ཐལ་འགྱུར་གྱི་འཕྲེང་བ་ངག་གི་དབང་པོའི་རྡོ་རྗེ། ག ༽

ཁྱབ་པ་གྲུབ་མཐར་ཁས་བླངས་སོ། །གཞན་ཡང༌། རང་གི་གྲོགས་ཐེག་ཆེན་གྱི་བསྒོམ་ལམ་དང་མཚུངས་པར་ལྡན་པའི་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་དེ། ཐེག་ཆེན་གྱི་བསྒོམ་ལམ་ཡིན་པར་ཐལ། ཞེན་བློ་དེ་དང་མཚུངས་པར་ལྡན་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཏེ། ཐེག་ཆེན་གྱི་མོས་པ་བསྒོམ་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། འདོད་ན། རང་ཡུལ་གསལ་བར་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། གཞན་ཡང༌། ས་བརྒྱད་པའི་མོས་པ་བསྒོམ་ལམ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཡུམ་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་མཚུངས་ལྡན་དང་བཅས་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། རང་དོན་མོས་པ་བསྒོམ་ལམ་དུ་ཐལ། ཐེག་ཆེན་གྱི་བསྒོམ་ལམ་གང་ཞིག ཡུམ་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། འདོད་ན། དག་པ་པར་རང་དོན་མོས་པ་མེད་པར་ཐལ། དེ་ཉོན་ཡིད་གནས་གྱུར་པའི་ཕྱིར། ཁྱབ་པར་ཐལ། འགྲེལ་ཆེན་ལས། བདག་ཏུ་ང་རྒྱལ་བ་ཕྲ་མོ་མ་སྤངས་པ་ཉིད་ཀྱིས་རང་གི་དོན་གྱི་མོས་པ་ཞེས་གསུངས་པའི་ཕྱིར། ཁྱབ་པ་འདི་ཡང་རྣམ་བཤད་པས་ཁས་ལེན་དགོས་སོ། །ས་མཚམས་ལ། རང་དོན་མོས་པ་ས་གཉིས་པ་ནས་བདུན་པའི་བར་ན་ཡོད། གཉིས་དོན་མོས་པ་ས་བརྒྱད་པ་དང་དགུ་པ། གཞན་དོན་མོས་པ་ས་བཅུ་པ་ན་ཡོད་དོ་ཞེས་ཟེར། མོས་པ་གསུམ་གྱི་ས་མཚམས་དེ་ལྟར་མི་འཐད་པར་ཐལ། ཐེག་ཆེན་གྱི་ཚོགས་སྦྱོར་སོགས་ན་མོས་པ་གསུམ་ཡོད་པའི་ཕྱིར། དེར་ཐལ། དེ་ན་འབྲས་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཞེན་བློ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་ཚོགས་ལམ་ན། ལུང་རིགས་ལ་བརྟེན་ནས་འབྲས་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཐོས་བསམ་གྱིས་གཏན་ལ་ཕེབས་པ་ཡོད་པའི་ཕྱིར། འགྲེལ་ཆེན་གྱི་ལུང་དྲངས་ནས། མོས་པ་གསུམ་གྱི་ས་མཚམས་ཇི་སྐད་བཤད་པ་དེ་ལྟར་བྱེད་པ་མི་འཐད་དེ། དག་པ་པ་ན། རང་དོན་མོས་པ་ཡོད་པར་ཐལ། དེ་ན་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་དད་པ་ཡོད་པའི་ཕྱིར། དེར་ཐལ། དག་པ་ནས། ཡུམ་ཤེར་ཕྱིན་རང་དོན་དོན་དམ་པ་ཆོས་ཀྱི་སྐུའི་འབྱུང་གནས་སུ་ཡིད་ཆེས་པའི་དད་པ་ཡོད་པའི་ཕྱིར། འདིའི་སྐབས་ཀྱི་རང་དོན་དེ་རང་དོན་ཡིད་བྱེད་ཀྱི་བློ་ལ་བྱེད་རིགས་པར་ཐལ། བདག་ཏུ་ང་རྒྱལ་བ་ཕྲ་མོ་ཡོད་པའི་རྒྱུ་མཚན་གྱིས་རང་དོན་མོས་པ་ཡོད་པའི་ཕྱིར། འདོད་ན། མི་རིགས་པར་ཐལ། མོས་པ་གསུམ་བསྒོམ་པའི་དུས་སུ་འདིའི་དོན་གསུམ་མངོན་དུ་མི་བྱེད་པར་བཤད་པའི་ཕྱིར། དེར་ཐལ། དོན་གསལ་ལས། བསྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་དང་པོར་མངོན་དུ་མི་བྱེད་པའི་ངོ་བོ་ཡང་རྣམ་པ་གསུམ་མོ་ཞེས་གསུངས་པའི་ཕྱིར། གཞན་ཡང་མོས་པས་བསགས་པའི་དགེ་རྩ་དོན་གསུམ་གྱི་རྒྱུར་བསྔོ་བ་དེ་མི་འཐད་པར་ཐལ། རང་དོན་དེ་རང་དོན་ཡིད་བྱེད་ཀྱི་བློ་ལ་བྱེད་རིགས་པའི་ཕྱིར། དེས་ན་རང་དོན་ཡིད་བྱེད་ཀྱི་བློ་མེད་ན། རང་དོན་ཆོས་སྐུ་ལ་དོན་གཉེར་གྱི་བློ་མི་འབྱུང་ངོ་ཞེ་ན། འོ་ན། རང་དོན་ཡིད་བྱེད་ཀྱི་བློ་མེད་ན། ཐེག་པ་ཆེན་པོའི་སེམས་བསྐྱེད་མི་འབྱུང་བར་ཐལ། དེ་མེད་ན་ཆོས་སྐུ་ལ་དོན་གཉེར་གྱི་བློ་མི་འབྱུང་བའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །ཞེས་པར། མོས་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་ལ་བསྟོད་བཀུར་བསྔགས་གསུམ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། མོས་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་ཆེར་ཡིན་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། དེས་དེ་འདྲའི་དེ་སྤྲོ་བ་བསྐྱེད་མི་ནུས་པར་ཐལ། འདི་རང་གཞན་གྱི་བསྟོད་བཀུར་བསྔགས་གསུམ་དེ་བརྗོད་པ་སྒྲའི་བདག་ཉིད་མ་ཡིན་པ་གང་ཞིག་གི དེ་བཞིན་གཤེགས་པ་ཐུགས་དགྱེས་པ་མོས་པ། བསྒོམ་པའི་བྱང་སེམས་ཀྱིས་རྟོགས་མི་ནུས་པའི་ཕྱིར། དེར་ཐལ། དེ་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་དེ་རྟོགས་ཡེས་ཆོས་སྐུའི་ངོ་བོ་ཡིན་པའི་ཕྱིར། སྔ་མ་དེར་ཐལ། འདི་དག་ནི་དོན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་མཚན་ཉིད་ཅན་ཡིན་གྱི་བཅམ་བུའི་ངོ་བོ་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། འདིར་མོས་པ་དང་པོ་བསྒོམ་པ་ལ་ཡོན་ཏན་བརྗོད་པ་ཆུང་ངུར་མཛད། མོས་པ་གསུམ་པ་བསྒོམ་པ་ལ་ཡོན་ཏན་བརྗོད་པ་ཆེན་པོར་མཛད་དོ་ཞེ་ན། ཤེར་ཕྱིན་རང་དོན་ཆོས་སྐུའི་འབྱུང་གནས་སུ་ཡིད་ཆེས་པ་ལ་ཡོན་ཏན་བརྗོད་པ་ཆུང་ངུར་མཛད་པ་དང༌། ཤེར་ཕྱིན་གཟུགས་སྐུའི་འབྱུང་གནས་སུ་ཡིད་ཆེས་པ་ལ་ཡོན་ཏན་བརྗོད་པ་ཆེན་པོར་མཛད་མིན་པར་ཡོད་པར་ཐལ། ཤེར་ཕྱིན་ཆོས་སྐུའི་འབྱུང་གནས་སུ་ཡིད་ཆེས་པ་དེ་ཆོས་སྐུའི་འབྱུང་གནས་སུ་ཡིད་ཆེས་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུ་ལ་དམིགས་པའི་དད་པ་ལས། དོན་དམ་པའི་སྐུ་ལ་དམིགས་པའི་དད་པ་དེ་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཁྱད་པར་དུ་འཕགས་པའི་ཕྱིར། འདིར་ཐེག་ཆེན་གྱི་མོས་པ་བསྒོམ་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། འདིར་རང་གཞན་མོས་པའི་ཕན་ཡོན་གྱི་མཚན་ཉིད། ཟེར་ན། རྗེས་ཐོབ་ཏུ་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པ་སྔོན་དུ་བཏང་ནས། མཉམ་གཞག་ཏུ་ཤེར་ཕྱིན་བསྒོམ་པའི་བྱང་སེམས་ཀྱི་བསྒོམ་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། འདི་རང་གཞན་མོས་པའི་ཕན་ཡོན་མ་ཡིན་པར་ཐལ། མོས་པ་དངོས་ཡིན་ཏེ། མོས་པ་ཡིད་ལ་བྱེད་པ་བླ་ན་མེད་པའི་བསྒོམ་ལམ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། ཁྱབ་པར་ཐལ། དོན་གསལ་ལས། ཇི་ལྟར་མོས་པ་བཞིན་མཐོང་བའི་ཆོས་ཀྱི་མཚན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་ཞེས། མོས་པ་ཡིད་ལ་བྱེད་པ་སྔོན་དུ་སོང་བའི་བསྒོམ་ལམ་ལ་མོས་པ་བསྒོམ་ལམ་དུ་བཤད་པའི་ཕྱིར། མོས་པ་བསྒོམས་པ་ལས་བྱུང་བའི་ཟེར་ན། ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་བྱང་སེམས་མཐོང་ལམ་པ་ལ་དེ་བཞིན་གཤེགས་པས་བསྟོད་བཀུར་བསྔགས་གསུམ་མཛད་པ་ཆོས་ཅན། མཚན་ཉིད་དེར་ཐལ། འདི་རང་གཞན་མོས་པའི་ཕན་ཡོན་ཡིན་པའི་ཕྱིར། དེར་ཐལ། མོས་པ་བསྒོམས་པའི་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པས་བསྟོད་བཀུར་བསྔགས་པ་མཛད་པའི་ཡོན་ཏན་གྱི་ཆ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ལ་དེ་ལྟར་མཛད་པ་དེ་རང་རྒྱུ་མོས་པ་བསྒོམ་ལམ་བསྒོམས་པ་ལས་བྱུང་བ་མ་ཡིན་པར་ཐལ། ཁྱོད་མོས་པ་བསྒོམ་ལམ་གྱི་རྟོགས་པ་སྔོན་སོང་ཡིན་པའི་ཕྱིར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་པའི་སྐབས་སུ། དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་དེ། ཐེག་ཆེན་གྱི་བསྔོ་བའི་མཚན་ཉིད་ཟེར་ན། དེ་འདྲའི་འདུན་པ་དེ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྨོན་ལམ་ཡིན་པར་ཐལ། བསྔོ་བ་ཡིན་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། སྨོན་ལམ་ཡིན་པའི་ཕྱིར། ཁྱབ་པར་ཐལ། བསྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་ཕྱིར། རྩ་བའི་རྟག་དེར་ཐལ། དེ་དང་མཚུངས་དང་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། གཞན་ཡང༌། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཐེག་ཆེན་གྱི་བསྔོ་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། ཐེག་ཆེན་གྱི་བསྔོ་བ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱིས་དགེ་རྩ་རྫོགས་བྱང་དུ་བསྒྱུར་ཟིན་པར་ཐལ། འདོད་པ་གང་ཞིག ཐེག་ཆེན་གྱི་བསྔོ་བ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱིས་དགེ་རྩ་ཁོང་ཁྲོས་འཇོམས་ནུས་པ་གཅིག་མི་སྲིད་པར་ཐལ། འདོད་པའི་ཕྱིར། ཡང༌། རང་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་དེ། ཐེག་ཆེན་གྱི་བསྔོ་བའི་མཚན་ཉིད་ཟེར་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་བསྔོ་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཅན། མིན་པར་ཐལ། རང་རྒྱུད་ཀྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པ་མིན་པའི་ཕྱིར་ཏེ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ལ་རྫོགས་བྱང་དུ་བསྒྱུར་རྒྱུའི་དགེ་བ་མེད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དགེ་བ་ཡིན་ན། རྫོགས་བྱང་དུ་བསྒྱུར་ཟིན་པ་ཁྱབ་པའི་ཕྱིར། ཡང་རང་གཞན་གང་རུང་གི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་འདུན་པ་དེ། ཐེག་ཆེན་གྱི་བསྔོ་བའི་མཚན་ཉིད་ཟེར་ན། ཉན་ཐོས་བསྒོམ་ལམ་པའི་རྒྱུད་ཀྱི་རང་གཞན་དགེ་རྩ་རྫོགས་བྱང་དུ་བསྔོ་བར་བྱེད་པའི་བསྔོ་བ་དེ་ཆོས་ཅན། ཐེག་ཆེན་གྱི་བསྔོ་བར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཡོད་པ་གང་ཞིག ཁྱོད་ཡོད་ན་ཁྱོད་དེ་ཡིན་དགོས་པའི་ཕྱིར། དངོས་མ་གྲུབ་ན་ཤེས་བྱ་ཆོས་ཅན། དེ་ཡོད་པར་ཐལ། ཉན་ཐོས་བསྒོམ་ལམ་པས་གདུལ་བྱ་གཞན་ལ་ཐེག་ཆེན་གྱི་ལམ་སྟོན་པ་ཡོད་པའི་ཕྱིར། ཡང་འཁོར་སུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱི་ཟིན་པའི་སྒོ་ནས་དུས་གསུམ་གྱི་དགེ་རྩ་མ་ལུས་པ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་འདུན་པ་ཞེས་ཟེར་ན། བྱང་སེམས་གཉིས་པ་བའི་རྒྱུད་ཀྱི་ཐེག་ཆེན་གྱི་བསྔོ་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདས་པའི་དགེ་རྩ་རྫོགས་བྱང་དུ་བསྒྱུར་བསྔོ་མི་ནུས་པའི་ཕྱིར། དེར་ཐལ། ཁོང་ཁྲོས་བཅོམ་ཟིན་པའི་དགེ་རྩ་རྫོགས་བྱང་དུ་བསྔོ་མི་ནུས་པའི་ཕྱིར། མ་འོངས་པའི་དགེ་རྩ་རྫོགས་བྱང་དུ་བསྔོ་མི་ནུས་པར་ཐལ། དེ་རིང་བསྔོ་བས་སང་ཉིན་གྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་མི་ནུས་པའི་ཕྱིར། དེར་ཐལ། བསྔོ་བའི་དུས་སུ་བསྔོ་རྒྱུའི་རྫས་མེད་པར་རྫོགས་བྱང་དུ་བསྔོ་བ་མ་ཡིན་པའི་ཕྱིར། གཞན་ཡང༌། མ་འོངས་པའི་དགེ་རྩ་མཐའ་དག་རྫོགས་བྱང་དུ་བསྒྱུར་དགོས་པར་ཐལ། བསྔོ་བའི་མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། མ་འོངས་པ་ན་ཐོབ་བྱར་གྱུར་པའི་རྣམ་མཁྱེན་དེ་རྫོགས་བྱང་དུ་བསྒྱུར་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པའི་ཐོབ་བྱར་གྱུར་པའི་རྣམ་མཁྱེན་དེ་ཆོས་ཅན། ཁྱོད་བསྔོ་བས་རྫོགས་བྱང་དུ་བསྒྱུར་མི་དགོས་པར་ཐལ། ཁྱོད་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར། ཡང་འདས་པའི་དགེ་རྩ་མཐའ་དག་རྫོགས་བྱང་དུ་བསྒྱུར་དགོས་པར་ཐལ། ཐེག་ཆེན་གྱི་བསྔོ་བའི་མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་དགེ་རྩ་རྫོགས་བྱང་དུ་བསྒྱུར་དགོས་པར་ཐལ་ལོ། །གཞན་ཡང༌། ཐེག་ཆེན་གྱི་བསྔོ་བ་ཡིན་ན། འཇིག་རྟེན་ལས་འདས་པའི་བསྔོ་བ་ཡིན་དགོས་པར་ཐལ། དེ་ཡིན་ན་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱི་ཟིན་དགོས་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། གསུམ་ལ་ཆགས་པས་སྟོང་སྟེ་འཇིག་རྟེན་འདས། །ཞེས་འཇུག་པ་ལས་གསུངས་པའི་ཕྱིར། འདིར་བསྔོ་བའི་དགེ་རྩ་ལ། ཆོས་ཉིད་བསྔོ་རྒྱུའི་དགེ་རྩ་ཡིན་ནོ་ཟེར་ན། ཆོས་ཉིད་ཆོས་ཅན། ཁྱོད་རྫོགས་བྱང་དུ་བསྔོ་རྒྱུའི་དགེ་རྩ་མིན་པར་ཐལ། བསྔོ་བས་བསྒྱུར་དུ་མི་རུང་བའི་ཕྱིར། དེར་ཐལ། འགྱུར་མེད་ཡིན་པའི་ཕྱིར། ཁོ་ན་རེ། ཆོས་ཉིད་ཆོས་ཅན། དགེ་བ་ཡིན་པར་ཐལ། དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་ཞེ་ན། ཀུན་གཞིའི་ས་བོན་ཆོས་ཅན། དགེ་བ་ཡིན་པར་ཐལ། རྗེས་སུ་འབྲེལ་བའི་དགེ་བ་ཡིན་པའི་ཕྱིར། མ་གྲུབ་ན་སྔ་མའང་མ་གྲུབ་བོ། །ཁོ་ན་རེ། དེ་དེར་ཐལ། མངོན་པ་ལས་དེ་ལྟར་དུ་བཤད་པའི་ཕྱིར། ཞེ་ན། འོ་ན། དེ་དེར་ཐལ། མངོན་པ་ཀུན་ལས་བཏུས་ལས་དེ་ལྟར་དུ་བཤད་པའི་ཕྱིར། འདོད་ན། ཀུན་གཞིའི་ས་བོན་གྱི་ཆ་དགེ་བ་ཡོད་པར་ཐལ། དེའི་ཕྱིར། འདོད་ན། མེད་པར་ཐལ། ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ཀ་ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། སུམ་ཅུ་ལས། དེ་ནི་མ་སྒྲིབས་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། མི་དགེ་བའི་ས་བོན་དེ་མི་དགེ་བ་ཡིན་པར་ཐལ། ཀུན་གཞིའི་ས་བོན་གྱི་ཆ་མི་དགེ་བ་ཡོད་པའི་ཕྱིར། འདོད་ན། ཁམས་གོང་མ་ན་མི་དགེ་བ་ཡོད་པར་ཐལ། མི་དགེ་བའི་ས་བོན་མི་དགེ་བ་ཡིན་པའི་ཕྱིར། གཞན་ཡང༌། ཆོས་ཉིད་དེ་ཆོས་ཅན། རང་འབྲས་ཡིད་འོང་འབྱིན་བྱེད་ཡིན་པར་ཐལ། དགེ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་མེད་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། བུམ་པའི་ཆོས་ཉིད་དེ་རྫོགས་བྱང་དུ་བསྔོ་རྒྱུའི་དགེ་བར་ཐལ། ཆོས་ཉིད་དེ་བསྔོ་རྒྱུའི་དགེ་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན་རྫོགས་བྱང་དུ་འགྱུར་དུ་རུང་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྐུར་འགྱུར་རུང་ཡིན་པར་ཐལ། དེ་གང་ཞིག དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། འདོད་ན། བུམ་པ་དེ་སངས་རྒྱས་ཀྱི་ཆོས་ཅན་གྱི་སྐུར་འགྱུར་རུང་ཡིན་པར་ཐལ། བུམ་པའི་ཆོས་ཉིད་དེ་སངས་རྒྱས་ཀྱིས་ཆོས་ཉིད་ཀྱི་སྐུར་འགྱུར་རུང་ཡིན་པའི་ཕྱིར། འདིར་འདུ་བྱས་ཀྱི་དགེ་བ་ཡིན་ན། རྫོགས་བྱང་དུ་བསྔོ་རྒྱུའི་དགེ་བ་ཡིན་པས་ཁྱབ་པར་འདོད་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་བསྔོ་བས་རྫོགས་བྱང་དུ་བསྒྱུར་མི་དགོས་པའི་ཕྱིར། དེར་ཐལ། རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར། གཞན་ཡང་རྒྱུད་ཀྱི་དགེ་རྩ་རྫོགས་བྱང་དུ་བསྔོའོ། །ཟེར་ན། ཤེས་བྱ་ཆོས་ཅན། གང་ཟག་གཞན་གྱིས་གང་ཟག་གཞན་གྱི་དགེ་རྩ་རྫོགས་བྱང་དུ་བསྔོ་ནུས་པར་ཐལ། གཞན་རྒྱུད་ཀྱི་དགེ་རྩ་མཐའ་དག་བསྔོ་རྒྱུའི་དགེ་རྩ་ཡིན་པའི་ཕྱིར། འདོད་ན། རྫོགས་བྱང་དུ་མ་བསྔོས་པའི་དགེ་རྩ་མི་སྲིད་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། ཁོང་ཁྲོས་འཇོམས་མི་ནུས་པའི་དགེ་རྩ་གཅིག་མི་སྲིད་པར་ཐལ་ལོ། །དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་པའི་སྐབས་སུ། ཐེག་ཆེན་གྱི་སྒྲུབ་པ་བསྒོམ་ལམ་གྱི་མཚན་ཉིད་ལ། ཐེག་ཆེན་གྱི་བསྒོམ་ལམ་གང་ཞིག མཉམ་གཞག་བར་ཆད་མེད་ལམ་ཟེར་ན། ཐེག་ཆེན་གྱི་བསྒོམ་ལམ་བར་ཆད་མེད་ལམ་སྐད་ཅིག་དང་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཐོང་སྤངས་སྤངས་པའི་རྣམ་གྲོལ་ལམ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། སྒྲུབ་པ་བསྒོམ་ལམ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་མཉམ་གཞག་གང་ཞིག རྣམ་གཞག་བསྒོམ་ལམ་མིན་པའི་ཕྱིར། དེར་ཐལ། རང་རྒྱུ་ཐེག་ཆེན་གྱི་བསྒོམ་ལམ་བར་ཆད་མེད་ལམ་མངོན་དུ་མ་སོང་བའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཆོས་ཅན་མ་གྲུབ་བོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་འདྲ་ཡོད་པར་ཐལ། དེའི་རྒྱུད་ལ་མཐོང་སྤངས་སྤངས་པའི་སོ་སོར་རྒྱུ་འགོག་པ་ཡོད་པའི་ཕྱིར། ཡང་དེ་ཡོད་པར་ཐལ། དེའི་རྒྱུད་ལ་མཐོང་སྤངས་ཀྱི་ས་བོན་དང་བྲལ་ཙམ་གྱི་ཡེ་ཤེས་ཀྱི་ཆ་ཡོད་པའི་ཕྱིར། གཞན་ཡང༌། དེའི་རྒྱུད་ཀྱི་མཁྱེན་པ་ཡིན་ན། བར་ཆད་མེད་ལམ་ཡིན་དགོས་པར་ཐལ། དེ་འདྲ་མེད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་ལམ་ཡིན་ན། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་ས་བོན་སྤོང་བའི་བར་ཆད་མེད་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོག་པའི་མཁྱེན་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་རྟོག་རིགས་པར་མིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་མེད་ན། ཉན་ཐོས་ཀྱི་རྟོག་རིགས་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་བསྒོམ་པར་བྱེད་པའི་ཐེག་ཆེན་གྱི་བསྒོམ་ལམ་ཡོད་པར་ཐལ། དེ་ཁྱབ་པའི་ཕྱིར། དར་ཊཱིཀ་པ། ཐེག་ཆེན་ཟག་མེད་བསྒོམ་ལམ་གང་ཞིག རྟོག་པ་མཐར་ཐུག་གི་ལག་རྗེས་གཙོ་བོར་འཇོག་བྱེད་དེ། སྒྲུབ་པ་བསྒོམ་ལམ་གྱི་མཚན་ཉིད། དེ་གང་ཞིག གཙོ་བོར་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་དེ། རྣམ་གཞག་བསྒོམ་ལམ་གྱི་མཚན་ཉིད་ཟེར་ན། ས་གཉིས་པའི་མཉམ་གཞག་བར་ཆད་མེད་ལམ་ཆོས་ཅན། རྣམ་གཞག་བསྒོམ་ལམ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རང་གི་ངོས་སྐལ་གྱི་སྤངས་བྱའི་ས་བོན་དྲུངས་འབྱིན་བྱེད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། རྣམ་གྲོལ་ལམ་མིན་པའི་ཕྱིར། ཁྱབ་པར་ཐལ། རྣམ་གཞག་བསྒོམ་ལམ་ཡིན་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་དགོས་པའི་ཕྱིར། དེར་ཐལ། འཕགས་པའི་གང་ཟག་གི་དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་ཡིན་པ་དེ་ཞེས་པའི་གཞུང༌། དེ་རྣམ་གཞག་བསྒོམ་ལམ་ངོས་འཛིན་པའི་གཞུང་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། སྒྲུབ་པ་བསྒོམ་ལམ་དང༌། རྣམ་གཞག་བསྒོམ་ལམ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། མཚན་ཉིད་གཉིས་པོ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འབྲས་བུ་དག་པ་གཞག་ལ་སོགས། ཞེས་སོགས་ལ། ས་གཉིས་པའི་མཉམ་གཞག་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་རང་རྒྱུ་བར་ཆད་མེད་ལམ་གྱི་དྲི་མས་རྣམ་པར་དག་པ་ཡིན་ཏེ། ཁྱོད་དེས་དག་པའི་དག་པ་དེ་དང༌། ཁྱོད་ཀྱི་ཡུལ་སོགས་གཟུགས་སོགས་དེས་དག་པའི་དག་པ་གཉིས་པོ་རང་མཚན་ལ་རྫས་མི་དད་ཅིང༌། སྤྱི་མཚན་ལ་ལྷག་པ་སོ་སོར་དཔྱད་རྒྱུ་མེད་པའི་ཕྱིར་ཞེ་ན། གང་ཟག་གི་བདག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཁྱོད་དེས་དག་དག་པའི་དག་པ་དང༌། ཁྱོད་ཀྱི་ཡུལ་གཟུགས་དེས་དག་པའི་དག་པ་གཉིས་ཀ་མེད་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། མེད་པའི་ཕྱིར། དོན་ལྟར་ན་རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་ཡུལ་གཟུགས་སོགས་དེ་རྣམ་མཁྱེན་གྱི་རྒྱུ་བར་ཆད་མེད་ལམ་གྱིས་ངོས་སྐལ་གྱི་དྲི་མས་རྣམ་པར་དག་པར་ཐལ། རྣམ་མཁྱེན་དེ་དེས་རྣམ་པར་དག་པའི་ཕྱིར། འདོད་ན། རྣམ་མཁྱེན་གྱི་ཡུལ་གཟུགས་སོགས་ཆོས་ཅན། དྲི་མས་རྣམ་པར་ཐལ། རྣམ་མཁྱེན་གྱི་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མས་དག་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་དྲི་མས་དག་པར་ཐལ། འདོད་པའི་ཕྱིར། དར་ཊཱིཀ་པ། བྱང་སེམས་མཐོང་ལམ་པས། བུམ་པ་བདེན་སྟོང་དུ་མངོན་སུམ་དུ་རྟོག་པའི་ཚེ། ཡུལ་བུམ་པ་དེ་ཡང༌། བུམ་པ་ལ་བདེན་པར་འཛིན་པའི་དྲི་མས་དག་པ་ཡིན་ཏེ། དེའི་ཚེ་བུམ་པ་དེས། བྱང་སེམས་ཀྱི་མཐོང་ལམ་དེ་ལ། བདེན་མེད་ཀྱི་རྣམ་པ་གཏོད་བྱེད་ཀྱི་བདེན་གྲུབ་ཀྱི་རྣམ་པ་མི་གཏོད་པའི་ཕྱིར། ཟེར་རོ། །འོ་ན། སེམས་ཅན་བདེན་མེད་དུ་རྟོག་པའི་རྣམ་མཁྱེན་དེ། སེམས་ཅན་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་དག་པ་ན། ཡུལ་སེམས་ཅན་ཡང་དེས་དག་པར་ཐལ། ཡུལ་སེམས་ཅན་དེ་རྣམ་མཁྱེན་ལ་བདེན་མེད་ཀྱི་རྣམ་པ་གཏོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སེམས་ཅན་དེ་དེས་དག་པར་ཐལ། རྣམ་མཁྱེན་དེ་དེས་དག་པའི་ཕྱིར། ཁྱབ་པ་རྐང་གསུམ་ལ་ཁས་བླངས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་པར། ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གཞག་དེ་ཉན་ཐོས་ཀྱི་རྣམ་གཞག་དང༌། ཉན་ཐོས་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གཞག་དེ། རང་རྒྱལ་ཀྱི་རྣམ་གཞག་གི་མཚན་ཉིད། ལམ་གསུམ་གྱི་ཅི་མ་ལོག་པར་ཤེས་པའི་གེགས་བྱེད་ཀྱི་སྒྲིབ་པ་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གཞག་དེ། བྱང་སེམས་ཀྱི་རྣམ་གཞག་གི་མཚན་ཉིད་ཡིན་ཟེར་ན། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་སོ་སོར་རྟོག་འགོག་ཆོས་ཅན། ཉན་ཐོས་ཀྱི་རྣམ་གཞག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཁྱོད་ཉོན་སྒྲིབ་ཙམ་སྤངས་པའི་ཆ་ནས། ཉོན་སྒྲིབ་སྤངས་པའི་སོ་སོར་རྟག་འགོག་དུ་བཤད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཤེས་སྒྲིབ་སྤངས་པའི་ཆ་ནས་ཉོན་སྒྲིབ་སྤངས་པའི་སོ་སོར་རྟག་འགོག་དུ་བཞག་པ་ཡིན་པར་ཐལ། གང་རུང་གང་ཞིག ཕྱི་མ་ཡིན་པའི་ཕྱིར། འདོད་ན། ཉོན་སྒྲིབ་སྤངས་པའི་སོ་སོར་རྟག་འགོག་དེ། ཤེས་སྒྲིབ་སྤངས་པའི་ཆ་ནས། ཉོན་སྒྲིབ་སྤངས་པའི་འགོག་བདེན་དུ་བཞག་པར་ཐལ། འདོད་ན། ཉན་ཐོས་དགྲ་བཅོམ་པའི་འགོག་བདེན་དེ་ལ། ཉོན་སྒྲིབ་སྤངས་པའི་འགོག་བདེན་དུ་འཇོག་བྱེད་གཅིག་མེད་པར་ཐལ་ལོ། །གཞན་ཡང༌། རང་རྒྱལ་དགྲ་བཅོམ་པའི་སོ་སོར་རྟག་འགོག་ཆོས་ཅན། མཚན་ཉིད་དེར་ཐལ། རང་རྒྱལ་གྱི་རྣམ་གཞག་ཡིན་པའི་ཕྱིར། འདོད་ན། ཤེས་སྒྲིབ་གཟུང་རྟོག་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། །རྣམ་བྱང་གཟུང་རྟོག་སྤངས་པར་ཐལ། །འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་བར་ཆད་མེད་ལམ་རང་རྒྱུད་ལ་སྐྱེ་མྱོང་བར་ཐལ་ལོ། །རྣམ་གཞག་ཤིན་ཏུ་བ་ཆོས་ཅན། བྱང་སེམས་ཀྱི་རྣམ་གཞག་ཡིན་པར་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར། དེར་ཐལ། སྒྲིབ་པ་མ་ལུས་པ་སྤངས་པས་རབ་ཏུ་ཕྱེ་བ་ནི་རྣམ་གཞག་ཡིན་པའི་ཕྱིར། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པར། ཁམས་གསུམ་ས་དགུ་ལ་བརྟེན་པའི་བསྒོམ་ལམ་དགུ་དང༌། ས་དགུ་ལ་བརྟེན་པའི་རྟོག་པ་དགུ་སྤངས་གཉེན་དུ་སྦྱོར། ཟེར་ན། ཁམས་གསུམ་ས་དགུ་ལ་བརྟེན་པའི་བསྒོམ་ལམ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྲིད་རྩེའི་སེམས་ལ་བརྟེན་པའི་བསྒོམ་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་མེད་དགུའི་གྲངས་དེས་མི་འཐད་པར་འགྱུར་རོ། །འདིར་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་སོ་ཟེར་ན། འོ་ན། བྱང་སེམས་འཕགས་པའི་ཐུགས་རྒྱུད་ལ། སྒོམ་ལམ་དང་འདོད་སེམས་ཀྱི་གཞི་མཐུན་ཡོད་པར་ཐལ་བ་དང་དེའི་རྒྱུད་ལ་སྒོམ་ལམ་དང་སྲིད་རྩེའི་སེམས་ཀྱི་གཞི་མཐུན་ཡོད་པར་ཐལ། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་ན། འདོད་པ་དང་སྲིད་རྩེའི་སེམས་ལ་བརྟེན་པའི་སྒོམ་ལམ་ཡོད་པར་ཐལ། འདོད་ན། མཉམ་པར་མ་གཞག་པའི་སེམས་དང༌། མཉམ་པར་གཞག་པའི་སེམས་ཀྱི་གཞི་མཐུན་ཡོད་པར་ཐལ། འདོད་སེམས་དང་སྒོམ་ལམ་གྱི་གཞི་མཐུན་ཡོད་པའི་ཕྱིར། གཞན་ཡང༌། འགྲེལ་པ་འདིར་འདོད་སེམས་ལ་མཉམ་པར་མ་གཞག་པའི་སེམས་སུ་བཤད་པ་དེ་མི་འཐད་པར་ཐལ། འདོད་སེམས་དང་སྒོམ་ལམ་མཉམ་གཞག་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས་བླངས་པར་ཐལ། འདོད་སེམས་དང་སྒོམ་ལམ་བར་ཆད་མེད་ལམ་གྱི་གཞི་མཐུན་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་ན་བྱང་སེམས་ཀྱི་བསྒོམ་ལམ་མཉམ་གཞག་དང༌། ཟས་ཀྱི་གཞི་མཐུན་ཡོད་པར་ཐལ། དེའི་དབང་དུ་བྱས་ན། འདོད་སེམས་དང་སྒོམ་ལམ་བར་ཆད་མེད་ལམ་གྱི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁས་བླངས། སྲིད་རྩེའི་སེམས་ཀྱི་ངོ་བོར་སྐྱེས་པའི་བྱང་སེམས་ཀྱི་སྒོམ་ལམ་དེ་ཆོས་ཅན། ཁྱོད་ཟག་པ་དང་བཅས་པའི་སྒོམ་ལམ་དུ་ཐལ། རང་གི་སེམས་བརྟེན་ཟག་མེད་ས་དགུ་གང་རུང་ལམ་བརྟེན་པའི་སྒོམ་ལམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་སྲིད་རྩེ་ལ་ཆགས་བྲལ་བྱེད་མི་ནུས་པར་ཐལ། ཁྱོད་ཟས་སྒོམ་ལམ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་དེ་སྒོམ་སྤངས་ཆེན་པོའི་ཆེན་པོའི་ས་བོན་གྱི་སྤོང་གཉེན་དང༌། ཆེན་པོའི་ཆེན་པོ་དེ་སྒོམ་སྤངས་ཆུང་ངུའི་ཆུང་ངུའི་སྤོང་གཉེན་ཡིན་ནོ། །ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བཅུ་དྲུག་པའི་དངོས་འབྲས་སུ་གྱུར་པའི་རྗེས་ཐོབ་ཡེ་ཤེས་དེ། སྒོམ་སྤངས་ཆེན་པོའི་ཆེན་པོ་དེའི་སྤོང་གཉེན་དུ་ཐལ། དེ་འདྲ་དེ་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་གང་ཞིག དམ་བཅའི་སྔ་མ་དེའི་ཕྱིར། སྔ་མ་དེར་ཐལ། ཐེག་ཆེན་གྱི་བསྒོམ་ལམ་སྐད་ཅིག་དང་པོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤོང་གཉེན་མ་ཡིན་པར་ཐལ། རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ཡང་རྒྱུན་མཐའི་རྣམ་གྲོལ་ལམ་དེ་སྤོང་གཉེན་དུ་ཐལ། ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆེན་པོ་དེ་སྤོང་གཉེན་ཡིན་པའི་ཕྱིར། རྟགས། འདོད་ན། དེ་ཆོས་ཅན། ཁྱོད་སྤོང་གཉེན་མ་ཡིན་པར་ཐལ། ཁྱོད་རྣམ་གྲོལ་ལམ་ཡིན་པའི་ཕྱིར། དེ་ན་རྣམ་གྲོལ་ལམ་ཡོད་པ་མ་གྲུབ་བོ། །ཞེ་ན། རྒྱུན་མཐའི་བྱང་སེམས་ཆོས་ཅན། ཁྱོད་ཀྱི་ཐུགས་རྒྱུད་ཀྱི་མཐོང་སྤངས་དང་བྲལ་གྱི་ཡེ་ཤེས་ཀྱི་དེ་རྣམ་གྲོལ་ལམ་ཡིན་པར་ཐལ། ཁྱོད་ཀྱི་ཐུགས་རྒྱུད་ཀྱི་མཐོང་སྤངས་དང་བྲལ་གྱི་ཆ་དེ་དེ་བཞིན་ཉིད་སོ་སོར་རྟགས་འགོག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མཐོང་སྤངས་མ་ལུས་པར་སྤངས་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ། །རླབས་ཕྲེང་ལྦུ་བའི་ཆལ་ཆིལ་གྱིས། །རྒྱ་མཚོ་མཛེས་པར་བགྱིད་མི་ནུས། །གདེངས་ཅན་ཡིད་བཞིན་རིན་ཆེན་གྱིས། །མཚོ་ཆེན་ཁྱད་པར་འཕགས་དེ་བཞིན། །ཚིག་འཕྲེང་ལྦུ་བའི་མདོ་ཤལ་གྱིས། །མཁས་པའི་གྲངས་སུ་བགྲང་མི་ནུས། །འཆད་རྩོད་རྩོམ་པའི་ནོར་གྱིས་ནི། །མཁས་པའི་ཁྱད་པར་བགྲང་བར་ནུས། །ཤེས་ཐལ་ངག་དབང་པོའི་རྡོ་རྗེ་ལས་སྐབས་པའི་རྣམ་པར་བཤད་པའོ། །མང་དུ་གསན་ཅིང་དེ་དོན་རིག་པ་ཡིས། །རྣམ་པར་དཔྱད་ནས་བློ་གསལ་མང་པོའི་ཕྱིར། །རྟག་ཏུ་ལགས་མེད་ཡི་གེར་བཀོད་བརྩོན་པའི། །ཡང་དག་དགེ་བའི་བཤེས་གྱིས་མགོན་མཛོད་ཅིག །ཚུར་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པར། བྱང་སེམས་ཀྱི་གཞི་ཤེས་ཆོས་ཅན། འཁོར་བའི་མཐའ་ལ་མི་གནས་ཏེ། འཁོར་བ་རང་བཞིན་མེད་པར་རྟོག་པར་ཐལ། ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་ཏེ། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། ཟེར་ན། རྫོགས་པའི་སངས་རྒྱས་ཀྱི་འཕྲིན་ལས་ཆོས་ཅན། དེར་ཐལ། འཁོར་བ་རང་བཞིན་མེད་པར་རྟོག་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ཡོན་ཏན་གང་ཞིག་འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། འཁོར་བའི་མཐའ་ལ་གནས་པར་ཐལ། འཁོར་བ་མ་སྟོངས་ཀྱི་བར་དུ་འཁོར་བའི་རྒྱུད་ལ་གནས་པའི་ཕྱིར། རྟགས་གྲུབ་པར་ཐལ། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པ་མི་སྲིད་པའི་ཕྱིར། གཞན་ཡང༌། བྱང་སེམས་འཕགས་པ་ཆོས་ཅན། འཁོར་བའི་མཐའ་ལ་མི་གནས་པར་ཐལ། འཁོར་བ་རང་བཞིན་མེད་པར་རྟོགས་པའི་ཕྱིར། འདོད་ན། གནས་པར་ཐལ། འཁོར་བ་མ་སྟོངས་ཀྱིས་བར་དུ་མིག་བག་ཆགས་ཀྱི་སའི་དབང་གིས་འཁོར་བར་སྐྱེ་བ་བཞེས་པའི་ཕྱིར། རྟགས་གྲུབ་པར་ཐལ། བྱང་སེམས་འཕགས་པ་མི་སྲིད་པའི་ཕྱིར། གཞན་ཡང༌། ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཞི་བའི་མཐའ་ལ་མི་གནས་པར་ཐལ། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། ཁྱོད་ཐེག་ཆེན་ལམ་དུ་ཞུགས་ནས་སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། རྩ་བར་འདོད་ན། དེར་ཐལ། ཆད་པའི་མྱང་འདས་ལ་གནས་གཞན་པ་ཡིན་པའི་ཕྱིར། གཞན་ཡང༌། ལྷ་དེ་ཉིད་མྱང་འདས་མངོན་དུ་བྱེད་པར་ངེས་པའི་སྐུ་ཚེའི་འདུ་བྱེད་མ་བཏང་བའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། དེར་ཐལ། སྙིང་རྗེའི་དབང་གིས་རང་བཞིན་གདུལ་བྱ་ལ་ཆོས་སྟོན་པའི་ཕྱིར། རྟགས་མ་གྲུབ་ན། ཉན་ཐོས་འཕགས་པ་ལ་སྙིང་རྗེ་ཚད་མེད་པར་འདོད་དགོས་སོ། །རྩ་བར་འདོད་ན། དེར་ཐལ། ཐེག་དམན་གྱི་ལྷག་མེད་ཀྱི་མྱང་འདས་ཀྱི་མཐའ་ལ་གནས་པ་ཡིན་པའི་ཕྱིར། དེ་ཡང་མ་གྲུབ་ན། དེའི་རྒྱུད་ཉིད་གཞི་ཤེས་ཆོས་ཅན། སྲིད་ཞི་གྲུབ་ཅིང་མཐའ་ལ་གནས་པར་ཐལ། ཐེག་དམན་གྱི་འདས་ཡིན་པའི་ཕྱིར། འདོད་ན། ཁས་བླངས་ཤིང༌། ཉན་ཐོས་དགྲ་བཅོམ་པའི་གཞི་ཤེས་ཆོས་ཅན། འཁོར་བའི་མཐའ་ལ་གནས་པར་ཐལ། སྲིད་ཞི་གང་རུང་གི་མཐའ་ལ་གནས་པ་གང་ཞིག ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་པའི་ཕྱིར། གཞི་ཤེས་གང་ཞིག་སྲིད་ཞི་རང་བཞིན་མེད་པར་རྟོག་པ་དེ་སྲིད་ཞི་གང་རུང་གི་མཐའ་ལ་མི་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། དེ་གང་ཞིག འཁོར་འདས་ལ་བླང་དོར་དུ་མཚན་མར་འཛིན་པ་དང་བཅས་པ་དེ། སྲིད་ཞི་གང་རུང་གི་མཐའ་ལ་གནས་པའི་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། སྲིད་ཞི་རང་བཞིན་མེད་པར་རྟོགས་པར་ཐལ། སྲིད་ཞི་གང་རུང་གི་མཐའ་ལ་མི་གནས་པའི་གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། གཞི་ཤེས་གང་ཞིག སྲིད་ཞི་གང་རུང་གི་མཐའ་གཞི་མ་གྲུབ་པའི་ཕྱིར། དེར་ཐལ། སྲིད་པའི་མཐའ་མེད་པ་གང་ཞིག ཞི་བའི་མཐའ་མེད་པའི་ཕྱིར། དམ་ཚིག་གཅིག་ཤོས་ལའང་སྐྱོན་དེ་འཕགས་པ་ཆོས་ཅན། མཚོན་བྱ་ལ་སྲིད་ཞི་ལ་གནས་པ་དང་མི་གནས་པ་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། གཞི་ཤེས་གང་ཞིག དེ་ལ་མི་གནས་པའི་ཕྱིར། དེར་ཐལ། སྲིད་ཞི་ལ་གནས་པ་གཞི་མ་གྲུབ་པའི་ཕྱིར། དེར་ཐལ། འཁོར་བ་ལ་གནས་ན་མྱང་འདས་ལ་གནས་པར་འགལ་བའི་ཕྱིར། ཡང་སྲིད་ཞི་གང་རུང་ལ་གནས་པ་དང་མི་གནས་པ་ཟེར་ན། སྲིད་ཞི་གང་རུང་ལ་མི་གནས་པའི་གཞི་ཤེས་མེད་པར་ཐལ། གཞི་ཤེས་ཡིན་ན། སྲིད་ཞི་གང་རུང་ལ་གནས་དགོས་པའི་ཕྱིར། དེ་དགོས་པར་ཐལ། ཐེག་ཆེན་གྱི་གཞི་ཤེས་ཡིན་ནའང་དེ་ཡིན། ཐེག་དམན་གྱི་གཞི་ཤེས་ཡིན་ནའང་དེ་ཡིན་དགོས་པའི་ཕྱིར། ཕྱི་མ་ཁས་བླངས། སྔ་མ་དེར་ཐལ། ཐེག་ཆེན་སློབ་པའི་གཞི་ཤེས་ཡིན་ན་སྲིད་པ་ལ་གནས་དགོས། ཐེག་ཆེན་གྱི་མི་སློབ་པའི་གཞི་ཤེས་ཡིན་ན། ཞི་བ་ལ་གནས་དགོས་པའི་ཕྱིར། རྟགས་གཉིས་པ་འབུད། དང་པོ་དེར་ཐལ། དེ་ཡིན་ན། སེམས་ཅན་གྱི་ཤེས་རྒྱུད་ལ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་དང་བཅས་པ་ཡིན་དགོས་པའི་ཕྱིར། རྟགས་འབུད། གཞན་ཡང༌། བྱང་སེམས་མཐོང་ལམ་པའི་གཞི་ཤེས་ཆོས་ཅན། སྲིད་ཞི་གང་རུང་གི་མཐའ་ལ་གནས་པའི་གཞི་ཤེས་ཡིན་པར་ཐལ། འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པ་དང་བཅས་པའི་གཞི་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང༌། དེར་ཐལ། གཞི་ཤེས་གང་ཞིག དེར་འཛིན་པའི་མཚན་འཛིན་ལྷན་སྐྱེས་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱ་ཐམས་ཅད་ལ་བདེར་འཛིན་པའི་བདེར་འཛིན་ལྷན་སྐྱེས་དང་བཅས་པའི་ཕྱིར། དེར་ཐལ། མཐོང་ལམ་པ་ཡིན་པའི་ཕྱིར། དེ་ནི་མཚན་མར་དམིགས་སྒོ་ནས་ཅེས་པར། ཉང་གི་གཞི་ཤེས་འབྲས་ཡུམ་ལ་རིང༌། བྱང་སེམས་ཀྱི་གཞི་ཤེས་ལ་ཉེ་ཟེར་ན། ཉན་ཐོས་ཀྱི་གཞི་ཤེས་ཆོས་ཅན། འབྲས་ཡུམ་ལ་ཉེ་བར་ཐལ། རྣམ་མཁྱེན་ལ་ཉེ་བའི་ཕྱིར། དེར་ཐལ། ལམ་ཞུགས་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་མེད་པར་ཐལ། ཐེག་པ་གསུམ་གྱི་ངེས་བྱུང་ཐལ། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་ལུང་དོན་གྲུབ་པའི་ཕྱིར། གཞན་ཡང༌། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་གཞི་ཤེས་དང༌། ཉན་ཐོས་དགྲ་བཅོམ་ཐེག་ཆེན་གྱི་ལམ་དུ་ཞུགས་མ་ཐག་པའི་གཞི་ཤེས་གཉིས། འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་མེད་པར་ཐལ། བྱང་སེམས་ཀྱི་གཞི་ཤེས་ཡིན་ན། འབྲས་ཡུམ་ལ་ཉེ་བས་ཁྱབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་དེ་གཉིས་ལ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་མེད་པར་ཐལ། ཁྱོད་དང་དེ་གཉིས་ཀ་འབྲས་ཡུམ་གྱི་སར་བགྲོད་པ་ལ། ཚོགས་ལམ་སྐད་ཅིག་དང་པོ་ནས། རྒྱུན་མཐའི་བར་གྱི་ལམ་དགྲོད་དགོས་པར་མཚུངས་པའི་ཕྱིར། དེར་ཐལ། ཆོས་ཅན་དང་གཅིག་གང་ཞིག གཅིག་ཤོས་དེ་ཐེག་ཆེན་གྱི་ཚོགས་ལམ་སྐད་ཅིག་པོ་ལ་གནས་གཞན་པ་ཡིན་པའི་ཕྱིར། གཞན་ཡང༌། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པའི་རྒྱུ་ཉིད་གཞི་ཤེས་དེ་ཉན་ཐོས་དགྲ་བཅོམ་པའི་གཞི་ཤེས་ལ་ལྟོས་སྟེ། ཁྱོད་འབྲས་ཡུམ་ལ་ཉེ་བར་ཐལ། ཁྱོད་བྱང་སེམས་ཀྱིས་གཞི་ཤེས་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་གཞི་ཤེས་དེ་ཆོས་ཅན། ཁྱོད་སྔ་མ་དེ་ལ་ལྟོས་ཏེ། འབྲས་བུ་ལ་ཉེ་བར་ཐལ། ཁྱོད་ཉན་ཐོས་པའི་མ་ལུས་པར་སྤངས་པའི་གཞི་ཤེས་ཡིན་པའི་ཕྱིར། ཡང་ཐེག་ཆེན་ལམ་དུ་འཇུག་ཁ་མ་གང་ཞིག ཁྱོད་དེར་ཞུགས་མ་ཐག་ཏུ་སྔ་མ་འབྲས་ཡུམ་ལ་ཉེ་བའི་ཕྱིར། མ་གྲུབ་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་མ་ཐག་པ་དེ་ཆོས་ཅན། ཁྱོད་ཉན་ཐོས་མཐོང་ལམ་པ་ཐེག་ཆེན་ལམ་དུ་ཞུགས་པ་དེ་ལས། འབྲས་ཡུམ་ལ་ཉེ་བར་ཐལ། ཁྱོད་ཉན་ཐོས་པའི་མ་ལུས་པར་སྤངས་པའི་ཐེག་ཆེན་གྱི་སྐྱེས་བུ་ཡིན་པའི་ཕྱིར། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་ཞེས་པར། ཉན་ཐོས་ཀྱི་གཞི་ཤེས་ཆོས་ཅན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ཏེ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་བཅས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། མཚན་འཛིན་དང་མཚུངས་ལྡན་ཡིན་པར་ཐལ། དེ་དང་བཅས་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། རྟོགས་པར་ཐལ། དེ་དང་མཚུངས་ལྡན་གྱི་བློ་ཡིན་པའི་ཕྱིར། དེ་ཆོས་ཅན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་མིན་པར་ཐལ། མི་མཐུན་ཕྱོགས་གི་གཞི་ཤེས་མི་སྲིད་པའི་ཕྱིར། དེར་ཐལ། གཞི་ཤེས་ཡིན་ན། གཉེན་པོ་ཡིན་པས་ཁྱབ་པའི་ཕྱིར། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། གཞི་ལམ་རང་བཞིན་མེད་པར་རྟོག་པའི་གཞི་ཤེས་ཡིན་པར་ཐལ། གཉེན་པོ་གཞི་ཤེས་ཡིན་པའི་ཕྱིར། དེར་ཐལ། བར་ཆད་མེད་ལམ་དུ་གྱུར་པའི་གཞི་ཤེས་ཡིན་པའི་ཕྱིར། རྩ་བར་ཁས་བླངས་སོ། །གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་བཅས་པའི་གཞི་ཤེས་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱིས་མཚན་ཉིད་ཟེར་ན། གཟུགས་སོགས་ཕུང་པོ་སྟོང་ཉིད་དུ་རྟོགས་པའི་གཞི་ཤེས་དེ་ཆོས་ཅན། དམ་ཚིགས་དེར་ཐལ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས་གཞི་ཤེས་མེད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གཟུགས་སོགས་ལ་མཚན་མར་འཛིན་པའི་མཚན་འཛིན་པ་དང་བཅས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། མིན་པར་ཐལ། གཟུགས་སོགས་སྟོང་པ་ཉིད་རྟོགས་པའི་གཞི་ཤེས་ཡིན་པའི་ཕྱིར། གཞན་ཡང༌། བྱང་སེམས་ས་གཉིས་པའི་སྒོམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་སུ་ཐལ། དམ་ཚིགས་མེད་པའི་ཕྱིར། དེར་ཐལ། གཞི་ཤེས་གང་ཞིག་དེ་དང་བཅས་པའི་ཕྱིར། དེར་ཐལ། དེར་འཛིན་པའི་བདེན་འཛིན་ལྷན་སྐྱེས་དང་བཅས་པའི་ཕྱིར། དེར་ཐལ། མ་དག་པའི་མཁྱེན་པ་ཡིན་པའི་ཕྱིར། འདིར་མཚན་ཉིད་དང་བཅས་པའི་དོན་དེ་གང་ལ་བྱེད་འདྲིའོ། །དེ་དང་མཚུངས་པར་ལྡན་པ་ལ་བྱེད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེ་དང་མཚུངས་པར་ལྡན་པར་ཐལ། དེ་དང་བཅས་པའི་ཕྱིར། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པའི་ཕྱིར། གསུམ་པར་ཁས་བླངས་སོ། །འདོད་ན། དེ་ཆོས་ཅན། རང་གི་གྲོགས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་མཚུངས་ལྡན་མིན་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་དང་འཛིན་སྤངས་མི་འགལ་བ་ལ་བྱེད་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མཚན་འཛིན་དང་བཅས་པ་མིན་པར་ཐལ། དེ་དང་འཛིན་སྤངས་ཐལ་བའི་ཕྱིར། དེར་ཐལ། ཁྱོད་དང་དེའི་འཛིན་སྤངས་ཕན་ཚུན་ཐ་དད། དེ་གཉིས་ཀྱི་ཞི་མཐུན་མི་སྲིད་པའི་ཕྱིར། ཕྱི་མ་དེར་ཐལ། ཁྱོད་འཛིན་སྤངས་ཡིན་ན། དེའི་འཛིན་སྤངས་ཡིན་པར་ཐལ་བའི་ཕྱིར། རྟགས་འབུད་དོ། །ཡང་དེ་ཆོས་ཅན། ཁྱོད་ཀྱི་འཛིན་སྤངས་དང༌། དེའི་འཛིན་སྤངས་བསལ་བར་ཐལ། ཁྱོད་དགག་པའི་རྣམ་པ་ཅན་གང་ཞིག དེ་སྒྲུབ་པའི་རྣམ་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཡང༌། མཚན་འཛིན་དང་བཅས་པའི་དོན་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་ལ་བྱེད་དོ་ཅེ་ན། ཉན་ཐོས་ཀྱི་དགྲ་བཅོམ་པའི་རྒྱུད་ཀྱི་རྟོག་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། དེ་གསུམ་ལ་མཚན་མར་འཛིན་དང་བཅས་པར་ཐལ། བདག་མེད་མངོན་སུམ་དུ་མ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་པར་ཐལ། གཞི་ལམ། འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་བཅས་པའི་གཞི་ཤེས་ཡིན་པའི་ཕྱིར། གསུམ་པར་ཁས་བླངས་སོ། །ཡང༌། བདག་མེད་མ་རྟོགས་པ་ལ་བྱེད་ཞེ་ན། འོ་ན། ཤེས་བྱ་ཆོས་ཅན། འདིར་མཚན་འཛིན་དང་བྲལ་བའི་དོན། བདག་མེད་རྟོགས་པ་ལ་བྱེད་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་འཛིན་དང་བྲལ་བར་ཐལ། བདག་མེད་རྟོགས་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། མིན་པར་ཐལ། སོ་སོ་སྐྱེ་བོའི་མཁྱེན་པ་ཡིན་པའི་ཕྱིར། སྦྱིན་ལ་སོགས་ལ་ངར་འཛིན་མེད་ཞེས་པར། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་བྲལ་བའི་གཞི་ཤེས་དེ། གཉེན་པོ་གཞི་ཤེས་ཀྱི་དམ་ཚིག་ཟེར་ན། གང་ཞིག་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་གྱི་མ་ངེས་པས། སྔ་མ་ལྟར་འཕགས་པ་ཆོས་ཅན། དེར་མ་ཟད་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མ་རྫོགས་དེར་ཐལ། དམ་བཅའ་དེའི་ཕྱིར། དེར་ཐལ། གཞི་ཤེས་གང་ཞིག་དེ་དང་བྲལ་བའི་ཕྱིར། དེར་ཐལ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བའི་ཕྱིར། དེར་ཐལ། མངོན་སུམ་ཡིན་པའི་ཕྱིར་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཡང་བདག་མངོན་སུམ་རྟོགས་པའི་གཞི་ཤེས་དེ་གཉེན་པོ་གཞི་ཤེས་ཀྱི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེར་ཐལ། འདོད་ན། དེ་ཆོས་ཅན་མིན་པར་ཐལ། མཚན་འཛིན་གྱི་གཉེན་པོ་མིན་པའི་ཕྱིར་ཏེ། རང་རྒྱུད་ལྡན་གྱི་གང་ཞིག་རྒྱུད་ལ། མཚན་འཛིན་གྱི་ས་བོན་མེད་པ་གང་ཞིག གང་ཟག་གཞན་རྒྱུད་ཀྱི་མཚན་འཛིན་གྱི་གཉེན་པོ་མིན་པའི་ཕྱིར། ཡང་དེ་ཆོས་ཅན། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡིན་པར་ཐལ། གཉེན་པོ་གཞི་ཤེས་ཡིན་པའི་ཕྱིར། རྟགས། འདོད་ན། འབྲས་ཡུམ་གྱི་རྒྱུར་ཐལ། ཀུན་རྫོབ་དེ་དང་རྫས་གཞན་དུ་ཐལ། འདོད་ན། འབྲས་ཡུམ་མིན་པར་ཐལ་ལོ། །སྦྱོར་བ་ལ། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། གཞི་ལམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་གཉེན་པོ་ཡིན་ཏེ། ཞེས་ཟེར་ན། དེ་ཆོས་ཅན། གཞི་གང་ཞིག་བདག་མེད་དུ་ཞེན་པའི་བློ་དེའི་གཉེན་པོ་ཡིན་པར་ཐལ། གཞི་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་གཉེན་པོ་ཡིན་པའི་ཕྱིར། འདོད་ན། ཁྱོད་དང་དེ་གཉིས་འཛིན་སྤངས་པར་ཐལ། འདོད་ན། མིན་པར་ཐལ། ཁྱོད་དང་དེ་གཉིས་ཀ་གང་ཞིག་བདག་མེད་རྟོགས་པའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པར། དེ་བཞིན་གཤེགས་པ་ལ་མཚན་མར་འཛིན་པའི་བློ་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེས་སྤངས་བར་བྱ་བ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁྱོད་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་མིན་པར་ཐལ། མི་མཐུན་ཕྱོགས་མིན་པའི་ཕྱིར། དེའི་བྱ་མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར། རྟགས་གྲུབ་པར་ཐལ། མ་དད་པ་ལ་སོགས་པའི་གཉེན་པོ་ཡིན་མོད་ཀྱི་ཞེས་གསུང་པའི་ཕྱིར། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཞེས་པར། བར་ཆད་མེད་ལམ་གྱི་མཚན་ཉིད་དྲིས་པས། རང་གི་ངོས་སྐལ་གྱི་སྤངས་བྱའི་ས་བོན་ལ་དངོས་སུ་གནོད་བྱེད་ཀྱི་མཁྱེན་པ་ཟེར་ན། མཐོང་ལམ་བར་ཆད་མེད་ལམ་དང༌། སྒོམ་ལམ་བར་ཆད་མེད་ལམ་གཉིས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ཀྱི་ངོས་སྐལ་སྤང་བྱའི་ས་བོན་མེད་པའི་ཕྱིར། དེར་ཐལ། ཁྱོད་ཡིན་མི་སྲིད་པའི་ཕྱིར། ཤེས་བྱ་ཆོས་ཅན། མཐོང་སྤངས་དང་སྒོམ་སྤངས་གཉིས་ཀ དེ་གཉིས་ཀའི་ངོས་སྐལ་གྱི་སྤང་བྱ་ཡིན་པར་ཐལ། དེ་གཉིས་ཀའི་ངོས་སྐལ་གྱི་སྤང་བྱ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་མིན་པར་ཐལ། ཁྱོད་སྒོམ་ལམ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །གཞན་ཡང༌། དམན་རྣམ་མངོན་དུ་མ་སོང་བའི་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། བར་ཆད་མེད་ལམ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་གྱི་ཆ་རེ་རེ་ནས་ཕྱེ་ནས་གནོད་པ་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། མཐོང་སྤངས་ཤེས་རབ་ཀྱི་ས་བོན་སྤོང་བར་བྱེད་པའི་སྦྱོར་བ་ཉེར་རྟོགས་ཡིན་པའི་ཕྱིར། ཡང༌། དེར་ཐལ། མཐོང་སྤངས་ཀྱི་ས་བོན་ཉམས་སྨད་པར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། མཐོང་སྤངས་ཀྱི་སྤོང་གཉེན་དུ་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། གཞན་ཡང༌། དགྲ་བཅོམ་དབང་བརྟུལ་དབང་རྣོན་དུ་འཕོ་བར་བྱེད་པའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁྱོད་ཡོད་པ་གང་ཞིག ཁྱོད་ཡོད་ན་ཁྱོད་དེ་ཡིན་དགོས་པའི་ཕྱིར། རྟགས་གྲུབ་པར་ཐལ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ། ལམ་དགུའོ་ཤིན་ཏུ་རྟེན་ཕྱིར་རོལ་ཡང༌། །ཞེས་མཛོད་ལས་གསུངས་པའི་ཕྱིར། རྩ་བར་ཆོས་ཅན། མིན་པར་ཐལ། མི་སློབ་ལམ་ཡིན་པའི་ཕྱིར། འདིར་བར་ཆད་མེད་ལམ་ཡིན་ན། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པས་ཁྱབ་ཅེ་ན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བསམ་གཏན་དང་པོའི་ཉེར་རྟོགས་ཀྱི་ནང་མཚན་དུ་གྱུར་པའི་སྦྱོར་བ་མཐའི་འབྲས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་ཉོན་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། བསམ་གཏན་དང་པོའི་ཆ་ཤས་སུ་གྱུར་པའི་སྦྱོར་བ་མཐའི་འབྲས་བུ་ཡིན་དེ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། དེར་ཐལ། ཉན་ཐོས་ཀྱི་ས་ལ་ཡིད་ནི་དགུ་པོ་ལམ་གཞིར་བསྡུ་བར་མཛད་པ་དེ་འཐད་པའི་ཕྱིར། གཞན་ཡང༌། བྲལ་བ་སྔོན་སོང་མི་སྲིད་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་བར་ཆད་མེད་ལམ་ཡང༌། རྣམ་གྲོལ་ལམ་མི་སྲིད་པའི་ཕྱིར། ཡང༌། བར་ཆད་མེད་ལམ་ཡིན་ན། ངོས་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་ནུས་པས་ཁྱབ་ཟེར་ན། འདོད་ཉོན་དགུ་པའི་སྤོང་གཉེན་དུ་གྱུར་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མིན་པར་ཐལ། ལམ་ཟས་ཡིན་པའི་ཕྱིར་ཏེ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ཡིན་པའི་ཕྱིར། རྩ་བའི་རྟགས་དེར་ཐལ། དེ་འདྲ་མེད་པའི་ཕྱིར། དེར་ཐལ། ལམ་ཟག་བཅས་ཀྱིས་ཐོབ་ཕྱིར་མི་འོང་བའི་འབྲས་བུ་གྲུབ་པའི་ཕྱིར། ཡང༌། ཤེས་བྱ་ཆོས་ཅན། བར་ཆད་མེད་ལམ་ཡིན་ན། ཟག་མེད་བར་ཆད་མེད་ལམ་ཡིན་དགོས་པར་ཐལ། དམ་བཅའ་མེད་པའི་ཕྱིར། འདོད་ན། རྣམ་གྲོལ་ལམ་ཡིན་ན། ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་དགོས་པར་ཐལ། འདོད་ན། འབྲས་བུ་བར་པ་གཉིས་ལ་ཟག་བཅས་ལམ་གྱིས་ཐོབ་པ་དང༌། ཟག་མེད་ལམ་གྱིས་ཐོབ་པ་གཉིས་མེད་པ་ཡིན་པའི་ཕྱིར། སྤང་བྱ་ཡིན་ན། རང་སྤོང་བྱེད་ཀྱི་བར་ཆད་མེད་ལམ་མེད་པས་ཁྱབ་ཅེ་ན། སྔར་འཆད་པ་ལྟར། མཐོང་སྤངས་དང་སྒོམ་སྤངས་གཉིས་ཀའི་མ་ངེས་སོ། །སེམས་ཅན་གྱི་སྒྲིབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་ས་བོན་སྤངས་པའི་རྣམ་གྲོལ་ལམ་སྲིད་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་སངས་རྒྱས་པ་སྲིད་པར་ཐལ་ལོ། །འདོད་ན། སྔར་བཀག་ཟིན་ནོ། །གཞན་ཡང༌། སེམས་ཅན་དམྱལ་བའི་རྒྱུད་ཀྱི་ཉོན་མོངས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲའི་བར་ཆད་མེད་ལམ་བར་ཆད་མེད་ལམ་ཡིན་པར་ཐལ། དེ་འདྲའི་བར་ཆད་མེད་ལམ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བར་ཆད་མེད་ལམ་ཡིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་འཕགས་པ་མེད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེའི་རྒྱུད་ཀྱི་བར་ཆད་མེད་ལམ་དེས་སེམས་ཅན་དམྱལ་བ་པའི་རྒྱུད་ཀྱི་ཉོན་མོངས་ཀྱི་ས་བོན་སྤོང་ནུས་པར་ཐལ། དེ་འདྲའི་འཕགས་པ་ཡོད་པའི་ཕྱིར། འདོད་ན། སེམས་ཅན་དམྱལ་བ་པ་དེ་འབད་མེད་དུ་བར་ཐལ། འཕགས་རྒྱུད་ཀྱི་བར་ཆད་མེད་ལམ་དེས་སེམས་ཅན་དམྱལ་བ་པའི་རྒྱུད་ཀྱི་ཉོན་མོངས་ཀྱི་ས་བོན་དྲུངས་འབྱིན་ནུས་པའི་ཕྱིར། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། ཅེས་པར། སྐབས་གསུམ་འདིར་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་བ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆག་མེད་ཡིན་པའི་ཕྱིར། ཅེ་ན། དེ་འདྲ་དེ་བདེ་བླག་ཏུ་རྟོགས་པ་ཆོས་ཅན། དེའི་དགོས་པ་མིན་པར་ཐལ། སྐབས་གསུམ་པའི་མདོར་རྒྱན་གཞུང་མ་སྦྱར་བའི་སྔ་རོལ་ན་ཁྱོད་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་འདྲ་ཡོད་པར་ཐལ། དེ་མ་རྩམ་པའི་སྔ་རོལ་ན་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་བདེ་བླག་ཏུ་རྟོགས་པ་དེ་སྐབས་གསུམ་པའི་བསྟན་བྱའི་གཙོ་བོ་ཡིན་པར་ཐལ། དེ་འདྲ་དེ་སྐབས་གསུམ་པ་འདིར་མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་བསྟན་པའི་དགོས་པའི་གཙོ་བོ་ཡིན་པའི་ཕྱིར། རྟགས་སྦྱོར་ཁས་བླངས་སོ། །འདོད་ན། དེ་ཆོས་ཅན། གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། ཤེས་བྱ་ཆོས་ཅན། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དེ། སྐབས་གསུམ་པ་འཆད་པའི་སྐབས་འདིར་མི་མཐུན་ཕྱོགས་ཡིན་པར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲ་དེ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། གཞི་ཤེས་དེ་དེ་འདྲའི་གཉེན་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞི་ཤེས་ཆོས་ཅན། གཉེན་པོ་གཞི་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། གཟུགས་སོགས་མི་རྟགས་སོགས་དང་ཅེས་པར། གཞིའི་གནས་ཚུལ་ལ་ཞེན་སྤྱོད་མངོན་གྱུར་པ་བཀག་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དེ་གཞི་ཤེས་སྦྱོར་བའི་མཚན་ཉིད་ཟེར་ན། འོ་ན། ཤེས་བྱ་ཆོས་ཅན། གཞི་ཤེས་ཡིན་ན། གཞིའི་གནས་ཚུལ་ལ་ཞེན་སྤྱོད་མངོན་གྱུར་པ་བཀག་པས་ཁྱབ་པར་ཐལ། གཞི་ཤེས་ཀྱི་སྦྱོར་བ་ཡིན་ན། དེ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཁྱེན་པར་ཐལ་ལོ། །བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མིན་པར་ཐལ། གཞི་ཤེས་སྦྱོར་བའི་འབྲས་བུར་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། སྦྱོར་བའི་མཉམ་ཉིད་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་པས། ཞེས་པའི་གཞུང་དོན་གྲུབ་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་གཞི་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་གཞི་ཤེས་སྦྱོར་བར་ཐལ། ཁྱོད་གཞི་ཤེས་ཀྱི་སྦྱོར་བ་གང་ཞིག དེ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་མིན་པར་ཐལ། ཁྱོད་ཐེག་ཆེན་གྱི་གཞི་ཤེས་དངོས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། མཐོང་ལམ་གྱི་སྦྱོར་བ་ཡིན་ན། མཐོང་ལམ་མིན་དགོས་པའི་ཕྱིར། རྣམ་དག་ལ། གཞི་ཤེས་ཀྱི་སྦྱོར་བ་ཙམ་ནི། ས་བཅུ་པའི་བར་དུ་ཡོད་དེ། གཞིའི་ཆོས་ཉིད་ལ་མངོན་པར་ཞེན་པའི་དྲི་མ་ཡོད་པ་དེ་ཉིད་དུ་སྒོམ་པར་བྱ་བ་ཡིན་པའི་ཕྱིར། ས་བོན་རགས་པའི་དངོས་གཉེན་གྱི་ས་བདུན་པའི་བར་དུ་ཡོད་དེ། དེ་ས་བརྒྱད་པ་མ་ཐོབ་པ་དེ་སྲིད་དུ། གཞི་ལ་མཚན་མར་འཛིན་པ་འབྱུང་བའི་ཕྱིར། ཞེས་གསུངས། ཤེས་བྱ་ཆོས་ཅན། གཞི་ཤེས་སྦྱོར་བ་དེ་གཞི་ལ་མཚན་མར་འཛིན་པའི་གཉེན་པོར་སྒོམ་བྱ་ཡིན་པར་ཐལ། གཞི་ལ་མངོན་པར་ཞེན་པའི་དྲི་མ་ཡོད་མེད་ཉིད་དུ། གཞི་ཤེས་ཀྱི་སྦྱོར་བ་སྒོམ་པར་བྱ་བ་ཡིན་པའི་ཕྱིར། རྟགས། ས་བརྒྱད་པ་ཐོབ་ན། གཞི་ཤེས་སྦྱོར་བ་སྒོམ་མི་དགོས་པར་ཐལ། འདོད་པ་གང་ཞིག ས་བརྒྱད་པ་ཐོབ་ན་གཞི་ལ་མཚན་མར་འཛིན་པ་མེད་པའི་ཕྱིར། རྟགས་ལ་ཁས་བླངས། ཅི་སྟེ། གཞི་ཤེས་ཀྱི་སྦྱོར་བ་དེ་མཚན་འཛིན་གྱི་ས་བོན་གྱི་གཉེན་པོར་སྒོམ་བྱ་ཡིན་ནོ་ཞེས། འོ་ན། དམན་ལ་སྔོན་དུ་མ་སོང་བའི་སྦྱོར་ལམ་ན། གཞི་ཤེས་ཀྱི་སྦྱོར་བ་སྒོམ་པ་མེད་པར་ཐལ། སྦྱོར་ལམ་ན་མཚན་འཛིན་གྱི་ས་བོན་གྱི་གཉེན་པོ་སྒོམ་པར་མེད་པའི་ཕྱིར། དེར་ཐལ། དེར་སྤང་བྱའི་ས་བོན་ལ་གནོད་བྱེད་ཀྱི་མཁྱེན་པ་མེད་པའི་ཕྱིར། དེར་ཐལ། དེ་ན་བདག་མེད་མངོན་སུམ་རྟོགས་པའི་མཁྱེན་པ་མེད་པའི་ཕྱིར། གཟུགས་སོགས་ཡུལ་བཅུ་ལ་སྒྲུབ་པའི་ཡོངས་སུ་ཤེས་པ་གསལ་བའི་རྣལ་འབྱོར་དེ། གཞི་ཤེས་སྦྱོར་བའི་མཚན་ཉིད། ཅེ་ན། ཐེག་དམན་གྱི་གཞི་ཤེས་སྦྱོར་བས་ཀྱང་མ་ངེས་ཤིང༌། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཅེ་ན། གཟུགས་སོགས་མི་འབྱུང་བ་དང༌། བྱེད་པ་པོ་མེད་པར་རྟོགས་པའི་བྱང་སེམས་ཀྱི་སྦྱོར་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དགག་པའི་རྣམ་པ་ཅན་གྱི་བྱང་སེམས་ཀྱི་སྦྱོར་ལམ་ཡིན་པའི་ཕྱིར། དེ་མ་རྫོགས་དང་རབ་རྫོགས་ལ། །ཞེས་པར། ཀུན་རྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་མཚན་ཉིད་དྲིས་པས། རྟོག་པས་སྒྲོ་བཏགས་པ་ཙམ་གྱི་ཆོས་དེ་ཀུན་རྟགས་ཀྱི་མཚན་ཉིད་ཅེ་ན། དར་ཊཱིཀ་པའི་ཕྱོགས་ལ། བུམ་པ་བདེན་པས་སྟོངས་པའི་སྟོང་ཉིད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྟོག་པས་སྒྲོ་བཏགས་པ་ཙམ་གྱི་ཆོས་ཡིན་པར་ཐལ། ཆོས་གང་ཞིག་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར། འདོད་ན། བདེན་གྲུབ་ཏུ་ཐལ། རྟོག་པ་སྒྲོ་བཏགས་མིན་པའི་རྟོག་པ་ཡིན་པའི་ཕྱིར། གསུམ་པར་གྲུབ་མཐར་ཁས་བླངས་སོ། །རྩ་བར་འདོད་ན། མིན་པར་ཐལ། འགྱུར་མེད་ཡོངས་གྲུབ་ཡིན་པའི་ཕྱིར། རྣམ་དག་པའི་ཕྱོགས་ལ། སྦྱིན་པ་སྤྱད་པ་ལས་སྡུག་བསྔལ་མི་འབྱུང་བ་དེ་ཆོས་ཅན། རྟོགས་པས་སྒྲོ་བཏགས་སུ་ཐལ། ཀུན་རྟགས་ཡིན་པའི་ཕྱིར། དེར་ཐལ། གསུམ་པོ་གང་རུང་གང་ཞིག་གཞན་དབང་ཡང་མིན། ཡོངས་གྲུབ་ཀྱང་མིན་པའི་ཕྱིར། དང་པོ་དེར་ཐལ། གཞི་གྲུབ་པའི་ཕྱིར། གཉིས་པ་དེར་ཐལ། དངོས་པོ་མིན་པའི་ཕྱིར། གསུམ་པ་དེར་ཐལ། འགྱུར་མེད་ཡོངས་གྲུབ་ཀྱང་མིན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱང་མིན་པའི་ཕྱིར། རྩ་བར་འདོད་ན། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བ་དེ་ཡང་རྟོག་པས་སྒྲོ་བཏགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལས་འབྲས་ཀྱི་རྣམ་གཞག་བསླུ་བར་ཐལ། འདོད་པའི་ཕྱིར། གསུམ་པར་གྲུབ་མཐའ་ལ་ཁས་བླངས། འདིར་ཁ་ཅིག དངོས་པོ་ཡིན་ན། ཀུན་བཏགས་མིན་པས་ཁྱབ་ཅེ་ན། ཤེས་བྱ་ཆོས་ཅན། ཀུན་རྟགས་དང་གཟིགས་གཞུང་བཞིན་མེད་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྐབས་འདིའི་མདོ་ལས་གཟིགས་རབ་ཏུ་དབྱེ་བ་གསུམ་བཤད་པ་མི་འཐད་པར་ཐལ། ཀུན་རྟགས་ཀྱི་གཟུགས་མ་གྲུབ་པའི་ཕྱིར། རྒྱུ་རྐྱེན་གཞན་གྱི་དབང་ལ་སྐྱེས་པ་དེ་གཞན་དབང་གི་མཚན་ཉིད་ཟེར་ན། གང་ཞིག་བདེན་འཛིན་ལ་གང་ཟག་ཏུ་སྣང་བ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར་ཏེ། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་ཡིན་པའི་ཕྱིར་ཞེ་ན། ཡུལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་འཛིན་སྤངས་ཡིན་པའི་ཕྱིར། མ་གྲུབ་ན། གང་ཟག་བདེན་འཛིན་ནོ། །ཁྱོད་ལ་དེར་སྣང་བ་དེ། ཁྱོད་ཉིད་འཛིན་སྤང་ཡིན་པའི་ཕྱིར། ཁྱོད་རྟོག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མིན་པར་ཐལ། ཀུན་རྟགས་ཡིན་པའི་ཕྱིར། དེར་ཐལ། གང་ཞིག་བདག་ཏུ་བཏགས་པའི་བཏགས་ཆོས་ཡིན་པའི་ཕྱིར། རྟོགས་ཡེས་ཆོས་སྐུ་ཆོས་ཅན། གཞན་དབང་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དག་པ་གཞན་དབང་ཡིན་ན། གཞན་དབང་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ན། ཡོངས་གྲུབ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོགས་ཡེ་ཆོས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། གཞན་ཡང་ཡིན་པའི་ཕྱིར། རྟགས་དེར་ཐལ། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ་ཡིན་པའི་ཕྱིར། རྣམ་གཞག་གི་དམིགས་པ་དེ་ཡོངས་གྲུབ་ཀྱི་མཚན་ཉིད་ཟེར་ན། རྟེན་འབྲེལ་སྣ་ཚོགས་པ་འདི་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྟོང་ཉིད་མངོན་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པའི་ཕྱིར། ཁ་ཅིག་འཕགས་པའི་མཉམ་གཞག་ཡེ་ཤེས་སྤྱོད་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་ཡོངས་གྲུབ་ཀྱི་མཚན་ཉིད་ཟེར་ན། གང་ཞིག་བདག་མེད་ཆོས་ཅན། མཚན་ཉིད་དེར་ཐལ། ཡོངས་གྲུབ་ཡིན་པའི་ཕྱིར། མཚན་ཉིད་གསུམ་པོ་གང་རུང་གང་ཞིག་ཀུན་རྟགས་ཀྱང་མིན། གཞན་ཡང་མིན་པའི་ཕྱིར། དང་པོ་དེར་ཐལ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གནོད་བྱེད་དུ་གྲུབ་པའི་ཕྱིར། གཉིས་པ་དེར་ཐལ། རྟག་པ་ཡིན་པའི་ཕྱིར། གསུམ་པོ་གང་རུང་ཡིན་པར་ཐལ། ཁྱོད་ཡོད་པའི་ཕྱིར། འགྱུར་མེད་ཡོངས་གྲུབ་ཡིན་ན། དོན་དམ་པ་ཡིན་པས་ཁྱབ་པར་འདོད་པ་ལ། ཕུང་པོ་རྟག་ཅིང་རང་དབང་ཅན་གྱི་གང་ཞིག་བདག་གིས་སྟོང་བ་དང༌། གཟུང་བ་ཆོས་ཀྱི་བདག་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་གཉིས་རྟོག་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་དེ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པར་ཐལ། འཕགས་པའི་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། དེ་གཉིས་དེ་མིན་པར་ཐལ། རྟག་གཅིག་ཡང་རང་དབང་ཅན་གྱི་གང་ཞིག་བདག་མེད་དེ་ཡང་ཤེས་རབ་ཀྱི་མིན། གཟུང་འཛིན་རྫས་གཞན་དུ་ཞེན་པའི་བློ་དེ་ཡང་ཤེས་རབ་ཀྱི་མིན་པའི་ཕྱིར། དང་པོ་དེ་ཆོས་ཅན། ཁྱོད་ཤེས་རབ་ཀྱི་མིན་པར་ཐལ། ཉན་ཐོས་དགྲ་བཅོམ་པས་ཁྱོད་སྤངས་པའི་ཕྱིར། གཉིས་པ་དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། རང་རྒྱལ་དགྲ་བཅོམ་པས་ཁྱོད་སྤངས་པའི་ཕྱིར། འདིར་ཁ་ཅིག ཡོངས་གྲུབ་ཡིན་ན། འགྱུར་མེད་ཡོངས་གྲུབ་ཡིན་པས་ཁྱབ་པར་འདོད་པ་དང༌། གཞན་ཡང་ཡིན་ན་མ་དག་གཞན་དབང་ཡིན་པས་ཁྱབ་པར་འདོད་པ་ལ། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། མ་དག་གཞན་ཡང་ཡིན་པར་ཐལ། གཞན་ཡང་ཡིན་པའི་ཕྱིར། དེར་ཐལ། གཞན་ཡང་དང་ཡོངས་གྲུབ་གང་རུང་གང་ཞིག ཡོངས་གྲུབ་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་འགྱུར་མེད་ཡོངས་གྲུབ་ཡིན་པར་ཐལ། དེ་ཡོངས་གྲུབ་ཡིན་པའི་ཕྱིར། འདོད་ན། རྟག་པར་ཐལ་ལོ། །རྟག་སྔ་མ་དེར་ཐལ། གསུམ་པོ་གང་རུང་གང་ཞིག ཀུན་རྟགས་མིན་པའི་ཕྱིར། ཕྱི་མ་དེར་ཐལ། ཡང་དག་མིན་པའི་ཀུན་ཏུ་རྟོག་པས་སྒྲོ་འདོགས་པའི་ཆོས་མིན་པའི་ཕྱིར། དེར་ཐལ། ཁམས་གསུམ་གང་རུང་གིས་བསྡུས་པའི་ཆོས་མིན་པའི་ཕྱིར། དེར་ཐལ། འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་ཕྱིར། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པར། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་བདེན་པ་མངོན་རྟོགས་དེ། སྐབས་གསུམ་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། སྐབས་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། འབྲས་བུ་རྣམ་མཁྱེན་གྱི་རྒྱུའི་ཆ་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། འབྲས་བུ་རྣམ་མཁྱེན་གྱི་ཡུལ་གྱི་ལྡོག་པ་ནན་བསྟན་པ་དེ་ཉིད། ཡང་སྐབས་གཉིས་པར་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་མཐོང་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐབས་དེ་གཉིས་སུ་ཐེག་ཆེན་གྱི་མཐོང་ལམ་བསྟན་ཚུལ་གཅིག་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། སྐབས་དེ་གཉིས་ཀྱི་ཐེག་ཆེན་གྱི་མཐོང་ལམ་བསྟན་ཚུལ་བཟློས་པར་ཐལ། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་ཤེས་པར་བྱ་བ་ཡིན་གྱི་ཞེས་པར། རྣམ་དག་ལས། སྐབས་འདིར་ཉན་ཐོས་ཀྱི་རྟོག་རིགས་མངོན་སུམ་མཐོང་ཟིན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་སྟོན་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་གནོད་དུ་ཤེས་པར་བྱ་བ་ཡིན་གྱི། ཉན་ཐོས་ཀྱི་ལམ་གཉིས་པའི་འབྲས་བུ་མངོན་སུམ་བྱ་བ་མིན་པའི་ཕྱིར་ཞེས་གསུངས། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་རྟོགས་རིགས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་དེ། ཉན་ཐོས་ཀྱི་ལམ་ཡིན་པར་ཐལ། སྦྱོར་བ་དེ་ལ་ཁྱབ་འགྲེལ་གཅིག་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ཐོས་དགྲོད་བྱའི་ལམ་ཡང་མིན་པར་ཐལ། དགྲོད་ཀྱི་ལམ་ཡང་མིན་པའི་ཕྱིར་གསུམ་པར་གྲུབ་མཐའ་ལ་ཁས་བླངས་སོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་རྟོག་རིགས་མངོན་སུམ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ཡོད་པར་ཐལ། གང་ཞིག་བདག་མེད་མངོན་སུམ་དུ་རྟོགས་པའི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པའི་ཕྱིར། ཉོན་མོངས་པའི་བག་ལ་ཉལ་གྱི་གཉེན་པོ་གང་ཞིག་བདག་མེད་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྲུབ་པའི་ཕྱིར། བག་ལ་ཉལ་གྱི་ཉོན་སྒྲིབ་སྤོང་བར་བྱེད། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་གྲུབ་པའི་ཕྱིར། དར་ཊཱིཀ་པ། མི་རྟག་ལ་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་དེ། སྐབས་འདིར་མ་བསྟན་ནོ་ཞེས་གསུངས། ཤེས་བྱ་ཆོས་ཅན། མི་རྟག་སོགས་བཅུ་དྲུག་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་གཅིག་མི་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། དེ་ལ་འདོད་དགོས་ཤིང་འདོད་པ་ཡང་མིན་པས། ཁས་བླངས་ཐལ་ལོ་ཡོད། འདི་ལྟར། དེ་འདྲའི་ཐེག་ཆེན་གྱི་སྒོམ་ཡོད་པར་ཐལ། ཉོན་སྒྲིབ་ཀྱི་སྤོང་གཉེན་བར་ཆད་མེད་ལམ་གོམས་པ་ལྷུར་ལེན་གྱི་ཚུལ་གྱིས་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་གཞི་གྲུབ་པའི་ཕྱིར། རྟགས་བླངས་ཤིང༌། དེར་ཐལ། རང་གི་ངོས་སྐལ་གྱི་ཉོན་སྒྲིབ་ཀྱི་ས་བོན་གྱི་དངོས་གཉེན་བར་ཆད་མེད་ལམ་གཞི་གྲུབ་པའི་ཕྱིར། རྒྱ་ཆེན་ལུང་གི་ཆུ་བོ་མང་འཐུངས་ཤིང༌། །རྣམ་དག་རིགས་པའི་ཡལ་ག་སྟོང་ལྡན་པའི། །ལུགས་མེད་དྲི་བཟངས་ཕྱོགས་བརྒྱད་པར་སྤྲོ་བྱེད་པའི། །དོན་གཉེར་མང་པོའི་དཔག་བསམ་ལྗོན་པ་ཡིན། །ཐལ་ངག་དབང་པོའི་རྡོ་རྗེ་ལས་སྐབས་གསུམ་པ་རྣམ་པར་དག་པའོ།།  །།རྣམ་དཔྱོད་ཆུ་གཏེར་རྒྱས་པའམ་སྐྱེད་ཚལ་ནས། །ཐུབ་རྣམས་རྒྱལ་བའི་ལུགས་མེད་ཨུཏྤལ་ཕྲེང༌། །ཕྱོགས་བྲལ་སྐྱེ་བོའི་མགྲིན་པར་སྤེལ་བརྩོན། །མཁྱེན་ལྡན་ཐུགས་རྗེའི་དཔལ་དེས་རྟག་པར་སྐྱོངས། །ཤེས་བྱ་ཆོས་ཅན། མཁྱེན་གསུམ་གྱི་འོག་ཏུ་སྣ་ཚོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་ལམ་ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་དེ་སྣ་ཚོགས་སྦྱོར་བས་ཉམས་སུ་ལེན་དགོས་པའི་ཕྱིར། ཅེ་ན། ཤེས་བྱ་ཆོས་ཅན། སྐྱེ་མཆེད་གསུམ་པོ་དེ་སྦྱོར་བས་ཉམས་སུ་ལེན་པའམ། སྐྱེ་མཆེད་གསུམ་རྟོག་པའི་བློ་དེ་ཉམས་སུ་ལེན་པ་གང་རུང་དུ་ཐལ། རྟགས་སུ་འགོད་པ་དེ་ཕྱིར། འདོད་ན། གང་ཡིན་དང་པོ་ལྟར་ན། སྐྱེ་མཆེད་གསུམ་ཆོས་ཅན། སྣ་ཚོགས་སྦྱོར་བའི་སྒོམ་བྱ་ཡིན་པར་ཐལ། དེས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཤེས་རྣམ་ཡིན་པར་ཐལ། དེའི་ཕྱིར། ཁྱབ་པར་ཐལ། གཞི་ཤེས་པའི་བྱེ་བྲག་རྣམས། རྣམ་པ་ཞེས་གསུངས། མཚན་ཉིད་དེ། ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། མཁྱེན་པ་གསུམ་པོ་དེ་དེའི་སྒོམ་བྱ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེའི་རྣམ་པ་ཡིན་པར་ཐལ། དེའི་སྒོམ་བྱ་གང་ཞིག ཤེས་པ་ཡིན་པའི་ཕྱིར། འདོད་ན། དེའི་ངོ་བོར་སྐྱེས་པར་ཐལ་ལོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། ཆོས་སྐུའི་འོག་ཏུ་སྣ་ཚོགས་སྦྱོར་བ་འཆད་རིགས་པར་ཐལ། ཆོས་སྐུ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ། སྣ་ཚོགས་སྦྱོར་བས་ཉམས་སུ་ལེན་དགོས་པའི་ཕྱིར། དེར་ཐལ། རྟོག་ཡེ་ཆོས་སྐུ་དེས་གཏན་ལ་ཕབ་པའི་དོན། དེས་ཉམས་སུ་ལེན་དགོས་པའི་ཕྱིར། རྣམ་མཁྱེན་དེས་གཏན་ལ་ཕབ་པའི་དོན་དེ་དེས་ཉམས་སུ་ལེན་དགོས་པའི་ཕྱིར། ཁྱབ་རྟགས། རྩ་བར་འདོད་ན། མངོན་རྟོགས་བརྒྱད་ཀྱི་གོ་རིམ་འཆོལ་བར་ཐལ་ལོ། །སྣ་ཚོགས་སྦྱོར་བའི་མཚན་ཉིད་དྲིས་པ་ལ། མཁྱེན་ལམ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཟེར་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་བ་ཡིན་ན། སྣ་ཚོགས་སྦྱོར་བ་ཡིན་པས་ཁྱབ་པར་ཐལ། དེ་འདྲ་དེ་སྣ་ཚོགས་སྦྱོར་བའི་མཚན་ཉིད་གང་ཞིག ཐེག་ཆེན་གྱི་སྦྱོར་བ་ཡིན་ན། མཁྱེན་ལམ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན། སྐྱེད་མཆེད་གསུམ་རྟོག་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཡིན་པས་ཁྱབ་པའི་ཕྱིར། དེ་ཡིན་ན། བྱང་སེམས་ཀྱི་རྣལ་འབྱོར་ཡིན་པས་ཁྱབ་པའི་ཕྱིར། གཞི་ཤེས་པའི་བྱེ་བྲག་རྣམས་ཞེས་སོགས་ལ། བདེན་བཞི་གང་རུང་རྟོགས་པའི་འཛིན་སྤངས་དེ། འདིར་གཞན་གྱི་སྒོམ་བྱ་ཤེས་རྣམ་གྱི་དམ་ཚིག་ཡིན་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དམ་བཅའ་དེའི་ཕྱིར། དེ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ངོ་བོར་སྐྱེད་ནས་སྒོམ་བྱ་ཡིན་པར་ཐལ། ཐེག་ཆེན་སྦྱོར་བའི་སྒོམ་བྱ་ཤེས་རྣམ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་དེའི་ངོ་བོར་སྐྱེད་མི་ནུས་པའི་ཕྱིར། ཁྱོད་སངས་རྒྱས་ཀྱིས་ཤེས་རྣམ་ཡིན་པའི་ཕྱིར། དེ་འདྲ་དེ་སྦྱིན་ཤེས་རྣམ་ཙམ་གྱི་དམ་ཚིག་ཟེར་ན། སྡུག་བདེན་མི་རྟག་པར་རྟོག་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། དམ་ཚིག་དེའི་ཕྱིར། འདོད་ན། མཁྱེན་ལམ་གང་རུང་གི་ཤེས་རྣམ་ཡིན་པར་ཐལ། འདིར་གཞན་ཤེས་རྣམ་ཡིན་པའི་ཕྱིར། འདོད་ན། མཁྱེན་ལམ་གང་རུང་གི་འཛིན་སྤངས་མཚན་ཉིད་པ་ཡིན་པར་ཐལ། དེ་གསུམ་གང་རུང་གི་ཤེས་རྣམ་མཚན་ཉིད་པ་ཡིན་པའི་ཕྱིར། འདོད་ན། འཕགས་རྒྱུད་ཀྱི་མཁྱེན་པར་ཐལ་ལོ། །ཡང༌། ཤེས་བྱ་ཆོས་ཅན། གཞི་ཤེས་ཀྱི་སྒོམ་བྱ་ཤེས་རྣམ་ཡིན་ན། གཞི་ཤེས་མཚན་ཉིད་པ་ཡིན་དགོས་པར་ཐལ། སྡུག་བདེན་མི་རྟག་པར་རྟོག་པའི་བྱང་སེམས་ཀྱི་སྦྱོར་ལམ་དེ། འདིར་རང་བཞིན་གཞི་ཤེས་རྣམ་པ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་སྒོམ་བྱ་ཤེས་ཡིན་ན། རྣམ་མཁྱེན་ཤེས་རྣམ་ཡིན་དགོས་པར་ཐལ། འདོད་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་དྲན་པ་ཉེར་གཞག་པ་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་མཁྱེན་ཡིན་པར་ཐལ། དེའི་ཕྱིར། ཁོ་ན་རེ། རྣམ་མཁྱེན་ཡིན་པར་ཐལ། སྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་པའི་ཕྱིར། ཞེ་ན། དེ་མི་འཐད་པར་སྟོན་པ་ནི། རྣམ་མཁྱེན་གྱི་ཤེས་རྣམ་ཡིན་ན། རྣམ་མཁྱེན་ཡིན་དགོས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བཏགས་དང་བཅས་པ་སྤངས་པའི་ཕྱིར། ཟག་པ་མེད་པ་ཁོ་ན་ཡིན་ནོ། །བསྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་ན། དེ་ཡིན་མི་དགོས་པར་ཐལ། སློབ་ལམ་ན་སྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་སྒོམ་པ་ཡོད་པའི་ཕྱིར། སློབ་ལམ་ན་རྣམ་པ་བརྒྱ་བདུན་བཅུ་རྩ་གསུམ་གྱི་རྣམ་པ་སྒོམ་པ་ཡོད་པའི་ཕྱིར། དེས་ན། རྣམ་མཁྱེན་གྱི་ཤེས་རྣམ་ཡིན་ན། བསྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་མི་དགོས་ཏེ། རྣམ་མཁྱེན་གྱི་ཤེས་རྣམ་རྗེས་མཐུན་པ་ཡིད་ལ་བྱེད་པ་ལ། རྣམ་མཁྱེན་གྱི་ཤེས་རྣམ་སྒོམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་གཞི་ཤེས་ཀྱི་ཤེས་རྣམ་ཡིན་ན། འདིར་རང་གཞན་གྱི་སྒོམ་བྱ་ཤེས་རྣམ་ཡིན་པས་ཁྱབ་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་སྡུག་བདེན་མི་རྟག་པར་རྟོག་པའི་གཞི་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གཞི་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་མིན་པར་ཐལ། བྱང་སེམས་ཀྱི་མཁྱེན་པ་མིན་པའི་ཕྱིར་ཏེ། ཡང༌། འདིར་རང་གཞན་གྱི་ཤེས་རྣམ་གྱི་མཚན་ཉིད་ཟེར་ན། སྡུག་བདེན་རྟག་པར་སྒྲོ་འདོགས་པའི་རིག་པ་ཆོས་ཅན། དམ་ཚིག་དེར་ཐལ། དེའི་ཕྱིར་ཏེ། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་ཡིན་པའི་ཕྱིར་ཏེ། ཤེས་བྱ་ཆོས་ཅན། དེ་དེར་ཐལ། འདིར་རང་གཞན་གྱི་མི་མཐུན་ཕྱོགས་ཀྱི་ཤེས་རྣམ་ཡོད་པ་གང་ཞིག སྡུག་བདེན་མི་རྟག་པར་རྟོག་པའི་བྱང་སེམས་ཀྱི་ཡེ་ཤེས་དེ་འདིར་རང་གཞན་གྱི་གཉེན་པོ་ཤེས་རྣམ་ཡིན་པའི་ཕྱིར། སྔ་མ་དེར་ཐལ། རྟག་པ་ལ་སོགས་པར་འཛིན་པ་མི་མཐུན་ཕྱོགས་ཀྱི་ངོ་བོ་ཞེས་གསུངས་པའི་ཕྱིར། ཡང་དེ་འདྲ་འདིར་རང་གཞན་གྱི་དམ་ཚིག་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དམ་ཚིག་དེའི་ཕྱིར། རྟོགས་པའི་སངས་རྒྱས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རིགས་ངོ་མི་མཐུན་ཕྱོགས་ཀྱི་གཉེན་པོ་སྒོམ་བྱའི་ཤེས་རྣམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། གཉེན་པོ་ཤེས་རྣམ་ཡིན་པར་ཐལ། གཉེན་པོ་དང༌། ཤེས་རྣམ་གྱི་གཞི་མཐུན་ཡིན་པའི་ཕྱིར། ཅེ་ན། དེ་ཆོས་ཅན། རྒྱུ་ལམ་སེམས་ཡིན་པར་ཐལ། རྒྱུ་དང་ལམ་སེམས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། ཡང་དེ་འདྲ་བ་དེ། འདིར་རང་གཞན་གྱི་སྒོམ་བྱ་ཤེས་རྣམ་གྱི་མཚན་ཉིད་ཟེར་ན། རྣམ་མཁྱེན། དེར་ཐལ། དམ་ཚིག་དེའི་ཕྱིར། ཐེག་ཆེན་གྱི་སྦྱོར་བའི་སྒོམ་བྱ་ཤེས་རྣམ་ཡིན་པར་ཐལ། དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་བའི་འཛིན་སྤངས་ཡིན་པར་ཐལ། འདོད་ན། སློབ་པའི་མཁྱེན་པར་ཐལ་ལོ། །སྦྱོར་བ་ལ་གཉེན་པོ་གཞི་ཤེས་ཆོས་ཅན། གསུམ་དུ་དབྱེར་ཡོད་དེ། གཞི་ཤེས་ཀྱི་ཤེས་རྣམ་སོགས་གསུམ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཤེས་རྣམ་ཡིན་ན། གཉེན་པོ་ཤེས་རྣམ་ཡིན་དགོས་པར་ཐལ། སྦྱོར་བ་དེའི་ཕྱིར། འདོད་ན། རྟོག་ཡེ་ཆོས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སློབ་པའི་རྒྱུད་ཀྱི་མཁྱེན་པར་ཐལ་ལོ། །གཞན་ཡང༌། རྣམ་མཁྱེན་གྱི་ཤེས་རྣམ་ཆོས་ཅན། གཉེན་པོ་ཤེས་རྣམ་ཡིན་པར་ཐལ། རྣམ་མཁྱེན་གྱི་ཤེས་རྣམ་ཡིན་པའི་ཕྱིར། རྣམ་མཁྱེན་འཛིན་སྤངས་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། གཞི་ཤེས་ཀྱི་རྣམ་ཡིན་ན། གཉེན་པོ་ཤེས་རྣམ་ཡིན་དགོས་པར་ཐལ། སྦྱོར་བ་དེའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདིར་རང་གཞན་གྱི་སྒོམ་བྱ་ཤེས་རྣམ་ཡིན་པར་ཐལ། འདིར་རང་གཞན་གྱི་གཉེན་པོ་ཤེས་རྣམ་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་བའི་འཛིན་སྤངས་ཀྱི་བྱེ་བྲག་ཡིན་པར་ཐལ། འདོད་པའི་ཕྱིར། དེ་ལྟར་ན། འདིར་རང་གཞན་གྱི་གཉེན་པོ་ཤེས་རྣམ་ཡིན་ན། བྱང་སེམས་ཀྱི་རྒྱུད་ཀྱི་ཤེས་རྣམ་ཡིན་པས་ཁྱབ་པ་ཡིན་ནོ། །ཡང་འདིར་ཤེས་རྣམ་ལ་གཞི་ཤེས་ཀྱི་ཤེས་རྣམ་སོགས་གསུམ་དུ་གྲངས་ངེས་ཟེར་ན། ཤེས་བྱ་ཆོས་ཅན། དེར་མ་ངེས་པར་ཐལ། སྐྱེ་མཆེད་གསུམ་རྟོགས་པའི་བྱང་སེམས་སྦྱོར་ལམ་པའི་མཁྱེན་པ་དེ། དེ་གསུམ་གང་རུང་མིན་འཆད་པ་གང་ཞིག ཤེས་རྣམ་ཡིན་པའི་ཕྱིར། སྔ་མ་དེར་ཐལ། མཁྱེན་པ་གསུམ་གང་རུང་གི་འཛིན་སྤངས་མིན་པའི་ཕྱིར་ཏེ། རྣལ་འབྱོར་མངོན་ལམ་མིན་པའི་ཕྱིར། དེ་ཆོས་ཅན། འདིར་རང་གཞན་གྱི་ཤེས་རྣམ་ཡིན་པར་ཐལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་ཐེག་ཆེན་སྦྱོར་ལམ་པའི་སྒོམ་བྱ་ཤེས་རྣམ་གཅིག་ཡོད། དེ་དག་ཡོད་ན། ཁྱོད་དེ་ཡིན་དགོས་པའི་ཕྱིར། སྔ་མ་དེར་ཐལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་ཐེག་ཆེན་གྱི་སྦྱོར་བ་གཅིག་ཡོད་པའི་ཕྱིར། ཡང་སྐབས་འདིར་གཞི་ཤེས་སྦྱོར་བའི་ཤེས་རྣམ་ཡིན་ན། གཞི་ཤེས་རྣམ་ཡིན་པས་ཁྱབ་པ་དང༌། ལམ་ཤེས་དང༌། རྣམ་མཁྱེན་ལ་དེ་ལྟར་ཁྱབ་ཟེར་ན། རིམ་པ་བཞིན་དུ། གཞི་སྐྱེ་མཆེད། ལམ་བདེན་མེད། རྣམ་པ་བདག་མེད་དུ་རྟོག་པའི་བྱང་སེམས་ཀྱི་སྦྱོར་ལམ་གྱིས་མ་ངེས་པར་བསྟན་ནོ། །རྩ་བར་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་ཐེག་ཆེན་གྱི་སྦྱོར་བའི་སྒོམ་བྱ་ཤེས་རྣམ་ཡོད་པའི་ཕྱིར། དེའི་རྒྱུད་ལ་ཐེག་ཆེན་གྱི་སྦྱོར་བ་ཡོད་པའི་ཕྱིར། རྩ་བར་འདོད་ན། གཞི་ཤེས་ཀྱི་འཛིན་སྤངས་ཡིན་པར་ཐལ། གཞི་ཤེས་ཀྱི་ཤེས་རྣམ་ཡིན་པའི་ཕྱིར། འདོད་ན། གཞི་ཤེས་སུ་ཐལ་ལོ། །མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་སོགས་ལ། གཞི་ཤེས་ཀྱི་རྣམ་ཆོས་ཅན། ཁྱོད་ལ་ཉེར་བདུན་ཡོད་དེ། ཡུམ་གྱི་མདོར། ཁྱོད་ལ་ཉེར་བདུན་དུ་བཤད་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། འདིར་རང་གཞན་གྱི་མེད་པའི་རྣམ་པ་ཡིན་ན། གཞི་ཤེས་ཀྱི་ཤེས་རྣམ་ཡིན་དགོས་པར་ཐལ། སྦྱོར་བ་དེའི་ཕྱིར། འདོད་ན། སྡུག་བདེན་མི་རྟག་པར་རྟོག་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ལ། སྔར་བསྒྲུབས་སོ། །གཞན་ཡང༌། སྡུག་བདེན་རྟག་པ་མེད་པ་ཆོས་ཅན། གཞི་ཤེས་ཤེས་རྣམ་ཡིན་པར་ཐལ། མེད་པའི་རྣམ་པ་ཡིན་པའི་ཕྱིར། གཞན་ཡང༌། རྣམ་དག་ཁས་ལེན་པ་ལྟར་ན། ཤེས་བྱ་ཆོས་ཅན། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱིས་བསྟན་པའི་རྣམ་པ་ཡིན་ན། ཤེས་རྣམ་ཡིན་དགོས་པར་ཐལ། མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་པའི་སྐབས་ནས་བསྟན་པའི་རྣམ་པ་ཡིན་ན། ཤེས་རྣམ་ཡིན་པས་ཁྱབ་པའི་ཕྱིར། རྟགས། འདོད་ན། གཞི་བདེན་པའི་སྐྱེ་མཆེད་ཆོས་ཅན། དེར་ཐལ། དེའི་ཕྱིར། སྐབས་འདིར་དངོས་སུ་བསྟན་པའི་དོན་རྣམ་ཡིན་པའི་ཕྱིར། མ་གྲུབ་ན་ཤེས་བྱ་ཆོས་ཅན། དེ་དེར་ཐལ། ཡུམ་གྱི་མདོར་སྐྱེ་མཆེད་གསུམ་དངོས་སུ་བསྟན་པས། དེ་རྟོག་པའི་ཡེ་ཤེས་གསུམ་ཤུགས་ལ་བསྟན་པའི་ཕྱིར། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ། །ཞེས་པར། སྦྱོར་བ་དང་རྣམ་གཞག་འདྲིའོ། །གཞི་ཤེས་ཀྱི་ལམ་བདེན་གྱི་ཤེས་རྣམ་ཆོས་ཅན། གསུམ་དུ་དབྱེར་ཡོད་དེ། ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་གཅིག ཤེས་སྒྲིབ་ཀྱི་བཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་གཅིག་དང༌། ཟག་མེད་གཅིག་དང་གཉིས་རྣམས་སུ་ཡོད་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། ཉོན་སྒྲིབ་གཉེན་པོར་གྱུར་པའི་ལམ་ཟག་མེད་ཡིན་ན། འདིར་རང་གཞན་ལམ་ཤེས་ཀྱི་ཤེས་རྣམ་ཡིན་དགོས་པར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདིར་རང་གཞན་གྱི་སྒོམ་བྱ་ཤེས་རྣམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་རྒྱུད་ཀྱི་ཤེས་རྣམ་ཡིན་པར་ཐལ། འདོད་ན། ཁྱབ་པར་ཐལ། ཐེག་ཆེན་གྱི་སྦྱོར་བ་ཡིན་ན། བྱང་སེམས་ཀྱི་སྦྱོར་བ་ཡིན་དགོས་པའི་ཕྱིར། དེ་བཞིན་དུ་རང་ལས་ཀྱི་སྒོམ་ལམ་བར་མེད་ལམ་ཆོས་ཅན། འདིར་རང་གཞན་གྱི་ལམ་ཤེས་ཀྱི་ཤེས་རྣམ་ཡིན་པར་ཐལ། ཤེས་སྒྲིབ་བཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་མེད་ཡིན་པའི་ཕྱིར། འདོད་ན། སྔ་མ་ལྟར་རོ། །གཞན་ཡང༌། འདིར་རང་གཞན་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་མཉམ་གཞག་དང༌། ཤེས་སྒྲིབ་ཀྱི་བཟུང་རྟོག་གི་གཉེན་པོར་གྱུར་པའི་མཉམ་གཞག་ཡིན་ན། ལམ་ཟག་མེད་ཡིན་པས་ཁྱབ་པར་ཁས་ལེན་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེ་གཉིས་ཀ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལམ་ཟག་བཅས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྟག་གྲུབ་པར་ཐལ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་གོ་རིམ་བཞིན་དུ། ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་སྒྲིབ་གཉིས་ཀྱི་རྣམ་གཞག་ལ། མཚན་ཉིད། མཚན་འཛིན། གྲངས་ངེས་འདྲིའོ། །གཙོ་བོར་ཐར་པ་ཐོབ་པ་ལ་གེགས་བྱེད་ཉོན་སྒྲིབ་ཀྱི་མཚན་ཉིད། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་དེ། ཤེས་སྒྲིབ་ཀྱི་མཚན་ཉིད་ཟེར་ན། ཚུར་མཐོང་ལྷན་ཅིག་གི་རྒྱུད་ཀྱི་འདོགས་ཆོས་ཅན། མཚན་ཉིད་དེར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཐར་པ་ཐོབ་པ་ལ་ཁྱོད་སྤངས་མི་དགོས་པའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་པ་དེས་ཁྱོད་མ་སྤངས་པ་གང་ཞིག དེས་ཐར་པ་ཐོབ་པའི་ཕྱིར། རྟག་དང་པོ་མ་གྲུབ་ན། ཚུར་རོལ་ཡང་ལྷན་ཅིག་ཆོས་ཅན། རང་རྒྱུད་ཀྱི་འདོགས་སྤངས་ཟིན་པར་ཐལ། རང་རྒྱུད་ཀྱི་འདོགས་སྤངས་པའི་སྤངས་པ་ཡོད་པའི་ཕྱིར། རྟགས། འདོད་ན། སོ་སྐྱེ་མིན་པར་ཐལ། འདོད་པའི་ཕྱིར། ཡང་ན་ཚུར་རོལ་ཡང་ལྷན་ཅིག་འབྱེད་དུ་གྲོལ་བར་ཐལ་ལོ། །དེ་བཞིན་དུ་ཚུར་རོལ་ཡང་ལྷན་ཅིག་གི་རྒྱུད་ཀྱི་བདེན་འཛིན་དང་ཤེས་རབ་ཀྱི་ལ་སྦྱར་རོ། །གཞན་ཡང༌། བག་ལ་ཉལ་གྱི་སྒྲིབ་པ་ཆོས་ཅན། དེར་ཐལ། དམ་ཚིག་དེའི་ཕྱིར། གཙོ་བོར་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། འཁོར་བར་འཆིང་བྱེད་ཀྱི་སྒྲིབ་པ་དེ། གཙོ་བོར་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཤེས་རབ་ཀྱི་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། རྒྱུད་བླར་ཤེས་རབ་ཀྱི་དངོས་འཛིན་པའི་ཚེ། དེ་སྒྲིབ་མཐས་ཉོན་མོངས་དང༌། །ཉེ་བའི་ཉོན་མོངས་བག་ཆགས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག རང་རྒྱུད་ལྷན་ཅིག་གི་གང་ཟག་དེས་གཙོ་བོར་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་ཉོན་སྒྲིབ་ཀྱི་མཚན་ཉིད་ཟེར་ན། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་འདོགས་དང༌། ཉན་ཐོས་སྒོམ་ལམ་པའི་འདོགས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་རྒྱུད་ལྷན་ཅིག་གི་གང་ཟག་མེད་པའི་ཕྱིར། ཡང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཆོས་ཅན། ཉོན་སྒྲིབ་ཡིན་པར་ཐལ། དེའི་ཕྱིར། གཙོ་བོར་ལྷག་མེད་མྱང་འདས་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། རང་རྒྱུ་ལས་ཉོན་གྱི་རྣམ་ནི་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། སྒྲིབ་པ་མིན་པར་ཐལ། མ་སྒྲིབ་པ་ཡིན་པའི་ཕྱིར། ཅེ་ན། བྱང་སྒྲ་མི་སྙན་པའི་མི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། མཛོད་ལས། ཉོན་མོངས་ཤས་ཆེན་ངན་འགྲོར་དང༌། །མཚམས་མེད་པ་ཡི་མི་རྣམས་དང༌། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཡང་ཟག་བཅས་ཀྱི་ལས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། དེ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེར་ཐལ། ལས་ཀྱི་སྒྲིབ་པར་གཞི་གྲུབ་པའི་ཕྱིར། གཞན་ཡང༌། ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དོན་དུ་བཟུངས་བཏང་ངོ༌། །འདིར་དར་ཊཱིཀ་པའི་ཕྱོགས་ལ། ཉོན་མོངས་མི་སྤོང་བའི་རང་བཞིན་ཅན་གྱི་སྐབས་བསྟན་པའི་ཉོན་མོངས་ཆོས་ཅན། དམ་ཚིག་དེར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར། རྟགས། འདོད་ན། མིན་པར་ཐལ། ཉན་ཐོས་དགྲ་བཅོམ་གྱི་རྟོག་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པའི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། ཡང་ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་ན། ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པས་ཁྱབ་བམ་མ་ཁྱབ་དྲིས་པས་ཁྱབ་ཟེར་ན། བག་ལ་ཉལ་གྱི་སྒྲིབ་པ་འཕེན་ཞིང༌། གཞན་ཡང༌། དེས་མ་ཁྱབ་པར་ཐལ། ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤངས་པ་མིན། ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་རང་རྒྱུད་ལ་ལྡན་པ་ཡང་ཡིན་པའི་གཞུང་བཞིན་ཡོད་པའི་ཕྱིར་ཏེ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་དེ་དེ་འདྲ་བ་ཡིན་པའི་ཕྱིར། ཡང་རང་རྒྱལ་གྱི་ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་ན། དེས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུང་འཛིན་རྫས་ཅན་དུ་ཞེན་པའི་ཤེས་སྒྲིབ་ཀྱི་གཞན་དོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཉོན་སྒྲིབ་དུ་ཐལ་ལོ། །ཡང་མ་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། ཐར་པ་གཅིག་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་ན། ཐར་པ་གཙོ་བོར་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་ན། ཐར་པ་གཙོ་བོར་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཐར་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་མི་སྲིད་པར་ཐལ། འདོད་པ་གང་ཞིག་ཐར་པ་ཐམས་ཅད་གེགས་བྱེད་ཀྱི་སྒྲིབ་པ་མི་སྲིད་པའི་ཕྱིར། ཤེས་སྒྲིབ་ཀྱི་མཚན་ཉིད་ལ། གཟུང་འཛིན་རྫས་ཅན་པའི་བཟུང་རྟོག་ཆོས་ཅན། དམ་ཚིག་དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱི་ས་བོན་དྲུངས་འབྱིན་པར་བྱེད་པའི་བར་ཆད་མེད་ལམ་ཡིན་ན། ཐམས་ཅད་མཁྱེན་པའི་ལམ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ལས་ཀྱི་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། སྒྲ་རྟག་འཛིན་གྱི་རྟོག་པ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། དམ་ཚིག་དེའི་ཕྱིར། སྒྲ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གཙོ་བོར་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་མི་རྟག་པ་དེ་དོན་དམ་བདེན་པ་ཡིན་པར་ཐལ་ལོ། །ཐོ་ཡོར་ལ་མིར་ཞེན་པའི་རྟོག་པ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། དམ་ཚིག་སྔ་མ་དེའི་ཕྱིར་ཏེ། ཐོ་ཡོར་ལ་མི་མིན་པར་མངོན་སུམ་རྟོགས་པའི་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། གཞན་ཡང༌། ཀུན་གཞིའི་རྣམ་པར་ངེས་པ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། དམ་ཚིག་དེའི་ཕྱིར་ཏེ། གཙོ་བོར་རྒྱུན་གཞིའི་བར་ཆད་མེད་ལམ་གྱི་གཞོམ་བྱ་ཡིན་པའི་ཕྱིར། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་སྒྲིབ་སྤོང་བའི་ཉན་ཐོས་ཡོད་པར་ཐལ། འདོད་པ་གང་ཞིག ཐེག་དམན་གྱི་ལྷག་མེད་མྱང་འདས་དེས་ཀུན་གཞིའི་སྤངས་པའི་གནས་གྱུར་ཐོབ་པའི་ཕྱིར། གཉིས་པ་མཚན་འཛིན་ལ། མིག་པ་ཡིན་ན། ཉོན་སྒྲིབ་ཡིན་པས་ཁྱབ་ཟེར་ན། བུམ་པ་ལ་བདེན་འཛིན་པའི་སེམས་བྱུང་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཉོན་མོངས་པ་ཅན་མིན་པའི་མིག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། འདོད་ན། མིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། དེ་དེར་ཐལ། བུམ་པ་བདེན་གཏོང་དེ་དོན་དམ་བདེན་པ་ཡིན་པའི་ཕྱིར། གང་ཞིག་བདག་འཛིན་ཡིན་ན། ཤེས་སྒྲིབ་ཡིན་པས་ཁྱབ་བོ་ཅེ་ན། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་གང་ཟག་ཏུ་བདེན་འཛིན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། རང་རྒྱུད་ཀྱི་ཕུང་པོ་ལ་བདག་ཏུ་ཞེན་པའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། བདེན་འཛིན་ཡིན་པའི་ཕྱིར་ཏེ། གང་ཟག་ལ་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོགས་ཡིན་ན། ཉོན་སྒྲིབ་ཡིན་པས་ཁྱབ་ཅེ་ན། མིག་གི་རྣམ་ཤེས་འཁོར་དུ་བྱུང་བའི་འདོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། དེ་ཡོད་པར་ཐལ། མངོན་པ་ཀུན་ལས་བཏུས་ལས། འདོགས་ནི་རྣམ་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཁྱོད་མཐོང་སྤངས་དང༌། སྒོམ་སྤངས་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་ཀྱི་ས་བོན་དྲུངས་འབྱིན་པའི་བར་ཆད་མེད་ལམ་གྲུབ་པའི་ཕྱིར། དེའི་ཕྱིར། འདོད་ན། མིག་གི་རྣམ་པར་ངེས་པ་དང་མཚུངས་པར་ལྡན་པའི་བར་ཆད་མེད་ལམ་གྲུབ་པར་ཐལ། དེའི་ཕྱིར། འདོད་ན། དེ་འདྲ་དེ་ཆོས་ཅན། ཁྱོད་བར་ཆད་མེད་ལམ་མིན་པར་ཐལ། ཁྱོད་དབང་ཤེས་ཡིན་པའི་ཕྱིར། ཡང་ཁོང་ཁྲོ་དང་ང་རྒྱལ་ཡིན་ན། ཉོན་སྒྲིབ་ཡིན་པས་ཁྱབ་ན། མིག་གི་རྣམ་ཤེས་ཁྱོད་ཀྱི་ཁོང་ཁྲོ་ཆོས་ཅན། དེར་ཐལ། ཁོང་ཁྲོ་མིན་པའི་ཕྱིར། འདོད་ན། མཐོང་སྤངས་ཡིན་ནམ་སྒོམ་སྤངས་ཡིན། དང་པོ་ལྟར་ན། ཆོས་ཅན་མིན་པར་ཐལ། ཡིད་ཀྱི་རྣམ་ཤེས་ཀྱི་སེམས་པ་མིན་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། སྒྲ་ཆོས་ཅན། འདྲ་སེམས་ཅན་གྱི་རྟོག་པར་ཐལ། སྒོམ་སྤངས་ཉོན་མོངས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སྒོམ་ལམ་བར་ཆད་མེད་ལམ་དང་འཛིན་སྤངས་གསལ་བར་ཐལ། སྒོམ་སྤངས་ཉོན་མོངས་ཡིན་པའི་ཕྱིར། འདོད་ན། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟོག་པར་ཐལ། དེ་འཛིན་སྤངས་ལ་བའི་བློ་ཡིན་པའི་ཕྱིར། ཡང་ཉོན་མོངས་ཅན་གྱི་མིག་པ་ཡིན་ན། ཉོན་སྒྲིབ་ཀྱིས་ཁྱབ་ན། མིག་ཤེས་འཁོར་གྱི་མིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཐོང་སྤངས་ཡིན་ནམ་སྒོམ་སྤངས་ཡིན། དང་པོ་ལྟར་ན། མིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རིག་པ་ཡེ་ཤེས་ཀྱི་གསལ་བ་མི་མཐུན་ཕྱོགས་ཡིན་པར་ཐལ། སྒོམ་སྤངས་སུ་གྱུར་པའི་མིག་པ་ཡིན་པའི་ཕྱིར། འདོད་ན། བདག་ཏུ་འཛིན་པ་དང༌། བདེན་འཛིན་པའི་བློ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར་ཏེ། འདོད་ན། སྒྲ་ཆོས་ཅན་འདྲ་སེམས་ཅན་གྱི་རྟོག་པར་ཐལ་ལོ། །གཞན་ཡང༌། ལུང་མ་བསྟན་ཡིན་པར་ཐལ། ལུང་མ་བསྟན་གང་ཞིག སྒྲིབ་པ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེ་ཡིན་པར་ཐལ། དེའི་སྟེངས་ན་དེ་ཡོད་པའི་ཕྱིར་ཏེ། དེ་འདྲ་དེ་ས་བོན་སྐྱེད་པའི་རྣམ་ཤེས་ཡིན་པའི་ཕྱིར། གཞན་ཡང༌། བྱང་སེམས་ས་བདུན་པ་བའི་རྒྱུད་ལ་ཉོན་སྒྲིབ་ཡོད་པར་ཐལ་ལོ། །དེའི་ས་བོན་ཡོད་པའི་ཕྱིར། ཉོན་ཡིད་ཡོད་པའི་ཕྱིར་ཏེ། དེ་མ་དག་པའི་བྱང་སེམས་ཡིན་པའི་ཕྱིར། རྩ་བར་འདོད་ན། མེད་པར་ཐལ། ས་དང་པོར་ཉོན་སྒྲིབ་མ་ལུས་པ་སྤངས་པའི་ཕྱིར་ཏེ། དེ་ནས་ཉིད་སྤངས་རྟོག་རྫོགས་པའི་ཕྱིར། གཞན་ཡང༌། མི་དགེ་བའི་ས་བོན་མི་དགེ་བ་ཡིན་པར་ཐལ། ཉོན་སྒྲིབ་ཀྱི་ས་བོན་ཉོན་སྒྲིབ་ཡིན་པའི་ཕྱིར་དང༌། ཁོང་ཁྲོའི་ས་བོན་ཁོང་ཁྲོ་ཡིན་པར་ཐལ། འདོད་ན། ཁམས་གོང་མ་ནི་མི་དགེ་བ་ཡོད་པར་ཐལ་ལོ། །ཡང་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་པའི་བདེན་འཛིན་གྱིས་གང་ཞིག་བདག་འཛིན་སྐྱེད་པའི་ནུས་པ་དེ་ཆོས་ཅན། ཉོན་སྒྲིབ་ཡིན་པར་ཐལ། ཉོན་སྒྲིབ་ས་བོན་ཡིན་པའི་ཕྱིར། ཉོན་སྒྲིབ་སྐྱེད་པའི་ནུས་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཤེས་སྒྲིབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་དེ་ཤེས་སྒྲིབ་ཡིན་པ་གང་ཞིག ནུས་པ་དང་ནུས་པ་ཅན་རྫས་ཐ་མི་དད་པའི་ཕྱིར། ཁ་ཅིག་སྤངས་བྱ་ཡིན་ན། སྒྲིབ་པ་ཡིན་པས་ཁྱབ་ཅེ་ན། ངོས་འཛིན། ཕུང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། མཐོང་སྤངས་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། མངོན་པ་ཀུན་ལས་བཏུས་ལས། དེ་དེར་སྤང་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཉོན་སྒྲིབ་ཀྱི་ཀྱང་མིན། ཤེས་སྒྲིབ་ཀྱི་ཀྱང་མིན་པའི་ཕྱིར། དང་པོ་དེར་ཐལ། ཉོན་མོངས་པའི་རྣམ་མིན་ཡིན་པའི་ཕྱིར། ཤེས་སྒྲིབ་མིན་པར་ཐལ། བེམས་པོ་ཡིན་པའི་ཕྱིར། གཞན་ཡང༌། ལས་ཉོན་སྒྲིབ་ཀྱི་བདག་འབྲས་སུ་གྱུར་པའི་སྣོད་བཅུད་ཀྱི་འཇིག་རྟེན་ནོ། །སྒྲིབ་པ་ཡིན་པར་ཐལ། སྤང་བྱ་ཡིན་པའི་ཕྱིར་ཏེ། སྡུག་བདེན་ཡིན་པའི་ཕྱིར་ཏེ། རྩ་བར་འདོད་ན། དེ་མིན་པར་ཐལ། བེམས་པོ་ཡིན་པའི་ཕྱིར། ཁ་ཅིག བདེན་འཛིན་ཡིན་ན། ཤེས་སྒྲིབ་ཡིན་པས་ཁྱབ་ཅེ་ན། སྐྱེས་བུ་ལྷན་ཅིག་ལ་བདེན་འཛིན་པའི་བདེན་འཛིན་དང་མཚུངས་པར་ལྡན་པའི་ལྷན་ཅིག་ལ་སྲེད་པའི་འདོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། བདེན་འཛིན་དང་མཚུངས་པར་ལྡན་པའི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་ཡིན་པའི་ཕྱིར་ཏེ། འདོགས་ཡིན་པའི་ཕྱིར། རྣམ་མཁྱེན་ལ་བདེན་པར་འཛིན་མཚན་འཛིན་དང་མཚུངས་པར་ལྡན་པའི་རྣམ་མཁྱེན་དོན་ཉེར་གྱི་ཐེག་ཆེན་སེམས་སྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། བདེན་འཛིན་དང་མཚུངས་པར་ལྡན་པའི་བློ་ཡིད། རྩ་བར་འདོད་ན། མིན་པར་ཐལ། ཐེག་ཆེན་སྐྱེ་མཆེད་ཡིན་པའི་ཕྱིར། ཆོས་ཅན་མ་གྲུབ་བོ་ཅེ་ན། དེ་འདྲ་ཡོད་པར་ཐལ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། བདེན་སྟོང་ལ་བདེན་པར་འཛིན་པའི་མཚན་འཛིན་དང༌། མཚུངས་པར་ལྡན་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། བདེན་འཛིན་ཡིན་པའི་ཕྱིར་ཏེ། དེ་དང་མཚུངས་པར་ལྡན་པའི་བློ་ཡིན་པའི་ཕྱིར། རྩ་བ་དེ་ཡིན་པར་ཐལ། འདོད་པའི་ཕྱིར། ཐེག་ཆེན་གྱི་ལམ་ཡིན་པའི་ཕྱིར། ཆོས་ཅན་གྲུབ་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་རྗེས་ཐོབ་ཡེ་ཤེས་དང༌། མཚུངས་པར་ལྡན་པའི་བདེན་སྟོང་ལ་མཚན་མར་དམིགས་པའི་བློ་ཡིན་པའི་ཕྱིར། རྨི་ལམ་དང་སྒྱུ་མ་དང༌། གཟུགས་ཅན་སོགས་ལ། བདེན་པར་འཛིན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། འདོད་ན། རྨི་ལམ་དང་གཟུགས་ཅན་བདེན་པར་མེད་པ་དེ། དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། ཕྱིན་ཅི་ལོག་བདེན་པའི་བདེན་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཕྱིན་ཅི་ལོག་བདེན་པར་མེད་པ་དོན་དམ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། དབུ་མའི་ལྟ་བ་རང་རྒྱུད་ལ་མ་སྐྱེས་པའི་གང་ཞིག་གིས་ཁྱོད་རྟོག་པ་ཡོད་པའི་ཕྱིར་ཏེ། ཁྱོད་རྟོག་པའི་སེམས་ཙམ་པ་ཡོད་པའི་ཕྱིར། ཤེས་སྒྲིབ་ས་བོན་ཤེས་རབ་ཡིན་ཅེ་ན། ཤེས་བྱ་ཆོས་ཅན། དེ་ཤེས་སྒྲིབ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་དང༌། ལྷན་ཅིག་མི་གནས་བསལ་ཡིན་པར་ཐལ། དེ་ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་རྒྱུན་མཐའི་བར་ཆད་མེད་ལམ་དང༌། ལྷན་ཅིག་མི་གནས་བསལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱུན་མཐའི་བྱང་སེམས་ཀྱི་རྒྱུད་ལ། ཤེས་སྒྲིབ་ས་བོན་མེད་པར་ཐལ་ལོ། །ཉོན་མོངས་པའི་བག་ལ་ཉལ་དེ་ཤེས་སྒྲིབ་ཡིན་ནོ་ཅེ་ན། གཙོ་བོར་ཆོས་ཀྱི་བདག་མེད་རྟོག་པའི་བར་ཆད་མེད་ལམ་གྱི་སྤང་བྱའི་རིགས་སུ་གནས་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཆེད་དུ་མེད་ནས་སྤོང་བའི་ཐེག་ཆེན་གྱི་བར་ཆད་མེད་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག་གཟུང་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་ཡིན་ཅེ་ན། ཤེས་བྱ་ཆོས་ཅན། གཟུང་འཛིན་རྫས་ཅན་གྱིས་སྟོང་པ་དེ་ཆོས་ཅན། དོན་དམ་བདེན་པར་ཐལ། འདམ་ཚིགས་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། དབུ་མའི་ལྟ་བ་མ་རྟོག་པའི་གང་ཞིག་གིས་ཁྱོད་རྟོག་པ་གཅིག་ཡོད་པའི་ཕྱིར། གསུམ་པ་གྲངས་ངེས་ལ། སྒྲིབ་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་གྲངས་ཟེར་ན། དེར་མ་ངེས་པར་ཐལ། ལས་ཀྱི་རྣམ་འཛིན་སྙོམས་ཞུགས་གི་སྒྲིབ་པ་ཉོན་སྒྲིབ་ཀྱི་ས་བོན་ཤེས་སྒྲིབ་ཀྱི་ས་བོན། སྒྲ་རྟག་འཛིན་གྱི་རྟོག་པ་རྣམས་ཀྱིས་སྒྲིབ་པ་གང་ཞིག གཉིས་པོ་གང་ཡང་མིན་པའི་ཕྱིར། དང་པོ་གྲུབ་པ་ནི། མི་དགེ་བ་བཅུའི་ལས་ཆོས་ཅན། སྒྲིབ་པ་ཡིན་པར་ཐལ། ལས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། ཉོན་སྒྲིབ་མིན་པར་ཐལ། ཉོན་མོངས་པ་ཀུན་ནས་སློང་པའི་ཟག་བཅས་ཀྱི་ལས་ཡིན་པའི་ཕྱིར། ཤེས་སྒྲིབ་མིན་པར་ཐལ། ཉན་ཐོས་དགྲ་བཅོམ་པས་དེ་མ་ལུས་པ་སྤངས་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྒྲིབ་པ་ཡིན་པར་ཐལ། རྣམ་མཁྱེན་གྱི་སྒྲིབ་པ་ཡིན་པའི་ཕྱིར། རང་རྒྱུ་ལས་ཉོན་སྒྲིབ་ཀྱི་རྣམ་མཁྱེན་གང་ཞིག ལྷག་མེད་མྱང་འདས་ལ་གེགས་བྱེད་ཡིན་པའི་ཕྱིར། དེར་ཐལ། ཕུང་པོའི་བདུད་ཡིན་པའི་ཕྱིར་ཏེ། མི་དགེ་བ་དང་མི་སྒྲིབ་ལུང་མ་བསྟན་གང་རུང་ཡིན་པའི་ཕྱིར་ཏེ། མི་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། ཤེས་སྒྲིབ་མིན་པར་ཐལ། ཤེས་སྒྲིབ་མངོན་གྱུར་པ་ཡང་མིན། ཤེས་སྒྲིབ་ཀྱི་ས་བོན་ཡང་མིན་པའི་ཕྱིར། དང་པོ་དེར་ཐལ། ཤེས་པ་མིན་པའི་ཕྱིར། གཉིས་མིན་པར་ཐལ། བེམས་པོ་ཡིན་པའི་ཕྱིར། གསུམ་པ་གྲུབ་པ་ནི། ཉོན་སྒྲིབ་ཀྱི་ས་བོན་ཆོས་ཅན། སྒྲིབ་པ་ཡིན་པར་ཐལ། ཐར་པ་ཐོབ་པ་ལ་གེགས་བྱེད་ཡིན་པའི་ཕྱིར། ཉོན་སྒྲིབ་མིན་པར་ཐལ། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱང་མིན། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱང་མིན་པའི་ཕྱིར། དང་པོ་དེར་ཐལ། ཟག་བཅས་ཀྱི་ལས་ཀུན་སློང་བྱེད་ཀྱི་ཉོན་མོངས་མིན་ཏེ། དམིགས་རྣམ་མི་འཛིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། ཉན་ཐོས་དགྲ་བཅོམ་པས་སྤངས་པའི་ཕྱིར་དང༌། ཤེས་སྒྲིབ་མིན་པར་ཐལ། བག་ལ་ཉལ་གྱི་སྒྲིབ་པ་ཡིན་པའི་ཕྱིར། འདོད་ན་ཐལ་ལོ། །བཞི་པ་ནི། ཤེས་སྒྲིབ་ཀྱི་ས་བོན་ནོ། །སྒྲིབ་པ་ཡིན་པར་ཐལ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཡིན་པའི་ཕྱིར། ཉོན་སྒྲིབ་མིན་ཏེ། ཉོན་སྒྲིབ་སྤང་པའི་གང་ཞིག་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། ཤེས་སྒྲིབ་མིན་པར་ཐལ། བདག་མེད་རྟོགས་པའི་ཤེས་རབ་དང་འཛིན་སྤངས་མི་བསལ་བའི་ཕྱིར། དམིགས་རྣམ་མི་འཛིན་པའི་ཕྱིར། གཞན་ཡང༌། མིག་པ་དེ་སྒྲིབ་གཉིས་གང་རུང་མིན་པའི་སྒྲིབ་པ་ཕུང་ཁམས་པ་ཡིན་པར་ཡང་གྲུབ་བོ། །དེ་ཡང་ཉོན་སྒྲིབ་མིན་ཏེ། ཁྱོད་ཡིན་པར་གྱུར་པའི་ཤེས་སྒྲིབ་ཡོད་པའི་ཕྱིར། ཤེས་སྒྲིབ་མིན་པར་ཁྱོད་ཡིན་པར་གྱུར་པའི་ཉོན་སྒྲིབ་ཡོད་པའི་ཕྱིར། དེ་བཞིན་དུ། སྒྲ་རྟགས་འཛིན་རྟོག་པ་ཆོས་ཅན། སྒྲིབ་པ་ཡིན་པར་ཐལ། སྒྲིབ་མི་རྟག་པར་མངོན་སུམ་དུ་རྟོག་པའི་རྣལ་འབྱོར་མངོན་ལམ་ལ་གེགས་བྱེད་ཡིན་པའི་ཕྱིར། ཉོན་སྒྲིབ་མིན་ཏེ། ཉོན་མོངས་ཀྱང་མིན། དེའི་ས་བོན་ཡང་མིན་པའི་ཕྱིར། དང་པོ་དེར་ཐལ། བརྩོན་ཡང་མིན། ཉེར་ལེན་ནོ་ཡང་མིན་པའི་ཕྱིར། དང་པོ་དེར་ཐལ། སེམས་བྱུང་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་མིན་པའི་ཕྱིར་རོ། །ཤེས་རབ་ཡིན་ན། སྒྲ་མི་རྟག་པ་དེ་དོན་དམ་བདེན་པར་ཐལ་ལོ། །རྒྱུ་དང་ལམ་དང་སྡུག་བསྔལ་སོགས་ལ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་སུ་ཤེས་པར་བྱ་བ་དེ། སྡུག་བདེན་གྱི་མཚན་ཉིད་ཟེར་ན། སེམས་ཅན་དམྱལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྡུག་བསྔལ་ཡིན་པར་ཐལ། དེའི་ཕྱིར། འདོད་ན། ཤེས་པར་ཐལ། དེའི་ཕྱིར། ཁྱབ་པར་ཐལ། བདེ་བ་ཡིན་ན། ཤེས་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། བདེ་བ་དང་བེམས་པོའི་གཞི་མཐུན་ཡོད་པར་ཐལ་ལོ། །ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། རང་རྒྱུ་འབྲས་བུར་གྱུར་པའི་ཟག་བཅས་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། བདེ་བ་ཡིན་པའི་ཕྱིར། ཁྱོད་ཟག་བཅས་ཀྱི་ཚོར་བ་བདེ་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཟག་བཅས་ཀྱི་ཚོར་བ་ཡིན་ན། སྡུག་བསྔལ་ཡིན་དགོས་པར་ཐལ། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་སྡུག་བསྔལ་ཡིན་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་ཡིན་ན། སྡུག་བསྔལ་ལ་དམིགས་དགོས་པར་ཐལ་ལོ། །མཚན་འཛིན་ལ། ལས་ཉོན་སྒྲིབ་ཀྱི་འབྲས་བུར་གྱུར་པའི་སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་སྡུག་བདེན་ཡིན་ཟེར་ན། ལས་ཉོན་མོངས་ཀྱི་བདག་འབྲས་བུ་གྱུར་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། སྤང་བྱ་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། འདོད་ན། ཁྱོད་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡོད་པར་ཐལ། དེའི་ཕྱིར། འདོད་ན། སེམས་ཅན་སྤྱི་མཐུན་གྱི་ཉོན་མོངས་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡོད་པར་ཐལ། འདོད་ན། མཐོང་སྤངས་དང་སྒོམ་སྤངས་གཉིས་ཀ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཐོང་ལམ་བར་ཆད་མེད་ལམ་དང༌། སྒོམ་ལམ་བར་ཆད་མེད་ལམ་གྱི་གཞི་མཐུན་ཡོད་པར་ཐལ་ལོ། །གཞན་ཡང༌། དེ་ཆོས་ཅན། འཁོར་བ་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། འདོད་ན། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པར་ཐལ་ལོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་སྡུག་བདེན་ཡིན་ནོ། །ཞེ་ན། ལྷག་བཅས་མྱང་འདས་ལ་གནས་ཉན་ཐོས་དགྲ་བཅོམ་པ་དེ་སྡུག་བདེན་ལ་གནས་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བར་གནས་པར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། འཁོར་བ་སྤངས་པའི་ཕྱིར། དགྲ་བཅོམ་ཡིན་པའི་ཕྱིར། གཉིས་པ་ཀུན་ལ་རྒྱུ་སོགས་གཞིའི་ཚོགས་དོན་དེ་ཀུན་བདེན་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ཁ་མའི་འཕགས་པ་ཕྱིར་མི་འོང་གི་རྒྱུད་ཀྱི་ཉོན་མོངས་ཆོས་ཅན། དེར་ཐལ། ཀུན་བདེན་པ་ཡིན་པའི་ཕྱིར། འདོད་ན། ཡང་སྲིད་ཕྱི་མའི་བདག་འཇོག་བྱེད་ཡིན་པར་ཐལ། དེའི་ཕྱིར། འདོད་ན། ཡིན་པར་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། གཞན་ཡང༌། རྒྱུན་ཞུགས་སྲིད་པ་འགྲུབ་བདུན་པའི་རྒྱུད་ཀྱི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཆོས་ཅན། དེར་ཐལ། ཀུན་བདེན་པ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། མིན་པར་ཐལ། ཁྱོད་ལ་རྒྱུའི་དོན་མ་ཚང་བའི་ཕྱིར་ཏེ། ཡང་སྲིད་ཀྱི་བདག་འཕེན་བྱེད་ཀྱི་རྒྱུ་མིན་པའི་ཕྱིར། ཡང་དེའི་རྒྱུ་ཡང་སྲིད་འཕེན་བྱེད་ཀྱི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་མིན་པར་ཐལ། ཁྱོད་ལ་ཀུན་གི་དོན་མ་ཚང་བའི་ཕྱིར་ཏེ། ཁྱོད་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མིན་པའི་ཕྱིར། རང་སངས་རྒྱས་སྡུག་བསྔལ་གྱི་རྒྱུ་གང་ཞིག་ཟེར་ན། ཁམས་གོང་མའི་ཉོན་མོངས་པ་ཆོས་ཅན། རང་སངས་རྒྱས་སྡུག་བདེན་རྒྱུ་ཡིན་པར་ཐལ། ཀུན་བདེན་པ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པ་མཚན་ཉིད་པ་ཡིན་པའི་ཕྱིར། རྩ་བར་འདོད་ན་ཆོས་ཅན། རང་སངས་རྒྱས་སྡུག་བདེན་གྱི་རྣམ་སྨིན་གྱི་རྒྱུ་ཡིན་པར་ཐལ། འདོད་པ་གང་ཞིག ཁྱོད་དེ་ཡིན་ན། ཁྱོད་ཡིན་དགོས་པའི་ཕྱིར། འདོད་ན། མིན་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། བྱང་སེམས་ས་དྲུག་པའམ་རྒྱུ་ཉིད་ཉོན་ཡིད་འཁོར་གྱི་འདོགས་ཆོས་ཅན། རང་སངས་རྒྱས་སྡུག་བདེན་རྒྱུ་ཡིན་པར་ཐལ། ཀུན་བདེན་པ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པ་ཡིན་པའི་ཕྱིར། ཆོས་ཅན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཡིན་པར་ཐལ། རང་སངས་རྒྱས་སྡུག་བསྔལ་སྐྱེ་མཆེད་ཀྱི་ཉོན་མོངས་ཡིན་པའི་ཕྱིར། འདོད་ན། བྱང་སེམས་འཕགས་པའི་རྒྱུད་ལ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་པར་ཐལ། འདོད་པའི་ཕྱིར། གསུམ་པ་འགོག་བདེན་གྱི་མཚན་ཉིད་ལ། རང་རྒྱུ་ལམ་སེམས་གྱི་འབྲས་བུ་གང་ཞིག འགོག་སོགས་གཞིའི་ཚོགས་དོན་དུ་གནས་པ་ཞེ་ན། འགོག་བདེན་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་པར་ཐལ། ཁྱོད་རང་རྒྱུད་ལམ་བདེན་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་འདུས་མ་བྱས་པའི་ཕྱིར། ཁྱབ་པར་ཐལ། མཛོད་ལས། འདུས་མ་བྱས་ལ་དེ་དག་མེད་དང་ཞེས་བྱ་བའི་ཕྱིར། ལྷག་བཅས་ཀྱི་མྱང་འདས་ཆོས་ཅན། དམ་ཚིག་དེར་ཐལ། འགོག་བདེན་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལ་འགོག་པའི་དོན་མ་ཚང་བའི་ཕྱིར། དེར་ཐལ། སྡུག་བསྔལ་འགོག་པ་ལ་འགོག་པར་འཇོག་པ་ལས། ཁྱོད་ལ་དེ་མ་ཚང་བའི་ཕྱིར་ཏེ། ཁྱོད་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་འགོག་པ་ཡིན་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་གྱི་རྟོགས་པ་སྐད་ཅིག་དང་པོ་ལ་གནས་པའི་བྱང་སེམས་ཀྱི་རྒྱུ་ཉིད་ཉོན་སྒྲིབ་སྤངས་པའི་འགོག་པ་དེ་ཆོས་ཅན། རང་རྒྱུད་ལམ་བདེན་གྱི་བྲལ་བས་ཡིན་པར་ཐལ། དེའི་ཕྱིར། འདོད་ན། རང་རྒྱུ་ཐེག་ཆེན་གྱི་ལམ་ཤེས་ཀྱི་བྲལ་བས་ཡིན་པར་ཐལ། འདོད་པ་གང་ཞིག དེ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་འགོག་བདེན་ཡིན་པར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཐེག་ཆེན་གྱི་འགོག་པ་ཡིན་པའི་ཕྱིར། ཡང་ཉོན་སྒྲིབ་མ་ནུས་པར་སྤངས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ཆོས་ཅན། དམ་ཚིག་དེར་ཐལ། འགོག་བདེན་ཡིན་པའི་ཕྱིར། འདོད་ན། དེ་བཞིན་ཉིད་ཀྱི་སྟེང་དུ་ལམ་གྱི་སྤང་བྱ་བཀག་པའི་བཀག་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་ཀྱང་བདེན་པར་ཐལ་ལོ། །རྩ་བར་འདོད་ན། དེར་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། ཁ་ཅིག་འགོག་པ་ཞི་བ་སོགས་གཞིའི་ཚོགས་དོན་ཟེར་ན། རྣམ་གྲོལ་ལམ་གྱིས་མ་ངེས་སོ། །དར་ཊཱིཀ་པ་འགོག་བདེན་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པ་ལ། ལྔ་དང་བཅུ་དྲུག་ཅེས་སྒྲགས་སོ། །ཞེས་པའི་སྐབས་ནས་བསྟན་པའི་སྟོང་ཉིད་བཅུ་དྲུག་ཆོས་ཅན། དེར་ལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། ཁྱོད་གློ་བུར་རྣམ་དག་གི་དེ་བཞིན་ཉིད་ཡིན་པའི་ཕྱིར། རྩ་བ་དེར་ཐལ། རང་གི་བྲལ་རྒྱུ་བར་ཆད་མེད་ལམ་གྱི་བྲལ་ལས་གང་ཞིག འགོག་སོགས་བཞིའི་ཚོགས་དོན་ཡིན་པའི་ཕྱིར་དང༌། སྟོང་ཉིད་བཅུ་དྲུག་རྟོགས་པའི་བྱང་སེམས་ཀྱི་ཡེ་ཤེས་བཅུ་དྲུག་པོ་དེ། འགོག་སོགས་བཞི་རྟོགས་པའི་ཡེ་ཤེས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། སྐབས་འདིར་འགོག་བདེན་ནི། རང་གི་དགག་བྱ་བཀག་པ་དེ་བཞིན་ཉིད་ལ་བྱ་ལ། སོ་སོར་རྟོག་ནི། བྲལ་ཆ་མེད་དགག་གི་ཆ་ལ་འཇོག་དགོས་སོ། །རང་འགོག་བདེན་གྱི་བྲལ་རྒྱུ་གང་ཞིག ལམ་སོགས་མཚན་ཉིད་བཞིའི་སྒོ་ནས་ཤེས་པར་བྱ་བ་དེ། ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། རང་འགོག་བདེན་གྱི་བྲལ་རྒྱུ་ཡིན་པར་ཐལ། ལམ་བདེན་ཡིན་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། རྩ་བར་ཆོས་ཅན། བར་ཆད་མེད་ལམ་ཡིན་པའི་ཕྱིར། ཁ་ཅིག་ལམ་བདེན་ཡིན་ན། བར་ཆད་མེད་ལམ་ཡིན་པས་མ་ཁྱབ་ཅེ་ན། ཁྱབ་པར་ཐལ། དེ་ཡིན་ན། དག་བསལ་གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་གསུམ་ཡིན་པས་ཁྱབ་པའི་ཕྱིར་དང༌། རང་གི་བྲལ་ལས་འགོག་བདེན་གྱི་བྲལ་རྒྱུ་ཡིན་པས་ཁྱབ་པའི་ཕྱིར། ཁ་ཅིག་ཚོགས་སྦྱོར་གཉིས་ལམ་བདེན་ཡིན། ཅེ་ན། བརྡའི་འགོག་པ་དེས་འགོག་པའི་གོ་ཆོད་པར་ཐལ། དེའི་ཕྱིར། འདོད་ན། བརྡའི་འགོག་པ་ཆོས་ཅན། འགོག་སོགས་བཞིའི་ཚོགས་དོན་ཡིན་པར་ཐལ། དེའི་ཕྱིར། འདོད་ན། ངེས་འབྱུང་གི་དོན་ཚང་བར་ཐལ། དེའི་ཕྱིར། འདོད་ན། རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤངས་པར་ཐལ་ལོ། །གཞན་ཡང༌། ཉན་ཐོས་ཀྱི་སྦྱོར་ལམ་དེ་ལམ་བདེན་མ་ཡིན་པར་ཐལ། ཉན་ཐོས་ཀྱི་སྦྱོར་ལམ་པ་དེས་ལམ་བདེན་མ་ཐོབ་པའི་ཕྱིར། དེ་སོ་སྐྱེ་ཡིན་པའི་ཕྱིར། ཁྱབ་ཏེ། ལམ་མ་ཐོབ་པ་སོ་སོའི་སྐྱེ་བོར་འདོད་དོ་ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། ཁྱོད་ལ་ལམ་སོགས་བཞིའི་དོན་ཚང་བར་ཐལ། ལམ་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ངེས་འབྱིན་དོན་ཚང་བར་ཐལ། འདོད་ན། ངལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་ནུས་པར་ཐལ་ལོ། །ཁ་ཅིག མི་སློབ་ལམ་གསུམ་པོ་ལམ་བདེན་གྱི་མ་ཡིན་ནོ་ཅེ་ན། དེ་གསུམ་ཆོས་ཅན། ལམ་བདེན་ཡིན་པར་ཐལ། ཁྱོད་ཐར་ལམ་དུ་འཕགས་པས་གཟིགས་པ་ལྟར་ཐར་ལམ་དུ་བདེན་པའི་ཕྱིར། ཐར་ལམ་ཡིན་པའི་ཕྱིར། ཡང༌། རྣམ་བདེན་དེ་ལམ་བདེན་ཡིན་པར་ཐལ། ཀུན་བདེན་གསུམ་དུ་ཕྱེ་བས་ན། ཞེས་པའི་གཞུང་རྩ་འབྲེལ་གྱི་སྟོན་པའི་ཕྱིར། དྲན་པ་ཉེར་བཞག་ནས་བཟུང་སྟེ། ཞེས་པར། རྣམ་མཁྱེན་གྱི་ཤེས་རྣམ་ཡིན་ན། རྣམ་མཁྱེན་ཡིན་པས་ཁྱབ་ཅེ་ན། སློབ་ལམ་ན་རྣམ་མཁྱེན་གྱི་ཤེས་རྣམ་མེད་པར་ཐལ། དེའི་ཕྱིར། འདོད་ན། སློབ་ལམ་ན། རྣམ་མཁྱེན་གྱི་ཤེས་རྣམ་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་ལམ་མེད་པར་ཐལ། དེའི་ཕྱིར། འདོད་ན། དེ་ན་བྱང་སེམས་ཀྱི་སྦྱོར་བ་མེད་པར་ཐལ་ལོ། །གཞན་ཡང་ལམ་ཡེ་ཤེས་རྣམ་ཡིན་ན། ལམ་ཡེ་ཤེས་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ལམ་ཤེས་ཀྱི་ཤེས་རྣམ་སྒོམ་པའི་བྱང་སེམས་ཀྱི་རྣལ་འབྱོར་མེད་པར་ཐལ་ལོ། །ཁ་ཅིག་རྣམ་བདེན་གྱི་ཤེས་རྣམ་ཡིན་ན། རྣམ་མཁྱེན་ཡིན་པས་མ་ཁྱབ་བོ་ཅེ་ན། དེ་ཁྱབ་པར་ཐལ། དེ་ཡིན་ན། སྒྲིབ་པ་སྤངས་པའི་མཁྱེན་པ་ཡིན་པས་ཁྱབ་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་གྱི་རྣམ་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་སྤངས་པས་ཆོས་ཐམས་ཅད་ལ་མངའ་བསྒྱུར་བའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ་ཞེས་གསུངས་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་ལ་བསམ་གཏན་བཞི་དང་ཅེས་པར། བྱང་འཕགས་ཀྱི་རྒྱུད་ཀྱི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། འཕགས་རྒྱུད་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར། ཅེ་ན། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་རྒྱུད་ཀྱི་སྲིད་པའི་སྙོམས་འཇུག་དེ་འདས་ལམ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཟག་མེད་ས་དགུའི་གྲངས་ངེས་མི་འཐད་པར་ཐལ། སྲིད་རྩེའི་སེམས་ཟག་མེད་ཡོད་པའི་ཕྱིར། བྱང་སེམས་འཕགས་པའི་རྒྱུ་ཉིད་མཐར་གནས་ཀྱི་སྙོམས་འཇུག་དགུའི་ཆ་ཤས་སུ་གྱུར་པའི་འགོག་སྙོམས་དེ་འདས་ལམ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། ཆོས་ཅན་ཡིན་པའི་ཕྱིར། འདིར་འགོག་སྙོམས་དབུ་མའི་ལུགས་དང་མཐུན་པར་བྱེད་ཅེ་ན། ཤེས་བྱ་ཆོས་ཅན། ས་དྲུག་པ་མན་ཆད་ན་འདིའི་སྐབས་ཀྱི་འགོག་སྙོམས་ཐོབ་པ་མེད་པར་ཐལ། དམ་བཅའི་དེ་གང་ཞིག དེ་འདྲ་དེ་ས་དྲུག་པ་གནོད་ན་མེད་པའི་ཕྱིར། འཇུག་འགྲེལ་ལས། སྔ་རོལ་དུ་མེད་པའི། ཤེར་ཕྱིན་ལྷག་པར་ཐོབ་པ་མེད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྐབས་འདིའི་འགོག་སྙོམས་ལ་ཉམས་པར་འཇུག་པའི་ཉན་ཐོས་འཕགས་པ་མེད་པར་ཐལ། དེ་དེ་ལ་བྱ་རིགས་པ་གང་ཞིག དེ་ལ་སྙོམས་པར་འཇུག་པ་མེད་པའི་ཕྱིར། ཤེར་ཕྱིན་ལྷག་མར་ཐོབ་པའི་ཉན་ཐོས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་རྟོགས་པའི་ཉན་ཐོས་མེད་པའི་ཕྱིར། ཁྲོ་བོ། གང་ཞིག་བདག་མེད་རྟོགས་པའི་འགོག་སྙོམས་གཅིག་ཁོ་ན་ཆོས་ཅན་ཅེ་ན། ཤེས་རབ་རྐྱང་གྲོལ་གྱི་ཉན་ཐོས་ཀྱི་དགྲ་བཅོམ་པས་འདིར་རང་བཞིན་གྱི་འགོག་འགོམས་ལ་སྙོམས་པར་འཇུག་ནུས་པར་ཐལ། གང་ཞིག་བདག་མེད་རྟོགས་པའི་སྙོམས་འཇུག་ནུས་པ་གང་ཞིག དེ་འགོག་རིགས་ཡིན་པའི་ཕྱིར། གཞན་ཡང༌། སྲིད་རྩེའི་སེམས་མ་ཐོབ་པར་སྙོམས་ལ་འཇུག་ནུས་པ་གཅིག་ཡོད་པར་ཐལ། དེ་མ་ཐོབ་པར་གང་ཞིག་བདག་མེད་རྟོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པ་ཡོད་པ་གང་ཞིག དེ་འགོམས་ཡིན་པའི་ཕྱིར། ཁ་ཅིག སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་འདིར་རང་བཞིན་འགོམས་ཡིན་ཅེ་ན། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་བྱང་སེམས་མཐོང་ལམ་པ་དེས་འདིར་རང་བཞིན་གྱི་འགོམས་ཐོབ་པར་ཐལ། དེས་སྟོང་ཉིད་མངོན་སུམ་རྟོགས་པའི་མཉམ་གཞག་གཅིག་ཡེ་ཤེས་ཐོབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་མཐར་གསུངས་པའི་སྙོམས་འཇུག་ཐོབ་པར་ཐལ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར། འདོད་ན། བསྟན་གྱི་དངོས་པོའི་ཐལ་བར་ཐལ་ལོ། །ཁ་ཅིག་རྒྱན་རྩ་འབྲེལ་ལས་གསུངས་པའི་འགོམས་ལ་ས་དྲུག་པ་མན་ཆད་དུ་ཐོབ་པ་མེད་དོ་ཅེ་ན། འོ་ན། ས་གཉིས་པར་ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཐོབ་པར་ཐལ། དེར་འགོག་པའི་སྙོམས་འཇུག་མ་ཐོབ་པའི་ཕྱིར། ཁྱབ་པར་ཐལ། བྱང་སེམས་མཐོང་ལམ་པས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་ཏེ། དེར་འགོམས་མ་ཐོབ་པའི་ཕྱིར། སེམས་ཙམ་ལུགས་ཀྱི་འགོག་པའི་སྙོམས་འཇུག་གི་རྣམ་དག་ལ་མཚན་ཉིད་དང༌། ཁྱད་པར་གྱི་ཆོས་ལ་དཔྱད་པའོ། །དང་པོ་ལ། འདི་ལྟར་དེ་ལས་མཉམ་པ་སྲིད་པར་ཐལ། དགྲ་བཅོམ་པའི་འབྲས་བུ་ལ་ཉམས་པ་སྲིད་པའི་ཕྱིར། མ་ཁྱབ་ན། ལམ་ཟག་བཅས་ཀྱི་ཐོབ་པའི་འབྲས་བུ་ལ་ཉམས་པ་སྲིད་པར་ཐལ་བ་དང༌། ལམ་ཟག་བཅས་ཀྱི་སྲིད་དེ་ལ་ཆགས་བྲལ་བྱེད་ནུས་པར་ཐལ་ལོ། །གཞན་ཡང༌། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་བཅུ་རྩ་དགུ་པོ་གང་ལས་ཉམས་བཞིན་པའི་ངང་ནས་ལས་ཉོན་གྱི་འཆི་འཕོ་བ་ཡོད་པར་ཐལ། ཕྱིར་འོང་གི་ལས་མངོན་མེད་གཟུགས་མེད་དང་པོ་གསུམ་གྱི་ཆགས་བྲལ་ཉམས་བཞིན་པའི་ངང་ནས། གཟུགས་ཁམས་གསུམ་ལས་ཉོན་གྱིས་སྐྱེ་བ་ལེན་པ་སྲིད་པའི་ཕྱིར། འདོད་ན། འབྲས་གནས་ལས་ཉམས་པ་འཆི་བ་མེད། བྱ་བ་མིན་དེ་བྱེད་ཀྱི། ཞེས་པའི་གཞུང་དང་འགལ། གཞན་ཡང༌། ཕྱིར་འོང་གི་འདོད་པའི་ཆགས་བྲལ་ལས་ཉམས་ནས། འདོད་ཁམས་སུ་སྐྱེ་བ་གཅིག་སྲིད་པར་ཐལ། ཕྱིར་འོང་གཟུགས་མེད་དེའི་ཆགས་བྲལ་ལས་ཉམས་ནས། གཟུགས་སུ་སྐྱེ་བ་གཅིག་སྲིད་པའི་ཕྱིར། ཡང་མཛོད་ཀྱི་རྗེས་ང་རྒྱལ་པོ་སྲས་ལ་འདི་བརྗོད་པར་བྱ་སྟེ། ཕྱིར་འོང་གི་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པ་གཅིག་སྲིད་པར་ཐལ། འགོམས་དེ་དང་པོ་ལ་དེའི་རྟེན་ལ་སྒྲུབ་དགོས་པ་གང་ཞིག འདོད་ལྷའི་རྟེན་ལ་འགོམས་སྲིད་པའི་ཕྱིར། རྟགས་སོ། །ཅི་སྟེ། འདོད་པའི་རྟེན་ལ་འགོག་པའི་སྙོམས་འཇུག་གི་དང་པོར་སྒྲུབ་པ་གཅིག་སྲིད་དོ་ཅེ་ན། འགོག་པ་དང་པོ་ལ་ནི་ནང་དུ། ཞེས་པ་དང་པོ། ཀུན་ལས་བཏུས་ཀྱི་འགྲེལ་པ་རྒྱལ་སྲས་མ་ལས། འདི་བརྗོད་པར་བྱ་སྟེ། གཟུགས་ལ་ཆགས་བྲལ་མ་བྱས་པའི་འགོམས་ལ་སྲིད་པར་ཐལ་ལོ། །དེ་སྲིད་ན། གཞུང་རྩ་བ་དང་འགལ་བའི་ཕྱིར་ཏེ། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕྱིར་འོང་གི་ལུས་མངོན་མེད་ཡིན་ན། གཟུགས་ལ་ཆགས་བྲལ་བྱས་པས་ཁྱབ་པར་ཐལ། དེ་ཡིན་ན། རྣམ་པར་ཐར་པ་བརྒྱད་མངོན་དུ་བྱས་པས་ཁྱབ། དེ་བྱས་ན་དེ་ལ་ཆགས་བྲལ་བྱས་པས་ཁྱབ་པའི་ཕྱིར། རྟགས་སྔ་མ་དེར་ལུས་ཀྱི་མངོན་དུ་བྱེད་པ་གང་ཞེ་ན། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བརྟེན་པའི་གང་ཟག་གོ་ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། གཟུགས་དེའི་རྣམ་པར་ཡིན་ན། གཟུགས་ལ་ཆགས་བྲལ་བྱས་པས་ཁྱབ་པར་ཐལ། རྟགས་འབུད་ཅིང༌། རྣམ་པར་དུ་འཇོག་བྱེད་གང་ཡིན་ཁྱེད་ལ་འདྲི་བར་བྱའོ། །སྤོང་བའི་ལམ་ལ་བར་ཆད་མེད་ལམ་པའི་ལམ་གྱི་རྣམ་པ་ཅེས་པར། མཐོང་ལམ་སྡུག་བསྔལ་ལ་ཆོད་དོ། །སྤོང་ལམ་ཡིན་ཏེ། བར་ཆད་མེད་པའི་ཕྱིར་ཅེ་ན། རྒྱུན་མཐའི་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། བར་ཆད་མེད་ལམ་པའི་རྩེ་སྦྱོར་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། རང་རྣམ་མཁྱེན་སྐད་ཅིག་དང་པོ་ལ་ནི་དངོས་རྒྱུ་ཡིན་པའི་ཕྱིར། ཁྱབ་པར་ཐལ། སངས་རྒྱས་ཉིད་ཀྱི་བར་ཆད་མེད་དེ། བར་ཆད་མེད་པའི་ཏིང་ངེ་འཛིན་ནི། ཞེས་གསུངས་པའི་ཕྱིར། ཁ་ཅིག་སྤོང་ལམ་ཡིན་ན། བར་ཆད་མེད་ལམ་ཡིན་པར་འདོད། བྱང་སེམས་ཀྱི་སྦྱོར་ལམ་ཆོག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སྤོང་གཉེན་ཡིན་པའི་ཕྱིར་ཏེ། མཐོང་སྤངས་འཇུག་པ་བཟུང་རྟོག་གི་སྤོང་གཉེན་ཡིན་པའི་ཕྱིར། འགྲེལ་པ་ལས། བཟུང་བར་བྱ་བ་ཉིད་དུ་འཇུག་པར་བྱའོ། །ཞེས་བཟུང་རྟོག་པ་དང་པོ་མཐོང་བའི་ལམ་གྱི་སྦྱོར་བའི་གནས་སྐབས་ཀྱི་སྤང་བར་བྱ་བར་བཞེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ལ་མཐོང་སྤངས་ཀྱི་ས་བོན་དྲུངས་འབྱིན་ནུས་པའི་བར་ཆད་མེད་ལམ་ཡིན་པར་ཐལ། ཁྱོད་དེ་གང་ཞིག་གི ཁྱོད་དེ་ཡིན་ན། ཁྱོད་དེ་ཡིན་དགོས་པའི་ཕྱིར། འདོད་ན། ཆོས་ཅན། དེ་མིན་པར་ཐལ། ཁྱོད་དེའི་ས་བོན་མགོ་ནོན་པར་བྱེད་པའི་སྦྱོར་བ་ཉེར་གཏོགས་ཡིན་པའི་ཕྱིར། འདིར་ཁ་ཅིག་བར་ཆད་མེད་ལམ་ཡིན་ན། འཕགས་ལམ་ཡིན་པས་ཁྱབ་པར་འདོད་ན། སོ་སོ་སྐྱེ་བོའི་རྒྱུ་ཉིད་བསྟན་བཅོས་དང་པོའི་ཉེར་གཏོགས། སྦྱོར་བ་མཐའི་འབྲས་བུ་ཡིན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་པའི་ཉོན་མོངས་ཆུང་ངུ་གསུམ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དེ་འདྲའི་སྦྱོར་བ་མཐའི་འབྲས་བུ་ཡིད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། གཞན་ཡང༌། སོ་སོ་སྐྱེ་བོའི་རྒྱུད་ལ་རྣམ་གྲོལ་ལམ་མེད་པར་ཐལ། དེའི་རྒྱུད་ལ་བར་ཆད་མེད་པའི་ཕྱིར། འདོད་ན། དེར་ཐལ། འདོད་གཟུགས་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོ་ཡོད་པའི་ཕྱིར། གཞན་ཡང༌། འཇིག་རྟེན་པའི་བར་ཆད་མེད་ལམ་དང༌། རྣམ་གྲོལ་ལམ་མེད་པར་ཐལ། དེ་ཡིན་ན། འཕགས་མཁྱེན་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། མཛོད་ལས། འཇིག་རྟེན་པའི་རྣམ་གྲོལ་ལམ་དང༌། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པར་ཅན། །ཞེས་གསུངས་པ་དང་འགལ། ཡང་བར་ཆད་མེད་མེད་ལམ་ཡིན་ན། སྒྲིབ་པའི་ས་བོན་སྤོང་བའི་བར་ཆད་མེད་ལམ་ཡིན་དགོས་ན། དགྲ་བཅོམ་དབང་བརྟུལ་དབང་རྣོན་དུ་འཕོ་བའི་བར་ཆད་མེད་ལམ་གཅིག་མི་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མི་གཡོ་རྣམ་གྲོལ་བར་དེ། །ལམ་དགུའོ་ཤིན་ཏུ་རྟེན་ཕྱིར་རོ། །ཞེས་གསུངས་པ་དང་འགལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི། ཞེས་པར། རྣམ་བཤད་ལས། སྟོབས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཅན། འཕགས་པ་གཞན་དང་ཐུན་མོང་མིན་པའི་ལམ་གཅིག་པུ་ཁོ་ན་ཡིན་ཏེ། ས་བཅུ་པ་མན་ཆད་ལས་རྟོགས་རིགས་ཤིན་ཏུ་ཕུལ་དུ་བྱུང་བའི་མཁྱེན་པ་ཡིན་པའི་ཕྱིར། སངས་རྒྱས་པའི་དྲན་པ་ཉེར་གཞག་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ཐུན་མོང་པའི་ཤེས་རྣམ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། སློབ་ལམ་ན་དྲན་པ་ཉེར་གཞག་མཚན་ཉིད་པ་ཡོད་པའི་ཕྱིར། འདིར་མཚན་ཉིད་དྲིས་པས། རྣམ་མཁྱེན་གྱི་ཤེས་རྣམ་གང་ཞིག རང་གི་རིགས་འདྲ་མཚན་ཉིད་པ་འཕགས་ཆུང་འོག་མའི་རྒྱུད་ལ་ཡོད་པ་དེ། ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་གྱི་མཚན་ཉིད་དང༌། དེ་འདྲ་མེད་པ་དེ་ཐུན་མོང་མིན་པའི་ཤེས་རྣམ་གྱི་མཚན་ཉིད་ཟེར་ན། རྫོགས་པའི་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་པར་ཐལ། དོན་དེའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། སློབ་ལམ་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡོད་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཐུན་མོང་མིན་པའི་རྣམ་མཁྱེན་ཤེས་རྣམ་ཡིན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང་ཞེས་པའི་གཞུང་གི་བསྟན་པའི་ཤེས་རྣམ་ཡིན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཀྱང་མ་ངེས་སོ། །གཞན་ཡང༌། ཐུན་མོང་བའི་རྣམ་མཁྱེན་གྱི་ཤེས་རྣམ་དང༌། ཐུན་མོང་མ་ཡིན་མིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་བྲལ་བར་ཐལ། མཚན་ཉིད་གཉིས་པོ་ལ་བིར། འདོད་ན། མིན་པར་ཐལ། སངས་རྒྱས་ཀྱི་དྲན་པ་ཉེར་བཞག་པོ་དེ་དྲན་པ་ཉེར་བཞག་གི་ཆ་ཤས་ཐུན་མོང་བར་བཞག་ཅིང༌། སྟོབས་དང་མ་འདྲེས་པ་ཡིན་པས་ཆ་ཤས་ཐུན་མོང་མིན་པར་བཞག་པའི་ཕྱིར། དེ་ཆོས་ཅན། སྟོབས་དང་མ་འདྲེས་པ་ཡིན་པར་ཐལ། རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས་ཞེས་སོགས་ལ། ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་རྣམ་པ་ཉེར་བདུན་ནོ། །ཟག་མེད་ཡིན་ཞེས་ཟེར་ན། ཤེས་བུ་ཆོས་ཅན། ཉན་ཐོས་ཀྱི་རྒྱུད་ལ་ཤེས་སྒྲིབ་བཟུང་ངོག་གི་གཉེན་པོར་གྱུར་པའི་རྣམ་པ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བཟུང་བ་ཆོས་ཀྱི་བདག་མེད་གཏོགས་པའི་ཉན་ཐོས་ཡོད་པར་ཐལ་ལོ། །ཁ་ཅིག་རང་ལུགས་ཀྱི་རྒྱུད་ཀྱི་རྣམ་པ་ཉེར་བདུན་ནོ་ཟག་མེད་ཡིན་ཏེ་ཟེར་ན། ཤེས་བྱ་ཆོས་ཅན། ཤེས་སྒྲིབ་བཟུང་ངོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་ཡོད་པར་ཐལ། དེའི་བཅའ་དེའི་ཕྱིར། འདོད་ན། ཐམས་ཅད་ཤེས་པ་ཉིད་ཀྱིས་རང་རྣམས་ཀྱང་བསྡུས་པས། དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་གཉིས་ཡིན་པས། ཞེས་པ་དང་འགལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཅེས་པར། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཆོས་ཅན། ཟག་པ་དང་བཅས་པ་ཡིན་ཏེ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་དང་བཅས་པའི་ཕྱིར་ཟེར་ན། བྱང་སེམས་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཟག་མེད་ཡིན་པའི་ཕྱིར། མཉམ་གཞག་བར་ཆད་མེད་ལམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་དོན་དུ་མཉམ་གཞག་ཏུ་སྒོམ་པར་བྱ་བའི་རྣལ་འབྱོར་ཡིན་པར་ཐལ། མ་ཁྱབ་ན། གཞུང་གོང་མ་དང་འགལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི། ཞེས་པར། རྣམ་མཁྱེན་གྱི་རྣམ་པ་བརྒྱད་དང་བཅུ་བདུན་པོ་ཟག་མེད་ཡིན་ཏེ། སྒྲིབ་པ་མ་ལུས་པར་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་ཤེས་ལམ་ཡིན་ན། རྣམ་མཁྱེན་ཡིན་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ལམ་ཤེས་ཀྱི་ཤེས་རྣམ་ཡིན་ན། ལམ་ཤེས་ཡིན་དགོས་པར་ཐལ། དེའི་ཕྱིར། འདོད་ན། ལམ་ཤེས་ཀྱི་སྦྱོར་བ་ཡིན་ན། ལམ་ཤེས་ཡིན་དགོས་པར་ཐལ། དེའི་ཕྱིར། ཤེས་བྱ་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡང་ཡིན། རྣམ་མཁྱེན་གྱི་ཤེས་རྣམ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ལ། ཞེས་སོགས་ཀྱི་གཞུང་འདི་རྣམ་མཁྱེན་གྱི་ཤེས་རྣམ་སྟོན་བྱེད་ཀྱི་གཞུང་མིན་པར་ཐལ་ལོ། །དེ་བཞིན་དུ་རྩོལ་བ་ལས་བྱུང་བའི་ལམ་སོགས་ལའང་སྦྱར་རོ། །གང་གི་མཚོན་དེ་མཚན་ཉིད་དུ། ཞེས་པར། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་ཆོས་ཅན། གསུམ་ཡོད་དེ། ཐེག་ཆེན་གྱི་སྦྱོར་བའི་ཤེས་མཚན་དེའི་ཁྱད་མཚན་དེའི་བྱེད་མཚན་གསུམ་ཡོད་པའི་ཕྱིར། ཅེ་ན། དེ་ཆོས་ཅན། དེ་གསུམ་པོ་དེ་ཁྱོད་ཡིན་པར་ཐལ། ཁྱོད་ལ་དེ་གསུམ་དུ་དབྱེར་ཡོད་པའི་ཕྱིར། འོ་ན། ཐེག་ཆེན་སྦྱོར་བའི་ཤེས་མཚན་ཆོས་ཅན། ཐེག་ཆེན་སྦྱོར་བ་ཡིན་ན། ཁྱོད་ཡིན་དགོས་པར་ཐལ། ཁྱོད་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར། ཡང་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཤེས་མཚན་ཡིན་པར་ཐལ། ཐེག་ཆེན་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་དང་འགལ་ལོ། །འདོད་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་ཡིན་པར་ཐལ། ཐེག་ཆེན་གྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་དངོས་གཞན་ལའང་སྦྱར་རོ། །འདིར་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་དྲིས་པས། ཐེག་ཆེན་སྦྱོར་བའི་ནུས་པ་མཚན་ཉིད་ཟེར་ན། སྐྱེ་མེད་གསུམ་ལ་ཉམས་ལེན་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། ཐེག་ཆེན་གྱི་ཟབ་པའི་སྦྱོར་བ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་བ་མཚོན་པ་ལ་ཁྱོད་མཚན་ཉིད་དུ་བཀོད་པའི་སྦྱོར་བ་དེ། མཚོན་སྦྱོར་སྐྱོན་མེད་ཡིན་པའི་ཕྱིར། རྩ་བར་འདོད་ན། ཐེག་ཆེན་སྦྱོར་བའི་ནུས་པ་ཆོས་ཅན། སྐྱེ་མེད་གསུམ་ལ་ཉམས་ལེན་གཙོ་བོར་གྱུར་པའི་བྱང་སེམས་ཀྱི་རྣལ་འབྱོར་ཡིན་པར་ཐལ། ཐེག་ཆེན་སྦྱོར་བའི་ནུས་པ་ཡིན་པའི་ཕྱིར། འདོད་ན་ཆོས་ཅན། མིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། གཞན་ཡང༌། དངོས་པོའི་ནུས་པ་མཚོན་བྱེད་དེ་ཡིན་ན། དངོས་པོའི་མཚན་ཉིད་ཡིན་དགོས་པར་ཐལ། ཐེག་ཆེན་སྦྱོར་བའི་ནུས་པ་མཚོན་བྱེད་ཡིན་ན། ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་དགོས་པའི་ཕྱིར། ཁ་ཅིག ཐེག་ཆེན་སྦྱོར་བ་ཐུན་མོང་མིན་པར་མཚོན་བྱེད་དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་ཟེར་ན། ཉོན་མོངས་རྟགས་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྦྱོར་བའི་ངོ་བོ་ཉིད་བཅུ་དྲུག་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་པར་ཐལ། རྩ་བ་དེར་ཐལ། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་ཡིན་པའི་ཕྱིར། ཁྱབ་པར་ཐལ། ངོ་བོ་ཉིད་གང་མཚོན་བྱ་ཡང༌། ཞེས་པའི་ཡང་སྒྲས་མཚན་ཉིད་ཡིན་པར་བསྟན་པའི་ཕྱིར། ཤེས་པ་དེ་གཡོ་བ་ལ་སོགས་ཞེས་བྱ་བ་དང༌། ཞེས་སོགས་ལ། སེམས་གཡོ་བ་དང་འདུ་བ་སོགས་འཁྲུལ་གཞིའི་ཕུང་པོ་ལྔ་ལ་བརྟེན་ནས་བདག་ཏུ་འཁྲུལ་པར་རྟོག་པའི་བྱང་སེམས་ཀྱི་རྣལ་འབྱོར་པ་ཆོས་ཅན། ཞེས་སྦྱོར་བའི་མཚན་ཉིད་ཡིན་ཏེ་ཞེ་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། གཞི་ཤེས་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་དངོས། ཡང་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། སྐབས་འདིར་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བའི་མཚན་ཉིད་སྟོན་མི་རིགས་པར་ཐལ། ཤེས་མཚན་འཆད་པའི་སྐབས་འདིར་གཞི་ཤེས་སྦྱོར་བ་ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བར་འཆད་པའི་སྐབས་ཡིན་པའི་ཕྱིར། དེར་ཐལ། ཤེས་པའི་མཚན་ཉིད་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས་ཞེས་གསུངས་པའི་ཕྱིར། ཁ་ཅིག དེ་ཆོས་ཅན། གཞི་ཤེས་སྦྱོར་བའི་ཤེས་མཚན་དེ་ཡིན་ཏེ། གཞིའི་གནས་ལུགས་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་ཟེར་རོ། །བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་ཡིན་པར་ཐལ། གཞི་ཤེས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་དངོས། བདག་དང་འཇིག་རྟེན་རྟག་པར་ལྟ་བ་དང༌། དེ་བ་གྲོང་ཕན་ཆད་འབྱུང་བར་ལྟ་བ་རྣམས་ལ་གྲངས་ཀྱི་ལྟ་བ་གཡོ་བ་ཞེས་བྱའོ་ཟེར་རོ། །བདག་དང་འཇིག་རྟེན་མཐའ་ལྡན་པར་ལྟ་བ་དེ་ཆོས་ཅན། རྟག་པར་ལྟ་བའི་ལྟ་བ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མིན་པར་ཐལ། ཆད་པར་ལྟ་བ་ཡིན་པའི་ཕྱིར་ཏེ། བདག་དང་འཇིག་རྟེན་གྱི་རིགས་རྒྱུན་ཆད་པར་ལྟ་བའི་ལྟ་བ་ཡིན་པའི་ཕྱིར། ཡང་རྣམ་བཤད་པ་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང༌། མཐའ་མི་ལྡན་པར་ལྟ་བའི་ལྟ་བ་དེ། གྲངས་ཀྱི་ལྟ་བ་ཡིན་ཅེ་ན། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཅན་ཡིན་པར་ཐལ། ཁྱོད་ལྟ་བ་ལ་གཡོ་བ་དེ་ཡིན་པའི་ཕྱིར། འདོད་ན། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དེ་སྒྲུབ་པ་ཡིན་པར་ཐལ། དེའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། དེའི་ཕྱིར། གཞན་ཡང༌། གང་ཞིག་བདག་མེད་སྒྲུབ་པར་ཐལ། གང་ཞིག་བདག་མཐའ་ལྡན་མིན་པ་དེ་སྒྲུབ་པ་ཡིན་པའི་ཕྱིར། འདིར་བདག་དང་འཇིག་རྟེན་རྟག་པར་ལྟ་བ་སོགས་བཅུ་གཉིས་པོ་དེ་ལུང་ལྡན་མིན་གྱི་ལྟ་བ་ཡིན་ནོ། །ཟེར་ན། ཆོས་ཅན། ཁྱོད་མིན་པར་ཐལ། ཁྱོད་མི་དགེ་བ་དང༌། དགེ་བ་ཟག་བཅས་གང་རུང་ཡིན་པའི་ཕྱིར་ཏེ། ཁྱོད་རང་རྣམས་ནི་ཡིད་དང་པོ་འབྱིན་བྱེད་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་མི་དགེ་བར་ཐལ། ཁྱོད་འདོད་པའི་སས་བསྡུས་ཀྱི་ལྟ་བ་གང་ཞིག མཐོང་སྤངས་ཀུན་བཏགས་ཡིན་པའི་ཕྱིར། འདོད་པའི་སས་བསྡུས་ཡིན་པའི་ཕྱིར། ཕྱི་རོལ་པའི་རྒྱུད་ཀྱི་ལྟ་བ་ཡིན་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། བཅུ་གཉིས་པོ་ལུང་མ་བསྟན་གྱི་ལྟ་བ་ཡིན་པར་ཐལ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་མིན་པར་ལུང་མ་གཏན་དུ་ཡོད་པའི་ཕྱིར། དེ་གཉིས་ཀ་མིན་པར་ལྟ་བ་སོགས་དགག་གཞི་ཀུན་གཞིའི་སྟེང་དུ། དགག་བྱ་རྣམ་ཤེས་ཚོགས་དྲུག་བཀག་པའི་སྙོམས་འཇུག་གི །ཅེ་ན། སངས་རྒྱས་འཕགས་པའི་འགོག་སྙོམས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་སར་འགོག་སྙོམས་མེད་པར་ཐལ། དེའི་ཕྱིར་ཏེ། དགག་གཞི་ཀུན་གྱི་དེའི་ཕྱིར། གཞན་ཡང༌། གཟུགས་ཁམས་ཀྱི་རྟེན་ཅན་གྱི་འགོག་སྙོམས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་ཁམས་ན་རྣམ་ཤེས་ཚོགས་དྲུག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ན་སྣ་ལྕེའི་རྣམ་པར་ཤེས་པ་ཡོད་པར་ཐལ། དེའི་ཕྱིར། འདོད་ན། གཟུགས་ཁམས་ན་དྲི་རོ་ཡོད་པར་ཐལ། གཞན་ཡང༌། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འགོག་སྙོམས་ཆོས་ཅན། དམ་བཅའ་དེར་ལྟར། དེའི་ཕྱིར། འདོད་ན། རང་གི་དགག་བྱ་ཡིད་ཀྱི་རྣམ་ཤེས་བཀག་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན་ཆོས་ཅན། དེའི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་མེད་པར་ཐལ། དེ་ཡང་འདོད་ན། ཁྱོད་ཐེག་ཆེན་མཐོང་ལམ་པའི་རྒྱུད་ཀྱི་འགོག་སྙོམས་མིན་པར་ཐལ་ལོ། །གཞན་ཡང་དེ་ཆོས་ཅན། ཁྱོད་རྒྱུད་ཀྱི་གང་ཟག་གི་རྒྱུད་ལ་ཉོན་ཡིད་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་གང་ཟག་གི་བདག་འཛིན་མེད་པར་ཐལ། དེའི་ཕྱིར། འདོད་ན། ཡོད་པར་ཐལ། དེའི་རྒྱུད་ལ་འཇིག་ལྟ་ལྷན་སྐྱེས་ཡོད་པའི་ཕྱིར་ཏེ། དེ་འདྲའི་དེ་མ་དག་པའི་བྱང་སེམས་ཡིན་པའི་ཕྱིར་རོ། །འགོག་པ་ལ་སྙོམས་པར་འཇུག་པའི་བྱང་སེམས་འཕགས་པའི་རྒྱུད་ལ། ཡིད་ཀྱི་རྣམ་པར་ཤེས་པ་མེད་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཡིད་ཤེས་འཁོར་བའི་སེམས་བྱུང་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་གཉིས་ཡོད་པའི་ཕྱིར་ཏེ། ཁྱབ་ཏེ། མཛོད་ལས། མཐོང་སྤངས་བྱ་གཉིས་ང་རྒྱལ་ཅན། །ཡིད་ཀྱི་རྣམ་པར་ཤེས་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། འགོག་པའི་སྙོམས་འཇུག་གི་རྒྱུད་ལ་ལྡན་བཞིན་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དགེ་བ་མེད་པར་ཐལ། ཁྱོད་ཀྱི་རྒྱུད་བེམས་པོར་གྱུར་པའི་དགེ་བ་ཡང་མེད། ཤེས་པར་གྱུར་པའི་དགེ་བ་ཡང་མེད་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་འགོག་སྙོམས་དེ་ཆོས་ཅན། ཏིང་ངེ་འཛིན་ཡིན་པར་ཐལ། ཡིད་ཀྱི་སེམས་མེད་པ་གང་ཞིག་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་པའི་ཕྱིར། ཁྱབ་པར་ཐལ། གདགས་གཞིའི་ལུང་མ་གཏན་ལ་གདགས་ཆོས་དགེ་བ་མི་སྲིད་པའི་ཕྱིར། ཡང་དེ་ཆོས་ཅན། ཏིང་ངེ་འཛིན་ཡིན་པར་ཐལ། སྙོམས་འཇུག་ཡིན་པའི་ཕྱིར། ཁྱབ་པར་ཐལ། སྙོམས་འཇུག་དགེ་བ་རྩེ་གཅིག་པ་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། ལྡན་མིན་འདུ་བྱེད་ཡིན་པར་ཐལ་ལོ། །ཡང་དེའི་རྒྱུད་ཀྱི་དེ་ཆོས་ཅན། ཏིང་ངེ་འཛིན་ཡིན་པར་ཐལ། སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། སེང་གེ་རྣམ་བསྒྱིངས་ཀྱི་ངོ་བོར་གྱུར་པའི་སྙོམས་འཇུག་གི་གཅིག་ཡོད་པའི་ཕྱིར། གཞན་ཡང༌། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་དང་དངོས་པོའི་ཐོད་རྒལ་གྱི་ངོ་བོར་གྱུར་པའི་འགོག་སྙོམས་མེད་པར་ཐལ། འགོག་སྙོམས་ཡིན་ན། ལྡན་མིན་འདུ་བྱེད་ཡིན་དགོས་པའི་ཕྱིར། ཡང་འགོག་པ་ལ་མཉམ་པར་གཞག་བཞིན་པའི་དགེ་སློང་ལྡན་མིན་ཆོས་ཅན། ཁྱོད་ཀྱི་རྒྱུ་ལ་ཡིད་ཤེས་ཡོད་པར་ཐལ། འཆལ་ཚུལ་སྤོང་བའི་སེམས་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་ཡོད་པའི་ཕྱིར། གཉིས་པ་ཁྱད་པར་གྱི་ཆོས་ལ། འགོག་སྙོམས་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་དང༌། ཟག་མེད་ཡིན་པས་ཁྱབ་ཟེར་ན། དེ་ཆོས་ཅན། ཁྱོད་ཡིན་པར་གྱུར་པའི་ཟག་བཅས་སྲིད་པར་ཐལ། དེར་གྱུར་པའི་ཟག་བཅས་ཀྱི་དགེ་བ་སྲིད་པའི་ཕྱིར་རོ། །རང་གི་རྣམ་སྨིན་སྲིད་རྩེའི་ཕུང་པོའི་རྒྱུ་ཡང་ཡིན། ཁྱོད་ཀྱང་ཡིན་པའི་གཞི་མཐུན་སྲིད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དགེ་བའོ་གཉིས་སུ་མྱོང་གྱུར་དང༌། །ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། ཟག་མེད་མིན་པར་ཐལ། སྲིད་རྩེའི་ས་བསྡུས་ཀྱི་འདུ་བྱས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། འདི་ནས་དོན་དུ་སྲིད་རྩེར་སྐྱེ། །ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཟག་མེད་ཡིན་པར་ཐལ། ཁྱོད་ལ་ཉམས་པ་སྲིད་པའི་ཕྱིར། དེ་ལ་སྲིད་པར་ཐལ། འདོད་པའི་རྟེན་གྱི་འགོག་སྙོམས་ལས་ཉམས་པའི་རྟེན་གྱི་གང་ཟག་དེ་གཟུགས་ཁམས་སུ་སྐྱེ་བ་ལེན་པ་ཡོད་པའི་ཕྱིར། ཡང་དེ་ཆོས་ཅན། ཟག་མེད་མིན་པར་ཐལ། སྲིད་རྩེའི་ས་བསྡུས་ཀྱི་འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་ཕུང་པོ་གང་ཞིག་ཁྱོད་རང་གི་སེམས་སྲིད་རྩེའི་སེམས་ལ་དངོས་སུ་རྟེན་པའི་ཕྱིར། འདི་མངོན་པ་འོག་མ་བ་དང་བསྟུན་པའོ། །མངོན་པ་གོང་མ་དང་བསྟུན་ན། འགོག་པ་ལ་སྙོམས་པར་འཇུག་པ་ལ་ཅི་ཡང་མེད་ལ་ཆགས་བྲལ་བྱས་པ་གཅིག་དགོས་སོ་ཞེ་ན། ཤེས་བྱ་ཆོས་ཅན། འགོག་སྙོམས་ཐོབ་པ་ལ་མ་ཉམས་པའི་གང་ཞིག་གཟུགས་ཁམས་སུ་སྐྱེ་བ་ལེན་པ་མི་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན་དེ་འདྲ་སྲིད་པར་ཐལ། ཕྱིར་འོང་གི་ལུང་མངོན་བྱེད་གཟུགས་སུ་སྐྱེ་བ་ལེན་པ་གཅིག་ཡོད་པ་གང་ཞིག འགོག་སྙོམས་ལ་ཉམས་པ་མི་སྲིད་པའི་ཕྱིར་ཏེ། འཕགས་པའི་སྤངས་པ་ལ་ཉམས་པ་མི་སྲིད་པའི་ཕྱིར། རྟགས་དང་པོ་དེར་ཐལ། འགོག་སྙོམས་དང་པོར་མི་བཞིའི་ནང་དུ་སྒྲུབ་པ་གང་ཞིག གཟུགས་ཁམས་ཀྱི་རྟེན་ལ་འགོག་སྙོམས་ཡོད་པའི་ཕྱིར། དང་པོ་དེར་ཐལ། ཀུན་ལས་བཏུས་ལས། དང་པོ་མ་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་བོ། །ཞེས་པ་དང༌། ཕྱིས་ནི་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག་འགོག་པ་ལ་སྙོམས་པར་འཇུག་པ་ལ་སྲིད་རྩེའི་སེམས་ཐོབ་དགོས་ཅེ་ན། འགོག་པ་ལ་སྙོམས་པར་འཇུག་པའི་འཇུག་སེམས་ཡང་ཡིན། འདོད་ན། སེམས་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲ་ཡོད་པར་ཐལ། འགྲེལ་པ་དོན་བསལ་ལས། རྣམ་པར་ཤེས་པ་མཉམ་པར་མ་གཞག་པ་དེ་ལྟ་བུ་མངོན་དུ་བྱས་ནས་འགོག་པ་ལའོ། །ཞེས་གསུངས་པའི་ཕྱིར། འགོག་སྙོམས་ལ་ལྡང་བའི་སེམས་ཡིན་ན། སྲིད་རྩེའི་སེམས་ཡིན་པས་ཁྱབ་བམ་མ་ཁྱབ། ཁྱབ་ན། དོན་ལས། འགོག་པ་ལ་དེ་ནས་མཉམ་པར་མ་གཞག་པའི་སེམས་མངོན་དུ་བྱེད་དོ། །ཞེས་གསུངས་པ་དང་འགལ། མ་ཁྱབ་ན། དེའི་ལྡང་སེམས་དང༌། འདོད་སེམས་ཀྱི་གཞི་མཐུན་སྲིད་པའི་ཕྱིར་ཁས་ལེན་དགོས་པས། ཤེས་བྱ་ཆོས་ཅན། འགོག་པ་ལ་སྙོམས་པར་འཇུག་སེམས་ཡང་ཡིན། འདོད་སེམས་ཡང་ཡིན་པའི་གཞི་མཐུན་སྲིད་པར་ཐལ། དེ་འདྲའི་ལྡང་སེམས་ཡིན། འདོད་སེམས་ཡང་ཡིན་པའི་གཞི་མཐུན་སྲིད་པ་གང་ཞིག འགོག་སྙོམས་སྔ་མའི་ལྡང་སེམས་དེས་ཕྱི་མའི་འཇུག་སེམས་བྱེད་དགོས་པའི་ཕྱིར། གཞན་ཡང༌། འགོག་པ་ལ་ལྡང་སེམས་ཡང་ཡིན། འཇུག་སེམས་ཡང་ཡིན་པའི་གཞི་མཐུན་སྲིད་པར་ཐལ། དེ་ལ་འཇུག་སེམས་ཡིན་ན། སྲིད་རྩེའི་སེམས་ཡིན་དགོས་པའི་ཕྱིར། འདོད་ན། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་མངོན་དུ་བཏང་བའི་ཡིད་ལ་བྱེད་པ་ཞེས་གསུངས་པ་དང་འགལ། ཡང་དེ་ལ་འཇུག་པ་ལ་འདས་ལམ་སྔོན་དུ་བྱེད་དགོས་ཟེར་ན། འགོག་པ་ལ་སྙོམས་པར་འཇུག་ཁ་ལ་དེའི་རྒྱུད་ལ་འདས་ལམ་མངོན་དུ་འགྱུར་བར་ཐལ། དམ་བཅའ་དེའི་ཕྱིར་འདོད་ན། སྲིད་རྩེའི་སེམས་ལ་རྟེན་པའི་འདས་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་མེད་ས་དགུའི་གྲངས་ངེས་ལས་ཉམས་སོ། །ཅི་སྟེ་འདས་ལམ་ཐོབ་པ་ཙམ་གྱི་ས་ཆོག་གིས། འདས་ལམ་མངོན་དུ་བྱེད་མི་དགོས་ཞེ་ན། འདས་ལམ་མངོན་དུ་མ་གྱུར་བར་ཉོན་ཡིད་འགོག་ནུས་པ་གཅིག་སྲིད་པར་ཐལ། འགོག་པ་ལ། དེ་མངོན་དུ་འགྱུར་མི་དགོས་པའི་ཕྱིར། འདོད་ན། ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ཀྱིས་ཚོགས་དྲུག་རགས་པ་འགོག་པ་དང༌། ལྡོང་ཁྱད་པར་ཅན་འདས་ལམ་གྱིས། ཉོན་ཡིད་འགོག་པར་བྱེད་པའི་སྙོམས་འཇུག་དུ་མ་བཤད་མི་འཐད་པར་ཐལ་ལོ། །གཞན་ཡང༌། འགོག་པ་ལ་མཉམ་པར་གཞག་བཞིན་པའི་ཉན་ཐོས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདས་ལམ་ཡོད་པར་ཐལ། འདས་ལམ་ཐོབ་ལ་མ་བཏང་བའི་ཕྱིར། རྟགས་སྔ་མ་ཁས་བླངས། འདོད་ན། ཁྱོད་ཀྱི་རྒྱུད་ལ་ཡིད་བྱེད་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་འདས་ལམ་ཡོད་པ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོར་གྱུར་པའི་འདས་ལམ་མི་སྲིད་པའི་ཕྱིར། རྟགས་ལ་ཁས། རྟགས་ཕྱི་མ་མ་གྲུབ་ན། འགོག་པའི་སྙོམས་འཇུག་དེ་འདས་ལམ་གྱི་གཏོང་རྒྱུ་ཡིན་པར་ཐལ། དེའི་ཕྱིར། འདོད་ན། འགོག་བདེན་ཆོས་ཅན། ཁྱོད་ཀྱིས་ཉོན་ཡིད་འགོག་མི་ནུས་པར་ཐལ། ཁྱོད་འདས་ལམ་གྱི་གཏོང་རྒྱུ་ཡིན་པའི་ཕྱིར། ཁ་ཅིག་འགོག་སྙོམས་ཡིན་ན། སྲིད་རྩེའི་སྙོམས་འཇུག་ཡིན་པས་ཁྱབ་ཅེ་ན། འདོད་པའི་རྟེན་གྱི་འགོག་སྙོམས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། འདོད་པའི་སས་སྡུས་ཀྱི་ཀུན་གཞིའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་པའི་ཕྱིར། ཆོས་ཅན་དེ་ཡིན་པའི་ཕྱིར། ཡང་དགེ་བ་ཡིན་ཟེར་ན་ཆོས་ཅན། མིན་པར་ཐལ། རང་སངས་རྒྱས་སྲིད་རྩེའི་རྣམ་སྨིན་གྱི་ཕུང་པོ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། རྟེན་གྱི་གང་ཟག་ལ་གཟུགས་ལ་ཆགས་བྲལ་མ་ལུས་པར་སྲིད་རྩེའི་སེམས་མངོན་དུ་བྱས་པ་གཅིག་སྲིད་པར་ཐལ། དེས་འགོག་སྙོམས་མངོན་དུ་བྱས་ན་དེ་འདྲ་དེ་མ་ཉམས་བཞིན་དུ། གཟུགས་སུ་སྐྱེ་བ་ལེན་པ་ཡིན་ནོ་ཞེས་ཟེར་ན། ཤེས་བྱ་ཆོས་ཅན། ཅི་ཡང་མེད་ལ་ཆགས་བྲལ་མ་བྱས་པར་འགོག་པ་ལ་འཇུག་ནུས་པ་གཅིག་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲ་མི་སྲིད་པར་ཐལ། འགོག་པ་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མེད་ཀྱི་འདོད་ཆགས་དང་བྲལ་བ། སྲིད་པའི་རྩེ་མོ་ལ་གྱེན་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་ཞེས་གསུངས་པའི་ཕྱིར། འདོད་པ་ལ་ཆགས་བྲལ་མ་བྱས་པར་བསྟན་གྱི་དངོས་པོ་ཐོབ་པ་གཅིག་སྲིད་པར་ཐལ། གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་པོའི་སེམས་ཐོབ་པ་གཅིག་སྲིད་པའི་ཕྱིར། འདོད་ན། དེ་འདྲ་མི་སྲིད་པར་ཐལ། བསྟན་གྱི་དངོས་པོའི་སྙོམས་འཇུག་ཡིན་ན། འདོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་ཡིན་དགོས་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། གཟུགས་མེད་ནམ་མཁའི་ཉེར་གཏོགས་མངོན་དུ་མ་བྱས་པར་གཟུགས་མེད་ཀྱི་དངོས་པོའི་སྙོམས་འཇུག་དག་པ་བ་མངོན་དུ་བྱེད་པ་གཅིག་སྲིད་པར་ཐལ། གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་པོའི་སེམས་མངོན་དུ་བྱེད་པ་གཅིག་སྲིད་པའི་ཕྱིར། འདོད་ན། དེ་འདྲ་མི་སྲིད་པར་ཐལ། དངོས་པོའི་སྙོམས་འཇུག་དག་པ་ཡིན་ན། རང་གི་ཉེར་གཏོགས་སྔོན་དུ་བཏང་བས་ཁྱབ་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་པར་ཐལ། གཟུགས་མེད་ནམ་མཁའི་ཉེར་གཏོགས་ཡིན་ན། འགོག་པ་ལ་ཆགས་བྲལ་བྱེད་པའི་ལམ་ཡིན་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། གཟུགས་ལ་འདོད་ཆགས་དང་མ་བྲལ་བར་གཟུགས་མེད་ཁམས་སུ་སྐྱེ་བ་ལེན་པ་གཅིག་སྲིད་པར་ཐལ། གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་གཅིག་སྲིད་པའི་ཕྱིར་ཏེ། འདོད་ན། གཟུགས་མེད་ཀྱི་རྟེན་ལ་གཟུགས་ཀྱི་ཉོན་མོངས་སྤོང་བ་གཅིག་ཡོད་པ་སོགས་མཐའ་ཡས་སོ། །ཡང་མངོན་པ་གོང་མའི་རྗེས་འབྲང་རྣམས་ན་རེ། བསམ་གཏན་རྣམས་ནི་ཡན་ལག་གི་འདའ་བས། བསམ་གཏན་སྔ་མ་རྣམས་ལ་ཆགས་བྲལ་མ་བྱས་པར་ཐལ། བསམ་གཏན་གྱི་དངོས་གཞི་ཕྱི་མ་ཐོབ་པ་མི་སྲིད་ལ། གཟུགས་མེད་རྣམས་ནི་དམིགས་རྣམ་གྱིས་འདའ་བས་ས་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མའི་དངོས་པོ་ཐོབ་པ་སྲིད་དོ་ཞེས་ཟེར། ཤེས་བྱ་ཆོས་ཅན། འགོག་པའི་སྙོམས་འཇུག་ཐོབ་པའི་གང་ཟག་ཡིན་ན། བསམ་གཏན་དང་པོ་གསུམ་ལ་ཆགས་བྲལ་བྱས་པས་ཁྱབ་པར་ཐལ། དེ་ཡིན་ན་བསམ་གཏན་བཞི་པའི་དངོས་གཞི་ཐོབ་པ་མ་ཉམས་པས་ཁྱབ་པའི་ཕྱིར། དེ་མ་ཉམས་པའི་གང་ཟག་ཡིན་ན། བསམ་གཏན་དང་པོ་གསུམ་ལ་ཆགས་བྲལ་བྱས་པའི་ཁྱབ་པའི་ཕྱིར། འདོད་ན། འགོག་སྙོམས་ཐོབ་ལ་མ་ཉམས་པའི་གང་ཟག་བསམ་གཏན་གསུམ་པ་ནས་དགུ་པར་སྐྱེ་བ་ལེན་པ་མི་སྲིད་པར་ཐལ། འདོད་པའི་ཕྱིར། དེ་ཡང་འདོད་ན། རྒྱལ་པོ་སྲས་ལས། གླིང་བཞི་གླིང་ཕྲན་བརྒྱད་འདོད་ལ་རིགས་དྲུག གཟུགས་ཁམས་གནས་རིགས་བཅུ་བདུན་ཏེ། འགོག་སྙོམས་ཀྱི་རྟེན་ཉི་ཤུ་རྩ་ལྔ་བཤད་པ་དང་འགལ། ཤེས་བྱ་ཆོས་ཅན། བསམ་གཏན་གྱི་དངོས་གཞི་མ་ཉམས་བཞིན་དུ། ཉོན་མོངས་པའི་དབང་གིས་འདོད་པར་སྐྱེ་བ་གཅིག་སྲིད་པར་ཐལ། གཟུགས་མེད་ཀྱི་དངོས་པོའི་སེམས་མ་ཉམས་བཞིན་དུ། གཟུགས་ཁམས་སུ་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པ་གཅིག་སྲིད་པའི་ཕྱིར། འདོད་ན། གོང་མའི་རྟེན་ལ་འོག་མར་འཕེན་བྱེད་ཀྱི་ལས་སོག་པ་ཡོད་པར་ཐལ་བ་དང༌། བསམ་གཏན་དང་པོ་ནས་འདོད་པར་སྐྱེ་བ་ལེན་པའི་ཚེ། རྟེན་འབྲེལ་བཅུ་གཉིས་ཀྱིས་བཟླས་ཕྱེ་བའི་མིག་པ་བསམ་གཏན་དང་པོར་རྟོགས་པ་གཅིག་སྲིད་པར་ཐལ་བ་ཡིན་ནོ། །ཡང་དམ་བཅའ་སྔ་མ་དེ་རང་གིས་ཁས་ལེན་པ་ལ། མངོན་པ་འོག་མའི་རྗེས་འབྲང་དག་ན་རེ། མཐར་གསུངས་པའི་སྙོམས་འཇུག་དགུའི་གོ་རིམ་མི་འཐད་པར་ཐལ། དགུ་པོ་དེ་སྔ་མ་ལ་ཆགས་བྲལ་མ་བྱས་པར་ཕྱི་མ་ཐོབ་པར་སྲིད་པའི་ཕྱིར་ཟེར་རོ། །འོ་ན་ཁྱོད་རང་གི་ལུགས་ལ་དེར་ཐལ། དེའི་ཕྱིར། དེ་ལ་སྲིད་དེ་ལས་ཆགས་བྲལ་མ་བྱས་པར་འགོག་སྙོམས་མངོན་སུམ་དུ་བྱས་པ་གཅིག་སྲིད་པའི་ཕྱིར་ཏེ། ཕྱིར་འོང་གི་ལུས་སྔོན་བྱེད་གཞི་གྲུབ་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། དེའི་གོ་རིམ་མི་འཐད་པར་ཐལ། དགུ་པོ་འོག་མ་ལ་ཆགས་བྲལ་བྱས་ལ། གོང་མའི་དངོས་གཞི་མ་ཐོབ་པ་གཅིག་སྲིད་པའི་ཕྱིར་ཏེ། ཤེས་རབ་རྐྱང་པའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་དེས་སྲིད་དེ་མན་ཆད་ལ་ཆགས་བྲལ་བྱས་ཀྱང༌། བསམ་གཏན་གྱི་དངོས་གཞི་ཙམ་ཡང་མ་ཐོབ་པ་གཅིག་སྲིད་པའི་ཕྱིར། གཞན་ཁྱེད་ལྟར་ན་འཕགས་པའི་སྤངས་པ་ལ་ཉམས་པ་སྲིད་པར་ཐལ། འགོག་སྙོམས་ཐོབ་པའི་འཕགས་པ་ཅི་ཡང་མེད་སོགས་ཀྱི་ཆགས་བྲལ་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་གཅིག་སྲིད་པའི་ཕྱིར། ཁོ་ན་རེ། དེ་འདོད་ན་པ་ཡིན་ཏེ། ལམ་ཟག་བཅས་ཀྱི་སྤངས་པ་ལ་ཉམས་པ་སྲིད་པ་ཡིན་ནོ། །ཅེ་ན། དེ་ལྟར་ན། མཛོད་ལས། འཇིག་རྟེན་པའི་ཆགས་བྲལ་ནི། །འཕགས་པ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་པའི་འགྲེལ་པར། ལམ་ཟག་བཅས་ཀྱི་སྤངས་པའང་ཟག་མེད་ཀྱི་ཐོབ་པ་ཡོད་པས་སོ་སོ་སྐྱེ་བོ་ལྟར་སྤངས་པ་སླར་ཟློག་པར་མི་འགྱུར་རོ་ཞེས་བཤད་པ་དང་འགལ། ཡང་ཁྱེད་ཅག་ལམ་ཟག་མེད་སྤངས་པ་ལ་ཉམས་པ་མི་སྲིད་པའི་ཕྱིར། འདོད་པའི་ཕྱིར་ཏེ། དེ་ལྟར་ན། ཁྱོད་ཀྱི་འདོད་པ་ཉམས་པར་འགྱུར་ཏེ། གསུམ། རང་སྡེ་གནས་མ་བུའི་ལྟ་བ་བཅུ་མ་ཡིན་ཟེར་རོ། །དེ་ཆོས་ཅན། ཁྱོད་སངས་རྒྱས་པའི་ལྟ་བ་ཡིན་པར་ཐལ། རང་སྡེ་གནས་མ་བུའི་ལྟ་བའི་ཕྱིར། འདོད་ན། མིན་པར་ཐལ། ལྟ་བ་དཀར་རྟགས་ཀྱི་ཕྱག་རྒྱ་གཞིའི་གང་རུང་ཁས་མི་ལེན་པའི་གང་ཞིག་ལྟ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་སྡེའི་ལྟ་བ་མིན་པར་ཐལ། སྟོན་པ་སངས་རྒྱས་མ་བྱོན་པའི་གོང་གི་ཕྱི་རོལ་པའི་ལྟ་བ་ཡིན་པའི་ཕྱིར། བསམ་གྱི་མི་ཁྱབ་སོགས་ཁྱད་པར་གྱི། །ཞེས་སོགས་ལ། ཐེག་ཆེན་གྱི་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་ཏེ། ཐེག་ཆེན་སྦྱོར་བའི་ཁྱད་མཚན་གྱི་མཚན་ཉིད་ཟེར་ན། ཆོས་ཀྱི་བདག་མེད་རྟོག་པའི་བྱང་སེམས་ཀྱི་རྣལ་འབྱོར་ཆོས་ཅན། དམ་ཚིག་དེར་ཐལ། དེའི་ཕྱིར། འདོད་ན། སྟོན་པ་ཐུབ་པའི་དབང་པོ་ཆོས་ཅན། ཆོས་ཀྱི་བདག་མེད་རྟོག་པའི་སེམས་དཔའི་རྣལ་འབྱོར་ཡིན་པར་ཐལ། ཐེག་ཆེན་གྱི་ལམ་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཕྱིར། ཁྱབ་པ་དངོས་ཁ་ཅིག སྐབས་འདིར་ལམ་སེམས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་སྦྱོར་བ་མཚན་ཉིད་པར་བཞག་ནས། གཞི་ཤེས་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ་ཟེར་ན། ལམ་སེམས་ཀྱི་སྦྱོར་བ་ཆོས་ཅན། གཞི་ཤེས་ཀྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པ་མིན་པར་ཐལ། གཞི་ཤེས་སྦྱོར་བ་ཡིན་པའི་ཕྱིར་ཏེ། གཞི་སྐྱེད་བྱེད་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཁ་ཅིག་ལམ་སེམས་ཀྱི་སྦྱོར་བ་དང༌། རྣམ་མཁྱེན་གྱི་སྦྱོར་བ་མཚན་འཛིན། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་འཕགས་པར་མཚོན། ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཟེར་ན། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། དེར་ཐལ། ཐེག་དམན་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཕྱིར། ཁྱབ་པ་དངོས། ཁ་ཅིག དེ་གཉིས་མཚན་འཛིན། ཐེག་ཆེན་གྱི་སྦྱོར་བ་ཡིན་པར་མཚོན། ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཟེར་ན། ཤེས་བྱ་ཆོས་ཅན། དེ་ལྟ་བུའི་མཚོན་ཚུལ་དེ་ཁྱད་མཚན་གྱི་མཚོན་ཚུལ་དུ་མི་འཐད་པར་ཐལ། ཁྱད་མཚན་གྱི་མཚོན་ཚུལ་ཡིན་ན། ཐེག་ཆེན་གྱི་སྦྱོར་བ་མཚོན་བྱར་བཞག་ནས་རང་གི་མཚན་གཞིའི་སྟེང་དུ་མཚོན་བྱའི་མཚོན་བྱ་མིན་དགོས་པའི་ཕྱིར། དེར་ཐལ། རྩ་བར་ཁྱད་པར་དུ་འཕགས་པས་ཁྱད་པར་ལམ་ཞེས་དང༌། འགྲེལ་པར། ལམ་སེམས་པ་ལ་སོགས་པ་གཉིས་ནི་ཁྱད་པར་དེ་ལ་སྙོམས་པར་འཇུག་པ་མེད་པའི་ཕྱིར། ཤེར་ཕྱིན་ལྷག་མར་ཐོབ་པའི་ཉན་ཐོས་མེད་པའི་ཕྱིར་ཏེ། ཆོས་ཀྱི་བདག་མེད་རྟོགས་པའི་ཉན་ཐོས་མེད་པའི་ཕྱིར། ཁྲོ་བོ། གང་ཞིག་བདག་མེད་རྟོགས་པའི་འགོག་སྙོམས་གཅིག་ཁོ་ན་ཆོས་ཅན་ཅེ་ན། ཤེས་རབ་རྐྱང་གྲོལ་གྱི་ཉན་ཐོས་ཀྱི་དགྲ་བཅོམ་པས་འདིར་རང་བཞིན་གྱི་འགོག་འགོམས་ལ་སྙོམས་པར་འཇུག་ནུས་པར་ཐལ། གང་ཞིག་བདག་མེད་རྟོགས་པའི་སྙོམས་འཇུག་ནུས་པ་གང་ཞིག དེ་འགོག་རིགས་ཡིན་པའི་ཕྱིར། གཞན་ཡང༌། སྲིད་རྩེའི་སེམས་མ་ཐོབ་པར་སྙོམས་ལ་འཇུག་ནུས་པ་གཅིག་ཡོད་པར་ཐལ། དེ་མ་ཐོབ་པར་གང་ཞིག་བདག་མེད་རྟོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པ་ཡོད་པ་གང་ཞིག དེ་འགོམས་ཡིན་པའི་ཕྱིར། ཁ་ཅིག སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་འདིར་རང་བཞིན་འགོམས་ཡིན་ཅེ་ན། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་བྱང་སེམས་མཐོང་ལམ་པ་དེས་འདིར་རང་བཞིན་གྱི་འགོམས་ཐོབ་པར་ཐལ། དེས་སྟོང་ཉིད་མངོན་སུམ་རྟོགས་པའི་མཉམ་གཞག་གཅིག་ཡེ་ཤེས་ཐོབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་མཐར་གསུངས་པའི་སྙོམས་འཇུག་ཐོབ་པར་ཐལ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར། འདོད་ན། བསྟན་གྱི་དངོས་པོའི་ཐལ་བར་ཐལ་ལོ། །ཁ་ཅིག་རྒྱན་རྩ་འབྲེལ་ལས་གསུངས་པའི་འགོམས་ལ་ས་དྲུག་པ་མན་ཆད་དུ་ཐོབ་པ་མེད་དོ་ཅེ་ན། འོ་ན། ས་གཉིས་པར་ཐོད་རྒལ་གྱི་ཏིང་ངེ་འཛིན་མ་ཐོབ་པར་ཐལ། དེར་འགོག་པའི་སྙོམས་འཇུག་མ་ཐོབ་པའི་ཕྱིར། ཁྱབ་པར་ཐལ། བྱང་སེམས་མཐོང་ལམ་པས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་པར་ཐལ། ཐེག་ཆེན་གྱི་སེམས་བསྐྱེད་རྒྱུད་ལ་སྐྱེས་ན་ཐེག་ཆེན་གྱི་མར་པ་ཆ་མཐུན་དུ་འཇོག་ཅིང༌། དེ་ཙམ་གྱི་ཐེག་ཆེན་གྱི་ཚོགས་ལམ་དུ་འཇོག་མི་ནུས་པའི་ཕྱིར། མ་གྲུབ་ན། ལམ་མ་ཞུགས་པའི་ཐེག་ཆེན་གྱི་སེམས་བསྐྱེད་ཆོས་ཅན། དང་པོ་དེར་ཐལ། ཐེག་ཆེན་གྱི་ཐར་པ་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་ཡིན་པའི་ཕྱིར་ཏེ། དེ་དོན་ན་རེ། ལམ་གྱི་ཐེག་ཆེན་གྱི་སེམས་བསྐྱེད་ཡིན་པའི་ཕྱིར། ཡང་དེ་གཉིས་དོན་མི་གཅིག་པར་ཐལ། མདོ་སྡེ་དཀོན་མཆོག་སྤྲིན་ལས། བསྐལ་པ་གྲངས་མེད་པ་གསུམ་གྱི་ཐོག་མ་གང་ནས་རྩོམ་ཞེ་ན། ཚོགས་ཀྱི་ལམ་ནས་ཡིན་གྱི། ཐར་པའི་ཆ་དང་མཐུན་པ་ཙམ་གྱིས་མིན་ཏེ། ཞེས་གསུངས་པའི་ཕྱིར། འདིར་ཐེག་ཆེན་ཚོགས་ལམ་གྱི་མཚན་ཉིད་དྲིས་པས། སྟོང་ཉིད་ལ་ཐོས་བསམ་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་ཟེར་ན། སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་ཚོགས་ལམ་མེད་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། ཡོད་པར་ཐལ། སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་ཚོགས་ལམ་ཡོད། དེ་ཡོད་ན་སྒོམ་བྱུང་གཙོ་བོར་གྱུར་པའི་དེ་ཡོད་དགོས་པའི་ཕྱིར། སྔ་མ་དེར་ཐལ། ཐེག་ཆེན་ཚོགས་ལམ་གྱི་ངོ་བོར་གྱུར་པའི་དྲན་པ་ཉེར་བཞག་ཡང་དག་སྤོང་བ། རྫུ་འཕྲུལ་རྐང་པ་ཡོད་པའི་ཕྱིར། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་པར་ཐལ། སྟོང་ཉིད་ལ་དམིགས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། འདོད་ན། སོ་སྐྱེའི་མངོན་རྟོགས་ཡིན་པར་ཐལ་ལོ། །དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པར། འདིར་བསྟན་གྱི་སྦྱོར་ལམ་གྱི་མཚན་ཉིད་དྲིས་པས། ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱིས་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་ཟེར་ན། འདིར་བསྟན་གྱི་སྦྱོར་ལམ་ཡིན་ན། སྦྱོར་ལམ་མཉམ་གཞག་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མིན་པར་ཐལ། དེ་ཡིན་ན། རྗེས་ཐོབ་ཡེ་ཤེས་ཡིན་དགོས་པའི་ཕྱིར། དེ་ཡིན་ན། དམིགས་པ་སེམས་ཅན་ལ་གཙོ་བོར་དམིགས་ནས། སེམས་མཉམ་པ་ལ་སོགས་པའི་རྣམ་པ་ཅན་ཡིན་དགོས་པའི་ཕྱིར། རྟགས་འབུད། རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས། ཤེས་པར། རྣམ་བཅད་པ་གཞུང་འདི་རང་གཞུང་མིན་ནོ་ཞེས་གསུངས། གཞུང་འདི་ཆོས་ཅན། སློབ་དཔོན་སེང་གེ་བཟང་པོ་ལ་ལྟོས་ཏེ། ཕྱོགས་སྔའི་གཞུང་ཡིན་པར་ཐལ། དེ་ལ་ལྟོས་པའི་གཞུང་གང་ཞིག གཞུང་འདིའི་བསྟན་དོན་ལོག་ཕྱོགས་དེ་སློབ་དཔོན་བཞེད་པའི་ཕྱིར། འདོད་ན། གཞུང་འདིའི་རིགས་པ་འགོག་བྱེད་ཀྱི་རིགས་པ་འགྲེལ་པ་འདིས་བསྟན་པར་ཐལ་ལོ། །དར་ཊཱིཀ་པ་ན་རེ། སྐབས་དང་པོ་གསུམ་དུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ལམ་རྐྱང་པའི་འདོད་ཚུལ་མི་འཐད་པར་སྟོན་པའི་ཆེད་ཡིན་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། ལམ་རྐྱང་པའི་འདོད་ཚུལ་དེ་རྗེ་བཙུན་བྱམས་པས་ཕྱོགས་སྔར་མཛད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། རྗེ་བཙུན་གྱི་རྒྱན་རྩོམ་པའི་སྔ་རོལ་ལམ་རྐྱང་པའི་རིམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། མངོན་པར་རྟོགས་པ་བརྒྱད་ཀྱི་སྒོ་ནས་འཆད་པ་དེ། རྗེ་བཙུན་གྱི་ཕྱིའི་ཤིང་རྟའི་སྲོལ་འབྱེད་ཡིན་པར་ཐལ། འདོད་པའི་ཕྱིར། ཡང་རྩ་བར་འདོད་པ་མི་འཐད་པར་ཐལ། མངོན་པར་རྟོགས་པ་རྐྱང་པ་གཅིག་བཤད་པ་དེ་རྒྱན་གྱི་སྲོལ་འབྱེད་སོ་སོའི་ལུགས་མིན་པའི་ཕྱིར་རོ། །ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་པར། ཕྱིར་མི་ལྡོག་པའི་དགེ་འདུན་ཆོས་ཅན། ཉི་ཤུར་དབྱེར་ཡོད་དེ། སྦྱོར་ལམ་པ་ཕྱིར་མི་ལྡོག་པ་སོགས་ཉི་ཤུར་ཡོད་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། བྱང་སེམས་སྦྱོར་ལམ་པ་དབང་རྣོན་དེ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པར་ཐལ། དེ་ལ་ཉི་ཤུར་དབྱེར་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་སོགས་འདི་སྐབས་ནས་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་ཡིན་པར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཞུགས་གནས་ཀྱི་གང་ཟག་བརྒྱད་པོ་གང་རུང་གི་མིང་ཅན་གྱི་བྱང་སེམས་ཡིན་པར་ཐལ། འདོད་ན། ཐེག་ཆེན་གྱི་མཐོང་ལམ་གྱི་རྟོགས་པ་ཐོབ་མྱོང་བར་ཐལ་ལོ། །འདིར་ཕྱིར་མི་ལྡོག་པའི་མཚམས་དྲིས་པས། མ་ངེས་པ་རིགས་ཅན་གྱི་བྱང་སེམས་དབང་རྣོན་སྦྱོར་ལམ་ནས་ཕྱིར་མི་ལྡོག དབང་འབྲིང་མཐོང་ལམ་ནས། དབང་བརྟུལ་ས་བརྒྱད་པ་ནས་ཕྱིར་མི་ལྡོག་གོ་ཅེ་ན། དེ་འདྲའི་ས་མཚམས་མི་འཐད་པར་ཐལ། མ་ངེས་པའི་རིགས་ཅན་གྱི་བྱང་སེམས་སྦྱོར་ལམ་པ་ཡིན་ན། གནས་སྐབས་རྫོགས་སངས་ལས། ཕྱིར་མི་ལྡོག་པས་ཁྱབ་པའི་ཕྱིར། རྟགས་འབུད། ཡང་དེ་འདྲ་དེ་ཕྱིར་མི་ལྡོག་པའི་ས་མཚམས་ཡིན་ནོ་ཅེ་ན། ཤེས་བྱ་ཆོས་ཅན། དེ་འདྲའི་ས་མཚམས་མི་འཐད་པར་ཐལ། བྱང་སེམས་སྦྱོར་ལམ་པ་ཡིན་ན། རྫོགས་སངས་ལས་ཕྱིར་མི་ལྡོག་པའི་རང་དོན་སྐབས་ཀྱི་རྟགས་ཐོབ་པས་ཁྱབ། བྱང་སེམས་ཀྱི་སྦྱོར་ལམ་རྗེས་ཐོབ་ཀྱི་རྟོགས་པ་ཐོབ་ན། རྫོགས་སངས་ལས་ཕྱིར་མི་ལྡོག་པའི་གནས་སྐབས་ཀྱི་གཏན་ཚིགས་ཡང་དག་ཐོབ་པས་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཐོབ་ན་སྟོང་ཉིད་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཐོབ་པས་ཁྱབ་པའི་ཕྱིར། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། ཞེས་སོགས་ལ། རྟགས་ཀྱི་རྣམ་བཞག་དྲིས་པས། མ་ངེས་པའི་རིགས་ཅན་གྱིས་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། གཟུགས་སོགས་ལ་བདེན་ཞེན་མངོན་འགྱུར་བ་ལྡོག་པ་ཡིན་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། ཅེ་ན། དེ་ཆོས་ཅན། དེ་ལྡོག་པ་མིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་བདེན་འཛིན་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་རྗེས་ཐོབ་མངོན་གྱུར་པ་འབྱུང་བའི་ཕྱིར། ཁྱོད་སོ་སྐྱེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྣམ་མཁྱེན་འབྱུང་དུ་རུང་སྟེ། ཁྱོད་ཀྱི་རྒྱུད་ལ་རྣམ་མཁྱེན་གྱི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཅེ་ན། དམན་པར་ངེས་པའི་ཉན་ཐོས་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱོད་སེམས་ཅན་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཚང་བར་ཐལ། ཁྱོད་སངས་རྒྱས་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡོད་པའི་ཕྱིར་ཏེ། ཁྱོད་སེམས་ཅན་ཡིན་པའི་ཕྱིར། མཐོང་བའི་ལམ་ལ་བཟོད་པ་དང༌། །ཞེས་པར། འདིར་བསྟན་གྱི་ཤེས་བཟོད་ཀྱི་མིང་ཅན་གྱི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་བཅུ་དྲུག་པོ་དེ། བྱང་སེམས་མཐོང་ལམ་པ་དབང་འབྲིང་གཞན་ངོར་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་ཕྱིར། རང་གཞན་གྱི་རྟག་ཡིན་ཏེ་ཟེར་ན། ཤེས་བྱ་ཆོས་ཅན། དེ་འདྲ་རྒྱུད་ལ་ལྡན་པའི་བྱང་སེམས་མཐོང་ལམ་དབང་འབྲིང་ཡོད་པར་ཐལ། དེ་འདྲ་དེ་བྱང་སེམས་མཐོང་ལམ་པ་དབང་འབྲིང་དེར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ལ་གནས་པའི་བྱང་སེམས་མཐོང་ལམ་པ་ཡོད་པར་ཐལ། འདོད་ན། མེད་པར་ཐལ། མཐོང་ལམ་ཡིན་ན། མཉམ་གཞག་ཡིན་དགོས་པའི་ཕྱིར། བདེན་པ་མངོན་རྟོགས་སྐད་ཅིག་མ་བཅུ་དྲུག་ཏུ་གྲངས་ངེས་པ་གཞི་མངོན་པ་གོང་འོག་ལས་བཤད་པ་དེ་རིག་རིག ཁ་ཅིག འདིར་བསྟན་གྱི་རྗེས་ཐོབ་ལ་གནས་པའི་བྱང་སེམས་མཐོང་ལམ་པ་དེ། མཐོང་ལམ་པ་ཡིན་ལ། དེའི་རྒྱུད་ལ་མཐོང་ལམ་མེད་དོ་ཟེར་རོ། །ཤེས་བྱ་ཆོས་ཅན། དེའི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་ཡོད་པར་ཐལ། བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་ཡིན་པའི་ཕྱིར། ཕྱིར་མི་ལྡོག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་གྱི་ལམ་མེད་པར་ཐལ། ལམ་ལྔ་པོ་གང་རུང་མེད་པའི་ཕྱིར། མ་གྲུབ་ན། གང་ཡོད་དྲི་བར་བྱའོ། །ཐེག་ཆེན་གྱི་སྒོམ་ལམ་ཡོད་ཅེ་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་སྒོམ་ལམ་པ་ཡིན་པར་ཐལ། ཁྱོད་ཐེག་ཆེན་གྱི་སྒོམ་ལམ་རྒྱུད་ལ་ལྡན་པའི་འཕགས་པ་ཡིན་པའི་ཕྱིར། འདོད་ན། ཁྱོད་མཐོང་ལམ་པ་མིན་པར་ཐལ་ལོ། །ཁ་ཅིག འདིར་བསྟན་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་རྒྱུད་ལ་ལྡན་པའི་བྱང་སེམས་སྒོམ་ལམ་པ་ཡིན་ནོ་ཞེ་ན། དེ་འདྲ་བཅུ་དྲུག་པོ་ཆོས་ཅན། ཁྱོད་བྱང་སེམས་མཐོང་ལམ་པ་དབང་འབྲིང་གཞན་ངོར་རྫོགས་སངས་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་མིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་བྱང་སེམས་མཐོང་ལམ་པ་མེད་པའི་ཕྱིར། རྟགས། ཡང་ཁ་ཅིག་ཐེག་ཆེན་གྱི་མཐོང་ལམ་པ་ཡིན་ན། མཉམ་གཞག་ཡེ་ཤེས་ཡིན་པས་ཁྱབ་པར་འདོད་ཟེར་ན། ཤེས་བྱ་ཆོས་ཅན། དེ་ལྟར་འདོད་པ་དེ་རྒྱན་རྩ་འགྲེལ་གྱི་ལུགས་མིན་པར་ཐལ། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཅེས་པའི་སྐབས་ཀྱི་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་རྒྱུད་ལ་ལྡན་པའི་བྱང་སེམས་མཐོང་ལམ་པ་ཡོད་པའི་ཕྱིར། དེ་ནས་སེང་གེ་རྣམ་བསྒྱིངས་པའི་ཞེས་པའི་གཞུང་ཤླཽ་ཀ་གཅིག་པོ་འདི་མཐོང་ལམ་སྟོན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་ཏེ། འགོག་དང་བཅས་པའི་སྙོམས་འཇུག་དགུར་ཞེས་པའི་མཚམས་སྦྱོར་ལས། དེ་ལྟར་མཐོང་བའི་ལམ་བརྗོད་ནས། །ཞེས་གསུངས་པའི་ཕྱིར། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་པར། ཐེག་ཆེན་གྱི་སྒོམ་དེ་ཟབ་མོ་ཡིན་ཏེ། ཟེར་ན། དེ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། ཟབ་མོ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། སྟོང་པ་ཉིད་ལ་སོགས་པ་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་བ་ཉིད་གང་ཡིན་པ་དེ་ནི་ཟབ་མོ་སྟེ། སྟོང་པ་ཉིད་ལ་སོགས་པ་ཡིན་ལ་ཞེས་གསུངས་པའི་ཕྱིར། ཁ་ཅིག སྒོམ་ཆོས་ཅན། ཟབ་མོ་ཡིན་ཏེ། ཟབ་མོ་མངོན་སུམ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཕྱིར་ཟེར་ན། དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། དེ་མཐོང་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། མེད་དགག་ཡིན་པར་ཐལ་ལོ། །ཁ་ཅིག ཐེག་ཆེན་གྱི་སྒོམ་ལམ་དེ་ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པ་ཡིན་ནོ་ཟེར་ན། ཤེས་བྱ་ཆོས་ཅན། དེ་གཉིས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་མེད་པར་ཐལ། དེ་གཉིས་ལ་རྟོགས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར། དེ་གཉིས་ཀུན་རྫོབ་ཀྱི་ཆ་ལ་རྟོགས་དཀའ་སླ་མེད། དོན་དམ་གྱི་ཆ་ལ་རྟོགས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར། སྔ་མ་དེར་ཐལ། དེ་གཉིས་ཀུན་རྫོབ་བདེན་པར་མཚུངས་ངེས་པའི་ཕྱིར། ངེས་འབྱེད་ཡན་ལག་དང་མཐོང་བའི། ཞེས་པར། རང་སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་མཐོང་བའི་དོན་ལ། སེམས་འཇལ་ངེས་པར་རྟོག་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་དང་པོ་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། རང་རྒྱུ་སྒོམ་ལམ་གྱི་རྟོགས་པ་སྔོན་དུ་མ་སོང་བའི་ཕྱིར། རང་རྒྱུ་སྦྱོར་མཐོང་གི་ཞེས་སྔ་མ་ལྟར་ཟེར་ན། ས་བརྒྱད་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། དག་སའི་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར། དེ་ནི་རྒྱུད་ཆགས་ཡིན་པའི་ཕྱིར། ཞེས་པར། ཐེག་ཆེན་གྱི་སྒོམ་ལམ་ཆུང་འབྲིང་དགུར་དབྱེར་ཡོད་དེ། སྒོམ་སྤངས་རྟོག་པ་དགུར་དབྱེ་བའི་རྒྱུན་གྱིས་དེར་ཕྱེ་བའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། ཐེག་ཆེན་སྒོམ་ལམ་གྱི་མ་མཐའི་ས་མཚམས་ས་གཉིས་པ་ནས་འཇོག་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ས་དང་པོའི་ངོ་བོར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་མེད་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་སྐད་ཅིག་དང་པོ་མ་སྐྱེས་གོང་གི་ཐེག་ཆེན་གྱི་མཉམ་གཞག་ཡེ་ཤེས་ཤིག་མེད་པར་ཐལ། དེ་ལ་ཆུང་འབྲིང་དགུར་གྲངས་ངེས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་འདྲ་གྲུབ་པར་ཐལ། ཐེག་ཆེན་སྒོམ་ལམ་གྱི་ངོ་བོར་གྱུར་པའི་མཉམ་གཞག་སེང་གེ་རྣམ་བསྒྱིངས་ཡོད་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་མཐོང་ལམ་ཆུང་འབྲིང་དགུར་གྲངས་ངེས་པར་ཐལ། དེའི་སྤང་བྱ་རྟོག་པ་ལ་དགུར་གྲངས་ངེས་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། དེ་འདྲ་མི་འཐད་པར་ཐལ། དེ་འདྲ་གཞུང་འགྲེལ་གང་ནས་ཀྱང་མ་བཤད་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། །ཞེས་འབྱུང་བའི་ཕྱིར། ཞེས་པར། ཉོན་མོངས་ཡིན་ན། རྟོག་པ་ཡིན་པས་ཁྱབ་ཅེ་ན། གཙོ་བོ་དབང་ཤེས་འཁོར་གྱི་འདོད་ཆགས། ཁོང་ཁྲོ། མ་རིག་པ་གསུམ་པོ་ཆོས་ཅན། དེ་ཡིན་པར་ཐལ། དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དེ་འདྲ་གཞི་གྲུབ་པའི་ཕྱིར། མཐོང་སྤང་བྱ་ཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག ས་ཐོབ་ནས་ཉོན་མོངས་ཀྱི་མིང་ཅན་ཡིན་ན། རྟོག་པ་ཡིན་པས་ཁྱབ་ཅེ་ན། བྱང་སེམས་ས་གསུམ་པ་བའི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ཆོས་ཅན། དེ་ཡིན་པར་ཐལ། དེ་ཡིན་པའི་ཕྱིར། བག་ལ་ཉལ་གྱི་ཉོན་སྒྲིབ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་ན། དམིགས་རྣམ་ཅན་ཡིན་པར་ཐལ། རྣམ་རྟོག་ཡིན་པའི་ཕྱིར། འདོད་ན། ཉོན་མོངས་ཀྱི་བག་ཆགས་དེ་ཉོན་མོངས་ཡིན་པར་ཐལ། དེ་ཡིན་པའི་ཕྱིར། ཁྱབ་པར་ཐལ། འདོད་ཆགས་དེའི་དམིགས་རྣམ་ཅན་ཡིན་ན། དེ་འདོད་ཆགས་དང་མཚུངས་ལྡན་ཡིན་དགོས་པའི་ཕྱིར། ཁ་ཅིག ཉོན་མོངས་པའི་བག་ཆགས་ཡིན་ན། ཤེས་སྒྲིབ་ཡིན་པས་ཁྱབ་ཅེ་ན། དབང་ཤེས་འཁོར་གྱི་ཉོན་མོངས་པའི་བག་ཆགས་ཆོས་ཅན། དེ་ཡིན་པར་ཐལ། དེ་ཡིན་པའི་ཕྱིར། འདོད་ན། དེ་འདྲ་དེ་ཤེས་སྒྲིབ་བག་ལ་ཉལ་ཡིན་པར་ཐལ། དེ་ཤེས་སྒྲིབ་ནི་ཡིན། དེ་ཤེས་སྒྲིབ་མངོན་གྱུར་བ་མ་ཡིན་པའི་ཕྱིར། འདོད་ན། དབང་ཤེས་འཁོར་གྱི་ཉོན་མོངས་དེ། ཤེས་སྒྲིབ་མངོན་གྱུར་བ་ཡིན་པར་ཐལ། དེའི་བག་ཆགས་དེ། ཤེས་སྒྲིབ་བག་ལ་ཉལ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པ་ཡིན་པར་ཐལ། ཤེས་སྒྲིབ་མངོན་གྱུར་བ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དབང་ཤེས་ཡིན་པའི་ཕྱིར། བྱང་སེམས་འཕགས་པའི་རྒྱུད་ཀྱི་དགེ་བ་དང་མཚུངས་ལྡན་གྱི་ཉོན་མོངས་ཡིན་ན། རྟོག་པ་ཡིན་པས་ཁྱབ་པའང་དེ་དང་འདྲའོ། །གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་པར། ཐེག་ཆེན་གྱི་སྒོམ་ལམ་དགུར་གྲངས་མ་ངེས་པར་ཐལ། ཐེག་ཆེན་གྱི་སྒོམ་ལམ་འབྲས་བུ་གྲངས་མེད་པ་འབྱུང་བའི་ཕྱིར། ཞེས་པའི་ཐལ་འགྱུར་དེ་ཆོས་ཅན། ཁྱོད་རྒྱན་མཛད་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མ་ཡིན་ཏེ། རྒྱན་མཛད་པས་ཁྱོད་ལ་དོན་དམ་དུ་འདོད་པ་དང༌། ཀུན་རྫོབ་ཏུ་ཁྱབ་པ་མེད་པའི་ལན་ཐེབས་པའི་ཕྱིར་ཅེ་ན། དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཁྱོད་ལ་རྒྱན་མཛད་པས་འདོད་ལན་དོན་མཐུན་ཐེབས་པར་ཐལ། ཁྱོད་ལ་དེས་དོན་དམ་དུ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་དགུར་གྲངས་མ་ངེས་པར་ཐལ། འདོད་པའི་ཕྱིར་འདོད་ན་ནང་འགལ་ལོ། །དེ་འདྲའི་ཐལ་འགྱུར་དེ་ཆོས་ཅན། ཁྱོད་ལ་རྒྱན་མཛད་པས་དོན་དམ་དུ་ཁྱབ་པ་མེད་པའི་ལན་དོན་མཐུན་དུ་ཐེབས་པར་ཐལ། ཁྱོད་རྒྱན་མཛད་པས་ལན་མཐུན་དུ་འདེབས་པར་ནུས་པའི་ཐལ་འགྱུར་གང་ཞིག ཁྱོད་ཀྱི་ཁྱབ་པ་དེ་དོན་དམ་དུ་མ་ངེས་པར་ཕྱིར། ཕྱི་མ་མ་གྲུབ་ན། དེ་འདྲ་བའི་ཐལ་འགྱུར་གྱི་ཁྱབ་པ་ཆོས་ཅན། བདེན་པར་གྲུབ་པར་ཐལ། ཁྱོད་དོན་དམ་དུ་གྲུབ་པའི་ཕྱིར། རྩ་བར་འདོད་ན། ཤེས་བྱ་ཆོས་ཅན། དོན་དམ་དུ་དེ་འདྲའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། དོན་དམ་དུ་ཐེག་ཆེན་གྱི་སྒོམ་ལམ་དགུར་གྲངས་མ་ངེས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཀུན་རྫོབ་ཏུ་ཐེག་ཆེན་གྱི་སྒོམ་ལམ་འབྲས་བུ་གྲངས་མེད། གཞལ་མེད་འབྱུང་བར་ཐལ། སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཆོས་ཅན། ཁྱོད་དེ་ལས་མི་འབྱུང་བར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། མར་མེའི་དཔེའི་ཚུལ་གྱིས་ནི། །ཞེས་པར། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་མ་ཁོ་ནས་ཀྱང་རྫོགས་པའི་བྱང་ཆུབ་མི་བསྐྱེད། ཕྱི་མ་ཁོ་ནས་ཀྱང་རྫོགས་པའི་བྱང་ཆུབ་མི་བསྐྱེད། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་ཚོགས་པ་མི་སྲིད་ན། ཐེག་ཆེན་སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་མི་བསྐྱེད་པས་མ་ཁྱབ་སྟེ། དེ་སྐད་ཅིག་སྔ་ཕྱི་རིམ་བཞིན་དུ་འབྱུང་བས་རྫོགས་པའི་བྱང་ཆུབ་བསྐྱེད་པའི་ཕྱིར་ཞེ་ན། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་མ་སྔ་མ་ཁོ་ན་ཆོས་ཅན། རང་འབྲས་རྫོགས་བྱང་བསྐྱེད་པར་ཐལ། ཁྱོད་ཐེག་ཆེན་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱོད་ཐེག་ཆེན་སེམས་བསྐྱེད་སྐད་ཅིག་དང་པོ་ཡིན་པའི་ཕྱིར། མ་གྲུབ་ན། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་དང་པོ་ཆོས་ཅན། ཁྱོད་ཁོ་ན་ཁྱོད་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཁོ་ན་རེ། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་གཉིས་པས་རང་འབྲས་རྫོགས་བྱང་མི་བསྐྱེད་པར་ཐལ། དང་པོ་ཁོ་ནས་རྫོགས་བྱང་བསྐྱེད་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་དང་པོ་ཁོ་ན་ཁྱོད་ཡིན་ན། སྐད་ཅིག་གཉིས་པ་དེ་མིན་དགོས་པར་ཐལ། སྔ་མ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་གཉིས་པ་ཁོ་ནས་རྫོགས་བྱང་མི་བསྐྱེད་པ་དེ་མིན་པར་ཐལ། དེ་དང་པོ་ཁོ་ན་རྫོགས་བྱང་མི་བསྐྱེད་པ་དེ་ཡིན་པའི་ཕྱིར། གསུམ་ཕྱར། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། སོགས་ལ། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་སྦྱོར་བ་ཡིན་ཏེ། སྲིད་ཞི་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། ཞེ་ན། དེ་ཆོས་ཅན། ཁྱོད་དེ་མཉམ་ཉིད་ཀྱི་སྦྱོར་བ་ཡིན་པར་ཐལ། ཁྱོད་དེ་རང་བཞིན་མེད་པར་སྔ་མ་གཞི་མཐུན་མེད་པའི་ཕྱིར། འདོད་ན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་པར་ཐལ་ལོ། །རང་བཞིན་མེད་པར་མཉམ་ན་མཉམ་དགོས་པར་ཐལ། རྩ་བ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ཆེ་ཆུང་དང༌། རིང་ཐུང་དང༌། ཉན་ཐོས་དང༌། རང་རྒྱལ་གྱི་སྤངས་རྟོགས་སོགས་མི་མཉམ་པ་ཐམས་ཅད་མཉམ་པར་ཐལ་ལོ། །འདོད་པའི་ཕྱིར། འཁོར་བའི་མཚན་ཉིད་དྲིས་པས། རང་རྒྱུ་ལས་ཉོན་གྱི་འབྲས་བུར་གྱུར་པའི་ཟག་བཅས་དེ། འཁོར་བའི་མཚན་ཉིད་ཟེར་ན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཕུང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེས་འཁོར་བ་སྤངས་པའི་ཕྱིར། དགྲ་བཅོམ་ཡིན་པའི་ཕྱིར། འཁོར་བ་སྤངས་པའི་སོ་སོར་རྟོགས་དེ་མྱང་འདས་ཀྱི་མཚན་ཉིད་ཟེར་ན། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཆོས་ཅན། དེར་ཐལ། མྱང་འདས་ཡིན་པའི་ཕྱིར། དོན་དམ་པའི་ཆོས་སྐུ་ཡིན་པའི་ཕྱིར། ཁྱབ་པར་ཐལ། གང་ཕྱིར་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱང་འདས། །ཞེས་གསུངས་པའི་ཕྱིར། ཉན་ཐོས་ལྷག་བཅས་མྱང་འདས་ཆོས་ཅན། དམ་བཅའ་དེར་ཐལ། དེའི་ཕྱིར། འདོད་ན། གཙང་བ་དམ་པའི་ཕ་རོལ་དུ་ཕྱིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར་ཐལ་ལོ། །ཐེག་དམན་མྱང་འདས་ཀྱིས་མྱང་འདས་ཀྱི་གོ་ཆོད་མི་ཆོད་དྲིས་པས། ཆོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། བདེ་བར་གཤེགས་པའི་སྙིང་པོ་མངོན་སུམ་མཐོང་བའི་ཉན་ཐོས་ཡོད་པར་ཐལ་རང་རྒྱུད་ཀྱི་མྱང་འདས་མངོན་སུམ་རྟོགས་པའི་ཉན་ཐོས་ཡོད་པའི་ཕྱིར། ཉན་ཐོས་ཀྱི་མྱང་འདས་དེས་བདེ་བར་གཤེགས་པའི་སྙིང་པོའི་གོ་ཆོད་པའི་ཕྱིར། རྟགས། དེར་ཐལ། དེས་མྱང་འདས་ཀྱི་གོ་ཆོད་པའི་ཕྱིར། ཁྱབ་པར་ཐལ། མྱང་འདས་དང༌། བདེ་བར་གཤེགས་པའི་སྙིང་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། དེའི་ཕྱིར། ཉི་དང་ཟེར་གྱི་ཡོན་ཏན་དབྱེར་མེད་པས། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཉན་ཐོས་དགྲ་བཅོམ་པས་འཁོར་བ་སྤངས་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་མཐོང་ལམ་པ་དེ་འཁོར་བར་སྐྱེ་བ་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལེན་པར་ཐལ། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་ཕྱིར། གཞན་ཡང༌། རྣམ་བཅད་པའི་ཕྱོགས་ལ། ཉན་ཐོས་དགྲ་བཅོམ་པས་ཉོན་ཡིད་སྤངས་པར་ཐལ། དེའི་མྱང་འདས་ཀྱིས་མྱང་འདས་ཀྱི་གོ་ཆོད་པའི་ཕྱིར། འདོད་ན། ཁས་བླངས་པའི་ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གི་བྱང་སེམས་ས་དང་པོ་པས་ཉོན་ཡིད་སྤངས་པར་ཐལ། འདོད་པའི་ཕྱིར། འོ་ན། དེ་འདྲ་དེ་ཆོས་ཅན། དག་ས་ལ་གནས་པའི་བྱང་སེམས་ཡིན་པར་ཐལ། ཉོན་ཡིད་སྤངས་པའི་བྱང་སེམས་ཡིན་པའི་ཕྱིར། ཅི་སྟེ་གོ་མི་ཆོད་ཅེ་ན། ཤེས་བྱ་ཆོས་ཅན། ཉན་ཐོས་དགྲ་བཅོམ་པས་དགྲ་བཅོམ་པའི་གོ་མི་ཆོད་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དགྲ་བཅོམ་ཡིན་ན། ཐེག་ཆེན་དགྲ་བཅོམ་ཡིན་དགོས་པར་ཐལ། དེའི་ཕྱིར། འདོད་ན། ཉན་ཐོས་ཀྱི་དགྲ་བཅོམ་མི་སྲིད་པར་ཐལ་ལོ། །དོན་ལྟར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། ལམ་མིན་པར་ཐལ། ཐར་པར་བགྲོད་པའི་གོ་སྐབས་ཕྱེ་ཤུལ་མིན་པའི་ཕྱིར། མ་གྲུབ་ན། ཉན་ཐོས་ལ་ཐར་པ་ཡོད་པར་ཐལ། དེའི་ཕྱིར། འདོད་ན། ཉན་ཐོས་ལ་མྱང་འདས་མཚན་ཉིད་པ་ཡོད་པར་ཐལ་ལོ། །བར་ཆད་ཀྱི་ཆོས་ལ་ཡང་དག་པར་བརྒལ་བས། ཞེས་པར། བདུད་བཞིའི་ངོས་འཛིན་དང་བཅོམ་པའི་ས་མཚམས་དྲིས་པས། ཉེར་ལེན་གྱི་ཕུང་པོ་ལྔ་པོ་ཕུང་པོའི་བདུད་དང༌། དེ་ལྷག་མེད་མྱང་འདས་ནས་སྤངས། ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་རྣམས་ཉོན་མོངས་པའི་བདུད་དང༌། དེ་ལྷག་བཅས་ཀྱི་མྱང་འདས་ནས་སྤངས། ལས་དང་ཉོན་མོངས་པའི་དབང་གིས་འཆི་བ་དེ་འཆི་བདག་གི་བདུད། དེ་བསམ་གཏན་གྱི་རབ་མཐའ་ཐོབ་ནས་སྤངས། བདུད་དེ་གསུམ་ལས་འདའ་བ་ལ་བར་དུ་གཅོད་པའི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རིགས་སུ་གཏོགས་པ་གཅིག་ལ། ལྷའི་བུའི་བདུད་ཅེས་ཟེར། ཤེས་བྱ་ཆོས་ཅན། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པས་ཕུང་པོའི་བདུད་མ་སྤངས་པར་ཐལ། དམ་བཅའ་སྔ་མ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་སྤངས་པར་ཐལ། ཉེར་ལེན་གྱི་ཕུང་པོ་སྤངས་པའི་ཕྱིར་ཏེ། ཟག་བཅས་ཀྱི་ལས་ཉོན་སྤངས་པའི་ཕྱིར། ཁྱབ་པར་ཐལ། སྤང་བྱ་དེའི་ས་བོན་སྤངས་ན། སྤང་བྱ་དེ་སྤང་དགོས་པའི་ཕྱིར། རྟགས་འབུད། གཞན་ཡང༌། སྤང་བྱ་དེ་དང་མ་བྲལ་ན། དེ་མ་སྤངས་པས་ཁྱབ་པར་ཐལ། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དེས། ཕུང་པོའི་བདུད་མ་སྤངས་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པས་སྡུག་བདེན་མ་སྤངས་པར་ཐལ། དེ་དང་མ་བྲལ་བའི་ཕྱིར་ཏེ། དེ་དང་བཅས་པའི་ཕྱིར་ཏེ། དེ་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་དང་བཅས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་སྤངས་པར་ཐལ། ཁྱོད་ཀྱིས་སྡུག་བདེན་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། དེའི་རྒྱུ་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར་ཏེ། དགྲ་བཅོམ་ཡིན་པའི་ཕྱིར། གཞན་ཡང༌། དེ་ལས་ཀྱི་ཀུན་འབྱུང་མ་སྤངས་པར་ཐལ། དེ་དེ་དང་མ་བྲལ་བའི་ཕྱིར་ཏེ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་གསུངས་སོ། །ཟག་བཅས་ཀྱི་ལས་ཆོས་ཅན། ཉོན་མོངས་པའི་སྒྲིབ་པ་ཡིན་པར་ཐལ། ཉོན་མོངས་པའི་བདུད་ཡིན་པའི་ཕྱིར། རྟགས་སོ། འདོད་ན། མིན་པར་ཐལ། ལས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར་དང༌། ཡང་དེ་མིན་པར་ཐལ། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཀྱང་མིན། བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱང་མིན་པའི་ཕྱིར། དང་པོ་དེར་ཐལ། ཉོན་མོངས་མིན་པའི་ཕྱིར། དེས་ཀུན་ནས་བསླངས་པའི་ལས་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། ཤེས་སྒྲིབ་མིན་པའི་ཕྱིར། གཞན་ཡང༌། བསམ་གཏན་གྱི་རབ་མཐའ་ཐོབ་པའི་ཉན་ཐོས་སྒོམ་ལམ་པ་ཆོས་ཅན། འཆི་བ་མེད་པའི་གོ་འཕང་མངོན་དུ་བྱས་པར་ཐལ། འཆི་བདག་གི་བདུད་བཅོམ་པའི་ཕྱིར། འདོད་ན། ལྷག་མེད་དུ་མྱ་ངན་ལས་མི་འདའ་བར་ཐལ། ཁྱོད་མི་འཆི་བའི་ཕྱིར། འདོད་ན། དེར་ཐལ། ཐེག་ཆེན་དུ་རིགས་ངེས་པའི་ཕྱིར། གཞན་ཡང༌། དེ་འདྲའི་ཉན་ཐོས་སྒོམ་ལམ་པ་ཆོས་ཅན། ལས་ཉོན་གྱི་དབང་གིས་འཆི་བ་སྤངས་པར་ཐལ། འཆི་བདག་གི་བདུད་བཅོམ་པའི་ཕྱིར། འདོད་ན། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་སོགས་ཀྱིས་དེ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེའི་དབང་གིས་སྐྱེ་བ་སྤངས་པར་ཐལ། དེས་དེའི་དབང་གིས་འཆི་བ་སྤངས་པའི་ཕྱིར། བདུད་དེ་གསུམ་ལས་འདའ་བ་ལ་བར་དུ་གཅོད་བྱེད་ཀྱི་བདུད་ཆོས་ཅན། ལྷའི་བུའི་བདུད་མིན་པར་ཐལ། ལྷའི་བུའི་བདུད་སྤངས་པའི་གང་ཟག་གི་རྒྱུད་ལ། ཁྱོད་ཡོད་པའི་ཕྱིར། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཕུང་པོའི་བདུད་ལས་འདའ་བ་ལ་བར་དུ་གཅོད་བྱེད་ཀྱི་བདུད་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་ཕུང་པོའི་བདུད་ཡོད་པའི་ཕྱིར། ཐེག་ཆེན་གྱི་བདུད་བཞི་བཅོམ་པའི་ས་མཚམས་ལ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ་མོ། །ཐེག་ཆེན་གྱི་མཐོང་ལམ་ནས། ཉོན་མོངས་པ་དང༌། འཆི་བདག་གི་བདུད་བཅོམ། ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་ཞེས། མ་མཐའི་ས་མཚམས་དེ་འཇོག་ན། དེ་འདྲའི་བྱང་སེམས་སྦྱོར་ལམ་ཆོས་ཅན། བདུད་གཞན་གསུམ་ལས་འདའ་བ་ལ་བར་དུ་གཅོད་པའི་བདུད་སྤངས་པར་ཐལ། ལྷའི་བུའི་བདུད་སྤངས་པའི་ཕྱིར། འདོད་ན། འཆི་བདག་གི་བདུད་ལས་འདའ་བ་ལ་བར་དུ་གཅོད་བྱེད་ཀྱི་བདུད་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་མོངས་པའི་བདུད་སྤངས་པར་ཐལ། འདོད་པའི་ཕྱིར། དེ་འདྲའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། ཉོན་ཡིད་སྤངས་པར་ཐལ། ཉོན་མོངས་པའི་བདུད་སྤངས་པའི་ཕྱིར། འདོད་ན། དེ་མ་སྤངས་པར་ཐལ། དེ་མ་དག་པའི་སའི་བྱང་སེམས་ཡིན་པའི་ཕྱིར། དེ་ཆོས་ཅན། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སྤངས་པར་ཐལ། འཆི་བདག་གི་བདུད་སྤངས་པའི་ཕྱིར། ཁྱབ་པར་ཐལ། རྒྱུད་བླ་མར། བསམ་མི་ཁྱབ་བཀུར་འཆི་འཕོ་ཡིས། །དེ་ནི་མི་འཆི་བརྟན་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། མ་རིག་བག་ཆགས་ཀྱི་ས་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ས་བརྒྱད་པ་ཆོས་ཅན། གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་ཐལ། ཕུང་པོའི་བདུད་བཅོམ་པའི་ཕྱིར། ཁྱབ་པར་ཐལ། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་གཙང་བ་ཡིན། །ཞེས་གསུངས་པའི་ཕྱིར། རྣམ་བཅད་པའི་ཕྱོགས་ལ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་མཐོང་ལམ་ནས་ཕུང་པོའི་བདུད་མ་བཅོམ་པར་ཐལ། དེའི་མ་མཐའི་ས་མཚམས་དེ་ལྟར་འཐད་པའི་ཕྱིར། འདོད་ན། བཅོམ་པར་ཐལ། ཐེག་ཆེན་དགྲ་བཅོམ་པའི་སྤངས་པ་རྫོགས་པའི་ཕྱིར། དར་ཊཱིཀ་པ་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་བསླབ་ལམ་ན། བདུད་བཞི་བཅོམ་པ་མེད་པར་འདོད་དོ། །ཐབས་མཁས་ཀྱི་སྦྱོར་བ་དང༌། བདུད་བཞི་བཅོམ་པའི་གཞི་མཐུན་མེད་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཡོད་པར་ཐལ། དགྲ་རྣམས་ལས་འདས་པའི་ཐབས་མཁས་སྦྱོར་བ་ཡོད་པའི་ཕྱིར། ཐབས་ལ་མཁས་པའི་སྦྱོར་བ་བཅུ་གཅིག་གྲུབ་པའི་ཕྱིར། ཚིག་ཕྲེང་སྨིག་རྒྱུའི་ཆུ་གཏེར་ཉམས་དགའ་བར། །ཆོས་བརྒྱད་རྒྱུ་མའི་རྦ་རླབས་གཡོ་གང་དེར། །རྣམ་དཔྱོད་མིག་ཉམས་ཆུ་སྐྱར་རྒན་པོ་དེ། །སྲིད་པའི་ཞགས་པས་བཅིངས་པ་མང་མཐོང་ཚེ། །རྣམ་དཔྱོད་བཤོག་ཡངས་སྤྱོད་པའི་ངང་མོ་དག །སྡེ་སྡོད་མང་དུ་ཤེས་པའི་ངར་སྒྲ་ཡིས། །དགག་སྒྲུབ་བདུད་རྩིའི་རྒྱ་མཚོ་ཉམས་དགའ་བར། །རྩེ་ཞིང་རོལ་པའི་ཀུན་དགའ་ཨེ་མ་མཚར། །ཐལ་ངག་དབང་པོའི་ཕྲེང་བ་ལས། །སྐབས་བཞི་པའི་རྣམ་པར་བཤད་པའོ།།  །།བཀྲ་ཤིས།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*