༼པ༽༄༅། །ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།
ཨོཾ་སྭསྟི་སིདྡྷཾ། སྟོན་པ་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང༌། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་བསྟན་བཅོས་རྣམས་དང༌། གྲུབ་པའི་དབང་ཕྱུག་མང་པོ་པ་དག་གི་གསུང་རབས་ལ་འཇུག་པའི་སྒོ་མ་ནོར་བ་ཉིད་དུ་རྣམ་པར་དབྱེ་བའི་ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས་བྱ་བའི་བསྟན་ཆོས། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །རྣམ་སངས་རྒྱས་པའི་ཐུབ་ཁོ་ན། །ཆོས་སྨྲ་ཀུན་གྱི་མགོན་དང་ནི། །དཔལ་དུ་གྲུབ་པ་འདི་ཡ་མཚན། །གང་ཡང་འདི་ན་ཆོས་དང་སྲིད་ཀྱི་ངོ་མཚར་ལྟད་མོ་སྣ་ཚོགས་མངོན་པར་སྟོན་པའི་རིག་བྱེད་རྣམ་བཞིའི་བྱེད་པོར་ཁས་ལེན་གྱུར་པའི་དྲང་སྲོང་རྒྱས་པ་དེས་ཀྱང་ཟབ་མོའི་ཆོས་ཀྱི་དེ་ཉིད་གང་འདི་ངེས་པར་མ་བསམས་ཚུ་རོལ་ཉིད་ཀྱི་མཐའ་ལ་གནས། །ཚུ་རོལ་སྲིད་པ་ཉིད་ལ་མངོན་པར་དགའ་བའི་སྲེད་པ་བཏང་ནས་གང་ཟག་དང་ནི་ཆོས་འགའ་ཡི་ཡང་བདག་མེད་གནས་ལ་གདེང་ཐོབ་གྱུར་པ་དེ་དག་གིས་ཀྱང་རྒྱ་ཆེའི་ཆོས་ཀྱི་ཁང་བཟང་དེར་ཞུགས་ཡོད་མིན་པས་ན་ཕ་རོལ་ཉིད་ཀྱི་འགྲམ་ལ་གནས། །སྣ་ཚོགས་སྒྱུ་མའི་རྣམ་རོལ་གྱི་ནི་སྟོབས་ལྡན་དྲེགས་པའི་ཁེངས་པ་འཕྲོག་བྱེད་འཇུག་པ་རྣམ་བཅུའི་གར་མཁན་དེས་ཀྱང་ཟབ་དང་རྒྱ་ཆེའི་ཚུལ་འདི་མ་བསམས་ཁོ་ནར་མ་ཟད་སྲིད་ཞིའི་དབང་ཕྱུག་ཉིད་དུ་ཁས་ལེན་དེ་ཡང་ཡིད་ཀྱི་ཤིང་རྟའི་ཁྱིམ་དུ་ཉལ། །བདག་ལྟའི་རི་བོས་ནོན་པ་མིན་པའི་ཆོས་འདི་དང་ནི་རིགས་པའི་གནས་གཞན་མང་པོ་དག་གི་དྲེགས་པས་མྱོས་གང་ཀུན་གྱིས་ཕྱག་བྱས་ཁོ་བོའི་སྟོན་པ་སྣ་ཚོགས་འབྱིན་བྱེད་གསེར་གྱི་པདྨའི་མངལ་ཅན་དང་མཚུངས་ཚངས་པའི་འཁོར་ལོ་རིགས་པར་བསྐོར་མཛད་དེ་ལ་ཕྱག་བགྱིའོ། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ཀྱི་རྣམ་བཞག་མ་ནོར་བར། །སྟོན་མཛད་ཐུབ་པ་ཉིད་དང་ནི། །འཛམ་གླིང་མཛེས་པའི་རྒྱན་དྲུག་པོ། །དེ་ཡི་སྲོལ་ཆེན་ཕལ་ཆེ་བ། །མ་ཉམས་གྲུབ་དང་འཆད་མཁས་ནི། །གངས་ཅན་ལྗོངས་འདིར་སྔོན་བྱོན་པ། །མང་ཞིག་དག་པའི་ཞིང་གཞན་དུ། །གཤེགས་ནས་འདི་ན་རིང་ཞིག་ལོན། །དིང་སང་ཕྱིས་བྱུང་གཏམ་མང་པོ། །དག་དང་བསྲེས་ནས་གང་སྨྲ་བ། །མ་འདྲེས་གསལ་བར་བྱ་དོན་དུ། །ཆོས་ཚན་བརྒྱ་དང་བརྒྱད་པ་ཞེས། །རྣམ་པར་གྲགས་པའི་ལྡེ་མིག་གིས། །ཆོས་འཁོར་གནད་ཀྱི་སྒོ་གསུམ་པོ། །རིགས་པར་ཕྱེ་བ་འདི་ཡིན་ནོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། ཐོག་མར་ནི། །ན་མོ་བུདྡྷ་ཡ། ཕ་རོལ་ཕྱིན་པའི་འབྲས་བུ་ཡི། །མཐར་ཐུག་ཆོས་ཀྱི་སྐུ་ཡིན་ཏེ། །ཡོན་ཏན་ཀུན་དང་དབྱེར་མེད་པའི། །ཡེ་ཤེས་ཆོས་དང་ཆོས་ཉིད་སྐུ། །གཞན་སྣང་གཟུགས་ཀྱི་སྐུ་གཉིས་པོ། །ཀུན་རྫོབ་དང་ནི་སེམས་ཅན་གྱི། །རྣམ་པར་ཤེས་པས་བསྡུས་སོ་ཞེས། །གསུང་བ་རྗེ་བཙུན་བྱམས་པའི་གཞུང༌། །སྒྲིབ་ཀུན་སྤངས་པའི་ཆོས་ཀྱི་དབྱིངས། །སྟོང་ཉིད་ཁོ་ན་ཆོས་སྐུ་དང༌། །སྨོན་ལམ་དང་ནི་བསོད་ནམས་ཀྱིས། །ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ། །སངས་རྒྱས་རང་དང་སེམས་ཅན་གྱི། །ཤེས་རྒྱུད་ཀྱིས་ཀྱང་བསྡུས་མིན་པ། །ཟླ་བའི་མཚན་དང་ཞི་བ་ལྷའི། །རྩོད་བྲལ་གཞུང་དུ་གསལ་བར་གསུངས། །ཐེག་མཆོག་རྩེ་མོར་འབྲས་བུ་ཡི། །མཐར་ཐུག་ཟུང་འཇུག་ལོངས་སྤྱོད་རྫོགས། །སངས་རྒྱས་ཉིད་ཀྱི་སས་བསྡུས་པ། །ཁོ་ནར་མ་ཟད་གཞན་སྣང་དུ། །རྣམ་བཅས་བློ་ལ་གང་ཤར་བ། །དེ་ཡང་ཀུན་རྫོབ་སྒྱུ་མའི་སྐུ། །ཉམས་ལེན་བྱེད་པོའི་ཡེ་ཤེས་དང༌། །གཉིས་སུ་མེད་པ་ཁོ་ནའོ། །འདི་ནི་འཕགས་སྐོར་འཆད་པོ་འགའ། །རྫོགས་སངས་རྒྱས་ལ་རང་རྒྱུད་ཀྱིས། །བསྡུས་པའི་ཡེ་ཤེས་མེད་པ་ཉིད། །ཐད་སོར་བཞག་ནས་འབྲས་བུ་ཡི། །མཐར་ཐུག་ཟུང་འཇུག་ལོངས་སྤྱོད་རྫོགས། །ས་བཅུ་པ་ལ་འཆད་པ་ནི། །དཔའ་བར་འགྲོ་བའི་མདོ་སོགས་ཀྱི། །རྗེས་སུ་འབྲངས་ནས་འཆད་ཅེས་གསུངས། །དེ་འདྲ་སློབ་པའི་ཟུང་འཇུག་ཏུ། །སྲིད་ཀྱང་མི་སློབ་པ་ཡི་མིན། །འོད་གསལ་བ་དང་ཟུང་འཇུག་པ། །གཉིས་ཀ་མེད་པར་དགག་པ་ལས། །གཞན་དུ་འཇོག་ཚུལ་མ་རྙེད་པས། །རིམ་པ་ལྔ་ཡི་རྣམ་གཞག་ཉམས། །ངག་གི་དབང་ཕྱུག་གྲགས་པ་ཡིས། །བཤད་པ་ཇི་བཞིན་ཁ་སྦྱོར་གྱི། །ཡན་ལག་བདུན་དང་ལྡན་པ་ནི། །སྔགས་ཀྱི་འབྲས་བུའི་མཐར་ཐུག་གོ། །།ཤུབྷཾ།། ༄། །ན་མོ་དྷརྨཱ་ཡ། བསྟན་པའི་སྙིང་པོ་སྡོམ་པ་གསུམ། །རིམ་པར་མནོས་པས་ལྡན་ཚུལ་ནི། །གནས་གྱུར་ངོ་བོ་གཅིག་པ་དང༌། །ཟིལ་གནོན་རྫས་གཞན་མ་ཉམས་པར། །འདོད་པའི་ལུགས་སོ་གནས་གྱུར་ནི། །རྗེ་བཙུན་གྱིས་གསུངས་པཎ་ཆེན་ནི། །ངོ་བོ་གཅིག་པར་བཞེད་པ་ཡང༌། །ལུང་དང་རིགས་པའི་སྟོབས་ཀྱི་གྲུབ། །ལུགས་དེ་ཅུང་ཟད་རྒྱས་བཤད་ན། །གནས་ཞེས་བྱ་བ་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་ལས་ལོགས་ཤིག་ཏུ། །འཆད་ན་མཁས་པའི་བཤད་པ་མིན། །གྱུར་པ་ཞེས་བྱ་གནས་སྐབས་སྐྱོན། །བྲལ་ནས་ཡོན་ཏན་གོང་འཕེལ་ལ། །འཆད་པ་ཤིང་རྟའི་སྲོལ་གཉིས་ཀྱི། །གཞུང་ལས་གསལ་བར་གསུངས་དེའི་ཕྱིར། །རྣམ་བྱང་ཡོན་ཏན་ཇི་སྙེད་ཀྱི། །གནས་ནི་ཆོས་དབྱིངས་ཡེ་ཤེས་ཏེ། །དེ་གོམས་པ་ལས་གོམས་པ་པོའི། །སེམས་ཀྱི་ངོ་བོ་ཉིད་དུ་འགྱུར། །སོ་ཐར་དགེ་སློང་སྡོམ་པ་ནི། །ལྡན་པས་ཐེག་ཆེན་སེམས་བསྐྱེད་ཚེ། །ངེས་འབྱུང་ལྷག་མེད་དོན་གཉེར་གྱི། །སེམས་པ་སྤངས་ནས་རྫོགས་པ་ཡི། །བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར། །དེ་ནས་རྡོ་རྗེ་སེམས་དཔར་ནི། །དབང་བསྐུར་པ་ལས་སྐྱེས་དེ་གསུམ། །ངོ་བོ་གཞན་མིན་པའི་སྒྲུབ་བྱེད། །སེམས་ཅན་ཀུན་ཀྱང་རྣམ་ཤེས་དང༌། །ཡེ་ཤེས་རྒྱུད་རེ་རེ་བར་ངེས། །གསུམ་པོ་ངོ་བོ་གཅིག་པའི་ཕྱིར། །གཞི་མཐུན་ཉིད་དུ་འགྱུར་ཞེ་ན། །གསུམ་ཀ་གནས་པའི་ཤེས་རྒྱུད་དེར། །འགལ་ཕྱིར་གཞི་མཐུན་སྲིད་མ་ཡིན། །ཅི་ཕྱིར་ཞེ་ན་འཐོབ་བྱེད་ཀྱི། །རྒྱུ་དང་ཐོབ་པའི་ངོ་བོ་དང༌། །གཏོང་རྒྱུ་འགལ་བ་ཉིད་ཕྱིར་ཏེ། །དུས་འདིར་དགེ་སློང་ཐོབ་བྱེད་རྒྱུ། །མངོན་གྱུར་བཅུ་ལས་གཞན་མེད་ལ། །སེམས་བསྐྱེད་པ་དང་སྔགས་ཀྱི་སྡོམ། །འཐོབ་བྱེད་དེ་ལས་གཞན་དུ་ངེས། །དགེ་སློང་ཡང་ནི་དེ་དག་གི །འཐོབ་བྱེད་རྒྱུ་ལས་སྐྱེ་མི་སྲིད། །ཐོབ་པའི་ངོ་བོ་ལུས་ངག་གི །རྗེས་འབྲང་དང་ནི་ཡིད་ཁོ་ནའི། །རྗེས་སུ་འབྲང་དང་ཡེ་ཤེས་ཀྱི། །དབང་དུ་བྱས་པ་ཉིད་ཡིན་ཕྱིར། །གཏོང་རྒྱུ་ཡང་ནི་སྨོན་པའི་སེམས། །བཏང་བས་གོང་མ་གཉིས་གཏོང་ཡང༌། །དགེ་སློང་སྡོམ་གཏོང་མིན་ཕྱིར་དང༌། །འདུལ་བར་གྲགས་པའི་ཕམ་པ་བཞི། །གོང་མར་གནང་བའི་སྐབས་སྲིད་ཀྱང༌། །འོག་མར་གནང་བའི་སྐབས་ཡོད་མིན། །འོ་ན་དེ་དག་ཕན་ཚུན་དུ། །གཏོང་རྒྱུར་ཐལ་བ་མིན་ནམ་ཞེས། །ཟེར་ན་དགག་བྱ་དགོས་པ་དག །གཙོ་བོ་གང་ཆེའི་དབང་བྱས་ཚེ། །བྱང་ཆུབ་སེམས་དཔའི་དགོས་པ་ཡིས། །སོ་ཐར་དགག་བྱ་མི་ཁེགས་པ། །སྲིད་མོད་སྡོམ་པ་གོང་འོག་དག །ཕན་ཚུན་གཏོང་རྒྱུར་སོང་བས་མིན། །གསུམ་ལྡན་ཤེས་རྒྱུད་གཅིག་ཉིད་ལ། །སྡོམ་གསུམ་ལྡོག་པ་ཐ་དད་ཀྱང༌། །རྫས་ནི་ཤེས་རྒྱུད་གཅིག་པོ་ཉིད། །ཡོན་ཏན་དུ་མའི་རྟེན་ཡིན་ནོ། །སྡོམ་གསུམ་ལ་སོགས་ཆོས་རྣམས་ཀུན། །དོན་དམ་ངོ་བོ་གཅིག་གྱུར་ཀྱང༌། །གཞི་མཐུན་མེད་ཕྱིར་ཀུན་རྫོབ་ཏུ། །ངོ་བོ་གཅིག་པར་འགལ་ཞེ་ན། །མི་འགལ་བུམ་སོགས་རགས་པ་དང༌། །དེ་རྩོམ་བྱེད་པའི་རྡུལ་ཕྲན་ནམ། །ནགས་ཚལ་ཕྲེང་བ་དམག་སོགས་ཀྱི། །མཐུན་པའི་དཔེ་ལས་རིགས་པར་ཤེས།། །།ཤུ་བྷཾ།། །། ༄། །ན་མཿསཾ་གྷཱ་ཡ། དཀོན་མཆོག་གསུམ་པོ་རེ་རེ་ལ། །ཀུན་རྫོབ་དང་ནི་དོན་དམ་དང༌། །རྒྱུ་དང་འབྲས་བུའི་སྐྱབས་གཉིས་སུ། །འབྱེད་པ་བྱམས་པའི་གཞུང་དུ་བྱུང༌། །ཟླ་གྲགས་ཀུན་རྫོབ་མ་གཏོགས་པའི། །དོན་དམ་སྐྱབས་གནས་ཁས་མི་ལེན། །འོན་ཀྱང་འཇིག་རྟེན་ལ་གྲགས་བཞིན། །གནས་སྐབས་བདེན་པ་གཉིས་སུའང་དབྱེ། །འདུལ་བར་གྲགས་པའི་དཀོན་མཆོག་གསུམ། །ཀུན་རྫོབ་གྲགས་པ་ཙམ་ལ་ནི། །གཙོ་བོར་བཟུང་ནས་སྐྱབས་འགྲོ་བའི། །ཤེས་བྱེད་དོན་དམ་པ་ལ་འཆད། །སྔགས་ཀྱི་སྒྲུབ་པ་ལ་ཞུགས་ནས། །རང་བཞིན་ཆོས་སྐུ་མ་གཏོགས་པའི། །ཆོས་གཞན་ཡོད་པར་མི་བཞེད་ན། །དཀོན་མཆོག་གསུམ་པོ་སྨོས་ཅི་དགོས། །ཁྱད་པར་དམ་ཆོས་འཆད་པོ་དང༌། །བཤད་བྱའི་ཆོས་དང་ཉན་པོ་དང༌། །སྒྲུབ་པ་པོ་ཡང་ང་ཉིད་ཅེས། །བཤད་ཕྱིར་དོན་དམ་པ་ཁོ་ན། །དེ་ཕྱིར་རྡོ་རྗེའི་ཐེག་པར་ནི། །སངས་རྒྱས་དང་ནི་སེམས་ཅན་དང༌། །བྱང་ཆུབ་སེམས་དཔའ་ཇི་སྙེད་པ། །ཆོས་དབྱིངས་ཡེ་ཤེས་ལས་གཞན་མིན། །འོན་ཀྱང་གློ་བུར་དྲི་མ་ཡིས། །དག་དང་མ་དག་པ་ཉིད་དང༌། །དག་མ་དག་པའི་དབྱེ་བ་ཡིས། །སྐྱབས་དང་སྐྱབས་སུ་འགྲོ་བོར་དབྱེ། །མདོར་ན་རིག་པ་འཛིན་པ་ཡི། །དགེ་འདུན་དོན་དམ་པ་ཉིད་དེ། །ཚོགས་ཀྱི་འཁོར་ལོའི་དགེ་འདུན་ནི། །ཉན་ཐོས་སོགས་དང་ཁྱད་པར་ཆེ། །ཞེས་བྱ་བ་འདི་གྲུབ་པའོ།། །།ཤུ་བྷཾ།། །། ༄། །ན་མོ་གུ་ར་ཝེ། ལམ་ཟབ་བླ་མའི་རྣལ་འབྱོར་གྱི། །རྒྱུན་གྱི་ཉམས་ལེན་བྱེད་པའི་ཚེ། །སྒྲུབ་པ་པོ་དང་སྒྲུབ་བྱ་དང༌། །སྒྲུབ་པའི་བླ་མ་གསུམ་ཀ་ཡང༌། །འབྲས་བུའི་རྡོ་རྗེ་འཛིན་ཉིད་དུ། །མཚུངས་ན་གང་གིས་གང་ཞིག་སྒྲུབ། །གང་ལ་གང་གིས་ཞེན་པ་སྤོང༌། །གང་གིས་གང་ལ་དངོས་གྲུབ་ལེན། །སྙམ་ན་གཞན་རྐྱེན་བྱིན་རླབས་དང༌། །གཞི་དུས་རང་བཞིན་རྣམ་དག་དང༌། །ཉམས་ལེན་ཐབས་ཀྱི་སྒྲུབ་པོ་ཡང༌། །རྣམ་པ་ལྷག་པའི་ལྷར་བཞེངས་པའི། །བློ་ནི་ལོག་པར་མི་བསམ་སྟེ། །ཞེན་པས་ཞུགས་ནས་འབྲེལ་པ་ཡིས། །འཇུག་པའི་ཡུལ་ལ་མི་བསླུ་བ། །ཚད་མ་ཉིད་དུ་འཆད་ཕྱིར་རོ། །སྒྲུབ་པོས་རང་ཉིད་ལམ་དུས་ཀྱི། །དགྱེས་པ་རྡོ་རྗེའི་སྐུར་བཞེངས་ནས། །འབྲས་དུས་རྡོར་འཛིན་ཉིད་དུ་ནི། །ཞེན་པར་མི་བྱེད་དེ་ཡི་ཚེ། །བླ་མ་ཉེས་པ་ཀུན་བྲལ་ཞིང༌། །ཡོན་ཏན་མ་ལུས་རྫོགས་པ་ཡི། །འབྲས་དུས་རྡོ་རྗེ་འཛིན་ཉིད་དུ། །ཚད་མས་ཤེས་ནས་དངོས་གྲུབ་ལེན། །ཚད་མ་ཡིད་ཆེས་ལུང་ལས་ཏེ། །བསྟན་ཆོས་སློབ་དཔོན་ཚད་མ་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག །ཅེས་པ་སྐབས་འདིར་ལུང་ཉིད་ཕྱིར། །སྒྲུབ་པ་པོ་ལ་མཚུངས་མིན་ཏེ། །རང་གི་ཤེས་རྒྱུད་མངོན་སུམ་དུ། །གྱུར་དང་བླ་མའི་ཐུགས་རྡོ་རྗེ། །ལྐོག་ཏུ་གྱུར་པ་ཉིད་ཕྱིར་རོ། །རྣམ་ཤེས་དག་པར་མ་གྱུར་པའི། །སྒྲུབ་པ་པོ་དེས་མ་དག་ལུས། །སྦྱང་རྟོགས་སྦར་གསུམ་གྱིས་བསྒྲུབ་པ། །དེ་ཚེ་ཞེན་པ་སྤངས་ཞེས་བཤད། །ཞེན་པ་དེ་ཡང་གང་ཞེ་ན། །ཚོགས་པའི་ལུས་ལ་གང་ཟག་གི །བདག་ཏུ་ཞེན་དང་ཆ་ཤས་ལ། །ཆོས་ཀྱི་བདག་ཏུ་ཞེན་པའོ། །ལམ་དུས་དགྱེས་པ་རྡོ་རྗེ་ཡིས། །འབྲས་དུས་དགྱེས་པ་རྡོ་རྗེ་ལས། །དབང་བཞི་པོ་དང་ཐུན་མོང་གི །དངོས་གྲུབ་བླངས་ནས་དེ་བསྒྲུབ་བྱ། །ཞེས་བྱ་བ་འདི་གྲུབ་པའོ། །དཀོན་མཆོག་གསུམ་དང་བླ་མ་ཡི། །རྣམ་བཞག་ངོས་འཛིན་ཚིག་ལེའུར་བྱས། །ཆོས་ཚན་བརྒྱ་དང་བརྒྱད་པོ་ཡི། །ཐོག་མར་དགེ་བ་འདི་བཟུང་བྱ། །དགེའོ།། །། ༄། ཟབ་རྒྱའི་སྙིང་པོ་བསྡུས་པ་རིན་ཆེན་གཏེར་མཛོད་ཆོས་ཚན་བརྒྱད་པ་ཅེས་བྱ་བ་བཞུགས་སོ།། ༄༅། །ན་མོ་མཉྫུ་བཛྲཱ་ཡ། དབུ་མ་ཆེན་པོའི་ངོས་འཛིན་ལ། །འཕགས་པའི་ཡུལ་དང་བོད་འདིར་ཡང༌། །རང་རང་བློ་ཡིས་ཉེར་བརྟགས་པའི། །འདོད་ཚུལ་མི་མཐུན་འདིར་བསམ་བྱ། །སློབ་དཔོན་ཟླ་བ་གྲགས་པ་ནི། །སྟོང་པ་ཉིད་ཅེས་བྱ་བའི་ཆོས། །གཞན་གྱིས་གསལ་བར་མ་བཤད་ཕྱིར། །རང་གཞུང་དབུ་མ་ཆེ་ཞེས་ཟེར། །འཕགས་པ་ཐོགས་མེད་མཆེད་བཅས་ནི། །ཐལ་རང་གཞུང་གི་སྟོང་པ་ཉིད། །ཉམས་སུ་མྱོང་བྱར་མི་རུང་ཕྱིར། །ཆད་སྨྲ་ཉིད་དུ་ལྟུང་ཞེས་གསུང༌། །ཐལ་རང་སྨྲ་རྣམས་བྱམས་ཆོས་དང༌། །འཁོར་ལོ་གསུམ་པའི་ངེས་དོན་ལ། །སེམས་ཙམ་པ་ཞེས་སྒྲོ་བཏགས་ནས། །ནམ་ཡང་དབུ་མར་མི་རུང་ཟེར། །མཻ་ཏྲི་པ་སོགས་ཐལ་རང་གི །དབུ་མས་མཚན་འཛིན་འགོག་པའི་ཕྱིར། །དབུ་མ་འབྲིང་པོ་ཙམ་ཞིག་སྟེ། །དབུ་མ་ཆེན་པོ་སྔགས་ལ་འཆད། །བོད་འགའ་དབུ་མ་ཐལ་འགྱུར་བ། །མ་གཏོགས་སྔགས་ཀྱི་དབུ་མ་མེད། །ཐལ་འགྱུར་རིགས་པས་མ་བཙལ་ན། །སྔགས་ཀྱི་དབུ་མ་མི་རྟོགས་ཟེར། །དེ་དག་རིམ་བཞིན་བརྟག་བྱ་བ། །རིགས་པས་གཏན་ལ་ཕབ་པ་ཡི། །སྟོང་པ་ཉིད་དང་འཕགས་བློ་ཡིས། །ཉམས་སུ་མྱོང་བྱའི་སྟོང་ཉིད་ཅེས། །ཚད་ལྡན་རྩོད་པ་ཀུན་བྲལ་བའི། །མདོ་རྒྱུད་གཞུང་མང་རབ་ལས་གསུངས། །དང་པོ་ཕུང་པོ་རྣམ་བཅད་དང༌། །གཉིས་པ་རྣམ་ཀུན་མཆོག་ལྡན་ནོ། །རྣམ་གྲོལ་མངོན་དུ་བྱེད་པ་ལ། །སྟོང་ཉིད་དང་པོ་གཙོ་ཆེ་སྟེ། །ཡོན་ཏན་ཡོངས་སུ་རྫོགས་པ་ལ། །རྣམ་ཀུན་མཆོག་ལྡན་གཙོ་བོར་བཞེད། །སྟོང་ཉིད་ཅེས་བྱ་མེད་དགག་ལས། །གཞན་མི་བཞེད་པ་ཐལ་རང་གཞུང༌། །རྣམ་རྟོགས་གིས་སྟོང་ཡེ་ཤེས་ལ། །འཆད་པ་ཆོས་འཁོར་གསུམ་པའི་ལུགས། །ལུང་ལས་དབུ་མ་རྣམ་གསུམ་སྟེ། །རྣལ་འབྱོར་སྤྱོད་དང་ཐལ་རང་དུ། །གྲགས་དང་སྔགས་ཀྱི་དབུ་མ་ཞེས། །འདི་གསུམ་བརྟག་པ་གཉིས་པར་བཤད། །དང་པོ་བྱམས་པའི་གཞུང་ལས་ཏེ། །གཞན་སྟོང་གཉིས་མེད་ཡེ་ཤེས་སོ། །གཉིས་པ་ཀླུ་སྒྲུབ་གཞུང་ལས་ཏེ། །རང་སྟོང་མེད་པར་དགག་པའོ། །གསུམ་པ་གསང་སྔགས་བླ་མེད་ལས། །བདེ་སྟོང་ཟུང་དུ་འཇུག་ཅེས་བཤད། །ངོ་བོ་ཉིད་མེད་སྨྲ་བ་ལས། །གཞན་པའི་དབུ་མ་པ་མེད་ན། །གཞི་ལམ་འབྲས་བུ་ཐམས་ཅད་དུ། །ཟུང་འཇུག་ཅེས་བྱ་འཆད་མི་ནུས། །སྔགས་ཀྱི་དབུ་མར་གཟུང་འཛིན་གཉིས། །བཀག་ནས་ལྷན་སྐྱེས་ཉམས་མྱོང་ཕྱིར། །ཐོགས་མེད་མཆེད་ཀྱི་དབུ་མ་ཡང༌། །དེ་ལས་གཞན་དུ་བཤད་མི་ནུས། །མདོར་ན་གཞུང་ལུགས་གང་གང་དུ། །ཉམས་སུ་མྱོང་བྱའི་སྟོང་ཉིད་དང༌། །དེ་རྟོགས་བྱེད་པའི་ཐབས་གཉིས་ཀ །གང་དུ་ཡོད་དེ་དབུ་མ་ཆེ། །ཐབས་ལ་རྣམ་པ་གཉིས་བཤད་དེ། །ཕ་རོལ་ཕྱིན་པར་ཐོས་བསམ་དང༌། །ཚུལ་ཆེན་ཐེག་པར་དབང་བསྐུར་དང༌། །ལུས་ཀྱི་བྱེད་པ་བཅིངས་སོགས་སོ། །སྔགས་ཀྱི་རྒྱུད་དང་བསྟན་བཅོས་དང༌། །མན་ངག་གཞུང་ལུགས་སོ་སོར་ཡང༌། །གཉིས་ཀ་གསལ་བར་གསུངས་པའི་ཕྱིར། །དབུ་མ་ཆེ་ལ་རྩོད་པ་མེད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོར་ཡང༌། །མཚན་འཛིན་འགོག་པའི་རིགས་པ་དང༌། །མཚན་མེད་ཡེ་ཤེས་གཉིས་བསྟན་ཕྱིར། །བྱམས་པའི་གཞུང་ལྔ་དབུ་མ་ཆེ། །སྔགས་དང་ཁྱད་པར་ཅི་ཡོད་ན། །ཐབས་ལ་ཟབ་དང་མི་ཟབ་དང༌། །དུས་རིང་བ་དང་མྱུར་བ་དང༌། །མྱོང་བྱ་བཟང་ངན་ཁྱད་པར་རོ། །ངོ་བོ་ཉིད་མེད་སྨྲ་གཞུང་དུ། །རིགས་པས་གཏན་ལ་གང་ཕེབས་པ། །དེ་ཉིད་མྱོང་བྱར་བསྟན་ཏོ་ཞེས། །གངས་ཅན་འདི་ན་དབུ་མ་པར། །གྲགས་པ་དེ་ཀུན་མཐུན་པར་སྨྲ། །དེ་དག་དེ་གཞུང་དང་མི་མཐུན། །རྟོགས་བྱ་ཅི་ཡང་མ་རྙེད་པ། །དེ་ལ་རྗེས་ཀྱི་ཤེས་པ་ཡིས། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །འདི་ནི་ཕར་ཕྱིན་རྐྱང་པ་ཡིས། །ལམ་བགྲོད་ཚེ་ན་དབུ་མ་ཆེ། །སྔགས་སུ་ཐོས་བསམ་གྱིས་ཤེས་པའི། །སྟོང་ཉིད་དུག་ཅན་ལྟ་བར་བཤད། །སྔགས་པས་རིགས་པའི་ཚོགས་གཞུང་ལ། །དབུ་མ་ཆེན་པོར་འཆད་པའི་ཚེ། །བསྟོད་པའི་ཚོགས་ཀྱི་ངེས་དོན་དང༌། །སྦྲེལ་ནས་བཤད་ན་ལེགས་པར་འགྱུར། །རྒྱུད་བླར་ཐོས་བསམ་རིགས་པ་དང༌། །རིགས་པའི་ཚོགས་སུ་མྱོང་བྱ་དག །གསལ་བར་བཤད་པ་མེད་པའི་ཕྱིར། །ཇི་ལྟར་དབུ་མ་ཆེ་ཞེ་ན། །རིགས་པས་དཔྱད་པའི་སྟོང་པ་ཉིད། །མྱོང་བྱར་བྱས་ན་དུག་ཅན་ཡང༌། །མྱོང་བྱེད་རྟོག་པའི་ངོར་སོང་བ། །མྱོང་བ་མཆོག་ཅེས་ཐ་སྙད་འདོགས། །རྒྱུད་བླར་སྟོང་ཉིད་སྟོན་པ་ཡི། །རིགས་པ་འདི་ལ་བསལ་བྱ་དང༌། །ཡང་དག་མཐའ་ནི་ཞེས་སོགས་ཀྱིས། །གཞན་སྟོང་ཚུལ་དེ་གསལ་བར་བཤད། །རྟོགས་བྱ་དྲི་བཅས་དེ་བཞིན་ཉིད། །ཅེས་པའི་མིང་ཅན་ཟག་མེད་ཀྱི། །ཡེ་ཤེས་ཉིད་ལ་བཤད་པས་ན། །དབུ་མ་ཆེ་ལ་རྩོད་པ་མེད། །འདི་ཡི་རྩ་འགྲེལ་ཐལ་འགྱུར་གྱི། །ལུགས་ཞེས་ཟེར་བ་འཆོལ་བའི་གཏམ། །འདིར་ཟག་མེད་ཡེ་ཤེས་ལ། །རིགས་པའི་དཔྱད་པ་ཅི་བྱས་ཀྱང༌། །དོན་དམ་ཉིད་དུ་གནས་པར་བཞེད། །ཐལ་འགྱུར་བས་ན་རང་སྟོང་ཟེར། །ཟླ་བས་སོ་སོར་རང་རིག་གི །ཡེ་ཤེས་མོ་གཤམ་བུ་འདྲར་བཤད། །འདིར་ནི་སོ་སོར་རང་རིག་གི །ཡེ་ཤེས་ལམ་གྱི་མཆོག་ཏུ་བཞེད། །ཟླ་བས་མི་གནས་མྱང་ངན་འདས། །ཀུན་རྫོབ་བདེན་ཞེས་གསལ་བར་བཤད། །རིགས་པའི་ཚོགས་སུ་ཡེ་ཤེས་ཀྱི། །མྱོང་བྱ་དངོས་སུ་མ་བཤད་པ། །འདི་ལ་འཕགས་དང་བོད་ཡུལ་དུ། །རྣམ་པར་རྟོག་པ་མང་ཞིག་བྱུང༌། །ཆོས་གྲགས་ཞི་འཚོ་ལ་སོགས་པ། །འཕགས་བློ་རང་གིས་རང་རིག་འདོད། །ལེགས་ལྡན་འབྱེད་ཀྱིས་རང་རིག་པ། །འགོག་ཀྱང་འཕགས་བློ་རྒྱུན་མི་ཆད། །ཡེ་ཤེས་སྙིང་པོ་འཕགས་པའི་བློ། །དོན་དམ་སྟོང་ཉིད་ཀུན་རྫོབ་ཟེར། །མངོན་པར་རྟོགས་པའི་རྒྱན་གཞུང་དུ། །ཤེས་རྣམ་ཉམས་སུ་མྱོང་བྱར་བཤད། །རྣལ་འབྱོར་སྤྱོད་པའི་གཞུང་དག་ཏུ། །སེམས་ཙམ་དབུ་མ་རྣམ་གཉིས་གསུངས། །སེམས་ཙམ་པ་ལ་རྣམ་བདེན་རྫུན། །གཞུང་ཆེན་དག་ལས་བཤད་པ་མེད། །རྣལ་འབྱོར་སྤྱོད་པའི་དབུ་མ་ལ། །སེམས་ཙམ་ཟེར་བ་ལེགས་ལྡན་དང༌། །ཟླ་བའི་གཞུང་ལས་འབྱུང་མོད་ཀྱི། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོར་ཡང༌། །གཉིས་མེད་རང་རིག་རང་གསལ་བ། །རང་གི་ངོ་བོས་སྟོང་པ་ཡི། །རིགས་པ་མི་འཆད་པ་ལ་དགོངས། །དེ་ཡི་རིགས་པ་མ་བཤད་ཀྱང༌། །དེ་ལ་ཞེན་པའི་རྟོག་པ་ནི། །རང་གི་ངོ་བོས་སྟོང་པའི་ཕྱིར། །སྤང་བྱ་ཉིད་དུ་བཤད་པ་ན། །ཤེས་བྱའི་སྒྲིབ་པ་ཀུན་ལས་གྲོལ། །འཁོར་ལོ་གསུམ་པའི་ངེས་དོན་ལ། །སེམས་ཙམ་པ་ཡི་ལུགས་ཡིན་ཞེས། །ཟེར་བ་སྔགས་གཞུང་མཐའ་དག་དང༌། །བྱམས་པའི་གཞུང་ལུགས་ཀུན་ན་མེད། །ཡོད་ན་བྱམས་ཆོས་རྣམ་གསུམ་གྱི། །ངེས་པའི་དོན་དེ་ཆོས་མཆོག་ལས། །གོང་དུ་བགྲོད་པ་མེད་འགྱུར་ཏེ། །སེམས་ཙམ་ཉིད་ལས་དེར་བཤད་ཕྱིར། །དབྱིག་གཉེན་སོགས་ལ་སྟོང་པ་ཉིད། །མཐར་ཕྱིན་མེད་ཅེས་གསུང་ན་ཡང༌། །སྒྲིབ་ཀུན་སེལ་ནུས་ངེས་དོན་མཆོག །མེད་ཅེས་གསུང་བར་མི་རིགས་ཏེ། །གསང་སྔགས་གཞུང་དུ་ལྷན་སྐྱེས་ཀྱི། །ཡེ་ཤེས་ངེས་པའི་དོན་དུ་བཤད། །འདིར་ཡང་གདོད་མའི་ཡེ་ཤེས་ཉིད། །དོན་དམ་དངོས་སུ་བཤད་ཕྱིར་རོ། །ཐོགས་མེད་ཞབས་ཀྱིས་དྲང་དོན་དང༌། །ངེས་དོན་འབྱེད་པར་ལུང་བསྟན་པ། །དེ་ཡིས་ཕྱེ་བའི་ངེས་དོན་གྱི། །གཞུང་ལུགས་གང་ཡིན་སྨྲ་བར་རིགས། །ཐེག་ཆེན་རྒྱུད་བླར་འགྲེལ་ཞེ་ན། །དེ་དང་བྱམས་ཆོས་རྣམ་གསུམ་དང༌། །ཐེག་བསྡུས་སོགས་ནས་བཤད་པ་ཡི། །ངེས་པའི་དོན་གྱི་ཁྱད་པར་ཅི། །རང་སྟོང་མེད་པར་དགག་པ་ནི། །བདེར་གཤེགས་སྙིང་པོའི་ངོས་འཛིན་དུ། །རྔོག་ལོའི་མན་ངག་ལས་འབྱུང་མོད། །གཞུང་ཆེན་དག་ནས་བཤད་པ་མེད། །དབུ་མ་པ་ལ་ཐལ་རང་གི །བཤད་པ་བོད་དུ་གྲགས་མོད་ཀྱང༌། །དགག་བྱའི་ཚད་དང་དགག་བྱ་ཡི། །རྣམ་གྲངས་མང་ཉུང་འཆད་པ་ནི། །སྔོན་གྱི་དུས་སུ་བྱུང་བ་མེད། །མདོར་ན་དབུ་མ་ཆུང་ངུ་ནི། །གང་ཟག་བདག་མེད་ཙམ་ལ་མཐུན། །འབྲིང་དང་ཆེན་པོའི་ཁྱད་པར་ནི། །རང་རང་འདོད་པས་བཏགས་པའོ། །སྔགས་སུ་ཟུང་འཇུག་དབུ་མ་ཆེར། །བཤད་ལ་མི་མཐུན་མེད་མོད་ཀྱི། །ཟུང་འཇུག་ཀུན་རྫོབ་བདེན་པ་ཞེས། །བཤད་ན་ཐམས་ཅད་འཁྲུལ་བར་འགྱུར། །རྣལ་འབྱོར་སྤྱོད་པས་གཉིས་མེད་ཀྱི། །ཡེ་ཤེས་དབུ་མ་ཆེན་པོར་འདོད། །ཐལ་རང་ལུགས་དང་མི་མཐུན་ཡང༌། །སྔགས་གཞུང་ཀུན་དང་མཐུན་པས་བླང༌། །སློབ་དཔོན་ཞི་ཟླ་རྣམ་གཉིས་ཀྱིས། །ལུགས་འདིར་འཁོར་འདས་གཉིས་ཀ་ཡི། །རྟེན་ཡོད་པ་དེ་རྟག་ཆད་ཀྱི། །མཐའ་ལས་འདས་པ་མིན་ཞེས་བཀག །འདི་ཡང་ཕར་ཕྱིན་རྐྱང་པར་ནི། །དབུ་མ་ཆེ་ཞེས་འཆད་དགོས་མོད། །རྟེན་དེ་ཡོད་པར་རྒྱུད་བླ་དང༌། །ཆོས་ཀྱི་དབྱིངས་སུ་བསྟོད་ལས་གསུངས། །མདོར་ན་ཤིང་རྟ་ཆེན་པོ་ཡི། །སྲོལ་ཆེན་མང་ལ་སྐུར་མི་འདེབས། །རྣམ་པར་རྟོག་པ་ཀུན་སེལ་བའི། །ཐབས་མཆོག་ཡོད་པ་དེ་དབུ་མ། །དེ་སྐད་འདི་ཡང་སེམས་དཔའ་ཆེ། །བྲག་དཀར་བ་ཡི་དགོངས་པ་ལ། །སོམ་ཉི་མང་པོ་སེལ་དོན་དུ། །ལེགས་པའི་བློ་ཡིས་དགེ་བར་སྦྱར།། །།མངྒ་ལཾ།། །། ༄། །ན་མོ་མཉྫུ་བཛྲཱ་ཡ། ཆོས་ཀྱི་ཕྱག་རྒྱ་དང་པོའི་གཏམ། །ཁོ་ནས་སྟོང་པ་ཉིད་མཆོག་གྲུབ། །མི་རྟག་དོན་ནི་སྐད་ཅིག་མར། །བཤད་པས་གནས་པ་བཀག་ཕྱིར་རོ། །བྱས་ཡོད་ཀུན་ལ་སྐད་ཅིག་ཏུ། །གནས་པ་བཀག་པས་ཆོས་དེ་དག །གང་དུའང་གནས་པ་མེད་པའི་ཕྱིར། །རང་རང་ངོ་བོས་སྟོང་པར་གྲུབ། །སྐད་ཅིག་གནས་མེད་འདི་ལས་གཞན། །རང་སྟོང་སྒྲུབ་པའི་རིགས་པ་ནི། །དབུ་མ་མཆོག་སྨྲ་རྣམས་ལ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གནས་མེད་ཙམ་གྱིས་དེ་མི་འགྲུབ། །ཅེ་ན་རྒྱལ་བ་སྐྱེད་མ་ལས། །ཐེར་ཟུག་གནས་པ་མིན་པའི་ཕྱིར། །རང་རང་ངོ་བོས་སྟོང་ཞེས་གསུངས། །སྐད་ཅིག་གཅིག་ཏུ་གནས་གྱུར་ན། །ནམ་ཡང་འཇིག་པར་མི་འགྱུར་ཞེས། །འདུས་བྱས་སྐད་ཅིག་པར་སྒྲུབ་པའི། །རིགས་པ་མཆོག་ཏུ་བྱམས་པས་གསུངས། །འོ་ན་མདོ་ལས་འདུས་བྱས་ཀྱི། །མཚན་ཉིད་སྐྱེ་འཇིག་གནས་གསུམ་དུ། །གསུངས་པའི་དགོངས་པ་གང་གིས་འཆད། །གནས་པ་མེད་པར་སུ་ཞིག་འཇིག །ཅེ་ན་མཁས་མཆོག་དབྱིག་གཉེན་གྱིས། །གནས་པ་རྒྱུན་ལ་དགོངས་པ་སྟེ། །སྐྱེས་ལ་མ་འགགས་དངོས་པོ་ནི། །ཡོད་པ་མིན་ཞེས་གསལ་བར་གསུངས། །དངོས་པོ་ཐམས་ཅད་རང་རྒྱུ་ལས། །འཇིག་པའི་ངང་དུ་སྐྱེས་ཤེས་པ། །རྣམ་འགྲེལ་མཛད་པའི་གཞུང་ལས་ཏེ། །སྐྱེ་འཇིག་དུས་མཉམ་ཁོ་ནར་གསུངས། །བུམ་པ་སྐྱེད་བྱེད་དངོས་རྒྱུ་དེ། །འཇིག་བྱེད་རྒྱུ་འམ་གཞན་ཞིག་བརྟག །རྒྱུ་གཞན་མི་ལྟོས་གཞུང་ན་གསལ། །གཞན་མིན་ན་ནི་དུས་མཉམ་གྲུབ། །སྐྱེད་པ་འཇིག་པ་དུས་མཉམ་ཡང༌། །ཞིག་པ་དུས་མཉམ་མིན་ཞེ་ན། །འོ་ན་བར་དུ་གནས་དགོས་པས། །ཁྱད་པར་མེད་ཕྱིར་ཕྱིས་མི་འགྱུར། །ད་ལྟར་གནས་པ་མི་འདོད་ཕྱིར། །འདས་དང་མ་འོངས་ཅི་ཞེ་ན། །འདས་དང་མ་འོངས་བཏགས་ཡོད་དུ། །ཉན་ཐོས་སྡེ་པའི་གཞུང་ནའང་གསལ། །དུས་ཀྱི་ཆ་ཤས་ཡོད་མིན་པའི། །སྐད་ཅིག་གཅིག་ཏུ་གནས་པ་ནི། །དོན་དམ་དོན་བྱེད་ནུས་པ་ཞེས། །འདོད་པ་དེ་ཡི་ལུགས་ཡིན་ནོ། །དེ་ལྟ་ཡིན་ན་དངོས་ཀུན་ལ། །སྐུར་པ་བཏབ་པས་ཆད་པའི་མཐར། །ལྟུང་བའི་ཉེས་པ་ཡོད་མིན་ནམ། །ཐ་སྙད་བདེན་པ་ཅི་ཞེ་ན། །ཐ་སྙད་དུ་ཡོད་དམ་པར་མེད། །ཅེས་པ་བདེན་གཉིས་རྣམ་འབྱེད་ཀྱི། །ཐབས་མཁས་སངས་རྒྱས་ཀྱིས་གསུངས་པ། །དེ་ཡིན་མུ་སྟེགས་ཕལ་ལ་མེད། །དེ་ནས་རྣམ་འགྲེལ་མཛད་པ་ཡི། །གཞུང་ལུགས་པ་ལ་འདི་ལྟར་བརྟག །དངོས་ལ་མི་རྟག་གིས་ཁྱབ་དང༌། །མི་རྟག་པ་ལ་དངོས་མེད་དང༌། །རྟག་པ་དངོས་པོས་ཁྱབ་པ་ནི། །གཞུང་འགྲེལ་ཀུན་ན་གསལ་བར་བཞུགས། །བོད་ཀྱི་རྟོག་གེས་མ་སླད་པར། །དྲང་པོར་འཆད་པ་འདི་བསམ་བྱ། །བྱས་ཡོད་སྐྱེ་འཇིག་གནས་པ་དང༌། །བཏགས་སོགས་ལྷན་སྐྱེས་རྟོག་པའི་ངོ༌། །ཇི་བཞིན་ཐ་སྙད་དུ་ཡོད་པས། །ཐ་སྙད་བདེན་པར་དེ་ཁས་ལེན། །མི་རྟག་དོན་ནི་སྐད་ཅིག་མར། །མི་གནས་ཉིད་དུ་བཤད་པ་དང༌། །དེ་དོན་དངོས་པོར་མེད་པ་ནི། །དམ་པའི་དོན་གྱི་དབང་དུ་བྱས། །མངོན་གྱུར་ཐ་སྙད་བདེན་པ་ཡི། །རྟགས་ལས་ལྐོག་གྱུར་དོན་དམ་པ། །སྒྲུབ་པ་དངོས་པོ་སྟོབས་ཞུགས་ཏེ། །བྱས་ལས་མི་རྟག་པར་སྒྲུབ་བཞིན། །རྒྱུ་ཞིག་པས་ནི་འབྲས་མི་བསྐྱེད། །རྒྱུ་མ་ཞིག་པར་འབྲས་སྐྱེད་པ། །ཡོད་ན་དོན་ལ་གནས་འགྱུར་ཕྱིར། །དོན་བྱེད་ནུས་པ་དོན་ལ་མེད། །རྟག་པ་ཞེས་པ་ཐ་སྙད་དེ། །དམ་པའི་དོན་དུ་ཡོད་མ་ཡིན། །མི་རྟག་ལས་ལོག་གཞན་སེལ་བ། །རྟག་པར་ཐ་སྙད་གཞུང་ལས་བཏགས། །སྔ་ཕྱིའི་དངོས་པོ་ཅིག་འཛིན་པ། །འཇིག་རྟེན་ལ་ཡོད་རྟག་པའི་དོན། །དེ་ཡང་ཐ་སྙད་དུ་ཡིན་གྱི། །དམ་པའི་དོན་དུ་མི་སྲིད་པས། །རྟག་དང་དངོས་པོ་ཐམས་ཅད་ཀྱང༌། །རིགས་ངོར་རང་རང་ངོ་བོས་སྟོང༌། །རྣམ་འགྲེལ་མཛད་པའི་ལུགས་བཟང་པོར། །ཆོས་ཀུན་རང་སྟོང་སྒྲུབ་པ་ཡི། །རིགས་པ་མཆོག་དེ་ཡོད་གྱུར་ན། །ཐལ་རང་ལུགས་དང་ཁྱད་པར་ཅི། །སྙམ་ན་དེ་དོན་བསམ་བྱ་བ། །འགྱུར་མེད་ཡོངས་གྲུབ་ཐོག་མཐའ་དང༌། །བྲལ་ལ་རྟག་བརྟན་གཡུང་དྲུང་ཞེས། །བྱིས་པའི་བསྟན་བཅོས་ལས་ཀྱང་གསུངས། །འདི་དོན་རྒྱུན་མི་ཆད་པ་ཡི། །དངོས་ལ་རྟག་པར་བཤད་པ་སྟེ། །དངོས་པོ་དེ་ཡང་སྐད་ཅིག་གིས། །མི་རྟག་ཉིད་དུ་གདོན་མི་ཟ། །ཡོངས་གྲུབ་བདེན་པར་མི་འཆད་པ། །བྱམས་པའི་གཞུང་དང་འགལ་ཞེ་ན། །སེམས་ཀྱི་རྡོ་རྗེའང་ཐོས་བསམ་གྱི། །རིགས་པས་བརྟགས་པའི་ངོར་མེད་ཀྱང༌། །མེད་པར་བཞག་ནུས་མ་ཡིན་ཏེ། །སྒྲ་རྟོག་ཡུལ་ལས་འདས་ཕྱིར་རོ། །འོ་ན་རང་སྟོང་རིགས་པ་ལ། །རྩལ་དུ་བཏོན་པས་ཅི་བྱ་ན། །ཡོངས་གྲུབ་སེམས་ཀྱི་རྡོ་རྗེ་ལ། །ཞེན་པ་སྤོང་བའི་ཕྱིར་ཡིན་ནོ། །ཞེན་བློ་བག་ཆགས་དང་བཅས་པ། །འགོག་བྱེད་རིགས་པའི་རྣམ་གྲངས་གཉིས། །རྟོག་ངོར་དེ་ཡུལ་བཀག་པ་ཡིས། །དེ་འཛིན་འགོག་པའི་རིགས་པ་དང༌། །ཡང་ན་འཛིན་པ་ཀུན་བཏགས་ཉིད། །གཅིག་དང་དུ་བྲལ་རིགས་པས་སོ། །འདི་ནི་རྣམ་འགྲེལ་མཛད་པ་ཡི། །མཐར་ཐུག་དངོས་པོར་སྨྲ་བ་ཞེས། །ཆོས་སྤོང་ཉེས་པའི་འཇིགས་བྲལ་བ། །བློ་བཟང་དེ་ཡིས་གསལ་བར་སྨྲས། །དགེ་བས་རང་དང་སྐལ་མཉམ་པ། །ཀུན་ཀྱང་རྒྱལ་བ་མ་ཕམ་པས། །ལེགས་པར་ཕྱེ་བའི་ལམ་བཟང་དེར། །འཇུག་པ་གེགས་ཡོད་མ་གྱུར་ཅིག །ཅེས་པ་གསེར་མདོག་ཅན་གྱི་གྲྭར། །དཔལ་ལྡན་ལེགས་པའི་བློ་ཡིས་སྦྱར། །ཡི་གེ་པ་ནི་དམ་ཆོས་ཀྱི། །རྒྱལ་མཚན་ལེགས་པར་ཚུགས་དེ་ཡིན། །མངྒ་ལཾ།། །། ༄། །ན་མོ་མཉྫུ་བཛྲཱ་ཡ། ཕྱག་རྒྱ་དང་པོའི་གཏམ་ཉིད་ཀྱིས། །ཕྱག་རྒྱ་གསུམ་པའང་རྟོགས་སླ་སྟེ། །གང་ཟག་ལ་སོགས་བཏགས་ཡོད་ཀྱི། །དངོས་ཀུན་མི་རྟག་གྲུབ་ཕྱིར་རོ། །དེ་ལྟ་ན་ཡང་གང་ཟག་གི །བདག་མེད་སྒྲུབ་པའི་རིགས་པ་ནི། །གཞུང་ལུགས་ཀུན་ནས་གཞན་སྟོང་གི །རིགས་པས་བཤད་པ་དེ་ཡིན་ནོ། །ཉན་ཐོས་པ་རྣམས་རང་སྟོང་གི །རིགས་པས་སྟོང་ཉིད་ཀུན་ཤེས་ཀྱང༌། །རང་ཉིད་ཞི་བདེའི་དོན་གྱི་ཕྱིར། །ཆེད་དུ་གཉེར་ནས་དེ་མི་སྒོམ། །འཇིག་རྟེན་གྲགས་སྡེ་སྤྱོད་པ་ཡིས། །བདག་དང་གང་ཟག་ཐ་སྙད་ཀྱི། །བདེན་པར་འཆད་མོད་རང་ལུགས་མིན། །བྱེ་མདོ་སེམས་ཙམ་སྨྲ་བ་གསུམ། །གང་ཟག་ཅེས་བྱ་བཏགས་ཡོད་དེ། །བདག་ཅེས་བྱ་བ་རྫས་ཡོད་མིང༌། །མུ་སྟེགས་བྱེད་པས་རྣམ་གྲངས་སུ། །འབད་ནས་འཆད་དེ་རིགས་པས་འགོག །ཐ་སྙད་བདེན་པའི་དུས་དག་ཏུ། །ཆོས་ཀུན་བདག་མེད་ཁས་ལེན་མོད། །སེམས་ཅན་མེད་པར་ཁས་མི་ལེན། །ལེན་ན་ཕྱག་རྒྱ་གཉིས་པར་འགལ། །དངོས་པོར་སྨྲ་བས་ཁས་ལེན་པའི། །བདག་མེད་གཉིས་པོ་གང་ཡིན་ཡང༌། །རང་མཚན་ཁོ་ནར་བཤད་བྱ་སྟེ། །མངོན་སུམ་ཉིད་ཀྱིས་གཞལ་ཕྱིར་རོ། །གསང་སྔགས་པ་ཡི་བདག་སྒོམ་པ། །ཕྱག་རྒྱ་བཞི་དང་འགལ་ཞེ་ན། །དམ་པའི་བདག་ཅེས་བྱ་བ་ནི། །བདག་མེད་ཡེ་ཤེས་ཉིད་ལ་འཆད། །ཡེ་ཤེས་དེ་ལ་ངར་འཛིན་པ། །བྱས་ན་ཕྱག་རྒྱའི་ལུང་དང་འགལ། །ལྷ་དང་སྔགས་དང་ཕྱག་རྒྱ་སོགས། །སྒྲུབ་པའི་གཞི་ནི་རང་སྟོང་གི །རིགས་པས་རྟོག་པའི་ངོར་བཀག་ན། །བསྐྱེད་རིམ་སྒྲུབ་པར་མི་ནུས་པ། །ཉིད་ཕྱིར་རིགས་པས་དེ་མི་འགོག །ཡེ་ཤེས་དེ་ལ་ལྷར་ཞེན་ན། །གྱ་ནོམ་ལྷར་ཞེན་ཅེས་བྱ་བའི། །རྣམ་རྟོག་ཡིན་ཏེ་རང་སྟོང་གི །རིགས་པས་ཞེན་པ་དེ་ཁེགས་སོ། །དེ་ལྟ་ན་ཡང་ཡེ་ཤེས་ཉིད། །རང་སྟོང་རིགས་པས་མི་ཁེགས་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །འདི་ཡང་དམ་པའི་བདག་དང་ནི། །ཕྱག་རྒྱ་གསུམ་པ་འགལ་ཞེས་པའི། །ལོག་རྟོག་འགོག་པའི་ཕྱིར་ཡིན་ཏེ། །དམ་པའི་བདག་གིས་ཆོས་ཀུན་འགྲུབ། །མངྒ་ལཾ་བྷ་ཝནྟུ།། །། ༄། །ན་མོ་མཉྫུ་བཛྲཱ་ཡ། རྒྱུད་དུ་དབུ་མའི་ལྟ་བ་ལས། །ཟུང་འཇུག་གོང་དུ་འཕགས་པར་གསུངས། །རྣལ་འབྱོར་དབང་ཕྱུག་བིརྺ་པས། །ལྟ་གྲུབ་རྣམ་པ་བརྒྱད་ཅེས་བཤད། །ཆོས་ཀྱི་རྗེ་ཡིས་གསང་སྔགས་ལ། །དབུ་མ་ལས་ལྷག་མེད་པར་བཤད། །བཤད་པར་དཀའ་ཞིང་འགལ་བ་ལྟར། །སྣང་བ་དེ་དོན་བསམ་པར་བྱ། །ལྟ་བའི་མིང་ཅན་རྣམ་གཉིས་ཏེ། །སྟོང་པ་ཉིད་ཀྱི་ཤེས་རབ་དང༌། །དེ་དང་སྟོང་པ་དབྱེར་མེད་པའི། །ཡེ་ཤེས་ཉིད་ཅེས་གང་བཤད་པའོ། །དང་པོ་ཐོས་བསམ་ཤེས་རབ་སྟེ། །སྤྲོས་བྲལ་ཉིད་ཙམ་རྟོགས་པར་བཤད། །གཉིས་པ་སྒོམ་བྱུང་ཡེ་ཤེས་ཏེ། །བདེ་སྟོང་ཟུང་དུ་འཇུག་པའོ། །བཤད་པས་གོ་དང་ཐོས་པ་ཡི། །ལྟ་བ་ཞེས་བྱ་སྔ་མ་སྟེ། །ཟུང་འཇུག་བརྗོད་བྲལ་ཞེས་བྱ་བ། །ཕྱི་མ་དེ་ལ་བཞེད་པ་ཡིན། །བཤད་པས་ཇི་ལྟར་གོ་ཞེ་ན། །དགག་བྱ་འགོག་པའི་རིགས་པ་ཙམ། །བཤད་པས་སྟོང་ཉིད་གོ་ནུས་ཀྱི། །སྒྲུབ་པའི་ཕྱོགས་ནས་ཤེས་མི་ནུས། །ཟུང་འཇུག་ཇི་ལྟར་བརྗོད་བྲལ་ན། །དགག་སྒྲུབ་གང་གི་ཕྱོགས་ནས་ཀྱང༌། །འདི་ཞེས་བསྟན་པར་མི་ནུས་མོད། །སྒོམ་པའི་ཐབས་ཀྱིས་ཉམས་སུ་མྱོང༌། །མྱོང་བྱ་རྫས་ཀྱིས་དབྱེར་མེད་ཀྱང༌། །བདེ་བའི་ཆ་ནས་ཐབས་དང་ནི། །སྟོང་པའི་ཆ་ནས་ཤེས་རབ་བོ། །རྫས་ལ་དབྱེ་བ་མེད་པ་དེ། །ཐབས་ཀྱང་ཡིན་ལ་ཤེས་རབ་ཀྱང༌། །ཡིན་པས་ཟུང་འཇུག་ཅེས་བྱ་བ། །སྔགས་ཀྱི་ཐེག་པའི་ཁྱད་ཆོས་སོ། །རྙིང་མ་པ་རྣམས་ཐེག་པ་དགུ། །ལྟ་བས་འབྱེད་པ་ཡིན་པར་འདོད། །ལྟ་བ་ལ་ཡང་ཀུན་རྫོབ་དང༌། །དོན་དམ་རྣམ་པ་གཉིས་སུ་འབྱེད། །ཐེག་པ་ལྟ་བས་བྱས་པ་མིན། །ཐབས་ཀྱི་ཁྱད་པར་ཁོ་ན་སྟེ། །ཐབས་གཞན་དག་ལ་མ་རེག་པར། །རང་རང་ཐབས་ཀྱིས་བྱང་ཆུབ་པའོ། །རྒྱུད་སྡེ་རྣམ་བཞིའི་ཐབས་མཁས་ནི། །བླ་མེད་ཐབས་ལ་མ་ལྟོས་པར། །རང་རང་ཐབས་ཀྱིས་གསང་སྔགས་ཀྱི། །བྱང་ཆུབ་ཐོབ་པར་བཞེད་མ་ཡིན། །དེས་ན་ཐེག་པ་ཆེ་ཆུང་གཉིས། །རེ་རེའང་གཉིས་སུ་ཕྱེ་བས་བཞི། །ལྟ་བའང་དེ་ལྟར་གཉིས་གཉིས་སུ། །ཕྱེ་བས་རྣམ་པ་བཞི་ཡིན་ནོ། །སྔགས་ལ་ཕ་རོལ་ཕྱིན་པ་ཡི། །སྟོང་པ་ཉིད་ལས་ལྷག་མེད་ཀྱང༌། །ཉམས་མྱོང་བདེ་སྟོང་དབྱེར་མེད་ལ། །དགོངས་ནས་ལྟ་གྲུབ་བརྒྱད་དུ་ཕྱེ། །དེ་ཕྱིར་ཐོས་པའི་ལྟ་བ་ལ། །ཐེག་ཆེན་རྣམ་གཉིས་ཁྱད་མེད་ཀྱང༌། །ཉམས་སུ་མྱོང་བྱའི་ལྟ་བ་ལ། །ཁྱད་པར་ཡོད་ཅེས་བཤད་ན་འཐད། །གཉིས་པོ་གཙོ་བོར་གང་འཛིན་ན། །མཚན་འཛིན་འགོག་ལ་སྔ་མ་སྟེ། །མཚན་མེད་ཡེ་ཤེས་སྒྲུབ་པ་ལ། །ཕྱི་མ་ཉིད་ཕྱིར་ཁྱད་པར་འཕགས། །བརྗོད་པས་སྤྲོས་པ་འགོག་ནུས་ཀྱང༌། །སྤྲོས་བྲལ་བརྗོད་པར་མི་ནུས་པ། །དེ་ལ་ཐེག་ཆེན་ཐེག་པ་ལྔར། །འབྱེད་ན་མཁས་པའི་དགོངས་པ་མིན། །རིགས་གསུམ་རིགས་ལྔ་རིགས་བརྒྱ་དང༌། །སྣང་ཙམ་དབྱེ་བས་འབྱེད་ཅེ་ན། །འདི་ནི་ཀུན་རྫོབ་ཐབས་ཀྱི་ཕྱིར། །ལྟ་བའི་དབྱེ་བར་རུང་མ་ཡིན། །ཀུན་རྫོབ་སྣང་བ་ལྷ་ཡིན་ཕྱིར། །དོན་དམ་དབྱེ་བར་འདོད་ཅེ་ན། །ལྷ་དང་སྣང་བ་མ་ཕྱེད་པས། །ཀུན་རྫོབ་ལྟ་བར་འཁྲུལ་པ་ཡིན། །གསང་སྔགས་རྙིང་མར་སྨྲ་བས་ཀྱང༌། །སྒྲོ་འདོགས་གཅོད་པའི་ལྟ་བ་ལ། །དགུ་ཡི་དབྱེ་བ་མ་བཤད་ཕྱིར། །རྩོད་ལེན་འབྲེལ་མེད་འགྱུར་ཞེ་ན། །ཐེག་པར་འཇོག་བྱེད་ལྟ་བ་དང༌། །ཐེག་པ་རྣམ་དགུར་འབྱེད་པ་དང༌། །སྤྲོས་པ་གཅོད་པའི་ལྟ་བ་ལ། །དབྱེ་བ་མེད་པར་འཆད་རྣམས་འགལ། །དེས་ན་ཐོས་པས་གོ་བ་ཡི། །ལྟ་བའི་མཐར་ཐུག་གཅིག་ལས་མེད། །གཅིག་པུས་ཕ་རོལ་ཕྱིན་པ་དང༌། །སྔགས་ཀྱི་ཐེག་པར་འབྱེད་མི་ནུས། །སྔགས་ཀྱི་ཐེག་པར་འཇོག་ནུས་ཀྱི། །ཐབས་ཤེས་དབྱེར་མེད་ལྟ་བ་ཡང༌། །རྣལ་འབྱོར་རྣམ་གསུམ་མཐུན་པའི་ཕྱིར། །ཐེག་པ་སོ་སོར་འབྱེད་མི་ནུས། །མདོར་ན་ཐེག་པ་རྣམ་དགུ་ནི། །ཚན་ལྡན་གཞུང་ན་བཤད་པ་མེད། །ཐེག་པ་གསུམ་དང་བཞི་དང་ལྔར། །ཕྱེ་བའང་ཐབས་ལས་ཡིན་པར་འདོད། །ལྟ་བ་དངོས་པོའི་གནས་ལུགས་ལ། །ཞུགས་ཕྱིར་ཐབས་ཤེས་དབྱེར་མེད་དང༌། །བདེ་སྟོང་དབྱེར་མེད་གསང་སྔགས་ཀྱི། །ལྟ་བར་འཆད་པ་འཁྲུལ་ཞེ་ན། །རིགས་པའི་ངོ་དང་ཡེ་ཤེས་ངོར། །རང་གིས་སྟོང་དང་གཞན་སྟོང་གིས། །ཁྱད་པར་དུ་བྱས་བདེ་བ་ཆེ། །ཆོས་དབྱིངས་ཡེ་ཤེས་ཡིན་པར་འདོད། །འཇམ་དཔལ་མཚན་བརྗོད་མ་ཤེས་ན། །དང་པོའི་སངས་རྒྱས་ཤེས་མི་ནུས། །དེ་མ་ཤེས་པར་སྔགས་ཀྱི་ཚུལ། །ཤེས་མིན་ཞེས་གསུངས་པདྨ་དཀར། །སྤྲོས་བྲལ་ངོ་བོ་ཉིད་མེད་དུ། །སྨྲ་བའི་ལུགས་དང་རྣམ་རྫུན་པར། །གྲགས་པའི་གཞུང་ལུགས་གཉིས་ཀ་ལས། །འབྱུང་ལ་ཁྱད་པར་མེད་དམ་ཅི། །ཡོད་ན་དངོས་སུ་འགལ་བ་དང༌། །མེད་ན་འཁོར་ལོ་གསུམ་པ་ཡི། །ངེས་དོན་འཆད་པའི་གཞུང་ལུགས་ཀུན། །དབུ་མ་ཉིད་དུ་ཐལ་ཞེ་ན། །འཁོར་ལོ་གསུམ་པའི་སྤྲོས་བྲལ་ལས། །ལྷག་པ་སྔགས་ལ་ཡོད་མ་ཡིན། །དེ་ལས་ལྷག་པ་དབུ་མ་ལ། །ཡོད་ཅེས་ཐལ་རང་སྨྲ་རྣམས་འཆད། །དྲང་པོའི་བློ་ཡིས་བརྟགས་པ་ན། །གཅིག་ནི་སྤྲོས་པ་བྲལ་ཙམ་དང༌། །གཞན་ནི་སྤྲོས་བྲལ་ཡེ་ཤེས་སོ། །སྔ་མའི་ཡུལ་ཅན་རྟོག་པ་ལས། །མ་འདས་ཕྱི་མའི་མྱོང་བྱེད་ནི། །ཡེ་ཤེས་ཉིད་ཕྱིར་བཤད་པ་ཡིས། །གོ་བའི་ལྟ་བར་མི་འདོད་དོ། །དེ་སྐད་འདི་ནི་སྡོམ་གསུམ་གྱི། །བསྟན་བཅོས་འཆད་པའི་གནས་སྐབས་ན། །གོང་མའི་ལུང་དང་འགལ་དོགས་པ། །མང་པོ་ཉིད་ཕྱིར་རྒྱས་པར་བཤད། །མངྒ་ལཾ། །ཤུ་བྷཾ།། །། ༄། །ན་མོ་བུདྡྷ་ཡ། རྔོག་ལོས་བསྟན་པ་སྐྱོང་དུས་སུ། །ཐལ་འགྱུར་གཞུང་ལུགས་མ་འགྱུར་ཞིང༌། །རང་རྒྱུད་ཤིན་ཏུ་དར་ན་ཡང༌། །གཉིས་ཀ་དག་དང་མཐུན་མི་བཞེད། །ཀླུ་སྒྲུབ་བཞེད་པའི་སྤྲོས་བྲལ་ནི། །རྣམ་འགྲེལ་མཛད་པའི་རིགས་པ་ཡི། །ལམ་དུ་དྲངས་ནས་འཆད་དགོས་ཀྱི། །འཆད་ཚུལ་གཞན་རྣམས་ལྟར་སྣང་ངོ༌། །ཁ་ཅིག་སྣང་ཙམ་འབད་ནས་འགོག །གཞན་དག་སྣང་བ་བདེན་མེད་ནི། །རྗེས་སུ་དཔག་པའི་གཞལ་བྱར་འདོད། །ལུགས་དེ་གཉིས་ཀ་རིགས་མིན་ཏེ། །སྣང་བ་བཀག་ན་རྗེས་དཔག་གི །རྟེན་གྱུར་གཏན་ཚིགས་མི་འཐད་པས། །སྤྲོས་པ་འགོག་པའི་ཐབས་གཞན་མེད། །སྣང་བ་བདེན་མེད་རྗེས་དཔག་གི །རིགས་པས་གཞལ་ན་གྲུབ་པར་འགྱུར། །སྒྱུ་མ་རིགས་སྒྲུབ་ཁས་བླངས་ན། །རྟག་པའི་མཐའ་ལས་འདའ་བ་མེད། །རིགས་པ་གཞན་གྱིས་དེ་འགོག་ན། །བློ་སྔ་མ་ནི་གནོད་བཅས་དང༌། །རིག་པ་ཐུག་མེད་འགྱུར་བས་ན། །རང་རྒྱུད་སྨྲ་བ་དེ་མི་འཐད། །སྒྲུབ་བྱེད་འཕེན་པར་མི་ནུས་པའི། །ཐལ་ངག་ཙམ་གྱིས་སྤྲོས་པའི་མཐའ། །འགོག་པར་ནུས་པ་ཡིན་ནོ་ཞེས། །མི་གནས་པར་གྲགས་དེ་དག་སྨྲ། །སྒྲུབ་བྱེད་འཕེན་པར་མི་ནུས་པའི། །རྟགས་དེ་ལྟར་སྣང་ལས་མ་འདས། །དེ་ལས་ཆོས་ཉིད་ངེས་པའི་བློ། །ཚད་མ་མིན་ལས་གཞན་པ་མེད། །རྟགས་ཆོས་དོན་གསུམ་སྣང་ཙམ་དུ། །ཡོད་ཀྱང་བདེན་པར་མེད་པ་ནི། །སྒྱུ་མའི་དོན་ཏེ་རིགས་པས་གྲུབ། །དེ་ལ་སྒྱུ་མ་རིགས་སྒྲུབ་ཟེར། །འདི་འདྲ་དབུ་མར་མི་རིགས་ཏེ། །རིགས་པས་དཔྱད་བཟོད་ཁས་བླངས་པས། །སྨན་ཆེན་དུག་ཏུ་སོང་བ་དང༌། །འདྲ་བར་ལྟ་བའི་དུག་གིས་ཟིན། །མི་གནས་པར་གྲགས་དབུ་མར་པ། །དེ་ལ་ཐལ་འགྱུར་བ་ཞེས་ཟེར། །འདི་ཡང་དབུ་མར་མི་རིགས་ཏེ། །སྤྲོས་པའི་ལྷག་མ་ལུས་ཕྱིར་རོ། །དེ་ཡི་ཤེས་བྱེད་གང་ཞེ་ན། །ཁས་བླངས་འགལ་བ་ཙམ་ཞིག་ནི། །གེགས་བྱེད་ཡིན་གྱི་ལོག་ཕྱོགས་ལ། །གནོད་བྱེད་མིན་ཕྱིར་དེ་ལུས་སོ། །དེ་ནས་ལོ་ཆེན་རང་གི་ལུགས། །གཞི་ལམ་འབྲས་བུའི་གནས་སྐབས་གསུམ། །གཞི་ནི་རྣམ་འགྲེལ་མཛད་གཞུང་གི །རིགས་པས་སྤྲོས་པའི་ཚོགས་ཀུན་འགོག །སྤྲོས་བྲལ་རྟགས་ཀྱིས་མི་སྒྲུབ་མོད། །སྤྲོས་པ་འགོག་པའི་རྟགས་ཀྱི་ཚུལ། །རྒོལ་བ་གཉིས་ཀའི་རྣམ་ཤེས་ལ། །མཐུན་པར་སྣང་བའི་ཚད་མས་འགྲུབ། །རྒོལ་བའི་བློ་ལ་ལྟོས་ནས་ནི། །དགག་བྱ་ཙམ་ཞིག་འགོག་བྱེད་ཀྱི། །བསྒྲུབ་བྱ་ཆེད་དུ་མི་སྒྲུབ་པ། །རྣམ་འགྲེལ་མཛད་པའི་གཞུང་ནའང་མང༌། །སྤྲོས་པ་བཀག་ཀྱང་སྤྲོས་མེད་ནི། །ཡོད་པར་བཤད་ནུས་མ་ཡིན་ཏེ། །རྨི་ལམ་ཡུལ་གྱི་གྲོང་མེད་ན། དེ་ཞིག་པ་ནི་མེད་དེ་བཞིན། །སྤྲོས་པ་ཚད་མས་འགོག་དགོས་ཀྱང༌། །སྤྲོས་བྲལ་ཚད་མས་མི་འཇལ་ཏེ། །མེད་དགག་མངོན་སུམ་ཡུལ་དུ་འགལ། །རྗེས་དཔག་སྤྲོས་ལ་ཞེན་ཕྱིར་རོ། །རྗེས་སུ་དཔག་པས་སྟོང་པ་ཉིད། །འཇལ་ཡང་རིགས་པའི་ཤེས་པ་མིན། །རྗེས་སུ་དཔག་པས་དྲངས་པ་ཡི། །སྤྲོས་ཙམ་འགོག་པ་དེ་རིགས་ཤེས། །ལམ་ནི་སྤྱོད་འཇུག་མཁན་པོ་ཡི། །གཞུང་ལུགས་ཇི་བཞིན་འདིར་འཆད་དོ། །དོན་དམ་བློ་ཡི་སྤྱོད་ཡུལ་དུ། །ནམ་ཡང་རུང་བ་མིན་པའི་ཕྱིར། །འཕགས་པའི་མཉམ་པར་བཞག་ངོ་ན། །དོན་དམ་འཇལ་བའི་བློ་མི་དགོས། །འཕགས་བློ་སྟོང་པ་ཉིད་གང་དང༌། །རོ་གཅིག་ཉིད་དུ་མ་སོང་ན། །ཆུ་ལ་ཆུ་བཞག་ལྟ་བུར་འགལ། །སོང་ན་ཆོས་ཉིད་བློར་མི་རུང༌། །རྗེས་ཐོབ་རྣམ་ཤེས་ཇི་སྙེད་པ། །ཆོས་ཀྱི་དབྱིངས་ལས་འབྱུང་བ་སྟེ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་ཕྱིར་རོ། །འབྲས་དུས་མཉམ་གཞག་ཆོས་ཀྱི་སྐུ། །སྤྱོད་འཇུག་གཞུང་ལས་འབྱུང་དང་མཐུན། །དེ་རྗེས་ཇི་སྙེད་གཟུགས་བརྙན་ནི། །འཆར་མཛད་ལོངས་སྤྱོད་རྫོགས་པའི་སྐུ། །ཐེག་ཆེན་མདོ་སྡེའི་རྒྱན་དང་མཐུན། །གཞན་སྣང་སྤྲུལ་སྐུ་རྒྱུད་བླ་ལྟར། །རྫོགས་སངས་རྒྱས་ཀྱི་མཉམ་གཞག་ན། །དོན་དམ་སྣང་བའང་ཡོད་མིན་ན། །ཀུན་རྫོབ་སྣང་བ་སྨོས་ཅི་དགོས། །རེས་འགའ་མེ་ལོང་ཡེ་ཤེས་ལ། །རྫུན་སྣང་ཤེས་བྱའི་གཟུགས་བརྙན་ནི། །མ་ལུས་འཆར་ལ་རྗེས་ཐོབ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ། །འཁྲུལ་པའི་སྣང་བ་མང་འཆར་ཡང༌། །ཡེ་ཤེས་འཁྲུལ་པར་འཆད་པ་ནི། །བདག་ཉིད་ཆེ་དེའི་དགོངས་པ་མིན། །གཞན་གྱི་རྣམ་རིག་ལ་སྣང་བའི། །སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། །བརྒྱ་བྱིན་རྔ་སྤྲིན་ཚངས་སོགས་ཀྱི། །དཔེ་ཡིས་བསྟན་པ་དེ་ཡིན་ནོ། །མཉམ་པར་བཞག་ན་བློ་མེད་ཅེས། །གསུངས་མོད་ཡེ་ཤེས་མེད་པ་ནི། །འདི་ཡི་དགོངས་པ་མ་ཡིན་ཏེ། །མེ་ལོང་ཡེ་ཤེས་བཤད་ཕྱིར་རོ། །ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་པ། །མེད་བཞིན་དུ་ཡང་ཡེ་ཤེས་ལ། །གཟུགས་བརྙན་འཆར་བར་བཞེད་པ་སྟེ། །འཁྲུལ་སྣང་ཞེས་ནི་བཤད་ཕྱིར་རོ། །ཐལ་རང་སོགས་ཀྱི་བཤད་སྲོལ་ནི། །གཅིག་ཏུ་ངེས་པ་མིན་པ་ཡི། །དབུ་མའི་བཤད་སྲོལ་གསུམ་པ་ནི། །གངས་ཅན་བློ་ལྡན་བཟང་པོ་ཡིས། །ཙོང་ཁ་རུ་གསུམ་དགེ་འདུན་ལ། །སྤྲིང་ཡིག་བདུད་རྩིའི་ཐིགས་པར་བྱུང༌། །ཕྱི་མའི་དུས་འདིར་དེ་ཡི་དོན། །ཤིན་ཏུ་བཤད་པར་དཀའ་བ་ཡང༌། །ཤིང་རྟའི་སྲོལ་ཆེན་མཐའ་དག་ནས། །ལེགས་བཤད་རྩེ་མོ་བསྡུས་པ་ནི། །བློ་ལྡན་བཟང་པོའི་བཞེད་པ་སྟེ། །ཀླུ་སྒྲུབ་ཞབས་ཀྱི་དགོངས་པར་ངེས། །ཞེས་བྱ་བ་འདིས་ནི་སྤྲིང་ཡིག་བདུད་རྩིའི་ཐིགས་པའི་རྣམ་པར་བཤད་པ་འཁྲུལ་མེད་དུ་གྲུབ་པ་ཡིན་ནོ། །མངྒ་ལཾ་བྷ་ཝནྟུ།། །། ༄། །ན་མོ་མཉྫུ་བཛྲཱ་ཡ། ལྗོངས་འདིར་སྔོན་བྱོན་ལྟ་བའི་ཆ། །རང་གཞུང་ཚུགས་པར་འཆད་པོ་ཡི། །རྗེས་འབྲང་རྣམས་ལ་ཕྱིས་བྱོན་དང༌། །མ་འདྲེས་བྱ་བ་འདི་གདམས་སོ། །དེ་ལ་གཉིས་ཏེ་ཕྱི་རབས་པའི། །འདོད་པ་ཐད་སོར་བཞག་པ་དང༌། །སྔོན་བྱོན་རྣམས་ཀྱི་ལུང་དང་ནི། །རིགས་པ་མདོར་བསྡུས་བཤད་པའོ། །དང་པོ་སྔོན་གྱི་ལུགས་རྙིང་ཀུན། །སུན་འབྱིན་མཛད་པོ་ཙོང་ཁ་པས། །བོད་ཡུལ་མན་ངག་པ་ཀུན་གྱི། །ལྷག་མཐོང་ངོས་འཛིན་ལྟེངས་པོ་ཡི། །ཞི་གནས་ཙམ་ལ་བཤད་པ་དང༌། །ཀུན་རྫོབ་འཁྲུལ་སྣང་ཡིན་ནོ་ཞེས། །སྤྱོད་པའི་ཕྱོགས་ལ་སྐུར་འདེབས་མང༌། །དབུ་མའི་མདོ་གཞུང་འཆད་པ་རྣམས། །རང་སྟོང་ཞེས་བྱ་ཆད་སྨྲའི་གཏམ། །མང་དུ་སྨྲ་ཞིང་སྔགས་པ་རྣམས། །བཙན་ཐབས་ཆད་སྟོང་འབའ་ཞིག་སྒོམ། །སྔགས་ལ་དབུ་མ་ཐལ་འགྱུར་བའི། །ལྟ་བ་ལས་ལྷག་ཡོད་མ་ཡིན། །རིགས་པས་ཕུ་ཐག་མ་བཅད་པར། །ཐལ་འགྱུར་ལྟ་བ་རྟོགས་མི་ནུས། །སྔགས་ཀྱི་ལྟ་བ་གོ་ཆོད་པོ། །ཐོགས་མེད་མཆེད་ཀྱི་གཞུང་ན་མེད། །ཐལ་རང་གཉིས་ལ་རིགས་པ་ཡི། །དགག་བྱ་རྩིང་ཞིབ་ཡོད་པའི་ཕྱིར། །རང་རྒྱུད་པས་བཤད་རིགས་པ་ཡིས། །ཆོས་ཉིད་ཟབ་མོ་རྟོགས་མི་ནུས། །ཆོས་ཅན་ཚད་མས་གྲུབ་པ་ལ། །དགག་བྱ་རང་མཚན་རང་བཞིན་སོགས། །བཀག་ནས་དེ་ཡི་ལོག་ཕྱོགས་ཀྱི། །བསྒྲུབ་བྱ་རྗེས་སུ་དཔག་པས་འཇལ། །བདེན་པ་གཉིས་ཀ་ཚད་མ་ཡི། །གཞལ་བྱར་མཚུངས་ལ་ཁྱད་པར་མེད། །ཀུན་རྫོབ་ཚད་མས་མི་འཇལ་ན། །བསོད་ནམས་ཚོགས་ཀུན་གང་གིས་རྫོགས། །དོན་དམ་ཚད་མས་མི་འཇལ་ན། །སྒྲིབ་ཀུན་སྤོང་བའི་ཡེ་ཤེས་ཅི། །དེས་ན་སྔ་རབས་པ་རྣམས་ཀྱི། །ཀུན་རྫོབ་འཁྲུལ་སྣང་ཡིན་ཟེར་དང༌། །དོན་དམ་ཞེས་བརྗོད་གཞལ་བྱ་ལས། །འདས་ཞེས་བྱ་བ་དེ་རྫུན་གསུང༌། །དེ་དག་རྣམས་ལ་རིམ་བཞིན་དུ། །ལུང་དང་རིགས་པས་བརྟག་བྱ་བ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །མ་རྙེད་དོན་ལ་རྩེ་གཅིག་པ། །ལྟེངས་པོའི་ཞི་གནས་ཡིན་གྱུར་ན། །ཞི་ལྷག་ཟུང་དུ་འཇུག་པ་ཅི། །མཉམ་གཞག་དུས་སུ་སོར་རྟོག་གི །ཤེས་རབ་མངོན་དུ་འགྱུར་དགོས་ན། །ཤིང་ལས་བྱུང་བའི་མེ་ཡིས་ནི། །ཤིང་ཉིད་བསྲེག་པའི་དཔེ་དོན་ཅི། །འཕགས་པའི་མཉམ་གཞག་ཡེ་ཤེས་ཀུན། །སྒྲ་དོན་འཛིན་པའི་རྟོག་པ་ལས། །འདས་པ་མིན་པར་ཁས་བླངས་ཏེ། །གནས་ལུགས་དོན་ལ་དཔྱོད་ཕྱིར་རོ། །དབང་ལས་སྐྱེས་པའི་ཡེ་ཤེས་ཀྱང༌། །རྟོག་བཅས་ཉིད་དུ་ཐལ་འགྱུར་ཏེ། །སྟོང་ཉིད་ངེས་པའི་བློ་ཡིན་ཕྱིར། །མིན་ན་ལྷག་མཐོང་ཉིད་དུ་འགལ། །དབུ་མར་ཞུགས་པའི་བདེ་ཆེན་གྱི། །ཤེས་པས་སྟོང་ཉིད་ངེས་ཞེས་ཟེར། །གཟུང་འཛིན་གཉིས་པོར་ཞུགས་པ་ཡི། །བདེ་བ་དེ་དང་ཁྱད་པར་ཅི། །མི་འགྱུར་བདེ་དང་ཟག་མེད་བདེ། །ལྷག་མཐོང་ཉིད་དུ་འགྱུར་བ་ལ། །སྒྲ་དོན་འཛིན་པའི་རྟོག་པ་ཞེས། །ཟེར་བ་གཞུང་ཆེན་ཀུན་དང་འགལ། །གནས་ལུགས་ཀུན་ནས་སྒྲིབ་བྱེད་པའི། །བློ་ལ་ཀུན་རྫོབ་ཅེས་བྱར་བཤད། །མ་རིག་གིས་བསླད་བློ་འཁྲུལ་ན། །དེ་ལ་འཁྲུལ་སྣང་མི་འཆར་ཅི། །ཀུན་རྫོབ་ཅེས་བྱ་ཚད་མ་ལ། །འཆད་པ་གཞུང་ལུགས་ཀུན་དང་འགལ། །དོན་དམ་ཚད་མས་འཇལ་ཞེས་པའི། །ཐལ་རང་གཞུང་ཡང་རྙེད་དཀའ་ན། །ཀུན་རྫོབ་ཚད་མས་འཇལ་ཞེས་པའི། །ཕྱི་ནང་གཞུང་ལུགས་ཤིན་ཏུ་དཀོན། །འཁྲུལ་ངོར་བསོད་ནམས་ཚོགས་བསགས་པས། །ཀུན་རྫོབ་པ་ཡི་སྐུ་གཉིས་འཐོབ། །གཟུང་འཛིན་གཉིས་སུ་སྣང་བ་ཡི། །བག་ཆགས་ཅན་ལ་སྐུ་དེ་འཆར། །ཡུམ་ལས་འདྲེས་རྐང་བརྒྱ་རྩ་བརྒྱད། །ཐམས་ཅད་རང་རང་གིས་སྟོང་པར། །བཤད་ཀྱི་དེ་དེས་མི་སྟོང་པར། །བདེན་པས་སྟོང་ཞེས་བཤད་པ་མེད། །གཟུགས་ནི་གཟུགས་སྐྱེས་སྟོང་ཞེས་པ། །དེ་དོན་དེ་དེས་མི་སྟོང་པར། །དེ་མིན་པ་ཡི་ཆོས་གཞན་གྱིས། །སྟོང་ཞེས་འཆད་ལ་སུ་ཡིད་རྟོན། །དེ་ལྟར་འཆད་དེ་གཞན་སྟོང་གི །ལུགས་ལས་ཀྱང་ནི་ཐ་ཤལ་ཏེ། །བུམ་པ་ཆུ་ཡིས་སྟོང་པ་ལྟར། །འབྲེལ་མེད་གཞན་གྱིས་སྟོང་ཕྱིར་རོ། །ཚད་མས་གྲུབ་པའི་དོན་གང་ཞིག །ཚད་མས་མ་གྲུབ་ཀྱིས་སྟོང་ཞེས། །བཤད་པས་ཚད་གྲུབ་དོན་དེ་ལ། །དེ་འཛིན་ལྡོག་པ་ངོ་མཚར་ཆེ། །དེས་ན་ཆོས་རྣམས་རང་རང་གི །ཀུན་རྫོབ་པ་ཡི་ངོ་བོ་དང༌། །གནས་སྐབས་དོན་དམ་དུ་བཞག་པའི། །ངོ་བོས་སྟོང་པ་ལ་དགོངས་ནས། །སྟོང་ཉིད་དང་པོ་རྣམ་བཞི་བཤད། །བདེན་པ་གཉིས་ཀའི་ངོ་བོ་ཡིས། །སྟོང་པ་འདི་ལ་དོན་དམ་ཞེས། །འཆད་པ་གནས་སྐབས་དབང་བྱས་ཏེ། །མཐར་ཐུག་དེ་ཡང་དེས་སྟོང་ཕྱིར། །མདོར་ན་བདེན་གཉིས་རྣམ་གཞག་ལ། །འཇིག་རྟེན་ལུགས་དང་དབུ་མ་ཡི། །གནས་སྐབས་ལུགས་དང་མཐར་ཐུག་ལུགས། །རྣམ་པ་གསུམ་དུ་གཞུང་ལས་བཤད། །དང་པོ་ཆུ་ཡི་ཟླ་བ་དང༌། །ནམ་མཁའི་ཟླ་བ་ཇི་བཞིན་ནོ། །གཉིས་པ་ལྷན་སྐྱེས་གང་ཟག་གི །བདག་དང་དེ་མེད་ལྟ་བུའོ། །གསུམ་པར་ཀུན་རྫོབ་མ་གཏོགས་པའི། །དོན་དམ་ལོགས་སུ་བཞག་པ་མེད། །ས་སྐྱའི་རྗེ་བཙུན་ཡེ་ཤེས་ཀྱི། །ཚོགས་སོག་ཆད་སྟོང་སྒོམ་ཞེས་པ། །རིགས་པ་མིན་ཏེ་གང་གི་ཕྱིར། །ཡོད་པའི་ཆོས་ཤིག་བཙན་ཐབས་སུ། །མེད་ན་ཆད་པར་སྨྲས་ཆོག་མོད། །གདོད་ནས་མེད་པའི་གཟུང་འཛིན་གཉིས། །མེད་པར་གསལ་འདེབས་ཆད་པ་མིན། །གཉིས་མེད་ཡེ་ཤེས་ཙམ་ཞིག་ནི། །ལྷག་མར་བྱས་ནས་རྣམ་རྟོག་གི །སྤྲོས་པ་མེད་པར་ལྷུན་གྲུབ་པ། །དེ་ལ་དམ་པའི་བདག་ཅེས་བཤད། །དེ་ཡང་རང་སྟོང་དུ་བྱས་ན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་གསུངས་པ་དེ་གང་ལ་དགོངས། །ཐལ་འགྱུར་ལུགས་ཀྱི་ལྟ་ཡུལ་དང༌། །ཐེག་མཆོག་ལུགས་ཀྱི་ལྟ་ཡུལ་གཉིས། །དོན་གཅིག་ཟེར་བས་ལུགས་གཉིས་ཀའི། །ལྟ་བའི་ཡུལ་དེ་ངོས་མ་ཟིན། །ཐལ་འགྱུར་ལུགས་ཀྱི་དོན་དམ་དེ། །མེད་པར་དགག་པས་ལས་གཞན་མེད། །ཐེག་པ་མཆོག་གི་དོན་དམ་ནི། །བདེ་སྟོང་ཟུང་དུ་འཇུག་ལ་བཤད། །ཟུང་དུ་འཇུག་པའི་ངོས་འཛིན་ལ། བདེ་བ་བདེན་པས་སྟོང་པ་ཞེས། །ཟེར་ན་གསང་བ་འདུས་པ་ཡི། །དོན་དམ་འོད་གསལ་ཅི་ལ་ཟེར། །དེ་ཡང་མེད་པར་དགག་ཡིན་ན། །ཟུང་དུ་འཇུག་པར་གང་གིས་ལྡང༌། །ཐལ་འགྱུར་ལུགས་ཀྱི་སྟོང་ཉིད་ལ། །ཟུང་དུ་འཇུག་པའི་ཐ་སྙད་མེད། །ཟུང་འཇུག་ལྟ་ཡུལ་མཐར་ཐུག་ཏུ། །འཆད་པ་སྔགས་ཀྱི་ཁྱད་ཆོས་ཡིན། །ཐལ་འགྱུར་ལུགས་ཀྱི་མཐར་ཐུག་ཚེ། །དོན་དམ་བདེན་པ་ཁས་མི་ལེན། །གསང་བ་འདུས་པར་འོད་གསལ་ལ། །བདེན་པར་མི་འཆད་སྐབས་མི་སྲིད། །འོན་ཀྱང་སྤྲོས་ཀུན་བྲལ་ཆ་ཙམ། །ལུགས་དེ་གཉིས་ལ་ཁྱད་པར་མེད། །རིགས་པས་ཕུ་ཐག་མ་བཅད་ཀྱང༌། །སྤྲོས་བྲལ་རྟོགས་པའི་ཐབས་མཆོག་ཡོད། །དོན་གཅིག་ན་ཡང་མ་རྨོངས་དང༌། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་སྤྲོས་བྲལ་ཡོད་མ་ཡིན། །ཞེས་འཆད་པ་ཡང་དེ་ཡིན་ནོ། །ཐོགས་མེད་མཆེད་ཀྱི་གཞུང་ལུགས་ལས། །སྔགས་ཀྱི་ལྟ་ཡུལ་མ་བཤད་ན། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཡེ་ཤེས་མ་བཤད་པ་ཡིན་ནམ། །བཤད་མོད་བདེན་པར་ཁས་ལེན་པས། །ཁྱད་པར་ཤིན་ཏུ་ཆེ་ཞེ་ན། །མཉམ་གཞག་ངོ་ན་ཡེ་ཤེས་དེ། །སྤྲོས་ཀུན་བྲལ་བར་གཞུང་གིས་འཆད། །ཐ་སྙད་ཚེ་ན་སྔགས་ལས་ཀྱང༌། །སེམས་ཀྱི་རྡོ་རྗེ་བདེན་པར་བཤད། །ཐལ་རང་ཐ་སྙད་ཁས་ལེན་ལས། །དགག་བྱའི་ཁྱད་པར་འཆད་ནུས་ན། །དགག་བྱ་ཕྲ་ཤོས་རང་མཚན་གྱི། །གྲུབ་པར་འཆད་དེ་ཐལ་འགྱུར་པས། །ཐ་སྙད་ཚེ་ན་ཁས་བླངས་ཏེ། །འཇིག་རྟེན་གྲགས་སྡེ་སྤྱོད་ཕྱིར་རོ། །གཅིག་དང་དུ་བྲལ་ལ་སོགས་པའི། །རྟགས་ཚུལ་ཁྱད་པར་མེད་པ་ལ། །དགག་བྱ་འགོག་ཚུལ་རྩིང་ཞིབ་གཉིས། །ཀླུ་སྒྲུབ་ཀྱིས་ཀྱང་འཆད་མི་ནུས། །དངོས་ཀུན་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་ཉིད་ཕྱིར་རོ། །ཀུན་རྫོབ་ཡོད་པར་ཁས་བླངས་ན། །དེ་ཉིད་རིགས་པས་དཔྱད་པའི་ཚེ། །མ་རྙེད་པར་ནི་ཁས་ལེན་པ། །ཟླ་བའི་ཞབས་ཀྱིས་བཀག་ཟིན་ཏེ། །སྟོང་ཉིད་དངོས་པོའི་འཇིག་རྒྱུ་དང༌། །ཐ་སྙད་བདེན་པ་རིགས་པ་ཡི། །དཔྱད་བཟོད་ཉིད་དུ་ཐལ་འགྱུར་ཞེས། །སྟོང་ཉིད་ཚད་གྲུབ་བཀག་ཕྱིར་རོ། །དུས་རྣམས་ཀུན་ཏུ་བདེན་པ་གཉིས། །ཚད་མའི་གཞལ་བྱར་ཁས་ལེན་ན། །གཟུགས་སོགས་ཀུན་རྫོབ་ཉིད་ཀྱང་ནི། །གྲགས་པས་ཡིན་གྱི་ཚད་མས་མིན། །དོན་དམ་བློ་ཡི་སྤྱོད་ཡུལ་དུ། །འགྱུར་བ་མིན་ཞེས་གསུངས་པ་དང༌། །ཟླ་བའི་དགོངས་པ་ཨ་ཏི་ཤས། །འཆད་པའི་ཚེ་ན་སྟོང་པ་ཉིད། །ཚད་མ་གཉིས་ཀས་མི་རྟོགས་གསུངས། །འོ་ན་གང་གིས་རྟོགས་ཤེ་ན། །ཟླ་བ་གྲགས་པ་ལ་བརྒྱུད་པའི། །མན་ངག་ཉིད་ཀྱིས་རྟོགས་པར་འགྱུར། །མན་ངག་དེ་ཡང་གང་ཞེ་ན། །ཐོག་མར་དངོས་ཀུན་གཟུགས་ཅན་དང༌། །གཟུགས་ཅན་མིན་པ་གཉིས་སུ་ཕྱེ། །དེ་ནས་དུས་དང་རྡུལ་ཕྲན་སོགས། །ཐུགས་པ་མེད་པའི་བར་དུ་ཕྱེ། །དེ་ནས་ཅི་ཡང་མ་རྙེད་པ། །དེ་ལ་སྟོང་ཉིད་རྟོགས་པ་ཡི། །ཐ་སྙད་བཏགས་སོ་གང་གི་ཕྱིར། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུང༌། །ཞེས་པ་འདི་ནི་ཕྱི་རབས་པ། །ཀུན་ལ་དཔང་པོ་ཉིད་གྱུར་པ། །ཤིང་རྟ་ཆེན་པོའི་སྲོལ་འཛིན་ཅེས། །གྲགས་པ་དེ་ཡི་ལུགས་ཡིན་ནོ། །ཞེས་གངས་ཅན་དུ་བྱོན་པའི་མཁས་གྲུབ་སོ་སོའི་ལུགས་སྔ་ཕྱིའི་ལྟ་བ་འཇོག་ཚུལ་གྱི་ཤན་རྣམ་པར་ཕྱེ་ནས། རང་གི་ལུགས་མཆོག་ཏུ་གྲུབ་པ་ཞེས་བྱ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉི་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།། །། ༄། །སྭསྟི། ཐམས་ཅད་མཁྱེན་ལ་ཕྱག་བཙལ་ནས། །དམ་པའི་བདག་དང་སྙིང་པོའི་ཁམས། །ཀུན་གྱིས་རྟོགས་པར་ཐལ་ཞེས་པའི། རྩོད་པ་མྱུར་དུ་སྤང་བར་བྱ། །སེམས་ཀྱི་རང་བཞིན་འོད་གསལ་བ། །རང་མྱོང་ཚད་མས་རིག་པའི་ཕྱིར། །འགྲོ་བ་ཀུན་གྱིས་རང་རང་གི །སྙིང་པོ་རྟོགས་པར་ཐལ་ཞེ་ན། །སེམས་ཀྱི་རང་བཞིན་འོད་གསལ་བ། །རང་གིས་རང་ཉིད་ཉམས་མྱོང་ནས། །དེ་ལ་ངེས་པ་འདྲེན་པ་ནི། །ཐེག་ཆེན་འཕགས་པ་མིན་ལ་མེད། །འོ་ན་རང་བློ་རང་ལ་ནི། །ལྐོག་ཏུ་གྱུར་པར་ཐལ་ཞེ་ན། །འོད་གསལ་བ་ཡི་སེམས་དེ་ཉིད། །རང་ལ་མངོན་སུམ་ཚད་ཡིན་ཕྱིར། །རང་བློ་རང་ལ་ལྐོག་གྱུར་དུ། །ཐལ་བར་འགྱུར་བ་མ་ཡིན་ནོ། །དེ་ལ་མངོན་སུམ་ཚད་ཡིན་ན། །དེ་མ་རྟོགས་པར་འགལ་ཞེ་ན། །མངོན་སུམ་ཐམས་ཅད་རང་རང་གི །འཇུག་པའི་ཡུལ་ལ་ཚད་ཡིན་ཀྱང༌། །དེ་རྟོགས་མཛད་པའི་ངེས་མེད་པར། །རྣམ་འགྲེལ་མཛད་པས་བཤད་པ་ཡིན། །རང་གིས་རང་ཉིད་རིག་མིན་པ། །རང་རིག་ཉིད་དུ་འགལ་ཞེ་ན། །འོད་གསལ་བ་ཡི་སེམས་གང་ལ། །རྟོག་དང་བྲལ་ཞིང་མ་འཁྲུལ་པར། །སོང་ན་དེ་ལ་མངོན་སུམ་སྟེ། །དེ་ཡང་རང་རིག་ལས་གཞན་མེད། །རང་ཉིད་ཡུལ་དུ་བྱེད་པ་ནི། །རང་རིག་པ་ལ་སྤྱིར་མི་འཐད། །ཁྱད་པར་གཉིས་མེད་ཡེ་ཤེས་ལ། །ཡུལ་མེད་རིག་པའི་གཏེར་ལས་བཤད། སྤྱིར་ཡང་ཐེག་པ་ཆེན་པོ་ལས། །སོ་སོར་རང་རིག་ཅེས་བྱ་བ། །རང་ཉིད་རིག་པར་སྐྱེས་ཙམ་ལས། །རྟོག་བྱ་གཞན་མེད་པ་ལ་བཤད། །རང་ཉིད་རང་གིས་ཡུལ་མིན་ཀྱང༌། ངེས་པ་འདྲེན་དང་མི་འདྲེན་པའི། །དབྱེ་བས་སྙིང་པོ་མཐོང་བ་ལ། །མིག་དང་ལྡན་མི་ལྡན་ཞེས་བཤད། །སྙིང་པོ་ཤེས་པར་བཤད་པ་ལ། །རྩོད་པ་སྤང་བའི་རབ་བྱེད་འདིས། །རྟོག་གེ་ཤེས་པར་རློམ་རྣམས་ཀྱང༌། །རང་རིག་གནས་ལ་ངེས་ཐོབ་ཤོག། །།སྭསྟི།། །། ༄། །ཐམས་ཅད་མཁྱེན་ལ་ཕྱག་འཚལ། །ཉི་མའི་གཉེན་གྱི་བསྟན་པ་ཡི། །རྒྱལ་སྲིད་སྐྱོང་མཛད་མི་ཕམ་མགོན། །དེའི་གསུང་དངོས་སྨྲའི་ལམ་དག་ཏུ། །མཐུན་པར་འཇུག་པ་དེ་སྤང་བྱ། །སྔོན་དུས་རྔོག་ལོ་ཆེན་པོ་ཡིས། །རྒྱུད་བླ་མ་གཏོགས་བྱམས་ཆོས་བཞི། །མངོན་རྟོགས་རིམ་པ་གཙོར་འཆད་ཕྱིར། །དྲང་བའི་དོན་ཅན་ཡིན་ཞེས་གསུང༌། །སྔོན་ནས་དེང་སང་དུས་བར་དུ། །བྱམས་ཆོས་ཐོག་མཐའ་གཉིས་མ་གཏོགས། །བར་པ་རྣམ་གསུམ་སེམས་ཙམ་གྱི། །གཞུང་ལུགས་ཉིད་དུ་མཐུན་པར་འཆད། །ཕྱི་དུས་གྲགས་པ་གསལ་ལྡན་དག །རྒྱན་གྱི་དགོངས་པ་ཀླུ་སྒྲུབ་ལྟར། །གནས་ཀྱང་དེ་འགྲེལ་སྔོན་མ་བྱུང༌། །རྒྱུད་བླ་འཕགས་པ་ཐོགས་མེད་ཀྱིས། །ཐལ་འགྱུར་གཞུང་དུ་བཀྲལ་ཞེས་ཟེར། །བོད་འདིར་བྱམས་ཆོས་འཆད་ཚུལ་ལ། །ཐོས་བསམ་ཚུལ་དང་སྒོམ་ཚུལ་དུ། །འཆད་ཚུལ་རྣམ་པ་གཉིས་ཡོད་ཅེས། །ཆོས་ལྔ་དབུ་མར་འགྲེལ་རྣམས་གསུངས། །དེ་དག་རྣམས་ལ་བརྟག་བྱ་བ། །གཞན་སུན་འབྱིན་པའི་ལུང་རིགས་དང༌། །རང་གི་འདོད་པ་མདོ་གཞུང་ཀུན། །དཔང་པོར་བྱས་ནས་སྒྲུབ་པའོ། །འཁོར་ལོ་བར་པའི་དགོངས་དོན་གྱི། །གཙོ་བོ་ངེས་པའི་དོན་ཡིན་ན། །མངོན་རྟོགས་རྒྱན་གཞུང་དྲང་དོན་གྱི། །བསྟན་བཅོས་ཉིད་དུ་འཆད་པ་འགལ། །འཁོར་ལོ་གསུམ་པའི་དགོངས་དོན་གྱི། །གཙོ་བོ་དྲང་བའི་དོན་ཡིན་ན། །རྒྱུད་བླའི་བསྟན་བཅོས་ངེས་དོན་ཞེས། །མཐའ་གཅིག་ཉིད་དུ་འཆད་པ་འགལ། །བྱམས་ཆོས་བར་པ་རྣམ་གསུམ་པོ། །སེམས་ཙམ་ཁོ་ནའི་གཞུང་ཡིན་ན། །རྗེ་བཙུན་མི་ཕམ་མགོན་ཉིད་ཀྱིས། །དབུ་མའི་གཞུང་དུ་གསུངས་དང་འགལ། །རྒྱུད་བླ་དབུ་མར་ངེས་འགྱུར་ན། །གསུམ་པོ་སེམས་ཙམ་གཞུང་དུ་འགལ། །ངེས་པའི་དོན་གྱི་གཙོ་བོ་ཡི། །ངོས་འཛིན་ཁྱད་པར་མེད་ཕྱིར་རོ། །མངོན་རྟོགས་རྒྱན་གྱི་དགོངས་པའི་དོན། །འགྲེལ་ཚུལ་ཀླུ་སྒྲུབ་ལྟར་གནས་ན། །ཤེར་ཕྱིན་མདོ་ཡི་འགྲེལ་ལུགས་ལ། །མངོན་རྟོགས་རྒྱན་དང་རིགས་པའི་ཚོགས། །ཤིང་རྟའི་སྲོལ་ཆེན་རྣམ་གཉིས་ཞེས། །ཆེན་པོ་རྣམས་ལ་གྲགས་དང་འགལ། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །རྒྱན་གཞུང་ཇི་བཞིན་མ་བཀྲལ་ན། །དྲང་ངེས་འབྱེད་པར་ལུང་བསྟན་པ། །དེ་ལ་སྙིང་པོ་མེད་པར་འགྱུར། །རྒྱུད་བླའི་དགོངས་པ་ཟླ་གྲགས་དང༌། །མཐུན་པར་ཐོགས་མེད་ཀྱིས་བཀྲལ་ན། །མངོན་སུམ་ཉིད་ལ་བསྙོན་པའི་ཕྱིར། །རྣམ་དཔྱོད་མང་པོས་ཅི་ཞིག་བྱ། །བྱམས་ཆོས་སྒོམ་ལུགས་ལྟར་འཆད་ཅེས། །གསུང་པ་དེ་ཡིས་ཆོས་ལྔ་པོའི། །ངེས་དོན་སྔོན་བྱོན་བོད་རྣམས་ཀྱི། །དབུ་མ་ཉིད་དང་ཁྱད་པར་མེད། །ཐོས་བསམ་ལུགས་ལྟར་འཆད་ཅེས་པ། །དེ་ཡི་ལུགས་ལ་ལྔ་ཆར་གྱི། །སྟོང་ཉིད་མེད་དགག་ཁོ་ནར་འཆད། །བྱམས་ཆོས་བར་པ་རྣམ་གསུམ་པོའི། །ངེས་དོན་གཟུང་འཛིན་རྫས་གཞན་གྱི། །སྟོང་པའི་མེད་དགག་ཉིད་དོ་ཞེས། །འཆད་པ་ཕྱིས་ཀྱི་གཏམ་ཁོ་ན། །དེ་ནས་རང་གི་འདོད་པ་ནི། །བྱམས་པའི་ཆོས་ནི་ལྔ་ཆར་ན། །གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡི། །ཡེ་ཤེས་ཁོ་ན་དམ་པའི་དོན། །ཡིན་པར་འཆད་ལ་ཁྱད་པར་མེད། །མངོན་རྟོགས་རྒྱན་ན་གཞི་དང་ལམ། །རྣམ་གསུམ་གཟུང་འཛིན་རྟོག་པ་ཡིས། །སྟོང་པའི་ཤེས་རྣམ་ཉིད་ཁོ་ན། །སྤང་བྱའང་གཟུང་བར་རྟོག་པ་དང༌། །འཛིན་པར་རྟོག་པ་ཉིད་དུ་ངེས། །དེ་སྟོང་ཡེ་ཤེས་ཁམས་གསུམ་པའི། །གཉེན་པོ་ཉིད་དུ་བཤད་པ་དང༌། །རྒྱུན་མཐའི་གཟུང་འཛིན་གཉིས་མེད་ཀྱི། །ཡེ་ཤེས་ཆོས་སྐུའི་དངོས་རྒྱུར་བཤད། །བྱམས་ཆོས་བར་པ་རྣམ་གསུམ་ན། །གང་ཟག་བདག་མེད་སྨོས་ཅི་དགོས། །གཟུང་བ་ཆོས་ཀྱི་བདག་མེད་དང༌། །འཛིན་པ་ཆོས་ཀྱི་བདག་མེད་ཀྱང༌། །རྒྱས་པར་བཤད་ལ་རྩོད་པ་མེད། །གཉིས་སྟོང་ཡེ་ཤེས་མ་བཀག་པས། །སེམས་ཙམ་ཉིད་དུ་ངེས་གྱུར་ན། །རྒྱུད་དང་རྒྱ་གཞུང་ཇི་སྙེད་དང༌། །སྒྲུབ་ཐབས་ཀུན་ལའང་དེར་ཐལ་ལོ། །རྒྱུད་བླར་སྙིང་པོའི་ངོས་འཛིན་ནི། །ལས་ཉོན་གཉིས་དང་རྣམ་སྨིན་གྱིས། །སྟོང་པའི་ཡེ་ཤེས་ཉིད་ལ་བཤད། །མདོ་སྡེའི་རྒྱན་ནའང་དེ་ཁོ་ན། །ལ་ལ་བྱམས་ཆོས་ལྔ་ཆར་ཡང༌། སེམས་ཙམ་གཞུང་དུ་གནས་སོ་ཞེས། །ཟེར་ན་ལེགས་ལྡན་ཟླ་གྲགས་ཀྱིས། །གང་བཤད་བདེན་ན་དེ་ལྟར་ཡང༌། །སྨྲས་པས་ཆོག་མོད་གསང་འདུས་དང༌། །དགྱེས་རྡོར་བདེ་མཆོག་ལ་སོགས་པའི། །དགོངས་འགྲེལ་ཀུན་དང་འགལ་བར་འགྱུར། །རྒྱས་པར་རང་རང་གཞུང་དུ་ལྟོས། །ཕར་ཕྱིན་ཐེག་པར་གྲུབ་མཐའ་བཞིའི། །རྩེ་མོར་གྱུར་པའི་དབུ་མ་ལ། །འཆད་ཚུལ་ཤིང་རྟའི་སྲོལ་གཉིས་བྱུང༌། །སྔགས་ལས་དགོངས་དོན་གཅིག་ཏུ་གྲུབ། །ཅེས་བྱམས་ཆོས་དང་རིགས་ཚོགས་ཀྱི་དབུ་མའི་གཏམ་སོ་སོར་ངེས་པའི་ཚིག་ལེའུར་བྱས་པ་མི་ཕམ་དགོངས་པའི་རྒྱན་ཞེས་བྱ་བ་འདི་གྲུབ་པའོ།། །།མངྒ་ལཾ།། ༄། །དབུ་མའི་ལྟ་ཁྲིད། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ངོ་མཚར་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ༄། །ཨོཾ་སྭསྟི། རྫོགས་སངས་རྒྱས་རྣམས་མ་ལུས་པའི། །མཁྱེན་དང་བརྩེ་དང་ཕྲིན་ལས་ཀུན། །གཅིག་གྱུར་འཇམ་དཔལ་སྤྱན་རས་གཟིགས། །མཐུ་ཆེན་ཐོབ་ལ་ཕྱག་འཚལ་ནས། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཡི། །རྩེ་གྱུར་ངོ་བོ་ཉིད་མེད་དུ། སྨྲ་བའི་དབུ་མ་ཆེན་པོ་པ། །རྣམས་ལ་རབ་གྲགས་ལྟ་བའི་ཁྲིད། །རྒྱུད་པའི་རིམ་པ་ལས་འོངས་པ། །ཕྱིས་བྱོན་གཏམ་གྱིས་མ་བསླད་པར། །སྔོན་བྱོན་ཆེན་པོའི་གཞུང་བཞིན་འཆད། །ལྟ་བའི་ཁྲིད་དུ་གྲགས་པ་འདི། །ཕལ་ཆེར་དཔལ་ལྡན་ཟླ་བ་ནས། །བརྒྱུད་དོ་དེ་ལ་སྲོལ་རྣམ་གཉིས། །ཨ་ཏི་ཤ་ནས་བཀའ་གདམས་པར། །གྲགས་ལ་རིམ་རྒྱུད་གཅིག་ཡིན་ཏེ། །ཉི་མར་གྲགས་པའི་སྲས་བཞི་ལས། །རིམ་པར་བརྒྱུད་དེ་གཉིས་པའོ། །དང་པོས་ཐོག་མར་སེམས་བསྐྱེད་པ། །བྱམས་པའི་གཞུང་བཞིན་ཐོགས་མེད་ཀྱིས། །རྣམ་པར་ཕྱེ་བའི་སྲོལ་དེ་ལྟར། །མཛད་དོ་དེ་ཡང་བྱང་ས་ཡི། །ཚུལ་ཁྲིམས་ལེའུ་ལས་གསུངས་པ། །འདི་ལ་སྨོན་པ་སེམས་བསྐྱེད་དང༌། །འཇུག་པའི་སྡོམ་པ་གཉིས་ཕྱེ་ནས། །སེམས་བསྐྱེད་ནས་བཟུང་སོ་ཐར་གྱི། །རིས་བདུན་སྡོམ་པའི་རྟེན་དུ་བཞེད། །རིགས་པས་སྒྲོ་འདོགས་གཅོད་པའི་ཚུལ། །བདེན་གཉིས་ལ་འཇུག་གཞུང་ལས་ཏེ། །ཞི་ལྷག་ཟུང་འབྲེལ་བསྒོམ་པའི་ཚུལ། །དབུ་མའི་མན་ངག་ལས་གསུངས་སོ། །དཔལ་ལྡན་ཟླ་བས་སེམས་བསྐྱེད་པ། །རྣམ་བཅུའི་ཐོག་མཐའ་ཐམས་ཅད་དུ། །སེམས་ཅན་ཆོས་དང་དམིགས་མེད་པའི། །སྙིང་རྗེ་རྣམ་གསུམ་གོམས་བྱར་བཤད། །དེ་ཕྱིར་སྨོན་པའི་བྱང་སེམས་ཙམ། །ཁྲིད་ཀྱི་ཐོག་མར་གཟུང་བྱས་ནས། །དངོས་གཞིའི་རྣམ་བཞག་བརྒྱུད་པ་གཉིས། །མི་མཐུན་མེད་ཕྱིར་བསྲེ་བར་བྱ། །ཐོག་མར་ཐོས་དང་བསམ་པ་ཡི། །རིགས་པས་མཐའ་གཉིས་མ་བསལ་ན། །ཚད་མས་དྲངས་པའི་དབུ་མ་ཉིད། །མི་འབྱུང་ཕྱིར་ན་དེ་བསལ་བྱ། །དེ་འོག་སྤྲོས་པའི་མཐའ་ཀུན་དང༌། །བྲལ་བའི་དབུ་མ་ཞི་གནས་དང༌། །ལྷག་མཐོང་ཟུང་དུ་འབྲེལ་བ་ཡིས། །ཇི་བཞིན་གོམས་པར་བྱེད་ཚུལ་ལོ། །དང་པོ་ཇི་ལྟར་ཐོས་པ་དང༌། །ཐོས་ལས་ཚད་མ་གང་སྐྱེས་དང༌། །ཚད་མས་གཞལ་བ་གང་ཡིན་དང༌། །གཞལ་དེ་གོམས་པས་རྟོགས་བྱ་བ། །ཡིན་མིན་ཚུལ་གཉིས་ཕྱེ་བ་དང༌། །ཐུན་མོང་མིན་དང་ཐུན་མོང་བའི། །ཞི་གནས་གཉིས་ཀྱི་དབྱེ་བ་དང༌། །ཞི་གནས་ལྷག་མཐོང་སོ་སོ་བ། །ཉིད་དང་ཟུང་དུ་འཇུག་པའི་སྐབས། །འཇིག་རྟེན་རྟོག་པ་ལྷན་སྐྱེས་དང༌། །མཐུན་པའི་ཚད་མས་མ་བསླད་པར། །གཞུང་བཞིན་ཤེས་ནས་དམིགས་པ་ཡི། །གོ་རིམ་བཞིན་དུ་འཁྲིད་པར་བྱ། །དང་པོ་ཆོས་གཅིག་ལ་མཚོན་ནས། །ཆོས་རྣམས་ཀུན་ལ་མགོ་བསྒྲེ་བའི། །རིགས་པ་རང་སྟོང་སྨྲ་བ་ལ། །ཡིན་ནོ་དེ་ལས་གཞན་ལ་མིན། །དེ་ཡང་བུམ་སོགས་ཡོད་དོ་ཞེས། །རང་གི་འཛིན་པ་ལྷན་སྐྱེས་དང༌། །ཕ་རོལ་དངོས་པོར་སྨྲ་བ་ཡི། །ཕྱོགས་སྔ་མ་དེ་ཁས་ལེན་ན། །བུམ་པ་ལ་སོགས་དེ་ཆོས་ཅན། །གཅིག་དང་དུ་མ་གང་རུང་དུ། །ཐལ་ལོ་ཡོད་པའི་ཕྱིར་ཞེས་སོགས། །མི་འདོད་ཐལ་བ་རྒྱུད་མར་ནི། །འཕངས་པས་རྒོལ་བ་གཞན་དེ་ལ། །གྲགས་པའི་གཏན་ཚིགས་ཁས་བླངས་དང༌། །ཐལ་ཆོས་ཚད་མས་བསལ་མོད་ཀྱང༌། །དབུ་མ་པ་ལ་ཁས་བླངས་པ། །མེད་པས་རྒོལ་བ་གཞན་དེ་ཡི། །རིགས་པས་བརྫི་བར་ནུས་མ་ཡིན། །དེ་ཚེ་ཐ་སྙད་བདེན་པ་ལ། །བསྐུར་པ་བཏབ་ཅེས་ཟེར་བ་ལ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། །ཐ་སྙད་བདེན་པའི་ངོར་ཡོད་ཅེས། །རང་རྒྱུད་སྦྱར་ཡང་འགལ་མེད་དེ། །དོན་དམ་དབང་དུ་མ་བྱས་ཕྱིར། །ཀུན་རྫོབ་བདེན་པར་ཡོད་གྱུར་དང༌། །རྟེན་ཅིང་འབྲེལ་པར་འབྱུང་གྱུར་པས། །ཡོད་མ་ཡིན་པ་འགལ་ཞེ་ན། །རྟེན་འབྲེལ་དོན་ནི་ལྟོས་གྲུབ་དང༌། །དེ་མ་གྲུབ་པའི་དོན་ཡིན་པར། །དབུ་མའི་གཞུང་དང་དེར་འཇུག་པའི། །གཞུང་ལས་གསལ་བར་གསུངས་ཕྱིར་རོ། །ཀུན་རྫོབ་ཞེས་པ་སྒྲིབ་བྱེད་དང༌། །རིགས་པས་དཔྱད་མི་བཟོད་པ་དང༌། །བློ་ཡི་ཡུལ་དུ་གྱུར་ལ་བཤད། །དོན་དམ་དེ་ལས་ལྡོག་པ་སྟེ། །རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཀུན་རྫོབ་ཡོད་པ་མ་ཡིན་ནོ། །དབུ་མ་པ་འདིས་དོན་དམ་པའི། །བདེན་པ་ཡོད་པར་ཁས་བླངས་ན། །སྐབས་དེར་རིགས་པར་དཔྱད་བཟོད་དང༌། །ལྟོས་གྲུབ་མིན་པའི་ཆོས་ཁས་བླངས། །བདེན་མེད་ཡོད་པ་ཁས་བླངས་ཚེ། །བདེན་གྲུབ་ཀྱང་ནི་དེ་ལྟ་དང༌། །བདེན་པར་གྲུབ་པ་མི་འདོད་ན། །བདེན་མེད་ཀྱང་ནི་དེ་ལྟ་སྟེ། །གཉིས་པོ་ལྟོས་ནས་འཇོག་པའི་ཕྱིར། །ཕན་ཚུན་སྤངས་པ་ལྟོས་གྲུབ་ཏུ། །འཇོག་པའི་གོ་དོན་མ་ཡིན་ན། །སྟོང་པ་ཉིད་ལས་མ་གཏོགས་པའི། །རྟེན་ཅིང་འབྲེལ་འབྱུང་ཁས་ལེན་འགྱུར། །དེ་ལྟར་ཡོད་མེད་གཉིས་ཡིན་པ། །ཁེགས་ཚེ་གཉིས་མ་ཡིན་པའང༌། །ཁེགས་ཏེ་དེ་མ་ཡིན་པ་ནི། །དེ་ཡིན་པ་ལ་ལྟོས་ཕྱིར་རོ། །སྤྲོས་པའི་མཐའ་བཞི་ཁེགས་པ་ན། །སྤྲོས་བྲལ་ཚད་མས་གྲུབ་ཟེར་བ། །མིན་ཏེ་སྤྲོས་ལ་མ་ལྟོས་པའི། །སྤྲོས་བྲལ་བློ་ལ་འཆར་མི་སྲིད། །དོན་དམ་བློ་ཡི་ཡུལ་མིན་པར། །གསུངས་ལ་འཇིགས་པར་མི་བྱ་སྟེ། །རྟོག་དང་རྟོག་མེད་མ་གཏོགས་པའི། །བློ་ནི་ཡོད་པ་མིན་ཕྱིར་དང༌། །ནམ་མཁའ་གསལ་བར་སྣང་བ་ཡི། །རྟོག་པ་མེད་སེམས་མི་སྲིད་པ། །དེ་བཞིན་མེད་དགག་གསལ་སྣང་གི །ཤེས་པ་མཁས་རྣམས་མི་བཞེད་དོ། །རྟོག་པའི་ཡུལ་དུ་གང་ཤར་བ། །ཀུན་ཀྱང་དོན་དམ་བདེན་མིན་ཏེ། །རྟོག་པ་མ་རིག་གིས་བསླད་ཕྱིར། །ཀུན་རྫོབ་བདེན་ལས་འདའ་མི་སྲིད། །རིགས་པ་འདི་དག་གི་སྐབས་སུ། །རྟགས་དཔེ་ལ་སོགས་གང་དགོས་པ། །ཐམས་ཅད་གཞན་གྲགས་ཉིད་ཡིན་ཕྱིར། །དབུ་མ་པ་ལ་ཁས་བླངས་མེད། །དབུ་མ་ཞེས་པ་མཐའ་གཉིས་དང༌། །བྲལ་ལ་དེ་ཡི་མིང་གིས་བཏགས། །དབུས་ལའང་གནས་པར་མི་འདོད་ན། །མཐའ་གཞན་ཁས་ལེན་སྨོས་ཅི་དགོས། །རང་ལུགས་སྤྲོས་པ་ཀུན་བྲལ་ཕྱིར། །ཐ་སྙད་བདེན་ཡོད་གཞན་གྱི་ལུགས། །དེ་ཕྱིར་ལམ་གྱི་མཉམ་གཞག་ཏུ། །སྤྲོས་པའི་མཚན་མ་ཀུན་ལས་གྲོལ། །སྤྲོས་མེད་ཆོས་ཀྱི་དབྱིངས་ལས་ནི། །བཞེངས་པའི་བསོད་ནམས་ཚོགས་སོག་ཚེ། །འཇིག་རྟེན་ལྷན་ཅིག་སྐྱེས་བློ་ལ། །མཐུན་པར་གྲགས་པའི་དོན་དམ་བདེན། །ཀུན་ལ་ཡང་དག་ཀུན་རྫོབ་ཞེས། །མིང་དུ་བཏགས་ནས་རྣམ་ཤེས་ལ། །གང་སྣང་ཐད་སོར་བཞག་བྱས་ནས། །གཉིས་སྣང་བག་ཆགས་མ་སྤངས་པ། །དེ་སྲིད་བྱེད་པོ་རྣམ་ཤེས་ཀྱིས། །བསོད་ནམས་ཚོགས་ཆེན་རྫོགས་པར་བྱེད། །གང་ཤར་ཐད་སོར་འཇོག་པ་དང༌། །འཁོར་གསུམ་མི་དམིགས་པ་ཞེས་པ། །འགལ་བ་འདུས་པར་མི་བསམ་སྟེ། །རྣམ་ཤེས་ངོ་ན་སྣང་བ་དང༌། །ཡེ་ཤེས་དང་ནི་རིག་ཤེས་ཀྱི། །ངོ་ན་ཅི་ཡང་མི་དམིགས་པ། །འགལ་ལ་མི་འཁྲུལ་མིན་ཕྱིར་རོ། །དབུ་མ་པ་འདིས་འཇིག་རྟེན་གྱི། །དོན་དམ་བདེན་པ་ཐ་སྙད་དུ། །ཁས་བླངས་པ་ན་དེ་དེ་ཡི། །རང་ལུགས་ཉིད་དུ་འགྱུར་སྙམ་ན། །མ་ཡིན་ཐ་སྙད་ཀུན་རྫོབ་པ། །ཐམས་ཅད་འཁྲུལ་པར་འཆད་ཕྱིར་རོ། །ཐ་སྙད་དུས་སུ་ཡེ་ཤེས་ཀྱིས། །ཅི་ཡང་མི་དམིགས་པར་བྱེད་ན། །ཐ་སྙད་བདེན་པ་རིགས་པ་ཡིས། །དཔྱད་ནས་འཇོག་པར་འགྱུར་ཞེ་ན། །འཁོར་གསུམ་པོར་ནི་གང་སྣང་བ། །དེ་ལ་མཚན་མར་མི་འཛིན་པ། །དམིགས་པ་མེད་པའི་དོན་ཡིན་གྱི། །རྣམ་པར་ཤེས་པས་རང་གི་ཡུལ། །དམིགས་པ་མེད་པར་བྱེད་མིན་ནོ། །དེ་ལྟར་ཡོད་མ་ཡིན་པ་ཡིས། །རྟག་པའི་མཐའ་སེལ་མེད་མིན་པས། །ཆད་མཐའ་སེལ་བ་དབུ་མ་ཡི། །ལུགས་ཞེས་ཐ་སྙད་དུ་འཆད་ཀྱི། །ཐ་སྙད་དུ་ཡོད་བདེན་མེད་ཀྱིས། །མཐའ་གཉིས་སེལ་ཞེས་ཟེར་བ་རྫུན། །རྣམ་ཤེས་སྣང་བ་མི་འདོར་ཞིང༌། །གང་ཤར་དེ་ལ་རྣམ་ཤེས་ཀྱིས། །བདེན་དང་མཚན་མར་འཛིན་མེད་པ། །སྤྱོད་པའི་མཐའ་གཉིས་སེལ་ཚུལ་ལོ། །སྤྲོས་འགོག་གཞན་གྲགས་རྗེས་དགག་གིས། །དགག་བྱ་འགོག་པར་འཆད་བྱེད་ཀྱི། །བསྒྲུབ་བྱ་གཞལ་བ་འདིར་མི་བཞེད། །དེ་ཕྱིར་བསམ་བྱུང་ཤེས་རབ་ཀྱིས། །ཅིར་ཡང་འཛིན་པ་མེད་བྱེད་ཀྱི། །མི་དམིགས་ཉིད་དུའང་འཛིན་མི་བྱེད། །དེ་ནས་གོམས་པར་བྱེད་པ་ལ། །ཞི་གནས་ལྷག་མཐོང་སོ་སོ་བ། །ཟུང་དུ་འབྲེལ་དང་གཅིག་གྱུར་ཚེ། །ཟུང་དུ་འཇུག་པ་ཡིན་ཞེས་བྱ། །སོ་སོ་སྐྱེ་བོའི་ས་དག་ཏུ། །ཀུན་ནས་ཉོན་མོངས་པ་དང་ནི། །རྣམ་བྱང་རྟོག་པ་གང་རུང་དང༌། །ལྡན་ཕྱིར་ཞི་ལྷག་སོ་སོ་བ། །རྣལ་འབྱོར་མངོན་སུམ་དུ་གྱུར་ནས། །ཞི་ལྷག་ཟུང་དུ་འཇུག་ཅེས་བྱ། །མུ་སྟེགས་བྱེད་དང་ཐུན་མོང་བའི། །ཞི་ལྷག་ཟུང་དུ་འབྲེལ་བ་དང༌། །ཐུན་མོང་མིན་པ་སངས་རྒྱས་པའི། །ཟུང་དུ་འབྲེལ་བ་གཉིས་སུ་དབྱེ། །དང་པོ་སྙོམས་པར་འཇུག་བརྒྱད་ལ། །སྦྱོར་དང་དངོས་གཞི་གཉིས་གཉིས་ཏེ། །སྦྱོར་ལ་ཞི་གནས་ལྷག་མཐོང་གཉིས། །དངོས་གཞི་ཞི་གནས་འབའ་ཞིག་པ། །ལྷག་མཐོང་ཞི་རགས་རྣམ་པ་ཅན། །ཁོ་ནར་ཟད་དོ་ཞི་གནས་ནི། །འདོད་ལ་འདུན་དང་རྣམ་པར་འཚེ། །མངོན་དུ་གྱུར་པས་མ་བཅིངས་པའི། །རྩེ་ཅིག་པ་ཙམ་ཡིན་མོད་ཀྱང༌། །ངར་ཞེན་པ་དང་ང་ཡིར་འཛིན། །མངོན་དུ་གྱུར་དང་མཚུངས་ལྡན་ཕྱིར། །ཟག་མེད་ལམ་གྱི་རྟེན་མི་རུང༌། །ལྷག་མཐོང་ཞི་རགས་རྣམ་པ་ཅན། །དེ་ལའང་སྦྱོར་དངོས་གཉིས་ཡིན་ཏེ། །སྦྱོར་བ་གོང་འོག་ས་རྣམས་ཀྱི། །སྐྱོན་དང་ཡོན་ཏན་ཐོས་བསམ་པ། །དེ་དེ་ཉིད་ལ་མཉམ་འཇོག་པ། །ཉེར་བསྡོགས་དུས་ཀྱི་ཞི་གནས་ཏེ། །དེ་ནས་དགའ་དང་བདེ་སྐྱེས་པ། །དངོས་གཞིར་སོན་པའི་ཞི་གནས་སོ། །སངས་རྒྱས་པ་རྣམས་གང་ཟག་ལ། །བདག་མེད་ཐོས་བསམ་གྱིས་སྦྱངས་ནས། །ཞི་གནས་བསྒྲུབ་པའི་རིམ་པ་ཡིས། །གྲུབ་ཚེ་ང་དང་ང་ཡི་བར། །ཞེན་པའི་འཆིང་བས་མ་བཅིང་ཕྱིར། །ཟག་མེད་ལམ་གྱི་རྟེན་དུ་རུང༌། །སངས་རྒྱས་པ་ཡི་སོ་སྐྱེ་ཡང༌། །ལྷག་མཐོང་ཞི་རགས་རྣམ་ཅན་གྱིས། །འོག་མའི་ས་ལ་ཆགས་བྲལ་ནས། །གོང་མར་སྐྱེ་བའི་ལས་སོག་བྱེད། །འཕགས་པ་ཉན་ཐོས་པ་དག་ཀྱང༌། །ཞི་རགས་རྣམ་པ་ཅན་དག་གིས། །ཁམས་ལ་ཆགས་བྲལ་བྱེད་དོ་ཞེས། །ཉན་ཐོས་སྡེ་པ་འདོད་མོད་ཀྱང༌། །འཕགས་པ་ཐོབ་རྗེས་འཁོར་བར་ནི། །འཕེན་བྱེད་ལས་སོག་བྱེད་པའི་ལུགས། །དེ་ཕྱིར་ཐུན་མོང་མ་ཡིན་པའི། །ལྷག་མཐོང་བདེན་པའི་རྣམ་པ་ཅན། །སྐྱེས་ནས་འཕགས་རྣམས་ཞི་རགས་ཀྱིས། །ཁམས་ལ་ཆགས་བྲལ་བྱེད་མི་སྲིད། །ཐེག་པ་ཆེ་རྣམས་གང་ཟག་དང༌། །ཆོས་ལ་བདག་མེད་ཐོས་བསམ་གྱི། །རིགས་པས་ཤེས་པ་སྔོན་སོང་ནས། །ཞི་གནས་ཉིད་ལ་འཇུག་བྱེད་ཀྱི། །མཚན་ཉིད་རིག་སོགས་ཞི་རགས་ཀྱིས། །ཁམས་ལ་ཆགས་བྲལ་དོན་མི་གཉེར། །ལུས་སེམས་ཤིན་ཏུ་སྦྱངས་ཅན་གྱི། །ཞི་གནས་མངོན་དུ་གྱུར་དེ་ནས། །བདག་ཏུ་འཛིན་པ་མངོན་གྱུར་དང༌། །བྲལ་བའི་ཞི་གནས་རྩེ་གཅིག་པ། །སྦྱོར་བའི་ལམ་གྱི་མཉམ་བཞག་ཏུ། །སྐྱེས་པ་དེ་ཡང་ཟུང་འབྲེལ་ཏེ། །ལྷག་མཐོང་རྣམ་པར་རྟོག་པ་དང༌། །མཚུངས་པར་ལྡན་ཕྱིར་ཟུང་འཇུག་མིན། །ལྷག་མཐོང་དང་ནི་ཞི་གནས་ཀྱི། །དབྱེ་བ་སོ་སོར་མི་ཕྱེད་པ། །དེ་ནས་ཟུང་དུ་འཇུག་པ་སྟེ། །མཐོང་བའི་ལམ་ནས་མངོན་དུ་གྱུར། །ཐལ་འགྱུར་བ་ནི་ཐོས་པའི་དུས། །རིགས་པའི་བསྒྲུབ་བྱ་ཁས་མི་ལེན། །བསམ་བྱུང་གིས་ཀྱང་འདི་དེ་ཞེས། །གཞལ་བྱ་ཉིད་དུ་ཞེན་མི་བྱེད། །རྒོལ་བ་གཞན་གྱི་བློ་ངོར་ཡང༌། །དེ་དེ་ཉིད་ལ་གྲགས་པ་ཡི། །རིགས་པས་དགག་བྱ་འགོག་པ་དང༌། །ཁེགས་ལ་ཐོས་བསམ་ཞེས་སུ་བརྗོད། །དེ་ལྟར་ཁེགས་པའི་རྒྱུ་དེ་ཉིད། །དེ་དང་འཛིན་སྟངས་འགལ་བ་ཡི། །རྣམ་པར་རྟོག་པས་མ་དཀྲུགས་པར། །སེམས་ཀྱི་རང་བཞིན་འོད་གསལ་ཉིད། །རྩེ་གཅིག་གྱུར་པའི་ཞི་གནས་དང༌། །བཤད་མ་ཐག་པའི་ཐོས་བསམ་གྱི། །ཤེས་རབ་སྤེལ་མར་གོམས་བྱེད་པ། །དེ་ལ་ཞི་ལྷག་སོ་སོ་བའི། །སྐབས་དང་དཔྱད་བསྒོམ་ཞེས་བྱ་དང༌། །ཞི་ལྷག་ངོས་འཛིན་ཏིང་འཛིན་དང༌། །ཤེས་རབ་ཉིད་ལ་འཇོག་ཅེས་བྱ། །དེ་ནས་ཏིང་འཛིན་ཤེས་རབ་ཀྱང༌། །ཆོས་ཀུན་རང་རང་གིས་སྟོང་པའི། །སྟོང་པ་ཉིད་དང་རོ་གཅིག་པར། །གྱུར་ལ་ཟུང་འཇུག་ཞེས་སུ་བརྗོད། །རང་རྒྱུད་པ་དག་ཐོས་པ་ཡི། །རིགས་པས་བསྒྲུབ་བྱ་སྒྲུབ་པ་དང༌། །བསྒྲུབས་པ་དེ་ཉིད་རྗེས་དཔག་གི །གཞལ་བྱ་ཡིན་པར་ཁས་ལེན་མོད། །གཞལ་བྱ་དེ་ཡང་རྟེན་འབྲེལ་གྱི། །རྟགས་ལས་ཡོད་པའི་མཐའ་བསལ་ནས། །སྤྲོས་བྲལ་ཉིད་དུ་ཐག་བཅད་པ། །དེ་ནས་ཞི་ལྷག་ཟུང་དུ་སྦྲེལ། །ཟླ་བས་འཕགས་པའི་མཉམ་གཞག་དུ། །བློ་ཡོད་མིན་པར་བཞེད་པ་ཡི། །འཐད་པ་ཡུལ་དང་ཡུལ་ཅན་ཀུན། །སྟོང་པ་ཉིད་དུ་རོ་གཅིག་ཕྱིར། །ཞི་འཚོ་རྣལ་འབྱོར་པའི་མངོན་སུམ། །རང་རིག་ཉིད་དུ་ཁས་ལེན་ཅིང༌། །ལེགས་ལྡན་རྣལ་འབྱོར་སྤྱོད་པའི་གཞུང༌། །འགོག་མོད་མཉམ་བཞག་བློ་མི་འགོག །མཉམ་བཞག་དུས་སུ་སྤྲོས་པའི་ཚོགས། །ཅི་ཡང་གཟིགས་པ་མེད་ཉིད་ལས། །གཞན་པའི་སྤྲོས་བྲལ་རྟོགས་ཚུལ་ནི། །ཐལ་རང་གཞུང་ལས་གསུངས་པ་མེད། །མཉམ་པར་བཞག་ལ་བློ་མེད་ཚེ། རྗེས་ཤེས་གང་ལས་འབྱུང་ཤེས་ན། །ཇི་སྲིད་གཟུང་འཛིན་གཉིས་སྣང་གི །བག་ཆགས་མ་སྤངས་དེ་སྲིད་དུ། །བག་ཆགས་དེ་ལས་ཡང་དག་པ། །མིན་པའི་ཀུན་རྟོག་ངང་གིས་སྐྱེ། །རྫོགས་སངས་རྒྱས་ནི་མཉམ་བཞག་ལས། །ནམ་ཡང་གཡོ་བ་མེད་པའི་ཕྱིར། །གཞན་སྣང་མ་གཏོགས་རང་རྒྱུད་ཀྱི། །ཤེས་བྱའི་མཁྱེན་ཚུལ་འདིར་མ་བཤད། །ཤེས་པར་བྱ་ལ་མ་ལྟོས་པའི། །ཤེས་བྱེད་མེད་ཅིང་སངས་རྒྱས་པར། །ཤེས་བྱའི་བུད་ཤིང་ཟད་པའི་ཕྱིར། །ཤེས་བློ་མེད་ཅེས་ཟླ་བས་གསུངས། །གཟུགས་སྐུའི་སྣང་བ་གང་འཆར་བ། །བསོད་ནམས་ཚོགས་ཆེན་རྫོགས་དབང་གི །གཞན་སྣང་ཡིན་ཀྱང་རྒྱུད་གཞན་གྱིས། །བསྡུས་པ་སྐབས་འདིར་མི་བཞེད་དོ། །འདི་ལྟར་འཆད་པ་ཟླ་གྲགས་དང༌། །རྫོགས་སངས་རྒྱས་ལ་སྐུར་འདེབས་ཞེས། །རྗེ་བཙུན་གྲགས་པས་གང་གསུངས་དང༌། །རྫོགས་སངས་རྒྱས་ལ་ཡེ་ཤེས་ནི། །ཡོད་མེད་སྤྲོས་པ་ལས་འདས་ཞེས། །འཇིགས་མེད་པཎ་ཆེན་གྱིས་གསུངས་པ། །སྔ་མ་ཟླ་བའི་སྔགས་གཞུང་གི །དགོངས་པ་ཉིད་དང་ཕྱི་མ་ནི། །ཟླ་བའི་རིགས་གཞུང་ཉིད་ལ་དགོངས། །ཕར་ཕྱིན་ཐེག་པའི་སྐབས་འདིར་ནི། །གང་ཟག་དང་ནི་ཆོས་རྣམས་ལ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །དཔྱད་པ་སྔོན་དུ་མ་སོང་བའི། །ཞི་གནས་སྲིད་མོད་ལྷག་མཐོང་ནི། །རྣམ་དག་སྲིད་པ་མ་ཡིན་ནོ། །དེ་ཕྱིར་མོས་པས་སྤྱོད་པའི་སར། །གནས་ལུགས་ཚོལ་བའི་སོར་རྟོག་དང༌། །རྩལ་བས་གང་དུའང་མ་རྙེད་པའི། །ངང་ལས་གཡོ་མེད་ཞི་གནས་དག །ཐུན་རེ་བཞིན་ཡང་སྤེལ་མར་ནི། །རྣལ་འབྱོར་ཉིད་དུ་བྱེད་ཅེས་པ། །དབུ་མའི་མན་ངག་གཞུང་གི་ནི། །དགོངས་པར་པུ་ཏོ་བ་ཡིས་བཤད། །མན་ངག་པ་རྣམས་གཟུང་འཛིན་གྱི། །སེམས་རྣམས་ཀུན་གྱི་ངོ་བོ་དེ། །གང་དུ་གནས་ཞེས་ཚོལ་བྱེད་ཀྱི། །ཤེས་རབ་གཞན་གྱིས་བཙལ་བ་ན། །འོད་གསལ་བ་ལས་གང་དུ་ཡང༌། །མ་རྙེད་ངང་དུ་མཉམ་འཇོག་པ། །ཞི་ལྷག་ཟུང་འཇུག་ཡིན་ཞེས་གསུངས། །ལུགས་འདི་དག་ལ་གོ་རིམ་བཞིན། །བོད་རྣམས་དཔྱད་དང་འཇོག་སྒོམ་ཟེར། །གཉིས་ཀ་ལ་ཡང་རིགས་པ་ཡི། །དཔྱད་པ་སྔོན་དུ་སོང་དགོས་ཀྱང༌། །དངོས་གཞིའི་དུས་སུ་དཔྱད་འཇོག་གི །དབྱེ་བ་ནམ་ཡང་ཡོད་མ་ཡིན། །རིགས་པ་དེ་ཡང་རང་སྟོང་དང༌། །གཞན་སྟོང་རིགས་པས་ཕྱེ་བ་དང༌། །མཉམ་པར་བཞག་ཡུལ་མ་ཡིན་དང༌། །མེད་པར་དགག་པའི་དབྱེ་བས་ཕྱེ། །ལུགས་གཉིས་པ་ལ་གཞུང་ལུགས་པས། །རིགས་པས་གཏན་ལ་མ་ཕབ་པའི། །ཀུན་རྫོབ་བསྒོམ་བྱར་སོང་ཞེས་དང༌། །ལུགས་དང་པོ་ལ་མན་ངག་པས། །ཡོན་ཏན་རྟེན་དུ་མི་རུང་བའི། །ནམ་མཁའ་བསྒོམ་བྱར་བྱས་གསུངས་མོད། །གཉིས་ཀའང་རང་གཞུང་རྣམ་དག་ཕྱིར། །གང་འདིར་དཔྱད་པ་མི་དགོས་མོད། །གཞན་དག་མཉམ་གཞག་དངོས་གཞིའི་ཚེ། །བདག་མེད་པ་དང་བདེན་མེད་ཞེས། །རྟོག་པས་ཞེན་པར་མ་བྱས་ན། །བདག་འཛིན་བདེན་འཛིན་གཉིས་ཀ་དང༌། །འཛིན་སྟངས་འགལ་བ་མེད་པའི་ཕྱིར། །ཞི་གནས་ལྟེངས་པོ་ཙམ་འགྱུར་གྱི། །བདེན་འཛིན་ས་བོན་དྲུང་འབྱིན་པའི། །ཞི་ལྷག་ཟུང་འཇུག་མིན་ཞེས་སྨྲ། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །སྨན་ཆེན་དུག་དུ་སོང་སོགས་ཀྱི། །བཤད་པ་སླར་ཡང་འོངས་པའི་ཕྱིར། །འདི་ལ་དྭང་བ་སྐྱེ་མི་དགོས། །འོན་ཀྱང་ལུང་ལས་ལྷག་མཐོང་ལ། །ཐོས་དང་བསམ་པའི་ཤེས་རབ་དང༌། །བསྒོམ་བྱུང་གཉིས་སུ་ཕྱེ་བ་ཡོད། །དང་པོ་རྣམ་པར་རྟོག་བཅས་དང༌། །ཕྱི་མ་རྣལ་འབྱོར་པའི་མངོན་སུམ། །སྤང་བྱའི་ས་བོན་དྲུང་འབྱིན་པའི། །གཉེན་པོ་མཐོང་སྒོམ་ལམ་དག་གི །མཉམ་བཞག་ལས་གཞན་གསུངས་པ་མེད། །དེ་དག་རྟོག་བྲལ་མ་འཁྲུལ་བའི། །ཤེས་ལས་གཞན་དུ་སྲིད་མ་ཡིན། །དེ་ལྟར་ཐོས་དང་བསམ་པ་དང༌། །བསྒོམ་བྱུང་རྟོག་བཅས་རྟོག་མེད་ཀྱི། །ངོས་འཛིན་རྒྱས་པ་བཤད་ཟིན་ནས། །ཚུལ་བཞིན་གོམས་པར་བྱེད་ཚུལ་འཆད། །ཐོག་མར་དཀོན་མཆོག་གསུམ་པོ་ཡི། །གོ་འཕང་ཐོབ་པར་འདོད་པའི་བློས། །ཡོན་ཏན་མཐོང་ནས་མི་ཕྱེད་པའི། །དྭང་བས་སྐྱབས་འགྲོ་རྩམ་པར་བྱ། །དེ་ནས་དཀོན་མཆོག་རྣམ་གསུམ་པོའི། །དྲུང་ཉིད་དཔང་པོར་གསོལ་བཏབ་སྟེ། །ཡན་ལག་བདུན་པ་སྔོན་འགྲོ་བས། །སྨོན་འཇུག་སྡོམ་པ་བླང་བར་བྱ། །བྱང་ཆུབ་སྨོན་པའི་སེམས་ལས་ནི། །ནམ་ཡང་ཉམས་པ་མེད་བཞིན་དུ། །བྱང་ཆུབ་འཇུག་པའི་བསླབ་བྱ་ཀུན། །མཉན་ནས་ཚུལ་བཞིན་གོམས་པར་བྱ། །དེ་ནས་གང་ཟག་ཉིད་དུ་ནི། །རྨོངས་པ་བཟློག་པར་བྱ་བའི་ཕྱིར། །ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི། །ང་དང་ང་ཡིར་འཛིན་པ་ནི། །ཡུལ་དང་བཅས་པ་ཡོད་མིན་པར། །རིགས་པས་གཏན་ལ་ཕབ་བྱས་ནས། །དམིགས་པ་མེད་པའི་སྙིང་རྗེའམ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །དབུ་མ་ལྟ་བའི་ཁྲིད་འདི་ཡི། །སྔོན་འགྲོའི་གཙོ་འཁོར་དེ་གོམས་བྱ། །དེ་ནས་སྦྱིན་པ་རྣམ་གསུམ་དང༌། །ཚུལ་ཁྲིམས་གསུམ་དང་བཟོད་པ་གསུམ། །རྣལ་འབྱོར་བློ་ཡི་རིམ་པ་ཡིས། །བསོད་ནམས་ཚོགས་ལ་བརྩོན་འགྲུས་བརྩོམ། །དེ་ནས་ཉོན་མོངས་ཤེས་བྱའི་སྒྲིབ། །དྲུང་ནས་འབྱིན་བྱེད་ལྷག་མཐོང་གི །ཡེ་ཤེས་སྤྲོས་པ་ཀུན་བྲལ་བ། །ཉིད་ལ་མྱུར་དུ་འཇུག་བྱའི་ཕྱིར། །ཐོག་མར་ཞི་གནས་བཙལ་བྱ་སྟེ། །དེ་ཡང་འཁོར་བའི་ཆོས་ཀུན་ལ། །ཆགས་དང་སྡང་དང་རྨོངས་པ་ཡིས། །རྣམ་པར་དབེན་པས་ངང་གིས་འགྲུབ། །དེ་ཚེ་ལུས་ངག་སེམས་གསུམ་པོ། །དམ་པའི་ཆོས་ལ་ཐོས་པ་དང༌། །བསམ་པས་ཀྱང་ནི་དབེན་དགོས་ན། །རྣམ་པར་དབེན་གཞན་སྨོས་ཅི་དགོས། །དེ་ལྟར་དབེན་པ་སྔོན་བཏང་ནས། །དངོས་གཞི་དམིགས་རྟེན་གཅིག་ཉིད་ལ། །གཡེང་གཞན་སྤངས་ཏེ་རྩེ་གཅིག་པས། །དམིགས་མེད་ཉིད་དུ་སོང་བའི་ཚེ། །དེ་དེ་ཉིད་ལ་མཉམ་པར་བཞག །དེ་ལྟར་རིམ་གྱིས་གོམས་པ་ལས། །ཇི་ཙམ་འདོད་པར་འཇོག་ནུས་ཤིང༌། །ལུས་སེམས་ཤིན་ཏུ་སྦྱངས་ཐོབ་པ། །དེ་ཚེ་ཞི་གནས་གྲུབ་ཞེས་བྱ། །དེར་རྗེས་རིགས་པའི་ཚོགས་གཞུང་ལས། །གསུངས་པའི་གཞན་གྲགས་རིགས་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །གསུངས་པའི་སྤྲོས་པ་ཀུན་བྲལ་བ། །ཉིད་ལས་སྤྲོས་པའི་མཐའ་གཞན་དུ། །མི་འཕྲོ་བ་ནི་དངོས་གཞི་ཡི། །ལྷག་མཐོང་ཡིན་ཏེ་དེ་ཉིད་ལ། །རིང་དུ་མཉམ་པར་འཇོག་ནུས་པ། །དེ་ཉིད་ཞི་ལྷག་ཟུང་འཇུག་གོ །དེ་ཡི་སྔོན་དུ་སྤྲོས་བྲལ་ཉིད། །ངེས་པའི་བསམ་བྱུང་ཤེས་རབ་ལ། །ལྷག་མཐོང་ཞེས་བཤད་རྒྱུ་ལ་ནི། །འབྲས་བུའི་མིང་གིས་བཏགས་པ་སྟེ། །དགོས་པ་སོ་སོར་རྟོག་པ་ཡི། །ཤེས་རབ་སྔོན་དུ་མ་སོང་བའི། །ལྷག་མཐོང་མེད་པར་རྟོགས་ཕྱིར་དང༌། །དངོས་ལ་གནོད་བྱེད་སྒྲ་དོན་གྱི། །མཚན་མར་འཛིན་པའི་རྟོག་ཡིན་ཕྱིར། །ཤེས་བྱ་ཡོངས་སུ་གཅོད་པ་ཡི། །གཉེན་པོ་ཉིད་དུ་གོམས་བྱ་མིན། །མཚན་འཛིན་རིགས་པས་བཀག་པ་ན། །མཚན་མེད་ཉིད་དུ་ཞེན་པའི་བློ། །ལས་དང་པོ་ལ་སྐྱེ་སྲིད་ཀྱང༌། །དེ་ཡང་སྤྲོས་པའི་མཐར་ཡིན་ཞེས། །བཀག་པས་དུག་འཇོམས་སྨན་དེ་ཉིད། །དུག་དུ་འགྱུར་བར་དོགས་མི་བྱ། །དེ་ལྟར་ཕར་ཕྱིན་ཕྱི་མ་གཉིས། །ཟུང་འཇུག་སྤྲོས་པ་ཀུན་བྲལ་བ། །བསོད་ནམས་ཚོགས་དང་ཐབས་གཅིག་ཏུ། །ས་བདུན་བར་དུ་གོམས་བྱས་པས། །ཉོན་མོངས་ཅན་གྱི་མ་རིག་པ། །ཀུན་གྱི་ས་བོན་ལས་གྲོལ་ཞིང༌། །མཐོང་དང་བསྒོམ་པས་སྤང་བྱ་བའི། །ཤེས་བྱའི་སྒྲིབ་པའི་ས་བོན་ཡང༌། །གང་ཡང་སྤངས་པ་དེ་ལས་གྲོལ། །ས་བརྒྱད་པ་དེར་མཚན་འཛིན་གྱི། །རྟོག་པ་ཀུན་ལས་གྲོལ་གྱུར་ཀྱང༌། །གཉིས་སྣང་བག་ཆགས་ཟད་བྱའི་ཕྱིར། །མཚན་མེད་ཉིད་ལ་རིང་དུ་འཇུག །དེ་ཚེ་བསྐལ་པ་ལས་ལྷག་པར། །དེ་ལ་སྙོམས་པར་འཇུག་ནུས་མོད། །ཧ་ཅང་ཐལ་ན་བསོད་ནམས་ཀྱི། །ཚོགས་ཆེན་མཐའ་དག་མ་རྫོགས་པར། །ཤེས་བྱའི་སྒྲིབ་ཀུན་སྤངས་སྲིད་པས། །སངས་རྒྱས་རྣམས་ཀྱིས་འགོག་ལས་བསློང༌། །བསློང་མོད་རྒྱུན་གྱི་མཐའ་མར་ནི། །མཉམ་པར་བཞག་ལས་མ་ལངས་པའི། །ངང་དེ་ཉིད་ལས་ཚོགས་གཉིས་པོ། །རྫོགས་ཤིང་སྒྲིབ་ཀུན་སྤངས་པའི་ཕྱིར། །སྟོབས་སོགས་ཡོན་ཏན་ཇི་སྙེད་ལ། །སྒྲིབ་བྱེད་ཀུན་ལས་གྲོལ་གྱུར་ཅིང༌། །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུ་ཇི་བཞིན་གཞན་སྣང་དུ། །རྒྱུན་མི་ཆད་དང་ལྷུན་གྲུབ་པའི། །ཕྲིན་ལས་ཚོགས་ཆེན་ངང་གིས་འཇུག །ཞེས་འདི་བསྙེངས་པ་ཀུན་བྲལ་བའི། །འཇིགས་མེད་ཟླ་བ་གྲགས་པའི་གཞུང༌། །ཕྱིས་བྱུང་རང་གཟོའི་རྣམ་དཔྱོད་ཀྱི། །རྣམ་པར་བརྟགས་པས་མ་བསླད་པར། །སྔོན་བྱོན་ཆེན་པོའི་གཞུང་ཇི་བཞིན། །རྒྱུད་པའི་སྲོལ་ལས་འོངས་པ་ཡིན། །དེ་ཡི་དགེ་བས་བདག་དང་ཡང༌། །རྣམ་བཤད་འདི་ལ་ཡིད་རངས་པ། །ཀུན་ཀྱང་གནས་སྐབས་བསོད་ནམས་ཀྱི། །ཚོགས་ཆེན་རྒྱ་མཚོར་རབ་ཞུགས་ནས། །མཐར་ཐུག་སྤྲོས་པ་ཀུན་བྲལ་བའི། །གཞན་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་དབུ་མ་ལྟ་བའི་ཁྲིད་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་ངོ་མཚར་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི། དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པ། ཕྱི་ནང་གི་རྟེན་འབྲེལ་སྒྱུ་མར་ཐུགས་སུ་ཆུད་ནས། བསྟན་པ་རིན་པོ་ཆེའི་ཁུར་ཆེན་ཞུམ་པ་མེད་པས་འདེགས་པ་ལ། བསྙེངས་པ་མི་མངའ་བའི་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་གསུང་གི་བདུད་རྩི་རྣ་བའི་དབང་པོས་ཇི་ལྟར་མྱངས་པ་དེ་ཉིད། རང་གཟོའི་རྟོག་པས་མ་སྦགས་པར། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ལྕགས་མོ་བྱའི་ལོ་ཁྲུམས་ཀྱི་ཉ་བའི་དུས་སྦྱོར་བཟང་པོ་ལ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་རྐོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།། །།ཤུ་བྷཾ།། །། ༄༅། །སྡེ་སྣོད་ཀྱི་ཆོས་ལ་འཁྲུལ་པ་སེལ་བའི་གཏམ་ཆོས་ཚན་བཅུ་བཞི་པ་ཞེས་བྱ་བ་བཞུགས་སོ།། ༄། །སྭསྟི། སྡེ་སྣོད་ཀྱི་ཆོས་ལ་འཁྲུལ་པ་སེལ་བའི་ཚིག་ལེའུར་བྱས་པ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཛམ་གླིང་བསྟན་པའི་ཉི་མ་ནི། །བ་གླང་སྤྱོད་གླིང་ནམ་མཁའ་ཡི། །དབུས་ཀྱི་ཤིང་རྟའི་ཁྲིར་ཞུགས་ཚེ། །རྣམ་དཔྱོད་ཆ་ཤས་བསགས་པའི་གཏེར། གྱ་གྱུའི་རི་དྭགས་མཚན་མ་ཅན། །ཤར་གླིང་དབུས་ཀྱི་མཁའ་ལ་ཤར། །དེ་ནས་འཛམ་གླིང་བསྟན་པའི་ཚལ། །ཉི་གཞོན་གསེར་གྱིས་རབ་ཕྱེ་བའི། །སྔོན་དུས་བསྟན་པའི་འདབ་བརྒྱ་པ། །བལྟ་འདོད་མཚན་མོའི་བུང་བ་ནི། །ངན་རྟོག་དྲག་པོའི་གཙུག་རྒྱན་གྱིས། །རབ་རྒྱས་ཨུཏྤལ་ཕྲེང་བ་ལ། །དེང་སང་འདི་ན་དགའ་མགུར་སྤྱོད། །དེ་ནས་དེ་ཡི་དེ་ཁོ་ན། །མུན་པར་བྱེད་པའི་རྣམ་དཔྱོད་ཀྱི། །ཉིན་བྱེད་ལུང་དང་རིགས་པ་ཡི། །ཤིང་རྟར་ཞུགས་པ་འདི་ཤར་ཏོ། །གང་དག་ཀླུ་སྒྲུབ་ཞབས་གཞུང་གི །དབུ་མ་རིགས་པས་འཆད་ཟེར་དག །ཆོས་རྣམས་ཇི་སྙེད་རྟེན་འབྲེལ་དང༌། །རྟེན་འབྲེལ་གང་ཡིན་ཡོད་དགོས་པ། །དེ་ཡིས་ཆད་མཐའ་རབ་སེལ་ཞིང༌། །རྟེན་འབྲེལ་གང་ཡིན་སྟོང་པ་ཉིད། །ཡིན་པའི་ཕྱིར་ན་རྟག་པའི་མཐའ། །ཀུན་ལས་གྲོལ་བ་ཡིན་ཞེས་ཟེར། །དེ་འདྲ་དེ་སྐད་དབུ་མའི་ལུགས། །མིན་ནོ་ལུང་ལས་འདི་ལྟར་འབྱུང༌། །རྟེན་འབྲེལ་དོན་ནི་ལྟོས་གྲུབ་དང༌། །ལྟོས་གྲུབ་གོ་དོན་མ་གྲུབ་པར། །བཤད་ཕྱིར་ཡོད་ན་མཐའ་དང་བཅས། །མཐའ་ཡོད་རྟེན་འབྲེལ་དུ་མི་རུང༌། །རྟེན་འབྲེལ་མཐའ་བྲལ་ཉིད་ཕྱིར་རོ། །རྟེན་འབྲེལ་མཐའ་བཞི་ལས་གྲོལ་ཕྱིར། །རྟེན་འབྲེལ་ཡིན་ན་ཡོད་པ་དང༌། །མེད་པར་ཡང་ནི་འགལ་བ་ལྟར། །ཡོད་མེད་ལ་སོགས་མཐའ་བཞི་པོ། །གང་ཡང་རྟེན་འབྲེལ་དུ་མི་རུང༌། །ལྟོས་གྲུབ་ཉིད་ཕྱིར་གྲུབ་དགོས་ན། །ཤར་ཕྱོགས་རྟག་ཏུ་ཤར་དང་ནི། །ནུབ་ཕྱོགས་རྟག་ཏུ་ནུབ་ཉིད་དུ། །ཐལ་བར་འགྱུར་ཏེ་རང་རང་གི །ལྟོས་ས་དེ་ལས་དེ་གྲུབ་ཕྱིར། །ཤར་གྱི་ཕྱོགས་གང་ནུབ་དང་ནི། །ནུབ་ཀྱང་ཤར་གྱི་ཕྱོགས་ཉིད་དུ། །ཐལ་བར་འགྱུར་ཏེ་རང་རང་གི །ལྟོས་ས་དེ་ལས་དེ་གྲུབ་ཕྱིར། །ད་ལྟར་སྐྱེས་བུའི་འདོད་པ་ཡིས། །ཤར་ནུབ་ཕྱོགས་སུ་གང་བཏགས་པ། །དེ་དེ་གྲུབ་པ་མིན་པ་ཡི། །ཤེས་བྱེད་གཞན་ལ་ལྟོས་ཕྱིར་རོ། །དེ་ནི་ཕ་རོལ་ཚུ་རོལ་དང༌། །རིང་པོ་དང་ནི་ཐུང་ངུ་དང༌། །གཡས་གཡོན་སོགས་ལའང་སྔ་མ་ཡི། །རིགས་པས་བརྟགས་ནས་ཤེས་པར་བྱ། །ཤར་ཕྱོགས་ཤར་དུ་མ་གྲུབ་ན། །ཀ་བུམ་སོགས་ཀྱང་རང་རང་དུ། །ཡོད་པ་མིན་པས་གྲུབ་པའི་ཆོས། །སྲིད་པ་མིན་པར་ཐལ་ཞེ་ན། །གང་གང་རྟེན་འབྲེལ་ཡིན་ནོ་ཞེས། །ཁས་ལེན་གྱུར་ཚེ་དེ་དང་དེ། །ཡོད་པ་མིན་ཞེས་ཟེར་བ་ལ། །ངོ་མཚར་ཆེ་བ་ཅི་ཞིག་ཡོད། །རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །འཇིག་རྟེན་པ་དང་མཐུན་འཇུག་ཚེ། །འཇིག་རྟེན་པ་ལ་གྲགས་པའི་ཆོས། །དེ་ཀུན་ལྟོས་ནས་གྲུབ་བོ་ཞེས། །འཇིག་རྟེན་པ་ལ་གསུང་མི་མཛད། །མཐུན་པར་གསུངས་པས་དད་གྱུར་ཏེ། །རང་གི་བསྟན་ལ་ཞུགས་པ་ན། །ཆོས་ཀུན་སྤྲོས་བྲལ་ཡིན་ནོ་ཞེས། །གསུངས་པས་སྤྲོས་པའི་མཐའ་ལས་གྲོལ། །གཞན་ཡང་དེ་རྗེས་འཇུག་པ་རྣམས། །ཡོད་ལ་སྤྲོས་བྲལ་དེས་ཁྱབ་དང༌། །སྤྲོས་བྲལ་ལའང་ཡོད་པ་ཡིས། །ཁྱབ་དང་སྟོང་པ་ཉིད་ཀྱི་དོན། །ཆོས་ཀུན་ཡོད་པར་ཁས་བླངས་ནས། །མེད་པའི་ཆོས་གཞན་གྱིས་སྟོང་པ། །རྟེན་འབྲེལ་དོན་དུ་འདོད་པ་སོགས། །ལུང་དང་མི་མཐུན་རིགས་པས་ཀྱང༌། །མི་འགྲུབ་གངས་ཅན་ལྗོངས་དག་ཏུ། །སྔོན་བྱོན་ཀུན་གྱི་གཏམ་དང་འགལ། །ཅེས་ཆོས་ལ་འཁྲུལ་པ་སེལ་བའི་ཚིག་ལེའུར་བྱས་པ་ལས་རྟེན་འབྲེལ་དང་སྟོང་ཉིད་ཀྱི་གོ་དོན་དཔྱད་པའི་ལེའུ་སྟེ་དང་པོའོ།། །། ༄། །བཅོམ་ལྡན་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་ནས་ནི་ཐོགས་མེད་ཀྱི། །གཞུང་ལས་འབྱུང་བའི་རྟེན་འབྲེལ་གྱི། །དོན་གང་ཡིན་ཞེས་བསམ་པར་བྱ། །རྟེན་འབྲེལ་གང་ཡིན་ལྟོས་གྲུབ་ཏུ། །འདི་པའི་གཞུང་ལས་འབྱུང་མ་ཡིན། །རྐྱེན་ལས་སྐྱེས་པའི་རྒྱུ་མཚན་གྱིས། །འདུས་བྱས་ཡིན་པར་ལུགས་འདིས་འཆད། །འདུས་བྱས་ཇི་སྙེད་རང་སྟོང་དུ། །ཆོས་ཀྱི་གྲགས་པས་རིགས་པས་འཆད། །དངོས་ལ་མི་རྟག་གིས་ཁྱབ་པ། །རྣམ་འགྲེལ་མཛད་པའི་གཞུང་ལས་འབྱུང༌། །འདུས་མ་བྱས་པའི་དངོས་པོ་རྣམས། །རྟག་པར་མངོན་པའི་གཞུང་ལས་བཤད། །ཀུན་རྫོབ་རང་རང་ངོ་བོ་ཡིས། །སྟོང་ཕྱིར་རྟག་ཆད་མཐའ་ལས་གྲོལ། །དོན་དམ་པ་ལ་ཡོད་པ་དང༌། །མེད་སོགས་འཛིན་པ་སེལ་དགོས་ཀྱང༌། །དོན་དམ་རྒྱུན་གྱིས་རྟག་པ་དང༌། །བདེན་པར་གྲུབ་པ་སེལ་མི་དགོས། །དོན་དམ་བདེན་པ་གང་ཡིན་པ། །མཐའ་བཞིའི་སྤྲོས་པ་ལས་གྲོལ་ཀྱང༌། །ཚད་མས་གྲུབ་པ་སེལ་མི་དགོས། །འཛིན་པ་མེད་ཕྱིར་མཐའ་བྲལ་གྲུབ། །རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བ་ཡོད་མ་ཡིན། །རྐྱེན་ལ་རག་ལས་སྟོང་པར་བཤད། །ཞེས་པའི་མདོ་དོན་འདིས་འཆད་དོ། །ལུགས་འདིས་བདེན་གྲུབ་ཁས་བླངས་ཕྱིར། །བདེན་འཛིན་སྤོང་བར་མི་ནུས་ཞེས། །ཕྱིས་བྱོན་ཙོང་ཁ་པ་ཆེན་པོ། །རྗེས་འབྲང་བཅས་རྣམས་མཐུན་པར་སྨྲ། །ཁྱེད་ལའང་བུམ་སོགས་ཡོད་པའི་ཕྱིར། །ཡོད་འཛིན་རྟོག་པ་མི་སྤོང་འགྱུར། །བདེན་འཛིན་རང་གི་ངོ་བོ་ཡིས། །སྟོང་པར་རྟོགས་ཕྱིར་སེལ་བར་སླ། །ཡུལ་གང་བདེན་མེད་མ་རྟོགས་པར། །དེ་འཛིན་སེལ་བར་མི་ནུས་ན། །ཐེག་མཆོག་རྩེ་མོའི་བདེན་འཛིན་གྱི། །རྟོག་པ་སྤོང་ལུགས་མི་འཐད་འགྱུར། །ཕར་ཕྱིན་པས་ཀྱང་ཟླ་གཉིས་དང༌། །སྐྲ་བཤད་བདེན་མེད་མ་རྟོགས་ན། །རབ་རིབ་བསལ་བ་ཙམ་གྱིས་ནི། །དེར་འཛིན་རྟོག་པ་མི་སྤོང་འགྱུར། །རང་རང་གཞུང་བཤད་སྒྲིབ་པ་ཀུན། །དེར་བཤད་གཉེན་པོས་མི་སེལ་ན། །དྲང་ངེས་འབྱེད་པར་ལུང་བསྟན་པའི། །ཤིང་རྟ་ཆེན་པོ་དེ་ངོ་མཚར། །ཅེས་ཆོས་ལ་འཁྲུལ་པ་སེལ་པའི་ཚིག་ལེའུར་བྱས་པ་ལས། ཐོགས་མེད་ཞབས་ཀྱི་སྟོང་ཉིད་ལ་ལོག་པར་སྨྲ་བ་སེལ་བའི་ལེའུ་སྟེ་གཉིས་པའོ།། །། ༄༅། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་མངོན་པ་གོང་མ་ཡི། །ཆོས་གཏམ་ལོག་པར་འཆད་པ་འགའ། །སེལ་བྱེད་མདོ་ཙམ་འདིར་བརྗོད་བྱ། །སྔོན་བྱོན་ཁ་ཅིག་སེམས་ཙམ་པ། །ཕྱི་དོན་ཞལ་གྱིས་བཞེས་ཟེར་དང༌། །ཕྱི་རབས་འདི་ན་གཟུགས་སྒྲ་སོགས། །ཤེས་པའི་བདག་ཉིད་ཡིན་ཞེས་ཟེར། །ཕྱི་དོན་ཁས་ལེན་སེམས་ཙམ་པ། །རང་ཚིག་འགལ་བ་ཙམ་གྱིས་སེལ། །དོན་སྣང་ཤེས་ལ་དེར་སྣང་བ། །དོན་དང་ཤེས་པ་གང་ཡིན་བརྟག །དང་པོ་རྣམ་མེད་རྗེན་ཆེར་བའི། །ལུགས་ཡིན་སེམས་ཙམ་པ་ལ་མེད། །སེར་འཛིན་ཤེས་ལ་དེར་སྣང་བ། །སེར་པོ་ཡིན་པ་བྱེ་སྨྲའི་ལུགས། །དེར་སྣང་ཤེས་པར་འདོད་ན་ནི། །གཟུགས་སོགས་ཤེས་པར་སྨྲས་ཆོག་གི །ཤེས་པ་རང་གི་བདག་ཉིད་ཅེས། །བྱ་བའི་ཚིག་ལ་ནུས་པ་མེད། །གཞུང་ལས་འབྱུང་བའི་ཐ་སྙད་ནི། །ཕུང་ཁམས་སུམ་ཅུ་རྩ་དྲུག་ལ། །ཀུན་བརྟགས་རྣམ་བརྟགས་ཆོས་ཉིད་དེ། །གསུམ་གསུམ་དག་ཏུ་དབྱེ་མཛད་ནས། །ཀུན་བརྟགས་ལྡོག་པ་གཞན་སེལ་ཕྱིར། །དོན་མིན་ཤེས་པ་དག་ཀྱང་མིན། །རང་གི་མཚན་ཉིད་འཛིན་ཆོས་ཅན། །ཡིན་པར་གཞུང་ལས་མ་གསུངས་སོ། །རྣམ་བརྟགས་པ་དང་ཆོས་ཉིད་ཀྱི། །དབང་དུ་བྱས་ན་ཆོས་གསུམ་གྱི། །རྣམ་བཞག་རྒྱས་པར་གསུངས་པ་དེ། །སེམས་ཙམ་ཉིད་ཡིན་གཞན་མ་ཡིན། །ཆོས་འདིའི་ལུགས་ཀྱི་བདག་མེད་གཉིས། །མེད་པར་དགག་པ་ཙམ་ཡིན་ཞེས། །ཟེར་བ་དེ་དང་དངོས་སྨྲའི་ལུགས། །ཡིན་པར་འདོད་པ་གཏིང་ནས་འགལ། །དོན་དམ་དོན་བྱེད་ནུས་པ་ལ། །དོན་དམ་བདེན་པར་ལུགས་འདི་བཞེད། །མེད་དགག་ལྡོག་པ་གཞན་སེལ་ལ། །དོན་དམ་བདེན་པའི་ཚིག་དོན་འགལ། །སྟོང་པ་ཉིད་དང་དེ་བཞིན་ཉིད། །འདུས་མ་བྱས་ཀྱི་དངོས་པོར་བཞེད། །འདུས་བྱས་དངོས་ཀུན་མི་རྟག་དང༌། །འདུས་མ་བྱས་དངོས་རྟག་པར་བཤད། །དངོས་ལ་མི་རྟག་གིས་ཁྱབ་པ། །རྣམ་འགྲེལ་མཛད་ལུགས་ཐུན་མོང་མིན། །དེ་བཞིན་གཤེགས་པའི་སྙིང་པོ་དང༌། །རང་བཞིན་རྣམ་དག་ཆོས་ཀྱི་སྐུ། །རྒྱུན་གྱིས་རྟག་ཕྱིར་རྟག་བརྟེན་ཞེས། །ལུང་ཆོས་ཕལ་ཆེའི་ནང་ནས་འབྱུང༌། །ཀུན་གཞིའི་ཆོས་ལ་རྣམ་སྨིན་དང༌། །ས་བོན་གཉིས་ལས་མེད་ཅེས་ཟེར། །ཀུན་གཞི་ཡོད་པའི་ལུང་གི་ནི། །སྒྲུབ་བྱེད་བདེ་གཤེགས་སྙིང་པོར་བཤད། །བདེ་གཤེགས་སྙིང་པོ་ཀུན་གཞི་ཡི། །ཡེ་ཤེས་ཉིད་ལ་ལུགས་འདིས་བཤད། །ཤེས་པ་གང་ཡིན་བདེན་གྲུབ་དུ། །ལུགས་འདི་བཞེད་པ་ཡིན་ཞེས་ཟེར། །གཟུང་རྣམ་བདེན་པར་འདོད་པ་ནི། །རྣམ་རྫུན་སྨྲ་བའི་ལུགས་ལས་ཉམས། །ཆོས་འདི་དངོས་སྨྲའི་ལུགས་ཡིན་ཕྱིར། །དངོས་ཀུན་བདེན་པར་གྲུབ་ཅེས་ཟེར། །འདུས་བྱས་ཇི་སྙེད་མི་རྟག་དང༌། །མི་རྟག་པ་ལ་བདེན་མེད་ཀྱི། །ཁྱབ་པ་བྱམས་ཆོས་བར་པ་གསུམ། །རྗེས་འབྲང་བཅས་པའི་ལུགས་ཡིན་ནོ། །སེམས་དང་སེམས་བྱུང་མཚན་ཉིད་དུ། །རང་སྟོབས་གཞན་སྟོབས་ཞེས་ཟེར་བ། །དབུས་མཐའ་རྣམ་འབྱེད་རྩ་འགྲེལ་དང༌། །འགལ་བས་ཁུངས་ཐུབ་སྒྲུབ་བྱེད་མེད། །ཤེས་པ་ཐམས་ཅད་སེམས་དང་ནི། །སེམས་བྱུང་ནང་དུ་འདུས་ཞེས་ཟེར། །རྣམ་ཤེས་དང་ནི་ཡེ་ཤེས་ཀྱི། །དབྱེ་བ་མ་ཤེས་པས་ནོངས་ཤིང༌། །ཐེག་པ་ཆེན་པོ་བསྡུས་པ་ཡི། །གཞུང་དང་དངོས་སུ་འགལ་བ་དང༌། །དབུས་མཐར་ཡང་དག་མིན་རྟོག་གི །རྣམ་གྲངས་འཆད་པའི་སྐབས་དང་འགལ། །སྣོད་ཀྱི་འཇིག་རྟེན་རྣམ་བཞག་དང༌། །དགེ་འདུན་ཉི་ཤུར་གྲགས་པ་ཡི། །རྣམ་བཞག་མཛོད་འགྲེལ་ཇི་བཞིན་པར། །འཆད་པོ་ཀུན་གྱིས་ལུགས་འདི་ཡི། །ཐུན་མོང་མིན་པའི་རྣམ་བཞག་ནི། །མཁས་པའི་གསུང་ལས་རྒྱས་པར་སློབས། །ཞེས་མངོན་པ་གོང་མའི་རྣམ་བཞག་ལ་འཁྲུལ་པ་སེལ་བའི་ལེའུ་སྟེ་གསུམ་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་རྣམ་རིག་སྨྲ་བ་ཡི། །གྲུབ་པའི་མཐའ་ལ་སྐུར་འདེབས་པ། །བསལ་ནས་དེ་དོན་འདིར་བསམ་བྱ། །ཕྱིས་བྱོན་གྲགས་པ་གསལ་ལྡན་དག །རྣམ་རིག་པ་དང་རང་རྒྱུད་པའི། །བདག་མེད་གཉིས་པོ་ཐོས་བསམ་དང༌། །དོན་སྤྱིའི་ཚུལ་གྱིས་གོམས་བྱེད་དང༌། །མངོན་སུམ་མཐོང་དང་རྒྱུན་ལྡན་དུ། །གོམས་བྱེད་ཡོད་པར་རྣལ་འབྱོར་པའི། །མངོན་སུམ་སྒྲུབ་བྱེད་རིགས་པ་ཡིས། །འགྲུབ་མོད་ཐམས་ཅད་མཁྱེན་པ་དང༌། །ཐར་པའི་ལམ་དུ་རུང་མིན་ཏེ། །བདག་མེད་གཉིས་པོ་ཇི་བཞིན་པར། །རྟོགས་པ་མེད་པས་ལན་ཞེས་ཟེར། །སློབ་དཔོན་ཟླ་བ་གྲགས་པ་ཡིས། །ཕྱེ་བའི་ལམ་སྲོལ་མ་གཏོགས་པ། །འཁོར་ལོ་གསུམ་པ་དགོངས་འགྲེལ་བཅས། །ཀུན་ལ་སྐུར་བ་བཏབ་མིན་ནམ། །སྐུར་འདེབས་དེ་ཡང་མ་ཕམ་པས། །རྒྱུད་བླར་ལུང་བསྟན་མཛད་མིན་ནམ། །འདིའི་ཤེས་བྱེད་རང་གཞུང་ལ། །སྐུར་འདེབས་འབྱུང་བར་མཁྱེན་པས་སོ། །རང་རྒྱུད་ཅེས་བྱའི་བཤད་སྲོལ་གྱི། །གཏན་ཚིགས་རྒྱལ་བའི་བཀའ་ལས་འབྱུང༌། །བྱམས་པའི་ཆོས་སོགས་ཚད་ལྡན་གྱི། །བསྟན་བཅོས་རྣམས་ལས་གསལ་བར་གསུངས། །སྤྲོས་མེད་སྒྲུབ་པའི་རིགས་པ་དང༌། །དེར་ཞེན་པ་ཡང་འགོག་པ་ཡི། །རིགས་ཚུལ་བསམ་ཚེ་ངེས་པའི་དོན། །ཐལ་འགྱུར་བ་ལས་འདི་མི་ངན། །གཟུང་བ་ཆོས་ཀྱི་བདག་མེད་ལས། །ལྷག་པའི་ལྟ་བ་རྣམ་རིག་པ། །ཀུན་ལ་མེད་ན་བྱམས་ཆོས་ཀྱི། །ས་ལམ་ཀུན་ལ་སྐུར་འདེབས་འགྱུར། །བྱམས་པས་དྲང་བའི་དོན་མཛད་ན། །ཐོགས་མེད་ཀྱིས་ཀྱང་དྲང་བའི་དོན། །ཇི་བཞིན་སྒྲ་ཡི་འཆད་བྱེད་ན། །དྲང་ངེས་འབྱེད་པར་ལུང་སྟོན་པའི། །རྒྱལ་བའི་དགོངས་པ་དེ་འཁྲུལ་འགྱུར། །དེ་ནས་རྣམ་རིག་སྨྲ་བ་ཡི། །གྲུབ་མཐར་ཐེག་པ་གསུམ་ཆར་གྱི། །ལྟ་བས་ཐར་པར་བགྲོད་པའི་ལམ། །མ་ཚང་མེད་པ་འདི་ཡིན་ནོ། །སྤྱིར་ནི་རྣམ་པར་རིག་ཅེས་པ། །རྣམ་པར་རིག་ལས་མ་གཏོགས་པའི། །བདེན་པ་གཉིས་པོ་མི་འཇོག་ཅིང༌། །གཉིས་སུ་ཤེས་བྱ་ཐམས་ཅད་འདུ། །རྣམ་རིག་སྨྲ་ལ་སེམས་ཙམ་དང༌། །དབུ་མར་སྨྲ་བའི་དབྱེ་བས་གཉིས། །སེམས་ཙམ་པས་ནི་ཕྱི་རོལ་དོན། །མེད་དང་ཀུན་རྫོབ་བདེན་པར་འཆད། །བག་ཆགས་དབང་གི་དེར་སྣང་བའི། །རྣམ་ཤེས་ཡོད་དང་དོན་དམ་བདེན། །ཕྱི་རོལ་དོན་གྱིས་སྟོང་པ་ཡི། །གསལ་རིག་དམིགས་པར་བྱས་གོམས་པས། །རང་སངས་རྒྱས་ཀྱི་ལྟ་ཐོབ་སྟེ། །གཟུང་བ་ཆོས་ཀྱི་བདག་འཛིན་སེལ། །ལྟ་བ་དེ་དང་བྱང་ཆུབ་སེམས། །ཟུང་དུ་སྦྲེལ་བས་ཐེག་ཆེན་གྱི། །ངེས་འབྱེད་ཆ་མཐུན་ཐོབ་པར་གསུངས། །རྣམ་རིག་སྨྲ་བའི་དབུ་མ་པས། །ཕྱི་རོལ་དོན་དང་དེར་སྣང་གི །རྣམ་ཤེས་གཉིས་ཀ་ཀུན་རྫོབ་བདེན། །གཉིས་སྟོང་ཡེ་ཤེས་དམ་པའི་དོན། །གཉིས་སྟོང་ཡེ་ཤེས་རྣམ་དག་གི །དམིགས་པར་བྱས་ནས་རིང་གོམས་པ། །བྱང་ཆུབ་སེམས་དང་ཟུང་འབྲེལ་ལས། །ས་བཅུ་པོ་ནི་མཐར་ཕྱིན་བྱེད། །བདག་མེད་དང་པོ་ངོས་འཛིན་པའི། །ཚུལ་ལ་གྲུབ་མཐའ་བཞི་ག་ཡང༌། །ཁྱད་པར་ཡོད་ཚུལ་མ་བཤད་པས། །ཀུན་ཀྱང་ཐར་པའི་ལམ་དུ་མཐུན། །ཅེས་རྣམ་རིག་པ་དང་རང་རྒྱུད་པ་ལ་སྐུར་འདེབས་སེལ་བའི་ལེའུ་སྟེ་བཞི་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་རྒྱུད་བླའི་བསྟན་བཅོས་སུ། །སྒྲོ་འདོགས་པ་དང་སྐུར་འདེབས་པ། །མདོ་ཙམ་སེལ་ཚུལ་འདིར་བརྗོད་བྱ། །སྒྲོ་འདོགས་པ་ནི་སེམས་ཅན་ཀུན། །སྟོབས་སོགས་ཡོན་ཏན་ཀུན་ཚང་བའི། །སངས་རྒྱས་སྙིང་པོ་ཅན་ཉིད་དུ། །གཞུང་འདིས་དངོས་སུ་བསྟན་ཞེས་ཟེར། །སྐུར་འདེབས་པ་ནི་ཤེས་བྱ་ཀུན། །བདེན་པས་སྟོང་པའི་སྟོང་པ་ཉིད། །སངས་རྒྱས་སེམས་ཅན་གཉིས་ཀ་ཡི། །སྙིང་པོར་གཞུང་འདིས་བསྟན་ཞེས་གསུངས། །ལུགས་སྔ་མ་དེ་མདོ་མང་པོའི། །དངོས་བསྟན་ཡིན་མོད་གཞུང་འདིར་ནི། །མདོ་ཡི་དགོངས་པ་འགྲེལ་མཛད་ནས། །འགྲེལ་ཚུལ་ཆོས་གསུམ་གསལ་བར་གསུངས། །རང་བཞིན་རྣམ་དག་སྟོབས་སོགས་དང༌། །གློ་བུར་རྣམ་དག་སྒྲིབ་བྱེད་ཀྱིས། །སྒྲིབས་དང་མ་སྒྲིབས་མ་གཏོགས་པ། །རང་བཞིན་ངོ་བོ་ཁྱད་མེད་ན། །རང་བཞིན་རྣམ་དག་སྟོབས་ལ་སོགས། །སྒྲིབས་པ་ཀུན་དང་བྲལ་བ་དང༌། །དྲི་མས་ཀྱང་ནི་དེ་དག་ལ། །སྒྲིབ་པར་ནུས་པ་ཉིད་མི་འགྱུར། །སྙིང་པོའི་གཙོ་བོ་སྟོབས་སོགས་ཀྱི། །ཡོན་ཏན་ཀུན་དང་དབྱེར་མེད་པ། །སེམས་ཅན་ཀུན་ལ་ཡོད་མིན་ཞེས། །གཞུང་འདིས་གསལ་བར་བསྟན་ལ་ལྟོས། །ཤེས་རབ་ཕ་རོལ་ཕྱིན་གཞུང་ལས། །སངས་རྒྱས་སེམས་ཅན་གཉིས་ཀ་ཡིས། །རང་བཞིན་མེད་ལ་རང་བཞིན་དང༌། །སྙིང་པོ་མེད་ལ་སྙིང་པོ་ཞེས། །བཏགས་ནས་བསྟན་མོད་གཞུང་འདིར་ནི། །མེད་པར་དགག་པའི་སྟོང་ཉིད་ལ། །སྙིང་པོར་འཆད་དང་ཐོགས་མེད་ཀྱིས། །འགྲེལ་ཚུལ་ཆ་ཤས་ཙམ་ཡང་མེད། །སྟོང་པ་ཉིད་ཀྱི་ཚུལ་དུ་ནི། །བརྗོད་པའི་སངས་རྒྱས་སྙིང་པོ་ནི། །བླ་མེད་ཆོས་ཀྱིས་མི་སྟོང་བའི། །ཡེ་ཤེས་དེ་ལ་གཞུང་འདིས་བཤད། །གློ་བུར་དྲི་མས་སྟོང་པ་དང༌། །བླ་མེད་ཆོས་ཀྱིས་མི་སྟོང་བའི། །གོ་དོན་གློ་བུར་དྲི་མ་དང༌། །བསྐལ་པར་འགྲོགས་ཀྱང་དྲི་མ་དེ། །ཡེ་ཤེས་ངོ་བོར་འགྱུར་མི་སྲིད། །སྟོང་ཉིད་བློ་དང་སྙིང་རྗེ་སོགས། །གོམས་པས་གསལ་སྣང་མཆེད་པ་ན། །སེམས་ཀྱི་རྒྱུད་དང་དབྱེར་མེད་དུ། །འགྱུར་ཞེས་རྣམ་འགྲེལ་མཛད་པས་གསུངས། །ཅེས་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་ལ་སྒྲོ་སྐུར་སེལ་བའི་ལེའུ་སྟེ་ལྔ་པའོ།། །། ༄༅། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་ཡུམ་དང་ཀླུ་སྒྲུབ་གཞུང༌། །ཟླ་བས་འཇུག་པར་འགྲེལ་ཚུལ་ལ། །སྒྲོ་འདོགས་མང་ཞིག་འདིར་བརྟག་བྱ། །ཟླ་བའི་ཞབས་ཀྱི་དབུ་མ་ལ། །འཇུག་པས་རྩ་བའི་དོན་འགྲེལ་ཚེ། །རང་རྒྱུད་པ་དང་སེམས་ཙམ་པ། །ཕྱོགས་སྔར་བཞག་པ་ཡིན་ཞེས་གསུང༌། །ཆོས་ཀྱི་བདག་མེད་མངོན་སུམ་དུ། །རྟོགས་པའི་ཐེག་དམན་ཡོད་མེད་ཙམ། །མ་གཏོགས་འཇུག་པར་རང་རྒྱུད་པ། །ཕྱོགས་སྔར་བཞག་པ་གཅིག་ཀྱང་མེད། །རང་གི་མཚན་ཉིད་རྟེན་གྱུར་ན། །ཞེས་པ་དེ་ཡིས་འདོད་ཅེས་ཟེར། །རང་རྒྱུད་པས་ནི་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་པར་འདོད། །རང་གི་མཚན་ཉིད་ཀྱི་གྲུབ་པར། །འདོད་པའི་གོ་སྐབས་ཡོད་མ་ཡིན། །དངོས་པོ་དོན་བྱེད་ནུས་པ་ཡི། །མཚན་ཉིད་ཅན་དུ་ཁྱོད་ཀྱང་འདོད། །དེ་དེ་ཡིན་པ་སྒྲོ་བཏགས་སམ། །ཡུལ་གྱི་ངོས་ནས་གྲུབ་པར་འཆད། །གཉིས་པ་ལྟར་ན་ཁྱེད་ལ་འགལ། །དང་པོ་ལྟར་ན་དངོས་པོ་དེ། །དོན་བྱེད་ནུས་པར་སྒྲོ་བཏགས་ཕྱིར། །དོན་བྱེད་ནུས་པར་མི་འགྱུར་བས། །དངོས་ཀུན་ཚད་མས་གྲུབ་པ་འགལ། །སྟོང་ཉིད་དངོས་པོའི་འཇིག་རྒྱུར་ནི། །ཐལ་བའི་ཉེས་པ་ཁྱེད་ལ་སྟེ། །རིགས་པས་བཤིག་ན་འཇིག་པ་ཡི། །གཟུགས་སོགས་ཚད་གྲུབ་ཁས་བླངས་ཕྱིར། །འདིར་འབྱུང་གཞན་ན་མེད་ཅེས་པའི། །གཞན་དེ་རང་རྒྱུད་པར་འཆད་པ། །ཡིན་ཞེས་ཟེར་ལ་ཁུངས་མེད་ཅིང༌། །རང་རྒྱུད་པ་དག་མི་བཞེད་པའི། །འཇུག་པར་བཤད་པའི་སྟོང་པ་ཉིད། །འདི་ཡིན་ཞེས་པ་འཇུག་པ་ཡི། །རྩ་འགྲེལ་དག་ན་ཡོད་མ་ཡིན། །ཐལ་རང་སྨྲ་བ་རྣམ་གཉིས་པོ། །བྱམས་པའི་གཞུང་གི་དབུ་མ་ལ། །སེམས་ཙམ་ཞེས་སུ་སྒྲོ་བཏགས་ནས། །དབུ་མར་མི་འཆད་པ་ལ་མཐུན། །གཞན་དབང་བདེན་པར་གྲུབ་པ་ནི། །གཞུང་འདིའི་ཕྱོགས་སྔར་བཞག་ཟེར་མོད། །མི་བཞེད་བཞིན་དུ་སྒྲོ་འདོགས་པ། །དེ་འདྲ་བྱམས་པའི་གཞུང་ན་མེད། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཡེ་ཤེས་གཞན་དབང་ཡིན་ཟེར་བ། །ཕྱོགས་སྔར་བཞག་ནས་སུ་ཞིག་འགོག །བྱམས་པའི་གཞུང་ལས་དེ་མ་བཤད། །ཡེ་ཤེས་གཞན་དབང་ཆོས་ཉིད་དུ། །འདོད་པ་འགོག་ན་འགོག་ལ་རག །གཟུང་མེད་འཛིན་པ་ཉིད་བྲལ་བ། །སེམས་ཙམ་འདོད་པ་འཆད་བཞིན་དུ། །གཞན་དབང་བདེན་གྲུབ་འདོད་ཅེས་པ། །འགལ་ལ་མི་འཁྲུལ་སྨྲ་བྱེད་དམ། །ཡང་དག་མིན་རྟོག་མ་ཡིན་པའི། །གཞན་དབང་ཅེས་པ་དེས་མི་འདོད། །དེས་ན་གཟུང་འཛིན་གཉིས་མེད་ཅིང༌། །གཉིས་མེད་ཡེ་ཤེས་ཡོད་ཅེས་པ། །འདི་ཉིད་ཁོ་ན་དབུ་མ་ལ། །འཇུག་པར་འཆད་པའི་ཕྱོགས་སྔ་མ། །འགོག་ཚུལ་བདེན་པ་གཉིས་པོ་ལ། །གཅིག་ཡོད་གཅིག་མེད་ཅེས་བྱ་བ། །རིགས་པ་མིན་ཏེ་གཉིས་ཀ་ཡང༌། །ལྟོས་ནས་གྲུབ་པའི་ཕྱིར་ཞེས་པའོ། །གཉིས་མེད་ཡེ་ཤེས་གཅིག་པུ་དེ། །གཅིག་དང་དུ་མ་དང་བྲལ་བར། །གྲུབ་ན་དཔལ་ལྡན་ཟླ་བ་ཡི། །དགོངས་པའི་མཐར་ཐུག་དེ་རྫོགས་སོ། །སེམས་ཙམ་རང་རྒྱུད་ཐལ་འགྱུར་ལ། །རྟགས་ཀྱི་དགག་བྱ་ངོས་འཛིན་ཚུལ། །ཞིབ་ཏུ་རེ་བ་མང་པོ་ནི། །སྦྱར་བས་ཆེས་ཆེར་རྩིངས་པར་གྱུར། །ཆོས་ཅན་ཚད་གྲུབ་ཁས་བླངས་ནས། །དགག་བྱ་ཚད་མས་མ་གྲུབ་པ། །འགོག་པ་འདི་འདྲ་ཀ་བ་སོགས། །བུམ་པས་སྟོང་པར་སྒྲུབ་དང་མཚུངས། །དེ་ཕྱིར་འཇུག་པའི་ཕྱོགས་སྔ་ནི། །ཐོགས་མེད་ཞབས་ཀྱིས་ཕྱེ་བ་ཡི། །སྲོལ་ལས་བྱུང་བའི་དབུ་མ་དེ། །གྲུབ་མཐའི་རྩེ་མོར་བཤད་དེའོ། །དེ་ཡང་འདི་ལྟར་བརྟག་ནུས་ཏེ། །ཐོགས་མེད་ཞབས་ཀྱི་བཤད་སྲོལ་ན། །ཀླུ་སྒྲུབ་གཞུང་གི་སྟོང་ཉིད་ལ། །ཆད་སྟོང་ཉིད་དུ་རྒོལ་བའི་ལན། །ཡིན་མོད་དེ་ལྟར་ལུགས་གཉིས་ཀ །དབུ་མར་མཚུངས་ལ་ཁྱད་ཡོད་མིན། །གཅིག་ནི་གཏན་ལ་འབེབས་ཚུལ་དང༌། །གཅིག་ཤོས་ཉམས་མྱོང་གཙོ་ཕྱིར་རོ། །ཅེས་དབུ་མ་ལ་འཇུག་པས་དབུ་མའི་དོན་གཏན་ལ་འབེབས་ཚུལ་ལ་འཁྲུལ་པ་སེལ་བ་སྟེ་ལེའུ་དྲུག་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་ནས་ནི་ཞི་གནས་དང༌། །ལྷག་མཐོང་ངོས་འཛིན་ཕྱི་རབས་པས། །རྣམ་པར་བརྟགས་པ་དེ་བསམ་བྱ། །ཕྱིས་བྱོན་གྲགས་པ་གསལ་ལྡན་དག །ཤིན་སྦྱངས་བདེ་བས་ཁྱད་པར་དུ། །བྱས་པ་མིན་པའི་རྩེ་གཅིག་པ། །ཞི་གནས་ལམ་དུ་མི་འགྱུར་ཞིང༌། །ལྷག་མཐོང་ངོ་བོ་ཆོས་རྣམས་ལ། །སོ་སོར་རྟོག་ཅིང་དཔྱོད་པའི་བློ། །ཡིན་པར་ལུང་རྣམས་ཀུན་ལས་གསལ། །རྒན་པོའི་གཏམ་འགའ་འཁྲུལ་ཞེས་གསུངས། །ཞི་གནས་ཀུན་ལ་ཤིན་སྦྱངས་ཀྱིས། །མ་ཁྱབ་པར་ནི་མདོ་རྒྱན་དང༌། །མངོན་པ་ཀུན་ལས་བཏུས་སུ་བཤད། །བསམ་གཏན་དང་པོའི་ཉེར་བསྡོགས་དང༌། །གཟུགས་མེད་དངོས་གཞིའི་ཞི་གནས་སོགས། །ཤིན་སྦྱངས་བདེ་བས་ཁྱད་པར་དུ། །མ་བྱས་པ་ཡང་ཤིན་ཏུ་མང༌། །ཡིད་ལ་བྱེད་དང་བཅས་ཞེས་པར། །འཇོག་འཚམས་བདེ་དེ་ཐོབ་ལ་དགོངས། །ལྷག་མཐོང་ངོ་བོ་བསམ་བྱུང་གི །རྟོག་པར་འཆད་པ་མི་འཐད་དེ། །ལྷག་མཐོང་དངོས་ནི་སྒོམ་བྱུང་གི །ཡེ་ཤེས་ཉིད་ལ་བཤད་ཕྱིར་དང༌། །སྒྲ་དོན་འདྲེས་འཛིན་རྟོག་པ་དང༌། །བྲལ་བའི་རྣལ་འབྱོར་མངོན་སུམ་ཀུན། །ལྷག་མཐོང་ཡེ་ཤེས་དངོས་མིན་ན། །སྒྲིབ་པའི་ས་བོན་གང་གིས་སྤོང༌། །གཟུགས་ཀྱི་ཁམས་ན་བསམ་བྱུང་དང༌། །གཟུགས་མེད་ཁམས་ན་ཐོས་བསམ་གྱི། །ཤེས་རབ་གཉིས་ཀ་མ་བཤད་ཕྱིར། །ལྷག་མཐོང་ཡེ་ཤེས་མེད་པར་འགྱུར། །རྟོག་དཔྱོད་བྲལ་བའི་ཤེས་པ་ལ། །ལྷག་མཐོང་མཚན་ཉིད་མི་ཚང་ན། །བསམ་གཏན་ཁྱད་པར་ཅན་དག་དང༌། །དབང་དང་ཡེ་ཤེས་དབབ་ལ་སོགས། །སྔགས་ཀྱི་ཐབས་མཁས་ཁྱད་པར་ལས། །བྱུང་བའི་ལྷག་མཐོང་མི་སྲིད་འགྱུར། །མདོ་དང་སྒོམ་རིམ་སོགས་རྣམས་སུ། །ལྷག་མཐོང་ངོས་འཛིན་བསམ་བྱུང་གི །ཤེས་རབ་ཉིད་ལ་གང་བཤད་པ། །ལྷག་མཐོང་དངོས་གཞིའི་སྦྱོར་བ་སྟེ། །ཕར་ཕྱིན་ཐེག་པའི་ལྷག་མཐོང་ཀུན། །ཐོས་བསམ་སྔོན་འགྲོ་ཅན་ཡིན་ཕྱིར། །སྤོང་བའི་འདུ་བྱེད་བརྒྱད་པོ་ནི། །ལྷག་མཐོང་དངོས་གཞིའི་ཉེས་པ་རྣམས། །སེལ་བར་བྱེད་པའི་ཐབས་ཡིན་གྱི། །མཚུངས་ལྡན་ཉིད་དུ་བཤད་མི་དགོས། །རྟོག་པའི་ཡུལ་དུ་གནས་ལུགས་ཀྱི། །དོན་གང་འགྲོ་བ་མི་སྲིད་ཕྱིར། །གནས་ལུགས་རྟོགས་པའི་ལྷག་མཐོང་ནི། །རྟོག་པར་འཆད་པ་ཤིན་ཏུ་འཁྲུལ། །དོན་དམ་བདེན་པ་ཀུན་རྫོབ་པའི། །བློའི་ཡུལ་མིན་ཟེར་བ་དང༌། །ལྷག་མཐོང་ངོ་བོ་རྟོག་དཔྱོད་དུ། །འཆད་པ་ཁས་བླངས་འགལ་མིན་ནམ། །ཐོས་བསམ་ཤེས་ལ་བརྟེན་པ་ཡི། །བདག་མེད་ངེས་པའི་བློ་ཇི་སྙེད། །ལྷག་མཐོང་ངོ་བོར་ཁས་ལེན་ན། །མངོན་རྟོགས་རྒྱན་ལས་གསུངས་པ་ཡི། །རྣམ་བྱང་གཟུང་རྟོག་ཅེས་བྱ་དང༌། །རྟག་འཛིན་རྟོག་པ་ཞེས་བྱ་བ། །གཉེན་པོའི་རྟེན་ཅན་རྟོག་པ་ཀུན། །ལྷག་མཐོང་ཉིད་དུ་ཐལ་བར་འགྱུར། །བཏགས་པ་ཙམ་དུ་བདེན་ཞེས་པ། །ཁོ་བོའི་མ་ནི་མོ་གཤམ་ཞེས། །སྨྲ་དང་ཁྱད་ཡོད་མ་ཡིན་ཏེ། །བཏགས་པ་ཙམ་དུ་ཤེས་གྱུར་ནས། །བདེན་པར་ཞེན་པ་འགལ་ཕྱིར་རོ། །པོ་ཏོ་བ་ཡི་ཟིན་བྲིས་ལས། །ཐོས་བསམ་དུས་སུ་རིགས་པ་ཡིས། །དཔྱད་ནས་བསྒོམ་པའི་དུས་དག་ཏུ། །མི་རྟོག་འབའ་ཞིག་སྒོམ་ཟེར་བ། །འབྲེལ་མེད་ཏིང་འཛིན་སྒོམ་པའི་ཕྱིར། །སྒྲིབ་པའི་གཉེན་པོར་མི་འགྱུར་རོ། །ཞེས་བཤད་པ་དེ་ཁྱེད་ཅག་གི །ཁུངས་སུ་བྱེད་པ་ཡིན་མོད་ཀྱི། །མཐོང་སྒོམ་ལམ་གྱི་མཉམ་བཞག་ཏུ། །མི་རྟོག་འབའ་ཞིག་སྒོམ་པ་ལ། །ཉེས་པ་བརྗོད་ན་ལུང་རིགས་དང༌། །མན་ངག་མཐའ་དག་ཆུད་གསོན་འགྱུར། །པོ་ཏོ་བའི་གསུང་འདི་ནི། །སྡེ་སྣོད་ཆོས་ལ་རིང་སྦྱངས་པའི། །མཚན་ཉིད་པ་རྣམས་སྒོམ་དུས་སུ། །སྔོན་སྦྱངས་པ་དང་འབྲེལ་མེད་པའི། །གྱི་ནའི་མན་ངག་སྒོམ་ལ་གསུངས། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་ཅེས་གསུངས་པ། །སེམས་དང་རྟོག་པ་ཐོས་བསམ་དང༌། །ཡང་ན་སྔོན་འགྲོ་རྗེས་ཡིན་ཞེས། །འཕགས་དང་སེང་གེ་བཟང་པོ་གསུང༌། །ཞི་གནས་དང་ལྷག་མཐོང་གི་གནས་ལ་འཁྲུལ་པ་སེལ་བའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་དཔལ་ལྡན་ཆོས་གྲགས་ཀྱི། །རྣམ་འགྲེལ་དངོས་སྨྲའི་ཆོས་ཡིན་ཞེས། །ཟེར་བའི་གཏམ་དེ་སྤང་བར་བྱ། །དངོས་སྨྲ་ཞེས་པ་རྟག་པའི་དངོས། །ནམ་ཡང་བདེན་པར་ཁས་བླངས་ན། །བདེན་འཛིན་སྤོང་བའི་གཉེན་པོ་ནི། །མི་འཆད་པ་ལ་ཟེར་བ་ཡིན། །རྣམ་འགྲེལ་མཛད་པས་དེ་མི་བཞེད། །ཅི་ཕྱིར་ཞེ་ན་དངོས་པོ་ལ། །མི་རྟག་ཉིད་ཀྱིས་ཁྱབ་པ་དང༌། །མི་རྟག་མེད་པའི་དོན་དུ་བཤད། །རྣལ་འབྱོར་སྤྱོད་གཞུང་ཕལ་མོ་ཆེར། །འདུས་མ་བྱས་པའི་དངོས་པོ་དང༌། །ཆོས་སྐུ་རྟག་པར་བཤད་མོད་ཀྱི། །རྒྱུན་གྱིས་རྟག་པ་ལ་དགོངས་ནས། །རྟག་པར་བཤད་པའི་དངོས་རྣམས་ཀྱང༌། །སྐད་ཅིག་ཉིད་ཀྱི་མི་རྟག་པར། །རྣམ་འགྲེལ་མཛད་པས་བཤད་པ་ཡིན། །མདོར་ན་རྣམ་འགྲེལ་མཛད་པ་ནི། །གཅིག་དང་དུ་བྲལ་རིགས་པ་ཡིས། །ལྡོག་པ་གཞན་སེལ་སྨོས་ཅི་དགོས། །གཟུང་འཛིན་ཇི་སྙེད་བདེན་མེད་དང༌། །དངོས་ལ་མི་རྟག་གིས་ཁྱབ་པའི། །རིགས་པས་འདུས་མ་བྱས་དངོས་དང༌། །རྟག་པའི་དངོས་པོར་བྱས་རྣམས་ཀྱང༌། །སྐད་ཅིག་གིས་ནི་འཇིག་པར་བཤད། །འོ་ན་དངོས་ལ་དངོས་མེད་ཀྱིས། །ཁྱབ་པར་འགྱུར་ཏེ་མི་རྟག་དོན། །དངོས་མེད་ཡིན་པའི་ཕྱིར་ཞེ་ན། །དངོས་དང་མི་རྟག་འཇོག་མཚམས་ནི། །མ་དཔྱད་པ་དང་དཔྱད་པ་སྟེ། །དངོས་པོ་མངོན་དུ་གྱུར་པ་དང༌། །མི་རྟག་ལྐོག་གྱུར་ཉིད་ཕྱིར་རོ། །མི་རྟག་པ་ལ་དངོས་མེད་ཀྱིས། །ཁྱབ་པའང་ཤིན་ཏུ་དཔྱད་པ་སྟེ། །ལྟོས་པ་མེད་ན་སྐད་ཅིག་ཀྱང༌། །དངོས་པོར་མེད་ཅེས་བཤད་དང་མཚུངས། །རིགས་པས་དཔྱད་ཚེ་དངོས་པོའི་ཆོས། །ཅི་ཡང་ཡོད་པ་མ་ཡིན་ན། །རྣམ་འགྲེལ་ངོ་བོ་ཉིད་མེད་དུ། །སྨྲ་བའི་གཞུང་དང་ཁྱད་ཅི་ན། །རྒྱན་དང་ཞི་བ་འཚོ་གཉིས་པོ། །རྣམ་འགྲེལ་མཛད་གཞུང་དེ་ལྟར་འདོད། །ཅེས་པ་རྔོག་ལོ་ཆེན་པོའི་གསུང༌། །ཕྱྭ་པ་རྣམ་འགྲེལ་མཛད་གཞུང་ནི། །སློབ་དཔོན་ཟླ་བ་གྲགས་པ་ལྟར། །འཇིག་རྟེན་གྲགས་སྡེ་སྤྱོད་པ་ཡི། །དབུ་མ་ཉིད་དུ་གནས་ཞེས་ཟེར། །ངོ་བོ་ཉིད་མེད་སྨྲ་བ་དང༌། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །སྲོལ་ཆེན་འབྱེད་པའི་སློབ་དཔོན་རྣམས། །གཞུང་ལུགས་ཕན་ཚུན་འཆོལ་པ་མེད། །གཉིས་མེད་ཡེ་ཤེས་ཐོས་བསམ་གྱི། །རིགས་པས་དཔྱད་པའི་ངོར་མེད་ཀྱང༌། །མཉམ་བཞག་སྒོམ་བྱུང་ཡེ་ཤེས་ཀྱི། །མྱོང་བྱ་ཉིད་ཕྱིར་དོན་དམ་བདེན། །འཇིགས་མེད་ཆོས་ཀྱི་གྲགས་པ་ནི། །གྲུབ་པའི་ས་ལ་བཞུགས་པའི་ཚེ། །ངོ་བོ་ཉིད་མེད་སྨྲ་བ་ཡི། །གྲུབ་མཐར་འཇུག་དགོས་མ་ཡིན་ནོ། །ཞེས་རྣམ་འགྲེལ་མཛད་པའི་རིང་ལུགས་ལ་འཁྲུལ་པ་སྨྲ་བ་སེལ་བའི་ཚིག་ལེའུར་བྱས་པ་སྟེ་བརྒྱད་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་ནས་ནི་སྤྱོད་འཇུག་གི །གཞུང་དོན་ལོག་པར་སྒྲོ་འདོགས་པ། །འགའ་ཞིག་དྲང་པོས་འདིར་དཔྱད་བྱ། །ཕྱིས་བྱོན་གྲགས་པ་གསལ་ལྡན་འགའ། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ། །ཐོགས་མེད་ལུགས་དང་ཞི་བ་ལྷའི། །ངོས་འཛིན་ཁྱད་པར་མེད་ཅེས་གསུངས། །འོ་ན་ཐོགས་མེད་གཞུང་དག་ཏུ། །བྱང་ཆུབ་སྨོན་པའི་སེམས་བཏང་བ། །རྩ་བའི་ལྟུང་བར་བཤད་འགྱུར་ཏེ། །ཞི་བ་ལྷ་ཡི་དེར་བཤད་ཕྱིར། །གཞན་ཡང་དོན་དམ་བློ་ཡི་ཡུལ། །མིན་ན་ལུང་རིགས་དང་འགལ་ཟེར། །འོ་ན་དོན་དམ་ངོས་འཛིན་ཅི། །བདེན་པས་སྟོང་པ་ཉིད་ཅེ་ན། །གཞན་སེལ་སྤྱོད་ཡུལ་དུ་བྱེད་པའི། །རྟོག་པ་མེད་བློ་མི་སྲིད་ཅིང༌། །སྒྲ་དང་རྟོག་པའི་ཡུལ་གང་ཡིན། །དོན་དམ་བདེན་པ་ཉིད་དུ་འགལ། །དེས་ན་རིགས་པས་དཔྱད་བཟོད་པའི། །བློ་མེད་ཕྱིར་ན་ཀུན་རྫོབ་ལས། །མ་གཏོགས་ཆོས་གཞན་ཡོད་མ་ཡིན། །དེ་ཕྱིར་བློ་ཀུན་ཀུན་རྫོབ་ངེས། །བདེན་པ་གཉིས་སུ་འཆད་མིན་ནམ། །ཞེ་ན་གཞུང་འདིར་སྟོང་པ་ཉིད། །རྫུན་པར་བཤད་པ་སྙོན་མི་ནུས། །རྫུན་ན་དོན་དམ་བདེན་པ་འགལ། །རྣལ་འབྱོར་གོང་མའི་བློ་ཁྱད་ཀྱིས། །འོག་མར་གནོད་ཚུལ་འཆད་པ་ན། །ཉན་ཐོས་སེམས་ཙམ་རང་རྒྱུད་པའི། །བདག་མེད་གོ་ཆོད་མིན་ཞེས་གསུངས། །དེ་དག་སོ་སོའི་གཞུང་ལུགས་སུ། །ཐར་ལམ་ངེས་པར་མ་བསྟན་ཕྱིར། །སངས་རྒྱས་ཆོས་སུ་མི་རུང་ཞིང༌། །ཕྱག་རྒྱ་བཞི་དང་འགལ་བར་འགྱུར། །དེ་ལ་དོན་དམ་རྣམ་གཉིས་ཏེ། །རྣལ་འབྱོར་པ་དང་འཇིག་རྟེན་པ། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །འོག་མ་བདེན་པར་འདོད་དེ་ལ། །གོང་མའི་རིགས་པས་དཔྱད་མི་བཟོད། །འོ་ན་འོག་མའི་དོན་དམ་ལ། །རིགས་པས་གནོད་པར་འགྱུར་ཞེ་ན། །འཇིག་རྟེན་པ་ཡི་ངོས་མཐོང་ཞིང༌། །སྒྱུ་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །རྣལ་འབྱོར་ཅན་འགས་བདག་མེད་གཉིས། །དམ་པའི་དོན་གྱི་བདེན་འདོད་ཅིང༌། །སྒྱུ་མ་ལྟ་བུར་མིན་པས་འདིར། །རྣལ་འབྱོར་གོང་མ་པ་དང་རྩོད། །ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །ཞེས་གསུངས་ཕྱིར་ན་ཀུན་རྫོབ་ཀྱི། །བདེན་པ་ཚད་མས་གྲུབ་ཅེས་གསུང༌། །འོ་ན་གཟུགས་སོགས་ཀུན་རྫོབ་ཀྱང༌། །གྲགས་པས་འགྲུབ་ཀྱི་ཚད་མས་མིན། །ཞེས་གསུངས་པ་དང་མི་འགལ་ལམ། །དེ་དོན་གཟུགས་སོགས་ཡོད་ཉིད་ཀྱང༌། །གྲགས་པས་འགྲུབ་ཀྱི་ཞེས་པར་ངེས། །གཞུང་འདིར་རང་རིག་བཀག་པའི་དོན། །གཟུང་འཛིན་གྱིས་བསྡུས་ཆོས་ཐམས་ཅད། །ཡོད་པ་བཀག་ནས་གཉིས་མེད་ཀྱི། །ཡེ་ཤེས་གཅིག་པུ་ཁས་ལེན་པ། །དེ་ལ་བརྟག་པ་མཛད་ཡིན་གྱི། །ཐ་སྙད་དུ་ཡང་རང་རིག་དང༌། །རང་གསལ་ཞེས་བྱའི་བརྡ་ཙམ་ནི། །འགོག་པར་མཛད་པ་མ་ཡིན་ནོ། །དེ་ཡང་གཞན་གྱིས་མ་བྱས་པར། །རང་ཉིད་རིག་པར་སྐྱེས་ཙམ་ལ། །རང་རིག་པ་ཞེས་བརྡ་བྱས་ཀྱི། །རིག་བྱ་རིག་བྱེད་གཉིས་མི་འབྱེད། །བཻ་ཌཱུརྻ་ཡི་སྔོན་པོ་ལ། །རང་སྔོའི་ཐ་སྙད་བྱས་པ་བཞིན། །དེ་ནས་གཟུང་འཛིན་གཉིས་པོ་དང༌། །གཉིས་མེད་ལྟོས་ནས་གྲུབ་པའི་ཕྱིར། །གཅིག་ཡོད་གཞན་མེད་ག་ལ་སྲིད། །བདེན་གྲུབ་བདེན་མེད་ཀྱང་དེ་བཞིན། །གང་ཕྱིར་ལུང་ལས་ཞེས་སོགས་སུ། །ཆོས་ཀྱི་བདག་མེད་མ་བསྟན་ན། །ཐར་ལམ་མེད་པར་བཤད་ཅེས་ཟེར། །དེ་དོན་དམན་པའི་ཐར་པའམ། །རྫོགས་པའི་སངས་རྒྱས་ཉིད་ལ་ཟེར། །ཕྱི་མ་ལྟར་ན་འདོད་པ་མཐུན། །དང་པོ་ལྟར་ན་ནང་འགལ་ཏེ། །ཆོས་ཀྱི་བདག་མེད་མ་རྟོགས་ཀྱང༌། །ཉོན་མོངས་སྤངས་པར་བཤད་པས་སོ། །མངོན་པར་བཤད་པའི་ཉོན་མོངས་ལ། །དགོངས་ཞེས་ཟེར་ན་དེ་སྤངས་ཕྱིར། །ཐར་པ་ཉིད་དུ་གདོན་མི་ཟ། །ལུགས་འདིར་བདེན་འཛིན་ཉོན་མོངས་སུ། །བཞེད་ཅེས་ཟེར་ན་ཤེས་སྒྲིབ་ཅི། །གཉིས་སྣང་འཁྲུལ་པའི་བག་ཆགས་སོ། །ཤེ་ན་སེམས་ཙམ་པ་ཡིས་ཀྱང༌། །འདི་འདོད་ཕྱིར་ན་ཐལ་འགྱུར་བའི། །ཐུན་མོང་མིན་པའི་གྲུབ་མཐར་འགལ། །གཞུང་འདིའི་ལུགས་ལ་ཐར་པ་ནི། །མི་གནས་མྱང་འདས་ཁོ་ནར་ངེས། །སྐབས་དེར་བློ་དང་ཆོས་རྣམས་ཀུན། །སྟོང་པ་ཉིད་དུ་རོ་གཅིག་ཕྱིར། །ཡུལ་དང་ཡུལ་ཅན་གཉིས་སུ་མེད། །དམིགས་དང་བཅས་པའི་སེམས་ཡོད་ན། །ཡང་དག་མཐའ་ལས་ལྡང་གྱུར་ཏེ། །སྟོང་པ་ཉིད་དང་བྲལ་བའི་ཕྱིར། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དམིགས་མེད་ཕྱིར་ན་ཆོས་སྐུ་ལས། །ལྡང་མི་སྲིད་ཀྱང་གཞན་གྱི་དོན། །དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུ་ཇི་བཞིན་རྒྱུན་མི་ཆད། །ཅེས་སྤྱོད་འཇུག་མཁན་པོའི་གཞུང་དོན་ལ་ལོག་པར་སྒྲོ་འདོགས་པ་སེལ་བའི་ལེའུ་སྟེ་དགུ་པའོ།། །། ༄། །རྒྱལ་བ་ངག་གི་དབང་ཕྱུག་ལ། །ཕྱག་འཚལ་བྱང་སེམས་སྡོམ་པ་ལ། །ཤིང་རྟའི་སྲོལ་འབྱེད་གཉིས་བྱུང་བ། །དེའི་ངོས་འཛིན་བརྟག་པར་བྱ། །འདི་ལ་རྗེ་བཙུན་ན་ས་སྐྱ་པས། །དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་གསུངས་པ་ལ་རྒོལ་བ་འགའ། །དབུ་སེམས་གཉིས་ཀྱི་ཁྱད་པར་ནི། །ལྟ་བ་སོ་སོ་བས་འབྱེད་ཀྱི། །སེམས་བསྐྱེད་སྡོམ་པའི་ངོས་འཛིན་གྱི། །མཚན་ཉིད་གཅིག་ཏུ་ངེས་ཤེས་ཟེར། །འོ་ན་སྨོན་པའི་སྡོམ་པ་དང༌། །འཇུག་པའི་སྡོམ་པ་སོ་སོ་ཡི། །མཚན་ཉིད་དང་ནི་འཐོབ་ཚུལ་དང༌། །གཏོང་ཚུལ་སོ་སོའི་བསླབ་བྱ་དང༌། །རྩ་བའི་ལྟུང་བ་གཅིག་ཏུ་འགྱུར། །འདོད་ན་སྲོལ་འབྱེད་གཉིས་པོ་ཡི། །གཞུང་ནས་འབྱུང་བ་ཀུན་དང་འགལ། །རྩ་བའི་ཁྱབ་འབྲེལ་ཅི་ཞེ་ན། །ཐོགས་མེད་གཞུང་ན་སྨོན་སེམས་ཀྱི། །སྡོམ་པའི་རྣམ་གཞག་མ་གསུངས་ལ། །བསླབ་སྤྱོད་གཉིས་ལས་དེ་གསུངས་ཕྱིར། །ཡིན་མོད་ལྟ་བའི་ཁྱད་པར་ལས། །དེ་ལྟར་འབྱུང་བ་ཅི་ཞེ་ན། །གཟུང་བ་ཆོས་ཀྱི་བདག་མེད་ཙམ། །ལྟ་བར་བྱས་པའི་སེམས་ཙམ་པས། །འཇུག་པའི་སྡོམ་པ་མ་བླངས་ན། །རང་སངས་རྒྱས་སུ་ཉམས་པར་སླ། །འཛིན་པ་ཆོས་ཀྱི་བདག་མེད་པ། །ལྟ་བར་བྱ་བའི་དབུ་མ་པས། །སྨོན་པ་སེམས་བསྐྱེད་ཙམ་གྱིས་ཀྱང༌། །ཐེག་ཆེན་ཆོས་ལས་ཉམས་པ་མེད། །དེ་ལ་ཁ་ཅིག་འདི་སྐད་དུ། །རྒྱན་དང་བྱང་ཆུབ་སེམས་དཔའི་ས། །དབུ་མའི་གཞུང་ལུགས་ཡིན་གྱུར་ན། །སེམས་བསྐྱེད་སེམས་ཙམ་ལུགས་སུ་འགལ། །གཞན་ཡང་འཇུག་པ་སེམས་བསྐྱེད་ཀྱི། །སྡོམ་པ་དབུ་སེམས་གཉིས་ཀ་ལ། །ཐུན་མོང་ཉིད་ཕྱིར་སེམས་ཙམ་གྱི། །ལུགས་སུ་འཆད་པ་ཅི་ཞེས་ཟེར། །བྱང་ས་ནས་གསུངས་ཆོ་ག་དེ། །སེམས་ཙམ་ཁོ་ནའི་ལུགས་ཡིན་ཞེས། །འཆད་ཀྱང་འཇུག་པའི་སྡོམ་པ་དེ། །སེམས་ཙམ་ལུགས་སུ་དེས་མི་འཆད། །བྱང་སའི་ལྟ་བ་མཐར་ཐུག་པ། །དབུ་མར་ངེས་ཀྱང་སེམས་བསྐྱེད་ཀྱི། །ཆོ་ག་གནས་སྐབས་སེམས་ཙམ་པའི། །ལྟ་བ་དེ་དང་སྦྱར་ནས་བཤད། །རྒྱན་དང་བྱང་ས་ནས་བཤད་པའི། །སེམས་ཙམ་ལྟ་བ་གང་ཡིན་པ། །གཟུང་བ་ཆོས་ཀྱི་བདག་མེད་པའི། །ལྟ་བ་ལས་གཞན་བཤད་པ་མེད། །གཞུང་དེ་དག་ནས་གསུངས་པ་ཡི། །འཛིན་པ་ཆོས་ཀྱི་བདག་མེད་པ། །ཆོ་ག་གཉིས་པོའི་ཁྱད་འབྱེད་ཀྱི། །སེམས་ཙམ་ལྟ་བར་ས་སྐྱ་པས། །འཆད་ན་དེ་ལས་ཁྲེལ་བ་དང༌། །ངོ་ཚའི་གནས་ཀྱང་གཞན་ཡོད་མིན། །དེས་ན་ས་སྐྱའི་ལུགས་འཛིན་ཞེས། །སྐད་གཟེངས་མཐོན་པོས་སྨྲ་དེ་དག །མཁས་པར་འདོད་ན་རྒྱས་པར་སློབས། །བག་ཟོན་བྱོས་ལ་མཛངས་པར་སྨྲོས། །ཅེས་སེམས་བསྐྱེད་ཀྱི་སྡོམ་པའི་རྣམ་བཞག་ཤིང་རྟའི་སྲོལ་ཚུལ་གཉིས་ལས་བྱུང་ཚུལ་ས་སྐྱ་པས་བཤད་པ་ལ་ལོག་པར་སྨྲ་བ་སེལ་བའི་ལེའུ་སྟེ་བཅུ་པའོ།། །། ༄། །ངག་གི་དབང་ཕྱུག་ལ་ཕྱག་འཚལ། །བདག་དང་བདག་མེད་ངོས་འཛིན་ལ། །སྒྲོ་འདོགས་སྐུར་འདེབས་མ་བསལ་ན། །བསྟན་པའི་རྩ་བ་འཁྲུལ་འགྱུར་ཕྱིར། །དེ་དོན་གང་ཡིན་བསམ་བྱ་བ། །མུ་སྟེགས་བྱེད་པ་གང་ཟག་དང༌། །བདག་སོགས་རྫས་ཡོད་ཁོ་ནར་སྨྲ། །སངས་རྒྱས་གྲུབ་མཐའ་སྨྲ་བ་བཞི། །བཏགས་ཡོད་ཁོ་ནར་འཆད་ལ་མཐུན། །ཆོས་ཀྱི་བདག་ཡོད་སྨྲ་བ་ཀུན། །ཆོས་དེ་རྫས་སུ་ཡོད་པར་འདོད། །བཏགས་པའི་ཆོས་དང་གང་ཟག་ཀུན། །བདག་དང་བདེན་ཞེས་འཆད་མ་ཡིན། །བཏགས་ཡོད་ངེས་པའི་བློ་དང་ནི། །བདག་དང་བདེན་པར་རྟོག་པའི་བློ། །གྲུབ་མཐའ་གཅིག་ལ་ལྷན་ཅིག་ཏུ། །གནས་པའི་གོ་སྐབས་མེད་ཕྱིར་རོ། །བདག་གཉིས་མེད་སྨྲའི་ཚུལ་འདི་ལ། །ངོ་བོ་ཉིད་མེད་དུ་སྨྲ་བ། །མ་གཏོགས་གྲུབ་མཐའ་སྨྲ་བ་བཞི། །བདག་མེད་དོན་དམ་བདེན་པར་འདོད། །དེ་མེད་ཚུལ་ལ་རྣམ་གཉིས་ཏེ། །རིགས་པས་གཏན་ལ་ཕབ་ཚུལ་དང༌། །དངོས་པོའི་ཆོས་སུ་གནས་པའོ། །དང་པོ་ལྡོག་པ་གཞན་སེལ་ཕྱིར། །དམ་པའི་དོན་དུ་ཡོད་མ་ཡིན། །དོན་དམ་དོན་བྱེད་ནུས་ཕྱི་མ། །དམ་པའི་དོན་དུ་འཆད་པ་ཡིན། །ནང་པའི་གྲུབ་མཐའ་སྨྲ་ཀུན་ཀྱང༌། །གང་ཟག་བདག་མེད་ཚུལ་དེར་མཐུན། །ཆོས་ཀྱི་བདག་མེད་གོང་ནས་གོང༌། །ཟབ་ཅིང་རྒྱ་ཆེར་འཆད་པའོ། །བཏགས་པར་ཡོད་པའི་ཆོས་རྣམས་ཀུན། །ངོ་བོས་སྟོང་པར་ཀུན་གྱིས་འཆད། །དཔེར་ན་ལྡོག་པ་གཞན་སེལ་དང༌། །རྒྱུན་དང་རགས་པ་སོགས་ལྟ་བུ། །རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང༌། །ཤེས་པ་སྐད་ཅིག་ཆ་མེད་པ། །རང་གི་ངོ་བོས་སྟོང་པ་ལ། །གཟུང་བ་ཆོས་ཀྱི་བདག་མེད་དང༌། །འཛིན་པ་ཆོས་ཀྱི་བདག་མེད་ཟེར། །ཤེས་རྣམ་བདེན་པས་སྟོང་པ་ཡང༌། །འཛིན་པ་ཆོས་ཀྱི་བདག་མེད་ཅེས། །བྱམས་ཆོས་རྗེས་འབྲང་བཅས་ཏེ་འཆད། །ཆོས་དབྱིངས་ཡེ་ཤེས་རིགས་པ་ཡིས། །དཔྱད་པའི་ངོ་ན་མ་གྲུབ་ཀྱང༌། །ཡེ་ཤེས་ངོ་ན་གྲུབ་ཅེས་པ། །སྔགས་ཀྱི་ཚུལ་ལ་གྲགས་པ་ཡིན། །ངོ་བོ་ཉིད་མེད་སྨྲ་ལུགས་ལ། །ཀུན་རྫོབ་མ་གཏོགས་ཆོས་གཞན་མེད། །སྟོང་ཉིད་དོན་དམ་བདེན་ཞེས་པ། །ཡང་དག་ཀུན་རྫོབ་འཇོག་སྐབས་སོ། །དེ་ལྟར་རང་ལུགས་གཞག་བྱས་ནས། །ཕྱིས་བྱོན་གྲགས་པ་གསལ་ལྡན་དག །ནང་པའི་གྲུབ་མཐའ་སྨྲ་ཀུན་གྱི། །ཆོས་དང་གང་ཟག་ཚད་གྲུབ་བྱེད། །དགག་བྱའི་ངོས་འཛིན་ཁྱད་པར་གྱིས། །བདག་མེད་པ་ལ་རྩིང་ཞིབ་བྱུང༌། །ཉན་ཐོས་པ་དག་ཕུང་པོ་དང༌། །སེམས་ཙམ་སྨྲ་བས་ཀུན་གཞི་དང༌། །རང་རྒྱུད་ཡིད་ཀྱི་རྣམ་ཤེས་དང༌། །ཐལ་འགྱུར་བའི་ང་ཙམ་ལ། །བདག་དང་གང་ཟག་སྐྱེས་བུར་འདོད། །དགག་བྱའི་ཁྱད་པར་གོ་རིམ་བཞིན། །རྟག་པ་གཅིག་བུ་རང་དབང་ཅན། །རང་རྐྱ་ཐུབ་པའི་རྫས་ཡོད་དང༌། །རང་གི་མཚན་ཉིད་ཀྱིས་གྲུབ་པས། །སྟོང་ལ་གང་ཟག་བདག་མེད་ཟེར། །བཏགས་པར་ཡོད་པའི་ཆོས་གཅིག་ལ། །བདེན་གྲུབ་རིགས་པས་ཁེགས་གྱུར་ན། །དེ་ཡི་རིགས་པ་ཁ་སྤོས་པས། །ཆོས་ཀུན་བདེན་མེད་ངེས་ཞེས་འཆད། །བདག་དང་གང་ཟག་ཚད་གྲུབ་པ། །ཆོས་ཀྱི་ཕྱག་རྒྱ་བཞི་དང་འགལ། །བདག་དང་གང་ཟག་ཡོད་མེད་ལ། །ཕྱི་དང་ནང་པ་རྩོད་བྱེད་ཀྱི། །གཞི་གཅིག་ཡོད་པར་མཐུན་གྲུབ་ནས། །བདེན་པར་ཡོད་མེད་ལ་མ་བརྩད། །གང་ཟག་བདག་མེད་འཆད་པ་ཡི། །གཞུང་ལུགས་ཀུན་ན་གང་ཟག་ཉིད། །འགོག་པར་མཛད་ཀྱི་ཡོད་མ་བཤད། །གཅིག་དང་དུ་བྲལ་རིགས་པ་དང༌། །རྟགས་དོན་བདུན་གྱིས་བཙལ་བ་ན། །གང་མ་རྙེད་པར་གསུངས་པ་དེ། །བདག་དང་གང་ཟག་ལ་འཆད་ཀྱི། །ཡོད་པར་གསུངས་པ་འགའ་ཡང་མེད། །གང་ཟག་ཡོད་པ་མ་ཡིན་ཕྱིར། །ལས་འབྲས་རྟེན་གྱུར་ཅི་ཞེ་ན། །ལས་འབྲས་བཏགས་པའི་ཡོད་ཉིད་དང༌། །ཀུན་རྫོབ་ཉིད་དུ་ཁས་བླངས་ནས། །ལས་བྱེད་པ་དང་མྱོང་བ་པོ། །ཐ་སྙད་བདེན་པའི་དབང་དུ་བྱས། །གང་ཟག་རང་མཚན་གྱིས་མ་གྲུབ། །སུས་ཀྱང་ཤེས་སླ་ཐལ་འགྱུར་བའི། །ཁྱད་ཆོས་མིན་ཏེ་བཏགས་ཡོད་ནི། །རྫས་སུ་མེད་པར་ཀུན་གྱིས་ཤེས། །ཞེས་བདག་དང་བདག་མེད་ཀྱི་ངོས་འཛིན་ལ་ལོག་པར་སྨྲ་བ་སེལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །། ༄། །ངག་གི་དབང་ཕྱུག་ལ་ཕྱག་འཚལ། །དེ་ནས་ཚད་མའི་སྤྱི་སྐད་འགའ། །ལོག་པར་སྨྲ་ལ་མང་དག་ཏུ། །མངོན་པར་ཞེན་པ་དེ་སྤང་བྱ། །ཚད་མའི་མཚན་ཉིད་མི་སླུ་བར། །བཤད་ཀྱང་བོད་བསྡུས་མཛད་པོ་ཡིས། །བདེན་པའི་དོན་རྟོགས་ཞེས་སུ་འཆད། །དེ་དོན་གཅིག་ཅེས་དེང་དུས་འཁྲུལ། །གཞུང་འགྲེལ་རྣམས་ལས་དེར་མ་བཤད། །བཅད་དང་རྟོགས་པ་དོན་གཅིག་ཅེས། །འདོད་པ་དེ་ཡང་གཞུང་ན་མེད། །སེལ་བ་གསུམ་གྱིས་ངོས་འཛིན་དང༌། །རང་མཚན་སེལ་བར་འཆད་པ་འཁྲུལ། །འགལ་འབྲེལ་འཆད་ལ་གཞུང་བཤད་ཀྱི། །དྲི་མ་ཙམ་ཡང་འདིར་མི་སྣང༌། །རྟོག་པའི་ཆོས་ཀུན་གཞན་སེལ་དུ། །འཆད་པའི་རྣམ་བཞག་མ་ཤེས་པས། །རང་མཚན་མཐར་ཐུག་དགག་སྒྲུབ་ཀྱི། །དངོས་རྟེན་ཉིད་དུ་འདོད་པས་ནོངས། །བསྡུས་པས་མདོ་སེམས་བཀག་རྗེས་སུ། །རང་ལུགས་རྣམ་མེད་རྗེན་ཆེར་བ། །མདོ་སེམས་ལུགས་ཞེས་གསལ་པོར་སྨྲ། །མཐོ་ཡོར་མིར་ཞེན་པ་དང་མཚུངས། །དོན་སྣང་རྟོག་མེད་ཤེས་པ་ལ། །གང་སྣང་ཕྱི་རོལ་དོན་དང་ནི། །བུམ་སོགས་འཛིན་པའི་རྟོག་པ་ལ། །དེར་སྣང་དོན་སྤྱི་ཡིན་པར་འདོད། །འདི་འདྲ་གཞུང་ལས་མ་བཤད་ཀྱང༌། །དེ་ལ་འདྲ་ལེན་བྱས་ནས་སུ། །དོན་སྣང་ཤེས་པས་དོན་དངོས་སུ། །རྟོགས་པར་ཁས་ལེན་བྱེད་པ་དང༌། །སྔོར་སྣང་ཤེས་ལ་དེར་སྣང་བ། །སྔོན་པོའི་མཚན་གཞིར་ཁས་ལེན་ཕྱིར། །འདི་འདྲ་གྲགས་པའི་གཞུང་ན་མེད། །སྔོན་པོ་སྔོར་སྣང་དབང་ཤེས་ཀྱི། །དམིགས་རྐྱེན་ཡིན་པར་སེམས་ཙམ་པས། །འདོད་ཅེས་ཟེར་བ་གཞུང་དང་འགལ། །ཤེས་པའི་བདག་ཉིད་དུ་གྱུར་པའི། །གཟུགས་སྒྲ་སོགས་ཀྱི་བཤད་པ་ནི། །སྔོན་བྱོན་ཀུན་གྱི་ལུང་ན་མེད། །དམིགས་རྐྱེན་རྣམ་བཞག་ཕྱི་རོལ་གྱི། །དོན་སྒྲུབ་བྱེད་པའི་རིགས་པ་དངོས། །ལྷན་ཅིག་དམིགས་ངེས་ངན་འགོག་གི །རིགས་པ་དངོས་ཡིན་ཟེར་བ་རྫུན། །ཚད་འབྲས་རྣམ་བཞག་ཕལ་ཆེ་བ། །གཞུང་འགྲེལ་ཀུན་དང་མི་མཐུན་པ། །རང་སོར་སྦྱར་བའི་ཚིག་མང་པོས། །འཁྲུལ་པར་བཤད་པ་ཁོ་ན་ཡིན། །ཚུལ་གསུམ་རྟགས་ཀྱི་རྣམ་བཞག་དང༌། །བསྒྲུབ་བྱ་དང་ནི་སྒྲུབ་པའི་ངག །དམ་བཅའ་བ་དང་ཐལ་འགྱུར་སོགས། །གང་གིས་འགོག་དང་གང་ལ་འགོད། །དེ་དེར་སོང་བའི་དུས་དང་ནི། །སོ་སོའི་མཚན་ཉིད་གཞུང་བཞིན་དུ། །འཆད་པ་པོ་དང་འཆད་ཤེས་པ། །འདིར་འབྱུང་ལུགས་ལས་གཞན་ན་མེད། །ཅེས་ཚད་མའི་སྤྱི་སྐད་ལ་ལོག་པར་རྟོག་པ་སེལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། ༄། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེང་སང་ཐུབ་པའི་གསུང་རབ་ཀྱི། །རྐང་པ་རྣམ་གསུམ་ཉམས་གྱུར་ནས། །གཅིག་ཙམ་ལུས་པ་རྩོད་ལྡན་དུས། །དེ་ཡང་ཐལ་ཕྱིར་ཞེས་གྲགས་པའི། །རྩོད་ཙམ་ལྷུར་ལེན་མཆོག་དུ་བྱེད། །གང་དེས་ཆོས་ཀྱི་གྲགས་པའི་ལུགས། །དྲི་མར་བཅས་པ་འདིར་བསམ་བྱ། །དམ་བཅའ་འཇོག་དང་དེ་སུན་འབྱིན། །ལན་འདེབས་པ་དང་དེ་ལན་དང༌། །རྟགས་བསལ་འཁོར་གསུམ་ངོས་འཛིན་དང༌། །རྒྱལ་དང་ཕམ་པའི་ཚད་མ་སོགས། །ལོག་པར་བཤད་པ་ཁོ་ན་ཡིས། །ལེགས་པར་བཤད་པའི་མིག་ཉམས་པ། །མཚན་མོ་རྒྱུ་བའི་བློ་ཅན་དག །སྐད་གཟེངས་མཐོན་པོར་སྨྲ་བ་ཡོད། །ཐོག་མར་དམ་བཅའ་འཇོག་པའི་ཚེ། །ཡིན་ན་དེ་མིན་བུད་ཅེས་པ། །འདི་འདྲ་སུན་འབྱིན་བརྗོད་པའི་ཚིག །ཡིན་གྱི་དམ་བཅའ་འཇོག་ལུགས་མིན། །སུན་འབྱིན་བརྗོད་ཚེ་དམ་བཅའ་བ། །གང་ཡིན་རྟགས་སུ་མི་འགོད་པར། །དངོས་ཀྱི་མ་ངེས་ཙམ་འཕེན་པ། །འདི་འདྲ་ཕྱིར་རྒོལ་ཚར་བཅས་གནས། །ཡིན་ཏེ་འཁོར་གསུམ་ཚང་བ་ཡིས། །སུན་འབྱིན་འཕེན་རྒྱུ་ཡོད་བཞིན་དུ། །རྟགས་ལ་ཁས་ལེན་མེད་པ་དང༌། །ཁྱབ་པ་ཚད་མས་མ་ངེས་པའི། །སུན་འབྱིན་བརྗོད་པ་ཡིན་ཕྱིར་རོ། །ལན་འདེབས་ཚེ་ན་ཁྱབ་པ་མེད། །བྱས་པའི་ཚེ་ན་འབུད་པ་ཙམ། །ལྷུར་བྱེད་པ་ནི་ཚར་བཅད་གནས། །ཡིན་ཏེ་ཁྱབ་པ་སྒྲུབ་པ་ཡི། །རིགས་པ་སྟོན་རྒྱུ་ཡིན་པ་ལ། །ཀྱེར་འབུད་ཙམ་ཞིག་བྱས་པ་ན། །དངོས་སྐྱོན་འཕེན་རྒྱུ་མེད་པ་ནི། །རྟགས་ཆོས་ཐ་མི་དད་པ་དང༌། །ཐུན་མོང་མིན་པའི་མ་ངེས་དང༌། །ལྷག་ལྡན་འགའ་ལའང་ཡོད་ཕྱིར་རོ། །རྟགས་མ་གྲུབ་ཀྱི་ལན་བཏབ་པས། །དེ་མིན་པར་ནི་ཁས་བླངས་ཞེས། །རྒོལ་བ་གཉིས་ཀ་མཐུན་པ་ནི། །གཞུང་ལས་བཤད་པའི་ལོག་ཕྱོགས་ཏེ། །རྟགས་དང་ཆོས་ཅན་གཉིས་པོ་ཡི། །ངོ་བོ་སོ་སོར་མེད་པ་དང༌། །ཤེས་འདོད་མེད་དང་གཞི་རྟགས་ཀྱི། །འབྲེལ་ལ་ཐེ་ཚོམ་ཟ་ལའང༌། །རྟགས་མ་གྲུབ་ཀྱི་ལན་ཐེབས་ཕྱིར། །གཏན་ཚིགས་ཚད་གྲུབ་བྱེད་པའི་ཚེ། །དེ་དེ་ཡིན་པར་ཐལ་ཞེས་པ། །ཚར་བཅད་པ་ཡི་གནས་ཡིན་ཏེ། །ཐལ་འགྱུར་འཕེན་པ་སུན་འབྱིན་གྱི། །ཚུལ་ཡིན་སྒྲུབ་པའི་ཚུལ་མ་ཡིན། །དངོས་མ་ངེས་ཀྱི་སུན་འབྱིན་ལ། །འདོད་ལན་བཏབ་ཚེ་དེ་མིན་པར། །ཐལ་ཞེས་ཟེར་ལ་དེ་བཞིན་ཏེ། །འདོད་ལན་རྟགས་སུ་བཀོད་བྱས་ནས། །སུན་འབྱིན་བརྗོད་དགོས་ཡིན་ཕྱིར་རོ། །ཁྱབ་པ་ཡོད་མེད་དངོས་ཀྱི་སྐྱོན། །འཕེན་རྒྱུ་ཡོད་མེད་ལ་བྱེད་དང༌། །རྟགས་གྲུབ་མ་གྲུབ་སྒྲུབ་ནུས་དང༌། །སྒྲུབ་མི་ནུས་ལ་བྱེད་ཟེར་དང༌། །བསལ་བའི་གོ་བ་མ་ཤར་བས། །ཐལ་ཆོས་ཉིད་ལ་འཆད་པ་དང༌། །ཆོས་ཅན་ལ་ནི་རྩོད་གཞི་དང༌། །ཤེས་འདོད་ཆོས་ཅན་གཉིས་ལས་མེད། །གང་ཡང་མིན་པར་ཤེས་བྱ་རྩམ། །ཟེར་དང་ཁྱོད་ཅེས་བྱ་ལ་སོགས། །ཟེར་རྒྱུས་ཕོངས་པའི་ངལ་བ་ཡིས། །གཞུང་ལུགས་འགྲིབ་པ་མ་ཚོར་རམ། །རྟགས་བསལ་ཁྱབ་པ་རྣམ་གསུམ་པོ། །འཁོར་གསུམ་ཡིན་ཞེས་ཟེར་བ་དང༌། །གསུམ་པོ་གང་ལ་ལན་བཏབ་ཀྱང༌། །དངོས་འགལ་སོང་བ་རྒྱལ་བའི་ཚད། །ཡིན་ཞེས་ཟེར་ལ་ཁ་འཆམ་མོད། །འདི་འདྲ་རིགས་པའི་གཞུང་ན་མེད། །ཆོས་ཅན་སྟེང་དུ་རྟགས་ཁས་བླངས། །ཁྱབ་པ་ཚད་གྲུབ་ཐལ་ཆོས་ལ། །ཁས་བླངས་པ་དང་ཚད་མ་ཡིས། །བསལ་བ་སྟོན་རྒྱུ་བྱུང་བའི་ཚེ། །འཁོར་གསུམ་ཚང་བའི་བརྡ་འཆད་མཛད། །དེ་ལས་ལོག་རྟོགས་ལྡོག་པའམ། །བསྒྲུབ་བྱ་ངེས་པའི་ཚད་མ་སྐྱེས། །དེ་ལ་རྒྱལ་ཕམ་ཚད་དུ་འཇོག །ལ་ལས་བུམ་པ་རྟག་པ་དང༌། །མི་རྟག་གཉིས་ཀར་ཁས་བླངས་དང༌། །གཉིས་མིན་པར་ཡང་ཁས་བླངས་པ། །དེ་ལ་དངོས་འགལ་བུད་ཙམ་གྱིས། །རྒྱལ་དང་ཕམ་པར་མི་འགྱུར་ཏེ། །རྩ་བའི་དམ་བཅའ་མ་ཉམས་ཤིང༌། །སྤོབས་པ་བཅོམ་པར་མ་བྱས་ཏེ། །ཕྱོགས་གཅིག་སྒྲུབ་པར་མ་བྱས་ཤིང༌། །གཅིག་ཤོས་ཉམས་པར་མ་བྱས་ཕྱིར། །གཞན་ཡང་སྒྲུབ་དང་སུན་འབྱིན་པ། །རྒོལ་བ་གང་གི་བྱེད་ལས་ཡིན། །རྒོལ་བ་གང་ལ་ནམ་གྱི་ཚེ། །བཀོད་པས་རྟགས་དང་སྒྲུབ་ངག་དང༌། །བསྒྲུབ་བྱར་སོང་བའི་དུས་གང་ཞེས། །དྲིས་ན་དེང་སང་རྟོག་གེ་བ། །ཀུན་ལ་འཆད་རྒྱུ་ཡོད་མིན་ཀྱང༌། །ཐལ་ཕྱིར་སྐད་གཟེངས་མཐོ་བ་དང༌། །རྐང་ལག་སྡབས་པའི་སྒྲ་སྐད་ཀྱིས། །སྟོན་པ་བཟང་བར་ཁས་ལེན་པ། །དུས་དང་བློ་གྲོས་གྲོན་དུ་སོང༌། །དེར་སོང་ཙམ་གྱིས་སྡིག་པོ་ཆེ། །སྐྱེད་པར་བྱེད་པ་མ་ཡིན་ཀྱང༌། །གསུང་རབ་ཀུན་ལ་བལྟ་བའི་མིག །ཕྱོགས་གླང་གྲགས་པའི་ལུགས་བཟང་པོ། །ཉམས་པར་བྱས་པས་སྡིག་པ་ལྕི། །བསྟན་ལ་མ་ཞུགས་སྐྱེ་བོས་ནི། །བསྟན་པ་འཇིག་པར་ནུས་མ་ཡིན། །གཞུང་ལུགས་འཛིན་པར་ཁས་བླངས་ནས། །དེ་ཉམས་བྱེད་པའི་ལུང་རིགས་ལ། །ནན་ལྟར་ལྷུར་བྱེད་ཀློག་པ་པ། །རྣམས་ཀྱིས་སླར་ཡང་བག་ཡོད་བྱོས། །ཞེས་ཆོས་ལ་འཁྲུལ་པ་སེལ་བའི་གཏམ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་ལས། སྒྲུབ་པ་དང་སུན་འབྱིན་གྱི་ཚུལ་ལ་བྱིས་པས་ལོག་པར་རྟོག་པ་སེལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། ༄། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས། །འདུལ་བར་གཏོགས་པའི་མཛད་པ་ནི། །བརྡ་ཙམ་གྱིས་ཀྱང་ཕན་ཐོགས་མོད། །སེལ་ནུས་འཁྲུལ་པ་བསལ་བར་བྱ། །གཞི་གསུམ་ཞེས་པ་འདུལ་བ་ཡི། །བསླབ་པའི་གནས་རྣམས་ཀུན་གྱི་གཞི། །དབྱར་གནས་པ་ལས་དགག་དབྱེ་སོགས། །ཡོན་ཏན་རྒྱ་ཆེ་གཏིང་ཟབ་འབྱུང༌། །ཁྱད་པར་དགག་དབྱེའི་མཛད་པ་ལས། །གསོ་སྦྱོང་བྱས་པའི་གོ་ཆོད་པ། །གཅིག་པུར་མ་ཟད་ཕྱིར་བཅོས་ཀྱི། །སྐབས་ནས་འབྱུང་བའི་ཉེས་པ་ཀུན། །སེལ་ཞིང་ཡོན་ཏན་ཇི་སྙེད་འབྱུང༌། །དགག་དབྱེ་སྤྲོ་བཞིན་མ་གྲུབ་ན། །དགེ་འདུན་དབེན་གྱི་ཉེས་པ་དང༌། །ལྟུང་ཕྱིར་སོགས་ཀྱི་རྩོད་འཕེལ་ཞིང༌། །སྤྲོ་བཞིན་བཤགས་པའི་ཕྱིར་བཅོས་དང༌། །ནན་ཏུར་འཆགས་པར་མི་འགྱུར་ཞིང༌། །དེ་ཆགས་པ་ལས་འབྱུང་བ་ཡི། །ཡོན་ཏན་རྣམས་ཀྱང་འབྱུང་མི་འགྱུར། །རྒྱུ་མེད་འབྲས་བུ་མི་འབྱུང་ཕྱིར། །དབྱར་མེད་དགག་དབྱེ་ག་ལ་འབྱུང༌། །ཕྱི་དུས་གངས་ཅན་ལྗོངས་འདི་ན། །ཆར་ཆུ་ཆེ་བའི་དུས་ཡོལ་ནས། །དབྱར་གནས་ཁས་བླངས་བྱས་པའི་ཚེ། །དགག་དབྱེ་དགུན་གྱིས་དཀྱིལ་དུ་འབྱུང༌། །དབྱར་ཟླ་འབྲིང་པོའི་ཐ་སྙད་ལ། །ལུང་ཁུངས་འཆོལ་བ་ཡོད་སྲིད་ཀྱང༌། །རས་ཆེན་ཚོལ་དང་འཇོག་དུས་དང༌། །ལྷ་བབས་དུས་དང་འཁྲུ་དུས་སོགས། །དུས་ཀྱི་ཁྱད་པར་མ་མཐུན་ཞིང༌། །མཁས་པའི་གཙུག་རྒྱན་དབྱིག་གཉེན་གྱིས། །དབྱར་ཉི་ལྡོག་དུས་གསུངས་དང་འགལ། །རང་གི་ཚུལ་ཁྲིམས་མཆོག་འཛིན་ཞིང༌། །གཞན་ལ་ཁྱད་བསོད་བྱེད་པ་དག །རྟག་ཏུ་ཉིན་ཞག་བཞི་བཅུ་ལྔར། །དབྱར་གྱི་ཁས་ལེན་ངེས་པ་ཅན། །ཕྱི་མའི་དབྱར་གྱིས་ཐ་སྙད་ནི། །ནམ་ཡང་ཡོད་མ་ཡིན་པ་བྱེད། །ཉིན་ཞག་བཞི་བཅུ་ཞེ་ལྔ་ཡི། །དབྱར་གནས་སངས་རྒྱས་ཀྱིས་མ་གསུངས། །དེ་འདྲའི་ཁས་ལེན་འཆགས་མི་འགྱུར། །དེ་མ་ཆགས་ན་དེ་ཡི་ནི། །ཕན་ཡོན་རྣམ་བཅུ་ག་ལ་སྲིད། །ཉ་དང་སྟོང་གི་གསོ་སྦྱོང་ལ། །དུས་ཀྱི་དཔྱད་པ་ཞིབ་མོར་གསུངས། །རྒྱུ་སྐར་མཁན་གྱི་ཚེས་ལས་ཀྱང༌། །ཉིན་ཞག་གཅིག་གི་སྔ་བ་ནི། །དུས་རྣམས་རྟག་ཏུ་བྱས་པའི་ཕྱིར། །ཉ་ཤིའི་གསོ་སྦྱོང་འཆགས་མི་འགྱུར། །གསོ་སྦྱོང་བཅུ་བཞི་པ་ཞེས་པ། །གནམ་སྟོང་ཚེ་ན་མི་ཆགས་པ། །ཉི་ཤུ་དགུ་ལ་བྱེད་ཅེས་ཟེར། །འདི་འདྲ་ཐོས་ཀྱང་རྣ་བ་འགེབས། །ཞག་བདུན་དབྱར་གྱི་བྱིན་བརླབས་དང༌། །བཞི་བཅུའི་གནང་བ་སྟེར་བ་དང༌། །བྱིན་གྱིས་བརླབ་པའི་ཁྱད་པར་ལ། །བག་མེད་གྱུར་པ་དེ་སྤོངས་ཤིག །ཅེས་འདུལ་བ་གཞི་གསུམ་གྱི་ཆོ་ག་ལ་ལོག་པར་སྨྲ་བ་སེལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །། ༄། །རྩོད་པའི་དུས་འདིར་སངས་རྒྱས་ཀྱི། །ཆོས་ལ་ཞུགས་པ་ཤིན་ཏུ་དཀོན། །ཞུགས་པ་བས་ཀྱང་མཁས་པ་དང༌། །མཁས་པ་རྣམས་དཔྱོད་ལྡན་པ་དང༌། །དཔྱོད་ལྡན་རིགས་པ་ཤེས་པ་དང༌། །རིགས་པ་ལུང་གི་རྗེས་འགྲོ་བར། །སྦྱངས་པ་དེ་དག་ཤིན་ཏུ་དཀོན། །ལུང་རིགས་སྨྲ་བ་བསྟན་པའི་མཚོར། །རྙོག་པ་ཆར་བཞིན་བབ་པ་ལ། །བཟོད་ན་བསྟན་ལ་གུས་མ་འགྱུར། །དེས་ན་སངས་རྒྱས་བསྟན་པ་ལ། །གུས་དང་སྟོན་ལ་དད་གྱུར་ན། །འཆད་རྩོད་རྩོམ་པས་བསྟན་པ་ཡི། །དྲི་མ་རིགས་པའི་ཆུ་ཡིས་ཁྲུས། །ཡིད་ཆེས་ལུང་གིས་བྱི་དོར་བྱོས། །དེ་ལྟར་བསྟན་དང་སྟོན་པ་ལ། །ཕན་བཏགས་ལན་དུ་ལྡོན་བྱེད་པ། །དེ་ལ་འཇིག་རྟེན་སྐྱོང་པ་བཞིས། །དུས་རྣམས་ཀུན་ཏུ་བསྲུང་ཞིང་སྐྱོབ། །ཅེས་ཆོས་ལ་འཁྲུལ་པ་སེལ་བའི་གཏམ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་ནི། སེམས་དཔའ་བྲག་དཀར་བ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་གསོལ་བ་བཏབ་པའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ། །ཤུ་བྷཾ།། །། ༄༅། །སྔགས་ལ་འཇུག་པའི་མུན་པ་སེལ་བར་བྱེད་པའི་ཆོས་ཀྱི་སྒྲོན་མེ་གཞུང་ཚན་བཅུ་བདུན་པ་ཞེས་བྱ་བ་བཞུགས་སོ།། ༄། །ཨོཾ་སྭསྟི། རྡོ་རྗེ་འཆང་ལ་ཕྱག་བགྱིས་ནས། །སྔགས་ཀྱི་དབུ་མ་ཞེས་བྱ་བ། །ལོགས་ན་ཡོད་པ་མིན་ནོ་ཞེས། །ལོག་པར་བསམ་པ་དེ་བསལ་བྱ། །སྔགས་ཀྱི་དབུ་མ་ཞེས་བྱ་བ། །ལོགས་སུ་བཤད་པར་ནུས་མིན་ན། །སྔགས་ཀྱི་ཐེག་པ་ཞེས་བྱ་བ། །ལོགས་སུ་བཤད་ནུས་མིན་པར་མཚུངས། །ཅི་ཕྱིར་ཞེ་ན་ཐེག་པ་ཡི། །གོང་འོག་ཁྱད་པར་ལྟ་བ་དང༌། །ཐབས་མཁས་ཟབ་དང་རྒྱ་ཆེ་དང༌། །དེ་ལས་གཞན་པ་ཉིད་ཀྱིས་འབྱེད། །ལྟ་བའི་འཆད་ཚུལ་རྣམ་གཉིས་ཏེ། །ཐོས་བསམ་རིགས་པས་སྒྲོ་འདོགས་པ། །བཅད་པ་ལས་བྱུང་ཤེས་རབ་དང༌། །གོམས་པ་ལས་བྱུང་ཡེ་ཤེས་སོ། །སྒྲོ་འདོགས་གཅོད་ཚུལ་རྣམ་གཉིས་ཏེ། །ཕར་ཕྱིན་ཐེག་པའི་རིགས་པ་དང༌། །སྔགས་ཀྱི་ཐབས་མཁས་ཁྱད་པར་ལས། །བྱུང་བའི་རང་བྱུང་ཡེ་ཤེས་སོ། །སྔ་མ་དེ་ལའང་རྣམ་གཉིས་ཏེ། །ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་ལས། །གསུངས་དང་བྱམས་ཆོས་རྗེས་འབྲང་དང༌། །བཅས་པ་དག་ལས་བྱུང་བའོ། །སྔ་མ་ཤེས་རབ་ཕ་རོལ་ཕྱིན། །ཇི་བཞིན་སྒྲ་ཡིས་བཤད་པ་དང༌། །ཕྱི་མ་ཇི་བཞིན་མིན་པའི་སྒྲས། །ཕ་རོལ་ཕྱིན་གཞུང་བཤད་པའོ། །ལུགས་དང་པོར་ནི་ཐོས་བསམ་གྱི། །རིགས་པས་སྒྲོ་འདོགས་གང་བཅད་པ། །དེ་ཉིད་ཉམས་སུ་མྱོང་བྱ་སྟེ། །ངོ་བོ་ཉིད་མེད་སྨྲ་རྣམས་བཞེད། །ལུགས་ཕྱི་མར་ནི་ཐོས་བསམ་དང༌། །ཉམས་སུ་མྱོང་བྱ་མི་མཚུངས་ཏེ། །ཡུལ་ཅན་ཤེས་རབ་རྟོག་པ་དང༌། །རྟོག་མེད་ཉིད་ཀྱིས་འབྱེད་ཕྱིར་རོ། །ངོ་བོ་ཉིད་མེད་སྨྲ་བ་ནི། །རིགས་པས་དཔྱད་ཚེ་ཐོས་བསམ་དང༌། །གོམས་བྱའི་ཡུལ་དུ་མ་དམིགས་པ། །ཙམ་ལ་མི་མཐུན་མེད་པར་བཞེད། །ཕར་ཕྱིན་ཐེག་པས་འཚང་རྒྱ་བ། །ཉིད་ལ་ལྟ་བ་འདི་ཙམ་གྱིས། །ཆོག་པར་ངོ་བོ་ཉིད་མེད་དུ། །སྨྲ་བའི་གཞུང་རྣམས་ཕལ་ཆེར་མཐུན། །བྱམས་པའི་ཆོས་ལས་གཟུང་འཛིན་གྱི། །ཆོས་རྣམས་སྟོང་པར་རྟོགས་རྗེས་སུ། །གཉིས་མེད་ཡེ་ཤེས་དེ་ཁོ་ན། །རྟོགས་བྱར་བཞེད་པས་སྔགས་དང་མཐུན། །དེ་ལ་ཁ་ཅིག་འདི་སྙམ་དུ། །ལུགས་འདིར་ཆོས་ཀུན་བདེན་མེད་དུ། །རིགས་པས་གཏན་ལ་མ་ཕབ་ཕྱིར། །སྔགས་དང་མཐུན་པ་མེད་ཅེས་ཟེར། །སྔགས་གཞུང་ཐུན་མོང་མིན་དག་ན། །ལྟ་བས་ཉམས་སུ་མྱོང་བྱ་བ། །བྱམས་པའི་གཞུང་དང་མི་མཐུན་པར། །བཤད་པ་འགའ་ཡང་ཡོད་མ་ཡིན། །གཟུང་འཛིན་ཀུན་བཏགས་རང་སྟོང་དུ། །གཏན་ལ་ཕེབས་པ་དེ་ཉིད་ཀྱིས། །རྣམ་རྟོག་མ་ལུས་ཁེགས་པའི་ཕྱིར། །རིགས་པ་གཞན་བསམ་དགོས་མིན་ནོ། །དེ་ཕྱིར་ཕ་རོལ་ཕྱིན་པ་ཡི། །གཞུང་ལུགས་ཀུན་ནས་དོན་དམ་པ། །དཔྱོད་ཕྱིར་རིགས་པ་ལས་གཞན་དུ། །ལྟ་བ་རྟོགས་པའི་ཐབས་མི་འཆད། །རིགས་པ་དེ་ལ་རང་གཞན་གྱིས། །སྟོང་ཚུལ་རྣམ་པ་གཉིས་བཤད་མོད། །གཉིས་ཀ་ཡང་ནི་དབུ་མ་ཡི། །གཞུང་དུ་ལུང་བསྟན་མཛད་པར་མཚུངས། །དེ་ལྟར་དེ་བཤད་པ་ལས་ནི། །བྱུང་བའི་དགེ་བས་རང་བྱུང་གི །ཤེས་དང་ཤེས་བྱའི་གནས་ཀུན་ལ། །རབ་མཁས་མཁས་པའི་གནས་ཐོབ་ཤོག། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། དེ་ལྟར་ཕར་ཕྱིན་ཐེག་པ་ཡི། །དབུ་མའི་ཚུལ་གཉིས་ཤེས་གྱུར་ནས། །དེ་ནས་སྔགས་ཀྱི་ཐེག་པ་ཡི། །དབུ་མའི་ཚུལ་ལུགས་འདིར་བཤད་བྱ། །དེ་ལ་རྣམ་བཞག་དངོས་དང་ནི། །རྩོད་པ་སྤང་ཚུལ་གཉིས་ཀྱིས་འཆད། །དངོས་ལ་ལྟ་བ་གང་ཡིན་དང༌། །དེ་རྟོགས་པ་ཡི་ཐབས་མཁས་སོ། །ལྟ་བ་བདེ་སྟོང་ཟུང་འཇུག་གི །ཡེ་ཤེས་ཉིད་ཅེས་འཆད་མོད་ཀྱང༌། །དེ་ཡི་ངོས་འཛིན་འཆད་པ་ན། །གཞན་དག་གཞན་དུ་འཆད་འདི་ལྟར། །བདེ་བ་བདེན་པས་སྟོང་ཞེས་དང༌། །ཡུལ་ཅན་བདེ་བ་ཆེན་པོ་དང༌། །ཡུལ་གྱི་སྟོང་ཉིད་སྦྱོར་ཞེས་དང༌། །སྦྱོར་ཚུལ་གཟུང་འཛིན་རྒྱང་ཆད་དུ། །སྣང་བ་མེད་ཕྱིར་ཆུ་ལ་ནི། །ཆུ་བཞག་བཞིན་དུ་སྦྱོར་ཞེས་ཟེར། །འདི་འདྲ་ཕྱིས་འབྱུང་གཏམ་ཡིན་ཕྱིར། །རྒན་པོའི་ལུགས་འཛིན་རྣམས་ཀྱིས་སྤངས། །ཡུལ་ཅན་རང་བྱུང་ཡེ་ཤེས་ཀྱིས། །ཡུལ་ཡང་དེ་ཉིད་རྟོགས་པ་ལ། །གཉིས་མེད་དང་ནི་ཟུང་འཇུག་དང༌། །རང་རིག་པ་ཡི་དག་པ་ཞེས། །འཆད་ཀྱི་མྱོང་བྱའི་སྟོང་པ་ཉིད། །མེད་དགག་ཉིད་ལ་བཤད་པ་མེད། །ལྟ་བ་དེ་ལའང་རྗེས་མཐུན་དང༌། །མཚན་ཉིད་ཚང་བ་གཉིས་བཤད་ནས། །དེ་ལ་ལྟ་དང་གྲུབ་མཐའ་དང༌། །མཚོན་བྱེད་དཔེ་དང་མཚོན་དོན་ཞེས། །འཆད་དོ་དེ་ཡང་ཐོས་བསམ་དང༌། །བསྒོམ་བྱུང་རྟོག་པའི་བློ་དག་ནི། །ལྟ་བར་སྔགས་ནས་གསུངས་པ་མེད། །དེས་ན་རྗེས་མཐུན་ལྟ་བ་ཡང༌། །རྟོག་བྲལ་མ་འཁྲུལ་བའི་རིག་པར། །འཆད་མོད་ཇི་སྲིད་མཐོང་བའི་ལམ། །མངོན་དུ་མ་བྱས་དེ་སྲིད་དུ། །གྲུབ་པའི་མཐའ་དང་མཚོན་དོན་གྱི། །ཡེ་ཤེས་ཉིད་དུ་བཤད་པ་མེད། །ལྟ་བའི་ངོས་འཛིན་འདི་ལྟ་བུ། །བྱམས་ཆོས་ཕྱི་མའི་གཞུང་དག་ནའང༌། །ཡོད་ཕྱིར་སྔགས་ཀྱི་དབུ་མ་ཞེས། །ལོགས་སུ་འཆད་པ་མི་འཐད་དོ། །སྙམ་དུ་དོགས་ན་རྒྱས་བཤད་པ། །སྔགས་ཀྱི་དབུ་མའི་ལྟ་བ་ནི། །བདེ་དང་སྟོང་པ་ཟུང་འཇུག་གི །ཡེ་ཤེས་ཉིད་ལ་བཤད་པའི་ཕྱིར། །ཕ་རོལ་ཕྱིན་པར་འདི་མི་འཆད། །ཟུང་འཇུག་དེ་ལ་གཞི་ལམ་དང༌། །འབྲས་བུའི་དབྱེ་བས་གསུམ་བཤད་པ། །དེ་ལས་གཞི་ཡི་ཟུང་འཇུག་གི །ཐ་སྙད་མེད་ཀྱང་དོན་ཙམ་ཞིག །ཕ་རོལ་ཕྱིན་ལའང་ཡོད་དོ་ཞེས། །འཆད་ནའང་འགལ་བ་ཡོད་མིན་ཏེ། །སྔགས་སུ་ལྷན་སྐྱེས་ཡེ་ཤེས་ལ། །བདེ་བར་བཤད་དང་དོན་མཐུན་ཕྱིར། །དེ་བཞིན་དེ་ལ་སངས་རྒྱས་ཀྱི། །ཡེ་ཤེས་ཞེས་ཀྱང་ཀུན་ནས་བཤད། །སྟོང་པའི་ངོས་འཛིན་ཡེ་ཤེས་ལ། །འཆད་པ་ངོ་བོ་ཉིད་མེད་དུ། །སྨྲ་བའི་ལུགས་ལ་ཡོད་མ་ཡིན། །དེ་ཕྱིར་རྣམ་རྫུན་དབུ་མ་ནས། །སྔགས་ཀྱི་དབུ་མར་འཇུག་པ་བདེ། །དེ་ལྟ་བས་ན་རྣལ་འབྱོར་གྱི། །དབང་ཕྱུག་རྣམ་རྫུན་ལྟ་བ་ནས། །རྗེ་བཙུན་རྡོ་རྗེ་བདག་མེད་མས། །སྔགས་ཀྱི་དབུ་མར་འཇུག་པ་མཛད། །ལམ་འབྲས་བདེ་སྟོང་ཟུང་འཇུག་གི །རྒྱུ་དང་རང་བཞིན་བྱེད་ལས་གསུམ། །ཕར་ཕྱིན་ཐེག་པར་འབྱུང་མི་སྲིད། །རྒྱུ་ནི་སྔགས་ཀྱི་ཐབས་ཟབ་མོ། །རང་བཞིན་བདེ་བ་ཆེན་པོ་དང༌། །བྱེད་ལས་འཕོ་བའི་ཆགས་སྤོང་བ། །དབུ་མ་གཞན་ལས་འདི་མ་བཤད། །ལམ་གྱི་བདེ་སྟོང་ཟུང་འཇུག་ལ། །དཔེ་དོན་དབྱེ་བ་གཉིས་འཆད་པ། །དེ་ཚེ་དཔེ་ཡི་ཡེ་ཤེས་ནི། །གང་ཕྱིར་འབྱུང་བ་ཆེ་བདེ་བ། །ཞེས་སོགས་སྐབས་ནས་བསྟན་པ་ཡི། །ཚོར་བ་བདེ་བ་ཉིད་ཡིན་ཕྱིར། །སྔགས་ཀྱི་ལྟ་བ་དངོས་མིན་ཀྱང༌། །འདི་མེད་དོན་གྱི་ཡེ་ཤེས་ལ། །འཇུག་པ་ཤིན་ཏུ་དཀའ་བས་ན། །སྔགས་ཀྱི་ཐུན་མོང་མིན་པ་ཡི། །ཐབས་ཀྱི་ཐོག་མར་འདི་བསྒྲུབ་བྱ། །ལམ་གྱི་བདེ་སྟོང་ཟུང་འཇུག་དངོས། །འགྱུར་མེད་བདེ་ཆེན་རྙེད་པ་ནས། །ཡིན་ཕྱིར་ས་ཐོབ་དགོས་མོད་ཀྱང༌། །ཞིབ་ཏུ་ཕྱེ་ན་ས་ཐོབ་ལ། །ལས་རླུང་སྟོང་དང་བརྒྱད་བརྒྱ་པ། །ཕྲག་གཅིག་འགག་དགོས་ཡིན་པའི་ཕྱིར། །འགྱུར་མེད་བདེ་ཆེན་སྟོང་དང་ནི། །བརྒྱད་བརྒྱ་ཕྲག་གཅིག་བརྙེས་པ་དགོས། །དེ་ཕྱིར་འགྱུར་མེད་བདེ་བ་ཆེ། །བརྒྱ་ཕྲག་གཅིག་ཙམ་ཐོབ་པ་ནས། །ཚེས་ཀྱི་ཟླ་བ་ཇི་བཞིན་དུ། །དོན་གྱི་ཡེ་ཤེས་རིམ་གྱི་འཕེལ། །གནས་སྐབས་དེ་ནི་བསྒོམ་བྱུང་གི །ཡེ་ཤེས་མེད་ན་མི་འབྱུང་ཕྱིར། །སྦྱོར་བའི་ལམ་དུ་ཤེས་པར་བྱ། །གཉིས་པ་སྔགས་ཀྱི་དབུ་མ་དེ། །རྟོགས་པའི་ཐབས་ཟབ་གང་ཞེ་ན། །བླ་མེད་ཐེག་པའི་དབང་བྱས་ཚེ། །དབང་བཞི་པོ་དང་དེ་སྔོན་དུ། །སོང་བའི་ལུས་ཀྱི་བྱེད་བཅིངས་དང༌། །ལམ་ཟབ་བླ་མའི་རྣལ་འབྱོར་དང༌། །རང་བྱིན་བརླབས་པའི་རིམ་པ་དང༌། །གཞན་རྐྱེན་ལས་དང་ཡེ་ཤེས་དང༌། །ཕྱག་རྒྱ་ཆེན་མོའི་རིམ་པ་ཡིས། །བསྒྲུབ་བྱ་དབང་པོའི་རིམ་པ་ཡིས། །མྱུར་བུལ་རིམ་བཞིན་རྟོགས་བྱ་བ། །ཡིན་མོད་དབང་ལ་མ་ལྟོས་པར། །ལྟ་བ་འདི་ཡོད་མ་ཡིན་ནོ། །ཐབས་ལམ་དེ་དག་སོ་སོ་ཡི། །བྱེད་པས་དཔེ་ཡི་ཡེ་ཤེས་ནི། །ཐོག་མར་སྐྱེས་པ་དེ་དག་ཀྱང༌། །ཤེས་ཏེ་མི་ཉམས་འཕེལ་བྱའི་ཕྱིར། །རྗེས་ཐོབ་དུས་སུ་ཕར་ཕྱིན་གྱི། །དབུ་མའི་རིགས་པས་བརྟག་དཔྱད་ནས། །ཉམས་སུ་ལེན་པའི་ཐབས་དག་ནི། །ལམ་འབྲས་ཆོས་སུ་གསལ་བར་གསུངས། །དེ་ཚེ་རྟོག་དཔྱོད་མཁན་པོ་ནི། །རྟོག་པ་ཡུལ་དང་བཅས་ཉིད་ཕྱིར། །ལྟ་བའི་ཡེ་ཤེས་དངོས་མིན་ཀྱང༌། །གཟུང་འཛིན་རྟོག་པ་འགོག་བྱེད་པའི། །ཐབས་སུ་རིགས་པར་གསུངས་པ་ཡིན། །རིགས་པ་དེ་ལས་བརྗོད་བྲལ་གྱི། །ཡེ་ཤེས་མངོན་དུ་གྱུར་པ་ན། །བདག་ཏུ་ལྟ་བ་ལ་སོགས་པའི། །གཟུང་འཛིན་ཞེན་པ་ཀུན་ཁེགས་ཕྱིར། །དོན་གྱི་ཡེ་ཤེས་སྐྱེ་བ་ལ། །གེགས་བྱེད་ཡོད་པ་མ་ཡིན་ནོ། །དེ་སྦྱར་བ་ལས་གང་སྐྱེས་པའི། །རྣམ་དཀར་བཅུ་དྲུག་ཆ་ཤས་ཅན། །མར་ངོར་གྱུར་པ་མེད་དུས་དེར། །རྫོགས་སངས་རྒྱས་བློའི་ཡར་ངོར་བྱོན།། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །སྔགས་ཀྱི་དབུ་མ་ལོགས་ཤིག་ཏུ། །བཤད་ལ་རྩོད་པ་སྤང་པ་ནི། །ལེགས་པར་ཤེས་ནས་བརྟག་པར་བྱ། །དེ་ལ་རྣམ་གཉིས་རྒོལ་བ་དང༌། །ལན་གྱི་རིམ་པ་དེ་བཤད་པ། །རྒོལ་བ་སྔ་ཕྱི་ཇི་སྙེད་པ། །སྔགས་དང་ཕ་རོལ་ཕྱིན་པ་ཡི། །ལྟ་བ་གཅིག་པར་མི་འཆད་ན། །དོན་གཅིག་ན་ཡང་མ་རྨོངས་དང༌། །ཞེས་སོགས་ཀུན་གྱི་འདོད་པ་འགལ། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་བཅས་ཉིད་འགྱུར་ཞེས། །རང་གི་གཞུང་དུ་འདོན་དང་འགལ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ། །དེས་མཛད་རྒྱ་གཞུང་ཚད་ལྡན་དུ། །ཨ་ཏི་ཤ་ཡིས་མཛད་དེ་ན། །སྔགས་ལ་རབ་ཏུ་མི་གནས་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་བཅས་སློབ་དཔོན་རྨོངས། །ཞེས་སོགས་བཤད་དང་འགལ་ཞེས་ཟེར། །ལན་ལ་ཐུན་མོང་གནོད་བྱེད་དང༌། །ཐུན་མོང་མིན་པའི་སྒྲུབ་བྱེད་དང༌། །སོ་སོའི་གཞུང་དོན་དེ་བཤད་པའོ། །འོ་ན་རྟོགས་བྱེད་ཤེས་རབ་དང༌། །རྟོགས་བྱའི་ཡུལ་ཡང་གཅིག་གོ་ཞེས། །འཆད་ན་དེ་དག་སོ་སོ་ཡི། །ངོས་འཛིན་གང་དང་གང་ཡིན་འདྲི། །ཡུལ་ཅན་སྤྲོས་བྲལ་རྟོགས་བློ་དང༌། །ཡུལ་ནི་སྤྲོས་བྲལ་ལ་འཆད་ན། །ཡུལ་དང་ཡུལ་ཅན་མཚན་ཉིད་པ། །ཡིན་ནམ་བཏགས་པ་བར་ཆད་བྱེད། །ཕ་རོལ་ཕྱིན་ན་དེ་ལྟ་བུའི། །ཡུལ་དང་ཡུལ་ཅན་མཚན་ཉིད་པར། །བཤད་པ་ཆ་ཤས་ཙམ་ཡང་མེད། །སྔགས་སུ་ལྟ་དང་ལྟ་ཡུལ་ནི། །རང་གིས་རང་རིག་དངོས་སུ་འཆད། །ལུང་དེར་མ་ཟད་རིགས་པ་ཡང༌། །མེད་པར་དགག་པའི་ཡུལ་ཅན་ནི། །རྟོག་པ་ཉིད་ལས་མ་འདས་ཕྱིར། །སྔགས་སུ་ལྟ་ཅི་ཕར་ཕྱིན་དུའང༌། །རྣམ་པར་བྱང་བའི་རྟོག་པ་ནི། །སྤང་བྱ་ཉིད་དུ་བྱམས་པས་བཤད། །ལྷག་མཐོང་ངོས་འཛིན་སོར་རྟོག་གི །ཤེས་རབ་ཉིད་ལ་བཤད་དོ་ཞེས། །ཕྱིས་བྱོན་གཏམ་ལས་བྱུང་མོད་ཀྱང༌། །ཐོས་བསམ་ཤེས་རབ་ལྷག་མཐོང་གི །ངོས་འཛིན་དངོས་སུ་བཤད་མི་རུང༌། །ཐུན་མོང་མིན་པའི་སྒྲུབ་བྱེད་ནི། །ཐལ་རང་གཞུང་དུ་ལྟ་བའི་ཚེ། །རང་རིག་ཡེ་ཤེས་ལན་བརྒྱར་བཀག །སྔགས་སུ་ལྟ་ཚེ་དེ་བཀག་ན། །ལམ་གྱི་གཞུང་ཤིང་ཀུན་ཉམས་སོ། །ཅི་ཕྱིར་ཞེ་ན་ཆོས་དབྱིངས་ཀྱི། །ཡེ་ཤེས་མ་གཏོགས་གསང་སྔགས་སུ། །ཉམས་སུ་བླང་བྱའི་ཆོས་གཞན་ནི། །ཅི་ཡང་གསུངས་པ་མེད་ཕྱིར་རོ། །གསུམ་པ་སོ་སོའི་དོན་བཤད་པ། །ཚུལ་གསུམ་སྒྲོན་མའི་ལུང་དོན་ནི། །འཁོར་ལོ་གསུམ་པར་གང་བཤད་པའི། །ཕར་ཕྱིན་ལྟ་བའི་ཡུལ་ལ་དགོངས། །ཁ་ཅིག་དེར་བཤད་ལྟ་བ་ཡང༌། །མེད་པར་དགག་པ་ཁོ་ན་ཞེས། །ཟེར་དང་སེམས་ཙམ་གཞུང་ཡིན་ཞེས། །འཆད་པ་དངོས་སུ་འགལ་བ་སྟེ། །མེད་པར་དགག་ལ་དོན་དམ་དུ། །འཆད་པ་དངོས་སྨྲའི་གཞུང་ན་མེད། །ཐལ་རང་གཞུང་གི་སྟོང་པ་ཉིད། །མངོན་སུམ་དང་ནི་རྗེས་སུ་དཔག །སུས་ཀྱང་རྟོགས་པ་མེད་དོ་ཞེས། །ཨ་ཏི་ཤའི་གཞུང་ལས་འབྱུང༌། །སྔགས་ཀྱི་ལྟ་བའི་ཡུལ་གང་དེའང༌། །དེ་ལྟར་བཤད་ན་རྒྱུད་སྡེ་དང༌། །རྒྱ་གཞུང་ཀུན་དང་མི་འགལ་ལམ། །ས་ལོའི་བཤད་པ་རྗེས་ཐོབ་ཏུ། །སྤྲོས་པ་འགོག་པའི་རིགས་པ་ལ། །ཚུལ་གཉིས་ཁྱད་པར་མེད་དོ་ཞེས། །འཆད་པ་གཞུང་དེ་ཉིད་ན་གསལ། །ཅི་ཕྱིར་ཞེ་ན་གཞུང་དེར་ནི། །དེས་ན་བཤད་པས་གོ་བ་ཡི། །ཐོས་པའི་ལྟ་བ་གཅིག་ཉིད་ཡིན། །ཞེས་སོགས་གསུངས་ཀྱི་ཉམས་མྱོང་གི །ལྟ་ལ་ཁྱད་པར་མེད་བཤད་ན། །གོང་མའི་གཞུང་ལུགས་ཀུན་དང་འགལ། །ལམ་འབྲས་ཆོས་སུ་རིགས་པ་ཡིས། །དཔྱད་པའི་སྟོང་ཉིད་བསྒོམ་བྱུང་གི །ཉམས་སུ་མྱོང་བྱར་བྱས་གྱུར་ན། །དུག་ཅན་ལྟ་བ་ཡིན་པར་གསུངས། །སྤྲོས་པ་འགོག་པའི་རིགས་པ་ལ། །ཤིང་རྟའི་སྲོལ་ཆེན་གཉིས་བྱུང་བ། །བྱམས་པའི་ཆོས་ནས་གཟུང་འཛིན་གྱི། །སྤྲོས་པ་བཀག་ནས་གཉིས་མེད་ཀྱི། །ཡེ་ཤེས་མྱོང་བྱར་འཆད་པ་དང༌། །ཐལ་རང་གཞུང་དུ་ཆོས་ཐམས་ཅད། །རང་ཉིད་རང་གིས་སྟོང་བཤད་ནས། །བསྒོམ་དུས་མྱོང་བྱ་གཞན་མི་འཆད། །དེ་ཕྱིར་སྤྲོས་བྲལ་ངོས་འཛིན་ཡང༌། །ཆོས་དབྱིངས་ཡེ་ཤེས་ལ་འཆད་དང༌། །མེད་དགག་ནམ་མཁའ་ལྟ་བུ་ལ། །འཆད་པའི་སྲོལ་ཆེན་གཉིས་བྱུང་ངོ༌། །རྗེ་བཙུན་ས་སྐྱ་པ་རྣམས་ནི། །ཕར་ཕྱིན་ཐེག་པའི་བཤད་པ་ན། །དོན་དམ་བདེན་པ་བློ་ཡི་ནི། །ཡུལ་ལས་འདས་ཞེས་ལན་བརྒྱར་འཆད། །རྡོ་རྗེ་ཐེག་པའི་བཤད་པ་ན། །དོན་དམ་བདེན་པ་རང་རིག་པའི། །ཡེ་ཤེས་ཉིད་ཀྱི་མྱོང་བྱར་འཆད། །གཞན་གཏམ་དབྱངས་སུ་བླང་མི་བྱ། །ཡེ་ཤེས་རྡོ་རྗེའི་བཤད་པ་ཡང༌། །སྤྲོས་པ་འགོག་པའི་རིགས་པ་ནི། །དབུ་མ་ལས་ལྷག་གསང་སྔགས་ན། །མེད་ཅེས་འཆད་པ་ཁོ་ན་སྟེ། །དབུ་མའི་ཚུལ་གཉིས་མ་གཏོགས་པའི། །སྤྲོས་འགོག་རིགས་པ་གཞན་མེད་ཀྱང༌། །ཐབས་མཁས་ཁྱད་པར་གཞན་ཞིག་གིས། །ལྟ་བ་རྟོགས་ཞེས་གཞུང་དེར་བཤད། །མངའ་བདག་རྒྱལ་སྲས་མཻ་ཏྲི་པས། །ཐལ་རང་གཞུང་གི་དབུ་མ་ལ། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མ་འབྲིང་པོ་ཡིན་ཞེས་གསུངས། །དེ་ཡི་ཤུགས་ལ་དེས་བརྒྱན་པའི། །ལྟ་བ་དབུ་མ་ཆེན་པོར་གྲུབ། །དེ་སྐད་འདི་ནི་ཕྱི་རབས་པའི། །གསང་སྔགས་པ་ཀུན་ལྟ་བའི་ཚེ། །གཞན་ཟེར་ཁོ་ན་དབྱངས་སུ་ནི། །ལེན་པ་སྤང་ཕྱིར་གྲུབ་པའོ།། །།ཤུ་བྷཾ།། །། ཨོཾ་སྭསྟི། རྡོ་རྗེ་འཆང་ལ་ཕྱག་བྱས་ནས། །ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བས་རིམ་གྱིས་འཇུག་པའི་ཚེ། །འཁོར་ལོ་གསུམ་གྱི་རྣམ་བཞག་བྱུང༌། །དང་པོ་རྣལ་འབྱོར་སྤྱོད་མདོ་དེ། །བར་པ་ངོ་བོ་ཉིད་མེད་གཞུང༌། །ཕྱི་མ་ཐེག་པ་ཀུན་གྱི་མཆོག །ཡིན་ཞེས་དགྱེས་པ་རྡོ་རྗེར་གསུངས། །ལྟ་བས་རིམ་འཇུག་མི་དགོས་པའི། །ཚུལ་ལའང་རྣམ་པ་གསུམ་མཐོང་སྟེ། །རྣལ་འབྱོར་སྤྱོད་ནས་གསང་སྔགས་ལ། །འཇུག་དང་ངོ་བོ་ཉིད་མེད་ནས། །དེར་འཇུག་པ་དང་ཐོག་མ་ནས། །སྔགས་ཀྱི་ལྟ་བ་ལ་འཇུག་པའོ། །ཚུལ་དང་པོ་དེ་བིརྺ་པའི། །གཞུང་བཞིན་རིམ་གྱིས་འཇུག་པ་དང༌། །གཉིས་པ་ཟླ་གྲགས་ལ་སོགས་པའི། །གཞུང་བཞིན་རིམ་གྱིས་འཇུག་པ་དང༌། །ཨིནྟྲ་བྷུ་ཏི་སོགས་གཞུང་བཞིན། །ཅིག་ཆར་ཉིད་འཇུག་གསུམ་པའོ། །གསུམ་པ་འདི་ཡི་དབང་བྱས་ཚེ། །དབང་བསྐུར་སྔོན་དུ་མ་སོང་བར། །ལྟ་བ་རྟོགས་ཐབས་གཞན་མི་འཆད། །ལོངས་སྤྱོད་བརླབས་དང་བྱེད་བཅིངས་དང༌། །འཁྲུལ་འཁོར་བླ་མའི་བྱིན་བརླབས་སོགས། །དེ་རྟོགས་པའི་ཐབས་ཡིན་མོད། །དབང་བསྐུར་སྔོན་དུ་མ་སོང་བའི། །དེ་འདྲ་དེ་ལས་ཁམས་འདུས་དང༌། །རྣམ་རྟོག་རགས་པ་ཙམ་ཁེགས་པ། །སྲིད་མོད་སྔགས་ཀྱི་ལྟ་བ་ནི། །རྣམ་དག་རྟོགས་པའི་ཐབས་མ་ཡིན། །དེ་ལ་ཁ་ཅིག་འདི་སྙམ་དུ། །འཇུག་ཚུལ་དང་པོ་དེ་འཐད་ན། །དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་གསུངས་པ་དེ་མའི་ཐད་དོ། །སྙམ་ན་འདི་ལན་མགོ་མཚུངས་དང༌། །རྣལ་མ་གཉིས་ཀྱིས་བཤད་པར་བྱ། །མགོ་མཚུངས་ངོ་བོ་ཉིད་མེད་དུ། །སྨྲ་བའི་གཞུང་ལ་མ་ཞུགས་པར། །སྔགས་ལ་རིམ་འཇུག་མི་རུང་ན། །སྐལ་ལྡན་ཅིག་ཆར་པ་ཡིས་ཀྱང༌། །གཞུང་དེ་ཐོག་མར་ཚོལ་དགོས་སམ། །ཡང་ན་རྣལ་འབྱོར་སྤྱོད་པ་པ། །སྐལ་པར་ལྡན་པ་མི་སྲིད་འགྱུར། །ཡེ་ཤེས་བདེན་གྲུབ་ཁས་བླངས་ནས། །གསང་སྔགས་ལྟ་བ་ཁས་ལེན་པ། །འགལ་ཞེས་ཟེར་ན་ལྟ་བ་ལ། །ཁས་ལེན་མེད་པ་མཉམ་བཞག་དང༌། །ཁས་ལེན་རྗེས་ཐོབ་ཤན་འབྱེད་ཚེ། །ཡིན་པའི་ཁྱད་པར་མི་ཕྱེད་པར། །སྨྲ་བ་མང་པོ་དེ་ངོ་མཚར། །ཡེ་ཤེས་དོན་དམ་བདེན་གྱུར་ཀྱང༌། །དེ་ལ་རིགས་པས་དཔྱད་པའི་ཚེ། །རིགས་ངོར་དཔྱད་པ་མ་བཟོད་པ། །ཉིད་ཀྱིས་དེ་ལ་མཚན་འཛིན་འདོར། །རྟོག་དང་བྲལ་བའི་བསྒོམ་བྱུང་གི །ཉམས་སུ་མྱོང་བྱར་དམིགས་པའི་ཕྱིར། །ཡེ་ཤེས་དམ་པའི་དོན་ཡིན་ཞེས། །གསང་སྔགས་པ་དག་དེ་ལྟར་འདོན། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་དང༌། །ངོ་བོ་ཉིད་མེད་སྨྲ་ནས་ཀྱང༌། །སྔགས་ལ་འཇུག་པ་ཤིན་ཏུ་བདེ། །དང་པོས་ཉམས་སུ་མྱོང་བྱ་དང༌། །གཉིས་པས་མཚན་འཛིན་འགོག་པའི་ཚུལ། །རྒྱས་པར་བཤད་པ་ཡིན་ཕྱིར་རོ། །ཞེས་བྱ་བ་འདི་དགྱེས་རྡོར་དང༌། །དུས་ཀྱི་འཁོར་ལོའི་དགོངས་པར་གྲུབ། །དེ་ཡི་དགེ་བས་རྫོགས་སངས་རྒྱས། །དེ་དང་དེ་ཉིད་གྲུབ་པར་ཤོག། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །འཁོར་འདས་དབྱེར་མེད་ཅེས་བྱ་བ། །འདི་ལ་སོ་སོའི་མཚན་ཉིད་དང༌། །དབྱེར་མེད་གོ་དོན་བསམ་པར་བྱ། །འཁོར་བ་རྒྱུ་དང་ངོ་བོ་དང༌། །ངེས་བྱེད་ཚད་མ་བརྟག་བྱ་དང༌། །མྱ་ངན་འདས་ལའང་དེ་བཞིན་དུ། །གསུམ་ཚན་གཉིས་ཀྱིས་བཤད་པར་བྱ། །དང་པོ་རྒྱུ་དང་བདག་པོ་དང༌། །དེ་མ་ཐག་པའི་རྐྱེན་གསུམ་སྟེ། །དམིགས་རྐྱེན་འདིར་མི་འཆད་པ་ཡི། །རྒྱུ་མཚན་སྒོ་ནས་ཤེས་པར་བྱ། །འཁོར་བའི་རྒྱུ་རྐྱེན་དོན་དམ་པར། །ཀུན་གཞིའི་ཡེ་ཤེས་ཉིད་ཡིན་ཏེ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །ཐོག་མའི་རྒྱུ་གཞན་ཡོད་མིན་ཕྱིར། །ཀུན་གཞིའི་རྣམ་པར་ཤེས་པ་ནི། །ཀུན་རྫོབ་པའི་རྒྱུ་རྐྱེན་ཏེ། །དེ་ཡང་བག་ཆགས་འཇོག་བྱེད་དང༌། །དེས་བཞག་པ་ཡི་བག་ཆགས་དང༌། །དེ་དག་རྣམ་པར་སྨིན་པ་སྟེ། །གསུམ་ཀའང་འཁོར་བའི་བདག་རྐྱེན་ནོ། །བག་ཆགས་རྣམ་པར་སྨིན་པ་ཡི། །རྣམ་ཤེས་སྔ་མ་དེ་དང་དེ། །དེ་མ་ཐག་པའི་རྐྱེན་དུ་བཞག །དེར་མ་འདུས་པའི་དམིགས་རྐྱེན་ནི། །ཐེག་པ་ཆེན་པོར་མི་འཆད་དེ། །འཛིན་པའི་རྣམ་ཤེས་ལས་གཞན་པའི། །འཛིན་ཆ་ཡོད་པ་མིན་ཕྱིར་རོ། །ཕྱོགས་ཀྱི་གླང་པོས་བཤད་པ་ཡང༌། །གསུམ་པོར་མ་འདུས་ཡོད་མ་ཡིན། །ངོ་བོ་བདག་དང་ཕུང་སོགས་སུ། །སྣང་བའི་རྣམ་རིག་གང་ཡིན་པ། །ཕྱེ་ན་གཞི་ལམ་འབྲས་བུ་ཡི། །དབྱེ་བས་དངོས་བཏགས་གསུམ་དུ་བཤད། །གཞི་ནི་སོ་སོ་སྐྱེ་བོ་དང༌། །ལམ་ནི་འཕགས་པའི་རྗེས་ཐོབ་དང༌། །གསུམ་པ་སངས་རྒྱས་ཡེ་ཤེས་ལ། །ཁམས་གསུམ་རྣམ་པ་ཅན་སྣང་བ། །གཉིས་པོ་གཟུང་འཛིན་གཉིས་སྣང་གི །བག་ཆགས་མ་སྤངས་དེ་སྲིད་པ། །གསུམ་པ་བག་ཆགས་ཀུན་སྤངས་ཕྱིར། །ཅིར་སྣང་དག་པ་ཁོ་ནའོ། །གཞི་ལམ་འཁོར་བ་གཟུགས་སོགས་དང༌། །མིག་སོགས་དབང་པོ་བཤད་དེ་ནི། །གཉིས་སྣང་འཁྲུལ་པའི་བག་ཆགས་ནི། །རྨི་ལམ་བྱུང་ཕྱིར་མ་དག་པ། །མྱ་ངན་འདས་པའི་རྒྱུ་རྐྱེན་ནི། །ཀུན་གཞིའི་ཡེ་ཤེས་ལས་གཞན་མེད། །བདག་རྐྱེན་ཟག་མེད་ས་བོན་དང༌། །དེ་མ་ཐག་རྐྱེན་ཤེས་སྔ་མ། །འདི་ལ་དམིགས་རྐྱེན་མི་འཆར་སྟེ། །གཟུང་དང་འཛིན་པས་དབེན་ཕྱིར་རོ། །ངོ་བོ་གཟུང་འཛིན་གཉིས་མེད་ཀྱི། །ཤེས་པ་རང་རིག་རང་གསལ་བ། །ཕྱེ་ན་གཞི་ལམ་འབྲས་བུ་ཡི། །དབྱེ་བས་རྣམ་གསུམ་མཚན་ཉིད་པ། །གཞི་ནི་རང་བཞིན་རྣམ་དག་གི །ཡེ་ཤེས་ལམ་ནི་གློ་བུར་གྱི། །དྲི་མ་ཕྱོགས་གཅིག་གིས་དག་པ། །འབྲས་བུ་རྫོགས་སངས་རྒྱས་ཡེ་ཤེས། །ངེས་བྱེད་ཚད་མ་འཁོར་བ་དང༌། །མྱང་འདས་གཉིས་ལ་སོ་སོར་དབྱེ། །འཁོར་བ་ངེས་བྱེད་ཀྱི་ཚད་མ། །ཐེག་པ་ཆེན་པོར་མི་འཆད་དེ། །ལུགས་དེར་འཁྲུལ་སྣང་གཟུང་འཛིན་དག །ཀུན་ནས་ཁེགས་པ་ཉིད་ཕྱིར་རོ། །སྤྱིར་ཡང་མ་རིག་གིས་སྤྲུལ་པ། །མཐའ་དག་ཚད་མས་མི་འགྲུབ་སྟེ། །སྤྲུལ་བྱེད་ཡེ་ཤེས་ཀྱིས་འགོག་ཕྱིར། །ཁྱད་པར་ཡེ་ཤེས་ཚོགས་བསགས་པ། །སྔོན་དུ་སོང་བའི་ལམ་རིམ་ལ། །འཁོར་བ་ཚད་མས་མི་འགྲུབ་སྟེ། །འགྲུབ་ན་ཚོགས་བསགས་པ་དེ་ཉམས། །གཟུང་འཛིན་གཉིས་ལས་མ་གཏོགས་པའི། །འཁོར་བ་ཡོད་པ་མ་ཡིན་ཞིང༌། །གཟུང་འཛིན་གཉིས་པོ་མི་འགོག་པའི། །ཡེ་ཤེས་ཚོགས་སོག་སྔགས་ལ་མེད། །ཇི་སྲིད་ངེས་དོན་ཁས་ལེན་པ། །དེ་སྲིད་མྱ་ངན་འདས་པ་ཡི། །འཇལ་བྱེད་ཚད་མ་ཁས་བླང་བར། །སྔགས་ཀྱི་གཞུང་ལུགས་ཀུན་མཐུན་ཏེ། །ཐེག་ཆེན་འཕགས་པའི་མཉམ་བཞག་ཀུན། །གཉིས་མེད་ཡེ་ཤེས་རང་གསལ་བ། །དེ་ཉིད་མྱོང་བར་མཚུངས་ཕྱིར་རོ། །གཉིས་པ་དབྱེར་མེད་ཐེག་པ་ཆེ། །ཐུན་མོང་བ་དང་དེ་མིན་པ། །ཐུན་མོང་བ་ཡང་རྟོགས་བྱ་དང༌། །རྟོགས་བྱེད་ཐབས་ཀྱི་བཤད་བྱ་བ། །སེམས་ཀྱི་རང་བཞིན་འོད་གསལ་བ། །འདི་ཉིད་རང་བཞིན་མྱང་འདས་ཕྱིར། །འདི་ལ་འཁོར་འདས་གཉིས་སུ་མེད། །གཉིས་མེད་པ་དེ་དབྱེར་མེད་དང༌། །ཟུང་དུ་འཇུག་པའི་དོན་དུ་ཤེས། །རྟོགས་བྱ་དེ་རྟོགས་བྱེད་པ་ཡི། །ཐབས་ནི་ཐོས་དང་བསམ་པ་དང༌། །འཇིག་རྟེན་པ་ཡི་བསྒོམ་པ་སྟེ། །དེ་གོམས་པ་ལས་དེ་མངོན་འགྱུར། །གལ་ཏེ་དབྱེར་མེད་མྱ་ངན་ལས། །འདས་པ་གཅིག་པུར་འཆད་བྱེད་ན། །འཁོར་བའི་ཆོས་ལ་བསྐུར་བཏབ་པས། །དབྱེར་མེད་གོ་བར་དཀའ་ཞེ་ན། །འཁོར་བ་ཡོད་པར་ཁས་བླངས་ཚེ། །དེ་གཉིས་དབྱེར་མེད་ཤིན་ཏུ་འགལ། །འཁོར་བ་མྱ་ངན་འདས་པའམ། །མྱ་ངན་འདས་པ་འཁོར་བར་འགྱུར། །ཐབས་ཀྱི་ཟིན་དང་མ་ཟིན་པའི། །དབྱེ་བས་འབྱེད་པ་ཡིན་ཟེར་མོད། །འཁོར་པ་ཐབས་ཀྱིས་ཅི་ཟིན་ཡང༌། །མྱ་ངན་འདས་པར་འགྱུར་བ་དང༌། །མྱ་ངན་འདས་པ་ཐབས་སྔུགས་ཀྱང༌། །འཁོར་བར་འགྱུར་བ་མི་སྲིད་དོ། །དུང་གི་ཁ་དོག་སེར་སྣང་ཚེ། །དཀར་སེར་གཉིས་སུ་དབྱེར་མེད་ཏེ། །དཀར་པོ་ལས་གཞན་སེར་པོ་ནི། །ཚད་མས་དམིགས་པ་མིན་ཕྱིར་བཞིན། །འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞད། །ཞེས་པ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །ཐུབ་ལ་བསྟོད་པར་གསུངས་པ་དང༌། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་དང༌། །རྨོངས་མེད་མྱ་ངན་འདས་པ་ཞེས། །ཐུབ་པ་ཉིད་ཀྱིས་མ་གསུངས་སམ། །ཇི་སྲིད་རབ་རིབ་མ་བསལ་བ། །དེ་སྲིད་དུང་དེ་སེར་པོར་སྣང༌། །རབ་རིབ་བསལ་བར་གྱུར་པ་ན། །དཀར་པོ་ལས་གཞན་སྣང་བ་མེད། །དེ་ཚེ་དཀར་སེར་གཉིས་མེད་དང༌། །དབྱེར་མེད་པ་དང་ཟུང་འཇུག་ཏུ། །བཤད་པར་བྱ་ཡི་གཉིས་སྡེབས་པ། །ཟུང་དུ་འཇུག་པའི་དོན་མ་ཡིན། །རིགས་པས་ཀྱང་ནི་འདི་འགྲུབ་སྟེ། །འཁོར་བ་རིགས་པས་དཔྱད་པ་ན། །མ་རྙེད་པ་དེ་མེད་པའི་དོན། །ཡིན་ནོ་ཅི་ཕྱིར་འཁོར་བ་ནི། །རྣམ་ཤེས་ཆོས་ལས་མ་འདས་ཕྱིར། །མྱ་ངན་འདས་པ་རིགས་པ་ཡིས། །དཔྱད་ཚེ་རིགས་ངོར་མ་རྙེད་མོད། །མེད་པར་བཞག་ནུས་མ་ཡིན་ཏེ། །རྣམ་ཤེས་ཡུལ་ལས་འདས་ཕྱིར་རོ། །དེ་ལྟར་ཕར་ཕྱིན་ཐེག་པ་དང༌། །ཐུན་མོང་འཁོར་འདས་དབྱེར་མེད་ཀྱི། །མཚན་ཉིད་དབྱེ་བ་འདི་བཤད་པས། །སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ལྟ་བ་འཁོར་འདས་དབྱེར་མེད་ཅེས། །རྣམ་པར་གྲགས་པའི་མཚན་གཞི་དང༌། །དེ་རྟོགས་པའི་ཐབས་བཤད་བྱ། །དང་པོ་དངོས་དང་དབྱེ་བ་དང༌། །དབྱེར་མེད་འཇོག་ཚུལ་གསུམ་གྱིས་བཤད། །དང་པོ་གསལ་སྟོང་ཟུང་འཇུག་ཅེས། །བཤད་པ་དེ་ཡིན་སྐབས་འདིར་ནི། །ཨེ་ཝཾ་དགྱེས་པ་རྡོ་རྗེ་དང༌། །བདེ་མཆོག་བསམ་མི་ཁྱབ་ལ་སོགས། །རྣམ་གྲངས་བཅུ་བཞིར་བཤད་དེ་ཡིན། །གསལ་དང་སྟོང་པ་རེ་རེ་བའི། །ངོས་འཛིན་དེ་ཡིས་དེ་མི་མཚོན། །ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི། །སྟོང་ཉིད་ཁོ་ན་ཨེ་ཝཾ་མོ། །ཕྱེ་ན་གཞི་ལམ་རྣམ་གསུམ་གྱི། །དབྱེ་བས་གསུམ་དུ་འཆད་ནུས་མོད། །འདིར་ནི་དབང་སོགས་ལས་རྟོགས་པའི། །ལམ་དུས་ཟུང་འཇུག་ཉིད་ངོས་འཛིན། །དེ་ཕྱིར་ལམ་སྐོར་ཐམས་ཅད་ཀྱི། །ཐོག་མར་ལྟ་བ་ཉིད་ནས་འཆད། །གཞི་ཡི་དུས་ཀྱི་ཟུང་འཇུག་དེ། །རྟོགས་བྱེད་ཐབས་མཁས་དང་བྲལ་ན། །འཁོར་བའི་འཁྲུལ་སྣང་ཀུན་གྱི་རྐྱེན། །བྱེད་པར་འགྱུར་བ་ལ་དགོངས་ནས། །ལྷན་སྐྱེས་ཉི་ཤུ་རྩ་བདུན་བཤད། །འཁོར་འདས་གཉིས་པོ་ཟུང་འབྲེལ་བ། །འཁོར་འདས་གཉིས་མེད་མཚན་གཞི་ཞེས། །རྨོངས་པས་བརྟགས་པའི་གཏམ་མང་པོ། །ངོ་སོར་བྱེད་ཏེ་སྤངས་པར་བྱ། །དེ་ཕྱིར་ཨེ་ཝཾ་འདི་ཁོ་ན། །མྱང་འདས་དངོས་ཡིན་འཁོར་བའི་ཡང༌། །གནས་ཚུལ་འདི་ལས་གཞན་དུ་མེད། །སྣང་ཚུལ་ཀུན་ཀྱང་དེ་ལས་བྱུང༌། །དངོས་ང་དངོས་པོ་མེད་པ་ང༌། །ཞེས་སོགས་རྒྱས་པར་གསུངས་དེ་དང༌། །ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཨེ་ཝཾ་མྱ་ངན་འདས་པ་ཉིད། །ཞེས་གསུངས་པ་དེ་མཁས་པ་ལས། །མཉན་པར་བྱ་བོ་གཞན་ལས་མིན། །གཉིས་པ་དབྱེར་མེད་དོན་བསམས་པ། །གསལ་དང་སྟོང་དང་ཟུང་འཇུག་དང༌། །འཁོར་དང་འདས་དང་དབྱེར་མེད་པའི། །ངོས་འཛིན་མཁས་ལས་ཉན་པར་བྱ། །གསལ་བ་གཞི་དུས་སྣང་ཕྱོགས་དང༌། །ལམ་དུས་བསྐྱེད་རིམ་སོགས་གསལ་བ། །སྟོང་པ་གཞི་དུས་ཆོས་ཐམས་ཅད། །རང་རང་ངོ་བོས་སྟོང་པ་དང༌། །ལམ་དུས་བསྐྱེད་རིམ་སོགས་སྣང་བ། །དེ་ཡང་དེ་ཉིད་ཀྱིས་སྟོང་པ། །ཟུང་འཇུག་གཞི་དུས་ཆོས་ཐམས་ཅད། །གདོད་ནས་ཡོད་མ་མྱོང་བའམ། །གནས་ལུགས་གཟུང་འཛིན་གྱིས་སྟོང་པ། །གང་ལ་བཤད་ཀྱང་མི་འགལ་མོད། །ལམ་དུས་སྐྱེད་རིམ་སོགས་གསལ་བ། །མཚན་འཛིན་རྣམ་རྟོག་གིས་སྟོང་པ། །ཉིད་ལ་འཆད་ཀྱི་རང་སྟོང་དུ། །བཤད་ན་རིམ་གཉིས་སྤངས་པར་འགྱུར། །ལམ་དུས་སུ་ཡང་སྦྱང་གཞི་དང༌། །མཐུན་པར་འཁོར་བའི་སྣང་བ་དང༌། །དེ་ཡང་རང་གིས་སྟོང་པ་དང༌། །གང་སྣང་རྟོག་པས་དབེན་པ་སྟེ། །གསུམ་ཚན་གཉིས་པོ་རིམ་བཞིན་དུ། །འཇུག་པ་སེལ་བའི་ལམ་དང་ནི། །ཆགས་པ་གཅད་པའི་ལམ་ཉིད་དང༌། །བྱང་ཆུབ་ཆེན་པོའི་ལམ་ཞེས་བྱ། །བསྐྱེད་རྫོགས་གཉིས་ཀའི་སྐབས་སུ་ཡང༌། །སྟོང་གཟུགས་ཕྱག་རྒྱ་ཆེ་གསལ་བ། །བྱང་ཆུབ་ཆེན་པོའི་ལམ་དངོས་ཞེས། །ལམ་འབྲས་ཆོས་ལས་གསུངས་པ་ཡིན། །སྟོང་གཟུགས་དེ་ལ་འཁོར་བ་ཡི། །གཟུགས་སུ་སྣང་དང་རྣམ་བྱང་གི །གཟུགས་སུ་སྣང་བ་གཉིས་ཀ་ཡང༌། །མྱ་ངན་འདས་སུ་དབྱེ་བ་མེད། །དེ་ནས་དེ་རྟོགས་པ་ཡི་ཐབས། །རྒྱས་པར་བཤད་ན་དབང་དང་ནི། །དེ་དང་འབྲེལ་བའི་བྱིན་བརླབས་དང༌། །རྗེས་གནང་ལུས་ཀྱི་བྱེད་བཅིངས་དང༌། །བླ་མའི་རྣལ་འབྱོར་ལོངས་སྤྱོད་ཀྱི། །བརླབས་སོགས་ཐབས་མཁས་བགྲང་ཡས་དང༌། །དབང་ཡང་བཞི་པོ་རེ་རེ་ལས། །བྱུང་བའི་ཟུང་འཇུག་གོང་ནས་གོང༌། །འཕེལ་ལ་ལྟ་གྲུབ་བརྒྱད་སོགས་བཤད། །ཐོག་མར་བླ་མས་བསྟན་པ་ཡི། །ལྟ་བ་འཁོར་འདས་དབྱེར་མེད་ཅེས། །གསུངས་པ་བུམ་དབང་དང་འབྲེལ་བ། །ཡིན་ནོ་དེ་ལ་སྐྱེ་ཚུལ་གསུམ། །སྐལ་བ་བཟང་ལ་བུམ་དབང་ཙམ། །བསྐུར་བས་གྲུབ་མཐའ་བསྙོགས་པ་དང༌། །འབྲིང་ལ་དཔེ་ཡི་ཡེ་ཤེས་དང༌། །དམན་ལ་ཐོས་པའི་ལྟ་བ་ཙམ། །སྐྱེ་བོ་དེ་དག་གོང་ནས་གོང༌། །འཕེལ་བའི་རིམ་པ་འདིར་བརྗོད་བྱ། །དཔེ་དང་ཐོས་པའི་ལྟ་བ་ཙམ། །ཐོབ་དེས་བསྐྱེད་རིམ་གོམས་བྱས་པས། །དུ་སོགས་མཚན་མ་མཐོང་བ་ན། །ཟུང་འཇུག་བྱང་ཆུབ་ཆེན་པོའི་ལམ། །མངོན་དུ་གྱུར་པ་དེ་ནས་ནི། །རིམ་གྱིས་གྲུབ་མཐའ་སླེབས་དེ་ནས། །བུམ་དབང་ས་དྲུག་མཐར་སོན་པ། །དེ་ཚེ་གསང་དབང་ལས་བྱུང་བའི། །རང་བྱིན་བརླབས་པའི་ཐབས་མཁས་ཀྱིས། །བདེ་སྟོང་ཟུང་འཇུག་མངོན་གྱུར་པའི། །ས་བཞི་པོ་ལ་རིམ་བསླབས་པ། །དེ་ཚེ་གསུམ་པའི་དབང་ལས་ཀྱང༌། །བདེ་སྟོང་ལྷན་ཅིག་སྐྱེས་ཐོབ་པའི། །ས་གཉིས་པོ་ལ་བསླབས་ཟིན་ནས། །ངེས་པར་ཉེར་རྒྱུས་མཚམས་སྦྱར་བའི། །ས་ཕྱེད་པོ་ཡིས་རྫོགས་སངས་རྒྱ། །ཡང་ན་རྒྱུ་ཡི་དུས་ཉིད་དུ། །གསང་བའི་དབང་ཡང་བསྐུར་བ་ལས། །ཐོབ་པའི་རླུང་དང་གཏུམ་མོ་ཡི། །རྣལ་འབྱོར་བསྐྱེད་པའི་རིམ་པ་དང༌། །ཟུང་དུ་འབྲེལ་བར་མ་གོམས་ན། །བུམ་དབང་རྐྱང་པས་ས་དྲུག་པོ། །མངོན་དུ་བྱེད་པ་དཀའ་བའི་གནས། །ཅི་ཕྱིར་ཞེ་ན་ལས་ཀྱི་རླུང༌། །སྟོང་དང་བརྒྱད་བརྒྱ་ཚན་པ་རེ། །འགགས་ཞིང་འགྱུར་མེད་བདེ་བ་ཡང༌། །དེ་འདྲ་རེ་རེ་ཐོབ་པ་ལ། །ས་དང་པོ་སོགས་ཐོབ་པ་ཡི། །ཐ་སྙད་འདིར་ཡང་མཛད་ཕྱིར་རོ། །བུམ་དབང་ཙམ་ལས་ཟུང་འཇུག་གི །ལྟ་བ་རྟོགས་པའི་གང་ཟག་ཀྱང༌། །དོན་དམ་དཔྱོད་བྱེད་རིགས་པ་ལ། །བསླབ་སྦྱངས་སྔོན་དུ་སོང་བ་དང༌། །མ་སོང་བ་ཡི་དབྱེ་བས་གཉིས། །དང་པོས་རྟོགས་བྱའི་ལྟ་བ་ལ། །བདག་ཏུ་རྨོངས་པ་མི་སྲིད་ཀྱང༌། །ཕྱི་མས་རང་གི་རྟོགས་དོན་ལ། །ཆོས་དང་གང་ཟག་གི་བདག་ཏུ། །རྨོངས་པ་རྣམ་པར་བཟློག་བྱའི་ཕྱིར། །བུམ་དབང་བསྐུར་བའི་རྗེས་ཐོགས་སུ། །ཉམས་སུ་ལེན་པའི་ཐབས་གསུམ་བཤད། །གསུམ་པོ་རྣལ་འབྱོར་སྤྱོད་པ་ཡི། །ལུང་དང་མཐུན་པ་ཁོ་ན་སྟེ། །སྣང་བ་སེམས་དང་སེམས་སྒྱུ་མ། །སྒྱུ་མ་རང་བཞིན་མེད་པ་ལ། །སློབ་ཚུལ་གསུམ་གྱི་སྒོ་ནས་ནི། །ཐོག་མར་གཟུང་དང་དེ་ནས་འཛིན། །བཀག་ནས་གཟུང་འཛིན་གཉིས་མེད་ཀྱི། །ཡེ་ཤེས་བརྗོད་པ་ཀུན་བྲལ་བ། །ཟུང་འཇུག་ཉིད་དུ་བསྟན་ཕྱིར་རོ། །སྐབས་འདིར་མི་ཤེས་པ་རྣམས་ནི། །སྣང་བ་སེམས་སོགས་སུ་སྒྲུབ་པ། །ལྟ་བ་རྟོགས་བྱེད་ཐབས་ཡིན་ཟེར། །འོ་ན་ཕར་ཕྱིན་ཐེག་པ་དང༌། །ལྟ་བའི་རྟོགས་ཚུལ་ཁྱད་པར་ཅི། །དཔེ་དང་རིགས་པ་དེ་དག་ལས། །ཟུང་འཇུག་རྟོགས་པར་འཆད་ན་ནི། །ཟུང་འཇུག་རྗེས་དཔག་ཚད་མ་ཡི། །གཞལ་བྱར་ཁས་བླངས་བྱས་མིན་ནམ། །བྱེད་ན་མན་ངག་དང་བྲལ་བའི། །ཕྱི་རབས་གཞན་གྱི་འདོད་པ་ལྟར། །ཚུལ་གསུམ་ཚང་བའི་གཏན་ཚིགས་ཀྱིས། །དཔྱད་པ་སྔོན་དུ་མ་སོང་བར། །ལྟ་བ་རྟོགས་པ་མེད་ཟེར་རམ། །དེ་འདྲ་སྔགས་ཀྱི་ལུང་ན་མེད། །ལ་ལ་འདིར་བཤད་རྟེན་འབྲེལ་གྱི། །རྟགས་དེ་རིགས་ཚོགས་ནས་གསུངས་པའི། །རྟེན་འབྲེལ་ཉིད་ལ་དགོངས་ཞེས་ཟེར། །དེར་བཤད་ལྟོས་གྲུབ་རྟེན་འབྲེལ་ལ། །འདིར་བཤད་རྟེན་ནས་སྐྱེས་པ་ཡི། །རྟེན་འབྲེལ་ཉིད་དུ་གང་བཤད་པའི། །ཁྱད་པར་དེ་ཡང་ཤེས་པར་བྱ། །བུམ་པའི་དབང་བསྐུར་དོན་འཆད་ཚེ། །སྣང་བ་སེམས་སུ་རྟོགས་འཆད་ཀྱི། །སེམས་ཉིད་རྫུན་པར་མ་བཤད་པས། །ཟུང་འཇུག་ཇི་ལྟར་རྟོགས་ཤེ་ན། །རིགས་པའི་དབང་ལྔ་བསྐུར་བའི་ཚེ། །ཕུང་པོ་ལྔ་པོ་མི་དམིགས་པར། །བཤད་པས་གཟུང་འཛིན་གཉིས་མེད་དང༌། །རྡོ་རྗེ་སློབ་དཔོན་དབང་དུས་སུ། །དམ་ཚིག་གསུམ་གྱི་དེ་ཁོ་ན། །བླ་མས་བཤད་དང་སློབ་མ་ཡི། །གོམས་པ་དུས་གཅིག་ཉིད་གྱུར་པས། །འཁོར་འདས་དབྱེར་མེད་ཀྱི་ལྟ་བ། །ཕལ་ཆེར་མངོན་དུ་འགྱུར་ཞེས་སོ། །དེ་ལྟར་འདི་ནི་ཕྱི་དུས་ཀྱི། །འཆད་བྱེད་བློ་ལ་འཆར་དཀའ་ཞིང༌། །དེ་ནས་ཉན་པོས་མི་ཤེས་པ། །མང་ཕྱིར་རྒྱས་པར་བཤད་འདི་ལས། །དགེ་བ་རང་སེམས་འོད་གསལ་དང༌། །དབྱེར་མེད་ཉིད་དུ་འདྲེས་གྱུར་པས། །འབྲས་བུའི་ཨེ་ཝཾ་ཉིད་གྱུར་ཅིག། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །འཁོར་འདས་དབྱེར་མེད་བསྡུས་དོན་དང༌། །དགོས་པའི་དོན་དང་རྩོད་སྤངས་རྣམས། །རིམ་པ་བཞིན་དུ་བཤད་བྱ་བ། །འཁོར་འདས་དབྱེར་མེད་ཅེས་བྱ་བ། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །བཀའ་དང་བསྟན་བཅོས་སོ་སོ་དང༌། །ཤིང་རྟའི་སྲོལ་ཆེན་གཉིས་ཀྱིས་བཤད། །དོན་གྱི་ངོས་འཛིན་དེ་ཉིད་ལ། །བོད་ལ་གྲགས་པའི་ཐ་སྙད་ནི། །རྫོགས་པ་ཆེ་དང་ཕྱག་རྒྱ་ཆེ། །སྡུག་བསྔལ་ཞི་བར་བྱེད་ཅེས་གྲགས། །ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་སུ། །ཆོས་ཀུན་ངོ་བོ་ཉིད་མེད་དུ། །རོ་གཅིག་པ་ལ་དེར་བརྟགས་འདིས། །སྔགས་ཀྱི་དབྱེར་མེད་དེར་མ་སླེབ། །བྱམས་པའི་གཞུང་དུ་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་ལས་གཞན་མེད་ལའོ། །མིང་འདོགས་དེ་ཀུན་ཐམས་ཅད་ལ། །རྟོགས་བྱེད་ཐོས་བསམ་རིགས་པ་དང༌། །སྔགས་ཀྱི་ཐབས་མཁས་ལས་རྟོགས་ཚེ། །ཐུན་མོང་ཐུན་མོང་མིན་པར་བཞག །རྟོགས་པར་བྱེད་པོའི་ཁྱད་པར་གྱིས། །རྟོག་པ་སྒྲ་དོན་འཛིན་རིག་དང༌། །བདེ་གསལ་མི་རྟོག་པར་སྐྱེ་བའི། །ཁྱད་པར་ཉིད་ཀྱིས་བཟང་ངན་དང༌། །ལྟ་བ་དུག་ཅན་ཡིན་མིན་དང༌། །ཚེ་གཅིག་པ་ལ་སྒྲིབ་པ་ཡི། །ས་བོན་སྤོང་ནུས་ཡིན་མིན་དང༌། །མངོན་སུམ་མིན་དང་ཡིན་པར་ཕྱེ། །དགོས་དོན་ཕར་ཕྱིན་ཐེག་པ་ཡི། །ལྟ་བ་ཡེ་ཤེས་ཚོགས་སོག་དང༌། །སྒྲིབ་པའི་ས་བོན་སྤོང་ཁོ་ནར། །འཆད་ཀྱི་བསོད་ནམས་ཚོགས་སུ་མིན། །སྔགས་སུ་བསོད་ནམས་ཚོགས་རྣམས་ཀུན། །ཟུང་འཇུག་ཡེ་ཤེས་ཉིད་ལས་ནི། །གཞན་དུ་བཤད་ནུས་མིན་པའི་ཕྱིར། །ལྟ་བའི་ངོ་བོ་ཉིད་དུ་འདུས། །སྔགས་ཀྱི་ཉམས་ལེན་དངོས་གཞི་ཡི། །ཐོག་མ་ལྟ་བ་ཉིད་ནས་འཛིན། །དེ་ནས་རྩོད་པ་སྤང་བཤད་པ། །ཆོས་ཀྱི་དབྱིངས་སམ་ཟུང་འཇུག་ལས། །མ་གཏོགས་ཆོས་གཞན་ཡོད་མིན་ན། །བསོད་ནམས་ཚོགས་དང་ཐབས་ཀྱི་ཆ། །ཀུན་ལ་བསྐུར་པ་བཏབ་ཅེ་ན། །སྔགས་སུ་བསོད་ནམས་ཚོགས་སོག་པ། །ཐམས་ཅད་ཆོས་དབྱིངས་ངོ་བོར་ནི། །བསྐྱེད་ནས་གཟུང་འཛིན་གཉིས་སྟོང་གི །ངང་ལས་དབྱེ་བ་མེད་པར་བསྒྲུབ། །སྔགས་ཀྱི་བསོད་ནམས་ཚོགས་སོག་ཀུན། །རློམ་ཚོད་དོན་དམ་བདེན་པ་སྟེ། །མཆོད་བྱ་མཆོད་བྱེད་མཆོད་པ་གསུམ། །སྟོང་ཉིད་ཡེ་ཤེས་ལས་བསྒྲུབས་བཞིན། །ཕར་ཕྱིན་ཐེག་པའི་བསོད་ནམས་ཚོགས། །ཇི་སྙེད་ཀུན་རྫོབ་བདེན་པ་སྟེ། །ལྷན་ཅིག་སྐྱེས་པའི་མ་རིག་པས། །བཅོས་མ་ཉིད་དང་ཐུན་མོང་ངོ༌། །དེར་ཡང་འཁོར་གསུམ་མི་དམིགས་པའི། །ཤེས་རབ་ཉིད་ཀྱིས་ཟིན་ཅེས་པ། །གཉིས་སྣང་འཁྲུལ་པ་རྟོག་མེད་ལ། །གང་སྣང་ཐད་སོར་བཞག་བྱས་ནས། །རྟོག་པས་མཚན་མར་མི་འཛིན་པ། །དེ་འདྲ་དེ་ལ་དེ་སྐད་དུ། །བརྗོད་དོ་མཉམ་བཞག་རྟོག་མེད་དང༌། །རྗེས་ཐོབ་ཡང་དག་མིན་རྟོག་གི །ངང་ནས་བསོད་ནམས་ཚོགས་སོག་པ། །དེ་ལ་ཐབས་ཤེས་ཟུང་འབྲེལ་ཟེར། །ཟུང་འབྲེལ་གཉིས་སུ་ཡོད་པ་སྟེ། །ཟུང་འཇུག་གཉིས་སུ་མེད་པའོ། །ཀུན་རྫོབ་ཡོད་པ་མ་ཡིན་ན། །བསོད་ནམས་ཚོགས་སོག་མི་འགྲུབ་པས། །ཚོགས་གཉིས་རྫོགས་པའི་སངས་རྒྱས་ལ། །བསྐུར་པ་བཏབ་པར་འགྱུར་ཞེ་ན། །ཀུན་རྫོབ་ཆོས་ཀུན་མེད་པ་དང༌། །ཀུན་རྫོབ་ཉིད་དུ་ཡོད་པ་ཡི། །ཁྱད་པར་ཤན་མ་ཕྱེད་པ་ལས། །སྨྲ་བ་ངན་པ་དེ་དག་བྱུང༌། །སངས་རྒྱས་ས་ན་མ་རིག་པ། །མེད་ཕྱིར་ཀུན་རྫོབ་བདེན་མི་མངའ། །གཟུགས་སྐུ་ཀུན་རྫོབ་བདེན་ཞེས་པ། །གཞན་སྣང་ཁོ་ནར་ལུང་ལས་གསུངས། །དེས་ན་ཀུན་རྫོབ་དུ་ཡོད་པའི། །བསོད་ནམས་ཚོགས་ཆེན་བསགས་པ་ལས། །ཀུན་རྫོབ་ཉིད་དུ་སངས་རྒྱས་པ། །ཀུན་རྫོབ་པ་ཅན་རྣམས་ལ་སྣང༌། །དོན་དམ་སངས་རྒྱས་ཆོས་ཀྱི་སྐུ། །དེ་ལ་ཡེ་ཤེས་ཡོད་མེད་དུ། །འབྱེད་པ་རང་སྟོང་གཞན་སྟོང་གི །སྲོལ་ཆེན་དག་ལས་བྱུང་མོད་ཀྱང༌། །སྔགས་སུ་དོན་དམ་ཆོས་ཀྱི་སྐུ། །རང་སྟོང་ཉིད་དུ་བཤད་པ་མེད། །སྔགས་སུ་རྫོགས་པའི་སངས་རྒྱས་ཀྱི། །གཙོ་བོ་ལོངས་སྤྱོད་རྫོགས་པའི་སྐུ། །ཡན་ལག་བདུན་དང་ལྡན་པ་སྟེ། །འདི་ཉིད་དོན་དམ་ཆོས་ཀྱི་སྐུར། །འཆད་ཀྱི་ཀུན་རྫོབ་བདེན་པར་མིན། །ཞལ་ཕྱག་མཚན་དཔེ་ལ་སོགས་པ། །ཀུན་རྫོབ་པ་དང་ཆ་འདྲ་བར། །གང་སྣང་དེ་ཀུན་ཡེ་ཤེས་ལས། །གྲུབ་ཕྱིར་ཀུན་རྫོབ་བདེན་པ་མིན། །ལོངས་སྐུ་འོག་མིན་ཁོ་ན་ལས། །གཞན་དུ་གཡོ་བ་མེད་ཅེས་དང༌། །ས་བཅུ་པ་ལས་གཞན་དག་ལ། །སྣང་བ་མེད་ཅེས་འཆད་པ་ནི། །ཕར་ཕྱིན་ཐེག་པ་ཁོ་ནའི་ལུགས། །སྔགས་སུ་རྣལ་འབྱོར་པ་རང་ཉིད། །གང་དུ་རྫོགས་སངས་རྒྱས་པའི་ས། །འོག་མིན་སྟུག་པོ་བཀོད་ཉིད་དང༌། །གང་སྣང་སངས་རྒྱས་ལས་གཞན་མེད། །སྔགས་སུ་བསོད་ནམས་ཚོགས་བསག་གི །བྱ་བྱེད་ལས་གསུམ་ཇི་སྙེད་པ། །ཡེ་ཤེས་ཉིད་དུ་རོ་གཅིག་ན། །གཞན་དང་འབྲེལ་མེད་འགྱུར་ཞེ་ན། །ཐེག་པ་ཆེན་པོའི་ལུང་ཀུན་ན། །ཆོས་རྣམས་ཐམས་ཅད་སྣང་ཚུལ་དང༌། །གནས་ཚུལ་གཉིས་སུ་སོ་སོར་འབྱེད། །ཀུན་ཀྱང་གནས་ཚུལ་ཡེ་ཤེས་སུ། །རོ་གཅིག་པས་ན་དོན་དམ་པའི། །སེམས་ཅན་ཉིད་ཀྱི་དོན་མཛད་པས། །བསོད་ནམས་ཚོགས་ཀྱང་རྫོགས་པར་བཤད། །དེ་ལྟ་མིན་ན་ལམ་དུས་སུ། །ས་བོན་དང་ནི་ཕྱག་མཚན་ལས། །འོད་ཟེར་འཕྲོས་པས་སེམས་ཅན་ཀུན། །སངས་རྒྱས་ས་ལ་བཀོད་བྱས་ནས། །ཚུར་འདུས་པ་ལས་རྣལ་འབྱོར་པ། །རང་ཉིད་སངས་རྒྱས་དེ་དང་དེར། །རྫོགས་སངས་རྒྱས་ཞེས་ཁས་ལེན་པ། །འབྲས་བུ་ལམ་བྱེད་མ་ཡིན་ནམ། །འོ་ན་རྣལ་འབྱོར་པ་གཅིག་པུ། །རྫོགས་སངས་རྒྱས་ཚེ་སེམས་ཅན་ཀུན། །རྫོགས་སངས་རྒྱས་པར་ཐལ་ཅེ་ན། །དེའི་ལན་དུ་གང་སྣང་ཀུན། །རང་སེམས་ཙམ་ལས་མ་འདས་ཀྱང༌། །རྒོལ་དང་ཕྱིར་རྒོལ་རྒྱུད་གཅིག་པར། །ཐལ་བའི་ལན་དུ་ཆོས་གྲྭ་ཡི། །རྒྱུད་གཞན་གྲུབ་པ་གསུངས་དང་མཚུངས། །སྣང་བའི་ཚུལ་ལའང་མ་རིག་པས། །རྣམ་པར་བསླད་ལ་སྣང་བ་དང༌། །ཏིང་འཛིན་ཡེ་ཤེས་ཕྱོགས་གཅིག་ཙམ། །སྐྱེས་ལ་ཇི་ལྟར་སྣང་བ་དང༌། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ། །ཇི་ལྟར་སྣང་བ་གང་ཡིན་པའོ། །མ་དག་སྣང་བ་ཇི་སྙེད་པ། །དེ་དང་ཆ་འདྲ་ཇི་སྙེད་ཅིག །རྣལ་འབྱོར་པ་ལའང་དེར་སྣང་བ། །ཁོ་ནར་མ་ཟད་ཏིང་འཛིན་གྱི། །དབང་ལས་སྣ་ཚོགས་སྣང་བར་འགྱུར། །དེར་སྣང་རྣམ་པར་ཤེས་པ་དང༌། །ཡེ་ཤེས་འདྲེས་ལ་སྣང་བའི་ཕྱིར། །དག་ལ་མ་དག་པའི་སྣང་བ། །ཡིན་ནོ་རྫོགས་སངས་རྒྱས་བློ་ལ། །སྣང་ཚུལ་སྔ་མ་དེ་དག་དང༌། །ཆ་འདྲ་དེ་སྙེད་དེ་ལས་གཞན། །ཡེ་ཤེས་ཁོ་ནའི་དབང་ཉིད་ཀྱིས། །གྲངས་ལས་འདས་པ་སྣང་བར་གསུངས། །སྣང་བ་དེ་དག་ཇི་སྙེད་པ། །རང་རང་སྣང་མཁན་སེམས་ཉིད་ལས། །གཞན་དུ་ཡོད་པ་མ་ཡིན་ཏེ། །ཡོད་ན་གཟུང་འཛིན་རྫས་གཞན་འགྱུར། །རྫོགས་སངས་རྒྱས་ལ་གང་སྣང་བ། །དེ་ཀུན་རྫོགས་སངས་རྒྱས་གྱུར་ཀྱང༌། །སེམས་ཅན་གཞན་ལ་གང་སྣང་བ། །རྫོགས་སངས་རྒྱས་པ་མ་ཡིན་ནོ། །རྫོགས་སངས་རྒྱས་ལ་མི་སྣང་བའི། །ཆོས་གཞན་ཡོད་ན་ཁོང་ཀུན་མཁྱེན། །མིན་པར་ཐལ་ཞེས་ཟེར་བའི་ལན། །མ་དག་སྣང་བའི་གཟུང་འཛིན་གཉིས། །ཡོད་པར་ལུང་ལས་མ་གསུངས་སོ། །རྫོགས་སངས་རྒྱས་ལ་དམྱལ་བ་པའི། །སྣང་བ་སངས་རྒྱས་ཡེ་ཤེས་སུ། །འཆད་པ་ཧ་ཅང་ཐལ་ཞེ་ན། །དེ་ལྟར་སྣང་བ་གཞན་སྟོང་དུ། །ལུང་ལས་གསུངས་པ་འདིར་བྱོན་ཏོ། །འོ་ན་རྫོགས་པའི་སངས་རྒྱས་ཀྱིས། །སེམས་ཅན་རང་རྒྱུད་པ་དང་ནི། །འབྲེལ་པ་མེད་པའི་སེམས་ཅན་ལ། །ཆོས་གསུངས་པ་དང་ཕན་བཏགས་པས། །འགྲོ་ལ་ཇི་ལྟར་ཕན་སྙམ་ན། །དོན་དམ་པ་ཡི་སེམས་ཅན་ཉིད། །གཙོ་བོ་ཡིན་གྱིས་ཀུན་རྫོབ་པའི། །སེམས་ཅན་སངས་རྒྱས་ཀྱིས་མ་གཟིགས། །དེ་ཕྱིར་གཞི་ལམ་འབྲས་བུའི་རྒྱུད། །ཐམས་ཅད་རང་བཞིན་རྣམ་དག་གི །ཡེ་ཤེས་ཉིད་ལ་བཤད་བྱ་བ། །ལེགས་པར་བསླབས་ནས་ཤེས་པར་བྱ། །དེ་ལྟར་གང་བཤད་འདི་ཉིད་ནི། །ཕ་རོལ་ཕྱིན་དང་གསང་སྔགས་པའི། །ལམ་ལ་རྣལ་འབྱོར་བྱེད་ཀུན་གྱི། །ཉམས་སུ་ལེན་དང་བཤད་བྱའི་ཆོས། །ཡིན་ནོ་འདིར་བཤད་དགེ་བ་ཡང༌། །བསྟན་པའི་སྙིང་པོ་ཐོས་པ་དང༌། །བསམ་དང་གོམས་པར་བྱེད་པ་ལ། །གེགས་བྱེད་མེད་པ་མཐར་ཕྱིན་ཤོག། །།ཤུ་བྷཾ།། །། ༄། །ཨོཾ་སྭ་སྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །ཀླུ་སྒྲུབ་ཞབས་ཀྱི་གཞུང་ལུགས་ལ། །དགོངས་འགྲེལ་ཤིང་རྟའི་སྲོལ་གཉིས་བྱུང༌། །འཇིགས་མེད་དཔལ་ལྡན་ཆོས་སྐྱོང་དང༌། །ཐལ་རང་གཞུང་གི་མཛད་པོ་སྟེ། །ཀུན་ཀྱང་སྔགས་ལ་འཇུག་པ་ཡི། །ཐོས་བསམ་ལྟ་བ་རྣམ་དག་དང༌། །སྔགས་ལས་གསུངས་པའི་ཐབས་མཁས་ཀྱིས། །དེ་ཡི་ལྟ་བ་རྟོགས་རྗེས་སུ། །གོལ་ས་གཅོད་པའི་རིགས་པ་ལའང༌། །སྲོལ་གསུམ་པོ་ལ་བཟང་ངན་མེད། །གསུམ་ལས་ཐལ་རང་ཆོས་ཐམས་ཅད། །རང་སྟོང་ཉིད་དུ་གཏན་ལ་འབེབས། །སྲོལ་འབྱེད་དང་པོས་ཀླུ་སྒྲུབ་ཀྱི། །ལྟ་བའི་མཐར་ཐུག་ཟུང་འཇུག་དང༌། །དེར་ཞུགས་ནས་ནི་གསང་སྔགས་ཀྱི། །ལྟ་བའི་མཐར་ཐུག་ཀྱང་དེར་བཞེད། །རྗེ་བཙུན་ས་སྐྱ་པ་རྣམས་ནི། །ཐལ་རང་གཞུང་གི་སྟོང་པ་ཉིད། །ཐོས་བསམ་བསྒོམ་པས་གང་རྟོགས་པ། །ཆགས་པ་གཅོད་པའི་ལམ་དུ་བཞེད། །ལམ་དེའི་ལྟ་བ་མཐར་ཐུག་དུས། །དུག་ཅན་ཡིན་པའི་ཤེས་བྱེད་ཀྱང༌། །ལམ་གྱི་དངོས་གཞིའི་དུས་སུ་ནི། །མེད་དགག་ནམ་མཁའ་ལྟ་བུ་ཉིད། །ཡུལ་དུ་བྱེད་པའི་ཡུལ་ཅན་བློ། །རྟོག་པ་ཉིད་ལས་མ་འདས་ཤིང༌། །ཕུང་པོ་རྣམ་བཅད་སྟོང་ཉིད་དེ། །ལྟ་དང་སྔགས་དང་སྟོབས་སོགས་ཀྱི། །ཡོན་ཏན་བསྒྲུབ་པའི་གཞིར་མི་རུང༌། །དེ་ཡི་གཞིར་ནི་རྣམ་ཀུན་གྱི། །མཆོག་ལྡན་སྟོང་ཉིད་དགོས་ཕྱིར་རོ། །ལམ་འབྲས་ཆོས་སུ་གསུངས་པ་ཡི། །བྱང་ཆུབ་ཆེན་པོའི་ལམ་ཞེས་པ། །ཆགས་གཅོད་ལྟ་བ་སྔོན་སོང་བའི། །ཟུང་འཇུག་དེ་ལ་བཤད་པ་ཡིན། །ཟུང་འཇུག་དེ་ཡང་ལམ་དུས་སུ། །སྣང་སྟོང་དང་ནི་གསལ་སྟོང་དང༌། །བདེ་སྟོང་གསུམ་དུ་འབྱེད་མོད་ཀྱི། །ལྟ་བའི་དངོས་གཞི་གསུམ་པ་ཉིད། །གསུམ་པོ་ཤེས་བྱ་ཐམས་ཅད་ལ། །ཁྱད་མེད་བཞུགས་པ་ལ་དགོངས་ནས། །དོན་གཅིག་ཞེས་དང་རྟོགས་བྱེད་ཀྱི། །ཐབས་ཀྱི་དབྱེ་བས་བཟང་ངན་བཤད། །ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་སུ། །དངོས་བསྟན་ཟུང་འཇུག་མ་བཤད་ཀྱང༌། །བསྟོད་པའི་ཚོགས་དང་སྔགས་གཞུང་དུ། །གསུངས་ཞེས་མཁས་མཆོག་ཤནྟི་པས། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །བདེན་པ་གཉིས་པོ་འདིར་བཤད་ཅེས། །བཤད་དེ་འཇིགས་མེད་ཆོས་སྐྱོང་གི །དགོངས་པ་ཉིད་དུ་གསལ་བ་ཡིན། །ཟླ་བ་གྲགས་པས་གང་བཤད་པའི། །སྟོང་ཉིད་ཆོས་སྐྱོང་ཞབས་སོགས་ཀྱི། །ཐུགས་སུ་མ་ཆུད་ཅེས་གསུང་མོད། །དཔལ་ལྡན་བརྩེ་བ་ཆེན་པོ་ཡིས། །ཆགས་པ་གཅོད་པའི་ལམ་ཉིད་དང༌། །རྗེ་བཙུན་ཆེ་དེས་མཐའ་བྲལ་དུ། །གཏན་ལ་ཕེབས་པའི་ལྟ་བར་བཤད། །དེ་ཡང་རྡོ་རྗེ་གུར་ཉིད་ལས། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་པས་ཆགས་གཅོད་ལྟ་བ་དང༌། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ཀྱི་བདེ་བའི་སྡོམ་པ་སྟེ། །ཞེས་སོགས་རྒྱས་པར་གསུངས་པ་ནི། །ཟུང་འཇུག་བྱང་ཆུབ་ཆེན་པོའི་ལམ། །འདི་ལ་ཆོས་སྐྱོང་ཞབས་ཀྱིས་ནི། །རིགས་ཚོགས་སེམས་ཙམ་དུ་བཀྲལ་ཟེར། །འོ་ན་རྫོགས་སངས་རྒྱས་ཉིད་ཀྱིས། །དོན་དམ་རྣམ་ངེས་མདོ་དེར་ཡང༌། །ཤེར་ཕྱིན་དགོངས་པ་སེམས་ཙམ་དུ། །བཀྲལ་བ་ཡིན་ནམ་དེར་འདོད་ན། །དབུ་མ་རང་ཉིད་མཛད་པོ་ཡིས། །སེམས་ཙམ་གཞུང་དུ་འགྲེལ་མཛད་ན། །གྲུབ་མཐའི་གོ་རིམ་འཆོལ་བ་དང༌། །རྣམ་རིག་ཙམ་ལས་མ་གཏོགས་པའི། །ཆོས་གཞན་མེད་པ་སེམས་ཙམ་པའི། །གྲུབ་མཐར་འཆད་ན་སྔགས་གཞུང་ཀུན། །སེམས་ཙམ་ཉིད་དུ་ཐལ་བ་དང༌། །རང་རྒྱལ་བསེ་རུ་ལྟ་བུས་ཀྱང༌། །སེམས་ཙམ་རྟོགས་ཕྱིར་ཆོས་དབྱིངས་ལས། །ཆོས་གཞན་མེད་དེ་རྟོགས་པར་འགྱུར། །དེ་སྦྱར་བ་ལས་སྐྱེས་པའི་དགེ །ཆོས་སྐྱོང་ངོ་བོ་ཉིད་མེད་ཀྱི། །དབུ་མར་ཞུགས་ཞེས་འཆད་པའི་གཏམ། །ཕྱོགས་ཞེན་ཅན་དེ་སྤང་ཕྱིར་བསྔོ།། །།ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །ཆོས་སྐྱོང་ཞབས་ཀྱི་ལམ་འབྲས་དང༌། །ཤིན་ཏུ་སྤྲོས་པ་མེད་པ་ཡི། །མན་ངག་གཞུང་དུ་ཐལ་རང་གི །དབུ་མའི་རིགས་པ་མ་བཤད་པར། །བྱམས་པའི་གཞུང་གི་རྗེས་ཞུགས་པའི། །དབུ་མའི་རིགས་པ་དེ་ཁོ་ན། །རྒྱས་པར་བཤད་པ་ཉིད་ཡིན་ཕྱིར། །ཆོས་སྐྱོང་ཞབས་ཀྱི་དབུ་མ་ཡང༌། །སེམས་ཙམ་ཡིན་ཞེས་འཆད་མི་རུང༌། །ཐལ་རང་གཞུང་གི་དབུ་མ་ནི། །ལེགས་ལྡན་འབྱེད་དང་ཟླ་གྲགས་ཀྱིས། །གསལ་བར་མཛད་པའི་སྔོན་མ་བྱུང༌། །ཆོས་སྐྱོང་ཞབས་ཀྱི་དབུ་མ་ནི། །མདོ་དང་རྒྱུད་དང་མན་ངག་གི །གཞུང་ཆེན་ཀུན་ན་གསལ་བའི་ཕྱིར། །ཁུངས་མེད་དབུ་མར་བཤད་མི་རུང༌། །ལུགས་དེ་སློབ་དཔོན་ཟླ་གྲགས་ཀྱིས། །རྒྱས་པར་བཀག་པ་མ་ཡིན་ནམ། །ཞེ་ན་ལུགས་དེའི་སྟོང་ཉིད་ཀྱང༌། །ནིམ་པའི་ཤིང་ལས་རྒུན་འབྲུམ་གྱི། །དཔེ་དང་ཆུ་ཤིང་སྙིང་པོའི་དཔེས། །རྒྱས་པར་བཀག་པ་མ་ཡིན་ནམ། །འོ་ན་འགལ་ལ་མི་འཁྲུལ་བའི། །ཁས་ལེན་ནུས་པར་འགྱུར་ཞེ་ན། །ཟླ་བའི་ཞབས་ཀྱིས་ལེགས་བཤད་པའི། །སྟོང་ཉིད་ལས་གཞན་སྔགས་ལུགས་ཀྱི། །སྟོང་ཉིད་ངོས་འཛིན་མི་འཆད་པ། །ཆོས་སྐྱོང་ཞབས་ཀྱི་ཐུགས་མ་ཆུད། །ཀུན་བཏགས་ལས་གཞན་ཆོས་ཇི་སྙེད། །ངོ་བོ་ཉིད་ཀྱིས་མི་སྟོང་བར། །འཆད་པ་ལེགས་ལྡན་ཟླ་སོགས་ཀྱི། །ཐུགས་ལ་ཤོང་བ་མ་ཡིན་ནོ། །འོ་ན་གཉིས་ཀ་མི་འཐད་པར། །ཁྱོད་ཀྱི་ཁས་བླངས་བྱེད་ནུས་སམ། །ཞེ་ན་གཉིས་པོ་མི་འགལ་བར། །ཤེས་ནས་འཆད་པའི་ཚུལ་འདི་ལྟར། །ཐལ་རང་ལྟ་བའི་འཆད་ཚུལ་ཚེ། །འཕགས་པའི་མཉམ་པར་བཞག་ངོ་ན། །ཆོས་རྣམས་རང་རང་གིས་སྟོང་ཕྱིར། །ཡུལ་ལ་འཇུག་པའི་བློ་ཡོད་མིན། །རིག་བྱ་རིག་བྱེད་གཉིས་མེད་པ། །སོ་སོ་རང་རིག་ཞེས་བྱར་བཏགས། །མཉམ་པར་བཞག་ལས་བཞེངས་པའི་ཚེ། །ཇི་སྙེད་འཇལ་བའི་ཡེ་ཤེས་དང༌། །བསོད་ནམས་ཚོགས་ཆེན་བསོག་པ་ཡི། །རྣམ་ཤེས་ཡོད་པར་ཁས་ལེན་པ། །འགོག་པའི་སྙོམས་པར་འཇུག་པ་ལས། །ལངས་པའི་རྗེས་ཐོབ་ཇི་བཞིན་ནོ། །དེ་ལྟར་བསྐལ་པ་གྲངས་མེད་གསུམ། །བསྒོམས་པས་རྫོགས་སངས་རྒྱས་མཐར་ཕྱིན། །རྫོགས་སངས་རྒྱས་པའི་ཆོས་ཀྱི་སྐུ། །སྟོང་པ་ཉིད་དུ་རོ་གཅིག་མོད། །ཡིད་བཞིན་ནོར་འདྲ་སོགས་ཀྱི་དཔེས། །གཟུགས་སྐུ་ཕྲིན་ལས་ལྷུན་གྱིས་གྲུབ། །གཟུང་འཛིན་རྟོག་པ་ཀུན་བྲལ་བའི། །གཉིས་མེད་ཡེ་ཤེས་རང་རིག་པ། །གཞི་ལམ་འབྲས་བུའི་ས་ཀུན་ཏུ། །རྒྱུན་མི་ཆད་པ་ཆོས་སྐྱོང་གི །གཞུང་ཡིན་སྔགས་ཀྱི་ལམ་ཞུགས་ཚེ། །ཀུན་བཏགས་ངོ་བོ་ཉིད་མེད་དང༌། །ཡོངས་གྲུབ་ཡོན་ཏན་ཀུན་གྱི་གཞིར། །མེད་མི་རུང་བ་ཉིད་དུ་འཆད། །ལུགས་དེ་གཉིས་ཀ་ལྟ་བའི་ཚེ། །རྣམ་པར་རྟོག་ཀུན་འགོག་མཚུངས་མོད། །ཁྱད་པར་རྣམ་རྟོག་རང་ངོ་ནས། །འགོག་དང་ཡུལ་གཞན་བཀག་པ་ཡི། །སྒོ་ནས་རྣམ་རྟོག་འགོག་པ་ཉིད། །བུད་ཤིང་མེད་ན་མེ་མེད་པའི། །དཔེ་ཡིས་བསྟན་པ་གང་ཡིན་དང༌། །གཟུང་མེད་འཛིན་པ་ཉིད་མེད་ཅེས། །མཐུན་པར་གསུངས་པ་དེ་ཡིན་ནོ། །ལྟ་བས་སྤྲོས་པ་བཅད་པ་ཡི། །འབྲས་བུ་ཁྱད་པར་མེད་མོད་ཀྱང༌། །བསྒོམ་པས་ཉམས་སུ་མྱོང་བྱའི་དུས། །རང་རིག་ཡེ་ཤེས་ཁས་ལེན་པ། །འདི་ནི་ཕར་ཕྱིན་ཐེག་པའི་ཚེ། །སྲོལ་འབྱེད་གཉིས་ཀྱི་ཁྱད་པར་སྟེ། །སྔགས་སུ་དཔལ་ལྡན་ཟླ་བས་ཀྱང༌། །གནས་ལུགས་སེམས་ཀྱི་རྡོ་རྗེར་བཞེད། །དེ་ལྟར་དེ་འཆད་བྱེད་པོ་ཡི། །ལྷག་བསམ་ཟླ་བ་ལྟར་དཀར་བས། །རང་གཞུང་ལ་གཞན་ཆོས་ཀུན་ལ། །སྐུར་འདེབས་བྱེད་པོའི་མུན་སེལ་ཤོག། །ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་བྱས་ནས། །སྔགས་དང་ཕ་རོལ་ཕྱིན་པའི་ཚེ། །ལྟ་བའི་རང་གཞུང་ཚུགས་བཤད་པ། །དེ་ལ་རྩོད་པ་སྤང་བར་བྱ། །སློབ་དཔོན་ཟླ་བས་གང་བཤད་པའི། །སྟོང་ཉིད་ལས་གཞན་སྟོང་པ་ཉིད། །གོ་ཆོད་སྔགས་ཀྱི་གཞུང་ལུགས་ལ། །ཡོད་པ་མིན་ཅེས་ཟེར་བ་དང༌། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །སྟོང་ཉིད་མེད་དགག་ལ་འཆད་དང༌། །ཕར་ཕྱིན་ལྟ་བ་ལས་ལྷག་པ། །སྔགས་ལ་མེད་པར་ས་སྐྱ་པས། །བཤད་ཅེས་ཟེར་དང་སངས་རྒྱས་ལ། །ཡེ་ཤེས་མེད་པ་ཟླ་གྲགས་ཀྱི། །དགོངས་པར་འཆད་ན་སངས་རྒྱས་དང༌། །སློབ་དཔོན་ཉིད་ལ་སྐུར་འདེབས་ཞེས། །ས་སྐྱ་པ་ཡིས་འཆད་ཟེར་བ། །དེ་དག་རིམ་བཞིན་སྤང་བར་བྱ། །ཐལ་རང་གཞུང་དུ་མ་གྲགས་པའི། །སྟོང་པ་ཉིད་ནི་གོ་ཆོད་པོ། །ཡང་དག་རྫོགས་སངས་རྒྱས་ཉིད་ཀྱི། །འཁོར་ལོ་གསུམ་པའི་མདོ་དང་ནི། །གསང་འདུས་དགྱེས་པ་རྡོ་རྗེ་དང༌། །དུས་ཀྱི་འཁོར་ལོར་གང་གསུངས་པ། །བྱམས་པའི་ཆོས་དང་བྱང་སེམས་ཀྱི། །འགྲེལ་པ་སྐོར་གསུམ་དག་ནས་འབྱུང༌། །དེ་དག་ཡེ་ཤེས་དུ་འཆད་ཕྱིར། །སྟོང་ཉིད་ངོ་བོ་མིན་ཞེ་ན། །སྟོང་པ་ཉིད་ལ་རང་རང་གི །ངོ་བོས་སྟོང་དང་གཞན་ཞིག་གིས། །སྟོང་པའི་དབྱེ་བ་གཉིས་འཆད་པ། །ཆོས་འཁོར་བར་མཐའི་དབྱེ་བས་ཕྱེ། །ཕུང་པོ་རྣམ་བཅད་སྟོང་ཉིད་དང༌། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཞེས། །གཉིས་སུ་འབྱེད་པ་འཇམ་དཔལ་གྱིས། །ལྟ་བའི་དབྱེ་བ་འཆད་ལས་གསུངས། །བདེ་སྟོང་ཟུང་འཇུག་ལ་སོགས་པར། །འཆད་པའི་ཚེ་ན་སྟོང་ཉིད་ཀྱི། །ངོས་འཛིན་བདེ་དང་གསལ་བ་དང༌། །སྣང་བ་ཉིད་ལའང་བཤད་པ་ཡིན། །དེ་ལྟར་མིན་ན་ཁྱོད་ཀྱིས་ནི། །ཟུང་འཇུག་ངོས་འཛིན་གསལ་བར་སྨྲོས། །ཆོས་ཀྱི་དབྱིངས་དང་དོན་དམ་དང༌། །སྟོང་པ་ཉིད་དང་གནས་ཚུལ་ཞེས། །མིང་གི་རྣམ་གྲངས་གང་བཤད་པ། །ཆོས་དབྱིངས་ཡེ་ཤེས་ལས་གཞན་མེད། །ངོ་བོ་ཉིད་མེད་སྨྲ་གཞུང་དུ། །གནས་ལུགས་དོན་དམ་ལ་སོགས་པ། །མེད་ལ་དེར་སྒྲོ་བཏགས་པ་ཙམ། །ཡིན་གྱི་དོན་དམ་ཁས་མི་ལེན། །སྔགས་ལའང་དེ་ལྟར་མཚུངས་ཤེ་ན། །སྔགས་ཀྱི་བསོད་ནམས་ཚོགས་སོག་ཀུན། །གཟུང་འཛིན་གཉིས་སྟོང་ངང་ཉིད་ལས། །མ་གཡོས་བཞིན་དུ་བྱེད་པའི་ཕྱིར། །དོན་དམ་བདེན་པ་ལས་གཞན་མེད། །སྔགས་སུ་ཆོས་ཀུན་ཀུན་རྫོབ་ཞེས། །འཆད་པ་གཞུང་ན་ཡོད་མ་ཡིན། །ངོ་བོ་ཉིད་མེད་སྨྲ་གཞུང་དུ། །ཀུན་རྫོབ་མ་གཏོགས་ཆོས་གཞན་མེད། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི། །ངོས་འཛིན་མདོ་སྔགས་གཉིས་ནས་གསུངས། །མདོ་ནས་སྦྱིན་སོགས་ཆོས་རྣམས་ལ། །ཀུན་རྫོབ་དོན་དམ་གཉིས་ཕྱེ་ནས། །དོན་དམ་ཉིད་དུ་གང་འཆད་པའི། །རྣམ་བྱང་ཆོས་རྣམས་ཇི་སྙེད་པ། །རྣམ་ཀུན་མཆོག་ལྡན་སྟོང་པར་བཞེད། །དཔེར་ན་རྒྱུད་བླར་དོན་དམ་པའི། །སེམས་ཅན་བྱང་སེམས་སངས་རྒྱས་ཀྱི། །ངོས་འཛིན་ཆོས་ཉིད་ཁོ་ནར་བཤད། །སྔགས་སུའང་དེ་ལྟར་འཆད་ནུས་མོད། །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡི། །མིང་ཅན་དེ་ལ་དེར་འཆད་དོ། །དེ་ལས་གཞན་པའི་མེད་དགག་ནི། །བདེ་དང་ཇི་ལྟར་ཟུང་དུ་འཇུག །ཡུལ་ཅན་བདེ་བ་ཆེན་པོ་ཡིས། །ཡུལ་གྱི་སྟོང་ཉིད་དེ་རྟོགས་པས། །བདེ་སྟོང་ཟུང་དུ་སྦྱོར་ཞེས་པའི། །སྲོལ་འདི་ཁྱེད་ལས་སྔོན་མ་བྱུང༌། །མེད་པར་དགག་པའི་ཡུལ་ཅན་གྱི། །བདེ་བ་རྟོག་པ་ལས་མ་འདས། །ས་སྐྱ་པ་ཡིས་བཤད་པའི་དོན། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་སྤྲོས་བྲལ་སྔགས་ན་མེད། །ཡོད་ན་སྔགས་ཀྱི་ལྟ་བ་ནི། །སྤྲོས་པ་ཅན་དུ་འགྱུར་ཞེས་དང༌། །སྤྲོས་བྲལ་འཆད་ཚུལ་ཡོད་མེད་སོགས། །ཡུལ་གྱི་སྤྲོས་པ་ཀུན་བྲལ་དང༌། །དེ་དང་དེ་ལས་སོགས་འཛིན་པ། །ཡུལ་ཅན་སྤྲོས་པ་ཀུན་བྲལ་བ། །དབུ་མར་སྤྲོས་བྲལ་དང་པོ་དང༌། །སྔགས་སུ་སྤྲོས་བྲལ་ཕྱི་མ་བཤད། །གཉིས་ཀའང་མཐར་ཐུག་དོན་གཅིག་སྟེ། །རྣམ་རྟོག་འགོག་པའི་དགོས་ཕྱིར་རོ། །ཞི་བ་ལྷ་དང་ཟླ་བའི་ཞབས། །གཉིས་ཀས་རྫོགས་སངས་རྒྱས་ཀྱི་སར། །ཡེ་ཤེས་མེད་པར་གང་འཆད་པ། །འཁོར་ལོ་བར་པར་གང་བཤད་པའི། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པའི་ཚུལ་དེ་མ་ནོར་བར། །འཆད་ན་ཚུལ་དེ་བཤད་དགོས་སོ། །ཅི་ཕྱིར་ཞེ་ན་ཆོས་རྣམས་ཀུན། །རང་སྟོང་ཉིད་དུ་ཁས་བླངས་ནས། །དེ་ཡི་ཡུལ་ཅན་ཡེ་ཤེས་ཀྱང༌། །དེར་མི་འདོད་པ་ཅི་ཡི་ཕྱིར། །ཡེ་ཤེས་དེ་ཡང་རང་སྟོང་དུ། །འདོད་ན་ཤེས་དེ་ཡོད་པར་འགལ། །རྫོགས་སངས་རྒྱས་ལ་བསྐུར་འདེབས་སུ། །འགྱུར་བ་མིན་པའི་ཤེས་བྱེད་ནི། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པ་ཉིད་ལས་གཡོ་མེད་པར། །གཞན་སྣང་དཔག་བསམ་ཤིང་ཇི་བཞིན། །ཕྲིན་ལས་ལྷུན་གྱིས་གྲུབ་ཕྱིར་རོ། །དེ་སྐད་འདི་ནི་མ་སྦྱར་ན། །སྔགས་ཀྱི་བསོད་ནམས་ཚོགས་སོག་པ། །ཀུན་རྫོབ་ཁོ་ནར་དོགས་གྱུར་པ། །སྤང་བའི་ཕྱིར་རོ་འདི་སྦྱར་བས། །སྔགས་དང་ཕ་རོལ་ཕྱིན་པ་ཡི། །བསོད་ནམས་ཚོགས་ཆེན་ཁྱད་པར་དང༌། །རྫོགས་པའི་ཚུལ་དང་འབྲས་དུས་ཀྱི། །དབྱེ་བ་བདེ་བླག་རྟོགས་པར་ཤོག། །།ཤུ་བྷ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །སྔགས་ཀྱི་ལྟ་བའི་མཐར་ཐུག་ནི། །བདེ་སྟོང་ཟུང་འཇུག་ཅེས་བྱ་བ། །དེ་ཡི་ངོས་འཛིན་འདིར་བཤད་བྱ། །བདེ་དང་སྟོང་དང་ཟུང་འཇུག་པ། །རྣམ་པ་གསུམ་དུ་ཐོག་མར་དབྱེ། །བདེ་བ་དེ་ཡང་རྫོགས་རིམ་གྱི། །དབང་དུ་བྱས་ན་རྣམ་གསུམ་སྟེ། །རང་བྱིན་བརླབས་དང་གཞན་རྐྱེན་ལས། །བྱུང་དང་ཟག་པ་མེད་བདེ་བ། །སྔ་མ་གཉིས་པོ་ལུས་ཚོར་ཏེ། །ཟག་མེད་བདེ་ལ་ལུས་སེམས་གཉིས། །ལུས་བདེ་རང་གིས་རང་སྟོང་ལ། །སྟོང་པ་ཉིད་དུ་བཤད་བྱས་ཚེ། །ཆགས་པ་གཅོད་པའི་ལམ་དང་ནི། །ཀུན་ཏུ་རྨོངས་པའི་གཉེན་པོར་བཤད། །ལུས་བདེ་རྣམ་རྟོག་གིས་སྟོང་པ། །སྟོང་པ་ཉིད་ཀྱི་ངོས་བཟུང་ཚེ། །སྟོང་པ་དེ་ལའང་མེད་དགག་དང༌། །མ་ཡིན་དགག་པའི་དབྱེ་བས་གཉིས། །དང་པོ་ཆགས་པ་གཅོད་པ་སྟེ། །གཉིས་པ་ཟུང་འཇུག་རྗེས་མཐུན་པ། །ཆགས་པ་གཅོད་པའི་ཚུལ་གཉིས་ཀ །ཤིང་རྟའི་སྲོལ་ལས་བྱུང་མོད་ཀྱང༌། །ཆགས་གཅོད་རྐྱང་པ་འཆད་པའི་ཚེ། །རང་སྟོང་ཚུལ་དེ་བཟུང་བར་བྱ། །བདེ་སྟོང་སོ་སོར་ངོས་བཟུང་ནས། །ཚུལ་བཞིན་གོམས་པར་བྱས་པ་ན། །ཟུང་འཇུག་ཉིད་དུ་ལྷུན་གྱིས་གྲུབ། །དེ་ཚེ་ཟག་པ་མེད་བདེ་བ། །དེ་ལ་རྗེས་མཐུན་མཚན་ཉིད་པ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །དང་པོ་མཚོན་བྱེད་དཔེའི་ཡེ་ཤེས། །གཉིས་པ་དོན་གྱི་ཡེ་ཤེས་སོ། །དཔེ་དོན་གཉིས་ཀ་ཟུང་འཇུག་ལས། །གཞན་དུ་བཤད་པར་མི་བྱ་སྟེ། །རྟོག་དང་བཅས་པའི་ལྟ་བ་དེས། །དོན་གྱི་ཡེ་ཤེས་མཚོན་མི་ནུས། །དཔེ་དོན་གཉིས་པོ་རེ་རེ་ལའང༌། །རང་བཞིན་ལྷན་ཅིག་སྐྱེས་པ་དང༌། །ཞུ་བདེ་ལྷན་ཅིག་སྐྱེས་པའོ། །གཉིས་པོ་འགལ་བ་མ་ཡིན་ཏེ། །དབང་ལ་ལྟོས་དང་མ་ལྟོས་པའི། །དབྱེ་བས་སྤྱི་དང་བྱེ་བྲག་གོ །རང་བཞིན་ལྷན་ཅིག་སྐྱེས་པ་ནི། །ཡུལ་ལ་ཁྱད་པར་མེད་ཞུགས་པ། །ཐོས་བསམ་སྦྱོར་མཐོང་སྒོམ་གསུམ་པོའི། །རིམ་གྱིས་ཕར་ཕྱིན་པས་རྟོགས་ཚེ། །སྤྱི་ཡི་དོན་དུ་བཤད་པ་ཡི། །རང་བཞིན་ལྷན་ཅིག་སྐྱེས་ཙམ་ཉིད། །དེ་ཚེ་རྟོག་བྲལ་མ་འཁྲུལ་པ། །རྣལ་འབྱོར་པ་ཡི་མངོན་སུམ་ཉིད། །ཡིན་ཕྱིར་དེ་ལ་དཔེ་དང་ནི། །དོན་གྱི་དབྱེ་བ་མི་འཐད་དོ། །རང་བྱིན་བརླབས་དང་དབང་གསུམ་པ། །ལས་བྱུང་ལུས་ཚོར་བདེ་བ་ནི། །རྟོག་དང་བྲལ་བར་གང་སྐྱེས་ཚེ། །དཔེ་དང་དོན་གྱི་དབྱེ་བས་གཉིས། །དཔེ་ནི་སླར་བཟློག་སྲིད་པ་སྟེ། །དོན་ནི་གྲུབ་པའི་མཐར་སོན་པ། །དཔེ་དེ་ཙམ་ནི་མུ་སྟེགས་ལ། །ཡོད་པས་དེ་ཉིད་རྟོགས་ཟེར་ཞིང༌། །ཤེས་དེ་ཉིད་ལ་རྗེས་ཐོབ་ཏུ། །བདག་ཏུ་རྨོངས་ཤིང་རྟོག་པར་བྱེད། །ཀུན་ཏུ་རྨོངས་པ་དེ་བཟློག་ཕྱིར། །བདེ་བ་ཆོས་དང་གང་ཟག་གིས། །སྟོང་པ་གནས་སྐབས་གཉིས་པར་བཤད། །ཐོས་བསམ་རིགས་པས་བདག་མེད་པ། །ཤེས་པའི་སངས་རྒྱས་པ་ལ་ནི། །གསང་སྔགས་ཐབས་ལས་སྐྱེས་པ་ཡི། །དཔེའི་ཡེ་ཤེས་བཟློག་མི་སྲིད། །གོང་མའི་དབང་ཉིད་ལས་བྱུང་བའི། །ལྷན་སྐྱེས་དགའ་བར་མཚན་བཏགས་པ། །དེ་ཡང་ཚིག་གི་བཞི་པ་ཡིས། །རྟོག་བྲལ་ཉིད་དུ་ངོ་སྤྲོད་བྱེད། །ངོ་འཕྲོད་གྱུར་ཀྱང་གོམས་པ་ཡིས། །འགྱུར་མེད་བདེ་བར་མ་སོན་པ། །དེ་སྲིད་དཔེར་ཡང་མི་རུང་ངོ༌། །འགྱུར་མེད་བདེ་བའང་སྟོང་བརྒྱད་བརྒྱ། །ཕྲག་ཚན་བཅུ་གཉིས་སུ་ཕྱེ་ནས། །བཅུ་གཉིས་པ་དང་སྦྱོར་བའི་ཕྱིར། །ཕྲག་ཚན་དང་པོའི་ཆ་ཤས་ཀྱི། །འགྱུར་མེད་སྟོང་དང་བདུན་བརྒྱ་པོ། །དཔེ་ཡི་ཡེ་ཤེས་ཉིད་དང་ནི། །སྦྱོར་བའི་ལམ་དགུ་དོན་མི་ཟ། །རྣམ་པར་རྟོག་དང་མ་བྲལ་བའི། །ལུས་ཚོར་བར་པ་གང་སྐྱེས་ཀྱང༌། །ཡེ་ཤེས་ཉིད་དུ་མི་རུང་ཞེས། །གྲུབ་པའི་གཞུང་ལས་ཇི་སྐད་དུ། །དབང་པོ་གཉིས་སྦྱར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ཡི་བདེ་བ་བདེ་ཆེན་དུ། །རྒྱལ་བས་མ་གསུངས་ཞེས་བཤད་དོ། །རང་བྱིན་བརླབས་པའི་རིམ་པ་ཡིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །ཇི་ཙམ་འགགས་ཚེ་དེར་རྒྱུ་བའི། །རྣམ་པར་རྟོག་པ་དང་བྲལ་ཕྱིར། །གསུམ་པའི་དབང་ལས་བདེ་ཐོབ་པ། །དེ་ཚེ་འགྱུར་མེད་བདེ་བ་ཡང༌། །རླུང་འགགས་པ་དང་གྲངས་མཉམ་པ། །མངོན་དུ་བྱེད་ལ་ནུས་ཐོབ་འགྱུར། །འགྱུར་མེད་བདེ་བ་གཅིག་ཙམ་ཞིག །རྣམ་པར་རྟོག་དང་བྲལ་བའི་ཕྱིར། །བདེ་སྟོང་ཟུང་འཇུག་ཆ་ཤས་གཅིག །ཡིན་ནོ་ལུས་ཚོར་བདེ་པ་ནི། །བདེན་པས་སྟོང་པ་བདེ་དང་སྟོང༌། །ཟུང་དུ་འཇུག་པའི་དོན་ཡིན་ཞེས། །ཕྱིས་བྱོན་རྣམས་ཀྱི་སྨྲས་པ་དེ། །ཁུངས་ལས་བྱུང་བ་མ་ཡིན་ནོ། །གཞན་དུ་ཐབས་ཤེས་ཟུང་འཇུག་ལས། །མ་གཏོགས་ཆོས་གཞན་གང་དུ་བཙལ། །ཟག་མེད་བདེ་བ་ཆེན་པོ་ཡིས། །སྟོང་ཉིད་ཡུལ་དུ་བྱས་པ་ན། །བདེ་སྟོང་ཟུང་དུ་འཇུག་གོ་ཞེས། །སྨྲ་ལ་ཁུངས་ཡོད་མ་ཡིན་ཏེ། །ལུང་རིགས་ཀུན་དང་འགལ་ཕྱིར་རོ། །ཤེས་དང་ཤེས་བྱ་གཅིག་ཞེས་པ། །ཅི་ལ་ཟེར་བ་ཁྱོད་ཀྱིས་སྨྲོས། །ཤེས་པ་ཤེས་བྱའི་ངང་དུ་ནི། །ཆུ་ལ་ཆུ་བཞག་བཞིན་ཟེར་མོད། །ཤེས་པ་རང་སྟོང་ངང་དུ་ནི། །དེ་ལྟར་སོང་ན་ཤེས་ཡོད་མིན། །སྟོང་ཉིད་ཤེས་པར་རོ་གཅིག་ན། །སྟོང་ཉིད་སླར་ལོག་གྱུར་མིན་ནམ། །དེས་ན་རྣམ་རྟོག་ཀུན་བྲལ་པའི། །ཟག་མེད་བདེ་བ་ལྷུར་བྱོས་ཤིག །དེ་སྦྱར་ཕྱི་མའི་དུས་འདིར་ནི། །སྔགས་ཀྱི་ཟུང་འཇུག་ལྟ་བ་ནི། །མུན་པའི་མལ་དུ་གཉིད་ལོག་པ། །སྔ་བར་ནམ་ལངས་བྱེད་པོར་ཤོག །ཤུ་བྷཾ།། །། ༄། །ཨོཾ་སྭསྟི། རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །གསང་སྔགས་དངོས་གཞིའི་ཉམས་ལེན་ནི། །ལྟ་བ་མ་འཁྲུལ་བ་རྟོགས་པ། །ངེས་པར་སྔོན་དུ་འགྲོ་དགོས་ཏེ། །དེ་མ་རྟོགས་པར་དེ་བྱས་ན། །ཚེ་གཅིག་ལ་ནི་ཚོགས་གཉིས་པོ། །ཇི་བཞིན་རྫོགས་པར་དཀའ་བ་དང༌། །རིམ་པ་གཉིས་ཀྱི་ཉམས་ལེན་ཀུན། །ཀུན་རྫོབ་ཐད་སོར་བཞག་པ་ལ། །རུང་བ་མིན་པ་ཉིད་ཕྱིར་དང༌། །ཡེ་ཤེས་ཡིན་ཕྱིར་ཆོས་རྣམས་ཀུན། །དོན་དམ་ཉིད་ལས་མ་འདས་ཕྱིར། །དེ་ཡང་ཐོག་མར་ཀུན་རྫོབ་ཆོས། །རང་སྟོང་ཉིད་དུ་ཤེས་ཟིན་ནས། །དོན་དམ་ཆོས་ཀུན་ང་ཡིན་ཞེས། །དེ་ལས་རིམ་གཉིས་ཆོས་ཀུན་སྤྲོ། །དོན་དམ་དེ་ལ་མཚན་འཛིན་གྱི། །རྣམ་པར་རྟོག་པ་འགོག་དོན་དུ། །རྗེས་ཀྱི་རིག་ཤེས་རྟོག་པ་ཡིས། །དེ་ཡང་སྟོང་པ་ཉིད་དུ་བྱེད། །རྟོག་ངོར་དོན་དམ་སྟོང་ཉིད་དུ། །གཏན་ལ་ཕེབས་པ་ཙམ་གྱིས་ནི། །གནས་ལུགས་འགོག་པར་ནུས་མིན་ཏེ། །རྟོག་པའི་ཡུལ་ལས་དེ་འདས་ཕྱིར། །དེ་ཡང་ཐོག་མར་གང་ཟག་གི །དབང་བྱས་གཟུང་འཛིན་རྣམ་གཉིས་དག །སྟོང་པ་ཉིད་དུ་ཤེས་དགོས་ཏེ། །མུ་སྟེགས་ཆོས་ལས་དབྱེ་བྱའི་ཕྱིར། །གང་ཟག་མིན་པའི་ཀུན་རྫོབ་ཀྱི། །ཆོས་འགའ་སྟོང་པ་ཉིད་ཤེས་པ། །གྲངས་ཅན་ལ་སོགས་མུ་སྟེགས་ཀྱིའང༌། །ཆོས་ནས་བཤད་པ་ཉིད་ཕྱིར་རོ། །ང་དང་གང་ཟག་ཡོད་མིན་ན། །རྒྱུད་དུ་ང་ལས་མ་རྟོགས་པའི། །ཆོས་གཞན་ཡོད་པ་མིན་ཞེས་དང༌། །ང་ལས་ཆོས་ཀུན་འབྱུང་ཞེས་པ། །ཅི་ཞེས་དོགས་ན་དོན་དམ་པའི། །ང་ལ་དགོངས་ཏེ་གསུངས་པ་ཡིན། །དོན་དམ་ང་ནི་ང་མེད་ལ། །བདག་ཏུ་ལྟ་བ་ཡིན་ནོ་ཞེས། །ཤེས་རབ་ཕ་རོལ་ཕྱིན་ལས་གསུངས། །ཀུན་རྫོབ་བདག་མེད་དོན་དམ་པའི། །བདག་ཡོད་ཉིད་དུ་ཁས་བླངས་ན། །ཀུན་རྫོབ་ལས་ནི་དོན་དམ་པ། །ཤིན་ཏུ་དབང་བཙན་ཉིད་ཀྱི་ཕྱིར། །བདག་ཡོད་ཉིད་དུ་ཁས་བླངས་འགྱུར། །དཔེར་ན་ཀུན་རྫོབ་དུ་ཡོད་པས། །ཡོད་མི་དགོས་ཤིང་དོན་དམ་པར། །ཡོད་ན་ཡོད་དགོས་ཇི་བཞིན་ནོ། །ཞེ་ན་ཆོས་འཁོར་གསུམ་པ་ལས། །དམ་པའི་བདག་དེ་མ་ཉམས་པར། །ཉམས་ལེན་བྱས་པས་འབྲས་དུས་སུ། །བདག་དམ་པ་ཡི་ཕ་རོལ་ཏུ། །ཕྱིན་པ་འབྱུང་ཞེས་གསལ་བར་གསུངས། །དེ་བཞིན་གཙང་བདེ་རྟག་གསུམ་ལ། །སྦྱར་ནས་རྒྱས་པར་གསུངས་ཡོད་པ། །དེས་ཀྱང་རྡོ་རྗེ་ཐེག་པ་ཡི། །ཉམས་སུ་བླང་བྱའི་མཚན་ཉིད་ཤེས། །གང་ཟག་ཀུན་རྫོབ་ཏུ་མེད་ཅིང༌། །དམ་པའི་དོན་དུ་སོང་ཞེས་པ། །དེ་འདྲའི་ཁས་ལེན་ཕྱིན་ཅི་ལོག །དབུ་མའི་ལུང་དང་འགལ་ཞེ་ན། །ཀུན་རྫོབ་ཆོས་ཀུན་མེད་པ་དང༌། །ཀུན་རྫོབ་ཙམ་དུ་ཡོད་པ་ཡི། །དབྱེ་བ་མཁས་པས་ཕྱེད་གྱུར་ན། །སྔ་མའི་ལན་དེ་གདོན་པར་སླ། །རིགས་པའི་ཤེས་པས་ཀུན་རྫོབ་ཆོས། །དཔྱད་མི་བཟོད་པར་ཤེས་འོག་ཏུ། །དོན་དམ་རིགས་པས་དཔྱད་བཟོད་པ། །དབུ་མའི་ལུང་དང་འགལ་ཞེ་ན། །ཀུན་རྫོབ་ཆོས་ཀུན་སྒྲ་དང་ནི། །རྣམ་རྟོག་རྣམ་ཤེས་ཁོ་ན་ཡི། །ཡུལ་ཕྱིར་དེ་ངོར་མ་དམིགས་པས། །དེ་མེད་པ་ཡི་གོ་ཆོད་ཀྱང༌། །དོན་དམ་པ་ནི་དེ་དག་གི །ཡུལ་ལས་འདས་ཕྱིར་རྣམ་ཤེས་ཀྱི། །ཡུལ་དུ་དེ་མ་དམིགས་པ་ཡི། །དེ་མེད་པར་ནི་འཇོག་མི་ནུས། །བསྐྱེད་རིམ་རྟོག་པའི་ཡུལ་ཉིད་ཕྱིར། རྗེས་མ། >>>
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply