོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། སེམས་བསྐྱེད་པ་སྔ་མས་ཀྱང་བྱང་ཆུབ་པ་མ་ལགས། སླད་མས་ཀྱང་མ་ལགས་ན། ཇི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བགྱི། ཞེས་པའི་དོན་འཆད་པ་ནི། སེམས་ནི་ཞེས་སོགས་ཏེ། འདི་ནི་དངོས་བསྟན་ཕྱོགས་ལྔ་ལྟ་བུར་བཀོད་ཀྱང༌། དོན་དམ་པར་སེམས་བསྐྱེད་ཀྱིས་བྱང་ཆུབ་མི་བསྐྱེད་པའི་རིགས་པ་ཡང་དག་པ་སྟེ། རང་ལུགས་ལ་ཡང་དེའི་རིགས་པ་འདི་ལས་ལྷག་པ་འཆད་རྒྱུ་མེད་དོ། །འགྲེལ་པ་ལ། སེམས་ཀྱི་སྐད་ཅིག་རིམ་ཅན་པས་མི་བསྐྱེད་པའི་ཚུལ་དང༌། ཅིག་ཆར་བྱུང་བས་མི་བསྐྱེད་པའི་ཚུལ་ལོ། །དང་པོ་ལ། རིམ་ཅན་པའི་ནུས་པ་རྣམས་ཕན་ཚུན་མ་ལྟོས་པར་མི་བསྐྱེད་པ་དང༌། ལྟོས་པ་མི་སྲིད་པའོ། །དང་པོ་ནི། སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་སེམས་བསྐྱེད་རེ་རེས་བྱང་ཆུབ་པ་ནི་རིགས་པ་མིན་ཏེ། སྔ་ཕྱིར་གྱུར་པའི་སེམས་རེ་རེ་ལ་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པར་བྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་དོན་མཐའ་དག་མི་སྣང་བའི་ཕྱིར། གཉིས་པ་ནི། རེ་རེའི་ནུས་པས་བྱང་ཆུབ་མི་བསྐྱེད་ཀྱང༌། སྔ་ཕྱིའི་ནུས་པ་ཐམས་ཅད་ཕན་ཚུན་ལྟོས་ནས་བསྐྱེད་དོ་ཞེ་ན། བླ་ན་མེད་པའི་ཞེས་པ་ནས། སེམས་བྱུང་བ་སྔ་ཕྱིར་གྱུར་པ་མང་པོ་ཉིད་ཀྱི་ནུས་པ་རྣམས་ཕན་ཚུན་ལྟོས་ནས་བྱང་ཆུབ་བསྐྱེད་པ་མིན་ཏེ། ནུས་པ་ཕྱི་མ་དེ་བྱུང་མ་ཐག་ཏུ་སྔ་མ་དེ་རྗེས་སུ་འགྲོ་བ་མེད་པ་ཉིད་དུ་འཇིག་པས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འདོད་པའི་དོན་སྒྲུབ་པར་བྱེད་པ་སོགས་ནས། མི་སྲིད་པའི་ཕྱིར་ཞེས་པའོ། །དེ་གསུམ་ཀའི་དོན་བསྡུ་བ་ནི། རིགས་པས་དཔྱད་པའི་ཚེ་རྫོགས་པའི་བྱང་ཆུབ་ཉིད་མི་སྲིད་པ་དེ་བས་ན་ཇི་ལྟར་དོན་ཁྱད་པར་སྣང་བའི་སོགས་སོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དོན་དམ་དུ་བྱང་ཆུབ་མི་བསྐྱེད་པས་ཀུན་རྫོབ་ཏུ་ཡང་མི་བསྐྱེད་ཅེས་པའི་རྩོད་པ་དེ་ནི་ཡང་དག་པ་མ་ཡིན་པས་བདེན་གཉིས་རྣམ་འབྱེད་ཀྱི་ལན་འདི་ལྟར་འཆད་དོ། །རྩ་བ་ནི། བཀའ་སྩལ་པ། མེ་ལྕེ་དང་པོ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མིན། གཉིས་པས་ཀྱང་ཚིག་པ་མིན་མོད་ཀྱི། སྙིང་པོ་དེ་ཚིག་གམ་ཚིག་ལགས་སོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་སེམས་བསྐྱེད་ཀྱིས་བྱང་ཆུབ་བསྐྱེད་པའི་དཔེ་བསྟན་པ་ཡིན་ཏེ། དེ་བསྟན་པར་ཞེས་སྦྱར། འགྲེལ་པ་ལ། དཔེ་སྒྲུབ་པ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ལ། དོན་དམ་དུ་མེ་ལྕེས་སྙིང་པོ་མི་སྲེག་པའི་ཚུལ། ཀུན་རྫོབ་ཏུ་བསྲེག་པའི་ཚུལ་ལོ། །དང་པོ་ནི། མེ་ལྕེ་དང་སྙིང་པོ་ཕྲད་པའི་དུས་མཐའི་སྐད་ཅིག་མ་དང་པོ་ལ་ཆོས་ཅན། སྐད་ཅིག་མ་གཉིས་པ་མེད་པར་ཏེ། དེ་མ་སྐྱེས་གོང་དུ་རྒྱུའི་མཚན་ཉིད་སྲེག་པར་བྱེད་པ་དང༌། འབྲས་བུའི་མཚན་ཉིད་བསྲེག་པར་བྱ་བ་མེད་དེ། རང་གི་རྒྱུས་བསྲེག་བྱ་དང་སྲེག་བྱེད་ཕན་ཚུན་གྱི་སྒོ་ནས་དུས་མཉམ་པ་ཕྲད་ཙམ་དུ་བསྐྱེད་པས་ན། བསྲེག་བྱ་སྲེག་བྱེད་དུ་འཇུག་པའི་ནུས་པ་ཁྱད་པར་ཅན་དུ་མ་བྱས་པའི་ཕྱིར། དཔེར་ན་མ་ཕྲད་གོང་གི་མེ་ལྕེ་དང་སྙིང་པོ་བཞིན་དུ་དུས་མཉམ་པ་ལ་རྒྱུ་འབྲས་མེད་དོ། །འདི་ནི་ཕྲད་ཀྱང་གནས་པ་མེད་པའི་དབང་དུ་བྱས་སོ། །དེ་བཞིན་དུ་མེ་ལྕེ་དང་སྙིང་པོ་ཕྲད་པའི་སྐད་ཅིག་དང་པོ་ཞིག་ནས་ཕྲད་པའི་དུས་མཐའི་སྐད་ཅིག་མ་གཉིས་པ་ལ་ཡང་ཆོས་ཅན། རྒྱུ་དང་འབྲས་བུའི་མཚན་ཉིད་སྲེག་པར་བྱེད་པ་དང་བསྲེག་པར་བྱ་བ་མེད་དེ། རང་གི་རྒྱུ་སྐད་ཅིག་མ་དང་པོ་ལ་ལྟོས་པ་མེད་པའི་ཕྱིར་དང༌། རང་ཉིད་གནས་པ་མེད་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་དང་པོ་ལ་ལྟོས་པ་མེད་ན་སྙིང་པོ་བསྲེག་པ་ལྟ་ཅི་སྨོས། ཀུན་རྫོབ་ཏུ་ཡང་འབྱུང་བ་མེད་པའི་ཕྱིར་ཏེ། འབྱུང་ན་རྟག་ཏུ་ཡོད་པའམ་མེད་པ་ལ་སོགས་པར་འགྱུར་རོ། །རྩ་བའི་རྟགས་གྲུབ་སྟེ། ཁྱོད་ཀྱི་དུས་སུ་སྔ་མ་ཞིག་ཟིན་པས་མེད་ལ། མེད་པ་ལ་ལྟོས་ནས་ཧ་ཅང་ཐལ་བས་སོ། །རིགས་པ་དེས་དུས་མཐའི་སྐད་ཅིག་མ་ལ་རིགས་པས་དཔྱད་པའི་ཚེ་གནས་པ་མེད་པར་གྲུབ་ལ། གནས་པ་མེད་ན་འབྲས་བུ་མི་བསྐྱེད་པས་མེ་ལྕེ་དང་སྙིང་པོར་མ་ཟད། ས་བོན་ལས་མྱུ་གུ་སྐྱེ་བ་མེད་དོ། །གཉིས་པ་ནི། རིགས་པས་བརྟགས་ཤིང་དཔྱད་པའི་ཚེ་མེས་བསྲེག་བྱ་སྲེག་བྱེད་མི་འཐད་པ་དེ་ལྟ་ཡིན་པ་དེའི་ཕྱིར། མ་དཔྱད་པར་འཇིག་རྟེན་པས་ཐ་སྙད་བྱེད་པ་གང་གི་ཚེ་རྐྱེན་ཉིད་འདི་པ་ཙམ་གྱི་བདག་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་རྒྱུ་མེ་ལྕེའི་སྐད་ཅིག་དང་པོ་དང༌། འབྲས་བུ་དེའི་སྐད་ཅིག་གཉིས་པ་སོགས་ལྟོས་གྲུབ་ཏུ་འབྲེལ་བའི་སྟོབས་ཀྱིས་མེ་ལྕེ་དང་སྙིང་པོ་གཉིས་ཀ་ཕྲད་པའི་ཁྱད་པར་ཅན་བྱ་རྫོགས་ཀྱི་སྐད་ཅིག་མ་དང་པོ་ལ་ལྟོས་ནས་དེས་བྱས་པ་སྙིང་པོ་བསྲེག་པ་ལ་མཐུ་ཕུལ་ཕྱིན་པ་དང་ལྡན་པའི་ཁྱད་པར་ཅན་བྱ་རྫོགས་ཀྱི་སྐད་ཅིག་གཉིས་པ་ལ་སོགས་པ་ཡོད་ན། དེའི་ཚེ་གནས་ཚོད་ལ་སྐད་ཅིག་སྔ་མ་རྒྱུ་གཞན་མེད་པར་ཞིག་ཀྱང༌། རྒྱུན་ལ་ལྟོས་ནས་རྒྱུ་མེ་ལྕེ་རྫོགས་པར་སྐྱེ་བ་དང༌། འབྲས་བུ་སྡོང་བུ་འཇིག་པ་སྟེ་ཚིག་པ་དག་དུས་མཉམ་པར་འཇིག་རྟེན་པའི་མངོན་སུམ་གྱིས་དམིགས་པས་སོ། །གཉིས་པ་ལ། དཔེའི་དོན་བསྡུས་པ་དང༌། དེ་ཉིད་དོན་དང་སྦྱར་བའོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་པ་དེ་བས་ན་མེ་ལྕེའི་སྐད་ཅིག་མ་དང་པོ་ལ་མ་ལྟོས་པར་གཉིས་པས་ཀྱང་སྙིང་པོ་མ་བསྲེགས་ལ། ཀུན་རྫོབ་ཏུ་རྒྱུན་ལ་ལྟོས་ནས་སྔ་ཕྱི་ལྟོས་གྲུབ་ཡིན་པ་དེའི་ཚེ་སྙིང་པོ་བསྲེག་པ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །གཉིས་པ་ནི། མར་མེའི་དཔེའི་ཚུལ་གྱིས་སེམས་བསྐྱེད་བྱ་རྫོགས་ཀྱི་སྐད་ཅིག་སྔ་ཕྱིར་གྱུར་པ་གཉིས་ཀུན་རྫོབ་ཏུ་ཡུལ་བྱང་ཆུབ་གཅིག་ལ་ཉེ་བར་སྦྱོར་བ་ཤེས་པར་བྱེད་པ་ལྷུར་ལེན་པར་མར་མེའི་བྱ་རྫོགས་ཀྱི་སྐད་ཅིག་སྔ་མ་བཞིན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའི་དངོས་པོ་ཀུན་རྫོབ་ཏུ་ཚད་ཡོད་པ་ཞིག་སྣང་བའི་སེམས་བསྐྱེད་དང་དྲན་པ་ཉེར་གཞག་སོགས་ཀྱི་སྐད་ཅིག་སྔ་མ་ལ་བརྟེན་ནས། སྔ་མ་དེ་ལ་སྣང་བའི་དོན་ནུས་པ་ཆུང་ངུ་ཅན་གྱིས་དབེན་པ་དེ་ལས་ལྷག་པར་ཁྱད་པར་དུ་འཕགས་པའི་དོན་སྣང་བའི་རྣམ་པར་ཤེས་པ་ཕྱི་མ་སྟེ་ནུས་པ་ཆེར་འཕེལ་བ་རྣམས་སྐྱེ་བས་རྫོགས་པའི་བྱང་ཆུབ་འཐོབ་པར་རིགས་སོ། །འདིར་དོན་དམ་ལ་རིགས་པས་དཔྱོད་པའི་ཚེ་དུས་མཐའི་སྐད་ཅིག་དང༌། ཀུན་རྫོབ་ཀྱི་ཚེ་བྱ་རྫོགས་ཀྱི་སྐད་ཅིག་འཇོག་པའི་ཁྱད་པར་ཤེས་དགོས་པ་དང༌། ཀུན་རྫོབ་ཀྱི་ཚེ་འཇིག་རྟེན་གྱི་གྲགས་པ་དབང་བཙན་པ་དང༌། དོན་དམ་གྱི་ཚེ་རིགས་པ་དབང་བཙན་པའི་ཤན་ཕྱེད་པར་བྱས་ནས་སྒོམ་ལམ་གཏན་ལ་འབེབས་པའི་སྐབས་འདིར། སྒོམ་ལམ་གྱི་ངོ་བོ་སྟོང་ཉིད་དུ་བསྟན་པ་ལ་དགུར་དབྱེ་བ་མི་འཐད་པ། དགུར་གྲངས་ངེས་ན་འབྲས་བུ་གྲངས་མེད་སོགས་ཀྱི་རྣམ་གཞག་ཉམས་པ་དང༌། སྟོང་པ་ཉིད་ལ་གནས་སྐབས་ཀྱི་བྱེད་པ་ཉམས་པ་དང༌། མཐར་ཐུག་གི་བྱེད་པ་ཉམས་པའི་རྩོད་པ་སྤོང་ཚུལ་ཁོང་དུ་ཆུད་དགོས་ཏེ། དེ་ཐམས་ཅད་ལ་དོན་དམ་དུ་འདོད་ལན་བཏབ་པའི་ཕྱིར། དེ་བས་ན་མཐར་ཐུག་དོན་དམ་གཙོ་ཆེ་བ་དེའི་ཚེ་ནི་དངོས་པོ་བརྗོད་དུ་མེད་པ་དང༌། སེམས་ནི་སྔ་མས་ཞེས་སོགས་གཞན་གཞུང་ཁོ་ནར་འཇོག་པའི་ལོག་པར་རྟོག་པ་དེ་སྤང་བར་བྱའོ། །གསུམ་པ་རྟགས་དོན་དངོས་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་ཟིན་པའི་འོག་ཏུ་སྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་དགོས་པའི་ཕྱིར་ན་ཟབ་མོ་བརྒྱད་འཆད་དོ། །ཟབ་མོ་བརྒྱད་ཀྱི་དབྱེ་བ་དུ་ཞིག་ཡིན་པ་ནི་འཆད་འགྱུར་ལས་རྟོགས་མོད། ཟབ་པའི་དོན་འཆད་དགོས་སོ་ཞེ་ན། སྒོམ་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་འཆད་པའི་སྐབས་འདིར་ཆོས་ཅན། ཟབ་མོ་བརྒྱད་ཀྱི་དོན་སླར་ཡང་བཤད་དགོས་པ་མིན་ཏེ། གོང་དུ་ཇི་སྐད་སྨོས་པའི་མར་མེའི་དཔེ་ཁོ་ནས་རྐང་གྲངས་འཆད་པར་འགྱུར་བའི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱི་གོ་དོན་ཀྱང་ཁོང་དུ་ཆུད་པར་བྱ་ནུས་པས་སོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། སེམས་བསྐྱེད་པ་སྔ་མས་ཀྱང་མ་ལགས་པར་བྱང་ཆུབ་པ་དེ་ནི་ངོ་མཚར་ཆེའོ། །ཞེས་སོགས་ཀྱི་མདོ་ཚན་བརྒྱད་ཆོས་ཅན། ཟབ་མོ་བརྒྱད་གང་ལ་ཡོད་པའི་ཡུལ་གྱི་དབྱེ་བ་ངོས་བཟུང་བ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། བརྒྱད་པོ་གང་ཞེ་ན། སེམས་བསྐྱེད་སྐད་ཅིག་སྔ་མ་དང་ཕྱི་མ་དག་གིས་ཀྱང་མ་ཡིན་ལ། ཀུན་རྫོབ་ཏུ་བསྒོམ་པས་རྟོགས་པར་བྱ་བའི་དོན་ཁྱད་པར་དུ་འཕགས་པ་བསྐྱེད་དོ་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡོད་པའི་ཟབ་པ་དང༌། དངོས་པོ་ཐམས་ཅད་དང་པོ་འཁྲུལ་ངོར་བྱུང་ཙམ་ཉིད་ནས་རང་བཞིན་གྱིས་ངོ་བོ་ཉིད་མེད་ལ། ཀུན་རྫོབ་ཏུ་ཡང་འགག་གོ་ཞེས་བྱ་བ་འགག་པ་ལ་ཡོད་པའི་ཟབ་པ་དང༌། གནས་སྐབས་ཐམས་ཅད་དུ་དེ་བཞིན་ཉིད་གོམས་པར་བྱས་ཀྱང་ཐབས་ཀྱིས་དེ་དུས་མིན་པར་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་དང༌། དེ་བཞིན་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་ཀུན་རྫོབ་ཏུ་སྦྱིན་པ་ལ་སོགས་པ་རྣམ་པ་རྗེས་སུ་བསྒྲུབ་པ་ཞེས་བྱ་བ་ཤེས་བྱ་ལ་དང༌། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཅིར་ཡང་མཐོང་བ་མེད་པ་ཉིད་ཐ་སྙད་དུ་དོན་དམ་པ་མཐོང་བ་ཡིན་ནོ་ཞེས་བྱ་བ་ཤེས་པ་ལ་དང༌། ཆོས་ཉིད་ཀྱིས་ཐམས་ཅད་ལ་ཅིར་ཡང་སྤྱོད་པ་མེད་པ་ཉིད་ཐ་སྙད་དུ་སྤྱོད་པ་ཡིན་ནོ། །ཞེས་བྱ་བ་སྤྱོད་པ་ལ་དང༌། གཟུང་འཛིན་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ཐ་སྙད་ཀྱི་བྱ་བ་ཐམས་ཅད་བསྒྲུབ་བོ་ཞེས་བྱ་བ་གཉིས་སུ་མེད་པ་ལ་དང༌། ཐ་སྙད་དུ་ཚོགས་ཐམས་ཅད་ཡོངས་སུ་རྫོགས་ཀྱང་དོན་དམ་པར་དེའི་འབྲས་བུ་སངས་རྒྱས་ཉིད་མི་འཐོབ་པ་ཞེས་བྱ་བ་ཐབས་མཁས་ལ་ཡོད་པའི་ཟབ་པའོ། །འདི་དོན་དམ་དུ་བཀག་པ་རྣམས་ནི་ཡེ་ཤེས་ཀྱི་ངོ་བོ་དང༌། སྒྲུབ་པ་རྣམས་ནི་རྣམ་ཤེས་ཀྱི་དབང་དུ་བྱས་པར་ཤེས་དགོས་ལ། དེ་མི་འགལ་བ་ནི་བདེན་གཉིས་རྣམ་འབྱེད་ཀྱི་ཐབས་མཁས་ཤེས་པ་ལ་རག་ལས་སོ། །གལ་ཏེ་འོ་ན། མར་མེའི་དཔེ་ལ་བརྟེན་ནས་ཤེས་པའི་དོན་དམ་དུ་མེད་པ་དང༌། ཀུན་རྫོབ་ཏུ་ཡོད་པ་མི་འགལ་བ་དེ་ཟབ་པའི་དོན་དུ་བཤད་ན། དེ་ཟབ་པའི་རྒྱུ་མཚན་ཅི་ཞེ་ན། དེ་ཆོས་ཅན། ཟབ་པ་ཡིན་ཏེ། བྱིས་པས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཐོབ་པའི་སྒོ་ནས་བདེན་པ་གཉིས་ཀྱི་རྣམ་དབྱེ་མི་ཤེས་པའི་ངོར་ཕན་ཚུན་འགལ་བ་ལྟར་སྣང་བའི་དོན་དེ་ཤེས་པའི་ངོར་མི་འགལ་བར་བསྒྲུབས་པས་སོ། །དོན་བསྡུ་བ་ནི། སློབ་པའི་ཞེས་སོགས་སོ། །གསུམ་པ་ཡོན་ཏན་དེ་དག་ཐོབ་ནས་སྦྱོར་བ་ཁྱད་པར་ཅན་བསྒོམ་པའི་ཚུལ་ལ་གསུམ་སྟེ། ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། གཟུགས་སྐུའི་རྒྱུ་ཞིང་དག་པའི་སྦྱོར་བ། ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། སློབ་པ་ཕྱིར་མི་ལྡོག་པའི་ཚོགས་པའི་ཆོས་ཐོབ་པ་ནི། ཞེས་སོགས་སོ། །གསུམ་པོ་འདིའི་མ་མཐའི་ས་མཚམས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་ཡིན་པས་སྦྱོར་བ་བཞི་ཀ་ལ་ཁྱབ་བྱེད་དུ་འགྲོ་ལ། དེའི་ཚེ་རྣལ་འབྱོར་གསུམ་པོ་འདི་ལ་དབང་ཐོབ་ཕྱིར་དུ་ནས། བརྟན་པ་ཐོབ་པའི་བར་དུ་དབྱེ་བར་བྱ་ཞིང༌། གསུམ་པོ་ཁྱད་པར་ཅན་ནི་དག་པ་ས་གསུམ་ལ་རིམ་ཅན་དུ་འཇོག་པར་སློབ་དཔོན་སྔ་མ་རྣམས་བཞེད་པ་དེའི་ཤེས་བྱེད་བཙལ་བར་བྱའོ། །རྩ་བ་ནི། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་བྱང་སེམས་ཆེན་པོ་རྨི་ལམ་དུ་སྟོང་པ་ཉིད་དང་མཚན་མ་མེད་པ་སོགས་བསྒོམ་ཞིང༌། དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཏུ་བསྔོ་ན་ཅི་བསོད་ནམས་རྣམ་པར་འཕེལ་ལམ་སྨྲས་པ། ཉིན་པར་བསྒོམས་པས་འཕེལ་ན། རྨི་ལམ་དུ་ཡང་རྣམ་པར་བསྒོམས་པས་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། སྲིད་ཞི་མཉམ་ཉིད་དུ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གཉིས་ཏེ། དངོས་དང༌། ཀླན་ཀ་སྤང་བའོ། །དང་པོ་ནི། དོན་དམ་པའི་དབང་དུ་བྱས་ན་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཕན་ཚུན་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པ་སྟེ་མ་གཟིགས་པའི་ཕྱིར་ནའོ། །རྟགས་གྲུབ་སྟེ། འཕགས་པའི་ཡེ་ཤེས་མི་མཐུན་པ་འཁོར་བ་དང༌། གཉེན་པོ་རྣམ་པར་བྱང་བ་རྣམས་སྣང་བརྙན་ཙམ་གྱི་ངོ་བོས་རྨི་ལམ་དང་འདྲ་བ་ཉིད་དུ་རྗེས་ཐོབ་ཀྱི་ཚེ་ཡང་རྟོགས་པའི་ཕྱིར། དཔེར་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་པས་རྨི་ལམ་གྱི་ལོངས་སྤྱོད་དང་ཉིན་བར་གྱི་ལོངས་སྤྱོད་ཐ་དད་དུ་མ་མཐོང་བ་བཞིན། མ་མཐོང་ཏེ། དེས་རྨི་ལམ་གྱི་ལོངས་སྤྱོད་མེད་པར་རྟོགས་པའི་ཕྱིར། འདིར་འཁོར་འདས་མཉམ་ཉིད་ནི་གཉིས་པོ་དབྱེར་མེད་པའི་དོན་ཡིན་ལ། དེར་འཇོག་པ་ལ་བཤད་པའི་སྐབས་གཉིས་ཏེ། མྱང་འདས་དོན་དམ་བདེན་པར་འཇོག་པའི་སྐབས་ཤིག་ཏུ་ནི། འཁོར་བ་ཀུན་རྫོབ་བདེན་པར་བཞག་པས་ན་ཚད་མས་མ་དམིགས་ལ། ཅིག་ཤོས་གྲུབ་ཀྱང་གཞན་དེ་མ་དམིགས་ན་གཉིས་པོ་ལ་དབྱེ་བ་ཡོད་པ་མིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས། ཇི་སྐད་དུ། འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞེད། །ཅེས་སོ། །བཤད་པ་འདི་ནི་རྒྱུད་སྡེ་དང་རྣལ་འབྱོར་སྤྱོད་པའི་ལུགས་ཡིན་ལ། ཡང་འཇོག་མཚམས་གཉིས་པ་ནི། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་བཤད་པ་དེའི་ཚེ་གཉིས་ཀ་མ་དམིགས་པས་རང་བཞིན་མེད་པར་མཉམ་པ་སྟེ། འདི་ནི་དབུ་མ་ངོ་བོ་ཉིད་མེད་པ་པའི་ལུགས་སོ། །གཉིས་པ་ལ། ཀླན་ཀ་ནི། གལ་ཏེ་ཉིན་བར་གྱི་གནས་སྐབས་སུ་ཡང་དགེ་མི་དགེའི་ལས་སོག་པ་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར། ཞེས་འཕེན་པ་ནི། གཉིད་མ་ལོག་པའི་གནས་སྐབས་ན་ཡང་ཞེས་སོགས་ཏེ། དེ་ལྟ་བུའི་ཀླན་ཀ་རྣམས་ཀྱི་ལན་ལ་གཉིས་ཏེ། ཀླན་ཀ་དང་པོ་འདིའི་ལན་གདབ་པ་དང༌། ཀླན་ཀ་གཞན་གསུམ་ལན་དང་བཅས་པ་མདོ་འགྲེལ་དུ་ཁ་འཕངས་པའོ། །དང་པོ་ལ་གསུམ་སྟེ། གཏན་ཚིགས་མ་ངེས་པའི་ལན་དང༌། དཔེ་མ་གྲུབ་པའི་ལན་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དཔེ་བསྒྲུབ་པ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ལ་གཉིས་ཏེ། དངོས་པོར་སྨྲ་བའི་ལུགས་ལ་ཡང་དོན་དམ་དུ་ལས་སོག་པ་མེད་པར་བསྟན། ཀུན་རྫོབ་ཏུ་ལས་སོག་པ་འཐད་པར་ཁས་ལེན་པའོ། །དང་པོ་ནི། ཇི་ལྟར་ཏེ་དཔེར་ན། ཕྱི་རོལ་གྱི་དོན་ཕྱོགས་ཀྱི་ཆ་མེད་དང༌། ཤེས་པ་སྐད་ཅིག་གི་ཆ་མེད་ཉིད་བདེན་གྲུབ་ཏུ་སྨྲ་བའི་ལུགས་ལ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་ཀྱིས་ན་རྒྱུ་གཞན་མེད་པར་འཇིག་པ་ཡིན་པས་ན་དོན་དམ་ཆ་ཤས་མེད་པར་བསྒྲུབ་པ་ལ། གསོད་བྱེད་སུས་ཀྱང་གསད་བྱ་སུ་ཡང་བསད་པ་མེད་དེ། དེའི་ཚེ་གསོད་བྱེད་དང་གསད་བྱ་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་གི་ངང་གིས་འཇིག་པའི་ཕྱིར། དེས་ན་མ་བསད་པའི་དགེ་བ་ཡང་ཡོད་པ་ཡིན། དེ་བཞིན་དུ་ལེན་པ་པོ་སུས་བླང་བྱ་སུའི་ནོར་མ་བྱིན་པར་བླངས་པ་ཡང་མེད། ནོར་ནི་རྒྱུ་གཞན་ལ་ལྟོས་པ་མེད་པར་རང་གི་ངང་གིས་འཇིག་པའི་ཕྱིར། དེས་ན་མ་བླངས་པའི་དགེ་བ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པའི་རིགས་པས་དོན་དམ་དུ་དགེ་སྡིག་གི་ལས་བྱེད་པ་པོ་མེད་དོ། །གཉིས་པ་ནི། དེ་ལྟར་འདོད་པའི་ཕྱོགས་དེ་ལ་ཡང་འཇིག་རྟེན་གྱི་བློ་ལྷན་སྐྱེས་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ངོར་སྲོག་གི་རྒྱུན་འཇུག་པ་དང་འགལ་བའི་དངོས་པོ་བསྐྱེད་པ་ལ། གསོད་པ་པོ་ལ་སོགས་པར་རྟོགས་པའི་སྒོ་ནས་སྲོག་གཅོད་པ་ལ་སོགས་པའི་ལས་སུ་རྣམ་པར་འཇོག་སྟེ། དཔེར་ན་ཚུལ་བཞིན་དུ་དང༌། ཚུལ་བཞིན་མིན་པར་ཡིད་ལ་བྱེད་པ་ལ་སོགས་པ་དང་ལྡན་པ་ལ། དགེ་བ་དང་མི་དགེ་བ་ལ་སོགས་པར་འཇོག་པ་དང་འདྲའོ། །གཉིས་པ་ནི། དངོས་པོ་བདེན་གྲུབ་ཏུ་སྨྲ་བའི་ལུགས་ལ། དོན་དམ་སྐད་ཅིག་མ་གཅིག་ལ་དགེ་སྡིག་གི་ལས་མེད་ཀྱང༌། ཀུན་རྫོབ་རྒྱུན་ལ་ལྟོས་ནས་དགེ་སྡིག་གི་ལས་འཇོག་པ་དེ་བཞིན་དུ། ངེད་དབུ་མ་པའི་ལུགས་ལ་དངོས་པོ་ཐམས་ཅད་རྨི་ལམ་དང་འདྲ་ཡང་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་གི་འཆིང་བ་མཐའ་དག་མ་ཉམས་པ་རྣམས་ལ་ཕྱིན་ཅི་ལོག་ལྷན་སྐྱེས་དེ་དང་མཐུན་པའི་དོན་གྱི་དངོས་པོ་དགེ་བ་དང་མི་དགེ་བ་ལ་སོགས་པར་འཇོག་གོ །གཉིས་པ་ནི། བཤད་མ་ཐག་པ་ཞེས་བྱ་བ་དེ་ལྟ་བུའི་རྩོད་ལན་དང༌། སོགས་པ་ཞེས་བྱ་བའི་སྒྲས་བསྡུས་པ་ལན་ལ་མ་ངེས་པ་ལ་སོགས་པའི་ཀླན་ཀ་རྣམས་ཀྱི་ལན་དེ་དང་དེ་འགྲེལ་པ་དོན་གསལ་བ་འདི་ལས་ཕྱོགས་གཞན་ཡུམ་གྱི་མདོ་དང་འགྲེལ་པ་གཞན་ལས་གསུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ། ཉི་ཤུ་པའི་ལུང་གིས་དཔེ་མ་གྲུབ་པ་དང༌། ཤེར་ཕྱིན་གྱི་ལུང་གིས་དཔེ་མ་གྲུབ་པའོ། །དང་པོ་ནི། རྨི་ལམ་དེ་ལས་སོག་པ་མེད་པའི་དཔེར་མི་འཐད་དེ། ཉི་ཤུ་པ་ལས། རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། །དེས་ན་འབྲས་བུ་འདྲ་མ་ཡིན། །ཞེས་རྨི་ལམ་ན་ལས་མཐུ་ཆུང་སོག་པ་ཡོད་པར་བསྟན་པའི་ཕྱིར། གཉིས་པ་ནི། དེ་བཞིན་དུ་ཤེར་ཕྱིན་ལས། རྨི་ལམ་ན་དགེ་བ་དང་མི་དགེ་བ་སྤྱད་པ་རྨིས་པ་ནི། སད་པའི་གནས་སྐབས་ན། ཀྱེ་མ་བྱས་སོ་ལེགས་པར་བྱས་སོ་ཞེས་རྗེས་སུ་ཡི་རང་ན་རྗེས་ཀྱི་གནས་སྐབས་ཀྱི་སེམས་ཀྱིས་མངོན་པར་ཞེན་པའི་སེམས་ཀྱིས་ཡོངས་སུ་གསོས་ཏེ་ལས་སོག་པར་གསུངས་པའི་ཕྱིར། གསུམ་པ་ནི། གཞན་གྱི་ཀླན་ཀ་དེ་ལ་གཏན་ཚིགས་མ་ངེས་པ་དང༌། དཔེ་མ་གྲུབ་པ་དེའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་གྲུབ་བོ། །འདིར་འཁོར་འདས་གཉིས་ཀ་རང་ལུགས་ལ་ཚད་མས་གྲུབ་པར་ཁས་བླངས་ནས། གཉིས་ཀ་བདེན་མེད་དུ་བསྟན་པ་ལ། རྩོད་པ་འདི་འཇུག་པ་མ་ཡིན་ཏེ། འཁོར་བ་ཚད་གྲུབ་ཏུ་ཁས་བླངས་པ་ལ། དགེ་མི་དགེ་མེད་པར་ཐལ་བའི་ཀླན་ཀ་རྒོལ་བ་བློ་ལྡན་གྱིས་མི་སྨྲ་བའི་ཕྱིར་དང༌། གཉིས་ཀ་ཚད་མས་གྲུབ་ན་འགལ་བར་ཁས་ལེན་དགོས་སྙམ་པའི་དོན་མ་ཚང་བའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་ནི། གཉིས་ཀ་མཉམ་པ་ཉིད་ཅེས་སོགས་ཏེ། དོན་ནི། འབྲས་དུས་སུ་ཆོས་སྐུ་ལས་གཟུགས་སྐུ་འབྱུང་བའི་ཕྱིར། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཤད་ཟིན་པའི་འོག་ཏུ་ཞིང་དག་པའི་སྦྱོར་བ་འཆད་ཅེས་པའོ། །རྩ་བ་ནི། བྱང་སེམས་ཆེན་པོ་སྦྱིན་པ་གཏོང་བའི་ཚེ། སེམས་ཅན་བཀྲེས་སྐོམ་སོགས་དང༌། སྣོད་ཀྱི་འཇིག་རྟེན་རྡོ་བ་དང་ཚེར་མ་ཅན་སོགས་མཐོང་ནས། རང་ཉིད་སངས་རྒྱས་པའི་ཞིང་དུ་དེ་འདྲ་མི་འབྱུང་བར་བྱ་བའི་ཕྱིར་དུ་སྦྱིན་སོགས་ལ་སློབ་པར་སྟོན་པའི་མདོ་རྣམས་ཆོས་ཅན། ཞིང་དག་པའི་སྦྱོར་བ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ། རང་ཉིད་གང་དུ་འཚང་རྒྱ་བའི་ཞིང་དེ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་རྣམ་པ་གཉིས་ཡོད་པ་ལས། གོ་རིམ་བཞིན་དུ་སངས་རྒྱས་གཞན་གྱི་ཞིང་བཀྲེས་པ་དང་སྐོམ་པ་དང་རྡོ་བ་དང་ཚེར་མ་ཅན་ལ་སོགས་པ་ཉིད་ཀྱིས་མ་དག་པ་གང་ཡིན་པ་དེ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་དེ་འདྲ་མི་འབྱུང་བའི་ཆེད་ཀྱི་གཉེན་པོར་ལྷའི་ཟས་གོས་སོགས་ཀྱི་ཉེ་བར་སྤྱད་པ་དང༌། གསེར་གྱི་ས་ཕྱོགས་ལ་སོགས་པ་དག་པ་བསྐྱེད་པའི་སྒོ་ནས་ཕྱིན་དྲུག་ཉམས་སུ་ལེན་པའི་རྣལ་འབྱོར་ནི་ཞིང་དག་པའི་སྦྱོར་བ་ཡིན་ནོ། །གསུམ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། རང་གི་ཞེས་སོགས་ཏེ། འདི་ཡང་བཤད་པའི་རིམ་པ་སྟེ། རྒྱུད་ལ་སྐྱེ་བའི་རིམ་པར་མ་ངེས་སོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ནས་བྱང་ཕྱོགས་སོ་བདུན་གྱི་བར་ལ་ཇི་ལྟར་འདྲིས་པར་བགྱི། ཞེས་པའི་ལན་གྱི་མདོ་ཚན་བཅུ་ཆོས་ཅན། ཐབས་ལ་མཁས་པའི་ཡུལ་བཅུ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་རྣམ་ཐར་སྒོ་གསུམ་ནས་བྱང་ཕྱོགས་ཀྱི་སྡེ་ཚན་བདུན་ཏེ་རྣམ་པ་བཅུ་མངོན་སུམ་དུ་བྱ་བ་ལ་དུས་མ་ཡིན་པའི་དཔེ་བརྗོད་ནི། ཐེག་ཆེན་སེམས་བསྐྱེད་ལྟ་བུའི་ཚོགས་ཆ་ཤས་ཙམ་ཡང་མ་བསགས་པར་ཕུང་པོའི་བདུད་བཅོམ་ན་དམན་པའི་ལྷག་མེད་དུ་ལྟུང་བ་དང༌། ཐེག་པ་ཆེན་པོར་སེམས་མ་བསྐྱེད་པར་རྣམ་ཐར་སྒོ་གསུམ་ལ་ཞུགས་ན་འཁོར་བ་སྤངས་པའི་ཉེས་དམིགས་དང༌། ཡང་དེ་མེད་པར་བྱང་ཕྱོགས་སོ་བདུན་ལ་ཞུགས་ན་དམན་པའི་ལམ་དུ་འཇུག་པའི་ཉེས་པ་ཡོད་པ་ལྟ་བུ་དང༌། ཐེག་པ་ཆེན་པོ་ཉིད་ལ་ཡང་བསྐལ་པ་གྲངས་མེད་དང་པོའི་ཚོགས་མ་བསགས་པར། མཐོང་སྤང་སྤོང་བ་ལ་ཞུགས་ན་ཆད་པའི་མྱང་འདས་དང༌། ས་དང་པོའི་རྗེས་ཐོབ་ཏུ་ཡོངས་སྦྱོང་ཉི་ཤུ་པོ་མ་སྦྱངས་པར་ས་གཉིས་པའི་སྒོམ་སྤང་སྤོང་བ་ལ་ཞུགས་ན་དགོངས་པ་ཅན་གྱི་མྱང་འདས་ཞེས་བྱ་བའི་མིང་ཅན་དེར་ལྟུང་བའི་ཉེས་པ་ཡོད་པ་སོགས་རྒྱས་པར་སྤྲོས་ཏེ་ཤེས་པར་བྱས་ལ། འོ་ན་ཡུལ་བཅུ་པོ་དུས་ལ་བབ་ནས་མངོན་དུ་བྱས་པའི་ཡུལ་དེ་རྣམས་གང་ཞེ་ན། བྱང་སེམས་ཆེན་པོ་ནས་སློབ་ལམ་དུ་བར་ཆད་ཀྱི་ཆོས་ལས་ཡང་དག་པར་བརྒལ་བའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་སར་བདུད་བཞི་ལས་ཡང་དག་པར་འདས་པ་དང༌། བྱང་སེམས་ཆེན་པོ་ཐབས་ལ་མཁས་པས་སྔོན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པ་མཐར་ཕྱིན་པས་སངས་རྒྱས་ཀྱི་སར་ཅི་ལ་ཡང་མི་གནས་པའི་ཚུལ་གྱིས་གནས་པ་དང༌། དེ་འདྲ་དེས་སློབ་ལམ་དུ་སྨོན་ལམ་མཐར་ཕྱིན་པ་གྲུབ་པས། གཞན་གྱི་དོན་སྔོན་གྱི་ཤུགས་ཀྱིས་འཕངས་པར་བྱེད་པ་དང༌། དེ་འདྲ་དེས་སྔོན་དཀའ་བ་གཅོད་པ་ཐམས་ཅད་ཤིན་ཏུ་གོམས་པ་ཉིད་ཀྱིས་ཉན་རང་དང་ཐུན་མོང་མ་ཡིན་པའི་ཆོས་ལ་གནས་པ་དང༌། དེ་འདྲ་དེས་ཆོས་དཀར་པོ་སྟོང་པ་ཉིད་ཀྱི་ཚུལ་རྣམ་པར་དག་པས་སངས་རྒྱས་ཀྱི་སར་ཆོས་ཐམས་ཅད་ལ་འཛིན་པ་མེད་པ་དང༌། ཐབས་དང་བཅས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མཐར་ཕྱིན་པས་སངས་རྒྱས་ཀྱི་སར་ཀུན་རྫོབ་ཀྱི་རྣམ་པ་ཅི་ཡང་མི་དམིགས་པ་དང༌། ཐབས་མཁས་མ་བྲལ་བའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་མཐར་ཕྱིན་པ་ཉིད་ཀྱིས་སངས་རྒྱས་ཀྱི་སར་ཆོས་གང་ལ་ཡང་སྨོན་པ་མེད་པ་དང༌། བྱང་སེམས་ཆེན་པོ་འགའ་ཞིག་ལ་ཕྱིར་མི་ལྡོག་པའི་རྟགས་ལས་བརྩམས་ཏེ་དྲི་བ་སྔོན་དུ་བཏང་བ་ཅན་ལ་ཕྱིར་མི་ལྡོག་པའི་རྟོགས་པ་དང་མཐུན་པའི་ཆོས་བརྗོད་པས་རང་ཉིད་ཕྱིར་མི་ལྡོག་ཏུ་གཞན་གྱིས་གོ་བར་བྱེད་པའི་ཐབས་མཁས་དང༌། འདིའི་དོན་ནི་འགའ་ཞིག་ལ་སྟོང་པ་ཉིད་སོགས་མ་འདྲིས་པར་བྱ་བ་དང་མངོན་དུ་བྱ་བའི་དུས་གང་ཡིན་དྲིས་པ་ན། ཕྱིན་ཅི་མ་ལོག་པར་སྟོན་ཤེས་པ་བྱུང་ན་དེ་ཕྱིར་མི་ལྡོག་པའི་རྟགས་ཅན་དུ་གོ་བར་བྱས་ནས་བྱང་སེམས་རང་ཉིད་ཀྱང་དེ་དང་མཐུན་པར་སྦྱོར་བ་ནི་དེའི་ཐབས་མཁས་ཀྱི་སྦྱོར་བ་དང༌། གོང་མ་རྣམས་ལ་ཡང་དེ་ལྟར་དུ་སྦྱར་བ་ནི་ཐབས་ལ་མཁས་པར་བྱས་ཟིན་པའི་ཐབས་མཁས་སྦྱོར་བ་དང༌། རང་གིས་དུས་དང་དུས་མ་ཡིན་པ་མ་ཤེས་ཤིང༌། གཞན་གྱིས་སྟོན་པ་ཡང་མ་འབྱོར་ན་རང་གིས་ཐེག་པ་ཆེན་པོའི་ཡུལ་ལ་འཇུག་པའི་ཆོས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་རྟག་ཆད་ཀྱི་མཐའ་འགོག་པའི་རྣལ་འབྱོར་ལ་འཇུག་པ་ནི་ཚད་མེད་པའི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ནོ། །མདོར་ན་རྣམ་ཐར་སྒོ་གསུམ་སོགས་ཡུལ་བཅུ་པོ་མངོན་དུ་བྱ་བའི་དུས་ཤེས་ནས་མངོན་དུ་བྱས་པའི་ཚེ་ནི་མདོ་འགྲེལ་ལས་དངོས་སུ་བསྟན་པའི་ཡོན་ཏན་བཤད་མ་ཐག་པ་འདི་དག་འབྱུང་ལ། དེའི་ཕྱིར་དུ་སྦྱོར་བའི་རྣལ་འབྱོར་ལ་ནི་ཐབས་མཁས་ཀྱི་སྦྱོར་བ་ཞེས་བྱའོ། །སྨྲས་པ། རྣམ་ཀུན་རྫོགས་པའི་ལེའུར་གང་འཆད་པའི། །དཀའ་བའི་གནས་རྣམས་མདོ་འགྲེལ་མཛད་པོ་ཡི། །མཁྱེན་པའི་ཆུ་གཏེར་དབུས་ན་རྟག་བཞུགས་མོད། །མདོ་འགྲེལ་ཚུལ་བཞིན་འབྱེད་པའི་རྣམ་དཔྱོད་ཀྱི། །གྲུ་ཆེན་བཟུང་ནས་དགོངས་དོན་མཚོར་ཞུགས་ཏེ། །ཚིག་ཟུར་ཕྱིན་པའི་རྣམ་བཤད་རྒྱལ་མཚན་རྩེར། །ཇི་བཞིན་བཀོད་པ་འགའ་ཞིག་མ་རྙེད་པས། །དེང་འདིར་འབད་པས་བསྒྲུབས་འདི་མཆོད་པར་འོས། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞེས་སོགས་ཏེ། མདོ་ལས་ནི་དེ་བཞིན་ཉིད་ཀྱི་ལེའུ་ཞེས་བཤད་ལ། བསྟན་བཅོས་སུ་ནི་སྦྱོར་བའི་སྐབས་ཞེས་གསུངས་སོ།། །།རྣམ་ཀུན་མངོན་རྫོགས་རྟོགས་པའི་དཔག་བསམ་གྱིས། །ཡལ་འདབ་རྩེ་མོར་ཕྱིན་པའི་སྐབས་དེ་ན། །མི་མཐུན་རྟོག་པའི་རླུང་གིས་མི་བསྒུལ་ཞིང༌། །ཡོན་ཏན་འབྲས་བུ་སྨིན་དེར་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་དབང་ཐོབ་པའི་ཚུལ་དུ་བསྒོམ་པ་རྩེ་མོའི་སྦྱོར་བ་འཆད་པ་ལ་གསུམ་སྟེ། འབྲེལ་དགོད་པས་མཚམས་སྦྱར། མངོན་རྟོགས་ཀྱི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི་སྐྱེ་མེད་གསུམ་གྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་དུས་དང་པོར་ཐོབ་པ་ལས་དེ་ཉིད་ལ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས་རྩེ་མོའི་མངོན་པར་རྟོགས་པ་འཆད་དོ། །ཚུལ་ཇི་ལྟར་དུ་ན་རྟགས་ལ་སོགས་པ་བསྙད་པ་སྔོན་དུ་འགྲོ་བའི་སྒོ་ནས་སོ། །དེའི་ཡང་དགོས་པ་ནི། རྩེ་སྦྱོར་གོ་སླ་བའི་ཕྱིར་དུའོ། །གཉིས་པ་ལ་བཞི་སྟེ་སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་རྒྱས་པར་བཤད་པའོ། །དང་པོ་ལ་བཞི་སྟེ། རྟགས་ཀྱི་དང༌། རྣམ་འཕེལ་གྱི་དང༌། ངེས་པར་བརྟན་པའི་དང༌། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་བཤད་པའོ། །དང་པོ་ལ་གཉིས་ལས། རྩ་བ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་ལ་སོགས་པར་ལྟ་བ་འདི་ནི་བྱང་སེམས་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་ཀྱི་མདོ་ཚན་བཅུ་གཉིས་ཆོས་ཅན། རྟགས་ཀྱིས་མཚོན་པའི་རྩེ་སྦྱོར་བསྟན་པ་ཡིན་ཏེ། ཞེས་སྦྱར། དེའི་མཚན་གཞི་ནི་འདིར་རྟགས་བཅུ་གཉིས་པོ་གང་རུང་གིས་ཁྱད་པར་དུ་བྱས་པའི་དྲོད་ཀྱི་ཡེ་ཤེས་ཆོས་ཅན། རྟགས་ཀྱི་རྩེ་སྦྱོར་ཡིན་ཏེ། རྟགས་བཅུ་གཉིས་ཀྱིས་མཚན་ནས་བསྟན་པའི་བསྡུས་སྒོམ་རབ་གྱུར་གྱི་རྣལ་འབྱོར་ཡིན་པའི་ཕྱིར། བྱང་སེམས་དྲོད་ཀྱི་ཡེ་ཤེས་གང་ཡིན་རྩེ་སྦྱོར་དུ་མ་ངེས་ཏེ། དེར་གྱུར་པའི་རྣམ་རྫོགས་དང་མཐར་གྱིས་པའང་ཡོད་པའི་ཕྱིར་དང༌། དེ་གསུམ་གཞི་མཐུན་མི་སྲིད་པར་སློབ་དཔོན་གྱིས་བཤད་པས་སོ། །རྩེ་སྦྱོར་བཞི་པོ་འདི་རྩ་འགྲེལ་ལས་ཤས་ཆེར་རྗེས་ཐོབ་ཏུ་བཤད་ཀྱང༌། གཙོ་བོར་མཉམ་གཞག་ཡེ་ཤེས་སུ་འཇོག་དགོས་ཏེ། མཐོང་སྒོམ་ལམ་གྱི་སྤང་བྱ་རྟོག་པ་བཞིའི་སྤོང་གཉེན་སྦྱོར་བའི་ལམ་དུ་གྱུར་པའི་ཆ་ནས་རྩེ་སྦྱོར་དུ་བཞག་དགོས་པའི་ཕྱིར། གཉིས་པ་འགྲེལ་པ་ལ། འདིར་བསྟན་གྱི་རྟགས་རྣམ་པ་བཅུ་གཉིས་ནི་མདོ་ལས་ཕྱིར་མི་ལྡོག་ཙམ་གྱི་རྟགས་སུ་བཤད་ཀྱང༌། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟགས་ཡིན་ནོ། །བཅུ་གཉིས་པོ་གང་ཞེ་ན་གཉིས་ལས། རྨི་ལམ་གྱི་རྟགས་སུ་བཤད་པ་དྲུག་ནི་ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་བ་ཆོས་ཅན། ལྟ་བ་དེ་དང་ལྡན་པའི་བྱང་སེམས་སྦྱོར་ལམ་པ་རྩེ་སྦྱོར་ཐོབ་པར་བསྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་ཅིང༌། ཁྱབ་འབྲེལ་མདོ་ལས་གསུངས་པའི་ཕྱིར། ཡང་ན་ལྟ་བ་དེ་ཆོས་ཅན། རང་རྒྱུ་རྩེ་སྦྱོར་གྱི་རྟོགས་པ་སྔོན་དུ་སོང་སྟེ། ཤིན་ཏུ་གོམས་སྟོབས་ཀྱིས་དེར་ལྟ་བའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཡིན་པའི་ཕྱིར། འདི་གཞན་དོན་སྐབས་དང༌། སྔ་མ་རང་དོན་སྐབས་ཀྱི་འགོད་ཚུལ་ལོ། །རྟགས་གཉིས་པ་ནི། ཤིན་ཏུ་གོམས་པའི་ཕྱིར་ཞེས་ལྷག་མ་ལྔ་ལའང་སྦྱར་ནས་རྨི་ལམ་དུ་ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་བསྐྱེད་པ་དང༌། གསུམ་པ་ནི། རྨི་ལམ་དུ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་སོགས་མཐོང་བ་དང༌། བཞི་པ་ནི། རྨི་ལམ་དུ་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དུ་མ་དམིགས་པ་དང༌། ལྔ་པ་ནི། རྨི་ལམ་དུ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་སྟོན་པའི་སེམས་སྐྱེ་བ་དང༌། དྲུག་པ་ནི། རྨི་ལམ་དུ་དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་བ་སྔོན་དུ་འགྲོ་བས་རང་ཉིད་སངས་རྒྱ་བའི་ཞིང་དུ་ངན་སོང་སྤོང་བ་རྗེས་སུ་དྲན་པ་རྣམས་སོ། །གཉིས་པ་སད་པའི་རྟགས་དྲུག་ནི་གྲོང་ཁྱེར་ལ་སོགས་པ་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་ཞེས་སོགས་སོ། །རྟགས་འདི་དག་དྲོད་ནས་བཟུང་བ་ནི་མ་མཐའི་ས་མཚམས་ཏེ། རྣམ་འཕེལ་སོགས་ལའང་དེ་བཞིན་དང༌། སྐབས་བཞི་པའི་ཕྱིར་མི་ལྡོག་གི་རྟགས་རྣམས་ཀྱང་ངོ༌། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། རྟགས་སུ་བཤད་པ་དེ་རྣམས་ལས་བསོད་ནམས་ཇི་ལྟར་འཐོབ་པའི་ཚུལ་དྲིས་པའོ། །རྩ་བ་ནི། བཀའ་སྩལ་པ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་སུ་གྱུར་ནས་སངས་རྒྱས་པ་ལ་སྟོང་གསུམ་གྱི་སེམས་ཅན་གྱིས་མཆོད་པའི་དགེ་བ་ལས། ཡུམ་འདིའི་ཚིག་རེ་རེ་ནས་བཏོན་པ་བསོད་ནམས་ལྷག་པར་སྟོན་པའི་མདོ་ཚིག་བཅུ་དྲུག་པོ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། རྣམ་པར་འཕེལ་བ་ཡིན་ནོ། །ཞེས་པ་བཤད་པའི་གཞི། གང་ན་གནས་སྐབས་བཅུ་དྲུག་གི་ངོ་བོ་ཉིད་ནིའོ། །ཚུལ་ཇི་ལྟར་ན། མེ་ཏོག་ལ་སོགས་པས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་པོ་དཔེར་མཛད་ནས་དེ་བས་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པར་བསྟན་པ་ཉིད་ཀྱིས་སོ། །བཅུ་དྲུག་པོ་གང་ཞེ་ན། གཉིས་ལས། ནང་གཙོ་བོར་གྱུར་པའི་བསོད་ནམས་བརྒྱད་ནི། འཛམ་བུའི་གླིང་ལ་སོགས་པ་སྟོང་གསུམ་སོགས་ཏེ། དེ་བས་རྩེ་མོའི་ཤེར་ཕྱིན་ཡིད་ལ་བྱེད་པ་སོགས་དང༌། ཐེག་པ་གཅིག་ཏུ་ཞུགས་པའི་སྐྱེ་བོ་ལ་སྟོན་པ་དང་མཚུངས་པར་གྲུབ་པ་བསྐྱེད་ཅིང༌། བསླབ་པ་མཚུངས་པར་གནས་པ་ཞེས་བྱ་བ་ལས་བསོད་ནམས་འཕེལ་བར་འགྱུར་བའི་གནས་སྐབས་རྣམ་པ་བརྒྱད་དང༌། ཕྱི་གཙོ་བོར་གྱུར་པའི་བསོད་ནམས་འཕེལ་བའི་གནས་སྐབས་རྣམ་པ་བརྒྱད་ནི། ཡང་རྣམ་པ་ཐམས་ཅད་དུ་ཞེས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བའི་གནས་སྐབས་གཞན་རྣམ་པ་བརྒྱད་དོ། །འདིར་བསོད་ནམས་རྣམ་པར་འཕེལ་བ་ནི་རྗེས་ཀྱི་གནས་སྐབས་ཡིན་ལ། དེས་མཚོན་པའི་མཉམ་གཞག་ཡེ་ཤེས་ནི་རྩེ་མོའི་རྩེ་སྦྱོར་དངོས་སོ། །ངེས་པར་བརྟན་པའི་རྩེ་སྦྱོར་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། དོན་ནི་རྩེ་མོའི་མཉམ་རྗེས་ཀྱི་རྟོགས་པ་མཐར་ཕྱིན་པ་ན་བཟོད་པའི་རྩེ་སྦྱོར་འབྱུང་བས་ཞེས་པའི་དོན་ནོ། །རྩ་བ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མནྡ་ར་བ་མང་པོ་ཕུལ་ཏེ། བཅོམ་ལྡན་འདས་ལ་གཏོར་ནས། འདི་སྐད་དུ། དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སོགས་ཀྱི་མདོ་ཚན་གཉིས་ཆོས་ཅན། ངེས་པར་བརྟན་པའི་རྩེ་སྦྱོར་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གཉིས་ལས། གཞན་དོན་ཕྲིན་ལས་བསྟན་པ་ནི་གོང་དུ་བསྟན་པ་དེ་ལྟར་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་པར་མི་རྟོག་པ་རྟོགས་པ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་པོར་ཐོབ་པའི་གནས་སྐབས་ན་བྱེད་པ་པོའི་ཁྱད་པར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་བྱེད་ལས་ཀྱི་ཁྱད་པར་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ནི་ངེས་པར་བརྟན་པ་དང་པོ་ཡིན་ནོ། །རང་དོན་རྟོགས་པ་བརྟན་པ་ནི། མངོན་པར་འདོད་པའི་དོན་གྱི་ཁྱད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆོས་སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཡོངས་སུ་རྫོགས་པ་དེ་ལས་ཀྱང་བླ་ན་མེད་པར་བསྔོ་བ་ནི་བྱེད་ལས་ཀྱི་ཁྱད་པར་ཏེ། ངེས་པར་བརྟན་པ་གཉིས་པ་ཡིན་ནོ། །ཞེས་གཞན་དག་གསུང་བ་ལ། གཞན་དག་མདོ་ལས། མཁྱེན་གསུམ་གྱི་ཆོས་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བཤད་ཀྱི། རྫོགས་པར་དངོས་སུ་མ་བཤད་དོ། །ཞེས་གསུང་བ་ཡང་ལེགས་མོད་ཀྱི། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་རྫོགས་པར་ཐོབ་པའི་མ་མཐའི་ས་མཚམས་ངེས་ཆ་བཟོད་པ་ནས་བཟུང་བ་ལ་འགལ་བ་མེད་པར་སེམས་སོ། །སེམས་ཀུན་གནས་ཀྱི་རྩེ་སྦྱོར་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། འགྲེལ་ཚིག་འདི་ལས་ནི། བཟོད་པ་ནི་ངེས་པར་བརྟན་བྱེད་ཡིན་ལ། ངེས་བརྟན་དངོས་ནི་ཆོས་མཆོག་གི་གནས་སྐབས་ཡིན་པར་བཤད་དེ། གོང་མ་གསུམ་གྱི་མཚམས་སྦྱར་ལས་ཀྱང་དེ་དང་ཆ་འདྲ་བར་བཤད་དོ། །རྩ་བ་ལ་བཀའ་སྩལ་པ་སེམས་པ་བཞིའི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཚད་གཞལ་དུ་མེད་པར་གསུངས་པའི་དཔེ་དང་དོན་གྱི་མདོ་ཚན་གཉིས་ཆོས་ཅན། དངོས་བསྟན་རྗེས་སུ་ཡི་རང་གིས་མཚོན་ནས། སྦས་དོན་ཏིང་ངེ་འཛིན་བསོད་ནམས་མང་བར་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ནི། གཞུང་རྩ་བར། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་ཏིང་ངེ་འཛིན་གྱི་མཚན་ཉིད་བརྗོད་པ་ནི་མདོའི་སྦས་དོན་དངོས་སུ་ཕྱུང་བར་མ་ཟད་དགོས་པ་གཞན་ཡང་ཡོད་དེ། སེམས་ཀུན་ཏུ་གནས་པའི་རྩེ་སྦྱོར་མཚོན་བྱེད་ཡིན་པའི་ཕྱིར། དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། དཔེའི་སྐབས་སུ་བཤད་པ་དེ་དག་ལས་ཁྱད་པར་དུ་འཕགས་ཤིང༌། ཚད་ལས་འདས་པའི་བསོད་ནམས་མང་པོ་ཅན་ཉིད་ཀྱི་མཚན་ཉིད་ཅན་ནོ། །དཔེ་ལས་ཁྱད་པར་དུ་འཕགས་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་དཔེ་དང༌། དོན་གཉིས་ལས། དཔེ་ནི་ཚད་སྲིད་པའི་སྡུག་བསྔལ་གྱི་རྫས་ནི་སྲང་ཚད་ཀྱིས་གཞལ་བར་ནུས་སོ་ཞེས་བྱ་བའི་ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་བཏང་བའི་ཚུལ་གྱིས་གླིང་བཞི་པ་སོགས་ནས་བགྲངས་པའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ས་རྡོའི་སྲང་གྲངས་ཀྱི་དཔེས་མཚོན་པའོ། །དོན་ནི། མདོ་ལས་རྗེས་སུ་ཡི་རང་གི་བསོད་ནམས་སུ་བཤད་ལ། བསྟན་བཅོས་སུ་ནི་ཏིང་ངེ་འཛིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་ལ་ས་རྡོའི་སྲང་གྲངས་དེ་སོ་སོར་དཔེར་མཛད་ནས་དཔེའི་ཚད་ལས་ལྷག་པར་གསུངས་སོ། །ཏིང་ངེ་འཛིན་གཅིག་པུ་ལ་ཚོགས་གཉིས་ཀ་ཚང་བའི་རྒྱུ་མཚན་ནི་ཆོས་མཆོག་གི་ཡེ་ཤེས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཏིང་ངེ་འཛིན་ཡིན་པས་སོ། །འདིར་དོན་ཚན་གསུམ་གསུངས་ཏེ། མདོར་རྗེས་སུ་ཡི་རང་གི་དང༌། བསྟན་བཅོས་སུ་ཏིང་ངེ་འཛིན་གྱི་བསོད་ནམས་དང༌། འགྲེལ་པར་ཆོས་མཆོག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་དཔེ་ལས་འདས་པར་གསུངས། གསུམ་པ་དོན་བསྡུ་བ་ནི་རྟགས་ལ་སོགས་པ་དེ་དག་ནི་ཞེས་སོགས་ཏེ། འཕགས་སེང་གི་ལུགས་སོ། །གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ་གཉིས་ཏེ། སྤྱིའི་མཚམས་སྦྱར་བ་དང༌། རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། ངེས་པར་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། སྤང་བྱ་རྣམ་རྟོག དེ་སྤངས་པའི་འབྲས་བུ་བྱང་ཆེན། སྤོང་བྱེད་ཀྱི་གཉེན་པོ་མཐོང་རྩེ་དངོས་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད། གཉེན་པོའི་དབྱེ་བ་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ལས། གཟུང་རྟོག་མདོར་བསྟན་ལ་གསུམ་ལས། མཚམས་སྦྱར་བ་ནི། རེ་ཞིག་སོགས་སོ། །རྩ་བ་ནི་དགེ་བའི་རྩ་བ་དེ་ཡང་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་དང༌། གཉིས་སུ་མེད་པའི་འདུ་ཤེས་སུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཞེས་སོགས་ཀྱི་མདོ་ཚན་སོ་དྲུག་ཆོས་ཅན། གཟུང་འཛིན་གྱི་རྟོག་པ་སོ་དྲུག་ངོས་བཟུང་བ་ཡིན་ཏེ། སྤོང་བྱེད་ཀྱི་གཉེན་པོ་སོ་དྲུག་དངོས་སུ་བསྟན་ནས་སྤང་བྱ་རྟོག་པ་སོ་དྲུག་པོ་མཚོན་པའི་ཚུལ་གྱིས་བསྟན་པར་རྗེ་བཙུན་གྱི་གཞུང་གིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་རྟོག་པའི་ཡུལ་དང༌། ངོ་བོ་དང༌། དབྱེ་བ་དང་མི་མཐུན་ཕྱོགས་སུ་བསྟན་པ་དང༌། རྟོག་པར་འཇོག་པའི་རྒྱུ་མཚན་རྣམས་ལས། དང་པོ་ནི། འཇུག་པ་དང་ལྡོག་པ་མི་དམིགས་པ་དང་དམིགས་པའི་ངོ་བོ་ཉིད་དག་ལ་ཞེས་པའོ། །གཉིས་པ་ནི། གོ་རིམ་བཞིན་དུ་ཞེས་གསུངས་སོ། །གསུམ་པ་ནི། ཡུལ་གྱི་དབྱེ་བས་སོགས་སོ། །བཞི་པ་ནི། ཉོན་མོངས་པ་དང་འདྲ་བར་སོགས་སོ། །འདི་ནི་ཉན་ཐོས་སྡེ་པའི་ངོར་བསྒྲུབ་དགོས་པའོ། །ལྔ་པ་ནི། ཡུལ་གྱི་དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་གཟུང་བྱར་མ་གྲུབ་པ་ལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར། ཡུལ་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པའི་རང་གི་ངོ་བོ་སོགས་སོ། །དེར་མ་གྲུབ་པའི་ཤེས་བྱེད་ནི། རིགས་པས་དཔྱད་པའི་ཚེ་དེར་མ་གྲུབ་པའོ། །གཉིས་པ་འཛིན་རྟོག་མདོར་བསྟན་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེར་ལྟར་སོགས་ཏེ། སྤང་བྱ་གཟུང་འཛིན་གྱི་རྟོག་པ་དང༌། སྤོང་བྱེད་གཉེན་པོ་གཉིས་ཀའི་གོ་རིམ་དེ་ལྟར་ངེས་པའོ། །རྩ་བ་ནི། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ། །རབ་འབྱོར་གྱིས་སྨྲས་པ། དེ་དེ་ལ་སྤྱོད་པ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ། །ཞེས་སོགས་ཀྱི་མདོ་ཚན་གཉིས་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། རྟོག་པའི་དབྱེ་བ་ངོས་བཟུང་ནས་མི་མཐུན་ཕྱོགས་སུ་བསྟན་པ་དང༌། རྟོག་པར་བསྒྲུབ་པའོ། །དང་པོ་ནི། འཛིན་པའི་རྣམ་པར་རྟོག་པ་རྩ་བའི་དབྱེ་བ་གཉིས་དང༌། ཡུལ་གྱི་སྒོ་ནས་ཡན་ལག་གི་དབྱེ་བས་གཉིས་པོ་ལ་སོ་སོར་རྣམ་པ་དགུར་ཡོད་པ་ནི་ཆོས་ཅན། རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་པའི་ཕྱིར། གཉིས་སུ་འབྱེད་པའི་རྒྱུ་མཚན་ནི། སོ་སོའི་སྐྱེ་བོ་དང་འཕགས་པའི་གང་ཟག་དག་གི་གོ་རིམ་བཞིན་དུ་སྐྱེས་བུ་རྫས་དང་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་དག་ཡོད་པས་སོ། །གཉིས་པ་ནི། རྟོག་པ་དེ་དག་ཆོས་ཅན། གཟུང་བྱ་ཡོད་པར་གྱུར་པ་གང་གི་ཡང་འཛིན་པ་མ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་གང་གི་ཚེ་རྟོག་པ་དེ་དག་གི་ཡུལ་གྱི་དངོས་པོར་གྱུར་པ་རྟོག་པས་བཟུང་བའི་དོན་དག་ཇི་ལྟར་བཟུང་བ་དེ་བཞིན་དུ་གཟུང་བའི་ངོ་བོ་རྫས་དང་བཏགས་པ་གང་དུ་ཡང་ཡོད་པ་མ་ཡིན་པ་ཞེས་བྱ་བ་དེའི་ཚེའོ། །དོན་བསྡུ་བ་ནི། དེའི་ཕྱིར་རྟོག་པ་དེ་དག་ནི་གཟུང་བྱ་ཇི་ལྟར་ཡོད་པ་བཞིན་འཛིན་པའི་ངོ་བོས་ཞེས་སོགས་སོ། །འདིར་རྟོག་པའི་བསྡུ་བ་དང་སྐྱེ་འཕགས་ལ་སོ་སོར་ངེས་པའི་ཚུལ་གཉིས་ལས། དང་པོ་ནི། སྤང་བྱ་རྟོག་པ་ཇི་སྙེད་པ་རྫས་འཛིན་དང་བཏགས་འཛིན་གཉིས་སུ་ངེས་ཏེ། བདེན་པར་འཛིན་པ་དང་བདེན་མེད་དུ་ཞེན་པ་གཉིས་སུ་ངེས་པའི་ཕྱིར། དེ་རེ་རེ་ལ་ཡང་གཟུང་བ་ལ་དང༌། འཛིན་པ་ལ་བདེན་པར་ཞེན་པ་གཉིས་དང༌། གཟུང་བ་ལ་དང་འཛིན་པ་ལ་བཏགས་ཡོད་དུ་ཞེན་པ་གཉིས་སུ་ངེས་ཏེ། སྤང་བྱ་ཇི་སྙེད་པ་གཟུང་འཛིན་གཉིས་སུ་ངེས་པའི་ཕྱིར། གཟུང་འཛིན་གཉིས་པོ་རེ་རེ་ལ་ཡང་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་སུ་གྱུར་པའི་གཟུང་འཛིན་དང༌། རྣམ་བྱང་གི་ཕྱོགས་སུ་གྱུར་པའི་གཟུང་འཛིན་གཉིས་སུ་ངེས་ཏེ། ཡུལ་ཇི་སྙེད་པ་ཀུན་བྱང་གཉིས་སུ་ངེས་པས་སོ། །རྣམ་བྱང་ལ་ཡང་འཇུག་བྱ་དང་ལྡོག་བྱའི་དབྱེ་བས་གཉིས་སུ་ཕྱེ་བ་ནི་བྱང་སེམས་ལ་ལྟོས་ནས་ཕྱེ་བ་ཡིན་པས། སྐབས་ལྔ་པའི་གཟུང་རྟོག་ཇི་སྙེད་པ་ནི་རྣམ་བྱང་གཟུང་རྟོག་ཏུ་ངེས་པ་དང༌། འཛིན་རྟོག་ཇི་སྙེད་པ་ནི་གང་ཟག་དང་སྐྱེས་བུར་འཛིན་པ་གཉིས་སུ་མ་ངེས་པར་རང་རང་གི་རྒྱས་བཤད་ལས་ཤེས་པ་དང༌། མཐོང་སྤང་དང་སྒོམ་སྤང་རྟོག་པར་བཤད་པ་ཇི་སྙེད་པ་སྤྱི་ཙམ་ནས་སྦྱོར་མཐོང་སྒོམ་པ་གསུམ་ཅིག་ཆར་གྱི་སྤང་བྱར་ཁས་ལེན་དགོས་པ་དང༌། ཀུན་བརྟགས་དང་ལྷན་སྐྱེས་སུ་ཕྱེ་བའི་ཚེ་མཐོང་སྒོམ་གྱི་སྤང་བྱ་སོ་སོར་ངེས་ཀྱང༌། སྦྱོར་ལམ་རྩེ་སྦྱོར་གྱིས་སོ་སོར་མི་འབྱེད་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ནི། སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པའི་དོན། སྤྱིར་མཐོང་སྤང་དང༌། བྱེ་བྲག་གང་ཟག་ལ་རྫས་བཏགས་སུ་འཛིན་པའི་དབང་དུ་བྱས་ནས་སོ་སོར་ངེས་པ་ཙམ་བཞག་སླ་ཡང༌། གཞུང་གི་གོ་དོན་རྒྱ་ཆུང་བར་སོང་བས་འདི་ལྟར། སྤང་བྱའི་རིགས་གཉིས་པོ་དང་ཡུལ་རྫས་བཏགས་གང་ལ་སྦྱར་ཡང་འདྲ་སྟེ། ཤེས་སྒྲིབ་ཏུ་གྱུར་པའི་རྫས་འཛིན་རྟོག་པ་ཇི་སྙེད་པ་ནི་སོ་སོ་སྐྱེ་བོ་ཁོ་ནའི་རྟེན་ཅན་དང༌། བཏགས་འཛིན་རྟོག་པ་ཇི་སྙེད་པ་ནི་འཕགས་པ་ཁོ་ནའི་རྟེན་ཅན་དུ་ངེས་སོ། །གཉིས་པོ་ཡང་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་དབང་དུ་བྱས་པར་ཉི་སྣང་དུ་གསུངས་པས། ཆོས་དང་གང་ཟག་གང་ལ་ཡང་བདེན་པར་འཛིན་པའི་རྫས་འཛིན་མཚན་ཉིད་པ་ནི་ཐེག་ཆེན་འཕགས་པའི་མཉམ་གཞག་ལྟ་ཅི། རྗེས་ཐོབ་དག་པ་འཇིག་རྟེན་པ་ལ་ཡང་མི་འབྱུང་སྟེ། མཉམ་བཞག་གི་རྟོགས་པ་དང་མཐུན་པར་སྐྱེ་བ་ཉིད་དུ་བཤད་པའི་ཕྱིར། གནས་སྐབས་ལ་ལར་མཚན་འཛིན་མངོན་དུ་འགྱུར་སྲིད་ཀྱང༌། རྫས་འཛིན་མཚན་ཉིད་པ་མ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དྲངས་ནས་སྐྱེས་པའི་ཕྱིར་ན་སྒྱུ་མ་ལྟ་བུར་ཞེན་པ་ལས་མ་འདས་པའི་ཕྱིར་རོ། །ཐེག་དམན་འཕགས་པ་ལ་འདིར་བསྟན་ཆོས་ལ་རྫས་འཛིན་གྱི་རྟོག་པ་ཡོད་པ་མིན་ནམ་ཞེ་ན། རྟེན་དེ་ལ་སྤྱིར་དེ་ཡོད་ཀྱང་འདིར་བསྟན་རྩེ་སྦྱོར་གྱི་སྤང་བྱ་མ་ཡིན་ཏེ། དེས་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་རིགས་སུ་མི་གནས་པས་སོ། །འོ་ན་སོ་སྐྱེའི་རྫས་འཛིན་ལ་ཡང་མཚུངས་སོ་ཞེ་ན། སོ་སྐྱེ་གང་ཡིན་འདིར་བསྟན་རྫས་འཛིན་གྱི་རྟེན་དུ་ཁས་མི་ལེན་ལ། ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་ངེས་པའི་སོ་སོ་སྐྱེ་བོའི་བདེན་འཛིན་ནི་སྤང་བྱ་དེའི་རྣམ་པར་སུན་འབྱིན་པའི་གཉེན་པོ་དང་སྦྱོར་བ་དང་འཇུག་པའི་རིམ་གྱིས་མངོན་གྱུར་དུ་སྐྱེ་བ་རྒྱུན་བཅད་ནས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་བཞིན་པ་ཡིན་པའི་ཕྱིར་དང༌། ཐེག་དམན་འཕགས་པའི་རྒྱུད་ལ་སྐྱེས་ཟིན་གྱི་བདེན་འཛིན་ནི་རྩེ་སྦྱོར་གྱིས་སྤོང་ལ། མ་འོངས་པའི་རྒྱུན་གཅོད་པ་ནི་ཐེག་པ་ཆེན་པོར་རིགས་ངེས་པའི་འོག་ཏུ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཟུང་རྟོག་རྒྱས་པར་བཤད་པ་དང༌། འཛིན་རྟོག་རྒྱས་པར་བཤད་པའོ། །དང་པོ་ལ། འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་གཉིས་ལས། དང་པོ་ལ། མཚམས་སྦྱོར་བ་ནི། གཟུང་བའི་རྣམ་པར་རྟོག་པ་སོགས་ཏེ། དང་པོ་ནི། གཟུང་རྟོག་གཉིས་པོ་འདི་ལ་མདོ་ཉིད་དུ་བསྟན་པར་མཛད་པ་ལས་བསྟན་པའི་དོན་བསྟན་བཅོས་སུ་བཤད་ཟིན་པ་དེའི་ཚེ་དགུའི་བདག་ཉིད་ཅེས་བཤད་ན་དགུ་པོ་མདོ་ཉིད་དང་སྦྱོར་བའི་དོན་ཇི་ལྟ་བུ་ཞེས་པའོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དབེན་པའོ། །ཞེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། འཇུག་པ་གཟུང་རྟོག་བསྟན་པ་ཡིན་ཏེ། ཡུལ་བླང་བྱ་དགུ་དངོས་སུ་བསྟན་ནས། ཡུལ་ཅན་རྟོག་པ་དགུ་ཤུགས་ལ་བསྟན་པའི་ཕྱིར་ཞེས་སྦྱར། འགྲེལ་པ་ལ་གསུམ་སྟེ། ཡུལ་དགུ་ངོས་བཟུང༌། དེ་ལ་ཞེན་པའི་རྟོག་པའི་མཚན་ཉིད་བཤད་པ། དེའི་སྤོང་གཉེན་ངོས་བཟུང་བའོ། །དང་པོ་ནི། དོན་དམ་པར་ཕར་ཕྱིན་དྲུག་དབེན་པས་དབེན་པ་བྱང་ཆུབ་མ་རྟོགས་ཀྱང་ཀུན་རྫོབ་ཏུ་སངས་རྒྱས་འཐོབ་བྱེད་ཡིན་པའི་ངོ་བོ་ཉིད་དང༌། ཞེས་སོགས་ཕལ་ཆེར་གཞུང་ཇི་ལྟ་བ་བཞིན་ཏེ། དྲི་མ་དང་བྲལ་བ་ཉིད་ཀྱིས་ཞེས་པ། ལམ་གསུམ་རྒྱུད་ལ་བསྐྱེད་ནས་ཤེས་པ་ལ་གེགས་བྱེད་ཀྱི་དྲི་མ་དང་བྲལ་བ་ཞེས་འཆད་དོ། །གཉིས་པ་ནི། དེ་ལྟར་བྱང་སེམས་ལམ་གྱི་དབང་དུ་བྱས་པའི་ངོ་བོ་རྒྱུ་འབྲས་བྱེད་ལས་རྣམས་ལ་ཐ་སྙད་དུ་སྐྱོན་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ། །ཞེས་བྱ་བའི་གཟུང་བའི་རྣམ་པར་རྟོག་པ་དང་པོ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་དགུའོ། །གསུམ་པ་ནི། དེ་ལྟ་བུའི་རྟོག་པ་དགུ་པོ་ཀུན་བརྟགས་ཀྱི་ཆ་ཆོས་ཅན། མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱིས་སྤང་བར་བྱ་བ་ཡིན་པར་བཞེད་དེ། དེས་ཁྱོད་མངོན་གྱུར་དུ་སྐྱེ་བ་ལ་གེགས་བྱེད་པར་ནུས་པའི་ཕྱིར། འདིར་སྦྱོར་བའི་ལམ་དེ་གང་ལ་བྱ་ན། སྤྱིར་ཐེག་ཆེན་གྱི་ངེས་འབྱེད་ཆ་བཞི་པོ་མཐོང་སྒོམ་གྱི་སྤང་བྱ་གཉིས་ཀ་ལ་ལྟོས་པའི་སྦྱོར་བའི་ལམ་ཙམ་པོ་དང༌། ཆོས་མཆོག་ནི་ཆོས་བཟོད་དང༌། མཉམ་གཞག་གི་རྒྱུ་གཅིག་ལ་སྐྱེ་བས་མཐོང་ལམ་ལ་ལྟོས་པའི་སྦྱོར་བ་ཉེར་བསྡོགས་ཁྱད་པར་ཅན་ནོ། །སྦྱོར་འཇུག་གི་ཁྱད་པར་ནི། སྤང་བྱ་མངོན་གྱུར་མགོ་གནོན་པ་དང༌། ས་བོན་མི་སྐྱེ་བའི་ཆོས་ཅན་དུ་འཇོག་པ་ལ་འཆད་པ་ལྟར་ལེགས་ལ། གཞན་དག་མཐོང་ལམ་གྱི་སྦྱོར་འཇུག་ལྡོག་པས་འབྱེད་པར་འདོད་པ་ནི་འགྲེལ་པའི་གཞུང་དོན་ལ་མ་ཞུགས་ཤིང༌། སྒོམ་ལམ་གྱི་སྦྱོར་འཇུག་ལ་ཡང་དེ་ལྟར་ཐལ་བས་མི་རིགས་སོ། །གཉིས་པ་ལ། མཚམས་སྦྱར་བ་ནི། གཟུང་བའི་རྣམ་པར་རྟོག་པ་སོགས་སོ། །རྩ་བ་ནི། རབ་འབྱོར་བྱང་སེམས་ཆེན་པོ་ཡུམ་དང་བྲལ་ན་བདུད་སྡིག་ཅན་གྱིས་གླགས་ལྟ་བར་འགྱུར། ཞེས་སྦྱར། འགྲེལ་པ་ལ་གསུམ་སྟེ། ཡུལ་གྱི་དབྱེ་བ། རྟོག་པའི་མཚན་ཉིད། གཉེན་པོ་ངོས་བཟུང་བའོ། །དང་པོ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ཏེ། ཐེག་པ་དམན་པའི་ལམ་གྱི་ངོ་བོ་རྒྱུ་འབྲས་ཉེས་དམིགས་དང་བཅས་པ་རྣམས་སོ། །གཉིས་པ་ནི། ཇི་སྐད་བཤད་པའི་ཡུལ་དགུ་ལ་ཀུན་རྫོབ་ཏུ་ངེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་དུ་ལྡོག་པར་བྱའོ་ཞེས་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཉན་ཐོས་དང་རང་སངས་རྒྱས་ཉིད་ཀྱི་རྒྱུད་ལ་བླང་བར་བྱ་བའི་ཉིད་དུ་འབྱུང་བ་རྣམ་པ་དགུའོ། །གསུམ་པ་ནི། དགུ་པོ་དེ་ཀུན་བརྟགས་ཀྱི་ཆ་རྣམས་ཆོས་ཅན། མཐོང་བའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱིས་སྤང་བར་བྱ་བར་བཞེད་པ་ཡིན་ཏེ། དེས་ཁྱོད་ཀྱི་ས་བོན་དྲུངས་འབྱིན་པར་བཞེད་པའི་ཕྱིར། འདིར་ཟག་མེད་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སེམས་སེམས་བྱུང་མི་སྲིད་ཀྱང༌། རྟོག་པར་གྱུར་པའི་དད་པ་དང་ཤེས་རབ་སོགས་ཀྱི་རྒྱུན་ལ་བསམས་ནས་བརྟགས་པའོ། །གཉིས་པ་ལ་གཉིས་ཏེ། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་རྒྱས་པར་བཤད་པའོ། །མཚམས་སྦྱར་བ་ནི། སོ་སོ་སྐྱེ་བོ་ཞེས་སོགས་ཏེ་སྐྱེས་བུ་རྫས་ཡོད་དུ་འཛིན་པ་ཞེས་པ་ནི་མཚོན་པ་ཙམ་ཡིན་གྱི། དེར་ངེས་པ་མ་ཡིན་ཏེ། འགྲེལ་པ་ཉིད་ལས་གསལ་བས་སོ། །རྩ་བ་ནི་བྱང་ཆེན་གསུམ་ལ་སྤྱོད་པའི་ཚེ་ཆོས་གང་ཡང་འཛིན་པ་དང་གཏོང་བར་མི་བྱེད་ཅེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། རྟོག་པའི་ཡུལ་དང་ངོ་བོ་དང་གཉེན་པོ་གསུམ་ལས། དང་པོ་ནི། ཕལ་ཆེར་བྱང་སེམས་ཀྱི་དབང་དུ་བྱས་ནས་ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་ཡོན་ཏན་འཛིན་པ་དང་སྐྱོན་གཏོང་བ་དང༌། དེའི་ཚུལ་ཡང་ཡང་དག་པ་བདེན་པ་ཉིད་དུ་ཡིད་ལ་མི་བྱེད་པར་འཛིན་གཏོང་ཡིད་ལ་བྱེད་པ་དང༌། བདེན་པར་བཟུང་ན་ཆོས་ཉིད་ཀྱིས་ཁམས་གསུམ་ཆར་དང་འབྲེལ་བ་དང༌། སྟོང་པ་ཉིད་དུ་ཡང་ཞེན་པར་མི་གནས་པས་གནས་པ་དང༌། དངོས་པོ་ལ་རྫས་སུ་མངོན་པར་མ་ཞེན་པས་ཐམས་ཅད་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པ་དང༌། དེ་ཁོ་ན་ཉིད་ཤེས་པའི་ཆགས་པས་སེམས་ཅན་ལ་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའི་གཉེན་པོ་ཐོབ་པ་ཉིད་ཀྱིས་གཉེན་པོའི་མིང་ཅན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པས་ཇི་ལྟར་འདོད་པ་བཞིན་འགྲོ་བ་ལ་ཐོགས་པ་ཞེས་བྱ་བ་རྣམས་སོ། །གཉིས་པ་ནི། སྒྲུབ་བྱེད་དོན་དམ་པའི་དངོས་པོར་མངོན་པར་ཞེན་པས་ན་བསྒྲུབ་བྱའི་ཆོས་འཛིན་པའི་རྣམ་པར་རྟོག་པ་དང་པོ་ཡིན་པར་མཚོན་པ་ལ། མཚན་ཉིད་ནི་བཤད་མ་ཐག་པའི་ཡུལ་དགུའི་དབྱེ་བས་རྣམ་པ་དགུའོ། །ཤེས་བྱེད་ཀྱི་གཏན་ཚིགས་འདི་ལས་ནི་ཆོས་གང་ལ་བདེན་པར་བཟུང་ཡང་རྫས་འཛིན་རྟོག་པར་གྲུབ་ལ་འདིར་དངོས་བསྟན་ལ་སྤྱིར་ཡུལ་འཛིན་པ་ལ་དམིགས་པ་དང༌། བྱེ་བྲག་སོ་སྐྱེའི་འཛིན་པ་ལ་དམིགས་དགོས་པར་བཤད་ཀྱང༌། མདོ་འགྲེལ་གཉིས་ཀ་ནས་དེའི་གསལ་ཁ་མེད་ཅིང༌། འཛིན་པར་བདེན་པར་ཞེས་འཆད་པ་དེ་ལ་ནི་ཧ་ཅང་ཁྱབ་ཆུངས་པའི་ཉེས་པ་ཅན་ཏེ། སྤྱིར་ཁྱབ་བྱེད་འཛིན་པ་བཀག་པས་དེ་ལ་དེར་ཞེན་པ་ཡང་ཁེགས་པའི་ཕྱིར། འོ་ན་གཟུང་འཛིན་གྱི་རྟོག་པའི་ཁྱད་པར་གང་གིས་འབྱེད་ན། སྤྱིར་ཡུལ་གཟུང་བ་ལ་བདེན་པར་འཛིན་པ་སྤང་སླ་ཞིང༌། གཟུང་བ་མེད་པའི་རྟགས་ཀྱིས་འཛིན་མེད་དུ་བསྒྲུབ་པ་ནི་བྱམས་པའི་ཆོས་ཀྱི་སྲོལ་ལས་བྱུང་བ་དེའོ། །གསུམ་པ་ནི། མཐོང་བའི་ལམ་གྱི་སྤང་བྱར་བཤད་པའི་འདིར་བསྟན་གྱི་རྟོག་པ་དགུ་ཆོས་ཅན། མཐོང་ལམ་དེའི་སྦྱོར་བའི་གནས་སྐབས་ཀྱི། སྤང་བྱར་བཞེད་པ་ཡིན་ཏེ། དེས་ཁྱོད་ཀྱི་ངོ་བོ་རྒྱུན་གཅོད་པར་ནུས་པའི་ཕྱིར། རྟོག་པ་བཞི་པོ་ལ་གཉེན་པོར་སྦྱོར་འཇུག་གི་དབྱེ་བ་བཤད་པ་ནི། གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་མི་མཐུན་ཕྱོགས་ཀྱི་རྟོག་པ་ཡིན་པས་སྤང་བར་སླ་ལ། ཕྱི་མ་གཉིས་ནི་དེ་དང་དེའི་གཉེན་པོའི་རྟོག་པ་ཡིན་པས་སྤང་དཀའ་བའི་དབང་དུ་བྱས་ལ། འཇུག་ལྡོག་གི་གཟུང་རྟོག་གཉིས་ཀྱང་ཐེག་ཆེན་ལ་བླང་བྱར་ཤེས་པ་ན་ཐེག་དམན་ལ་དོར་བྱར་ཤེས་པ་ངང་གིས་འབྱུང་ཡང༌། དམན་པ་ལ་དོར་བྱར་ཤེས་པ་ཙམ་གྱིས་ཐེག་ཆེན་ལ་བླང་བྱར་ཤེས་པ་འབྱུང་བ་ཉིད་དུ་མ་ངེས་པས་ན། གཉིས་པོའི་གཉེན་པོ་ཡང་གཞུང་རྩ་བར་བཤད་པ་དེ་ཉིད་དོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། འཛིན་པའི་རྣམ་པར་རྟོག་པ་ཞེས་སོགས་ཏེ། བཏགས་པར་ཡོད་པའི་རྟེན་ཅན་ཞེས་པས་བཏགས་ཡོད་ཉིད་ལ་དམིགས་ནས་བཏགས་ཡོད་དུ་ཞེན་པར་བཤད་ན་ཁྱབ་ཆུང་བས་ཡུལ་ཅན་དུ་གྱུར་པའི་ཤེས་པའམ་སྐྱེས་བུ་ལ་དམིགས་ནས་བཏགས་ཡོད་དུ་ཞེན་པ་ཉིད་འཛིན་རྟོག་གཉིས་པའི་དོན་ནོ། །རྩ་བ་ནི། རབ་འབྱོར་འཁོར་ལོ་བསྒྱུར་བའི་དཔུང་གི་ཚོགས་ནི་རྒྱལ་པོ་དེའི་རྗེས་སུ་འགྲོ་བའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་ཡང་འགྲོ། ཞེས་སོགས་ཀྱི་མདོ་ཚིག་དགུ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ་གསུམ་ལས། རྟོག་པའི་ཡུལ་ནི། དམན་པའི་ལམ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཉིད་ཀྱིས་བྱང་ཆུབ་སེམས་ཀྱི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བ་དང༌། བྱང་སེམས་རང་གི་མངོན་པར་འདོད་པའི་སོགས་དང༌། ཀུན་རྫོབ་ཀྱི་ངོ་བོས་རྒྱུ་འགག་པ་དང་འབྲས་བུ་སྐྱེ་བ་དུས་མཉམ་པ་དང༌། ལམ་གྱི་བར་ཆད་མེད་པ་དང་གཅིག་ཤོས་སུ་སྣང་བ་ཉིད་ཀྱི་ལམ་གྱི་དངོས་པོ་ཞེས་སོགས་དང༌། བྱ་ནམ་མཁའ་ལ་གནས་པའི་ཐ་སྙད་དང་འདྲ་བ་ཉིད་ཀྱིས་སོགས་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་དང༌། དེ་བཞིན་ཉིད་ལ་སོགས་དང༌། དོན་དམ་པའི་བདེན་པ་ལ་བརྟེན་ནས་སོགས་དང༌། སེར་སྣ་ཤིན་ཏུ་གོམས་པ་སོགས་རྣམས་སོ། །གཉིས་པ་ངོ་བོ་ནི། འདིར་བསྟན་གྱི་རྟོག་པའི་རྣམ་པ་དགུ་ཆོས་ཅན། འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ཡིན་ཏེ། བཤད་མ་ཐག་པའི་ཡུལ་དགུ་པོ་དེ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པའི་ཕྱིར། གསུམ་པ་གཉེན་པོ་ནི། མཐོང་བའི་ལམ་གྱི་སོགས་སོ། །གལ་ཏེ་རྟོག་པའི་བསྡུ་བ་འཆད་ཚུལ་དེ་ལྟ་ན། རྟོག་པ་ཇི་སྙེད་པ་རྫས་བཏགས་གཉིས་སུ་ངེས་པ་དང༌། ཡུལ་ཇི་སྙེད་པ་ཀུན་བྱང་གཉིས་སུ་ངེས་པས་མདོ་འགྲེལ་གྱི་གོང་འོག་ཐམས་ཅད་དུ་རྟོག་པ་བཞིར་དབྱེ་བ་མི་འཐད་དོ། །ཞེ་ན། བསྡུ་ན་དེར་འདུས་ཀྱང༌། གཉེན་པོའི་རིམ་པ་ལས་ནི་རྫས་བརྟགས་གཉིས་ལ་གཟུང་འཛིན་གྱི་རྟོག་པ་སོ་སོར་ཕྱེ་བ་ཡིན་ཏེ། གཉེན་པོ་སྦྱོར་མཐོང་སྒོམ་གསུམ་གྱི་སྐྱེ་ཚུལ་ལ། ཐོག་མར་གཟུང་བ་རང་བཞིན་མེད་པར་ངེས་པ་དང༌། དེ་ནས་འཛིན་པ་རང་བཞིན་མེད་པར་ངེས་པའི་བློ་སྐྱེ་བ་ནི། ཐོས་བསམ་གྱི་དུས་དང༌། སྒོམ་བྱུང་གི་ཐོག་མ་ངེས་འབྱེད་ཆ་བཞིའི་སྐྱེ་ཚུལ་ལས་དེ་ལྟར་ངེས་པའི་ཕྱིར་དང༌། སྐབས་ལྔ་པར་བཤད་པའི་གཟུང་རྟོག་ཇི་སྙེད་པ་རྣམ་བྱང་གཟུང་རྟོག་ཏུ་འདུས་ཀྱང༌། རྣམ་བྱང་ཉིད་ལ་འཇུག་ལྡོག་གཉིས་སུ་ཕྱེ་ནས་བཤད་པ་ནི། མདོ་ལས་སྐབས་དེའི་གདུལ་བྱའི་བསམ་པ་ལ་ལྟོས་ནས་གསལ་བའི་དབྱེ་བ་ཡིན་གྱི། གྲངས་ངེས་པ་ནི་མ་ཡིན་ནོ། །འཇུག་ལྡོག་གཉིས་ཀྱིས་མཚོན་ནས་ཀུན་ནས་ཉོན་མོངས་ཀྱི་རྟོག་པ་ཇི་སྙེད་པ་ཡང་རྩེ་སྦྱོར་གྱི་སྤང་བྱར་བཟུང་དགོས་ཏེ། གཞན་དུ་ན་རྩེ་སྦྱོར་གྱི་སྤང་བྱ་རྒྱ་ཆུངས་པའི་ཕྱིར་དང༌། སྐབས་དང་པོའི་དོན་གསལ་འདི་ཉིད་ལས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་པར་འབྱུང༌། ཞེས་འཆད་པས་སོ། །གསུམ་པ་གཉེན་པོའི་དབྱེ་བ་ནི། དེ་ལྟར་ཞེས་སོགས་ཏེ། འོག་ནས་སྒོམ་སྤང་རྟོག་པ་བཞིའི་གཉེན་པོ་ལ་གཞུང་རྩ་བ་ཉིད་ལས་བཞིར་ཕྱེ་བ་དེའི་རིགས་པ་འདིར་བསྒྲེས་པ་ཡིན་མོད། དངོས་བསྟན་ལ་ནི། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པ་ལས་གཉེན་པོ་གཞན་མ་བཤད་ལ། ལུས་རྣམ་གཞག་ཏུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་པས་མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་འཇུག་བཞིར་ཕྱེ་བ་ཡིན་ནམ། ཆོས་བཟོད་བཞིར་ཕྱེ་བ་ཡིན་ཞེས་བརྟགས་དགོས་ལ། དེའི་ཚེ་རྩ་བའི་དགོངས་པ་ཕྱི་མ་དང་ཉེ་བར་མངོན་ནོ། །འདིར་མཐོང་སྤང་རྟོག་པའི་བསྟན་ཚུལ་ལ། མདོ་ལས་གཉེན་པོ་དངོས་སུ་གསུངས་ནས་རྟོག་པ་སྦས་དོན་དུ་བཤད། བསྟན་བཅོས་སུ་ནི་རྟོག་པ་དངོས་སུ་བསྟན་ནས་དེའི་གཉེན་པོ་ཤུགས་ལ་གོ་དགོས་པར་བཤད། སྐབས་ལྔ་པའི་རྟོག་པ་ཐམས་ཅད་ཀྱི་ཡུལ་ཐེག་པ་ཆེ་ཆུང་གི་ལམ་ཁོ་ནའི་དབང་དུ་བྱས་པས་གཉེན་པོའི་རྟེན་ཅན་གྱི་རྟོག་པ་ཁོ་ནར་ངེས་ལ། དེ་ལྟར་འཆད་པ་དེ་ནི་མདོའི་བསྟན་ཚུལ་ལས་བྱུང་བ་ཡིན་ཞིང༌། དེ་ལྟར་ཤེས་པ་ན་སྐབས་དང་པོའི་གཉེན་པོ་ཚོགས་སྒྲུབ་དང་མཐོང་སྒོམ་རྩེ་སྦྱོར་གྱི་སྤང་བྱ་སྤོང་ཚུལ་གྱི་དབྱེ་བ་འཆད་པར་འགྱུར་བ་དང༌། དེའི་ཚེ་ན་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ལ་བཞིར་ཕྱེ་བ་དེ་རྫས་སམ་ལྡོག་པ་གང་གི་དབང་དུ་བྱས་ནས་ཕྱེ་ཞེས་དཔྱད་པ་ན། སྐབས་དང་པོའི་མཐོང་སྤང་རྟོག་པ་བཞི་དང་ཆོས་བཟོད་བཞི་སྤང་གཉེན་དུ་སྦྱོར་བ་ལས་འོས་མེད་ཅིང༌། དེ་ཡང་ངེས་པ་འདྲེན་ཚུལ་ལས་ཡིན་ཞེས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་སྤང་བྱ་དེ་སྤངས་པའི་འབྲས་བུ་ལ་བྱང་ཆུབ་ཆེན་པོའི་རྒྱུ་དང༌། འབྲས་བུ་བྱང་ཆུབ་ཆེན་པོ་དངོས་སོ། །དང་པོ་ལ། མཚམས་སྦྱར་བ་ནི། བྱང་ཆུབ་ཆེན་པོ་འགྲུབ་པར་བྱེད་པའི་ཉེ་བར་ལེན་པའི་རྒྱུ་མཐོང་བའི་ལམ་ལྷན་ཅིག་བྱེད་པའི་རྒྱུ་གང་དང་བཅས་པ་སོགས་སོ། །རྩ་བ་ནི། དེའི་ཚེ་དགེ་སློང་བརྒྱ་ཕྲག་དྲུག་ཅུ་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་མནྡ་ར་བ་དག་གིས་གཏོར་ནས། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་གནས་པ་འདིས་གནས་པར་གྱུར་ཅིག ཅེས་དང༌། ཀུན་དགའ་བོ་ལ་ཡུམ་གཏད་པ་དང༌། བྱང་ཆུབ་སེམས་དཔས་གཞན་ལ་ཤེར་ཕྱིན་བཤད་པ་བསོད་ནམས་མང་བའི་མདོ་ཚན་གསུམ་ཆོས་ཅན། བྱང་ཆུབ་ཆེན་པོའི་ལྷན་ཅིག་བྱེད་རྐྱེན་བཤད་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གསུམ་ལས། གཞན་བརྗོད་བྱ་རྟོགས་པའི་ཆོས་ལ་འགོད་པ་ནི། འཆད་པར་འགྱུར་བའི་སོགས་དང༌། རྒྱུ་ལུང་གི་ཆོས་ལ་འགོད་པ་ནི། བྱང་ཆུབ་ཀྱི་རྒྱུ་མཚན་སོགས་དང༌། རང་ཉིད་ཀྱང་བྱང་ཆུབ་ཀྱི་རྒྱུ་ལ་འཇུག་པ་ནི་བྱང་ཆུབ་འཐོབ་པའི་བར་ཆད་མེད་པ་སོགས་སོ། །གཉིས་པ་ལ་གསུམ་སྟེ། རང་ལུགས་ཀྱི་བྱང་ཆེན་ངོས་བཟུང༌། གཞན་ལུགས་ཀྱི་འདོད་ཚུལ་དགག གྲོལ་བ་འདོད་པ་སྟོང་ཉིད་ལ་འཇུག་པར་བསྟན་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། རང་གི་དོན་དུ་མཐོང་བའི་ལམ་སོགས་ཏེ། འདིར་མཐོང་ལམ་རྩེ་སྦྱོར་གྱི་སྐབས་ཡིན་པས་དེ་སྐད་ཅེས་བཤད་ཀྱི། བར་ཆད་མེད་པའི་ཉེར་ལེན་དངོས་ནི་སྒོམ་པའི་ལམ་མོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། ཆོས་གང་ཡང་ཟད་པ་མེད་པ་དང་སྐྱེ་བ་མེད་པ་ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། གཏན་ཚིགས་དགོད་པ་དང༌། དེ་སྒྲུབ་པ་གཉིས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ཚུལ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་སྐུ་ལ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ཅེས་པ་གནས་ཚུལ་གྱི་སྐུ་གསུམ་པོ་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དེ། དངོས་པོ་གང་ཡང་གནས་ཚུལ་ལ་འགག་པ་དང་སྐྱེ་བ་མེད་པའི་ཕྱིར་རམ། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ལ་ཐ་སྙད་གོ་རིམ་བཞིན་དུ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཞེས་མིང་དུ་བཏགས་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ལ། ལུང་དང་རིགས་པ་གཉིས་ལས། དང་པོ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་སྔར་སྐྱེས་ཟིན་འགགས་པ་དང༌། འགག་བཞིན་པ་དང༌། མ་སྐྱེས་པ་སྐྱེ་རུང་ཉིད་དུ་འཇིག་རྟེན་པ་དང་དངོས་པོར་སྨྲ་བས་བརྟགས་པའི་སྣང་བ་རྣམས་ནི་ཆོས་ཅན། གནས་ཚུལ་ལ་འགག་པ་མེད་པ་དང་སྐྱེ་བ་མེད་དེ། ཡེ་ཤེས་ཀྱི་ངོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལས་མ་འདས་པའི་ཕྱིར་ཏེ། ཡུམ་དང་དབུས་མཐའ་སོགས་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཕྱིར་རམ་ཞེས་པ་རྣམ་གྲངས་ཡང་ན། དེ་རྣམས་ཆོས་ཅན། ནམ་མཁའི་པད་མ་བཞིན་དུ་ཡོད་པ་མ་ཡིན་ཏེ། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་མའི་རིགས་པ་དང༌། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་སོགས་པའི་རིགས་པ་ལ་བརྟེན་པའི་ཚད་མས་དཔྱད་པ་ན་འཐད་པའི་དངོས་པོ་མེད་པས་སོ། །དེ་ལྟར་ལུང་རིགས་གཉིས་ལས་ལུང་གི་ཚེ་ནི་བྱམས་པའི་གཞུང་ལ་བརྟེན་པ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་གནས་ཚུལ་ལ་ཡོད་ཀྱི། དེ་ལས་གཞན་མེད་པས། དྲི་མ་སོགས་གཟུང་འཛིན་གྱི་དངོས་པོ་གང་ཡང་ཡོད་པ་མིན་པ་དེའི་ཕྱིར་སངས་རྒྱས་པའི་ཆོས་དབྱིངས་ཡེ་ཤེས་ཉིད་བྱང་ཆུབ་ཆེན་པོར་ཁས་ལེན་ནོ། །དེའི་ཚེ་ནམ་མཁའ་དཔེར་བྱས་པ་ནི་གཟུང་འཛིན་གཉིས་བཀག་པའི་ཆ་ནས་སམ། དོན་དམ་པའི་ནམ་མཁའ་ཉིད་ཆོས་དབྱིངས་ཡེ་ཤེས་སུ་བཞག་པའོ། །རིགས་པར་བཤད་པ་དེ་ནི་ཀླུ་སྒྲུབ་ཀྱི་གཞུང་བཞིན་ཏེ། དེའི་ཚེ་ཡོད་པ་ཞེས་བྱ་བའི་ཆོས་ཅི་ཡང་ཁས་མ་བླངས་ཤིང༌། ཆོས་ཀྱི་དབྱིངས་ཉིད་ཀྱང་མེད་པར་དགག་པ་ལས་མ་འདས་པས། ནམ་མཁའི་པདྨ་ཡང་མེད་པའི་དཔེ་སྟེ། དེའི་ཚེ་བྱང་ཆུབ་ཆེན་པོའི་མཚན་གཞི་བཟུང་དུ་མེད་མོད། བསམ་བྱུང་གི་རིགས་པའི་དཔྱད་པ་བོར་ནས་སྒོམ་པས་ཉམས་སུ་མྱོང་བའི་རྟོགས་པ་མཐར་ཐུག་པ་ལ་བྱང་ཆུབ་ཆེན་པོའི་ཐ་སྙད་བྱས་པ་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་སོ། །གཉིས་པ་ལ། ཕྱོགས་སྔ་མ་བཤད་པ་དང༌། དེ་འགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། དངོས་པོར་སྨྲ་བ་གང་དག་སྡུག་བསྔལ་དང་ཀུན་འབྱུང་གི་དངོས་པོ་གཉེན་པོས་འཇིག་པའི་བསམ་པས་སྔར་ཡོད་ཟད་པར་སྣང་བ་ལ་ཟད་དོ་སྙམ་པའི་ཤེས་པ་ནི་ཟད་པའི་ཤེས་པ་དོན་མཐུན་དང༌། སྡུག་ཀུན་གྱི་དངོས་པོ་གཉེན་པོས་སྐྱེ་འཕྲོ་བཅད་པའི་ཚུལ་དུ་མི་སྐྱེ་བ་ལ་མི་སྐྱེའོ་སྙམ་པའི་ཤེས་པ་ནི་མི་སྐྱེ་བའི་ཤེས་པ་དོན་མཐུན་ཡིན་ཞིང་སྒྲིབ་པ་སྔར་ཡོད་ཟད་པར་བྱར་ཡོད་པ་དང༌། སྔར་མེད་མི་སྐྱེ་བ་ཉིད་དུ་བྱར་ཡོད་པར་རྟོགས་པའི་མཁྱེན་པ་ནི་བྱང་ཆུབ་དངོས་དང༌། དེ་གང་ལ་བརྟེན་པ་ནི་དགྲ་བཅོམ་པའོ། །ཞེས་རྗོད་པར་བྱེད་དོ། །གཉིས་པ་ལ། རང་རྒྱུད་ཀྱི་གཏན་ཚིགས་དང༌། ཁས་བླངས་འགལ་བའི་གཏན་ཚིགས་སོ། །དང་པོ་ལ་མཚམས་སྦྱར་བ་ནི། བདེན་པ་གཉིས་ཀྱི་རྣམ་དབྱེ་མེད་པར་བྱང་ཆུབ་ཀྱི་ངོས་འཛིན་དེ་ལྟར་འདོད་པ་དེ་དག་ལ་ཆོས་ཅན། ཁྱོད་འདོད་པའི་ཤེས་པ་དེ་ལྟ་བུ་དེ་བྱང་ཆུབ་ཆེན་པོར་རུང་བ་མིན་ཏེ། དོན་དམ་པར་དྲི་མ་ཟད་པ་དང༌། སྐྱེ་རུང་མི་སྐྱེ་བ་ཞེས་བྱ་བ་ནི་མེད་པ་ཁོ་ནས་སོ་སྟེ། གང་གི་ཕྱིར་ན་གནས་ཚུལ་སེམས་པ་ལ་ཞུགས་པ་ན་དྲི་མ་ཉིད་མ་གྲུབ་པར་བཤད་ཟིན་པ་དེ་ལྟ་ཡིན་པ་དེའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་སོ། །རྩ་བ་ནི། འདི་ནས་གཞུང་ཚན་གསུམ་ལ་བཤད་བྱའི་མདོ་མ་བྱུང་མོད། དོན་ནི་སྐབས་བཞི་སྒོམ་ལམ་རྒྱས་བཤད་ཀྱི་མདོ་གསུངས་པ་རྣམས་དང་གཅིག་ལ། འགོག་པ་མེད་ཅེས་པ་ནི། འགྲེལ་པའི་འཆད་ལུགས་ལ་གོང་དུ་རྟགས་བསྒྲུབས་ཟིན་པ་ཉིད་དོ། །འགྲེལ་པ་ལ། གཏན་ཚིགས་དངོས་དང༌། དོན་བསྡུ་བའོ། །དང་པོ་ནི། སྡུག་ཀུན་གྱི་དངོས་པོ་ལ་བདེན་པ་ཅིག་ཆར་དུ་ཡང་ལོག་པར་ཞེན་པ་ཁྱེད་ཀྱིས། མཐོང་བའི་ལམ་ལ་སོགས་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་ལ་སོགས་པའི་ངོ་བོ་སྐྱེས་པ་ནི་ཅི་ཞིག་ཟད། མི་སྐྱེ་བའི་ཆོས་ཅན་མ་སྐྱེས་པ་ནི་ཅི་ཞིག་སྐྱེས་པ་སྟེ་སྐྱེ་རུང་དུ་ཡོད་པ་མ་ཡིན་ཏེ། དོན་དམ་པར་དྲི་མ་སྐྱེས་པ་ཟད་པ་དང༌། མ་སྐྱེས་པ་སྐྱེ་རུང་དག་སྐྱེ་བ་ལ་གེགས་བྱེད་པའི་མཚན་ཉིད་ཅན་གྱི་འགོག་པ་དང་བྲལ་བ་དེ་བཞིན་ཉིད་ཀྱི་ངོ་བོའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། དོན་དམ་པར་ཟད་སྐྱེ་ཅུང་ཟད་ཀྱང་མེད་པ་ཉིད་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་གི་གཞུང་ལུགས་ཁོ་ན་ཞེས་སོགས་སོ། །འདིར་དོན་དམ་པར་ཟད་སྐྱེ་ཁེགས་པ་དང༌། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་ངོར་ཟད་སྐྱེ་ཡོད་པ་དང༌། དབུ་མ་པས་སྔ་མ་རང་ལུགས་སུ་ཁས་བླངས་ནས་བྱིན་རླབས་འཇོག་པ་དང༌། དངོས་སྨྲ་བས་ཕྱི་མ་ཁས་བླངས་ནས་ཟད་སྐྱེ་འཇོག་ཚུལ་སོ་སོར་ཕྱེད་དགག་པ་དང༌། མཐའ་བྲལ་གྱི་ཚེ་ནི་མི་སྐྱེ་བ་ཡང་བཀག་མོད། གནས་སྐབས་སུ་ཟད་པ་བཀག་ཀྱང་མི་སྐྱེ་བ་མ་བཀག་པའི་ཚུལ་ཤེས་དགོས་སོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། སྒྲིབ་གཉིས་ཀྱི་ཆོས་ཡང་དག་པར་ཡོད་པར་ཁས་ལེན་ན་སོགས་ཏེ། སྒྲིབ་པ་གཉིས་ཀྱི་དངོས་པོ་ཆོས་ཅན། བཅོམ་ལྡན་འདས་ཀྱིས་མ་སྤངས་པར་ཐལ། བདེན་པར་གྲུབ་པའི་ཕྱིར་ཞེས་པའི་དོན་ཡིན་གྱི། ཆོས་དེ་བདེན་པར་གྲུབ་ན་དེ་ལ་བདེན་འཛིན་གྱི་རྟོག་པ་སྤོང་མི་ནུས་པར་ཐལ་བ་འཕེན་པ་ནི་བྱམས་ཆོས་ཀྱི་དགོངས་པར་མི་རུང་སྟེ། ཆོས་ཉིད་ཡོངས་གྲུབ་བདེན་པར་ཡོད་ཀྱང༌། དེ་ལ་བདེན་པར་ཞེན་པ་ནི་འཛིན་པ་ཀུན་བརྟགས་སུ་བཤད་ནས་སྤོང་བྱེད་ཀྱི་གཉེན་པོ་རྣམ་གྲངས་དུ་མས་བསྟན་པའི་ཕྱིར་དང༌། སློབ་དཔོན་ཟླ་བའི་གཞུང་གི་གནས་སྐབས་སུ་ཡང་དོན་དམ་པའི་བདེན་པ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་དང༌། དེ་ལ་བདེན་པར་འཛིན་པ་སྤང་དགོས་པ་ཉིད་དུ་གསུངས་པའི་ཕྱིར་དང༌། གནས་ཚུལ་ཡུལ་དུ་བྱེད་པའི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ལ་སྤང་བྱ་ཡིན་མིན་གྱི་ཁྱད་པར་བཤད་པ་དེ་མ་ཕྱེད་པས་ནོངས་པའི་ཕྱིར། གལ་ཏེ་འོ་ན་སྲིད་ཞི་མཉམ་ཉིད་ཀྱི་འགྲེལ་པར། དངོས་པོར་སྨྲ་བའི་ལུགས་ཀྱི་སྤོང་བྱེད་གཉེན་པོས་སྤང་བྱ་ཅི་ཡང་སྤོང་དུ་མེད་པ་དེ་དོན་དམ་གྱི་རྣམ་གཞག་དང༌། ཀུན་རྫོབ་ཏུ་རྒྱུན་ལ་ཡོད་པ་དེ་དཔེར་བྱས་ནས་དབུ་མ་པའི་རང་ལུགས་འཇོག་པ་མིན་ནམ། འདིར་དངོས་སྨྲ་བས་དོན་དམ་དུ་ཡང་དྲི་མ་ཟད་སྐྱེ་ཁས་བླངས་པ་དེ་ཕྱོགས་སྔར་བཞག་པ་སུན་འབྱིན་པ་དེ་ཇི་ལྟ་བུ་ཞེ་ན། དངོས་སྨྲ་བས་ཤེས་པ་སྐད་ཅིག་ཆ་མེད་བདེན་གྲུབ་ཏུ་ཁས་བླངས་ནས། སྐད་ཅིག་དེའི་སྟེང་དུ་སྤང་གཉེན་གྱི་བྱ་བྱེད་མི་རྫོགས་ཀྱང༌། རྒྱུན་ལ་ལྟོས་ནས་རྫོགས་པར་འདོད་པ་དེ་དབུ་མ་པས་ཀྱང་གཞན་གྲགས་ཀྱི་དཔེར་མཛད་ལ། འདིར་ནི་དྲི་མ་སྐད་ཅིག་ཆ་མེད་དེ་བདེན་པར་གྲུབ་ན་སྤོང་མི་ནུས་པར་ཐལ་བ་འཕངས་སོ། །དེ་ལ་དངོས་སྨྲ་བས་འདོད་ནུས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། སྐད་ཅིག་རེ་རེ་ནས་སྤོང་མི་ནུས་ན་དེ་ལས་མ་གཏོགས་པའི་དྲི་མ་མེད་དོ། །དེ་ཉིད་རང་ལའང་མཚུངས་སོ་ཞེ་ན་མིན་ཏེ། རང་གིས་ནི་དྲི་མ་མི་སྤོང་བ་དོན་དམ་དང༌། སྤོང་བ་འཁྲུལ་ངོ་ཉིད་དུ་ཁས་ལེན་པས་སོ། །འགྲེལ་པ་ལ་གསུམ་སྟེ། དངོས་སྨྲ་བ་ལ་དྲི་མ་སྤོང་ཚུལ་མི་འཐད་པ། དབུ་མ་པ་ལ་འཐད་པ། རྩ་བའི་ཚིག་དོན་དངོས་བཤད་པའོ། །དང་པོ་ནི། གལ་ཏེ་དངོས་པོ་དོན་དམ་དུ་མེད་པ་ལྟར་ཡིན་ཏེ། སྐད་ཅིག་མའི་ཆོས་ཤེས་ཙམ་དང༌། གཟུགས་སོགས་ཤེས་བྱའི་མཚན་ཉིད་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན། དེའི་ཚེ་མངོན་པར་ཞེན་པའི་དྲི་མ་དེ་དག་ལ། གཉེན་པོ་བསྒོམས་པས་ནམ་མཁའ་བཞིན་དུ་གནོད་པ་ཅུང་ཟད་ཀྱང་མི་བྱེད་པ་ཐལ། སྤོང་བྱེད་ཀྱི་གཉེན་པོ་བསྐྱེད་དུ་མེད་པ་རང་དུས་སུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་དཔེར་ན་ནམ་མཁའ་སོགས་བཅས་ཀྱི་རྫས་མེད་པ་ཙམ་གྱི་ངོ་བོ་དུས་ཐམས་ཅད་དུ་འཛིན་པས་རྫས་མེད་པའི་ཙམ་གྱི་ངོ་བོ་འདོད་དུ་མེད་པ་བཞིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར་དངོས་པོར་མངོན་པར་ཞེན་པའི་ཕྱིན་ཅི་ལོག་མི་ལྡོག་པར་ཐལ། འདོད་ན་སྒྲིབ་པ་གཉིས་ཟད་པ་མི་རུང་བར་འགྱུར་རོ། །གཉིས་པ་ལ། རྣལ་འབྱོར་གྱི་ས་བཞི་སྟེ། གང་ཟག་གི་བདག་མེད་རྟོགས་པའི་དང༌། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་དང༌། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་དང༌། སྤྲོས་པའི་མཐའ་གང་ཡང་མ་རྟོགས་པའི་རྣལ་འབྱོར་གྱི་སའོ། །དང་པོ་ལ་གསུམ་སྟེ། བསམ་བྱུང་གི་རིགས་པ། སྒོམ་བྱུང་གི་རྣལ་འབྱོར། བསྒོམས་པའི་འབྲས་བུའོ། །དང་པོ་ནི། རྣལ་འབྱོར་གྱི་ས་བཞི་འཆད་དགོས་པ་དེ་ལ། ཐོག་མར་གང་ཟག་གི་བདག་ནི་ཆོས་ཅན། དངོས་པོར་མེད་དེ། སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་སྙམ་དུ་སེམས་པར་བྱེད་དོ། །གཉིས་པ་ནི་དེ་ལྟར་སེམས་པ་སྔོན་དུ་བཏང་ནས་བདག་དེས་དབེན་པའི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་དང་འཇིག་པའི་ཆོས་ཅན་ལ་ཡང་དག་པར་དམིགས་ཏེ། དངོས་གཞིའི་དུས་སུ་བསྒོམས་པས་གོམས་པའི་སྟོབས་གྲུབ་པ་ན་ཞེས་པའོ། །གསུམ་པ་ནི། བདག་ཏུ་མངོན་པར་ཞེན་པ་ཡོངས་སུ་བོར་ནས་ཞེས་པའོ། །འདིར་གང་ཟག་གམ་བདག་ཅེས་བྱ་བའི་སྒྲ་འཇུག་པ་ནི་གཉིས་ཏེ། བྱིས་པ་ལ་གྲགས་པ་ཀུན་རྫོབ་པའི་དང༌། འཕགས་པ་ལ་གྲགས་པ་དོན་དམ་པའི་བདག་གོ །དང་པོ་ལ་གཉིས་ཏེ། གྲུབ་མཐས་བློ་མ་བསྒྱུར་བའི་དང༌། གྲུབ་མཐས་བཏགས་པའི་འོ། །དང་པོ་ནི། འཇིག་རྟེན་གྱི་བློ་ལྷན་སྐྱེས་ལ་མཐུན་པར་བདག་ཏུ་སྣང་བ་ལ་དེར་སྒྲོ་བཏགས་པའོ། །གཉིས་པ་ནི། འཇིག་རྟེན་ན་གྲགས་པ་དེ་ཉིད་ལ་གྲུབ་པའི་མཐའ་ཟ་བ་པོ་དང་རྟག་གཅིག་རང་དབང་ཅན་ལ་སོགས་པར་སྒྲོ་བཏགས་པའོ། །འཇིག་རྟེན་གྱི་ཐ་སྙད་ལྷན་སྐྱེས་དབང་བཙན་པར་བྱེད་པའི་ཚེ་སྔ་མ་དེ་དོན་དམ་པའི་བདེན་པ་དང་མི་སླུ་བར་འཇོག་ལ། ཕྱི་མ་དེ་ནི་འཇིག་རྟེན་ནམ་གྲགས་པས་ལུགས་དེ་ལ་ཀུན་རྫོབ་དང༌། ཡོད་པ་མིན་པ་ཉིད་དོ། །སངས་རྒྱས་པའི་གྲུབ་མཐའ་དང་པོ་གསུམ་གྱི་རྣམ་གཞག་ལ་ནི་འཇིག་རྟེན་ལ་གྲགས་པའི་བདག་དེ་ཀུན་རྫོབ་ཀྱི་བདེན་པ་དང་ཡོད་པ་མིན་པར་འཇོག་ལ། བདག་དེས་སྟོང་པའི་ཆ་མེད་ཀྱི་དངོས་ལ་ནི་དོན་དམ་པའི་བདེན་པ་དང་དོན་དམ་པར་དོན་བྱེད་ནུས་པ་ཉིད་དུ་འཇོག་པས་ན་མེད་པར་དགག་པ་ཉིད་དུ་མི་འདོད་དོ། །གཉིས་པ་ནི། ཀུན་རྫོབ་པའི་བདག་དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་གདོད་མའི་ཡེ་ཤེས་ཏེ་འདི་ལ་དོན་དམ་པའི་བདག་ཅེས་བྱ་ཞིང༌། ཀུན་རྫོབ་པའི་བདག་ཏུ་མ་ཟད། དེའི་འཛིན་པ་ལ་ཡང་ཀུན་རྫོབ་ཀྱི་བདེན་པ་དང་ཡོད་པ་མ་ཡིན་པར་འཇོག་གོ །འདོད་པ་འདི་ནི་ངོ་བོ་ཉིད་མེད་པ་པ་གཉིས་མ་གཏོགས་པའི་རྣམ་རྫུན་པ་སོགས་རྣལ་འབྱོར་སྤྱོད་པ་པའི་དབུ་མ་པ་མཐའ་དག་རྒྱུད་སྡེ་ལ་གྲགས་པ་སྟེ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ཡན་ཆད་ཀྱི་ལམ་ལ་བརྟེན་ནས་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པར་བྱེད་ནུས་ཤིང༌། བདག་དམ་པ་འདི་ལ་ནི་རྒྱུའི་རྒྱུད་དང༌། ལམ་སྒྲུབ་པ་པོ་དང༌། སྙིང་པོ་དང༌། ཀུན་གཞིའི་ཕྱོགས་གཅིག་ཏུ་འདོད་པས་སོ། །གཉིས་པ་ལ་གསུམ་ལས། བསམ་བྱུང་གི་རིགས་པ་ནི། སྔོན་པོ་དང་སོགས་ནས། ཡིད་ལ་བྱེད་ཅེས་བྱ་བའི་བར་ཏེ། སྔོན་པོ་དང་དེའི་བློ་ནི་མཚོན་པ་ཙམ་ཡིན་གྱི། རྒྱས་པར་ན་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ལ་གང་དང་ཅི་སྣང་བ་དེ་ཐམས་ཅད་སྣང་མཁན་གྱི་ཤེས་པ་དེའི་ངོ་བོར་གནས་པ་ཡིན་གྱི། དེ་ལས་ལོགས་ན་སྣང་བ་ལྟར་ཡོད་པ་མིན་ཏེ། སྣང་བ་དེ་དང་དེར་སྣང་གི་ཤེས་པ་གཉིས་པོ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་དང་དངོས་པོར་མེད་པའི་ཆོས་ལ་དེ་ལྟར་རིགས་སུ་ཆུག་ཀྱང༌། སེམས་ཅན་གཞན་གྱི་ཤེས་རྒྱུད་དུ་སྣང་བ་དང༌། སེམས་ཅན་ལ་སངས་རྒྱས་སུ་སྣང་བ་དང༌། སངས་རྒྱས་ལ་དེར་སྣང་བ་སོགས་ལ་ཧ་ཅང་ཐལ་བ་མ་ཡིན་ནམ་ཞེ་ན། སེམས་ཅན་ལ་དེར་སྣང་བ་ལ་ནི་སེམས་ཅན་ཉིད་ཀྱི་ཤེས་རྒྱུད་ཀྱིས་བསྡུས་པས་ན་ཀུན་རྫོབ་པའི་སྐུར་འཇོག་པའི་ཕྱིར་ཧ་ཅང་ཐལ་བ་མེད་ལ། སངས་རྒྱས་ལ་ནི་མ་དག་པའི་སྣང་བ་མི་འཆར་རོ། །གང་ཟག་གཞན་དང་དེའི་ཤེས་རྒྱུད་དུ་སྣང་བའི་ཚེ་སྣང་ཆ་དེ་རང་གི་སེམས་ཉིད་ཡིན་པས་དེ་ལ་ལྟོས་ནས་སྣང་མཁན་གྱི་བློ་རང་རིག་པ་ཉིད་དང༌། ཐ་སྙད་དུ་རྒྱུད་གཞན་གྲུབ་པར་དབྱིག་གཉེན་ཞབས་ཀྱིས་བཤད་པ་དེའི་ཚེ་ཐ་སྙད་ཀྱི་རྣམ་བཞག་འཇོག་ལུགས་ལ་ནི་ཤེས་རྒྱུད་ཐ་དད་ཀྱི་སྒྲིབ་པས་སོ་སོར་བཅད་པའི་ཚེ་ནི་རྒྱུད་གཞན་དང་གཞན་དུ་གྲུབ་པར་ཁས་ལེན་པ་སེམས་ཙམ་པ་རང་གི་ལུགས་དང༌། དེ་ལས་གྲུབ་མཐའ་ན་འཕོས་ནས་གཟུང་འཛིན་གཉིས་ཡོད་པ་མ་ཡིན་པར་ཁས་ལེན་པ་དེའི་ཚེ་ན་རྒྱུད་སོ་སོར་གཅོད་བྱེད་ཀྱི་སྒྲིབ་པ་ཉིད་ཀྱང་ཡོད་པ་མ་ཡིན་པས་རང་བཞིན་གྱིས་རྣམ་པར་དག་པའི་གཞི་དུས་ཀྱི་ཡེ་ཤེས་ཇི་སྙེད་པ་ལ་དབྱེ་བ་མེད་ཅིང༌། དེ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དབྱེ་བ་མེད་པས་ཡུལ་ཅན་ལས་རྫས་ཐ་དད་པའི་ཡུལ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་འདི་ནི་རྣམ་བརྫུན་པ་ཡན་ཆོད་ལ་གྲགས་པའི་གྲུབ་པའི་མཐའ་སྟེ། གཙོ་བོར་ནི་སྔགས་ཀྱི་ལམ་དུ་ཞུགས་པ་དག་གིས་བཤད་པ་འདི་གཟུང་བར་བྱའོ། །གཉིས་པ་སྒོམ་བྱུང་གི་རྣལ་འབྱོར་ནི། སྦྱོར་བའི་དུས་སུ་བསམ་བྱུང་གི་རིགས་པ་དེ་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་གོམས་བྱེད་ཀྱི་ཡན་ལག་རྣམ་པ་དང་མ་བྲལ་བར་བསྒོམ་པས། བསྒོམས་པའི་སྟོབས་གྲུབ་པ་ན་ཞེས་ཁ་བསྐང་བར་བྱའོ། །གསུམ་པ་ནི། འཛིན་པའི་རྣམ་པ་ཅན་གྱི་ཞེས་སོགས་ཏེ། ལྟ་སྒོམ་འདི་ནི་བྱང་ཆུབ་ཀྱི་སེམས་དང་ཟུང་དུ་འབྲེལ་ན་བྱང་སེམས་ཀྱི་ངེས་འབྱེད་བཟོད་པ་ཚུན་ཆད་དུ་བགྲོད་པར་ནུས་ལ། མ་འབྲེལ་ན་ཡང་རང་སངས་རྒྱས་ཀྱི་སྤངས་རྟོགས་མཐར་ཕྱིན་པར་བྱེད་ནུས་སོ། །གསུམ་པ་ལ་གསུམ་ལས། བསམ་བྱུང་གི་རིགས་པ་ནི་གཟུང་བ་མེད་ན་སོགས་ནས། སེམས་པས་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཉིད་དོ་སྙམ་དུ་ངེས་པར་བྱས་ནས་ཞེས་སྦྲེལ་བ་དེ་ཉིད་དོ། །གཉིས་པ་ནི། སྦྱོར་བའི་དུས་སུ་བསམ་བྱུང་གི་རིགས་པ་དེ་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་བསྒོམས་པས་བསྒོམས་པའི་སྟོབས་གྲུབ་པ་ན་ཞེས་ཁ་བསྐང་ངོ༌། །གསུམ་པ་ནི་འཛིན་པའི་རྣམ་པའི་མཚན་ཉིད་ཅེས་སོགས་ཏེ། འཛིན་པ་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་དང༌། དེ་རྟོགས་བྱེད་ཀྱི་རིགས་པ་ལ་ནི་འདི་ལས་ལྷག་པ་གཞན་དགོས་པ་མ་ཡིན་ཏེ། གཟུང་འཛིན་གཉིས་ཀྱི་ཟླས་ཕྱེ་བའི་འཛིན་པ་འདིར་མ་འདུས་པའི་ཆོས་ཀྱི་བདག་འཛིན་གྱི་མཚན་གཞི་གཟུང་དུ་མེད་པའི་ཕྱིར་དང༌། བྱམས་ཆོས་རྗེས་འབྲང་དང་བཅས་པ་ནས་བཤད་པའི་རིགས་པ་འདིས་མི་ཁེགས་པའི་བདག་འཛིན་དེའི་མཚན་གཞི་མེད་པའི་ཕྱིར་རོ། །གལ་ཏེ་དེར་གཉིས་མེད་དུ་བསྒྲུབ་པའི་རིགས་པ་མ་བསྟན་པས་ལྷག་མ་ལུས་སོ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་དེ་ནི་ལུང་རིགས་ཀྱིས་འགོག་མི་ནུས་ལ། དེ་ལ་མཚན་མར་འཛིན་པ་ནི་ཁྱབ་བྱེད་འཛིན་པ་ཀུན་བརྟགས་བཀག་པས་ཁེགས་པའི་ཕྱིར། དེ་འགོག་བྱེད་ཀྱི་རིགས་པ་ཡང་འདིར་བཤད་པ་ནི་བྱམས་པའི་ཆོས་ཉིད་ནས་འབྱུང་བ་ཡིན་ལ། རྣམ་འགྲེལ་མཛད་པས་ནི། དེ་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་སོགས་དང༌། །གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་གསུངས་པ་བཞིན་ནོ། །གཞན་དག་རྣལ་འབྱོར་གྱི་ས་བར་པ་འདི་གཉིས་སོ་སོར་མི་དབྱེ་བར། གཉིས་པོ་མཉམ་རྗེས་ཀྱི་ཡིད་ལ་བྱེད་ཚུལ་ཙམ་དུ་བཤད་ནས་རྣམ་པར་རིག་པ་ཙམ་དུ་སྨྲ་བ་མཐའ་དག་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་བའི་མེད་པར་དགག་པ་དེ་ལས་ལོགས་སུ་གྱུར་པའི་དོན་དམ་བདེན་པ་དང༌། རྣལ་འབྱོར་གྱིས་ཐ་དད་དུ་གཞན་དག་གིས་འདོད་པ་འདི་གཉིས་ཀས་རང་རྒྱལ་གྱི་ལྟ་བ་ལས་གོང་དུ་གྱུར་པའི་ལྟ་བ་གཅིག་ཀྱང་མེད་དོ་ཞེས་ཟེར་བ་དེ་དག་གིས་ནི་བྱམས་པའི་གཞུང་མཐའ་དག་ནས་བཤད་པའི་སྤང་བྱ་གཟུང་འཛིན་གྱི་རྟོག་པ་བཞི་དང༌། དེ་སྤོང་བྱེད་ཀྱི་གཉེན་པོའི་རིམ་པ་དང༌། བྱམས་ཆོས་ཕྱི་མ་བཞི་ཅར་ལས་དབུ་མ་དང་སེམས་ཙམ་གྱི་ལྟ་བའི་འཇོག་ལུགས་གཉིས་བྱུང་བ་དེ་རྩ་བ་ནས་སུན་ཕྱུང་བ་དང༌། བྱམས་ཆོས་ཕྱི་མ་པ་དག་ལ་གཟུང་བ་ཆོས་ཀྱི་བདག་མེད་ཅེས་བྱ་བ་བདག་མེད་གོ་ཆོད་པོ་མ་ཡིན་པ་དེ་ཙམ་ལས་གཞན་པའི་ལྟ་བའི་རྟོགས་བྱ་མེད་པར་ཁས་བླངས་ནས་ལུགས་དེའི་ས་ལམ་གྱི་རྣམ་པར་བཞག་པ་མཐའ་དག་ལ་སྐུར་པ་བཏབ་པས། ཇི་སྐད་དུ། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་སོགས་ཀྱི་སྐབས་ནས་འབྱུང་བའི་ཉེས་པར་འགྱུར་གྱིས་དོགས་པས་བག་ཡོད་པར་བྱའོ། །བཞི་པ་སྤྲོས་པ་དང་བྲལ་བའི་རྣལ་འབྱོར་གྱི་ས་ལ་གསུམ་ལས། བསམ་བྱུང་གི་རིགས་པ་ནི། དེ་ཡང་ནས། སྙམ་དུའི་བར་དེ་གཉིས་མེད་ཀྱི་ཡེ་ཤེས་རང་ལྡོག་ནས་ངོ་བོ་ཉིད་མེད་པར་བསྒྲུབ་པ་འདི་ནི་དབུ་མ་ངོ་བོ་ཉིད་མེད་པ་པའི་ལུགས་གཞིར་བཞག་པ་ཡིན་ལ། དེ་ཡང་གཏན་ཚིགས་དགོད་པ་འདི་ནི་ཐོས་བྱུང་གི་ཚེ་དང༌། ཡང་དག་པར་ན་སོགས་ནི་བསམ་བྱུང་དངོས་ཀྱི་ཤེས་རབ་འཆད་བྱེད་ཡིན་པས་འདི་སྒོམ་བྱུང་གི་རྣལ་འབྱོར་ལ་སྦྱར་ན་སྒོམ་ལམ་མཉམ་གཞག་གི་ངོ་བོ་རྟོག་པར་འདོད་པའི་ལུགས་དང་འདྲེས་སོ། །གཏན་ཚིགས་ཀྱི་དོན་ནི། གྲུབ་མཐའ་འོག་མ་གསུམ་གྱི་རྟེན་འབྲེལ་དང་དོན་མི་འདྲ་བས་ན་ངོ་བོ་ཉིད་མེད་པ་པས་ལྟོས་གྲུབ་ལ་འཆད་ལ། དེའི་དོན་སྟོང་ཉིད་ལ་བཤད་པས་གདོད་མ་ནས་མ་གྲུབ་པ་ཉིད་ཀྱི་དོན་ཏོ། །དེའི་ཚེ་དངོས་པོར་མ་གྲུབ་ན་དངོས་མེད་དུ་ཡང་གྲུབ་པ་མི་སྲིད་ཅིང༌། གཉིས་ཡིན་མི་སྲིད་ན་གཉིས་མ་ཡིན་ཉིད་ཀྱང་མི་འབྱུང་བས་བསམ་བྱུང་དངོས་ཀྱི་རིགས་པ་དེ་གནས་ཚུལ་ལ་ཞགས་པའོ། །ངོ་བོ་ཉིད་མེད་པ་པའི་རིགས་པ་འདི་ལ་མ་བརྟེན་པར་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་མི་ཁེགས་པ་ནི་བཟང་པོའི་ཞབས་ཀྱི་བཞེད་པ་སྟེ། འགྲེལ་པ་ཆེ་ཆུང་གཉིས་ཀ་ལས་བདག་མེད་དང་པོ་གསུམ་པོའི་སྒྲུབ་བྱེད་དང༌། དགག་བྱ་འགོག་ཚུལ་རྣལ་འབྱོར་སྤྱོད་པ་ཕན་ཆོད་ཐད་སོར་བཞག་ནས། ཡེ་ཤེས་འདི་ངོ་བོ་ཉིད་མེད་པར་སྒྲུབ་བྱེད་ཀྱི་རིགས་པ་ཙམ་ཞིག་བཤད་པས་སོ། །དེ་ལྟ་མོད་ཀྱི་རྣལ་འབྱོར་སྤྱོད་པའི་གཞུང་དུ་ཡེ་ཤེས་དེ་ལ་མཚན་འཛིན་འགོག་བྱེད་ཀྱི་རིགས་པ་མ་བཤད་པའམ་བཤད་པ་དེས་མི་ཁེགས་པ་ནི་མིན་ཏེ། ཡེ་ཤེས་དེ་གཉིས་སྟོང་དུ་གཏན་ལ་ཕབ་པའི་ཕྱིར། གཉིས་པ། སྒོམ་བྱུང་གི་རྣལ་འབྱོར་ལ་ངོ་བོ་ངོས་བཟུང༌། དེ་ལ་ཡུལ་སྣང་ཚུལ་གྱི་ཁྱད་པར། དེར་སྣང་གི་བློ་རང་རིག་ཏུ་བསྟན་པ། སྒོམ་ཁྱད་པར་གསུམ་ལྡན་དེ་དུས་ནམ་གྱི་ཚེ་སྐྱེས་པའོ། །དང་པོ་ནི། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་པ་དང༌། གཉིས་པ་ནི། ཁ་ཅིག་ནས། སྤངས་པའི་བར་དང༌། གསུམ་པ་ནི། རྣམ་པར་མི་རྟོག་པ་སོ་སོར་རང་གིས་རིག་པར་བྱ་བ་ཞེས་དང༌། བཞི་པ་ནི། བསྒོམས་པས་བསྒོམས་པའི་སྟོབས་གྲུབ་པ་ཅི་ཞིག་ལྟར་ཡང་དག་པར་སྐྱེས་ན་ཞེས་དང༌། གསུམ་པ་འབྲས་བུ་ནི་རྣལ་འབྱོར་པས་སོགས་སོ། །འདིར་བསམ་བྱུང་གི་ཤེས་རབ་ཏུ་བཤད་པ་དེས་རྣམ་པར་དཔྱད་པའི་ཆོས་མེད་པར་དགག་པ་དེ་ཉིད་སྒོམ་བྱུང་གིས་རྟོགས་བྱར་བྱས་པ་མ་ཡིན་ཏེ། སོ་སོར་རང་གིས་རིག་པར་བྱ་བ་ཞེས་པའི་ལུང་ལས་དང༌། དེ་འདྲ་དེ་ཡུལ་དུ་བྱེད་ན་རྟོག་པར་ཐལ་བའི་རིག་པ་ལས་སོ། །གཞན་དག་བསམ་བྱུང་གི་རིགས་པས་སྟོང་ཉིད་དཔྱད་ནས། སྒོམ་བྱུང་གིས་མི་རྟོག་པ་འབའ་ཞིག་བསྒོམ་ན། བཤེས་གཉེན་པོ་ཏོ་བའི་གསུང་གིས། དེ་ལྟ་ན་ནི་འབྲེལ་མེད་ཏིང་འཛིན་ལོགས་སུ་བསྒོམ་ཕྱིར་གཉེན་པོར་མི་འགྱུར། །ཞེས་དང༌། རྟ་དཀྱུ་ས་དང་རྒྱུག་ས་གཞན་དུ་བྱས་པའི་དཔེ་དོན་གྱི་ཉེས་པ་དེར་འགྱུར་བ་མ་ཡིན་ནམ་ཞེ་ན། ངོ་བོ་ཉིད་མེད་པ་པ་གཞན་གྱི་ལུགས་ལ་ཇི་ལྟར་ཡིན་ཡང༌། སློབ་དཔོན་འདིའི་ལུགས་ལ་ཉེས་པར་མི་འགྱུར་བ་ནི་གཞུང་རྩ་བར་སྐྱེ་མེད་གསུམ་ཐོས་བསམ་གྱིས་རྣམ་པར་དཔྱད་ནས་ཤེས་རྣམ་བསྒོམ་བྱར་བཤད་པའི་ལུང་ལས་དང༌། ཐོས་བསམ་གྱི་ཚེ་རིགས་པས་དཔྱོད་ལ། སྒོམ་བྱུང་གི་ཚེ་མི་དཔྱོད་པར་ལྷུན་གྲུབ་ཏུ་འཇོག་པའི་རིགས་པ་ལས་སོ། །ལེགས་ལྡན་འབྱེད་ཀྱིས་ཐོགས་མེད་སྐུ་མཆེད་མཉམ་གཞག་ཡེ་ཤེས་རང་རིག་ཏུ་འདོད་པ་ལ་ཉེས་པ་བརྗོད་པར་མཛད་མོད་ཀྱང༌། བྱམས་པའི་ཆོས་དང་རྒྱུད་སྡེའི་གཞུང་ལ་ཉེས་པ་དེ་འཇུག་ན་ཧ་ཅང་ཐལ་བས་ལུགས་སོ་སོར་འཆད་དགོས་སོ། །ཡུལ་སྣང་ཚུལ་གྱི་ཁྱད་པར་འདི་ནི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྟེན་འབྲེལ་སྣ་ཚོགས་སུ་ཤར་བ་སྟེ། ཡང་དག་པ་ཡིན་པའི་ཀུན་ཏུ་རྟོག་པ་ལ་སྣང་ཚུལ་དང་དོན་མི་གཅིག་པ་ནི། འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་ཞེས་པ་ལས་ཤེས་ཤིང༌། གཞན་དག་མི་རྟོག་ཡེ་ཤེས་ཀྱིས་ཀུན་རྫོབ་བདེན་པ་སྣང་ཡུལ་དུ་བྱེད་པར་ཐལ་བའི་ཉེས་པ་བརྗོད་པ་ཡང་མི་འཇུག་སྟེ། སྣང་བ་འདི་ནི་ཡེ་ཤེས་ཀྱི་དབང་ལས་སྣང་བ་ཡིན་གྱི། མ་རིག་པའི་དབང་གིས་སྣང་བ་མ་ཡིན་པའི་ཕྱིར། ཡེ་ཤེས་སྙིང་པོའི་ལུང་གིས། འདི་ལོག་པའི་ཀུན་རྫོབ་ཏུ་ཡང་འཆད་མི་ནུས་ཏེ། ལུང་དེ་ལས་ནི་ཡང་དག་མིན་རྟོག་ལ་སྣང་བ་ལྟར་དོན་བྱེད་ནུས་མི་ནུས་ལས་ཡང་ལོག་གི་ཀུན་རྫོབ་ཏུ་བཤད་ཀྱི། འདི་ནི་ཡེ་ཤེས་ལ་སྣང་བ་ལྟར་ཡེ་ཤེས་དེའི་བདག་ཉིད་དུ་དོན་བྱེད་ནུས་པའི་ཕྱིར། ཡེ་ཤེས་ཉིད་ཀུན་རྫོབ་ཀྱི་བདེན་པའོ་ཞེ་ན། རིགས་ངོར་རྣམ་པར་དཔྱད་པའི་དཔུང་མི་བོར་པས་ཀུན་རྫོབ་ཏུ་བཤད་ནུས་ཀྱང༌། གནས་ཚུལ་ལ་སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར། ཇི་སྐད་དུ། བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །ཞེས་སོགས་ཀྱིས་བསྟན་པ་དེ་དང་དོན་གཅིག་པས་རིགས་ངོར་མ་གྲུབ་པས་གནས་ཚུལ་ལ་ཡང་མ་གྲུབ་པའི་གོ་ཆོད་པ་དང༌། དེར་མ་གྲུབ་ཀྱང་མཉམ་གཞག་གི་ངོར་གྲུབ་པས་གྲུབ་པའི་གོ་ཆོད་པར་འདོད་པ་འདི་ནི་མདོ་སྡེ་དང་གྲགས་སྡེ་སྤྱོད་པའི་དབུ་མ་པ་གཉིས་ཀྱི་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པའི་སྲོལ་སོ་སོ་བ་དག་གོ །འདིར་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་འཐད་པ་དང་ལྡན་པ་དེ་ལྟ་ན། ཇི་སྐད་དུ། དེས་བྱས་བྱས་པ་མིན་མཐོང་ནས། །ཞེས་དང༌། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་སོགས་དང་མི་འགལ་ལམ། །ཞེ་ན། དེའི་དོན་ནི། སྒོམ་བྱུང་གི་ཉམས་མྱོང་མ་མཐུན་པ་ལ་ཟེར་བ་མ་ཡིན་གྱི། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་དང༌། བདེན་པ་གཉིས་ལ་འཇུག་པའི་ཚུལ་མ་མཐུན་པ་ལས་ཡིན་ཏེ། ལུང་སྔ་མ་དེར་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ངོ་བོ་ཉིད་མེད་པ་པའི་གཞུང་ལྟར་མ་བྱུང་བ་དང༌། བདེན་པ་གཉིས་ཀྱི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལ་རིགས་པས་དཔྱད་ནས་ཕྱི་རོལ་གྱི་དོན་མེད་ལ་དོན་སྣང་གི་ཤེས་པ་ཡོད་པ་དང༌། རིགས་པས་དཔྱད་པའི་ངོར་ཡང་ཀུན་བརྟགས་མེད་ལ་ཡོངས་གྲུབ་ཡོད་པའི་ཚུལ་བཤད་པ་རྣམས་ལ་དགོངས་ནས། རང་གི་མོས་པ་གཙོར་བྱེད་པས། ཞེས་དང༌། དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་གསུངས་པ་ཡིན་ནོ། །མཉམ་གཞག་ལ་ཡུལ་སྣང་ཚུལ་གྱི་ཁྱད་པར་འདི་ནི། ཇི་སྐད་དུ། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་དང་དོན་གཅིག་པར་མ་ཤེས་པ་ན། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་པས་མཉམ་གཞག་སྣང་བཅས་སུ་བསྟན་པར་བཤད་པ་ལ་མ་དག་པའི་སྣང་བ་ཤར་བར་བསམས་ནས་རྩོད་པ་དག་བྱུང་ངོ༌། །གཉིས་པ་རྩ་བའི་ཚིག་དོན་དངོས་ལ། དངོས་དང༌། དོན་བསྔོ་བའོ། །དང་པོ་ནི། ཉན་ཐོས་སྡེ་པའི་གཞུང་སྨྲ་བ་གང་དག སྐད་ཅིག་མ་གཅིག་ཏུ་གྱུར་པའི་ཆོས་བདེན་པར་གྲུབ་པ་ཤེས་པ་ཙམ་གྱི་ངོ་བོ་སྟེ་འཛིན་པའི་སྐད་ཅིག་མ་དང༌། དེས་ཡུལ་དུ་བྱས་པའི་ཤེས་བྱའི་མཚན་ཉིད་སྐད་ཅིག་མ་རྣམས་གལ་ཏེ་དོན་དམ་པར་ཡོད་པ་ཉིད་དུ་གྱུར་ན། དེའི་ཚེ་ཉོན་མོངས་པ་དང་མངོན་པར་ཞེན་པའི་དྲི་མ་དེ་དག་ལ་ཆོས་ཅན། གཉེན་པོ་བསྒོམ་པས་གནོད་པ་ཅུང་ཟད་ཀྱང་མི་བྱེད་པར་ཐལ། བདེན་པར་གྲུབ་པའི་ཕྱིར། ཁྱབ་སྟེ། སྤོང་བྱེད་ཀྱི་གཉེན་པོ་བསྐྱེད་དུ་མེད་པ་དང༌། རང་སྤང་དུ་མེད་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་ན་ནམ་མཁའ་བཞིན་དུ་ཕན་གནོད་བྱ་མི་ནུས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། ནམ་མཁའ་ནི་དུས་ཐམས་ཅད་དུ་རྫས་མེད་པ་ཙམ་གྱི་ངོ་བོ་འཛིན་པས་ངོ་བོ་དེ་ནམ་ཡང་འདོར་དུ་མེད་པ་བཞིན་ནོ། །གཉིས་པ་ནི། དེའི་ཕྱིར་དངོས་པོར་སྨྲ་བ་གཞན་དག་གི་ལུགས་ལ་བརྟེན་ནས་དངོས་པོར་མངོན་པར་ཞེན་པའི་ཞེས་སོགས་སོ། །གལ་ཏེ་རང་ལུགས་ལ་ཡོད་པ་དང་བདེན་གྲུབ་ལ་ཁྱད་མི་ཕྱེད་པས། ཀུན་རྫོབ་ཏུ་བདེན་པར་གྲུབ་ན་ཀུན་རྫོབ་ཏུ་སྤང་མི་ནུས་པས་ཁྱབ་པར་ཁས་ལེན་དགོས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་རྫོབ་ཏུ་ཞེས་པའི་ཚིག་གི་ནུས་པས་དེར་ཡོད་པའི་དོན་ནི་ཡོད་པ་མིན་པ་ཉིད་ལ་འཆད་དགོས་པའི་ཕྱིར་དང༌། དངོས་པོར་སྨྲ་བའི་བདེན་གྲུབ་ནི་རིགས་པས་དཔྱད་བཟོད་དུ་ཁས་བླངས་པ་ཡིན་ལ་ཀུན་རྫོབ་ཏུ་དེར་གྲུབ་པ་ནི་དཔྱད་མི་བཟོད་པ་ཉིད་ལ་དོན་གྱི་འཕངས་པའི་ཕྱིར་དང༌། མ་བརྟགས་པའི་ཚེ་ཡོད་ན་དེར་བདེན་དགོས་པ་དང༌། བརྟགས་པའི་ཚེ་ཡོད་ན་དེར་བདེན་དགོས་པ་དང༌། སྤྱི་ཙམ་དུ་ཡོད་ན་བདེན་དགོས་པ་རྣམས་ཚད་གྲུབ་ཏུ་མ་ཤེས་ན་སྤྲོས་པའི་མཐའ་ཐམས་ཅད་མི་ཁེགས་པས། དབུ་མ་པས་རང་གི་ལུགས་འཇོག་པའི་ཚེ་ཡོད་པ་ཞེས་བྱ་བའི་ཆོས་ཁས་མི་བླང་ངོ་ཞེས་བྱ་བ་འདི་ཡང་ཁོང་དུ་ཆུད་པར་བྱའོ། །གསུམ་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། བཤད་ཟིན་པ་དེ་ལྟར་དངོས་པོ་དོན་དམ་དུ་ཡོད་པའི་ཕྱོགས་ནི་ལུང་རིགས་ཁས་བླངས་དང་འགལ་བ་གསུམ་གྱིས་བསལ་ནས། ངོ་བོ་ཉིད་ཅེས་སོགས་སོ། །རྩ་བ་ནི། བསལ་བཞག་མེད་པའི་ཚུལ་ལ་རྒྱུད་བླར་གློ་བུར་གྱི་དྲི་མ་དང་ཡོན་ཏན་ལ་སྦྱར། དབུ་མ་རྟེན་འབྲེལ་སྙིང་པོར་བདེན་གྲུབ་དང་བདེན་མེད་ལ་སྦྱར། འདིར་ཀུན་རྫོབ་ཏུ་ཡོད་པ་མི་སེལ། དོན་དམ་དུ་ཡོད་པ་མི་བཞག་པ་ལ་སྦྱོར་བ་ཡིན་ནོ། །འགྲེལ་པ་ལ་གསུམ་ལས། གང་ལ་ལྟ་བའི་ཡུལ་ནི། གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ། ཀུན་རྫོབ་ཏུ་ཡང་གྲུབ་མཐའ་སོགས་ཀྱིས་མ་བཅོས་པར་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལའོ། །ཡོད་པའི་ཁྱད་པར་ནི། སྣང་ཙམ་གྱི་ངོ་བོ་བསལ་བར་མ་བྱས། བདེན་གྲུབ་ཀྱི་ངོ་བོ་བཞག་པར་མ་བྱས་པའི་ཕྱིར་རོ། །དེ་ལྟར་དགོས་པའི་རྒྱུ་མཚན་ནི། ཆོས་གང་ལ་ཡང་ཀུན་རྫོབ་ཏུ་ཡོད་པ་བསལ་ན་སྐུར་པ་འདེབས་པའི་ངོ་བོ་དང༌། དོན་དམ་དུ་གྲུབ་པ་བཞག་ན་སྒྲོ་འདོགས་པའི་ངོ་བོར་སོང་ནས་ཀུན་རྫོབ་བཅོས་མར་འགྱུར་གྱི། ཡང་དག་པ་མ་ཡིན་ནོ། །རྩ་བའི་ཡང་དག་ཉིད་ལ་ཞེས་པ། སློབ་དཔོན་གྱིས་དེ་ལྟར་བཤད་པས་གནས་ལུགས་ལ་འཆད་པ་འདིར་དགོངས་པ་མ་ཡིན་ནོ། །གཉིས་པ་ཇི་ལྟར་ལྟ་བའི་ཚུལ་ནི། རང་བཞིན་མེད་པ་ལ་སོགས་པའི་ངོ་བོར་བརྟག་པར་བྱ་སྟེ། གང་གི་ཕྱིར་ན་གང་དུ་ཇི་ལྟར་ཞེན་ན་ཡང་དངོས་པོར་མངོན་པར་ཞེན་པ་ལས་གྲོལ་བར་མི་འཐད་པ་དེའི་ཕྱིར་རོ། །གསུམ་པ་ལྟ་བ་སྒོམ་པའི་བྱེད་ལས་ནི། བསལ་བཞག་སྤངས་ནས་རང་བཞིན་མེད་པར་བརྟགས་པ་དེ་ལྟར་ན་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ལྡོག་པས་དེ་ཁོ་ན་ཉིད་མཐོང་ལ། དེ་ལྟར་མཐོང་བས་ནི་སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་མཐོང་ཚུལ་ལ་གཉིས་བཤད་དེ། མངོན་ཞེན་ལོག་ཙམ་ལ་དེ་མཐོང་བར་བཏགས་པ་དང༌། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཐོང་བ་ལ་དེར་བཞག་པ་གཉིས་ཀ་ལུགས་འདིར་བཤད་དོ། །འོ་ན་སྤང་གཉེན་མེད་པ་མིན་ནམ་ཞེ་ན། དོན་ལ་མེད་ཀྱང་སྒྱུ་མའི་གླང་པོས་སྒྱུ་མའི་གླང་པོ་གཞན་ཞིག་ཕམ་པར་བྱས་པ་བཞིན་དུ། གཉིས་སྣང་གི་བག་ཆགས་འཁྲུལ་པའི་ངོར་སྤང་གཉེན་དུ་སྣང་བའི་མི་འགལ་ལོ། །སྐབས་འདིར་དྲི་མ་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་དུ་མེད་པ་གཞུང་དུ་བྱས་ནས། ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་པ་དང༌། དོན་དམ་དུ་མེད་ན་མེད་པར་འགལ་ཞེས་པ་གློ་བ་ལ་ཞེན་པར་བྱས་ནས། ལྟ་བའི་སྐབས་འདིར་སྤང་གཉེན་སོགས་ཡོད་པར་ཁས་ལེན་པ་ནི་མིན་ཏེ། དོན་དམ་དུ་གང་དང་གང་དུ་བཞག་པ་དེ་དེ་དང་དེར་ཁས་ལེན་རྒྱུ་མ་ཡིན་ན་རང་ལུགས་ཀྱི་དོན་དམ་ལ་རིགས་པས་གནོད་པར་ཐལ་བའི་ཕྱིར་དང༌། ཡོད་པ་ཞེས་པའི་ཚིག་གིས་བསྟན་པའི་དོན་ཀུན་རྫོབ་ཏུ་ཞེས་པའི་ཚིག་གི་ནུས་པས་བཅོམ་ཟིན་པའི་ཕྱིར་དང༌། དོན་དམ་དུ་ཞེས་པས་ནི་ཚིག་ཕྱི་མའི་ནུས་པ་མི་སེལ་གྱི་སྟེང་དུ་ནུས་པ་བསྣན་ནས་འཇོག་པའི་ཕྱིར། གསུམ་པ་མཐོང་ལམ་རྩེ་སྦྱོར་དངོས་ལ་གཉིས་ཏེ། བར་ཆད་མེད་ལམ་དང༌། ཁྱད་པར་གྱི་ལམ་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། འགོག་པ་མེད་པའི་རང་བཞིན་ལ་ནས། འདི་ལ་ཞེས་པའི་བར་ཚིགས་སུ་བཅད་པ་གསུམ་གྱི་དོན་ནི་ཡུམ་གྱི་མདོ་ན་མེད་པས་དེ་ལྟར་ཞར་ལ་འོངས་པ་ཞེས་སོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། བྱང་སེམས་ཆེན་པོ་སྦྱིན་པའི་ཕར་ཕྱིན་ལ་གནས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་རྫོགས་པར་བགྱི་བ་ལགས། ཞེས་སོགས་མདོ་ཚན་སོ་དྲུག་ཡོད་པ་ལས། དང་པོ་སོ་བཞི་པོ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་བསྟན་པ་ཡིན་ཏེ་ཞེས་སྦྱར། འགྲེལ་པ་ལ་དངོས་དང༌། བྱེད་ལས་གཉིས། དང་པོ་ནི། བསྡུ་བྱ་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་པོ་དག་བསྡུ་བྱེད་སོ་སོར་སྦྱིན་པ་ལ་སོགས་པའི་ངོ་བོ་རེ་རེ་སྔ་མ་གོ་སྒྲུབ་ཀྱི་སྐབས་དེར་བསྟན་པ་བཞིན་དུ་ཕན་ཚུན་བསྡུས་པ་གང་ཡིན་པ་རྣམ་པ་སུམ་ཅུ་རྩ་དྲུག་ཅན་དུ་སྐྱེས་པར་གསུངས་པ་དེས་མཚོན་པའི་ཆོས་བཟོད་བཞི་པོ་དེ་ནི་ཆོས་ཅན། རྩེ་མོའི་མངོན་པར་རྟོགས་པ་འདིར་བཤད་པའི་མཐོང་ལམ་ཡིན་ཏེ། དུས་ཀྱི་ཁྱད་པར་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ། བསྡུ་བྱེད་ཀྱི་ཁྱད་པར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཉིས་པ་ནི། མཐོང་ལམ་རྩེ་སྦྱོར་དེ་སྐྱེས་པ་ན་མཐོང་སྤང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་རྣམ་པར་གྲོལ་བའི་ལམ་འཐོབ་བོ། །ཇི་ལྟར་བརྒྱད་ཡིན་ཞེ་ན། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དབྱེ་བས་ཁམས་རེ་རེ་ལ་རྣམ་པར་རྟོག་པ་བཞི་པོ་སོ་སོར་རྣམ་པ་དགུ་དགུར་ཕྱེ་བ་ཉིད་ཀྱིས་སོ། །འདིར་མཐོང་སྤང་རྟོག་པ་ལ་ཁམས་ཀྱི་དབྱེ་བས་དགུར་འབྱེད་པ་ནི་དེའི་དབྱེ་བས་ས་དེ་བསྡུས་ཀྱི་ཉོན་མོངས་ལ་དགུར་དབྱེ་བ་དང་འདྲ་བ་མ་ཡིན་ནོ། །འོ་ན་ཅི་ལྟ་བུ་ཞེ་ན། འདོད་པ་ཁམས་ཀྱི་བདེན་པ་བཞི་པོ་ལ་སྒྲིབ་བྱེད་ཀྱི་རྣམ་པར་རྟོག་པ་བཞི་པོ་ལ་སོ་སོར་དགུར་ཕྱེ་བ་ལྟ་བུ་སྟེ་གཞན་གཉིས་པོའང་དེ་དང་འདྲའོ། །ཞིབ་མོར་ན་ཁམས་གསུམ་གྱི་ཆོས་ཉིད་མཐོང་བའི་ལམ་བདེན་ལ་སྒྲིབ་བྱེད་ཀྱི་རྟོག་པ་ལ་སོ་དྲུག་ཏུ་ཕྱེ་བ་རྣམས་ཏེ། རྟོག་པའི་ཞེན་ཡུལ་ཐེག་པ་ཆེ་ཆུང་གི་ལམ་གྱི་དབྱེ་བ་ལས་ཕྱེ་བར་བཤད་པ་ཉིད་ཀྱིས་སོ། །དེར་མ་ཟད་མཐོང་ལམ་རྩེ་སྦྱོར་དེ་སྐྱེས་པའི་སྟོབས་ཀྱིས་རྣམ་རྟོག་བཞི་པོ་དེ་དག་གི་ཞར་བྱུང་དུ་བསྡུས་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་བོ། །མ་རིག་པ་དང་ལྟ་བའི་བག་ལ་ཉལ་ལ་འཆད་དགོས་པའམ། ཡང་ན་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་འབྱུང་བ་ལྟར་རྟོག་པ་བརྒྱ་རྩ་བརྒྱད་པོའི་ས་བོན་ལ་འཆད་པ་གང་རུང་ངོ༌། །མདོར་ན་གཞུང་སྔ་མས་མཐོང་རྩེ་བར་ཆད་མེད་ལམ་ངོས་བཟུང་ཞིང༌། སྐད་ཅིག་གཅིག་པའི་བཟོད་པ་ཞེས་པ་དེར་བཟོད་པ་བཞི་ཀ་འདུས་པར་བཤད་ན་ལེགས་པ་ཡིན་ཏེ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་འཆད་པ་ན་བཟོད་པ་བཞི་ཆར་བཤད་པ་དང༌། སྤོང་ལམ་གྱི་དབྱེ་བ་འཆད་པ་ན་ཡང་དེ་ལྟར་བཤད་པས་སོ། །དེ་སྐྱེས་པ་ན་ཞེས་སོགས་ཀྱིས་ནི་མཐོང་ལམ་དེའི་རྣམ་པར་གྲོལ་བའི་ལམ་བསྟན་པ་ཡིན་ལ། ཁྱད་པར་གྱི་ལམ་ནི་དེ་མ་ཐག་ཏུ་འཆད་པ་འདི་དག་གོ །གྲོལ་ལམ་དེ་ཡང་བདེན་པ་མཐོང་བ་ལ་སྒྲིབ་བྱེད་སྤངས་པ་ནི་ཆོས་ཤེས་བཞི་པོ་ནས་ཡིན་མོད། བདེན་པ་མཐོང་བ་ལ་སྒྲིབ་བྱེད་མཐའ་དག་ལས་གྲོལ་བ་ནི་བཅུ་དྲུག་པ་སྟེ་བཟོད་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་མིན་དུ་འཛིན་པའི་ལོག་པར་རྟོག་པས་ཀྱང་བདེན་པ་མངོན་པར་རྟོགས་པ་མཐར་ཕྱིན་པ་ལ་སྒྲིབ་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། མཐོང་ལམ་གྱི་ཁྱད་པར་གྱི་ལམ་གྱི་ཁྱད་པར་ལམ་དེ་ལ་དབང་དུ་བྱ་བའི་ཕྱིར་སྙོམས་འཇུག་དང་རྣམ་པར་ཐར་པ་ལ་སོགས་པ་དེ་དག་ཡང་དང་ཡང་དུ་སྒོམ་པར་བྱེད་དོ། །ཞེས་སོགས་སོ། །རྩ་བ་ནི། གོང་དུ་དྲུག་ཚན་སུམ་ཅུ་རྩ་ལྔ་པའི་མདོ་ལ་འཕྲོས་ནས། བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་གནས་ན་བསམ་གཏན་གྱི་ཕར་ཕྱིན་ཇི་ལྟར་རྫོགས་པར་བགྱི་ཞེས་དྲིས་པའི་ལན་དུ། བཀའ་སྩལ་པ། སྙོམས་པར་འཇུག་པ་དགུ་དང་རྣམ་པར་ཐར་པ་བརྒྱད་ཀྱི་ངོ་བོ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དབྱེ་བར་བྱས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་ལ་རྣམ་པར་རྟོག་གོ་ཞེས་པའི་མདོ་འདི་ཆོས་ཅན། མཐོང་རྩེའི་ཁྱད་པར་གྱི་ལམ་བསྟན་པ་ཡིན་ཏེ། དེར་རྩ་འགྲེལ་གྱིས་བཀྲལ་བའི་ཕྱིར། འགྲེལ་པ་ལ་གཉིས་ཏེ། མཉམ་གཞག་སེང་གེ་རྣམ་བསྒྱིངས་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་ལོ། །དང་པོ་ནི། བྱེད་པ་པོ་མཐོང་ལམ་རྣམ་གྲོལ་གྱི་ལམ་ཐོབ་ཟིན་པའི་རྣལ་འབྱོར་པ་དེས་དགོས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་འཇིགས་པ་མེད་པའི་ཕྱིར་དུ། ལས་སུ་བྱ་བ་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ལ་སྙོམས་པར་ཞུགས་ནས་ཤེས་པའོ། །གཉིས་པ་ནི། བྱེད་པ་པོ་དུས་ཕྱིས་རྗེས་ཐོབ་ལ་གནས་པའི་རྣལ་འབྱོར་པ་དེས་ཆེད་དུ་བྱ་བ་བདེན་པ་བཞི་ལ་མཁས་པར་བྱ་བའི་ཕྱིར་དུ། ལས་སུ་བྱ་བ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་དང་མཐུན་པ་དང༌། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པ་རྣམ་བྱང་གི་རྟེན་འབྲེལ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་གོ །དཔེ་བརྗོད་གཉིས་པོ་འདིས་སྔ་མའི་ལུགས་མི་མཐུན་དང༌། ཕྱི་མའི་ལུགས་མཐུན་མཚོན་ནུས་པར་དགོངས་སོ། །མཉམ་རྗེས་གཉིས་པོ་འདིའི་ངོ་བོ་སྒོམ་ལམ་དུ་གཏོགས་ཀྱང༌། སྒོམ་ལམ་གྱི་སྤོང་ལམ་མ་སྐྱེས་གོང་དེར་བྱུང་བས་ན་མཐོང་ལམ་རྩེ་སྦྱོར་གྱི་སྡེ་ཚན་དུ་བསྡུས་པའོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་བཤད་པ་ལ། གཉེན་པོ་སྒོམ་རྩེ། སྤང་བྱ་རྣམ་རྟོག བརྟེན་པ་ཡོན་ཏན་ནོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། མཐོང་རྩེའི་སྐབས་སུ་སྤང་བྱ་རྟོག་པ་སྔར་བཤད་ཀྱང༌། འདིར་དགོས་པའི་དབང་གིས་གཉེན་པོ་སྔོན་ལ་འཆད་ཅེས་པའི་དོན་ནོ། །རྩ་བ་ལ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན་ཞེས་པའི་ལན་གྱི་མདོ་གཅིག་དང༌། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོད་རྒལ་གྱི་མདོ་དེ་གང་ཞེ་ན་ཞེས་པའི་ལན་གྱི་མདོ་ཚན་གསུམ་ཆོས་ཅན། སྒོམ་ལམ་གྱི་སྦྱོར་སེང་དང་འཇུག་པ་བར་ཆད་མེད་ལམ་བསྟན་པ་ཡིན་ཏེ། ཞེས་སྦྱར། རྐང་པ་དང་པོ་གཉིས་ཀྱིས་སྦྱོར་སེང་དང༌། གཅིག་དང་ནས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པས་ཐོད་རྒལ་འབྲིང་པོ་དང༌། མཉམ་གཞག་མིན་པས་མཚམས་བཟུང་སྟེ། །ཞེས་པས་ཆེ་འབྲིང་གཉིས་ཀྱི་མཚམས་འཛིན་དང༌། ཡང་གཅིག་དང་ནས། འདོད་པའི་བར་དུ་མི་འདྲར་འོང༌། །ཞེས་པས་ཐོད་རྒལ་ཆེན་པོ་རྣམས་བསྟན་ལ། ཐོད་རྒལ་ཆུང་ངུ་ནི་མདོ་ན་དངོས་སུ་ཡོད་ཀྱང་རྩ་འགྲེལ་གཉིས་སུ་མ་བཀོད་པ་ནི་དགོངས་པར་སློབ་དཔོན་གྱིས་བཞེད་དོ། །འགྲེལ་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་སྦྱོར་བ་དང་དངོས་གཞི། དང་པོ་ནི། བྱང་ཆུབ་སེམས་དཔའ་སྒོམ་ལམ་རྩེ་སྦྱོར་ལ་ཐོག་མར་འཇུག་པ་ནི། དགོས་པ་སྒོམ་སྤང་རྟོག་པ་མགོ་གནོན་པའི་ཕྱིར་དུ་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་སྟེ་དེ་ལས་ལངས་ནས་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་ཏེ། དེ་ལྟར་ན་ལུགས་དང་མཐུན་པ་དང་ཞེས་པ་ནས། དགུ་ལ་སོང་ཞིང་འོངས་སོ། །གཉིས་པ་ལ། དངོས་གཞི་འབྲིང་པོ་དང༌། ཆེན་པོ་གཉིས་ལས། དང་པོ་ནི། ནས་ཞེས་པ། སྦྱོར་བ་དེ་ལས་ལངས་ཏེ། དགོས་པ་སྒོམ་སྤང་རྟོག་པ་འབྲིང་པོ་སྐོར་གསུམ་གྱི་ས་བོན་སྤོང་བའི་ཕྱིར་དུ་བསམ་གཏན་དང་པོ་ལ་ཞེས་པ་ནས། འགོག་པ་ལ་སྙོམས་པར་ཞུགས་ཏེ་ཞེས་པ་སྙོམས་འཇུག་དང་པོ་བརྒྱད་དང་འགོག་པ་རེ་སྤེལ་ནས་ལུགས་མཐུན་དུ་སྙོམས་པར་ཞུགས་པས་གནས་བཅུ་དྲུག་གོ །གཉིས་པ་ཆེན་པོ་ལ། ཆེ་འབྲིང་གི་མཚམས་འཛིན་བསྟན་པ་དང༌། ཆེན་པོ་དངོས་སོ། །དང་པོ་ལ་གཉིས་ཏེ། འབྲིང་པོའི་འགོག་པ་ལས་ལྡང་ཚུལ་དང༌། ལངས་ནས་མཚམས་འཛིན་གྱི་འདོད་སེམས་མངོན་དུ་བྱེད་ཚུལ་ལོ། །དང་པོ་ནི། འབྲིང་པོའི་འགོག་པ་བརྒྱད་པ་དེའི་དེ་མ་ཐག་པའི་སྙོམས་པར་འཇུག་པ་སྲིད་རྩེ་ལ་དམིགས་ཏེ། འགོག་པ་བརྒྱད་པ་ལས་ལངས་སོ། །གཉིས་པ་ནི། དེ་ལྟར་ལངས་ནས་དགོས་པ་འགོག་པ་ཆེན་པོ་མངོན་དུ་བྱས་པའི་ཕྱིར་དུ་འདོད་པ་ན་སྤྱོད་པའི་རྣམ་པར་ཤེས་པ་ཐུན་མཚམས་ཀྱི་ངོ་བོར་བཞག་ནས། རྣམ་པར་ཤེས་པ་མཉམ་པར་མ་གཞག་པ་དེ་ལྟ་བུ་དེ་མངོན་དུ་བྱས་ནས་ཞེས་པའོ། །གཉིས་པ་ནི། འདོད་སེམས་དེ་ལས་ཐབས་ལ་མཁས་པའི་སྟོབས་ཀྱིས་ལངས་ཏེ། ཞེས་པ་མངོན་དུ་བྱས་པའི་འདོད་སེམས་དེ་བོར་ནས། བོར་བ་དེའི་འོག་ཏུ། དགོས་པ་སྒོམ་སྤང་རྟོག་པ་ཆུང་ངུ་སྐོར་གསུམ་སྤང་བའི་ཕྱིར་དུ་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་གཞག་པའི་སེམས་མངོན་དུ་བྱེད་དོ། །འགོག་པ་དང་འདོད་སེམས་སྤེལ་བ་དེའི་འོག་ཏུ་འགོག་པ་གཅིག་པུ་བོར་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །སྲིད་རྩེ་དང་འདོད་སེམས་སྤེལ་བ་དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བོར་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་གཞག་པ་ལའོ། །དེ་བཞིན་དུ་བརྒྱད་ཀྱི་བར་དུ་བོར་ནས་བསམ་གཏན་དང་པོ་ལའོ། །དེ་ནས་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་པ་སྟེ་ཆེན་པོ་ལ་གནས་བཅོ་བརྒྱད་དོ། །འདིར་བྱང་ཆུབ་སེམས་དཔའི་ས་དགུ་ལ་གཉེན་པོ་བར་ཆད་མེད་ལམ་དགུ་དང་སྤང་བྱ་རྟོག་པ་དགུ་སྤང་གཉེན་དུ་སྦྱར་དགོས་ཤིང༌། རྟོག་པ་དགུ་པོ་རེ་རེ་ལ་ཡང་གཟུང་འཛིན་གྱི་རྟོག་པ་འོག་ནས་འབྱུང་བ་བཞི་བཞིར་འབྱེད་དགོས་ཤིང༌། བཞི་པོ་དེ་དག་གི་ཡང་མངོན་གྱུར་མགོ་གནོན་པ་སྦྱོར་བའི་ལམ་དང༌། ས་བོན་དྲུངས་ནས་འབྱིན་བྱེད་བར་ཆད་མེད་པའི་ལམ་དུ་བཤད་པ་དེའི་ཚེ་སྦྱོར་བའི་ལམ་གྱི་མཚན་གཞི་ནི་སེང་གེ་རྣམ་བསྒྱིངས་དང༌། བར་ཆད་མེད་ལམ་གྱི་ངོས་འཛིན་ཐོད་རྒལ་ལས་གཞན་མ་བཤད་པས་ན་དངོས་གཞི་ཐོད་རྒལ་དགུ་ནི་ས་གཉིས་པ་ནས་བཅུ་པའི་བར་གྱི་བར་ཆད་མེད་ལམ་ལ་ངོས་འཛིན་དགོས་ཤིང༌། སྦྱོར་བ་དགུ་ཡང་བར་ཆད་མེད་ལམ་དགུ་པོ་སོ་སོའི་སྔོན་དུ་འགྲོ་བར་ཤེས་དགོས་ཏེ། དེ་མ་ཐག་ཏུ་འཆད་པར་འགྱུར་གྱི་སྒོམ་སྤང་རྟོག་པ་སྡེ་ཚན་བཞི་པོའི་ས་བོན་རྣམས་ས་དགུ་ལ་རིམ་ཅན་དུ་སྤོང་དགོས་ཤིང༌། གཉེན་པོ་སྦྱོར་འཇུག་གི་ངོས་འཛིན་གཞན་མ་བཤད་པས་སོ། །གལ་ཏེ་རྟོག་པ་ཆུང་འབྲིང་སོགས་རེ་རེའི་གཉེན་པོ་བར་ཆད་མེད་ལམ་རེ་དགོས་ཀྱང༌། དེ་གང་ལས་ཤེས། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྔ་མ་གཉིས་ཁོ་ན་ལ་བཤད་པས་སོ་ཞེ་ན། འོ་ན་རྟོག་པ་སྔ་མ་གཉིས་སྤོང་བྱེད་ཀྱི་བར་ཆད་མེད་ལམ་མི་དགོས་པར་འགྱུར་ཏེ། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། ཞེས་པ་ཕྱི་མ་གཉིས་ལས་གཞན་སྔ་མ་གཉིས་ལ་མ་བཤད་པའི་ཕྱིར། དེས་ན་སྦྱོར་འཇུག་གི་བཤད་པ་འདི་ནི་ཕན་ཚུན་མཚོན་པ་ཙམ་སྟེ། སྤང་བྱ་ཇི་སྙེད་པ་ལ་སྤོང་བྱེད་ཀྱི་གཉེན་པོ་བར་ཆད་མེད་ལམ་མི་དགོས་པ་ནི་མི་སྲིད་ཅིང༌། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་བཞི་པོ་སྤང་བྱ་རིས་གཉིས་ཀ་དང༌། སྤང་གཉེན་དུ་འབྲེལ་བར་བཤད་པ་བཞིན་ནོ། །གཉིས་པ་དོན་བསྡུ་བ་ནི། མདོ་ལས་གསུངས་པའི་ཐོད་རྒལ་གྱི་སྙོམས་པར་འཇུག་པ་ལ་ཆོས་ཅན། བསྟན་བཅོས་སུ་མི་འདྲ་བར་འགྲོ་བ་ཞེས་པའི་མིང་གིས་འདོགས་སུ་རུང་སྟེ། བཤད་ཟིན་པ་དེ་ལྟར་སྙོམས་འཇུག་དགུའི་ནང་ཚན་གཅིག་ལ་སོགས་པ་བོར་ནས་འགོག་སྙོམས་ལ་ཐུག་པའི་བར་སྙོམས་པར་འཇུག་ཅིང༌། ཡང་དེ་ལྟར་བོར་ནས་འདོད་སེམས་ལ་ཐུག་པའི་བར་དུ་སྙོམས་འཇུག་ལས་ལྡང་བའི་ཚུལ་གྱིས་སྙོམས་འཇུག་རིགས་མི་འདྲ་དང་མཉམ་རྗེས་རིགས་མི་འདྲ་སྤེལ་བའི་སྒོ་ནས་འགྲོ་བས་ནའོ། །ས་གཉིས་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་སོགས་ཆོས་ཅན། སྒོམ་པའི་ལམ་གྱི་རྩེ་སྦྱོར་ཡིན་ཏེ། སྙོམས་འཇུག་ལ་དབང་བ་ཉིད་ཀྱི་མཚན་ཉིད་ཅན་ཐོད་རྒལ་མངོན་སུམ་དུ་བྱེད་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྤང་བྱའི་དབྱེ་བ་རྒྱས་པར་བཤད། གཉེན་པོའི་དབྱེ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གཟུང་རྟོག་དང་འཛིན་རྟོག་གོ །དང་པོ་ལ། འཇུག་པ་གཟུང་རྟོག་དང༌། ལྡོག་པ་གཟུང་རྟོག་གཉིས་ལས། དང་པོ་ལ། མཚམས་སྦྱར་བ་ནི། དེ་ལྟར་སོགས་སོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་མདོ་དང་རྒྱས་པ་བཀའ་སྩལ་ན། བྱང་སེམས་ཆེན་པོས་ཕ་རོལ་དུ་ཕྱིན་པ་དྲུག་གི་མདོ་དང་རྒྱས་པ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། སྒོམ་སྤང་འཇུག་པ་གཟུང་རྟོག་རྒྱས་པར་བཤད་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གསུམ་སྟེ། རྟོག་པའི་ཡུལ་དང༌། ངོ་བོ་དང༌། གཉེན་པོའོ། །དང་པོ་ལ། བྱང་སེམས་ཀྱི་འཇུག་བྱ་ནི་གཉིས་སུ་འདུ་སྟེ། རྗོད་བྱེད་ལུང་གི་དབང་དུ་བྱས་པ་དང༌། བརྗོད་བྱ་རྟོག་པའི་དབང་དུ་བྱས་པའོ། །དང་པོ་ནི། མདོར་བསྡུས་པ་ཞེས་སོགས་གསུམ་མོ། །གཉིས་པ་ལ་གཉིས་ལས། དོན་དམ་དུ་ལམ་གསུམ་མི་དམིགས་པར་བསྟན་པ་ནི། བྱུང་ལ་འགགས་པ་ཞེས་སོགས་གསུམ་མོ། །ཀུན་རྫོབ་ཏུ་ལམ་གསུམ་བླང་བྱར་བསྟན་པ་ནི། ཕྱིན་ཅི་ལོག་ཞི་བ་ནས་སྒོམ་པར་བྱེད་པ་ཉིད་ཀྱིས་ཞེས་པའི་བར་རོ། །གཉིས་པ་ནི། སྒོམ་པའི་ལམ་གྱི་སྤང་བྱ་ལ་གཟུང་བའི་རྣམ་པར་རྟོག་པའི་རྣམ་པ་དགུའོ། །གསུམ་པ་ནི། གཟུང་རྟོག་དང་པོ་དགུ་ཆོས་ཅན། སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་ཡུལ་ཅན་ཡིན་ཏེ། མཐོང་རྩེའི་སྦྱོར་བར་མ་ཟད། སྒོམ་པའི་ལམ་གྱི་གནས་སྐབས་འདིར་ཡང་སྤང་བར་བྱ་བ་ཉིད་ཀྱིས་སོ། །ལྷན་སྐྱེས་སུ་གྱུར་པའི་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྦྱོར་བའི་ལམ་གྱི་ཡུལ་ཅན་དུ་བཤད་པས། ཕྱི་མ་གཉིས་ཀྱི་ངོ་བོ་ཡང་དེར་མཚོན་ནུས་ལ། ཕྱི་མ་གཉིས་ཀྱི་ས་བོན་འཇུག་པའི་ཡུལ་ཅན་དུ་བཤད་པས་སྔ་མ་གཉིས་ཀྱི་ས་བོན་ཡང་དེར་མཚོན་ནུས་ཏེ། སྤང་བྱ་རྟོག་པ་རེ་རེ་ལ་གཉེན་པོ་སྦྱོར་འཇུག་གཉིས་གཉིས་སུ་འབྱེད་པར་ནི། གཉེན་པོའི་དབྱེ་བ་འཆད་བྱེད་ཀྱི་འགྲེལ་པ་གོང་འོག་གཉིས་ཀ་ལས་གསལ་བའི་ཕྱིར། གལ་ཏེ་སྒོམ་སྤང་རྫས་འཛིན་རྟོག་པའི་གཉེན་པོ་སྦྱོར་བའི་ལམ་འཆད་མི་དགོས་ཏེ། ས་ཐོབ་རྗེས་སུ་དེ་མངོན་དུ་མི་འགྱུར་ལ། ས་བོན་གྱི་གཉེན་པོ་ནི་འཇུག་པ་ཉིད་ཀྱིས་ཆོག་པའི་ཕྱིར་ཞེ་ན། ཉེས་པ་དེ་འཇུག་པ་མ་ཡིན་ཏེ། འདིར་བསྟན་གྱི་འཛིན་རྟོག་དང་པོ་རྫས་འཛིན་དུ་འཆད་པར་མ་ཟད། གཞན་གསུམ་གྱི་ངོ་བོ་ཡང་གཟུང་འཛིན་དུ་བཏགས་པ་ཙམ་དུ་ཞེན་པའི་ངོ་བོར་འཆད་དགོས་སོ། །དེས་ན་འདིར་མཐོང་སྤང་རྟོག་པའི་འབྱེད་ཚུལ་དང་མི་འདྲ་ཡང༌། བཏགས་འཛིན་རྟོག་པ་མངོན་གྱུར་སོ་དྲུག་གི་གཉེན་པོ་སྦྱོར་བའི་ལམ་འཆད་པ་ལ་འགལ་བ་མེད་དོ། །གཉིས་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། གཟུང་རྟོག་གཉིས་པོ་འདི་ལ་འཇུག་ལྡོག་གི་དབྱེ་བ་གསལ་པོར་མ་གསུངས་ཀྱང༌། སྔ་མའི་རིགས་པ་དང༌། ཡུལ་དགུ་ཚན་གཉིས་པོ་ལ་བརྟགས་པ་ན་དོན་གྱིས་འཐོབ་པའོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་ཡུམ་ལ་དུས་རིང་པོ་ཇི་སྲིད་ནས་སྤྱོད་པ་ལགས། ཞེས་པ་ལ། བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། གསུམ་ལས། དང་པོ་ལ། ཐེག་དམན་སོ་སྐྱེའི་དབང་དུ་བྱས་པ་དང༌། ལམ་ཞུགས་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། དགེ་བའི་བཤེས་གཉེན་སོགས་བཞི་དང༌། གཉིས་པ་ལ། མཐོང་ལམ་གྱི་དབང་དུ་བྱས་པ་ནི། ཤེས་རབ་ཀྱི་སོགས་གཉིས་དང༌། སྒོམ་ལམ་གྱི་དབང་དུ་བྱས་པ་ལ། མི་རྟག་སོགས་སུ་དམིགས་པ་དང་བཅས་པ་ཉིད་ཀྱི་གང་ཟག་གི་བདག་མེད་པར་བསྒོམ་པ་དང༌། སྟོང་པ་ཉིད་དུ་དམིགས་པ་མེད་པས་ཆོས་ཀྱི་བདག་མེད་བསྒོམ་པ་མེད་པ་དང༌། མི་སློབ་པའི་ལམ་དུ་ནི་བསྒོམ་པ་ཡང་མེད། བསྒོམ་པ་མེད་པ་ཡང་མ་ཡིན་པ་ཞེས་བྱ་སྟེ། སླར་བསྒོམ་པ་ལ་ལྟོས་པ་མེད་པའི་ཕྱིར་ཞེས་པའམ། ལྷག་མེད་ཀྱི་ཚེ་ཅི་ཡང་མེད་པས་ཞེས་སྦྱོར་བའོ། །གཉིས་པ་ངོ་བོ་ནི། ཡུལ་དགུ་པོ་དེ་སྤྱིར་མ་གྲུབ་པའམ། ལྡོག་བྱ་ཉིད་དུ་མ་གྲུབ་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ན་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པ་དགུའོ། །གསུམ་པ་ནི། དགུ་པོ་དེ་ཆོས་ཅན། སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡན་ལག་ཡིན་ཏེ། གནས་སྐབས་དེ་ན་སྤང་བར་བྱ་བ་ཉིད་ཀྱིས་སོ། །གཉིས་པ་འཛིན་རྟོག་ལ་གཉིས་ཏེ། གང་ཟག་ཏུ་བཏགས་པ་ལ་བརྟེན་པའི་རྟོག་པ་དང༌། བཏགས་པའི་རྒྱུ་ལ་བརྟེན་པའི་རྟོག་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། འཛིན་རྟོག་དང་པོ་འདིའི་མིང་ལ་རྫས་འཛིན་རྟོག་པ་ཞེས་འཆད་པ་ནི་རྩ་འགྲེལ་གཉིས་ཀ་དང་མ་མཐུན་ཞིང༌། སྒོམ་ལམ་གྱི་སྦྱོར་བ་རྫས་འཛིན་རྟོག་པ་མངོན་གྱུར་གྱི་གཉེན་པོར་མི་འཐད་དོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བུ། གང་ཟག་ཏུ་གདགས་པ་དང་སྲོག་ཏུ་གདགས་པ་སོགས་ཇི་ལྟ་བ་བཞིན་ཏེ། དེ་ཡང་ཇི་ལྟ་བུ་ཞེ་ན། བཀའ་སྩལ་པ། བཏགས་པ་དེ་ཡང་དམིགས་སུ་མེད་དོ། །ཞེས་སོགས་ཀྱི་མདོ་ཚན་དགུ་ཆོས་ཅན། འཛིན་རྟོག་དང་པོ་བསྟན་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གསུམ་ལས། དང་པོ་ཡུལ་དགུ་ནི། འཕགས་ལམ་གྱི་དབང་དུ་བྱས་པ་དང༌། བྱིས་ལམ་གྱི་དབང་དུ་བྱས་པ་ཅི་རིགས་པར་སྦྱར་ནས་འཆད་པ་ནི། རྫས་སུ་ཡོད་པ་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ངོ་བོ་ནི། དེ་ལྟ་བུའི་ཡུལ་དགུ་ལ་སྔ་མ་བཞིན་དུ་བཏགས་པ་ཙམ་དུ་འཛིན་པའི་རྣམ་པར་རྟོག་པ་དགུའོ། །གཉེན་པོ་ནི་སྒོམ་པའི་ལམ་གྱི་སྦྱོར་བའི་གནས་སྐབས་ཡུལ་ཅན་ནོ། །གཉིས་པ་ལ་གཉིས་ལས། མདོར་བསྟན་པ་ནི། སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ཆོས་དང་སེམས་ཅན་དུ་བཏགས་པ་དང༌། བཏགས་པ་དེར་རྣམ་པར་བཞག་པའི་རྒྱུ་ཕུང་སོགས་སུ་སྣང་བ་ཙམ་གྱི་ཡུལ་ཅན་འདིར་བསྟན་རྣམ་པ་དགུ་ཆོས་ཅན། སྒོམ་པའི་ལམ་བར་ཆད་མེད་ལམ་དང་སྤང་གཉེན་དུ་འབྲེལ་བ་ཡིན་ཏེ། དེས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི་ཇི་ལྟར་སོགས་སོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་ཅེས་ཀྱང་གསུངས་ན། གསུམ་པོ་དེ་ལ་ཁྱད་པར་དུ་བགྱི་བ་ཅི་ཞིག་མཆིས། ཞེས་པའི་ལན་དུ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་སོགས་ཀྱི་མདོ་ཚིག་དགུ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ་གསུམ་ལས། ཡུལ་ནི། ཕལ་ཆེན་སོ་སོ་སྐྱེ་བོའི་ཆོས་ཀྱི་དབང་དུ་བྱས་པ་ནི། རྣམ་པ་ཐམས་ཅད་ཅེས་སོགས་ཏེ། གཞུང་ཇི་ལྟ་བ་བཞིན་ནོ། །ངོ་བོ་ནི་སྔ་མ་མཐོང་སྤང་བཞིན་དུ་ཇི་སྐད་བཤད་པའི་ཡུལ་ལ་བཏགས་པ་ཙམ་དུ་འཛིན་པའི་རྣམ་པར་རྟོག་པ་ཐ་མ་དགུར་བཞེད་པ་ཡིན་ནོ། །གསུམ་པ་ནི། དགུ་པོ་ཆོས་ཅན། སྒོམ་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་འཇུག་པའི་གནས་སྐབས་ཀྱི་ཡུལ་ཅན་ཡིན་ཏེ། དེས་སྤང་བར་བྱ་བ་ཉིད་ཀྱི་ཕྱིར། འདིར་ཡུལ་ཅན་ཞེས་པ་དེ་ས་དགུ་པོ་ཡུལ་དུ་བྱེད་པ་ལ་བཤད་ན་ལེགས་པས་རྨོངས་པ་དགུའི་ལོག་ཕྱོགས་ཡུལ་དེ་དང་དེ་ལ་མ་རྨོངས་པ་དགུ་པོ་འཇུག་པའི་ཡུལ་དང༌། ཡུལ་དེ་ལ་ཞེན་པ་དགུ་སྤང་བྱར་བཤད་ན་མཛེས་ཏེ། སྔ་མ་དག་ལའང་དེ་བཞིན་ནོ། །དེའི་ཚེ་ཇི་སྐད་དུ། སྒོམ་པའི་ལམ་དང་འབྲེལ་བ་ཡི། །ལམ་གྱི་མི་མཐུན་ཕྱོགས་གཞན་དགུ་ཞེས་སྦྱར་ན་ལེགས་ཏེ། དངོས་ཀྱི་སྤང་གཉེན་འབྲེལ་བར་འཆད་པ་ཡི་གེའི་དོན་ལ་མི་འཇུག་པའི་ཕྱིར། གཉིས་པ་གཉེན་པོའི་དབྱེ་བ་ནི། སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་པོ་དེ་དག་སྤང་བ་ཉིད་དོ། །གཉེན་པོ་སྦྱོར་འཇུག་རྣམ་པ་བཞིར་དངོས་སུ་བཤད་པ་ཡང༌། སྤང་བྱ་དེའི་དབྱེ་བས་སྤང་བྱ་རེ་རེ་ལ་གཉེན་པོ་གཉིས་སུ་ཕྱེ་ནས་ཐ་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། སྤང་བྱ་རེ་རེ་ལ་གཉེན་པོ་སྦྱོར་འཇུག་གཉིས་གཉིས་སུ་མི་རུང་བའི་ཕྱིར། གསུམ་པ་ཡོན་ཏན་ལ་གསུམ་ལས། མཚམས་སྦྱར་བ་ནི། སྒོམ་པའི་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཅན། སངས་རྒྱས་སའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འོང་བའི་རྣམ་པས་བརྟེན་ཏེ་སྔ་མ་མཐོང་སྤང་བཞིན་དུ་ཁམས་གསུམ་གྱི་གཉེན་པོ་ལམ་ལ་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་དེ་དག་གིས་བསྡུས་པ་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས་སོ། །འདིར་ཉོན་མོངས་པ་ནི་འདོད་སྲིད་ཀྱི་བག་ལ་ཉལ་ལ་འཆད་དགོས་ཤིང༌། ས་ཐོབ་ནས་ཉོན་མོངས་པའི་ཉེས་པ་མི་བསྐྱེད་པས་ཉོན་མོངས་མཚན་ཉིད་པ་མིན་ཀྱང༌། སྤང་བྱ་རིགས་གཉིས་ལས་ཉོན་མོངས་པའི་སྒྲིབ་པར་བཞག་གོ །རྣམ་པར་རྟོག་པའི་རྩ་བ་མཐར་ཐུག་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ལ་འཆད་དགོས་མོད། སྐབས་འདིར་ཉོན་མོངས་པ་རྣམ་རྟོག་གི་རྩ་བར་བཤད་པ་ནི། འདོད་སྲིད་ཀྱི་བག་ལ་ཉལ་གྱིས་ནི་འཁོར་བར་ཉིང་མཚམས་སྦྱོར་བར་བྱེད་ལ། དེས་དེར་སྦྱར་བ་དེ་སྲིད་དུ་གཟུང་འཛིན་གཉིས་ཀྱི་སྣང་བ་འཆར་བས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་སྐྱེད་བྱེད་ཡིན་པ་ལ་དགོངས་སོ། །མདོར་ན་སྤང་བྱ་སྒྲིབ་གཉིས་སྤངས་པས་སངས་རྒྱས་ཀྱི་ཡོན་ཏན་སྐྱེ་བ་ལ་གེགས་བྱེད་མེད་པའི་དོན་ནོ། །རྩ་བ་ལ། སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་དེ། ས་བོན་བཏབ་ནས་དུས་དུས་སུ་ཆུས་བྲན་པར་བྱེད་ཅིང༌། སྡོང་བུ་དང༌། ལོ་མ་དང་འབྲས་བུ་སྤེལ་བར་བྱེད་དོ། །ཞེས་སོགས་ཀྱི་མདོ་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི་སྒོམ་པའི་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དེ་དག་གིས་མཛེས་པར་གྱུར་པ་དེ་ཆོས་ཅན། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་དག་ངང་གིས་འདུ་བ་བཞིན་དུ། གནས་སྐབས་རྣམ་པ་ཐམས་ཅད་དུ་འགྲོ་བའི་བདེ་བ་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ཐམས་ཅད་བསྐྱེད་པར་མཁས་པའི་སངས་རྒྱས་ཀྱི་སའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་དུ་འོང་བའི་རྣམ་པས་བརྟེན་པར་བྱེད་དེ། དེ་ལྟར་བྱེད་པའི་འགལ་རྐྱེན་ཟད་ཅིང༌། མཐུན་རྐྱེན་ཚང་བའི་ཕྱིར། འགལ་རྐྱེན་ཟད་པ་ཡིན་ཏེ། སྒོམ་པའི་ལམ་ལ་རིང་དུ་གོམས་པས་རྣམ་པར་རྟོག་པའི་རིགས་བཞི་པོ་འཚེ་བར་བྱེད་པ་ཉིད་ཀྱིས་ཡམས་ཀྱི་ནད་དུ་གྱུར་པ་དང་འདྲ་བ་འདི་རྣམས་ཟད་ནས་ཡོན་ཏན་སྐྱེ་བ་ལ་གེགས་བྱེད་པ་མེད་པས་སོ། །ནད་པ་ནད་ཟད་ནས་དགའ་བས་དབུགས་ཕྱིན་པ་ཐོབ་པ་བཞིན་ནོ། །མཐུན་རྐྱེན་ཚང་སྟེ། ཐུགས་རྒྱུད་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གཞན་གྱི་དབང་དུ་གྱུར་པས་སོ། །འདི་ནི་སྤང་བྱ་རྟོག་པ་དགུ་པའི་གཉེན་པོ་ལ་ལྟོས་ནས་ཆེན་པོའི་ཆེན་པོར་བཞག་པ་ཡིན་གྱི། རྒྱུན་མཐའི་ཡེ་ཤེས་ནི་མ་ཡིན་ཏེ། གནས་ངན་ལེན་གྱི་དྲི་མའི་གཉེན་པོ་བར་ཆད་མེད་པའི་རྩེ་སྦྱོར་སླར་ཡང་འཆད་དགོས་པའི་ཕྱིར་རོ། །བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་ལ་གཉིས་ཏེ། གཉེན་པོ་བར་ཆད་མེད་རྩེ་དང༌། སྤང་བྱ་ལོག་རྟོག་བསལ་བའོ། །དང་པོ་ལ། དངོས་དང༌། དམིགས་པའི་རྐྱེན་སོགས་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱོར་བ་ནི། སྒོམ་པའི་ལམ་གྱི་སོགས་ཏེ། འདི་ནི་རྒྱུན་མཐའི་བར་ཆད་མེད་ལམ་ཉིད་ལ་ངོས་འཛིན་ཞིང༌། དེའི་སྔོན་རོལ་དུ་སྒྲིབ་གཉིས་ཀྱི་བག་ཆགས་སམ་གནས་ངན་ལེན་གྱི་དྲི་མའི་སྤོང་གཉེན་དུ་གྱུར་པའི་སྦྱོར་བའི་ལམ་ཞིག་འགྲོ་དགོས་པར་ནི་མངོན་པ་ཀུན་ལས་བཏུས་སུ་བཤད་ལ། དེ་ལ་ལྟོས་པའི་རྣམ་གྲོལ་ལམ་ནི་རྣམ་མཁྱེན་སྐད་ཅིག་དང་པོ་ཡིན་པར་འདི་ཉིད་ནས་བཤད་ཅིང༌། དེས་ཁྱད་པར་གྱི་ལམ་ཡང་རྟོགས་པར་སླའོ། །རྩ་བ་ལ། བཀའ་སྩལ་པ། གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་བཀོད་པ་བས། ཡུམ་ལ་ཐེངས་གཅིག་སྤྱོད་པ་བསོད་ནམས་མང་བར་སྟོན་པའི་མདོ་ཚིག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། སངས་རྒྱས་ཉིད་ཐོབ་པ་ལ་ཆོས་གཞན་གྱིས་བར་ཆད་མེད་པ་རྒྱུན་མཐའི་ཏིང་ངེ་འཛིན་ནི་ཆོས་ཅན། བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རྩ་བར་དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བཤད་པ་དེ་ནི་སངས་རྒྱས་ཉིད་ཡིན་པས་དེའི་དངོས་རྒྱུ་གྲངས་ཚང་ཡིན་པའི་ཕྱིར། འདི་མདོ་ལས་ཇི་ལྟར་བསྟན་ཞེ་ན། འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་ནས་བསྐྱེད་པ་གང་ཡིན་པ་དེ་དཔེར་མཛད་ནས། དེ་བས་ཆེས་ཁྱད་པར་དུ་འཕགས་ཤིང་བསོད་ནམས་མང་བ་ཉིད་ཀྱིས་མཚོན་ཏེ་བསྟན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། དེའི་དམིགས་པ་ཞེས་སོགས་ཏེ། མདོ་དང་རྩ་བར་རྣམ་མཁྱེན་གྱི་རྐྱེན་གསུམ་ངོས་འཛིན་ལ་བཤད་མོད། སློབ་དཔོན་གྱིས་བར་ཆད་མེད་རྩེ་ལ་སྦྱར་བ་ཉིད་དོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དངོས་པོ་ནི་ཇི་ལྟ་བུ། དམིགས་པ་ནི་ཇི་ལྟ་བུ། དབང་བསྒྱུར་བ་ནི་ཇི་ལྟ་བུ་ཞེས་སོགས་ཞུས་པའི་ལན་དུ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་སོགས་ཀྱི་མདོ་ཚན་གསུམ་ཆོས་ཅན། བར་ཆད་མེད་རྩེའི་རྐྱེན་གསུམ་བསྟན་པ་ཡིན་ཏེ་ཞེས་སྦྱར། འགྲེལ་པ་ལ། གཟུགས་སོགས་ཆོས་ཐམས་ཅད་བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་ཡིན་ཏེ། དེས་སྦྱོར་བའི་དུས་སུ་ཁྱོད་ལ་སྒྲོ་འདོགས་བཅད་ནས། དངོས་གཞིའི་དུས་སུ་དེས་ཁྱོད་ལ་ཅིར་ཡང་མི་དམིགས་པའི་ཚུལ་གྱིས་དམིགས་པའི་ཕྱིར། འདིར་བར་ཆད་མེད་རྩེ་ལ་གཟུགས་སོགས་སུ་སྣང་བ་དེ་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་ཡིན་པས་ཀུན་རྫོབ་སྣང་ཡུལ་དུ་བྱས་པར་ཐལ་བ་མེད་དོ། །དམིགས་རྣམ་མ་བརྗེད་པའི་དྲན་པ་ནི་ཆོས་ཅན། བར་ཆད་མེད་རྩེའི་བདག་པོའི་རྐྱེན་ཡིན་ཏེ། དེས་དབང་བསྒྱུར་བྱ་ཡིན་པའི་ཕྱིར། རྣམ་པ་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ཏེ། སྤྲོས་བྲལ་གྱི་རྣམ་པ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་རྩ་བ་ནི། རབ་ཏུ་སྨྲ་རྣམས་ཞེས་པའོ། །འགྲེལ་པ་ནི། མདོ་ལས་བཤད་པའི་རྣམ་མཁྱེན་གྱི་དམིགས་རྣམ་སོགས་གནས་འདི་ལ་ནི་ཆོས་ཅན། རྟོག་གེ་རབ་ཏུ་སྨྲ་བ་བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པ་མ་རྟོགས་པ་རྣམས་ཀླན་ཀའི་རྒོལ་བ་རྒྱུད་མར་འབྱུང་སྟེ། རྒོལ་བ་དེའི་བློ་གྲོས་ཀྱིས་གཏིང་དཔག་དཀའ་བའི་ཕྱིར། དེ་གང་གིས་སེལ་ན་བདེན་གཉིས་རྣམ་འབྱེད་ཀྱི་ཐབས་ལ་མཁས་པས་བསལ་བར་བྱ་སྟེ། ཀླན་ཀ་འབྱུང་བར་བསྟན་པ་འདིས་ནི་དམིགས་རྣམ་སོགས་ཀྱིས་གནས་འདིའི་ཟབ་པ་ཉིད་བསྙད་དོ་སྙམ་དུ་དགོངས་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། བློའི་ནོར་ཅན་སོགས་ཏེ་ལོག་རྟོག་མངོན་གྱུར་བ་སྦྱོར་བའི་ལམ་གྱི་དུས་སུ་བསལ་ནས་ས་བོན་འཇོམས་བྱེད་ཀྱི་བར་ཆད་མེད་རྩེ་བསྐྱེད་དགོས་པའི་དོན་ཏེ། འདིར་བསྟན་གྱི་བདེན་གཉིས་རྣམ་འབྱེད་ཀྱི་ཤེས་རབ་དངོས་ནི་སྦྱོར་བའི་ལམ་མོ། །རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། ཞུས་པའི་ལན་དུ། ཆོས་ཐམས་ཅད་དངོས་པོ་མེད་པར་གསུངས་པ་ལ་བརྩད་པའི་ཞུས་ལན་བཅུ་དྲུག་པོ་ཆོས་ཅན། བསལ་བྱ་ལོག་སྒྲུབ་སེལ་བྱེད་ཀྱི་ཐབས་དང་བཅས་པར་གསུངས་པ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གཉིས་ཏེ། བསལ་བྱ་དང་སེལ་བྱེད། ཏིང་ངེ་འཛིན་སྐྱེ་ཚུལ་ལོ། །དང་པོ་ནི། ལོག་པར་རྟོག་གོ །བྱེད་པ་པོ་གང་གིས་ན་སྐྱེ་བོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་མི་ཤེས་པའི་རྟོག་གེ་རབ་ཏུ་སྨྲ་བ་ཉིད་ཐམས་ཅད་ཀྱིས་སོ། །དེ་སྐྱེ་བའི་རྒྱུ་མཚན་ནི། ཕན་ཚུལ་འགལ་བ་ལྟར་སྣང་བའི་དོན་གཞི་གཅིག་ལ་བསྒྲུབས་པས་སོ། །རྟོག་པ་དེའི་འགལ་བའི་དོན་གཞི་གཅིག་ལ་མི་འཐད་པར་སེམས་པ་ཉིད་ཀྱིས་ན་ཐེ་ཚོམ་གྱི་ངོ་བོའོ། །ཡུལ་གང་ལ་རྟོག་ན་ཇི་སྐད་བཤད་པའི་ཡུལ་ལ་ལོག་པར་རྟོག་པ་ཅན་ཉིད་ཀྱིས་ན། མདོ་དང་རྒྱན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྟེན་ཅན་ཞེས་བསྟན་ནོ། །གྲངས་དུ་ཞིག་ན་ལོག་པར་རྟོག་པ་བཅུ་དྲུག་གོ །དེ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་དངོས་པོར་མེད་པ་ཉིད་དུ་བཀའ་སྩལ་པ་ལ། རབ་འབྱོར་གྱིས་མ་འོངས་པའི་ལོག་རྟོག་ལུང་བསྟན་པའི་ཚུལ་གྱིས་རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། ཞེས་པ་དེ་འཐད་པ་ལ་ལོག་པར་རྟོག་ཅིང༌། དེས་ཀུན་ནས་བསླང་བའི་རྩོད་ངག་སྨྲ་བར་འགྱུར་བ་དང༌། དེ་བཞིན་དུ་ཀུན་ལ་སྦྱར་ནས་རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་དམིགས་པའི་ངོ་བོ་ཉིད་ངེས་པར་བཟུང་བ་ལ་ལོག་པར་རྟོག་པ་ནས་བསྒོམ་བྱ་རང་དང་སྤྱིའི་མཚན་ཉིད་མི་འཐད་པས་ཡུལ་སྒོམ་པ་ལ་ལོག་པར་རྟོག་པའི་བར་རྣམས་སོ། །གཉིས་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ་ཞེས་པ་ནི་བཤད་པའི་གཞི། བྱེད་པ་པོ་གང་གིས་ན་བྱང་ཆུབ་སེམས་དཔའ་བར་ཆད་མེད་རྩེའི་དགེ་བ་འདོད་པ་རྣམས་ཀྱིས་སོ། །ཐབས་གང་གིས་ན་བདེན་པ་གཉིས་ཀ་ལ་རྟེན་པའི་ཐབས་ལ་མཁས་པས་སོ། །ཚུལ་ཇི་ལྟར་དུ་ན་སྦྱོར་བའི་དུས་སུ་བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་རྣམ་པ་སྟོང་དུ་བསལ་བ་དང༌། བདེན་གཉིས་མི་འགལ་བའི་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་སོ། །བདེན་གཉིས་རྣམ་འབྱེད་ཀྱི་ཐབས་མཁས་དེ་ཇི་ལྟ་བུ་ཞེ་ན། སྐབས་འདིར་རྩོད་པའི་ཚུལ་བདེན་གཉིས་གང་རུང་རེ་ཚད་མར་བཟུང་ནས་གཅིག་ཤོས་སུན་འབྱིན་པར་བྱེད་པ་དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་གོ་རིམ་བཞིན་དུ། དོན་དམ་པ་དང་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པའི་ཐབས་ལ་མཁས་པའོ། །རྩེ་སྦྱོར་རྣམ་བཞིའི་ཉི་མ་ཆེར་འབར་བས། །རྣམ་རྟོག་རྣམ་བཞིའི་མུན་ཆེན་བགྲང་ཡས་དང༌། །བདེན་གཉིས་འགལ་བར་འཛིན་པའི་གནས་ངན་ལེན། །སེལ་བྱེད་བར་ཆད་མེད་པའི་རྩེ་མོར་བྱོན། །གསུམ་པ་སྐབས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ།། །།སྐྱེ་མེད་རྣམ་གསུམ་དབང་དུ་བྱེད་པའི་བློས། །མངོན་རྟོགས་རྣམ་བཞིའི་མི་མཐུན་ཕྱོགས་བསལ་ནས། །ཡོན་ཏན་མངོན་པར་སྒྲུབ་པའི་མཐར་གྱིས་པ། །གསུང་མཛད་མ་ཕམ་པ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་བརྟན་པ་རྒྱུ་འབྲས་བཤད་པ་ལ་གཉིས་ཏེ། བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་སྦྱོར་བ་དང༌། ཐོབ་ནས་ཅིག་ཆར་དུ་བསྒོམ་པའི་རྣལ་འབྱོར་བཤད་པའོ། །དང་པོ་ལ་གསུམ་ལས། འབྲེལ་དགོད་པས་མཚམས་སྦྱར་བ་ནི། རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་སྦྱོར་བ་འཆད་དགོས་ཏེ། རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་རྣལ་འབྱོར་པས་སྔར་གྱི་རྟོགས་པ་བརྟན་པར་བྱ་བའི་ཕྱིར་དང༌། སྔར་མ་ཐོབ་པའི་ཡོན་ཏན་མཐར་གྱིས་བསྒྲུབ་པའི་མངོན་པར་རྟོགས་པ་སྒོམ་པར་བྱེད་དགོས་པས་སོ། །ཚུལ་ཇི་ལྟར་དུ་ན་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བཀླགས་ནས་སོ། །འདིར་བཤད་ཟིན་ལ་སྦྱར་ན་སོ་སོ་བ་ཐོས་བསམ་དང་བསྡུས་པ་རྣམ་རྩེའི་རྣམ་པ་ལ་འཆད་པ་དང༌། འཆད་འགྱུར་ལ་སྦྱར་ན་སོ་སོ་བ་སྦྱིན་སོགས་དྲུག་ཚན་གཉིས་དང༌། བསྡུས་པ་དངོས་མེད་ངོ་བོ་ཉིད་ལ་འཆད་དོ། །གཉིས་པ་ལ་གཉིས་ལས། རྩ་བ་ནི། རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་ལྟར་མཐར་གྱིས་སྤྱོད་པ་དང༌། མཐར་གྱིས་སློབ་པ་དང༌། མཐར་གྱིས་ནན་ཏན་དུ་བགྱི་བར་འགྱུར་བ་ལགས། ཞེས་པའི་ལན་དུ་གསུངས་པའི་མདོ་ཚན་བཅུ་གསུམ་ཆོས་ཅན། མཐར་གྱིས་པའི་སྦྱོར་བ་བཅུ་གསུམ་ངོས་བཟུང་བ་ཡིན་ཏེ། ཞེས་སྦྱར། འགྲེལ་པ་ལ་གསུམ་སྟེ། སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་གི་མཐར་གྱིས་པ། བསམ་པ་ཕུན་ཚོགས་རྗེས་དྲན་གྱི་མཐར་གྱིས་པ། བསམ་སྦྱོར་གཉིས་པོ་དག་བྱེད་ཀྱི་མཐར་གྱིས་པའི་སྦྱོར་བའོ། །དང་པོ་ནི། ཕ་རོལ་དུ་ཕྱིན་པ་ཕྱི་མ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་པོ་མཐར་གྱིས་བྱ་བ་དང་མཐར་གྱིས་སློབ་པ་དང་མཐར་གྱིས་ནན་ཏན་དུ་བགྱི་བ་གསུམ་གྱི་སྒོ་ནས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་བྱེད་པའི་རྣལ་འབྱོར་ནི་ཆོས་ཅན། སྦྱོར་བ་ཕུན་སུམ་ཚོགས་པའི་མཐར་གྱིས་སྦྱོར་བ་ཡིན་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་ཉམས་སུ་བླངས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཉིས་པ་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང༌། ལམ་གྱི་གཞི་རྗེས་སུ་དྲན་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། རྗོད་པར་བྱེད་པའི་མིང་མདོ་ལས་དྲན་པ་ཉེར་གཞག་ལ་སོགས་པ་དང༌། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བའི་ཐ་སྙད་ཀྱིས་གོ་རིམ་བཞིན་དུ་བསྟན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། མཐོང་བའི་ལམ་དང་སྒོམ་པའི་ལམ་གསུམ་པོ་མཐར་གྱིས་བྱ་བ་སོགས་གསུམ་གྱི་རིམ་པས་ཉམས་སུ་ལེན་པའི་རྣལ་འབྱོར་ཆོས་ཅན། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་ཡིན་ཏེ། ལམ་གསུམ་པོ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཀྱི་མཚན་ཉིད་ཀྱིས་རྗེས་སུ་དྲན་པ་སངས་རྒྱས་སྒྲུབ་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། གཉིས་པ་ནི། དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་དོན་དམ་པར་ཆོས་དབྱིངས་སུ་རོ་གཅིག་པས་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཐར་གྱིས་བྱ་བ་སོགས་གསུམ་གྱི་རིམ་པས་རྗེས་སུ་དྲན་པའི་རྣལ་འབྱོར་ནི་ཆོས་ཅན། ཆོས་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་ཡིན་ཏེ། མཐར་གྱིས་པའི་རིམ་པ་གསུམ་གྱི་སྒོ་ནས་དོན་དམ་པའི་ཆོས་དྲན་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། རྗེས་དྲན་གསུམ་པ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་སྔ་མ་བཞིན་དུ་མཐར་གྱིས་པའི་རིམ་པ་གསུམ་གྱིས་རྗེས་སུ་དྲན་པའི་རྣལ་འབྱོར་ནི་ཆོས་ཅན། དགེ་འདུན་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་ཡིན་ཏེ། དོན་དམ་པའི་དགེ་འདུན་དྲན་པའི་ཡུལ་དུ་མི་དམིགས་ཤིང༌། མཐར་གྱིས་པའི་རིམ་པ་གསུམ་གྱིས་ཀུན་རྫོབ་པའི་དགེ་འདུན་དྲན་པར་བྱེད་པའི་རྣལ་འབྱོར་ཡིན་པས་སོ། །གཉིས་པ་ལམ་གྱི་གཞི་རྗེས་སུ་དྲན་པ་གསུམ་ནི། སྔ་མ་དེ་བཞིན་དུ་ཚུལ་ཁྲིམས་གསུམ་དང༌། གཏོང་བ་གསུམ་དང༌། ལམ་ཉམས་ལེན་གྱི་དཔང་པོར་གྱུར་པའི་ལྷ་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཐར་གྱིས་པའི་རིམ་པ་གསུམ་གྱིས་རྗེས་སུ་དྲན་པའི་རྣལ་འབྱོར་ནི་ཆོས་ཅན། ལམ་གྱི་གཞི་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་ཡིན་ཏེ། དེ་དག་དོན་དམ་པར་དྲན་པ་མེད་ཅིང༌། ཀུན་རྫོབ་ཏུ་མཐར་གྱིས་པའི་རིམ་པ་གསུམ་གྱིས་རྗེས་སུ་དྲན་པའི་རྣལ་འབྱོར་ཡིན་པའི་ཕྱིར། གསུམ་པ་ནི། རྩེ་སྦྱོར་ཐོབ་ཟིན་པའི་སེམས་པས་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཁོང་དུ་ཆུད་པས་སྦྱིན་སོགས་བཅུ་གཉིས་པོ་མཐར་གྱིས་རྟོགས་པའི་རྣལ་འབྱོར་གང་ཡིན་པ་དེ་ཆོས་ཅན། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བའི་བྱ་བར་བཞེད་པ་ཡིན་ཏེ། དངོས་མེད་ངོ་བོ་ཉིད་དང་མཐར་གྱིས་བྱ་བ་སོགས་གསུམ་མི་འགལ་བར་ཉམས་སུ་ལེན་པའི་རྣལ་འབྱོར་ཡིན་པའི་ཕྱིར། སྐྱེ་མེད་རྣམ་གསུམ་རྟོགས་པའི་སྤོང་ལམ་དང༌། །རྣམ་པར་གྲོལ་བའི་རྟོག་པ་སྔོན་སོང་ནས། །ཁྱད་པར་ལམ་གྱིས་ཡོན་ཏན་ཀུན་བསྒྲུབ་པའི། །མཐར་གྱིས་བྱ་བ་བླ་ན་མེད་པར་བསྔོ། །གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་སོ།། །།རྟོགས་བྱའི་དོན་རྣམས་ཆོས་ཀྱི་དབྱིངས་ཉིད་དུ། །རོ་གཅིག་གྱུར་ཚེ་རྟོགས་མཛད་བློ་གཅིག་གིས། །སྐད་ཅིག་གཅིག་ལ་མངོན་རྫོགས་བྱང་ཆུབ་པར། །སྟོན་མཛད་མི་ཕམ་མགོན་ལ་ཕྱག་འཚལ་ལོ། །དེ་ལྟར་མཆོད་པར་བརྗོད་ནས། སྐད་ཅིག་མའི་སྦྱོར་བ་འཆད་པ་ལ་གསུམ་ལས། འབྲེལ་བཀོད་པས་མཚམས་སྦྱར་བ་ནི། མཐར་གྱིས་སྦྱོར་བའི་འོག་ཏུ་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་གསུངས་པ་ཡིན་ཏེ། རྟེན་གྱི་གང་ཟག་མཐར་གྱིས་པའི་མངོན་པར་རྟོགས་པ་བསྒོམས་པ་ནི་དགོས་པ་ཤིན་ཏུ་ཕུལ་དུ་བྱུང་བར་བྱ་བའི་ཕྱིར། ལས་སུ་བྱ་བ་སྔར་གྱི་བསྒོམ་བྱ་དེ་དག་ཉིད་བྱེད་པ་པོ་བློ་སྐད་ཅིག་མ་གཅིག་གིས་བསྒོམ་པས་སོ། །གཉིས་པ་འབྲེལ་པ་ཅན་གྱི་ཆོས་རྒྱས་པར་བཤད་པ་ལ། དབྱེ་བ་མདོར་བསྟན་པ་དང༌། མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྐད་ཅིག་མའི་སྦྱོར་བ་དེ་ཡང་ངོ་བོ་གཅིག་ལ་མཚན་ཉིད་དམ་ལྡོག་པས་ཕྱེ་ན་རྣམ་པ་བཞི་ཡོད་པས་ཤེས་པའོ། །གཉིས་པ་ལ་བཞི་ལས། དང་པོ་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་འཆད་པ་ལ་གསུམ་ལས། མཚམས་སྦྱོར་བ་ནི། རྟོགས་བྱ་རྣམ་པར་སྨིན་པ་མ་ཡིན་པའི་ཟག་པ་མེད་པའི་ཆོས་ཐམས་ཅད་རྟོགས་བྱེད་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་འཆད་དོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་སེམས་བསྐྱེད་པ་གཅིག་གིས་ཇི་ལྟར་ན་ཕ་རོལ་དུ་ཕྱིན་པ་དྲུག་ནས་དཔེ་བྱད་བཟང་པོའི་བར་རྫོགས་པར་འགྱུར་བ་ལགས། བཀའ་སྩལ་པ། ཤེར་ཕྱིན་གྱིས་ཟིན་པར་བྱས་ནས་དེ་ལྟར་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། ཞེས་སྦྱར། འགྲེལ་པ་ལ། དངོས་དང༌། ཤེས་བྱེད་ཀྱི་དཔེ་བཤད་པའོ། །དང་པོ་ནི། ཐུབ་པའི་མིང་གིས་བཏགས་པའི་བྱང་ཆུབ་སེམས་དཔའ་རྒྱུན་མཐའ་པའི་རྟོགས་པ་ནི་ཆོས་ཅན། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། རང་གི་དམིགས་པར་བྱ་བའི་ཟག་པ་མེད་པའི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པ་ཐམས་ཅད་དུས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱེད་པར་ནུས་པའི་རྣལ་འབྱོར་ཡིན་པའི་ཕྱིར། དེ་ལྟར་བྱེད་ནུས་པ་ཡིན་ཏེ། སྦྱིན་སོགས་ཟག་པ་མེད་པའི་ཡེ་ཤེས་སྐད་ཅིག་མ་གཅིག་པུ་དེས་ཟག་པ་མེད་པའི་སྦྱིན་སོགས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཆོས་རྣམས་བསྡུ་བྱེད་ཀྱི་ཡེ་ཤེས་གཅིག་པུ་དེའི་ངོ་བོར་བསྡུས་པའི་ཕྱིར། བསྡུས་པ་ལྟར་རྟོགས་པའི་རྒྱུ་མཚན་ཅི་ཞེ་ན། བདེན་པ་གཉིས་ཀྱི་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱིན་ཅི་ལོག་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་དང་བྲལ་བའི་ངོ་བོ་ཉིད་ཀྱིས་སོ། །ཡེ་ཤེས་གཅིག་གིས་ཡེ་ཤེས་ཐམས་ཅད་བསྡུས་པ་ཉིད་ཀྱང་ཅི་ཞེ་ན། ནགས་ཚལ་གྱིས་ཤ་པ་བསྡུས་པ་ལྟར་མང་པོས་གཅིག་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤ་པས་རང་གི་རྡུལ་རྫས་བརྒྱད་བསྡུས་པ་ལྟར་གཅིག་གིས་མང་པོ་བསྡུས་པ་ཡང་ཡོད་དེ། ཤེས་བྱ་ཐམས་ཅད་ཆོས་དབྱིངས་སུ་རོ་གཅིག་པའི་ཕྱིར། དེ་སྐད་དུ་ཡང༌། མདོ་དང་བསྟན་བཅོས་མང་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་དབྱེ་བ་མེད་པར་དགོངས་ནས། དངོས་པོ་གཅིག་གི་ངོ་བོ་ཉིད་དེས་དངོས་པོ་ཀུན་གྱི་ངོ་བོ་ཉིད་བསྡུས་ཤིང༌། བུམ་པ་ལྟ་བུ་ལས་གཞན་པའི་དངོས་པོ་ཀུན་གྱི་ངོ་བོ་ཉིད་དེ་ཡང་བུམ་པ་ལྟ་བུའི་དངོས་པོ་གཅིག་པོ་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན། ཡེ་ཤེས་གང་གིས་དངོས་པོ་གཅིག་གི་དེ་བཞིན་མཐོང་བའི་ཡེ་ཤེས་སྐད་ཅིག་མ་གཅིག་པུ་དེ་ཡིས་དངོས་པོ་ཀུན་གྱི་དེ་བཞིན་མཐོང་ཞེས་འབྱུང་བའི་ཕྱིར་རོ། །དོན་འདི་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་དང༌། ཆོས་དབྱིངས་ལ་དབྱེ་བ་མེད་པའི་ལུང་རིགས་རྒྱུ་མཚན་དུ་བྱས་ནས་རྒྱུན་མཐར་ཟག་མེད་ཀྱི་ཡེ་ཤེས་གཅིག་མངོན་དུ་བྱས་པ་ན་དེ་དང་མཐུན་པ་ཐམས་ཅད་མངོན་དུ་བྱས་པར་བསྒྲུབས་པ་ཡིན་ལ། དེའི་ཚེ་དུས་དེར་མངོན་དུ་བྱས་པའི་ཡེ་ཤེས་ཇི་སྙེད་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲུབ་པའོ། །དེའི་ཕྱིར་ཆོས་དབྱིངས་ཇི་སྙེད་པ་མེད་པར་དགག་པ་ཉིད་དུ་ངོས་འཛིན་པ་ནི་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་དེ་བཞིན་ཉིད་ལས་གཞན་བསྒོམ་པས་ཉམས་སུ་མྱོང་བར་བྱ་བའི་དེ་བཞིན་ཉིད་ཁས་མ་བླངས་པའི་ནོངས་པའོ། །ལུགས་དེ་དཔལ་ལྡན་ཟླ་བའི་ཞབས་ཀྱི་གཞུང་ལས་འབྱུང་བས་ལེགས་པར་བཤད་པའོ། །ཞེ་ན། ལུགས་དེ་མཐར་ཕྱིན་པར་འཆད་ན་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་དང་སངས་རྒྱས་ཀྱི་སར་ཡེ་ཤེས་ཡོད་པ་མིན་པ་ཉིད་དུ་ཁས་ལེན་དགོས་པ་ལས་ཁྱེད་ཀྱིས་ནི་དེ་ལྟར་འཆད་ནུས་པ་མ་ཡིན་ནོ། །དེ་ལྟར་དགོས་པ་ཅི་ཞེ་ན། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཀུན་རྫོབ་བདེན་པ་དང༌། དེའི་ཡུལ་ཅན་ཡེ་ཤེས་གཉིས་ཆོས་ཅན། གང་རུང་གཅིག་ཡོད་ཀྱི་ཚེ་ན་གཉིས་ཀ་ཡོད་པ་དང༌། གཅིག་མེད་ཀྱི་ཚེ་ན་གཉིས་ཀ་ཡོད་པ་མིན་ཏེ། ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི་ལུགས་དེ་དཔྱིས་ཕྱིན་པ་ཡིན་ལ། དེ་ཡང་ཁྱེད་ལ་ཡོད་པ་མ་ཡིན་ནོ། །འདིར་དྲངས་པའི་ལུང་རྐང་པ་དང་པོ་གཉིས་ནི་མདོ་དང་བྱམས་པའི་ཆོས་སུ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་འབྱུང་བ་དེ་ཡིན་ལ། རྐང་པ་ཕྱི་མ་གཉིས་ནི། འཕགས་པ་ལྷས། གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བོ་ཉིད། །ཅེས་གསུངས་པ་དེའོ། །འོ་ན་ཆོས་གཅིག་གི་དེ་བཞིན་ཉིད་མཐོང་བ་ན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ངེས་པ་འདྲེན་དགོས་ཏེ། ཇི་སྐད་དུ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་སོ། །དེ་ཡང་དེ་ལྟ་ན་ནི་སློབ་དཔོན་འདིའི་བཞེད་ཀྱིས། དམིགས་པ་དག་པ་གོང་ནས་གོང་དུ་འགྲོ་བའི་རྣམ་གཞག་དང༌། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ངེས་པ་འདྲེན་ཚུལ་འཆད་པ་རྣམས་དང་འགལ་ལོ་ཞེ་ན། རང་བཞིན་རྣམ་དག་གི་ཆོས་ཉིད་གཅིག་པུའི་རང་ལྡོག་ནས་མངོན་སུམ་དུ་མཐོང་བ་ལ་ངེས་པ་འདྲེན་ནུས་མི་ནུས་ཀྱི་དབྱེ་བ་མི་ཕྱེད་ཀྱང༌། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆ་ལ་དེ་ལྟར་བཤད་པ་ཡིན་པས་ཉེས་པ་མེད་དོ། །གཉིས་པ་ལ་གསུམ་ལས། དང་པོ་གཉིས་ནི། གཞུང་ཇི་ལྟ་བ་བཞིན་དུ་འཆད་ལ། འདི་ལ་ཡུམ་གྱི་མདོ་མེད་དོ། །འགྲེལ་པ་ནི། ས་བཅུ་པའི་རྒྱུན་མཐར་དུས་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་བྱ་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་པ་ན། དེ་དང་རིགས་མཐུན་པ་ཐམས་ཅད་མངོན་དུ་བྱེད་ནུས་པ་ཡིན་ཏེ། དེ་ལྟར་བྱེད་ནུས་སུ་གྱུར་ཅིག་ཅེས་སྔོན་གྱི་སྨོན་ལམ་གྱི་འཕེན་པ་དང༌། འཕེན་པ་དེ་འགྲུབ་པར་བྱེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། རྟོགས་བྱེད་རྒྱུན་མཐའི་ཡེ་ཤེས་ཀྱིས་རྟོགས་བྱའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་མཐུ་ལས་དེ་ལྟར་ནུས་པའི་ཕྱིར། དེར་ནུས་པའི་ཤེས་བྱེད་ནི། རྒྱུན་མཐའ་ནས་བཟུང་སྟེ་སངས་རྒྱས་ཀྱི་ས་ཐམས་ཅད་དུ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་ནི་ཐ་སྙད་དུ་ཡང་མེད་དོ། །དཔེ་ཇི་ལྟར་ན་བཟོ་བོ་མཁས་པས་སྔོན་གྱི་དུས་སུ་བཟོ་ལེགས་པར་བྱས་པའི་མཐུས་ད་ལྟར་གྱི་དུས་སུ་ལས་བྱེད་པའི་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན་ཟོ་ཆུན་གྱི་རྒྱུད་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་འགུལ་བ་དེ་བཞིན་ནོ། །གཉིས་པ་རྣམ་པར་སྨིན་པའི་སྦྱོར་བ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། འདིར་རྟོགས་བྱ་སྐད་ཅིག་མ་གཅིག་པའི་མཚན་ཉིད་ཅན་དུ་བཤད་པ་ནི། ཟག་མེད་ཀྱི་ཡོན་ཏན་སྐད་ཅིག་དང་པོ་མངོན་དུ་བྱས་པ་ན་དེའི་རིགས་འདྲ་ཕྱི་མ་རྣམས་ཀྱང་བྱས་ཞེས་པའི་དོན་ནི་མ་ཡིན་གྱི། རྟོགས་བྱ་གཅིག་པུ་དེའི་སྟེང་ན་ས་དེས་བསྡུས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་མ་ཚང་བ་མེད་པའི་དོན་ནོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། བྱང་ཆེན་སེམས་བསྐྱེད་པ་གཅིག་གིས་རྣམ་པར་སྨིན་པ་ལས་བྱུང་བའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་པར་འགྱུར་བ་ལགས། ཞེས་པའི་ལན་དུ་གསུངས་པའི་མདོ་ཚན་ཆོས་ཅན། ཞེས་སྦྱར། རྣམ་པར་སྨིན་པ་མ་ཡིན་པའི་ཐ་སྙད་མདོ་དང་རྒྱན་ན་མེད་ཀྱང༌། སློབ་དཔོན་གྱིས་མདོ་གཞུང་འདི་དག་ལ་རྗེས་སུ་དཔགས་ནས་ཐ་སྙད་དེ་མཛད་དོ། །སྨིན་མ་སྨིན་གྱི་ཁྱད་པར་མ་དག་ས་དང་དག་པའི་སར་ཐོབ་པའི་ཟག་མེད་ཀྱི་རིགས་རྒྱུན་རྒྱུན་མཐར་ཚང་བ་དེ་ལ་འཆད་པ་དག་མང་ན་ཡང༌། གཞུང་འགྲེལ་ཉིད་ལ་བརྟགས་པ་ན་གནས་ངན་ལེན་གྱི་དྲི་མའི་སྦུབས་ལས་མ་གྲོལ་བའི་ས་ན་ཡོད་པ་དང་གྲོལ་བའི་སས་བསྡུས་པ་ལ་འཆད་པ་ཉིད་དགོངས་པ་སྟེ། རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐུ་ལ་བཤད་པའི་ཕྱིར་དང༌། དྲི་མ་ཐམས་ཅད་དང་བྲལ་བར་བཤད་པའི་ཕྱིར། འགྲེལ་པ་ནི། རྟོགས་པ་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་ཁོ་ན་ལ་རྟོགས་བྱ་རྣམ་པར་སྨིན་པ་ཆོས་ཀྱི་སྐུའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་སྦྱིན་སོགས་ནས་དཔེ་བྱད་བཟང་པོའི་བར་རྟོགས་པ་སྟེ་མངོན་དུ་བྱེད་པའི་ཡེ་ཤེས་ནི་ཆོས་ཅན། མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་གིས་བསྟན་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་གཅིག་མངོན་དུ་བྱས་པའི་ཚེ་དེའི་ཡོན་ཏན་གཞན་ཐམས་ཅད་ཀྱང་སྐད་ཅིག་མ་དེ་ཉིད་ལ་མངོན་དུ་བྱེད་ནུས་པའི་རྣལ་འབྱོར་ཡིན་པའི་ཕྱིར། རྟོགས་བྱ་རྣམ་སྨིན་གྱི་ཡེ་ཤེས་དེ་དང་དེ་ལྟར་བྱེད་ནུས་པ་དེ་ནམ་གྱི་ཚེ་ཞེ་ན། དུས་གང་གི་ཚེ་བྱང་ཆུབ་སེམས་དཔས་གཉེན་པོ་བར་ཆད་མེད་པའི་རྩེ་སྦྱོར་བསྒོམས་པས་མི་མཐུན་པའི་ཕྱོགས་གནས་ངན་ལེན་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ན་འཐོབ་པའི་ཡོན་ཏན་སྦྱིན་སོགས་ནས་དཔེ་བྱད་བཟང་པོའི་བར་གྱི་རྣམ་པར་བྱང་བའི་ཕྱོགས་མཐའ་དག་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་སུ་གྱུར་ཏེ་སྒྲིབ་བྱེད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་སྟོན་ཀའི་ཟླ་བའི་འོད་བཞིན་དུ་དཀར་བའི་ངོ་བོ་ཉིད་སྐྱེས་པ་དེའི་ཚེ་ནའོ། །འདི་ལྟར་འཆད་པ་ཉིད་མདོ་གཞུང་གི་དགོངས་པ་ཡིན་ཏེ། རབ་འབྱོར་གྱིས་རྣམ་པར་སྨིན་པའི་ཆོས་དེ་རྣམས་གང་ཡིན་ཞུས་པའི་ལན་དུ་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་སྟོན་བྱེད་ཀྱི་མདོ་རྣམས་གསུངས་སོ། །གཉིས་པ་རྟོགས་བྱེད་ཡུལ་ཅན་གྱི་སྐད་ཅིག་མའི་སྦྱོར་བ་བཤད་པ་ལ་གཉིས་ཏེ། མཚན་ཉིད་མེད་པའི་དང༌། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི་དེ་ལྟར་སོགས་སོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་རང་གི་མཚན་ཉིད་མ་མཆིས་པ་ལ། སྦྱིན་པ་ལ་སོགས་པའི་ཆོས་རྣམས་ཇི་ལྟར་རྫོགས་པར་བགྱི། ཞེས་ཞུས་པའི་ལན་གྱི་མདོ་རྣམས་ཆོས་ཅན། ཞེས་སྦྱར། སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་རྨི་ལམ་བཞིན་དུ་ངེས་པར་རྟོགས་པའི་རྣམ་པ་ཅན་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པའི་མིང་ཅན་གྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ཏེ། བློ་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་ནི་མཚན་ཉིད་མེད་པའོ། །ཞེས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་མཚན་ཉིད་མེད་པ་ཉིད་དུ་ཤེས་པའི་རྣལ་འབྱོར་ཡིན་པས་སོ། །ཆོས་ཐམས་ཅད་ལ་མཚན་ཉིད་མེད་ན་སྦྱིན་སོགས་ཇི་ལྟར་སྒྲུབ་ཅེ་ན། སྔོན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོམས་པས་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་རྟོགས་པ་མཐར་ཕྱིན་པ་རྒྱུན་མཐའི་གནས་སྐབས་འདི་ན་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་གྱུར་པ་སྟེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མི་དམིགས་པར་གྱུར་པ་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡེ་ཤེས་ཀྱི་ངོ་བོར་བསྒྲུབས་ཏེ་གནས་པ་ཡིན་ནོ། །འདིའི་དོན་ནི་གནས་སྐབས་འདིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་བས་མ་དམིགས་ཀྱང༌། དོན་དམ་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཚོགས་གཉིས་མཐར་ཕྱིན་པར་གྲུབ་པའོ། །གཉིས་པ་གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་སོགས་སོ། །རྩ་བ་ལ། རབ་འབྱོར་གྱིས་གསོལ་པ། རྨི་ལམ་དང་སྒྲ་བརྙན་སོགས་ཇི་ལྟ་བུ་ཞུས་པའི་ལན་དུ། རྨི་ལམ་སོགས་དང་དེའི་ཡུལ་ཅན་གཉིས་ཀ་མི་དམིགས་པར་སྟོན་པའི་མདོ་རྣམས་ཆོས་ཅན། ཞེས་སྦྱར། འགྲེལ་པ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་གཉིས་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པའི་ཕྱིར་ན་རྒྱུན་མཐའི་ཡེ་ཤེས་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་ཡིན་ནོ། །དེའི་ཚེ་དེ་ལྟར་རྟོགས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡུན་རིང་མོ་ཞིག་ནས་བར་ཆད་མེད་པར་གཉིས་སུ་སྣང་བ་སྤོང་བ་ལ་གོམས་པ་ངང་དུ་གྱུར་པས་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་བྱང་ཆུབ་སེམས་དཔའ་རྒྱུན་མཐའ་པ་གང་གི་ཚེ་ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པའི་ཚུལ་དུ་མི་མཐོང་བ་དེའི་ཚེ་ན་དེ་ལྟར་རྟོགས་པ་ཡིན་ནོ། །དེའི་དཔེ་ནི། བྱིས་པ་རྣམས་ཀྱིས་ཀྱང་རྨི་ལམ་ལ་གཟུང་བ་དང༌། རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་མཚོན་ནུས་པའོ། །འདིར་སྨྲས་པ། རྒྱུན་མཐའི་ཡེ་ཤེས་མཐར་ཐུག་པ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད། །ཡིན་ཕྱིར་དེ་ཡིས་དྲུངས་འབྱིན་པ། །མིན་པའི་སྒྲིབ་གཞན་ཡོད་མ་ཡིན། །གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་སོ།། །།སྐྱེ་མེད་གསུམ་ལ་ཐོས་དང་བསམ་པའི་བློ། །ཀུན་མཁྱེན་ཉིད་གསུམ་ཞེས་བྱར་མཚན་གསོལ་བ། །རྣམ་ཀུན་མངོན་རྫོགས་རྟོགས་པའི་སྦྱོར་བ་ཡིས། །མཐར་ཕྱིན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གསུམ་པ་འབྲས་བུ་ཆོས་ཀྱི་སྐུ་བཤད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར། ཆོས་སྐུའི་རང་བཞིན་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྐད་ཅིག་མ་ཞེས་སོགས་ཏེ། འདིར་བྱང་ཆུབ་པའི་མིང་ཅན་ནི། སྐད་ཅིག་མ་གཅིག་པའི་དང༌། ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པའི་འོ། །གཉིས་པ་ལ། རྟེན་སྐུ་བཤད་པ་དང༌། བརྟེན་པ་ཕྲིན་ལས་བཤད་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། དེ་ཡང་སོགས་སོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། རང་དོན་དོན་དམ་པའི་སྐུ་གཉིས་བཤད་པ་དང༌། གཞན་དོན་ཀུན་རྫོབ་པའི་སྐུ་གཉིས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་ཆོས་དབྱིངས་ངོ་བོ་ཉིད་སྐུར་བཤད་པ་དང༌། མཐར་ཐུག་གི་འགོག་བདེན་དབྱེར་མེད་པའི་ཡོན་ཏན་ལ་ཆོས་སྐུར་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། དང་པོ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། འདིར་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཡིན་ལ། དེ་ལ་ཡང་ཐོས་བསམ་ལ་སྒྲོ་འདོགས་བཅད་པའི་དང༌། སྒོམ་བྱུང་གིས་ཉམས་སུ་མྱོང་བྱའི་ཆོས་དབྱིངས་གཉིས་ལས། དང་པོ་ནི། མེད་པར་དགག་པ་སྟེ་སྒྲོ་འདོགས་ཀྱི་མཐའ་སེལ་བར་བྱེད་དོ། །གཉིས་པ་ནི། གཟུང་འཛིན་དང་བྲལ་བའི་ཡེ་ཤེས་ཏེ་སྐུར་འདེབས་ཀྱི་མཐའ་སེལ་བར་བྱེད་དོ། །འདིར་ནི་ཕྱི་མ་ཉིད་འཛིན་དགོས་པ་ཡིན་ཏེ། སྒྲོ་སྐུར་གྱི་མཐའ་གཉིས་དང་བྲལ་བའི་གློ་བུར་རྣམ་དག་གི་ཡེ་ཤེས་ལ་ངོ་བོ་ཉིད་སྐུར་འཇོག་པའི་ཕྱིར། རྩ་བ་ནི། རབ་འབྱོར་གྱིས། ཟག་པ་མེད་པའི་ཆོས་རྣམས་གང་ཡིན་ཞེས་ཞུས་པའི་ལན་དུ་བྱང་ཕྱོགས་སོ་བདུན་ནས་གཞི་ཐམས་ཅད་ཤེས་པ་ཉིད་ཀྱི་བར་སྟོན་བྱེད་མདོ་ཚན་ཉེར་གཅིག་ཆོས་ཅན། ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་དང་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་རྒྱས་པར་བཤད་པ་ཡིན་ཏེ། ཞེས་སྦྱར། སྐུ་སྔ་མ་གཉིས་ལ་བཤད་བྱའི་མདོ་གཅིག་ལས་མེད་ཀྱང༌། སློབ་དཔོན་གྱིས་སངས་རྒྱས་སའི་རང་བཞིན་རྣམ་དག་གི་ཆ་གཞི་དུས་ནས་ཡོད་པ་དེ་དང༌། སྟོབས་སོགས་ཡོན་ཏན་གྱི་ཆ་ལྡོག་པས་སོ་སོར་ཕྱེ་ནས་སྐུ་དང་པོ་གཉིས་སོ་སོར་བཤད་པ་ཡིན་ནོ། །སྐུ་སོ་སོའི་རྣམ་གཞག་ལྡོག་པས་འབྱེད་པ་མི་འཐད་ན་ནི་སྐུ་གསུམ་དུ་དབྱེ་བའང་མི་འཐད་པར་འགྱུར་རོ། །འགྲེལ་པ་ལ་གསུམ་སྟེ། ངོ་བོ་ཉིད་སྐུའི་རང་བཞིན། དེ་ཇི་ལྟར་འཐོབ་པའི་ཚུལ། སྐུ་ལྷག་མ་གསུམ་ཐ་དད་དུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཟག་པ་མེད་པའི་ཡེ་ཤེས་མཐར་ཐུག་པ་གང་དག་ཡིན་པ་དེ་དག་གི་ངོ་བོ་ཉིད་རིགས་པས་དཔྱད་ན་སྐྱེ་བ་མེད་པའི་རང་བཞིན་གྱི་ངོ་བོ་ཉིད་འདི་ནི་ཆོས་ཅན། སྐུ་བཞིའི་ཐོག་མར་བསྟན་པ་འདི་ཡིན་ཏེ། སྤང་བྱའི་དྲི་མ་རྣམས་རྣམ་པ་ཐམས་ཅད་དུ་གཉེན་པོས་རྣམ་པར་དག་ཅིང༌། དྲི་མ་དེ་ཡང་གློ་བུར་བ་ཉིད་ཀྱིས་ན་རང་བཞིན་གྱིས་རྣམ་པར་དབེན་པའི་མཚན་ཉིད་དུ་གྱུར་པ་སྟེ་དག་པ་གཉིས་དང་ལྡན་པའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ཆོས་དབྱིངས་དེ་ཡང་ཡོན་ཏན་གྱི་ཁྱད་པར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་རྣམ་མཁྱེན་ལ་ཐུག་པའི་ཡེ་ཤེས་རྣམས་ཀྱི་བདག་ཉིད་དོ། །དེ་ཡང་སངས་རྒྱས་ཀྱི་སར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་ཁས་མི་ལེན་པས་འོག་ནས་འཆད་པའི་ཡོན་ཏན་རྣམས་ཀྱང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཆད་དགོས་ཀྱང༌། འགོག་ལམ་གྱི་དབྱེ་བས་སོ་སོར་འཆད་དོ། །གཉིས་པ་ནི། ཡོན་ཏན་གྱི་ཁྱད་པར་དེ་ཡང་ཆོས་དབྱིངས་ལ་ངོ་བོ་ཉིད་ཀྱིས་གནས་པ་ཡིན་ནམ་ཞེ་ན། ཡོན་ཏན་གྱི་ཁྱད་པར་དེ་དག་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་པ་ཡིན་གྱི། གདོད་མ་ནས་གྲུབ་པ་མ་ཡིན་ཏེ། རྣམ་པར་ཤེས་པའམ་ཡེ་ཤེས་སྒྱུ་མ་ལྟ་བུས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་འཐོབ་པ་ཡིན་པའི་ཕྱིར། ཡོན་ཏན་དེ་དག་དང་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་སྐུ་ཆོས་ཅན། གསར་དུ་བྱས་པ་མིན་ཏེ། རང་གི་ངོ་བོ་བཅོས་མ་མ་ཡིན་པའི་དོན་གྱིས་སོ། །གསུམ་པ་ནི། སྐུ་ལྷག་མ་གསུམ་པོ་ཆོས་ཅན། རྫས་ཀྱི་སྒོ་ནས་ངོ་བོ་ཉིད་ཀྱི་སྐུ་དང་ཐ་མི་དད་པ་ཡིན་ཏེ། དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་ཡང་དག་པའི་ཀུན་རྫོབ་ཏུ་ཐ་དད་པར་རྣམ་པར་འཇོག་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སོ་སོའི་སྣང་ཚུལ་ལ་ཇི་ལྟར་སྣང་བ་བཞིན་མོས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། ཆོས་སྐུ་གཅིག་པུ་ལ་སྣང་ཚུལ་ཐ་དད་དུ་འཆར་བའི་རྒྱུ་མཚན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་ཆོས་ཀྱི་སྐུ་ཉིད་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་སྣང་ལ། སྣང་བ་ལྟར་ཐ་སྙད་ཀྱི་ཚེ་གསུང་རབ་ལས་སྐུ་གསུམ་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྐུ་ལྷག་མ་གསུམ་ཆོས་ཉིད་ཀྱི་ངོ་བོར་གནས་པའི་ལུང་གི་ཤེས་བྱེད་ནི། ལུང་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པས་དབེན་གྱུར་ལས། །ཐ་མ་དད་པ་ཉིད་དུ་འདོད། །ཅེས་འབྱུང་བའི་ཕྱིར་རོ། །ལུང་འདི་བརྒྱད་སྟོང་དོན་བསྡུའི་འགྲེལ་པར། བློའི་ནོར་ཅན་དག་གི་ལུགས་ལས་ཞེས་དྲངས་པ་དེ་ཡིན་མོད། ལུང་དེའི་དོན་ནི་དབུས་མཐའ་སོགས་བྱམས་པའི་གཞུང་གི་དགོངས་པ་མཐར་ཐུག་པ་ཡིན་ཏེ། གནས་ཚུལ་ལ་ཡོད་པའི་སྟོང་ཉིད་ཀྱི་ངོ་བོ་ཡེ་ཤེས་སུ་བཤད་པ་དང༌། དབེན་གྱུར་ཞེས་པ་གཞན་དབང་གི་ངོས་འཛིན་གཟུང་འཛིན་གཉིས་སྣང་གི་རྣམ་ཤེས་དེས་དབེན་པ་ཞེས་པ་ཆོས་དབྱིངས་ཡེ་ཤེས་ལས་ཐ་མི་དད་པ་ལ་འཆད་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ལུགས་དེར་ཀུན་བརྟགས་ཀྱི་ངོ་བོ་ནི་ཐ་སྙད་དུ་ཡང་ཡོད་པར་ཁས་མི་ལེན་པས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ཀྱང་བྱང་ཆུབ་སེམས་དཔའ་དང་ཉན་རང་སོགས་ལ་སྐུ་དེ་དང་དེར་སྣང་བ་ནི་སྣང་མཁན་རང་གི་ཤེས་པར་འདུས་པས་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་དང་འཛིན་པ་ཀུན་བརྟགས་སུ་འཆད་དགོས་པ་དེའི་ཕྱིར། ཀུན་རྫོབ་པའི་སྐུ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། དེ་ལྟར་སོགས་ཏེ། སངས་རྒྱས་ཀྱི་སར་གསར་བྱུང་གི་ཡོན་ཏན་རྣམས་ངོ་བོ་ཉིད་སྐུར་མི་བཞེད་པའི་དོན་ཡིན་ལ། འཕགས་པས་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གང་གྱུར་པ་དེ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡིན་ལ། དེ་ཡང་མཐར་ཆོས་དབྱིངས་ལས་གཞན་དུ་མེད་པས་ངོ་བོ་ཉིད་ཀྱི་སྐུ་ཁོ་ནར་བཞེད། སློབ་དཔོན་གྱིས་ཀྱང་ཇི་སྐད་དུ། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཞེས་པས་དོན་འདི་ཉིད་ངེས་པར་བཞེད་དགོས་ཀྱང༌། འོག་ནས་རྩོད་ལན་གྱི་དོན་གང་ཡིན་བརྟག་པར་བྱའོ། །གཉིས་པ་དངོས་གྱི་དོན་ལ་གསུམ་སྟེ། ཆོས་སྐུའི་རང་བཞིན། ཡོན་ཏན་གྱི་ཁྱད་པར། རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཡེ་ཤེས་ཀྱི་སྐུ་ལོགས་པར་བཞག དེ་ལྟར་མི་འདོད་པ་དགག དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། རྩ་བ་ནི། འདིར་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཏུ་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་ཀྱི་སྐུ་མེད་པའི་ལོག་རྟོག་བཀག་ནས། གནས་ཚུལ་གྱི་སངས་རྒྱས་ཐམས་ཅད་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སུ་བསྡུ་བའི་ཆེད་ཡིན་པས་སོ། །འགྲེལ་པ་ལ། ཡོན་ཏན་སོ་སོར་དབྱེ་བ་དང༌། ཐམས་ཅད་ཆོས་སྐུར་བསྡུ་བའོ། །དང་པོ་ནི། དྲན་པ་ཉེར་གཞག་སོགས་ནས་བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་རྣམས་སངས་རྒྱས་ཀྱི་སར་ཡོད་པ་ནི་ཆོས་ཅན། ཆོས་ཀྱི་སྐུ་ཡིན་ཏེ། ཟག་བཅས་མ་ལུས་པ་གནས་ཡོངས་སུ་གྱུར་པའི་ཆོས་ཡིན་པའི་ཕྱིར། འོག་མ་ཉི་ཤུ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ཚད་མེད་པ་སོགས་ནི་གཞུང་ཇི་ལྟ་བ་བཞིན་ཏེ་སྔར་བཤད་ཟིན་ཏོ། །ཟད་པར་བཅུ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དམིགས་ཡུལ་ས་ནས་བཟུང་སྟེ། རྣམ་པར་ཤེས་པ་ཞེས་བྱ་བའི་བར་གཟུང་བའི་རྣམ་པས་ཡུལ་མཐའ་དག་ལ་ཁྱབ་པར་སྤྲོ་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་རྣམས་སོ། །ཟད་པར་དང་མཐའ་དག་དང་མཐའ་ཡས་རྣམས་མིང་གི་རྣམ་གྲངས་ཡིན་ལ། བོད་སྔ་མ་རྣམས་སངས་རྒྱས་ཀྱི་སར་ཡང་བཅུ་པོ་འཁྲུལ་ཤེས་སུ་འདོད་མོད། སངས་རྒྱས་ཀྱི་ཡེ་ཤེས་ལ་ས་སོགས་ཕྱི་རོལ་གྱི་དོན་དང་ནམ་མཁའ་དང་རྣམ་ཤེས་དོན་གཞན་དེར་སྣང་བ་མིན་གྱི། ཡེ་ཤེས་ཉིད་ས་སོགས་ཀྱི་རྣམ་པར་སྤྲོས་པའི་མཁྱེན་པར་འཆད་དགོས་པས་སོ། །དེར་མ་ཟད་རྣམ་ཐར་དང་ཟིལ་གནོན་གྱི་ཚེ་ཡང་ཕྱི་རོལ་གྱི་གཟུགས་སོགས་ཀྱི་རྣམ་པ་དངོས་སུ་སྣང་བ་མིན་གྱི། ཡེ་ཤེས་ཉིད་དེ་དང་དེའི་རྣམ་པར་འཆར་ནུས་པའོ། །གཞན་དུ་ན་རྣལ་འབྱོར་གྱི་ས་གཉིས་པས་བསྟན་པའི་ལམ་རིམ་དོན་མེད་པར་འགྱུར་རོ། །ཟིལ་གནོན་བརྒྱད་ནི་ཕལ་ཆེར་གཞུང་ཇི་ལྟ་བ་བཞིན་ཏེ། ཟིལ་གནོན་དང་པོ་བཞི་རྣམ་ཐར་དང་པོ་གཉིས་ལ་བརྟེན་ནས་བསྒྲུབ་དགོས་པ་དང༌། ཟིལ་གྱིས་གནོན་བྱེད་ཞི་གནས་ལ་བཤད། ཕྱི་མ་བཞི་སྡུག་པའི་རྣམ་ཐར་གྱིས་བསྒྲུབ་པ་དང༌། ཟིལ་གྱིས་གནོན་བྱེད་ལྷག་མཐོང་ལ་བཤད། ཡོངས་སུ་དག་པ་བཞི་ནི། རྟེན་ལུས་འདོར་ལེན་དང༌། དམིགས་པ་སྤྲུལ་བསྒྱུར་དང༌། ཐུགས་ཏིང་ངེ་འཛིན་མང་པོ་དང༌། ཡེ་ཤེས་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་རྙེད་པས་ན་རྟེན་སོགས་ཡོངས་སུ་དག་པའོ། །དབང་བཅུ་ལ། ཚེ་ལ་དབང་བ་ནི་བསམ་གཏན་གྱི་རབ་མཐའ་ལ་བརྟེན་ནས་ཚེ་བསྐལ་པ་མང་པོར་བྱིན་གྱིས་རློབ་ནུས་པ་དང༌། དེ་ལ་བརྟེན་ནས་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་དང༌། ཡོ་བྱད་ཀྱི་ཆར་འབེབས་ནུས་པ་དང༌། མྱོང་འགྱུར་གྱི་ལས་གཞན་གཉིས་མཐོང་ཆོས་ལ་བསྒྱུར་ནུས་པ་དང༌། གོང་མའི་དངོས་གཞི་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་ནུས་པ་དང༌། སྨོན་ལམ་དཔག་མེད་འགྲུབ་པ་དང༌། རྫུ་འཕྲུལ་མཐའ་ཡས་སྟོན་ནུས་པ་དང༌། སོ་སོར་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་ལ་དབང་བ་དང༌། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་རྣམས་གདུལ་བྱའི་བསམ་པ་དང་མཐུན་པར་སྟོན་པ་ལ་དབང་འབྱོར་བའོ། །དེ་ནས་གཞན་རྣམས་ནི་གཞུང་ཇི་ལྟ་བ་བཞིན་དུ་འདོན་པ་ཉིད་ཀྱིས་རྟོགས་པར་སླ་ལ། དང་ཞེས་བྱ་བའི་སྒྲས་ནི་མཁྱེན་པ་གཞན་གཉིས་བསྡུ་བ་ཡིན་ཏེ། མདོ་ཉིད་ལས་དེ་ལྟར་གསལ་བའི་ཕྱིར། སྔར་བཤད་པ་ཞེས་པ་འདི་ལ་བཤད་ཚུལ་གཉིས་ཏེ། སྐབས་དང་པོར་འཕགས་པ་གསུམ་པོ་ཁོ་ནའི་རྒྱུ་དང་འབྲེལ་བར་བཤད་པ་གཅིག་དང༌། སྐབས་གཉིས་པར་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཤེས་པའི་ཆ་ནས་མཁྱེན་པ་གསུམ་དུ་འཇོག་པའི་ཚུལ་དང་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། དེ་ཙམ་གྱིས་གཞི་ཤེས་པ་དང༌། ལམ་ཤེས་པར་འཇོག་ནུས་པ་ཡང་གདུལ་བྱ་ཐེག་དམན་དང་བྱང་ཆུབ་སེམས་དཔའི་རིགས་ཅན་རྗེས་སུ་འཛིན་ནུས་པས་ཡིན་པ་ལ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པ་ཡང་དོན་དེ་ལ་འཇོག་པའི་ཕྱིར། གཉིས་པ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་གཟུང་འཛིན་གྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་བཅས་མ་ལུས་པའི་གནས་ཡོངས་སུ་གྱུར་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དུ་གྱུར་པ་ཐམས་ཅད་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུ་ལས་ལོགས་སུ་ཆོས་ཀྱི་སྐུ་ཞེས་བྱ་བར་མངོན་པར་བརྗོད་པ་ཡིན་ཏེ། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་ཡིན་པས་སོ། །འདིར་གནས་ཤེས་པ་ནི་གཞི་དུས་ཀྱི་ཀུན་གཞི་ཡིན་ལ། དེ་ལ་ཟག་མེད་ཡེ་ཤེས་ཀྱི་ཆ་དང༌། ཟག་བཅས་རྣམ་ཤེས་ཀྱི་ཆ་གཉིས་ལས། ཕྱི་མ་ལ་ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆ་གཉིས་རྣམས་སོ། །གྱུར་པ་ཞེས་བྱ་བ་ནི། ཟག་བཅས་ཀྱི་ཆ་དེ་དག་གཉེན་པོའི་སྟོབས་ཀྱིས་གཞན་དུ་སོང་ནས་ཡེ་ཤེས་ཀྱི་ཆ་དེ་སྒྲིབ་བྲལ་གྱི་ངོ་བོ་ཉིད་དུ་གྱུར་པའོ། །དེ་དུས་ཀྱི་གཉེན་པོ་དེ་ཀུན་གཞིའི་ཡེ་ཤེས་ཀྱི་ངོར་སྐྱེ་བ་ཡིན་ནམ་ཞེ་ན། རྣམ་ཤེས་ཚོགས་བརྒྱད་པོའི་འཛིན་རྣམ་གྱི་ཆ་ལ་དབྱེ་བ་མ་བཤད་པས་མཐར་ཐུག་དེ་ལྟར་ཁས་བླངས་ཀྱང་མི་འགལ་བ་ནི་བདེ་གཤེགས་སྙིང་པོའི་ངོས་འཛིན་ལས་ཀྱང་རྟོགས་ནུས་ཏེ། སྙིང་པོ་དེ་ཉིད་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་དུ་སྐྱེ་དགོས་པའི་ཕྱིར། དེ་ལྟ་ན་ཡང་རེ་ཞིག་གོ་སླ་བར་འཆད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་གི་འཛིན་རྣམ་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་གྱི་ངོ་བོར་བསྒྲུབས་ནས། གྲུབ་ཟིན་པ་དེའི་ཚེ་ཟག་བཅས་ཀྱི་ས་བོན་མ་འོངས་པ་ན་འཇོག་པ་ཐམས་ཅད་ཁེགས་ནས་རྣམ་སྨིན་རྒྱུན་ཆད་པ་ན་ཀུན་གཞིའི་ཡེ་ཤེས་ཀྱི་ཆ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་འཁྲུངས་པ་དེ་ལ་གནས་གྱུར་མཐར་ཐུག་པ་ཞེས་བྱ་བའི་ཐ་སྙད་མཛད་པ་ཡིན་ནོ། །དེའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་རྫས་སུ་ན་ཆོས་དབྱིངས་ཡེ་ཤེས་ལས་གཞན་མ་ཡིན་ཀྱང༌། གདུལ་བྱ་གཉིས་སྣང་ཅན་གྱི་ཤེས་པ་ལ་ལྟོས་ནས་གནས་ཚུལ་གྱི་ལོངས་སྤྱོད་རྫོགས་སྐུ་དང༌། དེ་ཉིད་འཕགས་པའི་གང་ཟག་གི་གཟུགས་ཅན་དུ་སྣང་བ་ལ་སྣང་ཚུལ་གྱི་ལོངས་སྐུ་ཞེས་འཇོག་ལ། འགྲེལ་པ་འདིར་ནི་སྔ་མ་དེ་རྟོགས་ཡེ་ཤེས་ཆོས་སྐུ་དང༌། ཕྱི་མ་ལོངས་སྤྱོད་རྫོགས་སྐུའི་ངོས་འཛིན་དང༌། ཆོས་དབྱིངས་ཡེ་ཤེས་ལ་ངོ་བོ་ཉིད་ཀྱི་སྐུར་མཛད་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུའི་རྣམ་གཞག་སྐུ་གསུམ་ལས་ལོགས་སུ་འཆད་པ་འདི་ནི་སྔོན་གྱི་འགྲེལ་མཛད་ཁ་ཅིག་གི་བཞེད་པ་སྟེ། སློབ་དཔོན་རང་གི་ལུགས་ཀྱང་དེ་ཉིད་དོ། །གཉིས་པ་མི་འཐད་པའི་ཕྱོགས་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། འཕགས་པ་གྲོལ་སྡེ་སོགས་གཞན་དག་ནི་ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་སྒྲ་ཇི་བཞིན་པ་ཉིད་དུ་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་པོ་རྣམས་ཁོ་ན་ངོ་བོ་ཉིད་སྐུའི་ཡོན་ཏན་དུ་ཁས་བླངས་ནས། ཡོན་ཏན་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་ཅན་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། ཡོན་ཏན་དེ་དག་གི་ངོ་བོ་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར། འོ་ན་ཡོན་ཏན་དེ་དག་དེའི་ཆོས་ཉིད་མིན་པའི་ཕྱིར། ངོ་བོ་ཉིད་ཀྱི་སྐུར་ནི་མི་རིགས་ཤིང༌། ཆོས་ཀྱི་སྐུར་ནི་བརྗོད་པ་ཡིན། །ཞེས་གསུངས་པས་སྐུ་ལོགས་པར་འཇོག་རིགས་སོ། །ཞེ་ན། སྡེ་ཚན་ཉེར་གཅིག་པོ་དེ་ཉིད་ཀྱང་ངོ་བོ་ཉིད་དང་དབྱེར་མེད་པའི་ཕྱིར། ཆོས་ཉིད་ཀྱི་སྐུ་ཡིན་པས་གཞུང་དུ། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། ཞེས་འགོད་རྒྱུ་ཡིན་ཀྱང༌། སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཏ་མི་མངོན་པར་བྱས་ནས་ཆོས་ཀྱི་སྐུའོ་ཞེས་བསྟན་ཏོ། །ཞེས་རྣམ་པར་བཤད་ནས། ཆོས་ཀྱི་སྐུ་སྡེ་ཚན་ཉེར་གཅིག་པོ་གང་དག་གི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ངོ་བོ་ཉིད་ཀྱི་སྐུ་དེའི་ཡོན་ཏན་དུ་གྱུར་པའི་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་པོ་དེ་དག་ཀྱང་གང་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པ་ལ་འཇུག་པར་བྱེད་དོ། །ཞེས་འཆད། འདིར་འཕགས་པའི་དགོངས་པ་ནི། སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པས་ན་ངོ་བོ་ཉིད་སྐུའི་ཡོན་ཏན་མཚན་དཔེ་སོགས་ལོངས་སྐུ་ཉིད་ཡིན་པ་དང༌། སྤྲུལ་སྐུའི་བྱེད་པ་པོ་ལ་ཡང་ཡོད་པའི་ཕྲིན་ལས་རྣམས་སྤྲུལ་སྐུ་ཉིད་དུ་འཆད་དགོས་པ་ཡིན་ནོ། །འོ་ན་ལོངས་སྤྲུལ་གཉིས་ཀྱང་སྐུ་ལོགས་སུ་བཞག་མི་རིགས་པར་འགྱུར་ཏེ། གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ཆོས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་སྙམ་ན། གནས་ཚུལ་ལ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ངོ་བོ་ཉིད་སྐུར་འདུས་པ་དང༌། གཞུང་འདིར་གདུལ་བྱ་གཞན་སྣང་གི་སྐུ་གཉིས་ལོགས་སུ་བཞག་པ་དང་གསུམ་མོ་ཞེས་བྱ་བ་ནི་འཕགས་པའི་བཞེད་པའོ། །གཉིས་པ་དེ་སུན་འབྱིན་པ་ནི་གཞན་དག་ན་རེ། རྒྱན་འདིར་སྐུ་གསུམ་ཁོ་ནའི་རྣམ་གཞག་འཆད་པ་དེ་དག་གི་ལྟར་ན་རྣལ་འབྱོར་པའི་ཀུན་རྫོབ་ཏུ་སྟེ། བསྟན་བཅོས་སུ་བདེན་པ་གཉིས་དང་བཞིའི་རྣམ་གཞག་བྱེད་པ་དེའི་ཚེ་ན་སངས་རྒྱས་ཀྱི་སར་ཁྱད་པར་གསུམ་ལྡན་གྱི་སེམས་དང་སེམས་ལས་བྱུང་བ་གདོན་མི་ཟ་བར་ཁས་བླངས་དགོས་པ་རྣམས་ཆོས་ཅན། ཇི་ལྟར་སངས་རྒྱས་ཀྱི་སས་བསྡུས་ཏེ། སྐུ་གསུམ་པོ་གང་དུ་ཡང་མི་འདུ་བའི་ཕྱིར། ཁྱད་པར་གསུམ་པོ་གང་ཞེ་ན། ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པ་དང༌། སྤངས་པའི་ཁྱད་པར་གནས་ཡོངས་སུ་གྱུར་པས་གྱུར་པ་དང༌། ངོ་བོའི་ཁྱད་པར་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་སོ། །སུན་འབྱིན་འདིའི་དོན་ནི། སངས་རྒྱས་ཀྱི་སར་ལམ་དང་འགོག་པའི་བདེན་པ་སོ་སོའི་རྣམ་གཞག་དང༌། ཀུན་རྫོབ་དང་དོན་དམ་པའི་བདེན་པ་སོ་སོའི་རྣམ་གཞག་བྱེད་དགོས་པ་དེའི་ཚེ་འགོག་བདེན་ཁོ་ན་ངོ་བོ་ཉིད་སྐུར་འཇོག་གི་ལམ་བདེན་ལ་དེར་མི་འཇོག་པ་དང༌། རྟོགས་པ་དང་དབྱེར་མེད་པའི་སྤངས་པ་དོན་དམ་པའི་བདེན་པར་འཇོག་ཀྱང༌། སྤངས་པ་དང་དབྱེར་མེད་པའི་རྟོགས་པ་ཟད་པར་དང་ཟིལ་གནོན་སོགས་ཀུན་རྫོབ་པའི་བདེན་པར་འཇོག་དགོས་པའོ། །དེ་ཡང་སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་མི་བཞེད་ཀྱང༌། སངས་རྒྱས་ཀྱི་སའི་ཀུན་རྫོབ་ཀྱི་ཡོན་ཏན་སྣ་ཚོགས་པ་ལ་སྣང་བ་རྣམས་ཀྱི་དབང་དུ་བྱས་སོ། །གསུམ་པ་རྩོད་པ་སྤང་བ་ནི། ཕྱོགས་སྔ་མའི་ཚུལ་འཛིན་པ་ཁ་ཅིག་ནི་ཟག་མེད་སྡེ་ཚན་ཉེར་གཅིག་པོ་ལ་སྐུ་ལོགས་པའི་རྣམ་གཞག་བྱེད་ན། ལུས་རྣམ་གཞག་ཏུ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་ཞེས་པར་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་མཇུག་ཐོགས་སུ་ཆོས་ཀྱི་ཞེས་བྱ་བའི་སྒྲ་འབྱུང་རིགས་པ་ལས་མི་འབྱུང་བས་ན་སྐུ་ནི་གསུམ་ཁོ་ན་ཡིན་ཞེས་ཟེར། ཕྱོགས་ཕྱི་མ་འཛིན་པ་གཞན་དག་ན་རེ། ཚིག་ལེའུར་བྱས་པ་སྦྱར་བདེ་བའི་ངོར་དང༌། ཡེ་ཤེས་ཁོ་ན་དང་མཛད་པ་ལྷན་ཅིག་སྦྱར་བའི་ཕྱིར་ཡིན་པས་ན་དགོས་པ་ཉེ་བར་བསྟན་པའི་ཤུགས་ཀྱིས་ཆོས་སྐུ་ཐ་མར་བཞག་པ་དེ་སྐད་དུ་གསུངས་པ་ཡིན་ནོ། །ངོ་བོ་ཉིད་སྐུ་ལས་ཆོས་སྐུ་ལོགས་སུ་འཇོག་ཚུལ་འཐད་པ་དེའི་ཕྱིར་ཕྱོགས་གཞན་སྔགས་ཀྱི་ཐེག་པ་ནས་ངོ་བོ་ཉིད་སྐུ་དང༌། ཆོས་ཀྱི་སྐུ་སོ་སོར་ཕྱེ་ནས་སྐུ་བཞིར་གསུངས་པ་ཐམས་ཅད་ཀྱང་མི་འགལ་ཏེ་རིགས་ཤིང་འཐད་པར་ཁོང་དུ་ཆུད་པར་བྱའོ། །ཞེས་ཟེར་རོ། །གཉིས་པ་ཡོན་ཏན་གྱི་ཁྱད་པར་ལ། ཉོན་མོངས་མེད་པའི་ཡོན་ཏན་དང༌། སྨོན་ནས་མཁྱེན་པའི་ཡོན་ཏན་བཤད་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བ་ནི། ཉན་ཐོས་སོགས་སོ། །རྩ་བ་ནི། མདོ་ལས་སངས་རྒྱས་དང་ཉན་ཐོས་སོགས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་ནས་མཁྱེན་པའི་ཁྱད་པར་ཕྱེ་ནས་གསུངས་པ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། འཕགས་པ་གཞན་དང་ཐུན་མོང་བའི་ཡོན་ཏན་གཞན་རྣམས་ལའང་དེ་ལྟར་མཚོན་ནུས་པའི་ཕྱིར། འགྲེལ་པ་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལའང་མཚམས་སྦྱར་སོགས་གསུམ་ནི་གཞུང་ཇི་ལྟ་བ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། ཆོས་སྐུ་རྟག་པར་བཤད་པ་ལ་རྩོད་པ་སྤང་བ་དང༌། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤང་བའོ། །དང་པོ་ལ། རྩོད་ལན་གཉིས་ལས། དང་པོ་རྩོད་པའི་ཡུལ་ནི། གོང་དུ་རྟག་གནས་དང་ཞེས་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། དུས་རྟག་ཏུ་སེམས་ཅན་གྱི་དོན་ཇི་ལྟར་མི་མཛད་པར་ཐལ། རྟག་ཏུ་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར། ལན་ལ་གཉིས་ཏེ་སྐལ་ལྡན་ལ་སྣང་བའི་དཔེ་བསྟན་པ་དང༌། སྐལ་མེད་ལ་མི་སྣང་བའི་དཔེ་བསྟན་པའོ། །དང་པོ་ལ། མཚམས་སྦྱར་བ་ནི། ཞེས་བྱ་བའི་སོགས་ཏེ། རྒྱུ་ནི་ཞེས་སོགས་ནས། རྩ་བའི་ཚིགས་བཅད་ཚན་པ་གསུམ་ལ་ཡུམ་གྱི་མདོ་དང་སྦྱོར་རྒྱུ་མེད་དོ། །འགྲེལ་པ་ལ། ཆོས་སྐུ་སེམས་ཅན་གྱི་དོན་ལ་རྟག་ཏུ་ཞུགས་པར་བསྟན། སྣང་བ་དང་མི་སྣང་བའི་རྒྱུ་ཚོགས་སོ་སོར་ངེས་པའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ནི་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པ་ཉིད་དུ་ཉེ་བར་གནས་སོ། །དེ་ལྟར་གནས་ཀྱང་གདུལ་བྱ་ལ་སྣང་བ་དང་མི་སྣང་བའི་ཁྱད་པར་འབྱུང་སྟེ། སེམས་ཅན་འགའ་ཞིག་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དེ་དང་དེས་གསུངས་པའི་དམ་པའི་ཆོས་དེར་སྣང་བའི་རྒྱུ་ཚོགས་གྲངས་ཚང་བ་ནི་དེ་དང་འཚམས་པར་མངོན་པར་མཐོང་བ་དང་ངེས་པར་ལེགས་པའི་དོན་གྱི་བྱ་བ་མཛད་པའི་ཕྱིར་དང༌། འགའ་ཞིག་ལ་རང་གི་ལས་ཀྱིས་བསྐྱེད་པས་དེར་སྣང་བའི་རྒྱུ་ཚོགས་མ་ཚང་བས་ན་འབྲས་བུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་དགོངས་པ་ཡིན་པས་སོ། །རྒྱུ་ཚོགས་གང་ཞེ་ན། གདུལ་བྱ་རང་གི་བསོད་ནམས་དང་དེའི་དོན་བྱ་བའི་ཕྱིར་དུ་སངས་རྒྱས་རང་གིས་བཏབ་པའི་སྔོན་གྱི་སྨོན་ལམ་གྲུབ་པའོ། །བསོད་ནམས་ཀྱི་ཁྱད་པར་ནི། སྔོན་གྱི་དུས་སུ་སངས་རྒྱས་སོགས་ལ་དམིགས་པའི་དགེ་བའི་རྩ་བའི་ས་བོན་བསྐྱེད་པ་དེ་རྒྱུ་དང་རྐྱེན་གྱིས་ཡོངས་སུ་བརྟས་པར་གྱུར་ནས། སེམས་ཅན་གང་ལ་གང་གི་དུས་སྟོན་པ་ལ་སོགས་པའི་བྱ་བ་མཛད་ན་ཡུན་རིང་དུ་འཕྲོད་པར་གྱུར་པ་དེའི་ཚེ་ནའོ། །རྐྱེན་ཇི་ལྟ་བུ་ཞེ་ན། ཚེ་འདིར་དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པས་སོ། །གཉིས་པ་ལ་གསུམ་སྟེ། གསུམ་ཀ་ཡང་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་རྩོད་པ་ནི། ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུ་ཆོས་ཅན། ཇི་ལྟར་ཁྱབ་པ་དང་རྟག་པ་ཞེས་བརྗོད་དེ། རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ལ་ཡོད་པའི་ཕྱིར་དང༌། སྐད་ཅིག་རེ་རེ་ལ་འབྱུང་བའི་ཕྱིར་ཞེ་ན། རྩོད་པའི་ཡུལ་ནི། རྟག་གནས་དང་ཞེས་པར་ཁྱབ་པ་ཉིད་ཀྱང་ཁས་བླངས་པའོ། །ལན་ལ། རྩ་འགྲེལ་གཉིས་ཀ་གཞུང་བཞིན་ཏེ། འདིར་རྟག་པ་ནི་རྒྱུན་གྱི་རྟག་པ་སྟེ་འདུས་མ་བྱས་པའང་ཆོས་སྐུའི་རྟེན་རང་བཞིན་རྣམ་དག་གི་ཆ་ལ་དགོངས་ནས་རྒྱུ་རྐྱེན་གྱིས་གསར་དུ་མ་བཅོས་པ་དང༌། རྟག་པ་དང་བརྟན་པ་དང་གཡུང་དྲུང་དུ་གསུངས་སོ། །དངོས་པོ་ཐམས་ཅད་མི་རྟག་པར་འཆད་པའི་ཚེ་ནི་སྐད་ཅིག་མར་ཁས་ལེན་ཏེ། འདིར་སྐད་ཅིག་རེ་རེ་ལ་འབྱུང་བས་ཞེས་པ་ཚད་གྲུབ་ཏུ་བྱས་པས་སོ། །དེ་བས་ན་རྒྱུན་གྱིས་རྟག་པ་འདི་ནི་རིགས་པས་མ་དཔྱད་པ་དང་རགས་པའི་དབང་དུ་མཛད་ལ། དངོས་པོ་ཐམས་ཅད་མི་རྟག་པར་བསྒྲུབ་པ་ནི་ཤིན་ཏུ་དཔྱད་པའི་རྣམ་གཞག་སྟེ། ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་དབང་དུ་མཛད་པས་སོ། །གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པ་ལ་གཉིས་ཏེ། རང་བཞིན་མདོར་བསྟན་པ་དང༌། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ལ་མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། སྐུ་འདི་ལ་གནས་ཚུལ་དང་སྣང་ཚུལ་གྱི་ཆ་ནས་བཞག་པ་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་ཞེས་པའི་དོན་ནོ། །རྩ་བ་ལ། མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས་པ་ཞེས་སོགས་ཀྱི་མདོ་བསྟན་བཤད་གཉིས་ཀྱི་སྒོ་ནས་རྒྱས་པར་གསུངས་པ་ཆོས་ཅན། ལོངས་སྤྱོད་རྫོགས་སྐུའི་རྣམ་གཞག་གསུངས་པ་ཡིན་ཏེ། ཞེས་སྦྱར། འདིར་བཤད་པ་ནི་གཞན་སྣང་གི་སྐུ་དང་ཡོན་ཏན་རྣམས་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཞེས་བཤད་པའི་ཕྱིར། དེ་ལ་དགོངས་ནས་ཀུན་རྫོབ་པའི་དང་གཟུགས་ཀྱི་སྐུ་ཞེས་བཤད་དེ། མཆོག་གི་སྤྲུལ་པའི་སྐུ་ལ་ཡང་དེ་བཞིན་ནོ། །སློབ་དཔོན་གྱིས་སྐུ་ལྷག་མ་གསུམ་ཀའི་སྐབས་སུ་ཀུན་རྫོབ་ཏུ་ཞེས་པ་ལན་གསུམ་བཤད་པ་དེ་ལོངས་སྤྲུལ་གཉིས་ལ་དེ་ལྟར་ངེས་མོད། ཡེ་ཤེས་ཆོས་སྐུ་ཀུན་རྫོབ་ཏུ་འཆད་པ་ཅི་ཞེ་ན། མ་རིག་པའི་བསླད་པ་ཞུགས་པའི་ཀུན་རྫོབ་མིན་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ལ་རྣལ་འབྱོར་པའི་རྟོག་པས་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་སུ་ཕྱེ་ནས་བཞག་པའི་དབང་དུ་བྱས་པའོ། །སྐུ་གསུམ་དང་བཞི་སོགས་ཀྱི་རྣམ་དབྱེ་བྱེད་པ་ནི་ཡང་དག་ཀུན་རྫོབ་དབང་བཙན་པ་ཡིན་ཏེ། དམ་པའི་དོན་དུ་ན་ངོ་བོ་ཉིད་ཀྱི་སྐུ་གཅིག་པུར་འདུས་པའམ་གཅིག་པུ་དེ་ཡང་རིགས་པས་བརྟགས་ན་མ་རྙེད་པའི་ཕྱིར་གནས་ཚུལ་ལ་གཅིག་པུར་འདུས་པ་ཡིན་ཏེ། སྐུ་ལྷག་མ་གསུམ་ཀ་ངོ་བོ་ཉིད་སྐུའི་ཡོན་ཏན་དུ་བཤད་ཅིང༌། གནས་ཚུལ་གྱི་ཡོན་ཏན་དང་ཡོན་ཏན་ཅན་ལ་རང་བཞིན་རྣམ་དག་གི་ཆོས་ཉིད་ཡིན་མིན་གྱི་དབྱེ་བ་མེད་པའི་ཕྱིར་ཏེ། དེ་གོམས་པ་ལས་བདག་གྱུར་པས། །ཞེས་དང༌། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། མཚན་དང་དཔེ་བྱད་བཤད་པའོ། །དང་པོ་ལ། དངོས་དང་སྒྲུབ་བྱེད་ཀྱི་རྒྱུ་བཤད་པའོ། །དང་པོ་ལ་གསུམ་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ལ་གསུམ་ནི། འདི་ལ་མཚན་ནི་གང་གང་གི །ཞེས་སོགས་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་ལ་གསུམ་ཡང་གཞུང་ཇི་ལྟ་བ་བཞིན་ནོ། །གཉིས་པ་དཔེ་བྱད་ལ་གསུམ་ལས། མཚམས་སྦྱར་ནི། དེ་ལྟར་སོགས་ཏེ། རྩ་འགྲེལ་གཉིས་ཀྱང་གཞུང་ཇི་ལྟ་བ་བཞིན་དུ་བཀླགས་པས་གོ་བ་ཡིན་ནོ། །བཞི་པ་སྤྲུལ་སྐུ་བཤད་པ་ལ། མཚམས་སྦྱར་བ་ནི། དེ་ལྟར་སོགས་ཏེ། ཐུན་མོང་བ་ཞེས་པས་ནི་གཞན་སྣང་གི་ཆ་ནས་ངོས་བཟུང་བའོ། །རྩ་བ་ནི། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་མཛད་ཅེས་སོགས་ཀྱི་མདོ་ཆོས་ཅན་ཞེས་སྦྱར། འགྲེལ་པ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོག་གི་སྤྲུལ་པའི་སྐུ་ནི་ཆོས་ཅན། རྒྱུན་མི་ཆད་པ་ཡིན་ཏེ། དུས་ནམ་ཡང་རྒྱུན་ཆགས་པར་འཇུག་པ་ཉིད་ཀྱིས་སོ། །གཞན་དོན་གྱི་སྐུ་གཉིས་པོའི་ཁྱད་པར་གང་ཞེ་ན། བྱེད་པ་པོ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་གང་གིས། དུས་འཁོར་བ་ཇི་སྲིད་པར། ཡུལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱ་བའི་ངོ་བོ་སེམས་ཅན་རྣམས་ཀྱི་འདོད་པའི་དོན། ཚུལ་ཉེ་རིང་མེད་པར་གང་ལ་གང་འདུལ་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་ཞེས་པས་སྔ་མ་ལོངས་སྐུ་ལས་ཐ་དད་དུ་འབྱེད་པའི་ཆོས་སོ། །གཉིས་པ་མཛད་པ་ཕྲིན་ལས་ལ་གསུམ་ལས། མཚམས་སྦྱར་བ་ལ་གཉིས་ཏེ། བཤད་ཟིན་གྱི་དོན་བསྡུས་པའི་སྒོ་ནས་དང༌། འཆད་འགྱུར་གྱི་ངོ་བོ་ངོས་བཟུང་བའི་སྒོ་ནས་མཚམས་སྦྱར་བའོ། །དང་པོ་ནི་རྣལ་འབྱོར་པའི་བློ་ཀུན་རྫོབ་པས་དབྱེ་བ་སོ་སོར་རབ་ཏུ་བརྟགས་པའི་སྐུ་གསུམ་པོ་བསྟན་ཟིན་པ་དེ་ཆོས་ཅན། ཁྱད་པར་བཞི་དང་ལྡན་ཏེ། རང་བཞིན་གྱི་ཁྱད་པར་ངོ་བོ་ཉིད་སྐུའི་བདག་ཉིད་རྒྱུའི་ཁྱད་པར་སྦྱོར་བཞི་བསྒོམས་པའི་སྟོབས་ལས་གསར་དུ་བྱུང་བ། ཡུལ་གྱི་ཁྱད་པར་སངས་རྒྱས་ཁོ་ན་དང་བྱང་སེམས་ས་བཅུ་པ་དང་ཉན་ཐོས་ལ་སོགས་པའི་ཡུལ་ཉིད་དུ་སྣང་བ། གདགས་གཞིའི་ཁྱད་པར་ཆོས་ཀྱི་སྐུའི་ཡེ་ཤེས་དང༌། རྣམ་པར་སྨིན་པ་མངོན་དུ་གྱུར་པའི་མཚན་དཔེ་དང༌། དེའི་གཟུགས་བརྙན་ལ་ལྟོས་ནས་སྐུ་བཞིའི་རྣམ་གཞག་བྱམས་པས་མཛད་པའི་ཕྱིར། གཞན་སྣང་གི་སྐུ་གཉིས་ཀྱི་སྣང་བ་སྟོན་པའི་བདག་རྐྱེན་ནི་སངས་རྒྱས་ཀྱི་སའི་ལམ་བདེན་ཁོ་ནས་བྱེད་ཀྱི། འགོག་བདེན་གྱིས་མི་བྱེད་པ་ནི་སློབ་དཔོན་གྱི་བཞེད་པའོ། །གཉིས་པ་ནི། ལུས་རྣམ་གཞག་ཏུ། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་ཆོས་སྐུ་དང་མཛད་པ་ལྷན་ཅིག་ཏུ་སྦྱར་བ་ལ་རྒྱུ་མཚན་དང་དགོས་པ་གཉིས་ཡོད་དེ། རྒྱུ་མཚན་ནི་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་གཞན་སྣང་དུ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པར་སྣང་བར་བསྐྱེད་པའི་སྒོ་ནས་གཞན་དོན་གྱི་བྱ་བ་མཛད་པས་ནའོ། །དགོས་པ་ནི། ཕྲིན་ལས་ཉེར་བདུན་པོ་དེའི་བདག་པོ་ལ་བརྟེན་ནས་བྱུང་བ་རྣམས་ཀྱི་བདག་པོ་ནི་ཆོས་ཀྱི་སྐུ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །བྱུང་བ་དེ་ཉིད་གང་ཞེ་ན། གདུལ་བྱའི་སྐྱེ་བོ་རང་རང་གི་སྣང་བ་ལ་བརྟེན་པའི་ལས་ཏེ། འདིས་ནི་བྱེད་པ་པོ་ལོངས་སྤྲུལ་གཉིས་དང༌། བྱ་བ་ཡུལ་ལ་སྤྱོད་པ་གཉིས་ཀ་བསྡུས་སོ། །རྩ་བ་ནི། སངས་རྒྱས་ཀྱི་སྤྱན་གྱིས་ཤར་ཕྱོགས་སུ་གཟིགས་པ་ན། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཞི་བར་བྱས་པ་དག་མཐོང་ངོ༌། །ཞེས་སོགས་ཀྱི་མདོ་ཚན་ཉེར་བདུན་ཆོས་ཅན། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཁོ་ནའི་ཕྲིན་ལས་ཉེར་བདུན་ངོས་བཟུང་བ་ཡིན་ཏེ། དེ་ཡིན་པ་ནི་ཇི་སྐད་དུ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་དམིགས་ཀྱིས་བཀར་བའི་ཕྱིར། འགྲེལ་པ་ལ་གསུམ་སྟེ། ཕྲིན་ལས་ཀྱི་དབྱེ་བ། ཕྲིན་ལས་ཀྱི་དུས། དེའི་གོ་རིམ་མོ། །དང་པོ་ལ་གསུམ་སྟེ། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་དང༌། ལམ་ལ་འགོད་པའི་དང༌། ལམ་གྱི་འབྲས་བུ་ལ་འགོད་པའི་ཕྲིན་ལས་སོ། །དང་པོ་ནི། དང་པོར་འགྲོ་བ་བཟང་པོ་དང༌། སོགས་སོ། །གཉིས་པ་ལ། ཚོགས་ལམ་ལ་དང༌། སྦྱོར་ལམ་ལ་དང༌། མཐོང་ལམ་ལ་དང༌། སྒོམ་ལམ་ལ་འགོད་པའི་ཕྲིན་ལས་སོ། །དང་པོ་ལ། འཁོར་བསྡུ་བའི་དང༌། བསྡུས་ནས་ལྟ་སྤྱོད་རྣམ་དག་ལ་འགོད་པའོ། །དང་པོ་ནི། སྦྱིན་པ་ལ་སོགས་པ་ཞེས་པའོ། །གཉིས་པ་ལ་ཐོག་མར་ལྟ་བ་རྣམ་དག་ལ་འགོད་པ་ནི་ཐོས་པ་ལས་བྱུང་བ་སོགས་སོ། །སྤྱོད་པ་རྣམ་དག་ལ། སྤྱི་དང་སོ་སོར་ཕྱེ་བ་གཉིས་ལས། དང་པོ་ནི། སྒྱུ་མ་མཁན་སོགས་སོ། །གཉིས་པ་ལ་གསུམ་ལས། གཞན་དོན་རྣམ་དག་ལ་འགོད་པ་ནི། གཞན་གྱི་དོན་སོགས་སོ། །རང་དོན་ལ་འགོད་པ་ནི། དེའི་རྗེས་ལ་སོགས་སོ། །གཉིས་དོན་ལ་འགོད་པ་ནི། དེའི་འོག་ཏུ་སོགས་སོ། །གཉིས་པ་སྦྱོར་ལམ་ལ་འགོད་པ་ནི། དེ་ནས་སོགས་སོ། །གསུམ་པ་མཐོང་ལམ་ལ་འགོད་པ་ནི། དེའི་རྗེས་ལ་སོགས་སོ། །བཞི་པ་ལ་དྲུག་ལས། དང་པོ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་ནི། དེ་ནས་ཚོགས་ཡོངས་སུ་རྫོགས་པ་ཞེས་སོགས་སོ། །ས་དྲུག་པ་ལ་འགོད་པ་ནི། དེ་བཞིན་དུ་ཞེས་སོགས་ཏེ། གཞུང་འདིས་གཟུང་འཛིན་གཉིས་སུ་ཞེན་པ་མེད་པའི་ཡེ་ཤེས་ལ་ཤེར་ཕྱིན་དུ་གསུངས་སོ། །ས་བདུན་པ་ལ་འགོད་པ་ནི། དེའི་འོག་ཏུ་སོགས་སོ། །ས་བརྒྱད་པ་ལ་འགོད་ཚུལ་ལ་གཉིས་ལས། ཐུན་མོང་མིན་པའི་ཐབས་མཁས་ལ་འགོད་པ་ནི། དེ་ནས་སྟོབས་ཀྱི་སོགས་སོ། །ཤེས་རབ་ལ་འགོད་པ་ནི། དེ་ནས་དེ་བཞིན་ཉིད་ལ་སོགས་སོ། །ས་དགུ་པ་ལ་འགོད་པ་ནི་དེའི་རྗེས་ལ་སོགས་སོ། །ས་བཅུ་པ་ལ་འགོད་ཚུལ་གསུམ་སྟེ། ས་བཅུ་ཐོབ་མ་ཐག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་ལ་དང༌། སྲིད་པ་ཐ་མལ་པ་ལ་འགོད་པའོ། །དང་པོ་ནི། དེའི་འོག་ཏུ་ཡེ་ཤེས་ཀྱི་སོགས་སོ། །གཉིས་པ་ནི། ཡང་དེ་ཉིད་ལ་སྐྱེ་བ་གཅིག་སོགས་སོ། །གསུམ་པ་ལ། ནུས་པ་རྣམ་དག་ལ་འགོད་པ་དང༌། རྟོགས་པ་རྣམ་དག་ལ་འགོད་པ་དང༌། སྤངས་པ་རྣམ་དག་ལ་འགོད་པ་དང༌། རྒྱུ་ཚོགས་རྣམ་དག་ལ་འགོད་པའོ། །དང་པོ་ནི། དེ་ལྟ་བུའི་རིམ་པས་སོགས་སོ། །གཉིས་པ་ལ། ཇི་སྙེད་པ་རྟོགས་པ་ལ་དང༌། ཇི་ལྟ་བ་རྟོགས་པ་ལ་འགོད་པའོ། །དང་པོ་ནི། ལས་དང་འབྲས་བུ་སོགས་སོ། །གཉིས་པ་ནི། དངོས་པོ་ཐམས་ཅད་སོགས་སོ། །གསུམ་པ་ལ། ཕྱིན་ཅི་ལོག་གི་ངོ་བོ་སྤངས་པ་དང་དེའི་ས་བོན་སྤངས་པ་གཉིས་ནི་ཕྱིན་ཅི་ལོག་སོགས་སོ། །བཞི་པ་ནི། རང་བཞིན་གྱིས་ཡོངས་སུ་དག་པའི་སོགས་ཏེ། རང་བཞིན་དང་གློ་བུར་རྣམ་དག་ཐ་དད་དུ་མི་འབྱེད་པ་དང༌། འདུས་བྱས་ལམ་དང་འདུས་མ་བྱས་འགོག་པ་ཐ་དད་དུ་མི་འབྱེད་པ་ལ་འགོད་པའོ། །གསུམ་པ་ལམ་གྱི་འབྲས་བུ་ལ་འགོད་པ་ནི་དེ་བཞིན་གཤེགས་པའི་སོགས་སོ། །བཞི་པ་དུས་ནི། དེ་ལྟར་ན་སོགས་སོ། །གོ་རིམ་ནི་སེམས་བསྐྱེད་པ་སོགས་ཏེ། དང་པོ་སེམས་བསྐྱེད་ཉེར་གཉིས་དང༌། ཐ་མ་ཕྲིན་ལས་ཉེར་བདུན་གྱི་ས་མཚམས་མདོ་དང་བསྟན་བཅོས་སུ་དངོས་སུ་བསྟན་པ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། ཁྱོད་ལ་བརྟེན་ནས་བར་གྱི་དོན་དྲུག་ཅུ་རེ་བརྒྱད་ཀྱི་ས་མཚམས་ཀྱང་ཕལ་ཆེར་དེ་དང་འདྲ་བར་མཚོན་ནུས་པའི་ཕྱིར། གསུམ་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སོགས་སོ། །གཉིས་པ་མངོན་པར་རྟོགས་པ་དྲུག་ཏུ་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། རྒྱས་པ་ལ་དགའ་བ་སོགས་སོ། །གཉིས་པ་རྩ་བ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་དྲུག་གིས་ཡང་དག་བཤད། །མཚན་ཉིད་དེ་ཡི་ཞེས་སྦྱར་རོ། །འདིར་མཚན་ཉིད་ནི། མཚོན་བྱེད་ཀྱི་ཆོས་སུམ་ཅུ་དང༌། དེས་མཚོན་པར་བྱ་བའི་གཞི་ནི་མཁྱེན་པ་གསུམ་སྟེ། འདིར་དེའི་ངོས་འཛིན་ནི་སུམ་ཅུ་པོ་སྐྱེ་མེད་དུ་རྟོགས་པའི་ཐོས་བསམ་གྱི་བློ་ལ་བྱེད་པར་འགྲེལ་པ་འདིའི་གོང་འོག་ཀུན་ན་གསལ་ལོ། །ཇི་སྐད་དུ། ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་འབྱུང་བ་ལྟར་མཚན་གཞི་ལ་མཚན་ཉིད་ཀྱི་སྒྲས་བསྟན་ནོ། །གསུམ་པ་འགྲེལ་པ་ནི། མངོན་པར་རྟོགས་པ་བརྒྱད་ཀྱི་དང་པོར་འཇུག་པའི་ཡུལ་དུ་བསྟན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཆོས་ཅན། མཚན་ཉིད་ཅེས་བྱ་སྟེ། མཚོན་བྱེད་སུམ་ཅུ་པོས་མངོན་པར་མཚོན་པའི་གནས་ཏེ་གཞི་ཉིད་ཡིན་པའི་ཕྱིར། དེ་ཡང་སེམས་བསྐྱེད་སོགས་བཅུ་ནི་ཐེག་ཆེན་ཆོས་ཀྱི་རྣམ་པའི་གཙོ་བོ་ཡིན་ལ། དེ་སྐྱེ་མེད་དུ་རྟོགས་པའི་རྣམ་མཁྱེན་དང༌། གཉིས་པར་བསྟན་པའི་ལམ་གསུམ་ནི་སྤྱིར་ལམ་གྱི་གཙོ་བོ་ཡིན་ལ། དེ་སྐྱེ་མེད་དུ་ཤེས་པའི་ལམ་ཤེས་དང༌། གསུམ་པར་བསྟན་པའི་མི་མཐུན་ཕྱོགས་དང་གཉེན་པོའི་དབྱེ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་གཞིའི་གཙོ་བོ་ཡིན་ལ། དེ་སྐྱེ་མེད་དུ་ཐོས་བསམ་གྱིས་ཤེས་པ་ནི་གཞི་ཤེས་སོ་ཞེས་ངོས་འཛིན་པ་ནི། མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་ངེས་པའི་ཚེ་ཡིན་ལ། མཁྱེན་པ་གསུམ་པོ་ཉིད་ཀྱི་ལམ་རིམ་འཆད་པའི་ཚེ་ནི། སངས་རྒྱས་ཀྱི་རྣམ་མཁྱེན་དང༌། བྱང་ཆུབ་སེམས་དཔའི་ལམ་ཤེས་དང༌། ཐེག་དམན་གྱི་གཞི་ཤེས་ཏེ་གསུམ་པོ་ཉིད་ཆོས་སུམ་ཅུའི་སྦས་དོན་དུ་བཤད་པར་བྱ་བ་ཡིན་ནོ། །སྐྱེ་མེད་གསུམ་པོ་ཐོས་བསམ་གྱིས་ཤེས་པའི་རྗེས་དེ་ནས་གསུམ་པོའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་ཡིན་ཏེ། སྐྱེ་མེད་གསུམ་གྱི་ཤེས་རྣམ་ལ་ཤིན་ཏུ་གོམས་པས་རྟོགས་པ་ཕུལ་དུ་བྱུང་བར་འགྲོ་བའི་ཕྱིར། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་རྗེས་དེ་ནས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམ་གྱི་གནས་སྐབས་ཡིན་ཏེ། སྔར་རྟོགས་པའི་སྐྱེ་མེད་གསུམ་གྱི་རྣམ་པའི་དངོས་པོ་ངེས་པར་བྱ་བའི་ཕྱིར་དུ་སོ་སོ་བ་ཐོས་བསམ་དང༌། མཐའ་དག་རྣམ་རྩེའི་སྦྱོར་བ་དག་ཏུ་རྣམ་པར་བསྒོམས་པའི་དོན་གཞུང་སྲོང་བར་བྱེད་པས་སོ། །མཐར་གྱིས་པའི་རྗེས་དེ་ནས་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཤེས་རྣམ་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། ཤེས་རྣམ་གསུམ་གྱི་རྣལ་འབྱོར་ཁྱད་པར་དུ་འགྲོར་མེད་པའི་སྦྱོར་བ་ཡིན་པས་སོ། །དེ་ནས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཤེས་རྣམ་བསྒོམས་པའི་རྣམ་པར་སྨིན་པ་ཡིན་ཏེ། དེའི་འབྲས་བུ་མཐར་ཐུག་ཡིན་པས་སོ། །གལ་ཏེ་ཡུམ་གསུམ་གྱི་བསྡུས་དོན་གཉིས་པ་འདི་ཚིག་དོན་ཡང་སྔ་མ་ལས་གཞན་དུ་བཤད་པ་ཡིན་ནམ་ཞེ་ན། དེ་ལྟར་ན་སོགས་སོ། །གསུམ་པ་བསྡུས་དོན་གསུམ་དུ་བཤད་པ་ལ་གསུམ་ལས། མཚམས་སྦྱར་བ་ནི། བར་མ་ལ་དགའ་བ་སོགས་སོ། །རྩ་བ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་གསུམ་གྱི་ཡང་དག་བཤད། །ཡུལ་ནི་ཞེས་སྦྱར་རོ། །བསྡུས་དོན་གསུམ་པོའི་ཁྱད་པར་ནི། །བཤད་བྱ་མངོན་རྟོགས་ཀྱི་རྐང་གྲངས་རྒྱས་བསྡུས་ཡིན་གྱི། འཆད་བྱེད་དོན་བདུན་ཅུའི་སྒོ་ནས་འཆད་དགོས་པ་ལ་ཁྱད་པར་མེད་དོ། །དེ་བས་ན་གསུམ་པོའི་ཁྱད་པར་ནི། ལོ་ཙཱ་བ་ཆེན་པོས། མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོ་ངེས་པ་དང༌། གོ་རིམ་ངེས་པ་དང༌། གྲངས་ངེས་པ་ཡིན་ཞེས་གསུངས་པ་ཉིད་ལེགས་སོ། །འགྲེལ་པ་ནི། བརྒྱད་ཀྱི་དང་པོར་བསྟན་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ཅེས་པའི་མིང་ཅན་རྣམ་མཁྱེན་ཡིད་བྱེད་དང་ལྡན་པས་སྐབས་དང་པོ་གསུམ་དུ་བཤད་པའི་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཤེས་པའི་ཐོས་བསམ་གྱི་བློ་ནི་ཆོས་ཅན། མདོ་དང་རྒྱན་གྱི་གདུལ་བྱ་ཡུམ་གྱི་རྣལ་འབྱོར་ལ་འཇུག་པའི་ཡུལ་དང་དེའི་རྒྱུ་ཡིན་ཏེ། ཁྱོད་མེད་ན་དེ་དེ་ལ་འཇུག་པ་མི་འབྱུང་བའི་ཕྱིར། དེ་དེ་ལ་ཇི་ལྟར་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ནི་ཆོས་ཅན། སྦྱོར་བ་ཡིན་ཏེ། འཇུག་ཡུལ་དེ་ལ་གོམས་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། དེའི་འོག་ཏུ་ཆོས་ཀྱི་སྐུ་ཕྲིན་ལས་དང་བཅས་པ་ནི་ཆོས་ཅན། འབྲས་བུ་ཡིན་ཏེ། དེ་ལྟར་གོམས་པའི་རྣམ་སྨིན་མཐར་ཐུག་ཡིན་པས་སོ། །བསྡུས་དོན་གསུམ་པ་འདིའི་ཚིག་དོན་ཡང་སྔ་མ་བཞིན་ནོ་ཞེས་འཆད་པ་ནི། དེ་ལྟར་ན་ཡུམ་ཐམས་ཅད་ཀྱི་སོགས་སོ། །དེ་ལྟར་བཤད་ཟིན་པ་རྣམས་ཀྱི་ལམ་གྱི་རིམ་པ་མདོར་བསྡུས་པ་ནི་འདི་ཡིན་ཏེ། དངོས་པོ་བརྒྱད་པོ་ཀུན་ཚང་བའི། །གོ་རིམ་ངེས་པར་འཆད་པ་ན། །སྐྱེ་མེད་གསུམ་པོ་ཐོས་བསམ་གྱིས། །ཤེས་པའི་བློ་ནི་འཇུག་པའི་ཡུལ། །དེ་ལྟར་ཤེས་པའི་བློ་ཡི་རྒྱུན། །བསྒོམ་བྱ་ཤེས་རྣམ་ཞེས་བྱ་སྟེ། །དེ་གོམས་བྱེད་པའི་རྣལ་འབྱོར་ནི། །སྦྱོར་བའོ་འབྲས་བུ་ཆོས་ཀྱི་སྐུ། །སྐྱེ་མེད་གསུམ་པོ་གང་ཞེ་ན། །ལེའུ་གསུམ་པོར་བསྟན་པ་ཡི། །གཞི་དང་ལམ་དང་རྣམ་པ་གསུམ། །རང་བཞིན་མེད་པར་བཤད་དེའོ། །བཤད་པ་དེ་ཡང་གདམས་ངག་དང༌། །ངེས་འབྱེད་ཆ་མཐུན་རྣམ་བཞི་དང༌། །རྟོག་པ་རྣམ་བཞིའི་གཉེན་པོར་ནི། །མདོ་དང་རྒྱན་ལས་གསུངས་དེ་ཡིན། །མཁྱེན་གསུམ་ངོས་འཛིན་རྣམ་གཉིས་ཏེ། །རྣམ་གསུམ་སྐྱེ་མེད་ཤེས་བློ་དང༌། །མཚོན་བྱེད་ཆོས་མཚན་སུམ་ཅུ་ཡི། །སྦས་དོན་མཁྱེན་པ་གསུམ་དངོས་སོ། །མཁྱེན་པ་གསུམ་པོ་ཁོ་ན་ཡིན། །ལམ་རིམ་འཆད་ཚེ་རྣམ་ཀུན་མཁྱེན། །འབྲས་བུ་ཉིད་དང་ལམ་ཤེས་རྒྱུ། །གཞི་ཤེས་བལྟས་ནས་འདའ་བྱར་བཤད། །སྦྱོར་བ་བཞི་པོ་ཁོ་ན་ཡི། །ལམ་རིམ་མི་མཐུན་ཕྱོགས་སྤོང་དང༌། །ཡོན་ཏན་བསྒྲུབ་པའི་རྣལ་འབྱོར་ལ། །གཉིས་ཚན་གཉིས་སུ་ཕྱེ་ནས་བཤད། །ལེའུ་དང་པོ་ཁོ་ན་ཡི། །ལམ་རིམ་སེམས་བསྐྱེད་སོགས་བཅུ་པོ། །ཉམས་ལེན་ལམ་དུ་བྱས་པ་ལས། །འབྲས་བུ་རྣམ་མཁྱེན་སྦས་པའི་དོན། །མཉམ་རྗེས་གཉིས་སུ་ཡེ་ཤེས་དང༌། །བསོད་ནམས་ཚོགས་ཆེན་སོག་པའི་ཚུལ། །གཉེན་པོའི་ཚོགས་དང་ས་རྣམས་ཀྱི། །ཡོངས་སྦྱོང་སྐབས་སུ་བཤད་པ་ཡིན། །ལེའུ་གཉིས་པར་ཉན་རང་གི །ས་ལ་ཤེས་མཐོང་གིས་བལྟས་ནས། །འདའ་བྱ་ཐེག་ཆེན་ལམ་གཉིས་པོ། །མངོན་དུ་བྱ་བའི་ཚུལ་གྱིས་བཤད། །ཟག་བཅས་སྒོམ་ལམ་རྣམ་གསུམ་པོས། །བསོད་ནམས་ཚོགས་བསགས་རྣམ་དག་གི །སྒོམ་ལམ་ཡེ་ཤེས་ཚོགས་བསགས་པའི། །འབྲས་བུ་རྣམ་དག་ཤིན་ཏུ་བ། །ལེའུ་གསུམ་པར་མཐའ་གཉིས་ལ། །མི་གནས་ཤེས་རབ་ཕ་རོལ་ཕྱིན། །ལེའུ་དང་པོའི་རྣམ་མཁྱེན་གྱི། །ཉེ་རྒྱུར་བཤད་པས་གོལ་ས་ཤེས། །ལེའུ་བཞི་པའི་ཐོག་མར་ནི། །སྦྱོར་བའི་རྣམ་གཞག་ཀུན་བཤད་ནས། །རྣམ་རྫོགས་སྦྱོར་བ་སྐྱེས་པ་ཡི། །ཐོག་མའི་ས་མཚམས་ཐར་ཆ་མཐུན། །སྦྱོར་མཐོང་སྒོམ་གསུམ་རྗེས་ཐོབ་ཏུ། །བསོད་ནམས་ཚོགས་ཆེན་བསོག་པ་དང༌། །སྲིད་ཞི་མཉམ་ཉིད་སོགས་གསུམ་པོས། །ཡེ་ཤེས་ཚོགས་ཆེན་ལེགས་པར་བཤད། །ལེའུ་ལྔ་པར་རྟགས་སོགས་ཀྱིས། །བསོད་ནམས་ཚོགས་ལ་འཇུག་པ་དང༌། །མཐོང་སྒོམ་བར་ཆད་མེད་རྩེ་གསུམ། །སྒྲིབ་ཀུན་སེལ་བའི་གཉེན་པོར་བཤད། །མཐར་གྱིས་སྦྱོར་བའི་ཆོས་བཅུ་གསུམ། །ས་བཅུའི་རིམ་པས་གོམས་གྱུར་ཚེ། །རྒྱུན་མཐའ་སྐད་ཅིག་གཅིག་ལ་ནི། །ཆོས་ཀུན་མངོན་པར་བྱང་ཆུབ་པའོ། །དེ་ནས་གཞན་ཡང་བཤད་བྱ་བ། །མངོན་པར་རྟོགས་པའི་རྒྱན་གཞུང་ན། །ཆོས་ཀུན་ངོ་བོས་སྟོང་པའི་ཚུལ། །ཀླུ་སྒྲུབ་གཞུང་བཞིན་བཤད་པ་མེད། །ཀླུ་སྒྲུབ་གཞུང་དང་སྔགས་གཞུང་ན། །བྱམས་པའི་གཞུང་ལས་གསུངས་པ་ཡི། །གཉིས་མེད་ཡེ་ཤེས་རང་རིག་པ། །ངེས་པའི་དོན་དུ་བཤད་པ་མང༌། །མངོན་རྟོགས་རྒྱན་དུ་རྫོགས་པ་དང༌། །མ་རྫོགས་གཉིས་སུ་ཆོས་ཀུན་བསྡུས། །རྒྱུད་བླར་ཆོས་ཀུན་འདུས་བྱས་དང༌། །ཡང་དག་མཐའ་ཞེས་གཉིས་སུ་འདུས། །དབུས་མཐའ་སོགས་སུ་ཡོངས་གྲུབ་དང༌། །ཀུན་བརྟགས་དག་ཏུ་ཆོས་ཀུན་བསྡུ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་ཡོད་པ་མ་ཡིན་ཞིང༌། ཆོས་དབྱིངས་ཁོ་ན་དམ་པའི་དོན། །ཡིན་པ་བྱམས་ཆོས་སྤྱི་ཡི་ལུགས། །རྒྱན་འདིར་གཟུང་འཛིན་གཉིས་བཀག་པའི། །ཡེ་ཤེས་ཁོ་ན་བསྒོམ་བྱ་དང༌། །སྒོམ་བྱེད་སྦྱོར་བའི་ངོ་བོ་དང༌། །སྒྲིབ་ཀུན་སེལ་བའི་གཉེན་པོར་ནི། །རྣམ་དག་སྒོམ་ལམ་འཆད་གཞུང་དུ། །འཇལ་དང་གཞལ་བྱ་མཉམ་ཉིད་དང༌། །བར་ཆད་མེད་རྩེ་འཆད་གཞུང་དུ། །གཟུང་འཛིན་གཉིས་བྲལ་ཉིད་བཤད་དང༌། །ཐེག་ཆེན་སྦྱོར་བའི་ངོས་འཛིན་དུ། །མི་གནས་སྦྱོར་དང་མི་སྦྱོར་བའི། །སྦྱོར་བ་ཟུང་དུ་འཇུག་པ་ལས། །གཞན་པའི་རྣལ་འབྱོར་བཤད་པ་མེད། །གཟུང་འཛིན་གཉིས་པོ་ཁེགས་པ་ན། །མ་ཁེགས་མཚན་འཛིན་རྟོག་པ་ཡི། །ས་བོན་བག་ལ་ཉལ་བཅས་པ། །ཅི་ཡང་ཡོད་པ་མ་ཡིན་ཏེ། །འཛིན་པ་ས་བོན་དང་བཅས་པ། །བཀག་པས་ཤེས་སྒྲིབ་ཀུན་ཁེགས་ཕྱིར། །སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། །གཟུང་འཛིན་གཉིས་སྣང་བག་ཆགས་ལས། །ཕྲ་བའི་ཤེས་སྒྲིབ་མེད་པར་ནི། །འཇུག་པའི་རང་འགྲེལ་ཉིད་དུ་གསུངས། །ཁྱད་པར་རྒྱལ་སྲས་སེང་གེ་བཟང༌། །མཐའ་བྲལ་གཏན་ལ་འབེབས་པའི་ཚེ། །བྱམས་པའི་གཞུང་དང་ཀླུ་སྒྲུབ་གཞུང༌། །གཉིས་ཀ་བསྡུས་ནས་འཆད་པ་ནི། །རྣལ་འབྱོར་ས་བཞིའི་སྐབས་ན་གསལ། །དེས་བྱས་བྱས་པ་མིན་མཐོང་ཞེས། །གསུང་བ་དོན་དམ་བདེན་མེད་དུ། །སྒྲུབ་བྱེད་མ་གསུངས་པ་ལ་དགོངས། །དེ་མ་གསུངས་ཀྱང་དེར་འཛིན་པའི། །འཛིན་པ་མཐའ་དག་རང་སྟོང་དུ། །གྲུབ་པ་ཉིད་ཀྱིས་ཁེགས་པའི་ཕྱིར། །སྒྲིབ་ཀུན་སེལ་བའི་གཉེན་པོ་ནི། །མ་ཚང་མེད་པ་བྱམས་པའི་གཞུང༌། །ཞེས་སྦྱར་བ་ཡིན་ནོ།། །།གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལྔ་སྟེ། ཡུམ་གསུམ་པོ་བརྗོད་བྱ་གཅིག་ཏུ་བསྟན་པ། འགྲེལ་པ་འདི་ཇི་ལྟར་བརྩམས་པའི་ཚུལ། དེ་ལྟར་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ། ནོངས་པའི་དོན་ལ་བཟོད་པར་གསོལ་བ། ཡུམ་དོན་རྟོགས་པའི་དུས་བརྗོད་ནས་དགའ་བ་བསྒོམ་པའོ། །དང་པོ་ནི། བསྟན་བཅོས་འདིར་ཡུམ་གྱི་མདོའི་བསྡུས་དོན་གསུམ་བཤད་པ་དེ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་སོ་སོར་སྦྱོར་དགོས་པ་ཡིན་ནམ་ཞེ་ན། མཁས་པ་ཤེས་རབ་ཅན་རྣམས་ཀྱིས་ཡུམ་གསུམ་པོ་ཀུན་ལའང་རེ་རེ་ཞིང་སྦས་དོན་མངོན་རྟོགས་ཀྱི་དོན་བསྡུས་པ་ནི་བཤད་ཟིན་པ་གསུམ་པོ་དེ་ཙམ་དུ་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་པར་སྦས་དོན་མངོན་རྟོགས་དང་དངོས་བསྟན་སྙིང་པོའི་དོན་ལ་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་ན། བསྟན་བཅོས་འདིའམ་མདོ་བརྒྱད་སྟོང་པས་ཡུམ་རྒྱས་བསྡུས་ཐམས་ཅད་ཀྱི་དངོས་སྦས་ཀྱི་རིམ་པ་མ་ལུས་པ་ལེགས་པར་བསྡུས་པ་མ་ཡིན་པར་ཐལ་བས་སོ། །འོ་ན་མདོ་ལ་རྒྱས་བསྡུས་འབྱུང་བ་ཅི་ཞེ་ན། ཡུམ་གསུམ་པོ་དེ་ལ་ཚིག་བསྡུས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཁྱད་པར་ཡོད་པ་ཁོ་ནར་ཟད་དེ། ལ་ལ་ཞེས་པ་བརྒྱད་སྟོང་པ་ལས་དངོས་སྦས་ཀྱི་དོན་ཙམ་ཞིག་ཚང་བ་དང༌། གཞན་བར་མ་ལས་ཚིག་ཀྱང་ཚང་བ་དང༌། གཞན་རྒྱས་པ་ལས་དོན་དེ་དག་སྟོན་བྱེད་ཀྱི་ཚིག་རེ་རེ་ཡང་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པས་སོ། །གཉིས་པ་ནི་བྱས་སོ་ཞེས་པ་བཤད་པའི་གཞི། ལས་སུ་བྱ་བ་གང་ན། རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དོན་གསལ་བ་འདི་ནིའོ། །བྱེད་པ་པོ་གང་གིས་ན་སེང་གེ་བཟང་པོས་སོ། །དུས་ནམ་གྱི་ཚེ་ན་སློབ་དཔོན་རང་གི་མཁན་པོ་ཡང་དག་རྣམ་སྣང་མཛད་དང༌། བླ་མ་བཟང་པོ་རྗེ་བཙུན་མ་ཕམ་པ་ལ་ཕྱག་འཚལ་ནས་སྣང་བ་ཐོབ་པ་དེའི་ཚེ་ནའོ། །ཚུལ་ཇི་ལྟར་ན། འཕགས་པ་རྣམ་པར་གྲོལ་སྡེ་ཡི་མཐུ་ཡིས་མདོ་དང༌། རྒྱན་གྱི་དངོས་སྦས་ཀྱི་དོན་དབུ་མར་གནས་པ་དེ་མཐོང་བའི་སྒོ་ནས་སོ། །གལ་ཏེ་འགྲེལ་པ་འདིའི་དགོངས་པ་བསྟན་བཅོས་འདི་ཡུམ་གསུམ་ཆར་གྱི་རྒྱན་དུ་རྟོགས་པ་དེ་ཡིན་ན་མདོ་དང༌། རྒྱན་ཚིག་རེ་རེ་ནས་སྦྱོར་བ་རིགས་སོ། །ཞེ་ན། མདོའི་ཚིག་དང་བསྟན་བཅོས་ཀྱི་ངག་སོགས་རེ་རེ་ནས་སྦྱོར་བར་མ་བྱས་ཀྱང་མི་རྟོགས་པའི་སྐྱོན་མེད་དེ། དེ་ལྟར་སྦྱོར་བ་གོ་སླ་བའི་ཕྱིར། གོ་སླ་ན་འཕགས་པས་ཡུམ་གསུམ་ཆར་གྱི་རྒྱུན་དུ་མི་རྟོགས་པ་ཅི་ཞེ་ན། ཇི་སྐད་དུ། སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་ཞེས་ཟུར་གཏོད་པས་སོ། །དེ་ལྟར་མཛད་པ་ཡང་རྒྱས་བསྡུས་གཉིས་ན་རྒྱན་དང་སྦྱོར་རྒྱུ་མེད་པ་མང་ལ། ཡུམ་བར་མ་ལ་དེ་ལྟ་བུའི་སྐྱོན་མེད་པར་དགོངས་སོ། །གསུམ་པ་ནི། ཐོབ་པར་ཤོག་ཅེས་པ་བཤད་པའི་གཞི། ཅི་ཞིག་ན་བདེ་བར་གཤེགས་པ་ཤེས་རབ་སྟེ་ཆོས་ཀྱི་སྐུའོ། །སུ་ཞིག་གིས་ན་རྩོམ་པ་པོ་བདག་དང་སྐྱེ་བོ་ཐམས་ཅད་ནིའོ། །འདི་ནི་སྨོན་ལམ་ཡིན་ལ། ཐམས་ཅད་ཀྱི་ཆེད་དུ་ནི་ཞེས་སྦྱར་ན་བསྔོ་བའོ། །རྒྱུ་གང་ལས་ཤེ་ན། འགྲེལ་པ་དེ་སྡེབས་པ་ལས་བྱུང་བའི་དགེ་བ་རྩོམ་པ་པོ་བདག་གིས་གང་ཐོབ་པ་དེ་ཡིས་སོ། །བཞི་པ་ནི། མདོ་དང་རྒྱན་གྱི་དོན་མངོན་སུམ་དུ་རྟོགས་ནས་འགྲེལ་པ་འདི་བརྩམས་པ་ཡིན་ནམ་ཞེ་ན། བདག་ཉིད་ཆེན་པོ་འཕགས་པ་བྱམས་པའི་བློའི་སྤྱོད་ཡུལ་དུ་གྱུར་པའི་བསྟན་བཅོས་ཀྱི་དོན་སྟོང་པ་ཉིད་དང་མངོན་པར་རྟོགས་པ་བརྒྱད་དོན་བདུན་བཅུ་དང་བཅས་པ་ནི་གང་ཞིག་ཡིན་ཞེས་འདྲི་ན། དོན་གསལ་རྩོམ་པ་པོ་བདག་གི་མངོན་སུམ་གྱི་སྤྱོད་ཡུལ་ནི་མ་ཡིན་ཏེ། དེ་དང་དེ་དག་མངོན་སུམ་དུ་རྟོགས་པའི་ཤེས་རབ་མི་གསལ་བས་བསྟན་བཅོས་འདིའི་དོན་ཀུན་མངོན་སུམ་ལས་ཕྱི་རོལ་དུ་གྱུར་པ་བདག་གི་མངོན་སུམ་གྱི་སྤྱོད་ཡུལ་གང་ན་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར་རོ། །མ་ཡིན་པ་འོན་ཀྱང་དོན་གསལ་རྩོམ་པ་པོ་བདག་གིས་འབད་ནས་བགྱིས་པའི་འགྲེལ་པ་འདིའི་ནོངས་པ་གང་ཡོད་པ་ལ་སྐྱེ་བོ་མཁས་པ་སྟོང་པ་ཉིད་དང༌། མངོན་རྟོགས་ཀྱི་རིམ་པ་མངོན་སུམ་དུ་གཟིགས་པ་རྣམས་ཀྱིས་བཟོད་པར་མཛད་དགོས་ཏེ། རང་གི་རྟོགས་པ་འཕེལ་བ་དང༌། གཞན་མདོ་དང་རྒྱན་ལ་འཇུག་པའི་དོན་གྱི་ངོར་དད་པ་དང་བརྩོན་འགྲུས་དྲག་པོས་བྱས་པའི་ཕྱིར། ལྔ་པ་ནི། ཡུམ་དོན་མངོན་སུམ་དུ་མ་མཐོང་ན་འགྲེལ་པ་རྩོམ་པར་མི་རིགས་ཤིང༌། སླར་འབད་ནས་སློབ་པར་རིགས་སོ་ཞེ་ན། ཡུམ་གྱི་ཚིག་དོན་ལ་སླར་ཡང་བསླབ་པར་བྱ་བའི་དུས་མ་ཡིན་ཏེ། མདོ་དང་རྒྱན་གྱི་གཞུང་ལུགས་མང་པོ་ན་འདོན་པ་སྣ་ཚོགས་པ་སྟེ་མི་མཐུན་པ་དག་གིས་དུབ་པར་གྱུར་པའི་རྩོམ་པ་པོ་བདག་གིས་ཐེ་ཚོམ་མེད་པའི་ཞུས་དག་རྙེད་པ་ན་ངལ་བསོ་བའི་གནས་སུ་གྱུར་པའི་ཕྱིར། འགྲེལ་པ་རྩོམ་པར་ཡང་རིགས་ཏེ། རབ་ཏུ་ངོ་མཚར་བའི་དོན་གྱིས་ན་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་དེ་དག་གི་ལུགས་མངོན་པར་རྟོགས་པའི་རྒྱན་གྱིས་ཇི་ལྟར་བཤད་པ་བཞིན། འདི་སྔོན་གྱི་དུས་ཡུན་རིང་མོ་ཞིག་ནས་ཐོས་བསམ་གྱི་ཤེས་རབ་སྦྱངས་པ་མཐར་ཕྱིན་པའི་སྟོབས་ཀྱིས་མཐོང་བ་ཡིན་པའི་ཕྱིར། རྩོམ་པ་པོའི་མཚན་སྨོས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཏེ་རྫོགས་སོ་ཞེས་པའི་དོན་ནི་ཟད་པའི་དོན་མ་ཡིན་ཏེ། ཡང་དག་པར་རྟོགས་སོའི་དོན་ཏོ། །གསུམ་པ་འགྱུར་མཐར་ཕྱིན་པ་ནི་རྒྱ་གར་གྱི་མཁན་པོ་སོགས་ཏེ། སྔོན་གྱི་དུས་སུ་དེ་ལྟར་འགྱུར་བ་བཤད་པའི་རྒྱུན་ཆ་མཐུན་ཙམ་ཡོད་པ་ལས། ཕྱི་དར་གྱི་དུས་སུ་དཔལ་གོ་མི་སོགས་ཏེ། འཇམ་དཔལ་རྩ་བའི་རྒྱུད་དང༌། མགོན་པོ་མངོན་བྱུང་གི་རྒྱུད་ལས་ལུང་བསྟན་བརྙེས་པ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བཤད་ཉན་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པའོ།། །།སྭ་སྟི། ཚོགས་གཉིས་རྩེར་སོན་ཡང་དག་རྫོགས་སངས་རྒྱས། །སྐུ་གསུམ་མངོན་གྱུར་རྒྱལ་ཚབ་མི་ཕམ་མགོན། །ཕྲིན་ལས་དབང་ཕྱུག་འཕགས་པ་ཐོགས་མེད་ཞབས། །ཤིང་རྟའི་སྲོལ་འཛིན་མཁས་མཆོག་དབྱིག་གི་གཉེན། །མ་ཕམ་བྱམས་པའི་གཞུང་ཆེན་འདི་མེད་ན། །རྒྱལ་ཡུམ་རྒྱ་མཚོའི་མངོན་རྟོགས་སུ་ཡིས་ལོངས། །ཐོགས་མེད་ཞབས་ཀྱི་རྫུ་འཕྲུལ་དེ་མེད་ན། །ཆོས་ལྔ་འཛམ་གླིང་སྐྱེ་བོ་སུ་ཡིས་མཐོང༌། །དོན་མང་ཚིག་ཉུང་ལྡན་པའི་སྡེབ་ལེགས་མཁན། །དབྱིག་གཉེན་ཞབས་ཀྱིས་བསྟན་བཅོས་མ་མཛད་ན། །མདོ་རྒྱུད་ཀུན་གྱི་མངོན་རྟོགས་ལ་འཇུག་པའི། །མི་ཕམ་མགོན་པོའི་བཤད་སྲོལ་གང་གིས་འཛིན། །དེ་ནས་འཕགས་པའི་མཚན་ཅན་གྲོལ་སྡེ་ཡིས། །མངོན་རྟོགས་རིམ་ཀུན་རྒྱུན་གཞུང་ཇི་བཞིན་ལ། །མཚན་འཛིན་མ་ལུས་འགོག་པའི་རིགས་པ་ནི། །རང་སྟོང་ཚུལ་དེ་མདོ་དོན་ཡིན་པར་དགོངས། །དངོས་སྨྲའི་གླང་ཆེན་རིང་ནས་ཁྲོས་པ་ལ། །འཇིགས་མེད་སེང་གེ་བཟང་པོའི་འགྲེལ་པ་ཡིས། །རང་རང་ངོ་བོས་སྟོང་པའི་ཐོས་བསམ་དང༌། །གཟུང་འཛིན་གཞན་གྱིས་སྟོང་པའི་སྒོམ་བྱུང་བཤད། །ལུགས་འདི་ཀུན་གྱིས་ཤེས་ན་ངོ་མཚར་ཏེ། །གཞན་གྱིས་མ་བཤད་གྱུར་ན་ཡི་རང་བྱོས། །ཟླ་གྲགས་ཀུན་ཏུ་བཟང་པོའི་མཚར་སྡུག་གིས། །དགེ་བསྙེན་ཟླ་བའི་ཁེངས་པ་བསྐྱུངས་མིན་ནམ། །མཚན་འཛིན་ས་བོན་འགོག་པའི་རིགས་པ་ནི། །ཐོགས་མེད་གཞུང་དུ་མ་ཚང་མིན་མོད་ཀྱང༌། །མཐར་འཛིན་འགོག་དང་མཐའ་བྲལ་བསྒྲུབ་པ་ཡི། །རིགས་ཚོགས་བརྒྱ་ཕྲག་བརྒྱ་ལྡན་སྤྱི་བོས་ལེན། །སྒོམ་བྱུང་བློ་ཡིས་ཉམས་སུ་མྱོང་བྱའི་ཡུལ། །བྱམས་པའི་གཞུང་གསུམ་དག་ནས་གང་གསུངས་པ། །མཐའ་ཡས་རྒྱུད་སྡེའི་ཚོགས་ནས་གསལ་བའི་ཕྱིར། །ཐོགས་མེད་ཞབས་ཀྱི་གཞུང་བཞིན་འདི་ན་དགེ །རྩོད་བྲལ་ངོ་བོ་ཉིད་མེད་སྨྲ་བའི་གཞུང༌། །རྩོད་ལྡན་ཆོས་དང་བྱམས་པའི་གཞུང་གསུམ་པོ། །སེམས་ཙམ་སུ་སྨྲའི་ཆོས་སྤོང་འཇིགས་པ་ལས། །རྣམ་ཐར་ཆོས་སྒོ་ཤིང་རྟའི་སྲོལ་གསུམ་པ། །གང་འདིར་ངེས་དོན་གསུང་རབ་མ་ལུས་པའི། །ལྷུན་པོ་འདེགས་མཁས་གསེར་གྱི་ནོར་འཛིན་དང༌། །ཐེག་ཆེན་ཆུ་བོ་བསྡུད་པའི་རྒྱ་མཚོ་དང༌། །ལེགས་བཤད་ཆར་ཆེན་འབེབས་པའི་སྤྲིན་ཕུང་ཡིན། །ཤེར་ཕྱིན་བསྟན་པ་སྔ་བར་ནམ་ལངས་པའི། །དུས་འདིར་སྟོང་ཉིད་ནམ་མཁའི་སྔོ་སངས་མ། །མངོན་རྟོགས་ཚ་ཟེར་འབར་བ་སྤྱན་འདྲོངས་པ། །རྟ་བདུན་རྒྱལ་པོའི་ཁ་ལོ་པ་དེ་བཞིན། །ཡང་ན་ངན་རྟོག་རྦ་ཀློང་འཁྲུག་པ་ཡི། །ཆུ་གཏེར་དབུས་ཀྱི་ཉེས་བཤད་བྱེད་པོའི་ཚོགས། །ཆོས་དབྱིངས་ཞི་བའི་མལ་དུ་ཉལ་བ་ན། །ལེགས་བཤད་གོ་སྐབས་ཡངས་པར་ཕྱེ་མིན་ནམ། །ཐུབ་དབང་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་པ། །འཛིན་མཛད་འཇིག་རྟེན་མེས་པོའི་ཐུགས་མཚོ་ལ། །སྲིད་གསུམ་དྲི་མ་འཁྲུད་པའི་དག་བྱེད་མཁན། །ལམ་གསུམ་ཅན་དེ་རིགས་པར་ཕབ་པ་ན། །རྨོངས་དང་ཆགས་ཁྲོ་རལ་པ་དམར་པོའི་ཁུར། །འཛིན་བྱེད་གནས་སུ་ཡུན་རིང་འཁྱམས་གྱུར་པ། །དྲང་སྲོང་ལེགས་བཤད་མཁན་པོའི་མགྲིན་པར་བསྡུས། །གངས་ཅན་ལྗོངས་ཀྱི་མ་དྲོས་མཚོར་ལྷུང་བ། །འབབ་སྲོལ་ཕྱོགས་བརྒྱར་སྤྲོས་པའི་རྣམ་དཀར་གྱིས། །འཕྲོག་བྱེད་རྐང་པའི་དུག་ཆེན་བཀྲུས་དེ་ལྟར། །སྲིད་གསུམ་མ་རྣམས་ཀུན་གྱི་རུས་བུ་ལ། །རིང་ནས་ཞེན་པའི་དྲི་མ་དག་གྱུར་ཅིག །འགྲེལ་མཛད་གཞན་གྱི་ཐུགས་ལ་མ་ཤར་བའི། །རྣམ་པར་འགྲེལ་གང་འདིར་འབྱུང་མ་ཡིན་མོད། །རི་རབ་ལྷུན་པོའི་ཟུར་ཕུད་ཁོང་སྐྱིབས་ན། །རི་མཚོ་གླིང་གི་ཡ་མཚན་ལྟད་མོ་ནི། །སྔོན་ཆད་མི་གསལ་འཇམ་དཔལ་གྲགས་པའི་གསུངས། །པད་དཀར་འཛིན་དེས་གསལ་བར་བྱས་མིན་ནམ། །ལུས་མེད་ཀྱིས་བརྩེན་གངས་ཅན་འགྲོ་བ་འདི། །ཡིད་སྲུབས་ཀྱིས་བསྟན་ལམ་དུ་སོང་བ་ན། །མཆོད་སྦྱིན་བརྒྱ་པའི་རྣམ་དཔྱོད་རྩལ་གཅིག་གིས། །བདུད་ཀྱི་རྒྱལ་མཚན་རིགས་པར་བསྙལ་མིན་ནམ། །བསྟན་བཅོས་དཔག་བསམ་ལེགས་བཤད་འབྲས་བུ་ཅན། །མི་ཟད་འཆི་མེད་བདུད་རྩིའི་འབབ་ངོགས་མཆོག །མི་ཕམ་རྒྱལ་བའི་དྲུང་དུ་མཆོད་པར་འབུལ། །འགྲོ་ཀུན་ཐུགས་རྗེའི་ཕྱག་གིས་བཟུང་དུ་གསོལ། །ཞེས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དོན་གསལ་བ་དང་བཅས་པའི་རྣམ་བཤད་ཤིང་རྟའི་སྲོལ་ཆེན་རྣམ་གསུམ་བསྒྲུབ་པ། རྣམ་ཐར་ཆོས་ཀྱི་སྒོ་གསུམ་རབ་ཕྱེ་ཞེས་བྱ་བ་འདི་ནི་ཤར་མི་ཉག་གི་སྡེ་སྣོད་འཛིན་པ་ཤེས་རབ་བཟང་པོ་དང༌། བྱམས་མགོན་ཆོས་ཀྱི་མཛོད་འཛིན་ཞེས་བྱ་བས་གསོལ་བ་ནན་གྱིས་བཏབ་པའི་ངོར་བགྱིས་ནས། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུའི་བརྒྱུད་འཛིན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་ཁྲུམས་ཀྱིས་ཉ་གང་བ་ཕྱོགས་དང་པོའི་བཟང་པོའི་ཐོག་མ་ལ། གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོའི་དབུས། མཉན་དུ་ཡོད་པའི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།། །།མངྒ་ལཾ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།