གྲུབ་པ་མཆོག་གི་ཤིང་རྟ། ཀ ༽

༼པ༽༄༅། །གྲུབ་པ་མཆོག་གི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི་སིདྡྷཾ། ངོ་མཚར་ཡིད་འོང་བདེ་བ་ཆེ། །འགྱུར་མེད་རྡོ་རྗེ་འདིར་འཁྱུད་པ། །དཔལ་ལྡན་དགྱེས་མཛད་རྡོ་རྗེ་ལ། །གཉིས་མེད་ཟུང་དུ་འཇུག་ཕྱག་འཚལ། །བདེ་སྟོང་གཉིས་མེད་རབ་འབར་ཡེ་ཤེས་གཏིང་ཟབ་རྒྱ་ཆེའི་ཆོས་ཀྱི་འབྱུང་གནས་ནམ་མཁའི་དབྱིངས་ཁྱབ་དབུས་སུ་རྙོག་བྲལ་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་དག་པའི་རྩེ་མོ་རབ་འཐོན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་ཧཱུྃ་རིང་པོ་ལས་ཡེ་ཤེས་འོད་ཟེར་ཕྱོགས་བརྒྱར་སྤྲོས་པས་རྡོ་རྗེའི་ས་གཞི་དང་ནི་ར་གུར་ལ་སོགས་མ་ཚང་མེད་གྱུར་ཁོར་ཡུག་རྡོ་རྗེའི་རྭ་བ་མཐོན་པོར་བརྩེགས་ཤིང་ཟླུམ་པོར་བསྐོར་བའི་ངོས་ལས་རབ་འབར་སྟོང་ཕྲག་རྩེ་མོ་འཁྲུག་པའི་མེ་ཆེན་པོས་ནི་ཁོར་ཡུག་གྱུར་པའི་ནང་གི་ཕྱོགས་མཚམས་དག་ཏུ་འཇིགས་རུང་དུར་ཁྲོད་བརྒྱད་པོ་དག་ནས་ཤ་ཁྲག་ཚིལ་གྱི་རླངས་པ་མཁའ་ལ་སོང་བ་ལས་ནི་སྤྲིན་ཆེན་བརྒྱད་གྱུར་པ་ལས་ཆར་གྱི་རྒྱུན་ཆེན་ཁྱབ་པར་ཕེབས་པ་རིགས་པར་མཆི་བའི་ཡིད་འོང་ཆུ་མཚོ་བརྒྱད་གྱུར་པ་ན་ཀླུ་ཆེན་བརྒྱད་གྱུར་འདོད་དགུའི་དཔལ་སྟེར་རང་རང་བཞོན་པར་བཅས་པའི་ཕྱོགས་སྐྱོང་བརྒྱད་པོ་རྣམས་ཀྱང་དེར་འོངས་སོ་སོའི་བཀའ་ཉན་བྱེད་པོའི་ཞིང་སྐྱོང་རྣམས་ཀྱང་དེ་དག་གིས་སྤྲུལ་དཔའ་བོ་དང་ནི་རྣལ་འབྱོར་མ་ཀུན་ཚོགས་ཀྱི་འཁོར་ལོ་བྱས་པ་དག་ཀྱང་སྤྲིན་བཞིན་དེར་སྟིབས་མི་ལས་གྱུར་པའི་རྣལ་འབྱོར་དབང་ཕྱུག་རྣམས་ཀྱང་གནས་དེ་དག་ནས་དངོས་གྲུབ་ལེན་མཛད་གནོད་སྦྱིན་སྲིན་པོ་འབྱུང་པོ་སྨྱོ་བྱེད་བརྗོད་བྱེད་ཤ་ཟའི་ཚོགས་རྣམས་དང་བཅས་ཚེ་དེ་ཉིད་ཀྱིས་རྡོ་རྗེ་འཛིན་པ་ཆེན་པོར་བསྙགས་ལ་ཉལ་བ་དང་ནི་ཡིད་གཉིས་བྲལ་བའི་སྒྲུབ་པོའི་ཚོགས་ཀྱིས་ནམ་ཡང་སྟོང་པ་མིན་པའི་གནས་དང་ཞིང་དེ་དག་གནས་དཀྱིལ་འཁོར་འཁོར་ལོའི་ཚོགས་ལ་ཡིད་རབ་དྭང་བས་ཕྱག་འཚལ་ལོ། །སླར་ཡང་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཨེ་ཡིག་ལས་གྱུར་ཆོས་འབྱུང་དབུས་སུ་རང་རང་བྱེད་པོའི་ཡི་གེ་ལས་གྱུར་འབྱུང་ཆེན་རྣམ་བཞི་འཁོར་ལོར་བཅས་པའི་ཟག་མེད་དབྱིངས་སུ་སྒྲུབ་པ་པོ་རང་ཉིད་ཀྱི་རྡོ་རྗེ་རྣམ་གསུམ་སིམ་པར་ཐིམ་ནས་རོ་གཅིག་ཉིད་གྱུར་པ་ལས་འཁྲུངས་པའི་གཞལ་མེད་ཁང་བརྩེགས་བྱང་ཆུབ་ཕྱོགས་མཐུན་ངོ་བོ་ཉིད་གྱུར་ཡན་ལག་ཆ་ཤས་མཚན་ཉིད་ཀུན་རྫོགས་ལྷ་ཡི་བཟོ་བོ་ལས་ཀུན་པས་ཀྱང་བསྐྲུན་པར་མི་བཟོད་སྣ་ཚོགས་སྒྱུ་མའི་གར་བྱེད་མཁན་རང་ཉིད་ཀྱང་ཆགས་པར་བྱེད་ཉམས་གྱུར་པའི་ཕོ་བྲང་གང་གི་དབུས་དྲང་པོར་ནི་རྣལ་འབྱོར་པ་རང་ཉིད་ལ་མ་འོངས་པ་ན་སྐྱེ་རུང་གང་གང་མི་སྐྱེའི་ཆོས་ཅན་ཉིད་དུ་བྱེད་འགྱུར་ངོ་བོ་བདུད་ཆེན་རྣམ་བཞིའི་མཉམ་པར་བརྩེགས་པའི་སྟེང་ན་གཞི་ལམ་འབྲས་བུའི་ཡེ་ཤེས་རྣམ་ལྔ་རོ་མཉམ་ཉིད་གྱུར་པ་ལས་མངོན་པར་བྱང་ཆུབ་རྣམ་ལྔའི་སྒྱུ་འཕྲུལ་ལས་གྲུབ་བཙུན་མོར་བཅས་པའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་རྣམ་པར་ཐར་བརྒྱད་ཞལ་ལྡན་བསྡུ་དངོས་རྣམ་བཞིའི་ཞབས་སྟབས་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་ཉིད་ཀྱི་ཕྱག་ནི་སྟོང་ཉིད་ཡེ་ཤེས་བཅུ་དྲུག་པོ་ཉིད་ཐ་མལ་ནད་དང་འབྱུང་པོའི་གནོད་པས་དག་པའི་སྲོག་ཆགས་ཀྱིས་མཚོན་གར་དགུའི་ཉམས་ཀྱིས་སྒེག་པ་དང་བཅས་བཙུན་མོར་ཆགས་པའི་སྒྱུ་འཕྲུལ་གྱིས་ནི་ཡབ་ཡུམ་སོ་སོའི་ཕུང་པོ་ཁམས་དང་སྐྱེ་མཆེད་སོ་སོའི་ངོ་བོ་རྒྱལ་དང་རྒྱལ་སྲས་སོ་སོ་ཡིན་གྱུར་པ་དང་སྙོམས་པར་ཞུགས་པས་ཉི་མ་ཟླ་བ་ཅིག་ཏུ་འདྲེས་པའི་གོང་བུར་གྱུར་ལས་གསལ་བར་འཐོན་པའི་ལྷ་མོའི་གཟུགས་ཀྱང་རྣམ་བརྒྱད་པོ་ནི་ཚད་མེད་ཡེ་ཤེས་བཞི་ཚན་རྣམ་གཉིས་རྒྱལ་བ་རྣམ་བཞི་ཡུམ་བཞི་བཅས་པའི་ངོ་བོ་ཉིད་གང་གིས་ནི་རྣལ་འབྱོར་པ་འདི་སྲིད་པའི་ཆོས་ལུགས་མི་སྐྱེའི་ཆོས་ཅན་དུ་བྱེད་ཁོ་ནར་མ་ཟད་རང་ཉིད་གང་དུ་རྣམ་སངས་རྒྱ་བའི་དཀྱིལ་འཁོར་འཁོར་ལོ་གསལ་བར་དམིགས་པའི་ཞལ་བརྒྱད་པོར་ནི་རྡོ་རྗེ་རྣམ་གསུམ་ཐོགས་མེད་ཞུགས་པའི་རྐྱེན་གང་གིས་ནི་བཅོམ་ལྡན་ཡབ་ཡུམ་དྲི་ཟ་བཅས་པ་ཕྱག་ཆེན་ངོ་བོར་རོ་གཅིག་པ་དེར་ཉིད་ཕྱག་འཚལ། །གཞི་དུས་དགེས་མཛད་རྡོ་རྗེར་གསལ་བའི་རྣལ་འབྱོར་པ་རང་ཉིད་ཀྱི་འབྱུང་གྱུར་བར་དོའི་ལུས་ངག་ཡིད་ཀྱི་ཡེ་ཤེས་རྡོ་རྗེ་རྣམ་གསུམ་གནས་གང་ཞིག་ཏུ་འཇུག་ལ་མངོན་དགའི་ཡབ་དང་ཡུམ་གྱི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ངོ་བོར་ཞུ་བའི་ཉི་ཟླ་མཚན་དང་དཔེ་བྱད་འབར་བས་འཁྱུད་གང་དེ་ཡང་རྣལ་འབྱོར་པ་རང་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དག་ཏུ་སྨིན་གྱུར་ཧཱུྃ་དང་ཨྃ་ཡིག་གིས་མཚན་འོད་འབར་ཐིག་ལའི་གོང་བུ་མཚམས་བཞིན་ནས་ནི་ལོངས་སྤྱོད་ཀུན་རྫོགས་ངོ་བོར་བཞེངས་པར་གླུས་བསྐུལ་བ་ལས་མགྱོགས་པར་རབ་སད་འབྲས་བུའི་རྡོར་འཛིན་ཡུམ་དང་བཅས་པའི་མི་བསྐྱོད་རྡོ་རྗེ་རང་རིག་ཡབ་དང་ཡུམ་གྱི་ཡན་ལག་ཆ་ཤས་མ་ཚང་མིན་པ་དེ་དེ་ཁོ་ན་དང་འདྲ་ཡོངས་རྫོགས་ནམ་མཁའི་མདོག་ཅན་འཇིགས་རུང་དཔའ་བོ་གང་གི་སྐྱེ་མཆེད་སྐུ་གསུང་རྒྱལ་དང་དེ་སྲས་ལྷ་མོར་བཅས་གང་ཉིད་དུ་རང་བཞིན་གྱིས་གྲུབ་པ་དེས་སྒོ་བསྲུང་ལྷ་མོ་རྣམ་བཞི་ཕྱོགས་བརྒྱར་སྤྲོས་པས་སྐྱོན་རྣམས་ཀུན་ཟད་ཡོན་ཏན་མ་ལུས་རྫོགས་པའི་རྒྱལ་བ་སྲས་ཡུམ་མཆོད་པའི་ལྷ་མོར་བཅས་ཀུན་རིངས་པར་བཀུག་ནས་སླར་གཤེགས་མི་མངའི་ཚུལ་གྱིས་དགྱེས་པར་བརྟན་བཞུགས་པ་དེ་ངེས་པར་རྫོགས་སངས་རྒྱས་ཉིད་ཕྱིར་ན་ལུས་བསམ་རྫོགས་པའི་རྒྱལ་རིགས་རྒྱལ་པོའི་ཉིད་དུ་སྤྱི་བོ་ནས་དབང་བསྐུར་བ་དང་མཚུངས་འདིར་དབང་བསྐུར་བྱེད་པོ་ཡི་ནམ་མཁའི་དཀྱིལ་འཁོར་ཡོངས་རྫོགས་པ་ནི་དེར་བྱོན་རིགས་ཅན་རྣམ་པ་སོ་སོར་དབང་བསྐུར་བ་དང་མཐའ་དག་ཅིག་ཏུ་བསྡུས་པའི་རྡོ་རྗེ་འཆང་དབང་ཆེན་པོར་དབང་བསྐུར་བ་དེ་བཅོམ་ལྡན་དགྱེས་མཛད་རྡོ་རྗེ་དངོས་ཡིན་འཇིགས་མེད་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲི་ལ་རིགས་པར་བཞུགས་གསོལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་རྣལ་འབྱོར་པ་རང་ཉིད་དང་སོ་སོར་སྒྲ་དང་རྟོག་པས་འབྱེད་ནུས་མིན་པའི་བླ་མ་མཆོག་དེས་སྐུ་བཞིའི་དབང་ཕྱུག་དབང་བསྐུར་རྣམ་བཞི་འདིར་སྩོལ་མཛད་པོ་སྒྲིབ་རྣམ་བཞི་པོ་དྲུངས་ནས་འབྱིན་མཛད་དངོས་གྲུབ་རྣམ་བཞིས་སྨིན་ཅིང་གྲོལ་ནས་དེ་རིང་དགྱེས་མཛད་རྡོ་རྗེ་བདག་ལ་སྩོལ། །སྔོན་དུ་དེ་ལྟར་བདེ་དང་སྟོང་ཉིད་ཟུང་དུ་འཇུག་པའི་ཤུལ་ཆེན་པོར་ནི་གུས་དང་རྟག་པར་སྦྱོར་བའི་འགྲུས་ཆེན་གྱིས་བསྒྲུབ་མཆོག་ཏུ་གྲུབ་པའི་རྡོ་རྗེ་སློབ་དཔོན་སྤངས་རྟོགས་ཀུན་རྫོགས་རྒྱལ་བའི་ཡེ་ཤེས་སྤྱན་འདྲེན་པ་དང་དེ་རྗེས་འབྲངས་པའི་བགེགས་འཇོམས་བྱེད་དང་ཕྱིར་བཟློག་པ་ལ་མཐུ་རྩལ་གྲུབ་པའི་དཔའ་བོ་གང་གིས་སྡོམ་གསུམ་ལ་གནས་གང་གང་སློབ་མ་དེ་དེའི་ཕུང་ཁམས་སྐྱེ་མཆེད་རང་རང་ངོ་བོས་སྟོང་པར་སྦྱངས་རྗེས་རྒྱུ་རྒྱུད་ཡེ་ཤེས་ཧེ་རུ་ཀ་དཔལ་ཉིད་དུ་གསལ་བར་དམིགས་པའི་རྡོ་རྗེ་རྣམ་གསུམ་པོ་ལ་སངས་རྒྱས་ཀུན་གྱི་གསང་བ་རྣམ་གསུམ་སོམ་ཉི་བྲལ་བར་བཅུག་ཅིང་ཞུགས་པ་བསྟན་པར་མཛད་འདི་ཡེ་ཤེས་ལས་གྲུབ་ཐར་པ་ཆེན་པོའི་གཞལ་མེད་ཁང་ཆེན་དུ་ནི་རིགས་བརྒྱའི་བདག་པོ་འཁོར་ལོ་བསྒྱུར་བ་གང་གིས་དྲུང་དུ་ཁྲིད་གྱུར་པ་དེས་ཕྱག་དང་མེ་ཏོག་ཕྲེང་མཛེས་ཀྱིས་མཆོད་ལུས་དང་ལོངས་སྤྱོད་མཐའ་དག་ལྟོས་པ་མེད་པར་ཕུལ་ནས་བསྐལ་བཟང་པོ་ལ་དབང་རྣམས་བསྐུར་མཛད་གདན་གསུམ་ལྷ་ཚོགས་མ་ཚང་མེད་པར་སྤྱན་འདྲེན་བྱེད་པོ་ཁྱབ་བདག་རྡོ་རྗེ་འཆང་དབང་ཉིད་དེས་གང་ལ་གསོལ་འདེབས་བྱེད་པོ་དེ་དག་གི་ནི་ཟག་པར་བཅས་པའི་ལུས་དང་མ་དག་སྣང་བ་གང་ཤར་དེ་ཀུན་དམིགས་མེད་ཉིད་དུ་བསམ་བྱས་ངང་ལས་སློབ་མའི་ཡེ་ཤེས་རྡོ་རྗེ་རྣམ་གསུམ་ཆོ་གའི་ཐབས་མཁས་པོ་ཡི་སངས་རྒྱས་རིགས་ལྔ་སོ་སོ་ཉིད་དུ་བསྙེན་བསྒྲུབ་ཡན་ལག་རྣམ་བཞི་ཡོངས་རྫོགས་གྱུར་པའི་དབང་རབ་རྣམ་པ་ལྔ་བསྐུར་གཏོར་དང་བླུགས་པ་ཞེས་བྱས་ཉོན་མོངས་དྲི་མ་རྣམ་ལྔ་སྦྱངས་ཤིང་བཀྲུས་པས་ཟག་བཅས་ཕུང་པོ་རྣམ་ལྔ་གནས་གྱུར་གདོད་མའི་ཡེ་ཤེས་གློ་བུར་རྣམ་དག་ཡེ་ཤེས་རྣམ་ལྔའི་ངོ་བོར་ལྷུན་གྱིས་འགྲུབ་པས་རྡོ་རྗེའི་སློབ་མ་ཞེས་བྱའི་གནས་ཐོབ་པ་དེའི་ཆོས་དབྱིངས་ཡེ་ཤེས་ཁོ་ན་སངས་རྒྱས་རིགས་ལྔ་གཅིག་ཏུ་བསྡུས་པའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་བྱིན་རློབ་བྱེད་པོ་དེ་ཡང་རྡོ་རྗེ་སློབ་དཔོན་ཉིད་ཡིན་དེ་ཕྱིར་ཆུ་དང་ཅོད་པཎ་རྡོ་རྗེ་དྲིལ་བུ་མིང་ཞེས་བྱ་བའི་དབང་བསྐུར་བ་ལས་རྡོ་རྗེའི་སློབ་མ་ཉིད་དུ་སྨིན་པར་གྱུར་གང་དེ་ཡང་དཔལ་ལྡན་རིགས་བརྒྱའི་བདག་པོར་ལྷུན་གྱིས་གྲུབ། །ཕུང་པོ་ལྔ་པོ་ཡེ་ཤེས་ལྔར། །གནས་གྱུར་པ་ལས་རྡོ་རྗེ་ཡི། །སློབ་མ་ཉིད་དུ་གང་འཁྲུངས་པ། །དེ་ཡང་ཁྱབ་བདག་རྡོ་རྗེ་འཆང༌། །ཉིད་ཕྱིར་བསྐྱེད་དང་རྫོགས་པའི་རིམ། །མཐར་ཕྱིན་ཚེ་ན་སྨོས་ཅི་དགོས། །བསྐྱེད་རིམ་ཙམ་གྱི་ཡེ་ཤེས་ནི། །གསལ་བ་རབ་ཀྱི་མཐར་ཕྱིན་པ། །དེ་ཡང་རྡོ་རྗེ་སློབ་དཔོན་གྱི། །རིན་ཆེན་ཁྲི་ལ་འཛེག་དབང་ཕྱིར། །རྡོ་རྗེ་སློབ་དཔོན་གོང་མ་ཡི། །སྙིང་གའི་འོད་ཟེར་གྱིས་བོས་པའི། །གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི། །འཇིགས་མེད་སེང་གེ་བརྒྱས་བཏེག་པའི། །བཀོད་ལེགས་རིན་ཆེན་ཁྲི་སྟེངས་སུ། །སློབ་དཔོན་གངས་ཀྱི་རི་ཆེན་པོར། །དབང་བསྐུར་མཛོད་ཅིག་དེ་ནས་ནི། །དེ་ཡི་ཐུགས་གའི་ཕྱོགས་བཞི་ནས། །བབས་པའི་དབང་གི་ཆུ་རྒྱུན་བཞི། །རང་རང་བཞེད་པའི་སྲོལ་ཆེན་པོར། །རྒྱུན་བཅད་མེད་པར་ཕེབས་པ་ལས། །གསང་སྔགས་ཡིད་བཞིན་རྒྱ་མཚོ་ནི། །གང་ཞིང་ཁེངས་པར་མ་ཟད་ཀྱི། །མཁའ་ལ་འཕུར་བའི་དཔལ་ཡོན་ལས། །སློབ་དཔོན་ཀཻ་ལ་ཤའི་རི་བོ། །ཇེ་མཐོ་རྩ་བ་བརྟན་པར་ཤོག །ཅེས་རྡོ་རྗེ་སློབ་དཔོན་དང་སློབ་མ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་ཉིད་ནས། དངོས་གྲུབ་ལེན་པའི་མན་ངག་གྲུབ་པ་མཆོག་གི་ཤིང་རྟ་ཞེས་བྱ་བ་འདི་ཉེ་བར་སྦྱར་བ་ཡིན་ནོ།།  །།  ༄༅། །འབྲས་བུ་ལམ་བྱེད་ཀྱི་མདོའི་རྒྱ་ཆེར་བཤད་པ་རྒྱུད་གསུམ་གྱི་གསང་བ་རྣམ་ངེས་ཞེས་བྱ་བ་བཞུགས་སོ།། ་༄༅། །ན་མོ་བཛྲ་དྷ་རཱ་ཡ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ། །སྤྲོས་པའི་མཚན་མ་ལས་གྲོལ་བདེ་བ་ཆེ། །ཡིད་འོང་མཚན་དཔེའི་འཇའ་ཚོན་སྐུར་བཞེངས་ནས། །འགྲོ་ཀུན་དགྱེས་མཛད་རྡོ་རྗེ་ས་འཐོན་པོར། །འདྲེན་མཛད་ཁྱབ་བདག་དེ་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པའི་ཐེག་པ་དང༌། །ཚུལ་ཆེན་པོ་ཡི་ཐེག་པ་ཡི། །ཐབས་ཀྱི་ཁྱད་པར་རྒྱུ་དང་ནི། །འབྲས་བུ་ལམ་བྱེད་འདིར་བརྗོད་བྱ། །འདིར་གང་བཤད་པར་བྱ་བ་ནི་རྡོ་རྗེ་ཐེག་པའི་ཐབས་ཀྱི་ཁྱད་པར་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་དེའི་གོ་དོན་མདོར་བསྡུས་པ་གཅིག་ཡིན་ལ། འདི་ལ་རྗེ་བཙུན་གྲགས་པའི་ཞབས་ཀྱིས་ཇི་ལྟར་གསུངས་པའི་མདོ་དགོས་པ་དང༌། དེ་ལ་རང་གིས་བརྟགས་པའི་གྲུབ་དོན་བཞག་པ་དང༌། གཞན་གྱིས་དཔྱད་པའི་མཐའ་བསལ་བའོ། །དང་པོ་ནི། དག་ལྡན་ལས། ཁ་ཅིག་འདི་སྐད་དུ། གལ་ཏེ་ཟླ་བ་ལ་སོགས་པ་དེ་དག་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡིན་ནས་སྒོམ་མམ། མིན་ཡང་སྒོམ། དང་པོ་ལྟར་ན་གྲུབ་ཟིན་པ་སྒྲུབ་པར་འགྱུར། གཉིས་པ་ལྟར་ན་སྤྲང་པོས་རྒྱལ་པོར་རློམ་པ་ལྟར་བསྒོམ་ཀྱང་མི་འགྲུབ་བོ་སྙམ་ན། ཡིན་ནས་སྒོམ་ལ། དེ་ཡང་འབྲས་བུ་དངོས་ཡིན་པ་དང༌། ཆོས་ཉིད་དང་རྣམ་པ་ཡིན་པ་གཉིས་ལས། འདི་ནི་ཆོས་ཉིད་དམ་རྣམ་པ་ཡིན་ལ། དེ་ཡང་ཚུལ་འདི་ལྟར་སྒོམ་སྟེ། རྣམ་པ་ཟླ་བ་ལ་སོགས་པར་བསྒོམ་པས་སྒོམ་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། རྣམ་པ་དེ་ཉིད་ལ་དོན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱས་པས་ལན་གཅིག་དེ་ཐོབ་པར་འགྱུར་བས་མོས་པ་ལམ་དུ་བྱེད་པ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་སོགས་འབྱུང་སྟེ། དེ་ཡང་སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ནི་འདི་ཉིད་ཡིན་སྙམ་ནས་བསྒོམ་པས་འབྲས་བུ་ལམ་དུ་བྱེད་པའོ། །དེས་བདག་གི་རྒྱུད་ལ་ཚོགས་སོག་ཅིང༌། སྒྲིབ་པ་འདག་པའི་རྟེན་འབྲེལ་དུ་འགྱུར་བས་ན་བྱིན་རླབས་ལམ་དུ་བྱེད་པའོ། །དེ་བས་ན་རྣམ་པ་དེ་ལ་ངོ་བོར་ཞེན་པས་ན་ཞེན་པས་འཇུག་པའི་ལམ་ཐབས་དེས་དེ་བཞིན་གཤེགས་པའི་ཐུགས་རྗེས་མི་སླུ་བས་འབྲེལ་པས་མི་སླུ་བའི་ལམ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། དོན་གྱི་ཁོག་ཕུབ་པ་དང༌། དེ་ཉིད་བཤད་བྱའི་མདོ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ནི། དེ་ལ་གལ་ཏེ་འདི་སྙམ་དུ་རྡོ་རྗེ་ཐེག་པ་འདིར་འབྲས་བུ་ལམ་དུ་བྱེད་པའི་ཆ་ནས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ལས་ཐབས་ཀྱི་སྒོ་མང་ཞིང་ཁྱད་པར་དུ་འཕགས་པ་ཡིན་ན། འབྲས་བུ་ནི་གང༌། དེ་ལམ་དུ་བྱེད་པའི་ཚུལ་ཇི་ལྟ་བུ་ཅེ་ན། འབྲས་བུ་ནི་འབྲས་བུའི་རྒྱུད་ཅེས་བྱ་བའི་མིང་ཅན། སྤང་བྱ་གློ་བུར་གྱི་དྲི་མས་དག་པའི་གནས་སྐབས་ཀྱི་ཡུལ་ཅན་བདེ་བ་ཆེན་པོ་དང་ཡུལ་སྟོང་པ་ཉིད་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་ལ་བྱ་ཞིང༌། དེ་ལ་མིང་གི་རྣམ་གྲངས་དགྱེས་པ་རྡོ་རྗེ་དང༌། རྡོ་རྗེ་སེམས་དཔའ་དང༌། འཁོར་ལོ་སྡོམ་པ་ལ་སོགས་པའི་མིང་ཅན་ནོ། །དེ་ཉིད་གཞི་ལམ་སྐབས་སུ་རྟོག་པས་མི་ཤིགས་ཤིང་གཞོམ་དུ་མེད་པ་དང༌། གནས་གྱུར་མཐར་ཐུག་པའི་ཚེ་ཡང་འདོར་དུ་མེད་པས་ན་རྡོ་རྗེའོ། །དེ་ལྟ་བུའི་འབྲས་དུས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་རྣམ་པ་ལམ་དུ་བྱས་ཏེ་འབྲས་བུའི་སར་ཕྱིན་པར་བྱེད་པའི་ཐབས་ལའང་རྡོ་རྗེའི་ཐེག་པ་ཞེས་བྱ་ཞིང༌། ཐབས་ཀྱི་རྒྱུད་ཅེས་ཀྱང་བྱ་སྟེ། བསྒྲུབ་བྱེད་གོ་རིམ་བཞིན་དུ། བགྲོད་བྱ་དང་བགྲོད་བྱེད་གཉིས་ཀའི་གཙོ་བོ་རྡོ་རྗེ་ཉིད་ཡིན་པའི་ཕྱིར་དང༌། རྒྱུའི་རྒྱུད་ཅེས་བྱ་བ་གཞི་དུས་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་གློ་བུར་གྱི་དྲི་མས་དག་པར་བྱེད་པའི་ཐབས་ཡིན་པའི་ཕྱིར། ཐབས་ཀྱི་རྒྱུད་དམ་བགྲོད་བྱེད་རྒྱུའི་རྡོ་རྗེ་ཐེག་པ་ཞེས་བྱ་བ་དེ་ལའང་གཉིས་ཏེ། རྡོ་རྗེ་བཏགས་པ་བ་གཟུགས་སྐུ་ལམ་དུ་བྱེད་པ་དང༌། རྡོ་རྗེ་མཚན་ཉིད་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའོ། །དང་པོ་ནི་བསྐྱེད་པའི་རིམ་པ་ཡིན་ལ། གཉིས་པ་ནི་རྫོགས་པའི་རིམ་པའོ། །དེ་ལའང་རྫོགས་རིམ་རྗེས་མཐུན་པ་བདེ་ཆེན་གྱི་ཡེ་ཤེས་འདྲེན་པར་བྱེད་པའི་ཐབས་དང༌། རྫོགས་རིམ་དང་རྡོ་རྗེ་མཚན་ཉིད་པ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དངོས་སོ། །དང་པོ་ནི། བདག་བྱིན་གྱིས་བརླབས་པའི་རིམ་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོའི་ལམ་མོ། །གཉིས་པ་ནི། ངེས་དོན་གྱི་དབང་བཞི་པའི་དུས་ཀྱི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་དོ། །གལ་ཏེ་འོ་ན་བསྐྱེད་པའི་རིམ་པས་གཟུགས་ཀྱི་སྐུ་ལམ་དུ་བྱེད་ན་ཀུན་རྫོབ་བདེན་པའི་ཡུལ་ཅན་དུ་འགྱུར་བས་ཇི་ལྟར་ན་རྡོ་རྗེའི་ཐེག་པ་ཡིན་ཞེ་ན། བསྐྱེད་པའི་རིམ་པ་ནི་རྒྱུ་དུས་ཀྱི་རྡོ་རྗེ་དེ་ཉིད་མངོན་དུ་བྱེད་པའི་ཐབས་ཡིན་ཏེ། བསྐྱེད་རིམ་ལ་མ་བརྟེན་པར་རྫོགས་རིམ་གྱི་ཡེ་ཤེས་མངོན་དུ་བྱེད་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། དགྱེས་རྡོར་ལས། ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་སོ། །མདོར་ན་བསྐྱེད་པའི་རིམ་པས་ནི་ལམ་གྱི་དུས་སུ་རྒྱུ་རྒྱུད་ཀྱི་སྟེང་དུ་སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པར་བྱེད་ཅིང༌། འབྲས་བུའི་དུས་སུ་གཟུགས་སྐུ་གཉིས་ཀྱི་སྣང་བ་སྐྱེད་པའི་སྒོ་ནས་གཞན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བྱེད་པ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་བསགས་པ་སྔོན་དུ་བཏང་ནས་དེའི་རྒྱས་བཏབ་པ་མ་ཉམས་པར་བྱས་པས་ནི། སྤྱིར་གཟུང་འཛིན་གཉིས་ཀྱི་རྣམ་པ་ཅན་གྱི་ཤེས་བྱའི་སྒྲིབ་པ་འདག་པར་བྱེད་ཅིང༌། སྦྱང་གཞི་སོ་སོ་དང་སྦྱར་བའི་ལྷའི་རྣལ་འབྱོར་གྱིས་ནི་བྱེ་བྲག་ཏུ་ཐ་མལ་གྱི་རྣམ་པར་རྟོག་པ་མཐའ་དག་སྤོང་ནུས་པ་ནི་རྣམ་བཅད་ཀྱི་དགོས་པ་ཡིན་ལ། ཡོངས་གཅོད་དུ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པས། ཕར་ཕྱིན་ཐེག་པ་བས་བསྐལ་པ་གྲངས་མེད་གསུམ་གྱི་ཡུན་འགོར་བའི་གཟུགས་སྐུ་གཉིས་འགྲུབ་པའི་རྒྱུའི་གཙོ་བོ་དེ་ཚེ་གཅིག་གིས་ཕྱིན་པར་བྱེད་ནུས་པའི་ཕྱིར་རོ། །རྫོགས་པའི་རིམ་པས་ནི་ལམ་གྱི་དུས་སུ་རྒྱུའི་རྒྱུད་ཅེས་བྱ་བ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་སྤང་བྱ་བདེ་ཆེན་གྱི་སྒྲིབ་པ་ཞེས་པའི་མིང་ཅན་འཕོ་བའི་བག་ཆགས་ཕྲ་མོ་དེ་དག་པར་བྱེད་ཅིང༌། འབྲས་བུ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཞེས་བྱ་བ་ཟུང་འཇུག་དགྱེས་པ་རྡོ་རྗེའི་གོ་འཕང་མངོན་དུ་བྱེད་ནུས་པ་ཡིན་ཏེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱིས་ཐུན་མོང་མ་ཡིན་པའི་སྤང་བྱ་འཕོ་བའི་བག་ཆགས་ཡང་དག་པར་བཅོམ་ནས་ཡེ་ཤེས་ཀྱི་ཚོགས་ཟབ་མོ་ཡང་དག་པར་བསགས་ཏེ། ཐུན་མོང་མིན་པའི་འབྲས་བུ་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་ཕྱག་རྒྱ་ཆེན་མོ་ཟུང་དུ་འཇུག་པའི་སྐུ་མངོན་དུ་བྱེད་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་དོན་ནི། ཕར་ཕྱིན་ཐེག་པའི་ལྟ་བ་དང་ཟུང་དུ་འཇུག་པའི་བསྐྱེད་པའི་རིམ་པ་ལ་ནི། ཕར་ཕྱིན་ཐེག་པ་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་སྐུ་འགྲུབ་པའི་རྒྱུ་ཚོགས་གྲངས་ཚང་བ་ཡིན་ལ། དེའི་འབྲས་བུ་གཟུགས་ཀྱི་སྐུ་ནི་ཐུན་མོང་མ་ཡིན་པ་དེའོ། །སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་རྫོགས་རིམ་གྱི་ཡེ་ཤེས་དང་ཟུང་དུ་འབྲེལ་བའི་སྐྱེད་པའི་རིམ་པ་ནི། ཚེ་འདིར་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་སྐུ་དང་ལོངས་སྐུ་འགྲུབ་པའི་རྒྱུ་ཚོགས་གྲངས་ཚང་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གང་གིས་རྡོ་རྗེ་ཐེག་པ་མངོན་དུ་བྱེད་པའི་བདག་ངོས་བཟུང་བ་དང༌། དེས་རྡོ་རྗེ་ཐེག་པ་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཐེག་པ་འདིར་སྒྲུབ་པ་པོ་གང་གིས་ལམ་རིམ་པ་གཉིས་བསྒྲུབ་པའི་སྒྲུབ་པ་པོ་ཇི་ལྟ་བུ་ཞིག་ཡིན་ངོ་ཤེས་དགོས་ཏེ། དེ་མ་ཤེས་ན་ང་ཉིད་ལྷག་པའི་ལྷའོ་ཞེས་ང་རྒྱལ་འཇོག་པ་དེའི་ཚེ་ང་ཞེས་བྱ་བའི་མཚན་གཞི་གང་ཡིན་པ་དང༌། དེ་དུས་ཀྱི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དེ་ཚུར་ལ་ང་ཇི་ལྟར་ཡིན་པ་དང༌། ལྷ་དེ་ཡང་གདོད་མ་ནས་གྲུབ་པ་ཞིག་གམ། འོན་ཏེ་གསར་དུ་བསྒྲུབས་པ་ཡིན་ན་ནི་དེ་གང་ལས་བསྒྲུབས་པའི་རྒྱུ་དེ་སྒྲུབ་པ་པོ་རང་ཉིད་ཡིན་པའམ། རང་ཉིད་གང་ལས་བྱུང་བའི་རྒྱུ་དེ་ལས་ལྷག་པའི་ལྷ་དེ་ཡང་བྱུང་བ་ཡིན་ཞེས་རྣམ་པར་དཔྱོད་པའི་མཐའ་མི་ཆོད་པའི་ཕྱིར་རོ། །འོ་ན་ཕར་ཕྱིན་གྱི་ཐེག་པར་ཡང་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་ལམ་ཤེས་པའི་སྔོན་དུ་བདག་ཤེས་པར་བྱ་དགོས་སམ་ཞེ་ན། དེ་དགོས་པར་མཚུངས་པ་མ་ཡིན་ཏེ། དེ་ནི་ཇི་སྐད་དུ། བཞི་བརྒྱ་པ་ལས། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེའང་བརྗོད་པར་མི་བྱ་སྟེ། །ཞེས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་བསོག་པའི་ཚེ་ཀུན་རྫོབ་གཟུང་འཛིན་དུ་སྣང་བའི་ཆོས་ཇི་སྙེད་པ་ཁས་བླངས་ནས་བསྒྲུབ་པར་བྱ་བ་ཡིན་པས། ཡུལ་ཅན་བདག་ནི་ངར་འཛིན་ལྷན་སྐྱེས་ཀྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞེས་བྱ་བ་དེ་དང༌། ཡུལ་བསོད་ནམས་ཀྱི་ཚོགས་བསོག་གཞི་དང་བཅས་པའང་ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་དེ་ཉིད་མི་འགོག་པར་ཁས་ལེན་པ་ཡིན་ལ། སྔགས་ཀྱི་ཐེག་པ་འདིར་ནི་སྒྲུབ་པ་པོ་བདག་ཉིད་ཀྱང་ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་འདི་སྭ་བྷ་ཝ་ལ་སོགས་པའི་སྔགས་ཀྱིས་སྟོང་པར་སྦྱངས་ནས། དེའི་འོག་ཏུ་ད་ལྟ་ཇི་ལྟར་སྣང་བའི་ཡུལ་ཅན་ལས་འདས་པའི་རྟེན་དང་བརྟེན་པར་བཅས་པའི་རྣམ་རོལ་ཞིག་ཏུ་བསྐྱེད་པ་ཡིན་ལ། གང་ལ་མཆོད་པར་བྱ་བའི་ཡུལ་དང༌། གང་མཆོད་པར་བྱ་བའི་རྫས་ཐམས་ཅད་ཀྱང་སྟོང་པའི་ངང་ལས་སྒྲུབ་དགོས་པའི་ཕྱིར། དེ་ལྟར་ངེས་པར་བྱས་ནས་ཐེག་པ་ཆེན་པོའི་ཚུལ་འདིར་བདག་ཅེས་བྱ་བའི་སྒྲོ་འདོགས་པའི་གཞི་ནི་གཉིས་ཏེ། ཀུན་རྫོབ་པའི་བདག་དང༌། དོན་དམ་པའི་འོ། །དང་པོ་ནི། རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་སྒྲོ་བཏགས་པའི་བདག་དང་ང་ཙམ་ཞེས་བྱ་བ་དེའོ། །འདི་ནི་གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་པས་དོན་དམ་པའི་བདེན་པར་འཇོག་ཀྱང༌། ཆོས་འདི་པ་དག་གི་གྲུབ་པའི་མཐའ་ལ་ཞུགས་ནས་ནི་ལྟ་བའི་རྣམ་གཞག་འཇོག་པའི་ཚེ་གྲུབ་མཐའ་སྨྲ་བ་སུ་གང་གིས་ཀྱང་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་མི་ལེན་ལ། སྤྱོད་པས་བསོད་ནམས་ཀྱི་ཚོགས་སོག་པའི་ཚེ་ནི། འཇིག་རྟེན་གྱི་གྲགས་པ་ཐད་སོར་བཞག་ནས་རིགས་པས་མི་དཔྱོད་པའོ། །གཉིས་པ་ནི། སེམས་ཙམ་པ་མན་ཆད་དུ་དོན་དམ་པའི་བདག་ཅེས་བྱ་བའི་རྣམ་གཞག་མི་འཆད་ལ། རྣམ་བརྫུན་དབུ་མ་པ་ཡན་ཆད་དུ་དགག་གཞི་གཞན་དབང་གི་སྟེང་དུ་དགག་བྱ་བཟུང་འཛིན་ཀུན་བཏགས་གཉིས་བཀག་པའི་ཤུལ་དུ་ལྷག་མར་སྤྱོད་པའི་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཡིན་ལ། དོན་དམ་པའི་བདག་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པའི་རྣམ་གྲངས་དུ་མ་གསུངས་ལ། དེ་ཡང་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་པར་ཡོད་པ་ཡིན་ལ། དེ་ཡང་དྲི་མ་ཕྱོགས་གཅིག་གིས་ཀྱང་མ་དག་པའི་སྐབས་སུ་ནི་དོན་དམ་པའི་སེམས་ཅན་དང༌། དྲི་མ་ཕྱོགས་གཅིག་གིས་དག་ལ་མཐའ་དག་གིས་མ་དག་པའི་སྐབས་སུ་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་དང༌། དེ་གཉིས་ཀ་ལ་ཡང་རྒྱུའི་རྒྱུད་ཅེས་བྱ་ཞིང༌། རྒྱུད་ཀྱི་ངོ་བོ་ཆོས་དབྱིངས་དེ་ལ་མི་འདྲ་བའི་དབྱེ་བ་མེད་ཀྱང༌། གློ་བུར་གྱི་དྲི་མ་སོ་སོ་དང་འབྲེལ་བའི་དབང་གིས་རང་གཞན་གྱི་རྒྱུད་ཐ་དད་པར་བཞག་གོ །དྲི་མས་ཤིན་ཏུ་རྣམ་པར་དག་པའི་སྐབས་སུ་ནི་དོན་དམ་པའི་དེ་བཞིན་གཤེགས་པ་ཞེས་དང༌། འབྲས་བུའི་རྒྱུད་ཅེས་བྱ་ཞིང༌། འདིར་ནི་རྒྱུད་ཐ་དད་དུ་འཇོག་བྱེད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་ཆོས་ཀྱི་སྐུ་ཐམས་ཅད་རོ་གཅིག་ཏུ་གྱུར་ཅིང་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་སོ་སོར་སྣང་བའོ། །གལ་ཏེ་དོན་དམ་པའི་བདག་ཁས་བླངས་པ་དེའི་ཚེ་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱག་རྒྱ་བཞི་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པའི་དངོས་པོ་ལ་དོན་དམ་པའི་བདག་ཅེས་བྱ་བའི་མིང་གིས་འདོགས་པར་རྗེ་བཙུན་མི་ཕམ་པའི་གཞུང་ལས་གསུང་པའི་ཕྱིར། དེ་སྐད་དུ་ཡང༌། མདོ་སྡེའི་རྒྱན་ལས། བདག་མེད་མཆོག་གི་བདག་ཐོབ་པ། །སངས་རྒྱས་དག་པའི་བདག་ཏུ་འགྱུར། །ཞེས་དང༌། རྒྱུད་བླ་མར། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་གསུངས་སོ། །དམ་པའི་བདག་འདི་ལ་མཚན་འཛིན་གྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་གཅིག་དང་དུ་བྲལ་ལ་སོགས་པ་ནི་སྔགས་ཀྱི་ཐེག་པར་ཡང་ལྟ་བ་གཏན་ལ་འབེབས་པའི་ཚེ་ཡང་ཡང་གསུངས་པ་ཡོད་མོད། སྒོམ་པས་ཉམས་སུ་ལེན་པའི་ཚེ་དམ་པའི་བདག་དེ་ཉིད་ཀྱང་བཀག་པའི་མེད་དགག་གི་ཆ་དེ་ཉིད་ལ་མཉམ་པར་འཇོག་པ་ནི་མི་བཞེད་དེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་པ་མཉམ་པར་འཇོག་པ་ཞེས་བྱ་བ་བཞེད་པ་ཡིན་ལ། དེ་ནི་མེད་པར་དགག་པ་ལ་བཤད་དུ་མི་རུང་བའི་ཕྱིར། དེ་བས་ན་རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ཀྱི་སྒོམ་པའི་ཚུལ་རྣམ་པར་འཇོག་པ་དེའི་ཚེ་ན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འདི་རང་གི་ངོ་བོས་སྟོང་པར་འཇོག་པ་མ་ཡིན་ཏེ། དེ་ཉིད་གཞོམ་དུ་མེད་པ་དང་ཐོག་མཐའ་མེད་པའི་རྡོ་རྗེ་སེམས་དཔའ་དང་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་ནས་ཡེ་ཤེས་ཀྱི་རྣམ་རོལ་ལ་ལོངས་སྤྱོད་པའི་ཕྱིར། དེ་ཡང་འདི་ལྟར་སྤྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དང༌། བྱེ་བྲག་ཏུ་ལམ་སྒྲུབ་པ་པོའི་སྐྱེས་བུ་ལྷས་བྱིན་ལྟ་བུ་ལ་མཚོན་ན། ཀུན་བརྟགས་པའི་དང༌། རྣམ་པར་བརྟགས་པའི་དང༌། ཆོས་ཉིད་ཀྱི་ལྷས་བྱིན་ནོ། །དང་པོ་ནི། དེའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ལྷས་བྱིན་ཞེས་བྱ་བ་རང་གི་ངོ་བོ་ལྡོག་པ་གཞན་སེལ་གྱི་ཆོས་སུ་གྱུར་པ་གཅིག་སྟེ། འདི་ནི་ཀུན་བརྟགས་ལས་མ་འདས་པའི་ཕྱིར། ཐ་སྙད་དུ་ཡང་ཚད་མས་གྲུབ་པར་ཁས་མི་ལེན་ན། ལམ་རིམ་པ་གཉིས་ཀྱི་སྒྲུབ་པ་པོར་ཁས་ལེན་པ་ལྟ་ཅི་སྨོས། གཉིས་པ་ནི། ལྷས་བྱིན་དེའི་ཕུང་ཁམས་སྐྱེ་མཆེད་སོགས་ལ་དམིགས་ནས་བདག་ཏུ་སྣང་བའི་རྣམ་རིག་གོ །འདི་ལ་གཞན་དབང་ཞེས་བྱ་ཞིང༌། འདི་ནི་ཉོན་མོངས་པ་ཅན་གྱི་གློ་བུར་གྱི་དྲི་མའི་སྦྱང་གཞིར་བཞག་སྟེ། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་ཀུན་བརྟགས་གཉིས་དང༌། དེའི་ཆོས་ཉིད་གསལ་རིག་གི་ངོ་བོ་གཉིས་གཞི་གཅིག་གི་སྟེང་དུ་ཚོགས་པའི་ཚོགས་དོན་ཡིན་པའི་ཕྱིར། དཔེར་ན་ཆུ་རྙོག་པ་ཅན་དང༌། གསེར་གཡའ་ཅན་དང༌། ནམ་མཁའ་སྤྲིན་དང་བཅས་པ་བཞིན་ནོ། །གཉིས་པོ་གང་དུ་ཚོགས་པའི་གཞི་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཡིན་ལ། དེའི་སྟེང་གི་གཟུང་འཛིན་གྱི་དྲི་མ་ས་བོན་དང་བཅས་པ་སྦྱོང་བྱེད་ཀྱི་ཐབས་ཀྱིས་སྦྱོང་བཞིན་པའི་ཚེ་ལམ་སྒྲུབ་པ་པོ་དང༌། སྦྱངས་པ་ལས་གཞི་དུས་ཀྱི་ཡེ་ཤེས་གཅིག་པུ་ལྷག་མར་ལུས་པ་དེ་ལ་ནི་དོན་དམ་པའི་སྒྲུབ་པ་པོ་ལྷས་བྱིན་གྱི་འབྲས་བུ་ཀྱཻ་རྡོ་རྗེ་མངོན་དུ་བྱས་པ་ཞེས་བྱ་བར་འཇོག་གོ །རྣམ་པར་བརྟགས་པའི་ལྷས་བྱིན་ཡང་ལམ་སྒྲུབ་པ་པོར་མི་རུང་བ་དེའི་ཕྱིར་ཆོས་ཉིད་ཀྱི་ལྷས་བྱིན་ཁོ་ན་ལམ་སྒྲུབ་པ་པོ་དང༌། བརྟེན་པ་ལྷ་དང༌། རྟེན་གཞལ་ཡས་ཁང་གང་ལས་སྒྲུབ་པའི་སྒྲུབ་བཞི་དང༌། རྫོགས་རིམ་གྱི་ཡེ་ཤེས་དང༌། གནས་ཚུལ་གྱི་སངས་རྒྱས་གཉིས་ཀའི་ཉེ་བར་ལེན་པའི་རྒྱུར་ཁས་ལེན་པ་ཡིན་ནོ། །རྒྱུ་དེ་ལས་སྒྲུབ་པའི་སྣོད་བཅུད་དང༌། མཆོད་རྫས་ལ་སོགས་པའི་དངོས་པོ་ཇི་སྙེད་པ་ནི་ཡེ་ཤེས་ཀྱི་ཆོས་འབའ་ཞིག་པར་བཞག་དགོས་ཏེ། རྣམ་ཤེས་ཀྱི་ཆོས་ནི་དེ་དག་གི་གཞིར་མི་རུང་བ་ཉིད་དུ་བཤད་ཟིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཆོས་དེ་ལའང་གཉིས་ཏེ། དྲི་མས་ཤིན་ཏུ་རྣམ་པར་དག་པའི་དུས་ཀྱི་དང༌། མ་དག་པའི་དུས་ཀྱིའོ། །དང་པོ་ལ་ནི་ཡེ་ཤེས་དངོས་ཞེས་བྱ་ཞིང༌། རྟེན་དེ་ལ་གཟུང་འཛིན་གཉིས་ཀྱི་སྣང་བ་མི་མངའ་ཡང་གདུལ་བྱ་གཞན་སྣང་ལ་ཡེ་ཤེས་ཀྱི་སྣང་བ་སྣ་ཚོགས་སུ་སྟོན་ནུས་པའོ། །གཉིས་པ་ལའང་གཉིས་ཏེ། དྲི་མས་དག་ལ་མ་དག་པ་འཕགས་པ་སློབ་པའི་སྐབས་དང༌། ཤིན་ཏུ་མ་དག་པ་སོ་སོ་སྐྱེ་བོའི་སྐབས་སོ། །དང་པོ་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་དག་པའི་ལྷ་དང་རྟེན་གཞལ་ཡས་ཁང་གི་རྣམ་རོལ་སྣ་ཚོགས་སུ་སྣང་བ་དེའི་ཚེ་ན། སྣང་བ་དེའི་ངོ་བོ་གནས་ཚུལ་ལ་ཆོས་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོར་གནས་ཀྱང༌། སྣང་ཆ་ལ་གཟུང་འཛིན་སྣ་ཚོགས་སུ་སྣང་བ་དེ་ནི། སྒྲུབ་པ་པོ་དེའི་རྒྱུད་གཉིས་སྣང་གི་དྲི་མས་མ་དག་པའི་དབང་གིས་ཡིན་ཏེ། དེ་དེས་དག་པའི་ཚེ་དེ་ལྟར་སྣང་བའི་གོ་སྐབས་མེད་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོའི་རྣལ་འབྱོར་པ་དེའི་མཉམ་གཞག་ཏུ་བསྐྱེད་རིམ་གྱི་རྟེན་བརྟེན་པ་ལྷམ་མེར་སྣང་བ་དེའི་ཚེ་སྣང་བ་དེ་ཐམས་ཅད་སྒྲུབ་པ་པོ་དེའི་རློམ་ཚོད་ལ་རྣམ་ཤེས་ཀྱི་ཆོས་ལས་བསྒྲུབ་པ་མ་ཡིན་ཞིང༌། ཡེ་ཤེས་ཀྱི་ཆ་ལས་སྒྲུབ་པར་རློམ་ཡང་སོང་ཚོད་ལ་ནི་རྣམ་ཤེས་ཀྱི་ཆོས་སུ་སོང་བ་ཡིན་ཏེ། ཡུལ་ཅན་རྟོག་པ་ཁོ་ནར་ཟད་པས་དེའི་ཡུལ་ཇི་སྙེད་པ་ལྡོག་པ་གཞན་སེལ་ལམ། རྟོག་པའི་བཟུང་རྣམ་གང་རུང་ལས་མ་འདས་པའི་ཕྱིར། འོ་ན་རྟོག་པའི་བཟུང་རྣམ་གྱི་ངོ་བོར་གྱུར་པའི་རྟེན་དང་བརྟེན་པ་དེ་དག་གོམས་པས་ཅི་ཞིག་བྱ་སྟེ། འཁྲུལ་པའི་སྣང་བ་ལས་མ་འདས་པའི་ཕྱིར་སྙམ་ན། སྒྲུབ་པ་པོའི་མཉམ་གཞག་རྟོག་བཅས་ལ་ལྷ་དང་གཞལ་ཡས་ཁང་སོགས་སུ་སྣང་བ་དེ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་ན་གོམས་བྱའི་དོན་ལ་གསལ་སྣང་འབྱུང་དུ་རུང་སྟེ། རྟེན་བརྟེན་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་འདོད་འཇིག་གོམས་པའི་བློ་བཞིན་ནོ། །ཞེས་པའི་རྟགས་དང་དཔེ་ལ་རྟེན་ནས་རྟོག་པའི་སྣང་བ་རྟོག་མེད་ཀྱི་ཡེ་ཤེས་སུ་གནས་གྱུར་པར་སྲིད་པར་གྲུབ་ལ། དེ་ལྟར་གྲུབ་པ་དེའི་ཚེ་རྟོག་མེད་ཀྱི་ཤེས་པ་ལ་གསལ་བར་སྣང་བའི་རྟེན་བརྟེན་པ་དེ་དག་ནི་ཆོས་དབྱིངས་ལས་གྲུབ་པ་ཡིན་ཏེ། ཀུན་བརྟགས་དང༌། རྣམ་བརྟགས་དང༌། ཆོས་ཉིད་དང་གསུམ་པོ་གང་རུང་གིས་མ་ཁྱབ་པའི་ཤེས་བྱ་མི་སྲིད་ལ། སྔ་མ་གཉིས་ནི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་དབང་དུ་བྱས་པའི་ཡུལ་དང་ཡུལ་ཅན་གང་དུ་ཡང་མི་རུང་བའི་ཕྱིར་དང༌། གཞན་དབང་ཡིན་ན་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཉིད་དུ་ཐལ་བར་འགྱུར་ལ། ཀུན་བརྟགས་སུ་འདོད་ནའང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པས་བཏགས་པའི་ལྡོག་པ་གཞན་སེལ་ལམ། རྟོག་པ་དེས་བཞག་པའི་བག་ཆགས་གང་རུང་ལས་མི་འདའ་བའི་ཕྱིར། འོ་ན་སྦྱང་གཞི་ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྟེང་དུ་སྦྱང་བྱའི་དྲི་མ་ནི་གང་སྦྱོང་བྱེད་ཀྱི་གཉེན་པོ་ནི་ཅི་ཞེ་ན། སྦྱང་གཞི་ཀུན་གཞི་ལ་བཤད་པ་དང༌། མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལ་བཤད་པ་དང༌། དེ་བཞིན་ཉིད་དྲི་མ་དང་བཅས་པ་ལ་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་བཤད་པ་རྣམས་དོན་ལ་ཁྱད་པར་མེད་དོ། །སྦྱོང་བྱེད་ནི་བསྐྱེད་རིམ་གྱི་དབང་དུ་བྱས་ན་ཕར་ཕྱིན་ཐེག་པ་དང་ཐུན་མོང་བ་གཟུང་འཛིན་གཉིས་མེད་རྟོགས་པའི་ཡེ་ཤེས་དང༌། སྔགས་ཀྱི་ཐུན་མོང་མིན་པ་གཉིས་མེད་ཀྱི་ཡེ་ཤེས་དེ་ལས་བསྒྲུབ་པའི་ལྷའི་རྣལ་འབྱོར་ཏེ་གཉིས་པོ་འདི་ལའང་སྒྲུབ་པ་པོ་དབང་རྟུལ་གྱིས་གཟུང་འཛིན་གཉིས་ཀྱི་སྣང་བ་སྦྱངས་ནས་དེའི་འོག་ཏུ་གཉིས་མེད་ཀྱི་ཡེ་ཤེས་རྐྱང་པ་ལྷར་བསྐྱེད་པ་དང༌། དབང་རྣོན་གྱིས་དེ་ལྟར་མ་སྦྱངས་པར་ལུས་རང་བཞིན་གྱིས་ལྷར་གྲུབ་པ་གསལ་བཏབ་ནས་སྒོམ་པའི་རྣལ་འབྱོར་ཏེ་གཉིས་ཡོད་དོ། །སྦྱང་བྱའི་དྲི་མ་ནི་གཟུང་འཛིན་གཉིས་པོ་བག་ཆགས་དང་བཅས་པ་སྟེ། དེ་ལའང་གང་ཟག་གི་དབང་དུ་བྱས་པའི་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སུ་དབྱེ་བས་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་འཁོར་དང་བཅས་པའི་དབྱེ་བ་སོ་སོར་འགྱུར་ལ། དེའི་གཉེན་པོར་རྣལ་འབྱོར་པ་རང་ཉིད་ལྷ་དེ་དང་དེའི་ངོ་བོར་གསལ་བཏབ་པས་ནི་གང་ཟག་གི་བདག་ཏུ་རྨོངས་པ་སྤོང་བར་བྱེད་ཅིང༌། ཡུལ་གྱི་སྣང་བ་མཐའ་དག་ཀྱང་རྣལ་འབྱོར་པ་རང་ཉིད་ཀྱི་ཡེ་ཤེས་ལས་གྲུབ་པའི་ངོ་བོར་གསལ་བཏབ་པས་ནི་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་འཁོར་དང་བཅས་པ་ལྡོག་པར་འགྱུར་རོ། །བསྐྱེད་རིམ་གྱི་རྣལ་འབྱོར་པས་མཉམ་གཞག་ཏུ་མ་ཟད་རྗེས་ཐོབ་ཀྱི་ཐུན་མཚམས་ཀུན་དུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བ་དགོས་པར་བཤད་པ་དེའི་ཚེ་ནི་གྱ་ནོམ་ལྷར་ཞེན་གྱི་རྟོག་པའི་གཉེན་པོ་གསལ་བར་གསུངས་པ་མེད་ལ། ལྷའི་ང་རྒྱལ་དེ་ཉིད་ཀྱང་རིམ་གྱིས་བསྡུས་ཏེ་རང་བཞིན་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པ་དེའི་ཚེ་ལྷར་ཞེན་གྱི་རྟོག་པ་དེའི་གཉེན་པོར་སོང་བ་ཡིན་ཡང་རང་བཞིན་འོད་གསལ་གྱི་ཆ་དེ་ཉིད་རང་སྟོང་དུ་སོང་བའི་མེད་དགག་གི་ཆ་ལ་མཉམ་པར་འཇོག་པའི་རྣལ་འབྱོར་སྐབས་འདིར་གསལ་བར་གསུངས་པ་མེད་པས། འདིའི་རྣལ་འབྱོར་ནི་དབུ་མ་ཐལ་རང་གིས་གཏན་ལ་ཕབ་པའི་ལྟ་བ་སྒོམ་ཚུལ་དང༌། མཐའ་གཅིག་ཏུ་བསྟུན་དགོས་པའི་ངེས་པ་མེད་པ་རྣལ་འབྱོར་སྤྱོད་པའི་དབུ་མས་གཏན་ལ་ཕབ་པའི་ལྟ་བ་སྒོམ་ཚུལ་དེ་ནི་ངེས་པ་ཁོ་ནར་གཞིར་བཞག་དགོས་པ་ཡིན་ཏེ། བདེ་ཆེན་གྱི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་དེ་ཉིད་མི་འགོག་པར་དེའི་ངང་ལ་མཉམ་པར་བཞག་དགོས་པའི་ཕྱིར། ཡང་རྫོགས་རིམ་གྱི་དབང་དུ་བྱས་པའི་སྦྱོང་བྱེད་དངོས་ནི་མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པ་དེ་ནས་བཟུང་སྟེ། དག་ལ་མ་དག་པའི་གནས་སྐབས་ཀྱི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་ཡིན་ལ། སྦྱང་བྱ་ནི་སྔགས་ལམ་གྱི་ཐུན་མོང་མིན་པའི་སྤང་བྱར་བཤད་པའི་མ་རིག་པ་འཕོ་བའི་བག་ཆགས་ཞེས་བྱ་བའི་མིང་ཅན་དེའོ། །རྫོགས་རིམ་གྱི་རྣལ་འབྱོར་གྱི་སྐབས་འདིར་ཡང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དེ་གཅིག་དང་དུ་བྲལ་གྱི་རིགས་པས་གཏན་ལ་ཕབ་པའི་ལྟ་བས་ཟིན་པ་ཅིག་དགོས་མོད། །སྒོམ་པས་ཉམས་སུ་མྱོང་བའི་ཚེ་ཡེ་ཤེས་དེའི་ངོ་བོ་ལ་མཚན་མར་མི་འཛིན་ཡང་དེ་ཉིད་བཀག་ནས་སྒོམ་པ་མ་ཡིན་ཏེ། དེ་ལས་གཞན་དུ་ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་སྒོམ་པར་འགྲོ་བ་ཡིན་གྱི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སྒོམ་པར་མ་སོང་བའི་ཕྱིར་རོ། །གཉིས་པ་གང་ཟག་དེས་རྡོ་རྗེའི་ཐེག་པ་ཇི་ལྟར་མངོན་དུ་བྱེད་པའི་ཚུལ་ནི། ཡེ་ཤེས་ཚོགས་སོག་གིས་བདག་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ཟིན་པའི་འོག་རོལ་དུ་ལྷག་མར་ལུས་པའི་སྒྲུབ་པ་པོ་ཞིག་ཁས་ལེན་དགོས་པ་དེ་ནི་ཆོས་ཉིད་དོན་དམ་པའི་སྒྲུབ་པ་པོ་དེ་ཉིད་ལས་གཞན་མེད་དེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའི་ཆོས་དང་གང་ཟག་གཉིས་ཀ་བཀག་ཟིན་པའི་ཕྱིར་དང༌། དེ་མ་བཀག་ན་ཡེ་ཤེས་ཀྱི་ཚོགས་སོག་གོ་ཆོད་པོར་མ་སོང་བའི་ཕྱིར། དེ་བཞིན་དུ་སྒྲུབ་བྱེད་བསྐྱེད་པའི་རིམ་པ་ཡང་ཆོས་ཉིད་དོན་དམ་པའི་དབང་དུ་བྱེད་དགོས་པ་ཡིན་ཏེ། ཆོས་ཅན་ཀུན་རྫོབ་པའི་དབང་དུ་བྱས་པའི་སྣོད་བཅུད་ཀྱི་གཟུང་འཛིན་གཉིས་ཀ་བཀག་ཟིན་པའི་ཕྱིར། དེ་བས་ན་རིམ་པ་དང་པོ་འདི་ལ། རྟེན་བསྐྱེད་པའི་རིམ་པ་ཆོས་ཀྱི་དབང་དུ་བྱས་པ་དང༌། བརྟེན་པ་བསྐྱེད་པའི་རིམ་པ་ཞེས་བྱ་བ་བདག་གི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྣམ་པར་བརྟགས་པའི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྦྱང་གཞིར་བྱས་ནས་དེའི་སྟེང་གི་སྦྱང་བྱ་གཟུང་འཛིན་གཉིས་པོ་སྭ་བྷ་ཝའི་སྔགས་ཀྱིས་རང་གི་ངོ་བོས་སྟོང་པར་སྦྱངས་ནས་དེའི་ལྷག་མར་གྱུར་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་མི་འགོག་པར་དེ་ཉིད་ལ་ང་རྒྱལ་འཛིན་པ་ནི་ཤུདྡྷོ་ཧཾ་ཞེས་པ་ཡིན་ལ། དེ་དུས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལ་ནི་ཆོས་ཉིད་ཀྱི་དབང་དུ་བྱས་པའི་སྣོད་ཀྱི་འཇིག་རྟེན་ཞེས་བྱའོ། །ཐེག་པ་ཆེན་པོའི་མདོ་ལས་དེ་སྐད་ཅེས་གསུངས་པའི་རྒྱུ་མཚན་ཡང་སྣོད་ཀྱི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་ལ་ཐུག་ལ། ངོ་བོ་ཆོས་ཉིད་གཅིག་པོ་དེ་ལ་སྣང་ཚུལ་མི་འདྲ་བ་གཉིས་ཏེ། མ་རིག་པའི་སླད་པ་རྗེས་སུ་ཞུགས་པ་རྣམས་ལ་མ་དག་པའི་དང༌། རིག་པ་ཡེ་ཤེས་ཀྱི་རྗེས་སུ་ཞུགས་པ་རྣམས་ལ་དག་པའི་སྣོད་ཀྱི་རྣམ་པ་འཆར་བའོ། །སྣང་ཚུལ་ཕྱི་མ་དེ་འཆར་བ་ལ་དེ་མཐོང་བ་ལ་གེགས་བྱེད་ཀྱི་མ་རིག་པ་སྦྱོང་བྱེད་ཀྱི་ཐབས་སུ་གདུལ་བྱ་དབང་པོ་རྣོན་པོ་དག་ལ་ཕྱི་བསྐྱེད་པའི་རིམ་པ་དག་གསུངས་སོ། །དེ་ཡང་ཆོས་འབྱུང་གི་ནང་དུ་འབྱུང་བ་བཞི་རོ་གཅིག་ཏུ་གྱུར་པ་ལས་གཞལ་ཡས་ཁང་གི་རྣམ་པ་ཅན་དུ་སྒོམ་པ་དེའི་ཚེ་ན། གནས་ཚུལ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སྣང་ཚུལ་ནི་གཞལ་ཁས་ཁང་གི་རྣམ་པ། ངོ་བོ་ནི་གཞི་དུས་ཀྱི་རང་བཞིན་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ངོ་བོའོ། །དེའི་ཚེ་ན་དྲི་མས་དག་མ་ཟིན་པའི་སྣོད་ཀྱི་ཆོས་ཉིད་དེ་ལ་རྒྱུའི་རྒྱུད་ཅེས་བྱ། དེ་ཉིད་གཞལ་ཡས་ཁང་གི་རྣམ་པར་ཤར་བ་དེ་ལ་ཐབས་ཀྱི་རྒྱུད་ཅེས་བྱ། ཐབས་རྒྱུད་དེས་རྒྱུ་རྒྱུད་ཀྱི་སྟེང་གི་དྲི་མ་སྦྱངས་པ་ལས་རྒྱུ་རྒྱུད་ཀྱི་མིང་ཅན་མ་དག་པའི་འཇིག་རྟེན་གྱི་ཆོས་དབྱིངས་དེ་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་གནས་གྱུར་པ་དེ་ལ་ནི་འབྲས་བུའི་རྒྱུད་ཅེས་བྱའོ། །དེ་ཡང་ཞིབ་མོར་མཚོན་ན། ཡཾ་ལས་རླུང་གི་དཀྱིལ་འཁོར་ཞེས་པ་དེའི་དུས་ཀྱི་རླུང་ནི་ཆོས་ཉིད་ཀྱི་རླུང་ཞེས་བྱ་བ་སྟེ། ངོ་བོ་ནི་ཆོས་ཉིད། རྣམ་པ་ནི་རླུང་དུ་སྣང་བ། དེ་ཡང་རྣམ་ཤེས་ལ་སྣང་བ་མ་ཡིན་གྱི། ཡེ་ཤེས་ལ་དེར་སྣང་བའོ། །དེ་ལྟར་སྣང་བ་དེ་རིང་དུ་གོམས་པས་ཆོས་ཉིད་དེའི་སྟོང་གི་མ་དག་པའི་རླུང་གི་རྣམ་པ་དག་ནས་དག་པ་ཡེ་ཤེས་ཀྱི་རླུང་དུ་གནས་འགྱུར་བ་ལ་སོགས་པ་གཞན་ལའང་སྦྱར་བར་བྱའོ། །མདོར་ན་མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་དབྱིངས་དང་བཅས་པ་ནི་སྦྱང་གཞི། ཕྱི་བསྐྱེད་པའི་རིམ་པ་ནི་སྦྱོང་བྱེད་དག་པ་ཆོས་དབྱིངས་ཀྱི་ཞིང་ཁམས་སུ་གནས་གྱུར་པ་ནི་སྦྱང་འབྲས་སོ། །དེ་ལྟར་ཤེས་ན་རྣལ་འབྱོར་པ་རང་ཉིད་ཐོག་མར་གང་དུ་སངས་རྒྱས་པའི་ཞིང་དེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡིན་པ་དང༌། རྡུལ་གཅིག་གི་ཁྱོན་ལའང་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་ཞིང་ཁམས་སྤྲོ་ནུས་པ་དང༌། སངས་རྒྱས་རང་སྣང་ལ་མ་དག་པའི་སྣང་བ་མི་འཆར་བ་དང༌། སྟུག་པོ་བཀོད་པའི་ཞིང་ཁམས་དེའི་རྒྱ་ཁྱོན་གྱི་ནང་ན་མ་དག་པའི་ཞིང་རབ་འབྱམས་གྱི་རྣམ་པ་དང༌། དེ་ལྟར་སྣང་བའི་སེམས་ཅན་གྱི་ཚོགས་རབ་འབྱམས་ཉེ་བར་གནས་ཀྱང༌། ཞིང་དེའི་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་རྣམ་པ་འཆར་བ་ཡིན་གྱི། མ་དག་པའི་ལས་སྣང་སོ་སོའི་རྣམ་པ་མི་འཆར་བ་ལ་སོགས་པའི་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །གཉིས་པ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོ་ཐམས་ཅད་ཀྱང་ངོ་བོ་ནི་ཆོས་ཀྱི་དབྱིངས། རྣམ་པ་ནི་ཟླ་ཉི། ཕྱག་མཚན་ས་བོན་གྱིས་མཚན་པ་ལ་སོགས་པ་དེ་དང་དེར་སྣང་བའོ། །སྣང་བ་དེ་རིང་དུ་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་པ་འབྱུང་དུ་རུང་བ་ནི་གོང་དུ་བཤད་པའི་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་ལ། དེའི་ཚེ་ན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོའི་གཞི་དུས་ཀྱི་ཆོས་ཉིད་ནི་རང་བཞིན་གྱི་སངས་རྒྱས་དང་རྒྱུའི་རྒྱུད། མངོན་པར་བྱང་ཆུབ་པ་ལྔ་པོའི་རྣམ་པ་དེ་དང་དེར་སྣང་བ་ནི་ལམ་དུས་ཀྱི་ཡེ་ཤེས་ལྔ་དང་ཐབས་ཀྱི་རྒྱུད། གནས་གྱུར་མཐར་ཕྱིན་པ་ནི་འབྲས་དུས་ཀྱི་ཡེ་ཤེས་ལྔ་དང་འབྲས་བུའི་རྒྱུད་དོ། །དེ་ཡང་ཉེ་བར་བསྡུས་ན། རང་བཞིན་དགྱེས་པ་རྡོ་རྗེ་དང༌། ལམ་དགྱེས་པ་རྡོ་རྗེ་དང༌། འབྲས་བུ་དགྱེས་པ་རྡོ་རྗེ་གསུམ་དུ་འགྱུར་ལ། དེ་གསུམ་བརྗོད་བྱར་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིགས་ལ་གཞུང་དགྱེས་པ་རྡོ་རྗེ་ཞེས་བྱའོ། །དེ་ལྟར་བཞིའི་ནང་ནས་འབྲས་བུའི་དུས་ཁོ་ན་དགྱེས་པ་རྡོ་རྗེ་དངོས་ཡིན་ལ། གཞི་དུས་དང་ལམ་དུས་ཀྱི་དགྱེས་པ་རྡོ་རྗེ་གཉིས་ནི་གོ་རིམ་བཞིན་དུ་ཆོས་ཉིད་དེ་ཡིན་པ་དང༌། རྣམ་པ་དེ་ཡིན་པའི་ཆ་ནས་སྒྲུབ་པ་པོས་རང་གི་བློ་ངོར་དེ་དང་དེར་ཞེན་པ་ཡིན་གྱི་དངོས་མ་ཡིན་ཏེ། ཇི་སྐད་དུ། རྗེ་བཙུན་གྱིས། ཀྱཻ་རྡོ་རྗེ་དེ་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་སོ། །འོ་ན་དེ་མ་ཡིན་པ་ལ་དེར་ཞེན་པས་ཅི་ཞིག་བྱ་སྙམ་ན། དེའི་རྣམ་པ་ལ་དེར་མོས་ནས་མོས་པ་དེ་ཉིད་ཀྱང་ལམ་དུ་བྱས་ཏེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པས་གོམས་བྱའི་དོན་ལ་གསལ་སྣང་འབྱུང་བའི་རྒྱུ་མཚན་གྱིས་སོ། །གསལ་སྣང་འབྱུང་བའི་རྒྱུ་མཚན་ཡང་འབྲེལ་པས་མི་སླུ་བའོ། །འབྲེལ་པ་དེ་ཡང་གང་ཞེ་ན། རྒྱུ་ཚོགས་གྲངས་ཚང་བའི་རྟགས་ཀྱིས་གཞི་དེར་འབྲས་བུ་འབྱུང་རུང་དུ་དབོག་ནུས་པའི་རྒྱུ་མཚན་གྱིས་བདག་གཅིག་པའི་འབྲེལ་བ་ཡིན་གྱི། དེ་བྱུང་གི་འབྲེལ་བ་ཉིད་དུ་འཁྲུལ་བར་མི་བྱ་སྟེ། རྒྱུ་འབྲས་བུ་ལ་དེ་བྱུང་དུ་འབྲེལ་བ་ནི་རིགས་པའི་གཞུང་དང་མི་མཐུན་པའི་ཕྱིར། འོ་ན་རྒྱུ་དེ་ལས་འབྲས་བུ་དེ་འབྱུང་བར་གང་གིས་གྲུབ་ཅེ་ན། མེ་ལས་དུ་བ་འབྱུང་བ་ལྟ་བུ་འཇིག་རྟེན་པའི་མངོན་སུམ་གྱིས་གྲུབ་པ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པས་དེ་ལས་དེ་འབྱུང་བར་བཅས་པ་མཛད་པའི་རྒྱུ་མཚན་གྱིས་སོ། །དེའི་ཁྱབ་འབྲེལ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེ་ནི་མི་སླུ་བའི་རྒྱུ་མཚན་གྱིས་ཤིན་ཏུ་ལྐོག་གྱུར་སྟོན་པའི་གསུང་ཐམས་ཅད་དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ཕྱིར་རོ། །སྦྱོར་བ་ནི་འདི་ལྟར། རྒྱུའི་རྒྱུད་དེར་ཆོས་ཅན། ཐམས་རྒྱུད་ཀྱི་ཡན་ལག་དང་མ་བྲལ་ན་འབྲས་བུའི་རྒྱུད་འབྱུང་དུ་རུང་སྟེ། དེ་འབྱུང་བར་དེ་བཞིན་གཤེགས་པའི་ལུང་ལས་གསུངས་པའི་ཕྱིར། དེའི་ཁྱབ་འབྲེལ་ནི། དེ་ལས་དེ་འབྱུང་བར་སྟོན་པའི་དེ་བཞིན་གཤེགས་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་པའོ། །ཕྱོགས་ཆོས་ནི་དེ་བཞིན་གཤེགས་པས་དེ་ལས་དེ་འབྱུང་བར་གསུང་བའི་རྒྱུ་མཚན་ཡང༌། ལམ་ཀྱཻ་རྡོ་རྗེ་དམ་ཚིག་པ་ལ་འབྲས་བུ་ཀྱཻ་རྡོ་རྗེ་ཡེ་ཤེས་པ་སྤྱན་དྲངས་ནས་ཉམས་སུ་བླངས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཚོགས་སོག་ཅིང་སྒྲིབ་པ་དག་པའི་རྟེན་འབྲེལ་དུ་འགྱུར་བའི་ཕྱིར། ཞེས་བྱ་བ་འདི་གྲུབ་པའོ། །གཉིས་པ་བཤད་བྱའི་མདོ་དོན་དངོས་བཤད་པ་ལ་གཉིས་ཏེ། དོགས་པ་དགོད་པ་དང༌། དེའི་ལན་གདབ་པའོ། །དང་པོ་ནི། ཟླ་བ་ལ་སོགས་པའི་མངོན་པར་བྱང་ཆུབ་པ་ལྔ་པོ་དེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དངོས་ཡིན་ནམ་མིན། ཡིན་ན་གྲུབ་ཟིན་བསྒྲུབ་པར་འགྱུར། མིན་ན་བསྒོམ་ཀྱང་མི་འགྲུབ་བོ་སྙམ་ན། ཞེས་སྟོན་པ་ནི་ཁ་ཅིག་ཅེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་དགྱེས་པ་རྡོ་རྗེ་ཡིན་ཚུལ་ལ་གསུམ་ཏེ། རང་བཞིན་དགྱེས་པ་རྡོ་རྗེ་དང༌། ལམ་དགྱེས་པ་རྡོ་རྗེ་དང༌། འབྲས་བུ་དགྱེས་པ་རྡོ་རྗེ་གསུམ་ལས། སྒྲུབ་པ་པོ་རང་ཉིད་འབྲས་བུ་དེ་དངོས་མ་ཡིན་པས་སྐྱོན་དང་པོ་མེད། རང་བཞིན་དང་ལམ་གྱི་དགྱེས་པ་རྡོ་རྗེ་ཡིན་པས་སྐྱོན་གཉིས་པ་མེད་དོ་ཞེས་སྟོན་པ་ནི། ཡིན་ནས་སྒོམ་ལ་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་པ་པོས་ཡེ་ཤེས་ལྔའི་རྣམ་པ་ལམ་དུ་བྱེད་པར་བསྟན་པ། དེ་ལྟ་ན་ཡང་འབྲས་བུ་ལམ་བྱེད་དུ་མི་འགལ་བ། རྣམ་པ་ལམ་དུ་བྱས་པས་འབྲས་བུ་མངོན་དུ་འགྱུར་བའི་རྒྱུ་མཚན་ནོ། །དང་པོ་ནི། མངོན་བྱང་ལྔ་པོ་འབྲས་དུས་ཀྱི་ཡེ་ཤེས་དངོས་མ་ཡིན་ཡང་དེའི་རྣམ་པ་ཡིན་ལ། དེའི་རྒྱུ་མཚན་གྱིས་ལམ་ཀྱཻ་རྡོ་རྗེ་དངོས་ཡིན། རང་བཞིན་དགྱེས་པ་རྡོ་རྗེ་ཡང་དངོས་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཡང་ཚུལ་འདི་ལྟར་ཞེས་སོགས་སོ། །གཉིས་པ་ནི། འོ་ན་མངོན་བྱང་ལྔ་སྒོམ་པ་འདི་འབྲས་བུ་ལམ་བྱེད་མ་ཡིན་པར་འགྱུར་ཏེ། དེའི་བསྒོམ་བྱ་རྣམ་པ་དེ་ནི་ཐབས་དངོས་ཡིན་གྱི་འབྲས་བུ་དངོས་མ་ཡིན་པའི་ཕྱིར་སྙམ་ན། དེར་ཐལ་བ་མེད་དེ། མངོན་པར་བྱང་ཆུབ་པ་ལྔ་པོ་འདི་ཉིད་འབྲས་བུ་དངོས་ཡིན་ནོ་སྙམ་དུ་ཐག་བཅད་ནས་ལམ་དུ་བྱེད་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཡང་སངས་རྒྱས་ལ་མངའ་བའི་ཞེས་སོགས་ཏེ། སྒྲུབ་པ་པོ་དེའི་ཞེན་ངོར་ལམ་དེ་འབྲས་བུ་དངོས་ཡིན་པའི་ཕྱིར། ཞེས་པའོ། །དེའི་ཞེན་ངོར་དེ་ལྟར་ཡིན་ཡང་དོན་དུ་ན་མོས་པ་ལམ་བྱེད་ལ་འབྲས་བུ་ལམ་བྱེད་ཀྱི་མིང་གིས་བཏགས་པ་ཡིན་ཏེ། རྣམ་པ་དེ་འབྲས་བུ་དངོས་ཡིན་པར་ཐག་བཅད་ནས་སྒོམས་པས་ནམ་ཞིག་གི་ཚེ་འབྲས་བུ་དེ་མངོན་དུ་བྱེད་པའི་ཕྱིར། དཔེར་ན་སྔོན་པོའི་རྣམ་པ་མཐོང་བ་ལ་སྔོན་པོ་མཐོང་བར་བཏགས་པ་བཞིན་ནོ། །ཞེས་སྟོན་པ་ནི། རྣམ་པ་དེ་ཉིད་ལ་ཞེས་སོགས་སོ། །གསུམ་པ་ནི། དགྱེས་པ་རྡོ་རྗེ་དངོས་ཀྱི་རྣམ་པ་ལམ་དུ་བྱས་པས་འབྲས་བུ་དེ་མངོན་དུ་བྱེད་ནུས་པ་ཡིན་ཏེ། དེ་དེའི་ཐབས་དངོས་སུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཕྱིར། དཔེར་ན་སྔོན་པོའི་རྣམ་པ་འཛིན་པའི་མངོན་སུམ་དེ་འཇུག་ཡུལ་སྔོན་པོ་རང་མཚན་ལ་མི་བསླུ་བ་བཞིན་ནོ། །ཞེས་སྟོན་པ་ནི། དེས་བདག་གི་རྒྱུད་ལ་ཞེས་སོགས་སོ། །གསུམ་པ་ནི། བགྲོད་བྱེད་རྡོ་རྗེའི་ཐེག་པ་འདི་ལ་ཞེན་པས་འཇུག་པའི་ལམ་ཞེས་བྱ་སྟེ། སོང་ཚོད་ལ་ཐབས་རྒྱུད་དུ་སོང་བའི་རྣམ་པ་དེ་ལ་རློམ་ཚོད་དུ་འབྲས་རྒྱུད་དུ་ཞེན་ནས་འཇུག་པའི་ཕྱིར། འབྲེལ་པས་མི་བསླུ་བའི་ལམ་ཞེས་ཀྱང་བྱ་སྟེ། ཐབས་རྒྱུད་དང་འབྲས་རྒྱུད་རྒྱུ་འབྲས་ཀྱི་འབྲེལ་པ་ཅན་དུ་བཅས་པ་མཛད་མཁན་གྱི་དེ་བཞིན་གཤེགས་པའི་ཐུགས་རྗེས་མི་སླུ་བའི་ཕྱིར། ཞེས་སྟོན་པ་ནི། དེ་བས་ན་རྣམ་པ་དེ་ལ་ངོ་བོར་ཞེན་པས་ན་ཞེས་སོགས་སོ། །གལ་ཏེ་འོ་ན་རྣམ་པ་ལམ་བྱེད་ལ་འབྲས་བུ་ལམ་བྱེད་ཀྱི་མིང་གིས་བཏགས་པ་དེ་ལྟ་ན། དོན་རྒྱུ་ལམ་བྱེད་དུ་སོང་གི་འབྲས་བུ་ལམ་བྱེད་དུ་མ་སོང་བ་དང༌། བསྒྲུབ་བྱའི་ལྷ་དང་ཡེ་ཤེས་མིན་སྒོམ་དུ་སོང་གི་ཡིན་སྒོམ་དུ་མ་སོང་བ་ཡིན་ནོ་ཞེ་ན། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ་དེ་ལྟར་དུ་སོང་ཡང༌། འཇུག་ཚེ་གཅིག་ཏུ་འཁྲུལ་པའི་རྣམ་གཞག་ལ་ཡིན་སྒོམ་དང༌། འབྲས་བུ་དངོས་ཀྱི་ལམ་བྱེད་དུ་བཞག་སྟེ་དེའི་རྣམ་པ་ལ་དེར་ཞེན་ནས་ལམ་དུ་བྱེད་པའི་ཕྱིར། དཔེར་ན་འཆད་པའི་ཚེ་སྔོར་སྣང་དབང་ཤེས་ཀྱིས་སྔོན་པོ་མ་རྟོགས་ཀྱང་འཇུག་ཚེ་དེ་དེས་རྟོགས་པར་ཐ་སྙད་བྱས་པ་བཞིན་ནོ། །འོ་ན་འདིར་བཤད་འཇུག་གཉིས་པོ་གང་དབང་བཙན་པར་བྱེད་ཅེ་ན། ལྟ་བ་དང་གྲུབ་པའི་མཐའ་འཇོག་པ་ན་འཆད་པ་དབང་བཙན་ཀྱང༌། སྒོམ་པ་དང་སྤྱོད་པའི་ཚེ་ན་འཇུག་པ་དབང་བཙན་པ་ཡིན་ཏེ། ཇི་སྐད་དུ། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་བས་ཐོབ། །ཅེས་པ་ལྟར་རོ། །གསུམ་པ་གཞན་གྱིས་བརྟགས་པའི་མཐའ་བསལ་བ་ལ་གཉིས་ཏེ། རྗེ་བཙུན་ས་སྐྱ་པའི་ལུགས་འདི་ལ་སྡང་བ་དག་གིས་རྣམ་པར་བརྟགས་པའི་མཐའ་བསལ་བ་དང༌། ལུགས་འདི་ལ་ཤིན་ཏུ་དྭང་བ་དག་གིས་རྣམ་པར་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། གསང་སྔགས་ལམ་རིམ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ན་རེ། ཕ་རོལ་དུ་ཕྱིན་པ་བ་རྣམས་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་བསྒོམས་པས་ཆོས་ཀྱི་སྐུ་དང་རྗེས་སུ་མཐུན་པའི་རྣམ་པ་ལམ་སྒོམ་པ་ཡོད་ཀྱང༌། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་མེད་ལ། སྔགས་ལ་ནི་ཡོད་དོ། །དེས་ན་གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལ་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་མཛད་པ་ཡིན་ཏེ། སྤྱིར་ཐེག་པ་ཆེ་ཆུང་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཀྱི་ཐབས་ཀྱིས་དབྱེ་དགོས་ཤིང༌། ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཆ་ནས་ཡིན་ལ། གཟུགས་ཀྱི་སྐུའི་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་བསྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ། །ཞེས་འཆད་དོ། །འདི་མི་འཐད་པ་གསུམ་སྟེ། གཟུགས་སྐུའི་རིགས་འདྲ་ལམ་བྱེད་ཐབས་ཀྱི་གཙོ་བོ་མ་ཡིན་པར་བསྟན། ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་རབ་ཀྱིས་མི་འབྱེད་པ་མ་ཡིན་པར་བསྟན། ཐེག་པ་ཆེན་པོ་གཉིས་ཀྱི་ཁྱད་པར་ཡང་ཤེས་རབ་ཀྱིས་འབྱེད་དགོས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། དོན་དེ་ལ་སྒྲུབ་བྱེད་ཀྱི་ལུང་མེད་པ་དང༌། གནོད་བྱེད་ཀྱི་རིགས་པ་ཡོད་པ་དང༌། སུན་འབྱིན་གྱི་ཚེར་མ་འབྱིན་མི་ནུས་པའོ། །དང་པོ་ནི། སངས་རྒྱས་ཀྱི་སས་བསྡུས་པའི་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དེ་མངོན་དུ་བྱེད་པ་ལ། དེའི་ཉེར་ལེན་གྱི་རྒྱུར་གྱུར་པའི་རིགས་འདྲ་སྔ་མ་མཚན་དཔེའི་རྣམ་ཅན་ཞིག་ངེས་པར་སྔོན་དུ་འགྲོ་དགོས་པ་ནི་སྔགས་ཀྱི་ཐེག་པའི་ཐབས་ཀྱི་ཁྱད་པར་ཡིན་ནོ་ཞེས་ཟེར་བ་འདི་ལ་ནི། སྟོན་བྱེད་ཀྱི་ལུང་ཡོད་པ་མ་ཡིན་ཏེ། རྒྱུད་གཞུང་མན་ངག་མཐའ་དག་ལས་སངས་རྒྱས་ཀྱི་སའི་ལོངས་སྐུ་ཡན་ལག་བདུན་ལྡན་གྱི་ཉེར་ལེན་གྱི་རྒྱུ་ནི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཤིག་གིས་བྱེད་པར་བཤད་པ་ཡིན་གྱི། སློབ་པའི་གཟུགས་ཀྱི་སྐུས་བྱེད་པར་མ་བཤད་པའི་ཕྱིར་དང༌། གསང་བ་འདུས་པ་ལས། འོད་གསལ་ལས་ཟུང་འཇུག་གི་སྐུར་དངོས་སུ་ལྡང་བར་གསུངས་ཀྱི། སྒྱུ་མ་ལྟ་བུའི་ལུས་ལས་ཟུང་འཇུག་གི་སྐུར་ལྡང་བ་མ་གསུངས་པའི་ཕྱིར་དང༌། བདེ་མཆོག་ལས་ཀྱང་ལམ་རིམ་པ་ལྔ་པའི་མཐར་ཐུག་པའི་སངས་རྒྱས་དེ་གཟུགས་ཀྱི་ཉེར་ལེན་ལས་བྱུང་བར་བཤད་པ་མེད་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་དོན་དམ་པའི་བདེན་པར་ཁས་ལེན་པ་ཡིན་གྱི། ཀུན་རྫོབ་པའི་གཟུགས་ཀྱི་ཉེར་ལེན་ཅན་དུ་མི་བཞེད་པའི་ཕྱིར་དང༌། སྤྱིར་ཡང་བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་དངོས་ཀྱི་རྒྱུ་ནི་རྫོགས་རིམ་གྱི་ཡེ་ཤེས་ལ་འཆད་པ་ཡིན་གྱི། སྐྱེད་རིམ་ལ་མི་འཆད་པ་ནི་དུས་ཀྱི་འཁོར་ལོའི་ལུགས་ལས་འབྱུང་བའི་ཕྱིར་དང༌། གསང་སྔགས་ཀྱི་ཐབས་ཀྱི་ཁྱད་པར་གཙོ་ཆེ་ཤོས་ནི་རང་བྱིན་གྱིས་བརླབས་པའི་རིམ་པ་དང༌། གཞན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྫོགས་རིམ་གྱི་སྐབས་ནས་འབྱུང་བ་རྣམས་ཡིན་པ་ལ་བསྐྱེད་རིམ་ཁོ་ནའི་ཆ་ནས་བཞག་པས་ནོངས་པའི་ཕྱིར་དང༌། བསྐྱེད་རིམ་གྱི་ཐབས་ཀྱི་ཆའང་སྦྱངས་གཞི་སྦྱོང་བྱེད་ཀྱི་རིམ་པ་དེ་དག་གཙོ་བོ་ཡིན་པ་ལ། ལྷའི་སྐུ་མཚན་དང༌། དཔེ་བྱད་ཀྱིས་སྤྲས་པ་སྒོམ་པ་ནི་ཐབས་ཀྱི་གཙོ་བོར་བཞག་པས་ཤིན་དུ་འཁྲུལ་པའི་ཕྱིར་དང༌། ཡང་དག་པར་ན་སངས་རྒྱས་ཀྱི་སས་བསྡུས་པའི་གཟུགས་སྐུ་ཞལ་ཕྱག་གི་རྣམ་པ་ཅན་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཚེ་འདིར་མཚན་དཔེས་སྤྲས་པའི་གཟུགས་སྐུ་མངོན་དུ་བྱེད་པ་ལ་མཚན་དཔེའི་རྣམ་པ་ཅན་གྱི་རིགས་འདྲ་སྔ་མ་ཅིག་སྔོན་དུ་འགྲོ་དགོས་ན། དེ་འདྲ་དེ་ཐ་མལ་གྱི་ལུས་འདི་ལ་གྲུབ་དགོས་པ་ཡིན་ནམ་སེམས་ཀྱི་སྟེང་དུ་གྲུབ་དགོས་པ་ཡིན། དང་པོ་ལྟར་ན། རྣམ་ཤེས་མ་ཡིན་པས་རྣམ་ཤེས་ཀྱི་ཉེར་ལེན་བྱེད་པར་འགྱུར་ཏེ། སངས་རྒྱས་པའི་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་དེ་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར། ཐ་མལ་པའི་ལུས་འདིའི་རིགས་རྒྱུན་སངས་རྒྱས་ཀྱི་སར་འགྲོ་བར་འགྱུར་ཏེ། དམ་བཅའ་ཁས་བླངས་པ་དེ་ཉིད་ཀྱི་ཕྱིར། འདོད་ན། དུས་ཀྱི་འཁོར་ལོ་ལས་སངས་རྒྱས་ཀྱི་སར་བེམས་པོའི་ཁམས་ཟད་པར་གསུངས་པ་དང༌། གསང་བ་འདུས་པ་ལས་ཀྱང་ལུས་ཀྱི་ཁོག་པ་བརྗེས་ཏེ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པར་གསུངས་པའི་ལུང་གིས་གནོད་ཅིང༌། ཁྱེད་རང་གིས་ཀྱང་ཚེ་གཅིག་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པའི་ཚེ་རྣམ་སྨིན་གྱི་ལུས་དེ་སྦྲུུལ་གྱི་ཤུན་པགས་རྗེས་པ་བཞིན་དུ་དོར་ནས། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མ་གཞི་ལུས་ཞེས་བྱ་བ་གཅིག་གིས་ལོངས་སྐུ་མངོན་དུ་བྱེད་པར་འཆད་པས་ཁས་བླངས་ཀྱིས་ཀྱང་གནོད་པའི་ཕྱིར་རོ། །གཉིས་པ་ལྟར་མི་འདོད་མོད། ཁས་ལེན་ན་ཡང༌། གསལ་སྔགས་ཐེག་པའི་ཐབས་ཀྱི་ཁྱད་པར་དུ་མ་སོང་སྟེ། སྒོམ་པ་པོའི་སེམས་ཀྱི་སྟེང་དུ་མཚན་དཔེའི་རིགས་འདྲ་སྔ་མ་སྔོན་དུ་སོང་བ་གཅིག་ནི་ཕར་ཕྱིན་པས་ཀྱང་ཁས་ལེན་པའི་ཕྱིར་དང༌། ཁྱེད་རང་ལྟར་ན། ཇི་སྐད་དུ། གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལེན་རྒྱུ། །ཞེས་པའི་ལུང་དང་འགལ་བར་འགྱུར་ཏེ། ཚུ་རོལ་མཐོང་བ་དག་གི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་རྟགས་ཀྱིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཤེས་པ་མ་ཡིན་པར་སྒྲུབ་པ་ནི་ཁྱེད་རང་གི་གྲུབ་མཐའི་རྩ་བ་ཡིན་པའི་ཕྱིར་དང༌། ཤེས་རྒྱུད་ཀྱི་སྟེང་དུ་མཚན་དཔེའི་རིགས་འདྲ་སྔ་མ་བསྒྲུབ་རྒྱུ་ཡིན་ན་ཆོས་སྐུའི་ཡོན་ཏན་གྱི་ལམ་དུ་སོང་གི གཅིག་ཤོས་སུ་མ་སོང་བའི་ཕྱིར། གཞན་ཡང་གཟུགས་སྐུའི་མཚན་དཔེ་ལ། སློབ་ལམ་དུ་རིགས་འདྲ་སྔ་མ་ཡོད་དགོས་ན། ཆོས་སྐུའི་མཚན་དཔེ་ལ་དེ་དགོས་སམ་མི་དགོས། དགོས་ན་དེ་བསྐྱེད་རིམ་གྱི་སྐབས་སམ་རྫོགས་རིམ་གྱི་སྐབས་གང་དུ་བསྟན། གང་དུ་བསྟན་ཀྱང་འདྲ་སྟེ་མཚན་དཔེའི་རྣམ་པ་ཅན་དེ་གཟུགས་ཀྱི་སྐུ་སྒྲུབ་བྱེད་ཀྱི་ཐབས་སུ་འཆད་པ་དང་འགལ། གཉིས་པ་ལྟར་ན་གཅིག་ཤོས་ལ་ཡང་མི་དགོས་པར་མཚུངས་ཏེ། ཚེ་གཅིག་ལ་སངས་རྒྱས་ཀྱི་སྐུ་མངོན་དུ་བྱེད་པའི་དབང་དུ་བྱས་པར་ནི་གཉིས་ཀ་མཚུངས་པའི་ཕྱིར། ཁྱད་གཞི་ཆོས་སྐུའི་མཚན་དཔེ་ཁས་མི་ལེན་པས་དེའི་ཁྱད་ཆོས་ལ་བརྟགས་པའི་བརྟག་པ་མི་འཇུག་གོ་ཅེ་ན། སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་མ་ཚང་བའི་སངས་རྒྱས་ཀྱི་སྐུ་འདོད་པ་ནི་ངོ་མཚར་གྱི་གནས་སུ་བྱ་བའོ། །གལ་ཏེ་མཚན་དང་དཔེ་བྱད་རྣམས་སེམས་ཀྱི་ཆོས་སུ་མེད་པར་འདོད་ན། མངོན་པ་ཀུན་ལས་བཏུས་ལས། ཇི་སྐད་དུ། མཚན་དང་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཀུན་དུ་སྟོན་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང༌། དེ་ལས་བྱུང་བའི་རྣམ་པར་སྨིན་པའོ། །ཞེས་ཡེ་ཤེས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཀ་མཚན་དཔེའི་ཡོན་ཏན་གྱིས་ཕྱུག་པར་བཤད་པ་དང་འགལ་ལོ། །དེས་ན་མཚན་དཔེ་ལ་གནས་ཚུལ་ཆོས་ཀྱི་སྐུའི་ངོ་བོར་གནས་པ་དང༌། སྣང་ཚུལ་གཟུགས་ཀྱི་སྐུའི་ངོ་བོར་སྣང་བ་དང་གཉིས་སུ་རྣམ་པར་བཞག་གོ །མདོར་ན་གདུལ་བྱ་སེམས་ཅན་ལ་མཚན་དཔེའི་རྣམ་པ་ཅན་དུ་སྣང་བའི་གཟུགས་ཀྱི་སྐུ་དེའི་རིགས་འདྲའི་རྒྱུན་སྔ་མ་མཚན་དཔེའི་རྣམ་པ་ཅན་ཞིག་ངེས་པར་དགོས་ན། དེ་འདྲ་དེ་གང་ལ་སྣང་མཁན་གྱི་ཤེས་པའི་རྒྱུན་ལ་ཡོད་དགོས་ཏེ། གཞན་སྣང་གི་གཟུགས་སྐུ་གཉིས་པོའི་ཉེར་ལེན་གྱི་རྒྱུ་ནི་གདུལ་བྱ་གཞན་རྒྱུད་ཀྱིས་བསྡུས་པའི་ཕྱིར་དང༌། སངས་རྒྱས་ཆོས་སྐུ་ནི་གཟུགས་སྐུ་གཉིས་པོའི་བདག་པོའི་རྐྱེན་ཡིན་གྱི། ཉེར་ལེན་གྱི་རྒྱུར་འགྲོ་བའི་བཤད་པ་མེད་པའི་ཕྱིར། ཡེ་ཤེས་ཉིད་གདུལ་གཟུགས་ཀྱི་སྐུའི་སྣང་བ་སྐྱེད་པར་བཤད་པས་དམིགས་པའི་རྐྱེན་དུ་འགྲོ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱི་གཟུགས་འཛིན་མིག་ཤེས་ཀྱི་དམིགས་རྐྱེན་དུ་འགྲོ་བ་མི་སྲིད་པའི་ཕྱིར་དང༌། སྲིད་ཀྱང་ཁྱེད་ཀྱི་དམ་བཅའ་ལ་གནོད་པའི་ཕྱིར། དེས་ན་ཚུར་མཐོང་ལས་དག་གི་མིག་ཤེས་ལ་མཆོག་གི་སྤྲུལ་སྐུའི་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་དེའི་ཉེར་ལེན་གྱི་རྒྱུ་ནི་སྣང་མཁན་རང་རང་སོ་སོའི་ཤེས་པ་ཉིད་ཡིན་ཏེ། དཔེར་ན་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བའི་རྣམ་པ་དེའི་ཉེར་ལེན་ནི་སྣང་མཁན་དེ་ཉིད་ཡིད་བྱེད་སྔ་མ་ཡིན་པ་བཞིན་ནོ། །གལ་ཏེ་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བའི་རྣམ་པ་དེ་ལས་རྫས་གཞན་པའི་སྔོན་པོ་ཡོད་པ་བཞིན་དུ། གདུལ་བྱ་བ་ལས་ཐ་དད་པའི་གཟུགས་ཀྱི་སྐུ་རྫས་གཞན་ཡོད་དོ་ཅེ་ན། འཁྲུལ་གཞི་འདི་ཐམས་ཅད་དེ་ལྟར་ལོག་པར་རྟོག་པ་ལས་བྱུང་བ་ཡིན་མོད། སྤྱིར་དཔེ་དོན་གཉིས་ཀ་མི་འཐད་དེ། གཟུང་འཛིན་རྫས་གཞན་ཁས་བླངས་ན་ཐེག་པ་ཆེན་པོའི་གཞུང་ལུགས་ལས་ཉམས་པའི་ཕྱིར། བྱེ་བྲག་ཏུ་དོན་མི་འཐད་དེ། ཐེག་པ་ཆེན་པོའི་གཞུང་ལུགས་མཐའ་དག་ལས་གཟུགས་སྐུ་གཉིས་ནི་གདུལ་བྱ་གཞན་ཁོ་ནའི་སྣང་ཚུལ་ཡིན་གྱི། སངས་རྒྱས་རང་སྣང་ལ་ཆོས་ཀྱི་སྐུ་ལས་གཞན་གཟུགས་ཀྱི་རྣམ་པ་མི་སྣང་བར་བཤད་པའི་ཕྱིར་དང༌། ཀུན་རྫོབ་པ་གཟུགས་ཀྱི་སྐུ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་སངས་རྒྱས་ཀྱི་སས་མ་བསྡུས་པའི་ཕྱིར། འོ་ན་ཁྱོད་ཀྱང་སྟོང་པ་ཉིད་ཀྱི་གཟུགས་ཞེས་བྱ་བའི་མིང་ཅན་མཚན་དཔེའི་རྣམ་པ་ཅན་ཁས་ལེན་པ་མ་ཡིན་ནམ་ཞེ་ན། ཁས་ལེན་མོད། དེ་ནི་ཁྱེད་འདོད་པའི་ཕྱོགས་དང་མཚུངས་པ་མ་ཡིན་ཏེ། འདི་ནི་ཆོས་སྐུ་ལམ་བྱེད་ཡིན་གྱི་གཟུགས་སྐུ་ལམ་བྱེད་དུ་མི་རུང་བའི་ཕྱིར་དང༌། སྟོང་གཟུགས་དངོས་དེ་ནི་དོན་དམ་དངོས་སམ་མཐུན་པའི་དོན་དམ་གང་རུང་ལས་མ་འདས་པའི་ཕྱིར་དང༌། ཁྱེད་ཀྱིས་སྐབས་འདིར་སྨྲས་པའི་མཚན་དཔེའི་གཟུགས་ཀྱི་སྐུ་དེ་ནི་གདུལ་བྱའི་མིག་ཤེས་ལ་སྣང་བའི་གཟུགས་སུ་ཁས་བླངས་ལ། འདི་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་ཁས་ལེན་པའི་ཕྱིར། གཞན་ཡང་ཚེ་འདིར་མཚན་དཔེ་དངོས་འགྲུབ་པ་ལ་སློབ་ལམ་དུ་དེའི་རིགས་འདྲ་སྔ་མ་ཅིག་ངེས་པར་དགོས་ན། དེའི་སྔོན་དུའང་དེ་དང་འདྲ་བ་ཅིག་བསྐྱེད་དགོས་པར་ཧ་ཅང་ཐལ་ལོ། །དེས་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྣམ་སྨིན་དངོས་སུ་གྱུར་པའི་མཚན་དང་དཔེ་བྱད་ནི་ཆོས་ཀྱི་སྐུའི་སྟེང་དུ་འགྲུབ་པ་ཡིན་ལ། དེའི་ནང་ནས་ཀྱང་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གནས་ཚུལ་གྱི་མཚན་བཟང་པོ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གནས་ཚུལ་གྱི་དཔེ་བྱད་བཟང་པོར་གྲུབ་པ་ཡིན་ཞིང༌། ཡེ་ཤེས་དེ་གཉིས་ཀྱི་རྣམ་པ་གདུལ་བྱ་གཞན་སྣང་དུ་འཆར་བ་ན། ཐོག་མར་སྦྱོང་བྱ་སྦྱང་ན་ཉི་མ་དང་ཟླ་བའི་རྣམ་པ་ཅན་དང༌། དེ་རོ་གཅིག་ཏུ་འདྲེས་པ་ལས་སྐུ་ཡོངས་སུ་རྫོགས་པ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྟོན་ནོ། །ཞེས་པ་ནི་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་དགོས་པ་ཡིན་ཏེ། རྩ་བའི་རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་དང༌། དཔལ་ཁ་སྦྱོར་ལས། སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །དེ་ཡང་ཨ་སོགས་གཟུགས་ཀྱིས་ནི། །སངས་རྒྱས་ཡོན་ཏན་འཇུག་པར་འགྱུར། །ཞེས་དང༌། སངས་རྒྱས་ཡོན་ཏན་ཀཱ་སོགས་ཀྱི། །སྐར་མདའ་འདིར་ཡང་འཇུག་པར་འགྱུར། །ཞེས་གསུངས་པའི་ཨ་སོགས་དང་ཀ་སོགས་ཀྱི་ཡོན་ཏན་ནི་མཚན་དང་དཔེ་བྱད་ལ་འཆད་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་ཚེར་མ་འབྱིན་མི་ནུས་པར་བསྟན་པ་ནི། སྔགས་རིམ་མཛད་པ་ན་རེ། རྡོ་རྗེ་ཐེག་པའི་ཐབས་ཀྱི་ཁྱད་པར་གོང་དུ་བཤད་མ་ཐག་པ་དེ་ཉིད་ཡིན་པར་རྡོ་རྗེ་གུར་གྱི་ལེའུ་དང་པོ་ལས་གསལ་བ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་པ་དང༌། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་དེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེའི་ཕྱིར་ཐབས་དེས་སྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསལ་བར་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་སྒོམ་པ་ཙམ་ཞིག་ཐབས་སུ་འདོད་པ་དགག་པ་དང༌། སྟོང་པ་ཉིད་བསྟན་པའི་དགོས་པ་དང༌། ཐུན་མོང་མ་ཡིན་པའི་ཐབས་ཆེ་བ་དང་བཅས་པ་དང༌། ཐབས་དེས་བསྒྲུབ་བྱ་དེ་སྒྲུབ་དགོས་པའི་རྒྱུ་མཚན་རྣམས་ནི་གོ་རིམ་བཞིན་དུ་ཚིགས་སུ་བཅད་པ་བཞིས་བསྟན་ནོ། །ཞེས་སྤྲོས་པ་དུ་མ་དང་བཅས་ཏེ་འཆད་པར་བྱེད་དོ། །ལུང་དེའི་དོན་འཆད་ཚུལ་ཤིན་ཏུ་ནོར་བ་ཡིན་ཏེ། དཀྱིལ་འཁོར་འཁོར་ལོ་ཞེས་པ་བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་ལ་བཤད་པས་ནོར་བ་དང༌། སྡོམ་པ་ཞེས་པ་ཐབས་དེ་དང་ཤེས་རབ་གཉིས་སྡོམས་པ་ལ་འཆད་པ་དང༌། བསྐྱེད་རིམ་གྱི་ཐབས་ཀྱིས་གཟུགས་སྐུ་སྒྲུབ་དགོས་པའི་ཤེས་བྱེད་དུ་གཟུགས་སྐུ་མཚན་དཔེས་བརྒྱན་པ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པ་དང༌། ཐབས་ཤེས་པ་གཟུགས་སྐུའི་ཐབས་ཁོ་ན་ལ་སྦྱར་བས་སོ། །འོ་ན་དེ་ལྟར་སྦྱོར་རྒྱུ་མ་ཡིན་པ་ཅི་ཞེ་ན། དཀྱིལ་འཁོར་འཁོར་ལོ་ཞེས་པ་རྫོགས་རིམ་གྱི་དབང་དུ་བྱས་པ་དང༌། དེ་ཡང་དབང་གསུམ་པའི་ཉམས་ལེན་གྱི་ཐབས་ལ་ཟེར་རྒྱུ་ཡིན་པ་དང༌། བདེ་བའི་སྡོམ་པ་ཞེས་པ་རྩ་བའི་རྒྱུད་ནས་གསུངས་པ་ལྟར་བདེ་ཆེན་གྱི་ཡེ་ཤེས་ལ་འཆད་རྒྱུ་ཡིན་པ་དང༌། སངས་རྒྱས་ང་རྒྱལ་ཞེས་སོགས་དེ་ལྟ་བུའི་ཡེ་ཤེས་དེ་ཡང་ལྷག་པའི་ལྷའི་ང་རྒྱལ་དང་མ་བྲལ་བས་བསྐྱེད་པར་བྱ་བ་ཡིན་གྱི། ཐ་མལ་པའི་འདུ་ཤེས་ཀྱིས་མ་ཡིན་ནོ། །ཞེས་པ་དང༌། སྟོན་པ་སུམ་ཅུ་རྩ་གཉིས་ཞེས་སོགས་ཀྱི་དོན་ཡང༌། བསྒྲུབ་བྱ་སངས་རྒྱས་དེ་མཚན་དཔེ་ཀུན་རྫོགས་ཀྱི་སྐུ་ཡིན་པ་རྟགས་སུ་བཀོད་ནས། ཐབས་བདེ་ཆེན་གྱི་ཡེ་ཤེས་དེས་སྒྲུབ་དགོས་པར་བསྟན་པ་དང༌། ཐབས་ནི་སྟོན་པའི་གཟུགས་ཅན་ཞེས་པ་ཡང་ཐབས་དེ་གང་གིས་མངོན་དུ་བྱེད་པའི་སྒྲུབ་པ་པོ་དེ་སྟོན་པའི་གཟུགས་ཅན་ཏེ། བསྐྱེད་རིམ་ལ་དབང་ཐོབ་པ་ཅིག་དགོས་སོ་ཤེས་བྱ་བའི་དོན་ཡིན་པའི་ཕྱིར། མདོར་ན། སྒྲུབ་པ་པོ་སྟོན་པ་དགྱེས་པ་རྡོ་རྗེའི་གཟུགས་ཅན་དེས་སྒྲུབ་བྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཉམས་སུ་བླངས་པ་ལས་བྱུང་བའི་ཐབས་བདེ་བ་ཆེན་པོ་དེས། བསྒྲུབ་བྱ་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་མཚན་དཔེའི་མངའ་བདག་དེ་སྒྲུབ་དགོས་པའི་ཤེས་བྱེད་དུ་ཐབས་བདེ་བ་ཆེན་པོ་མེད་ན་ཤེས་རབ་སྟོང་པ་ཉིད་ཀྱི་ལྟ་བ་རྐྱང་པས་ལོངས་སྐུ་ཡན་ལག་བདུན་ལྡན་དེ་སྒྲུབ་མི་ནུས་པའི་ཕྱིར་ཏེ། བསྒྲུབ་བྱ་དེ་ནི་མཚན་དཔེའི་བདག་ཉིད་ཅན་གྱི་ཐབས་བདེ་བ་ཆེན་པོའི་ངོ་བོར་བཞུགས་པའི་ཕྱིར། ཞེས་བསྟན་པ་ཡིན་ནོ། །དེས་ན་གུར་གྱི་ལུང་འདིས་རྫོགས་རིམ་གྱི་ཡེ་ཤེས་ལ་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཟུང་འཇུག་དགོས་པ་ཡིན་པར་བསྟན་པ་དེ། ཁྱེད་ཀྱིས་ནི་ཐབས་ཀྱི་གཙོ་བོ་བསྐྱེད་རིམ་མཚན་དཔེའི་རྣམ་པ་ཅན་དེ་གཟུགས་སྐུ་སྒྲུབ་བྱེད་ཀྱི་ཐབས་སུ་དགོས་པའི་ཤེས་བྱེད་དུ་དྲངས་པས་ཆེས་ཤིན་དུ་མ་འབྲེལ་བ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བསྐྱེད་རིམ་གྱི་རྣལ་འབྱོར་ནི་སྦྱང་གཞི་སྦྱོང་བྱེད་ཐབས་ཀྱི་རྒྱུད་མཚན་ཉིད་པ་དང་རྡོ་རྗེ་བཏགས་པ་བ་ཞེས་བྱ་བ་དེ་ཡིན་པས་རྒྱུད་མཚན་ཉིད་པ་མ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་རྣམ་པ་ཅན་གྱི་གཟུགས་ཀྱི་སྐུ་གདུལ་བྱ་གཞན་སྣང་ལ་ཤར་བ་དེ་ཡང་འབྲས་བུའི་རྒྱུད་མཚན་ཉིད་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འབྲས་བུའི་རྒྱུད་མ་ཡིན་པས་བསྒྲུབ་བྱ་སངས་རྒྱས་ཀྱི་སྐུར་མི་རུང་སྟེ། གནས་གྱུར་གྱི་སྐུར་མི་རུང་བའི་ཕྱིར། དཔེར་ན་ཕ་རོལ་དུ་ཕྱིན་པའི་ཐེག་པར་ཡང༌། རྒྱུ་རང་བཞིན་དུ་གནས་པའི་རིགས་དང༌། འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་ནི་དོན་དམ་པའི་བདེན་པས་བསྡུས་ལ། དེ་སྒྲུབ་བྱེད་ཀྱི་ཐབས་བསོད་ནམས་ཀྱི་ཚོགས་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཀྱི་སྐུའི་ཉེར་ལེན་དུ་མི་འཇོག་པ་བཞིན་ནོ། །གཉིས་པ་ནི། ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་རབ་ཀྱིས་མི་འབྱེད་ཅེས་གསུངས་པ་ཡང་ནོར་བ་ཡིན་ཏེ། གྲུབ་མཐའི་དབང་དུ་བྱས་པའི་ཐེག་པ་ཆེ་ཆུང་ལ་ནི་དོགས་པའི་སྐབས་མཆིས་མོད། ཐེག་པ་གསུམ་གྱི་ཟླས་དྲངས་པ་ལ་ཡང་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱོགས་ཁས་བླངས་ཀྱང་གཉིས་པོ་ཤེས་རབ་ཀྱི་ཁྱད་པར་ཤིན་ཏུ་མང་བའི་ཕྱིར་ཏེ། ཅིག་ཤོས་ཀྱི་ཤེས་རབ་ཀྱིས་ནི་ཉོན་སྒྲིབ་ཀྱི་གཉེན་པོ་ཙམ་ལས་མི་བྱེད་ལ། ཐེག་པ་ཆེན་པོའི་ཤེས་རབ་ཀྱིས་ནི་སྒྲིབ་པ་གཉིས་ཀའི་གཉེན་པོ་བྱེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་སློབ་དཔོན་ཟླ་བས་ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་དང་སྒོམ་པ་གཉིས་ཀ་མེད་པར་བཤད་པའོ། །དེ་ལས་གཞན་དུ་ན་ཉན་རང་འཕགས་པས་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་བྱས་པ་དེའི་ཚེ་ཤེས་སྒྲིབ་མ་ལུས་པ་སྤངས་པ་ཉིད་དུ་ཐལ་བར་འགྱུར་ཏེ། བྱང་སེམས་འཕགས་པས་བརྟགས་པའི་མཐའ་བཟུང་བའི་ཚུལ་གྱིས་དེ་གསུམ་མ་བྱས་པར་དེ་མངོན་དུ་བྱས་ན་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པས་ཁྱབ་པའི་ཕྱིར་རོ། །གསུམ་པ་ནི་ཐེག་པ་ཆེན་པོ་གཉིས་པོའི་ཁྱད་པར་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཅེས་ཟེར་བ་ཡང་ནོར་བ་ཡིན་ཏེ། ཐེག་པ་ཆེན་པོའི་ཚུལ་གཉིས་སུ་ཡུལ་སྤྲོས་བྲལ་གཏན་ལ་འབེབས་བྱེད་ཀྱི་རིགས་པས་གཏན་ལ་ཕེབས་མ་ཕེབས་ཀྱི་ཁྱད་པར་མེད་ཀྱང༌། ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་སྤང་བྱ་མ་རིག་པའི་ཁྱད་པར་ཕར་ཕྱིན་གྱི་ཐེག་པར་གྲགས་མ་གྲགས་གཉིས་སྤོང་མི་སྤོང་གི་ཁྱད་པར་ཡོད་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་སར་ལོངས་སྐུ་ཡན་ལག་བདུན་ལྡན་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཚུལ་གཉིས་པོ་ནི་གཙོ་བོར་ཐབས་ཀྱི་འབྱེད་ལ། ཐབས་ཀྱི་ཁྱད་པར་དངོས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡོད་མེད་ཀྱིས་འབྱེད་ལ། དེ་ཡང་བླ་མེད་ཀྱི་ཐེག་པར་ནི་བདེ་ཆེན་གྱི་ཡེ་ཤེས་དངོས་ཀྱིས་ཐབས་ཀྱི་ཁྱད་པར་བྱེད་ཅིང༌། དེ་རྒྱུད་ལ་བསྐྱེད་པའི་ཐབས་ནི་བསྐྱེད་པའི་རིམ་པའོ། །རྒྱུད་སྡེ་འོག་མ་གསུམ་དུ་ནི་ཡེ་ཤེས་དེ་དང་དེ་འདྲེན་བྱེད་ཀྱི་ཐབས་མཚན་ཉིད་པ་མེད་ཀྱང༌། ལྷའི་རྣལ་འབྱོར་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་པའི་དུས་བསྐལ་པ་གྲངས་མེད་སོགས་ལ་མི་ལྟོས་པར་མྱུར་དུ་འགྲུབ་པའོ། །གཉིས་པ་ནི། རྗེ་བཙུན་གྲགས་པའི་ཞབས་ཀྱི་གསུང་འཛིན་པ་གཞན་དག་ན་རེ། འདིར་འབྲས་བུ་ཡིན་སྒོམ་གྱི་དོན་ནི། ཆོས་ཉིད་དམ། རྣམ་པ་ཡིན་པ་ལ་བྱེད་ལ། དེའི་དོན་ཡང་འབྲས་བུ་དངོས་དེའི་དོན་སྤྱི་ཡིན་པ་ལ་བྱེད། དེ་ཡང་ཟླ་བའི་དཀྱིལ་འཁོར་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དོན་སྤྱི་ཡིན་པར་སངས་རྒྱས་ཀྱི་བཅས་པའི་དབང་གིས་དེར་བཞག་པ་ཡིན། ཡང་མངོན་བྱང་ལྔ་པོ་དེ་ཡེ་ཤེས་ལྔ་པོ་དངོས་མ་ཡིན་པའི་ཤེས་བྱེད་ཀྱང༌། དངོས་ཡིན་ན་གྲུབ་ཟིན་བསྒྲུབ་པའི་སྐྱོན་དང༌། རྟོག་པས་རང་མཚན་དངོས་ཡུལ་དུ་བྱས་པའི་སྐྱོན་ཡོད། དོན་སྤྱི་ལ་རང་མཚན་དུ་ཞེན་ནས་ཞུགས་པས་འཇུག་ཡུལ་ལ་མི་སླུ་བའི་ཚུལ་ཡང༌། ཇི་སྐད་དུ། གང་ལ་དངོས་དང་འབྲེལ་ཡོད་པ། །དངོས་པོ་རྙེད་པའི་རྟེན་ཡིན་ཏེ། །ཞེས་དང༌། འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད། །ཅེས་གསུངས་པ་ལྟར་རོ། །མོས་པ་ལམ་བྱེད་ཀྱི་དོན་ཡེ་ཤེས་ལྔའི་དོན་སྤྱི་ལ་རང་མཚན་དུ་མོས་པར་བྱེད་པ་དང༌། འབྲས་བུ་ལམ་བྱེད་ཀྱི་གོ་དོན། འབྲས་བུ་དངོས་ཀྱི་དོན་སྤྱི་དེ་འབྲས་བུ་དངོས་ཡིན་སྙམ་དུ་སྒོམ་པ་ལ་བྱེད་པ་དང༌། བྱིན་རླབས་ལམ་བྱེད་ཀྱི་དེ་ལྟར་བསྒོམ་པ་ལ་བརྟེན་ནས་བྱིན་རླབས་འབྱུང་བ་ལ་བྱེད་པ་དང༌། དེ་བཞིན་གཤེགས་པའི་ཐུགས་རྗེས་མི་སླུ་བའི་གོ་དོན། དེའི་དོན་སྤྱི་ལ་དེ་རང་མཚན་དུ་ཞེན་ནས་ཞུགས་པས་དེ་འཐོབ་པ་དེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིན་ཞེས་དང༌། ཆོས་ཉིད་ཡིན་པའི་གོ་དོན་ཡང་དེ་ལ་དེར་ཞེན་པས་དེ་རང་མཚན་འཐོབ་པ་ཆོས་ཉིད་ཡིན་ཞེས་འཆད་ཅིང༌། འདི་དག་ནི་ཚད་མའི་ཆོས་སྐད་ཀྱི་ལམ་ནས་དྲངས་པས་གཞན་གྱིས་འཆད་མ་ཤེས་པ་རྣམ་པ་རྣམས་དངོས་སྟོབས་རིགས་པའི་སྒོ་ནས་ལེགས་པར་བཤད་པ་འདི་ནི་ས་སྐྱ་པཎྜི་ཏའི་བཞེད་པས་ཡོད་པ་གཞན་སེལ་དང་མེད་པ་གཞན་སེལ་གྱི་རྣམ་གཞག་གསུང་པ་དང་མཐུན་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །འདི་མི་འཐད་པ་ལ་གཉིས་ཏེ། དོན་ནོར་བ་དང་ཚད་མའི་ཆོས་སྐད་ནོར་བའོ། །དང་པོ་ནི། ཆོས་ཉིད་དང་རྣམ་པའི་ངོས་འཛིན་དོན་སྤྱི་ལ་འཆད་པ་འདི་ནི་ཤིན་ཏུ་ནོར་བ་ཡིན་ཏེ། གསུམ་པོ་ནི། ཁྱེད་རང་ལྟར་ན་ཕན་ཚུན་དུ་སྤངས་ཏེ་གནས་པས་གཅིག་ལ་གཅིག་ཡིན་པར་འགལ་བའི་ཕྱིར་དང༌། རྣམ་པ་ལ་གཟུང་རྣམ་དང་འཛིན་རྣམ་གཉིས་ལས་བཤད་པ་མེད་ལ། དེ་དག་ནི་ཤེས་པ་ཁོ་ན་ཡིན་པས་དོན་སྤྱིར་མི་རུང་ཞིང༌། ཆོས་ཉིད་ལ་ནི་དོན་དམ་པའི་བདེན་པས་ཁྱབ་པའི་ཕྱིར་ན་དོན་སྤྱི་ཇི་ལྟར་རུང་སྟེ། སྤྱི་མཚན་ལ་ཀུན་རྫོབ་བདེན་པས་ཁྱབ་པའི་ཕྱིར་རོ། །མངོན་བྱང་ལྔ་པོ་འདི་གོམས་པ་ལས་གསལ་སྣང་ཅན་གྱི་རྟོག་མེད་ཀྱི་ཤེས་པའི་ཡུལ་དུ་འགྱུར་བ་མི་སྲིད་པར་ཐལ་བ་དང༌། མངོན་བྱང་ལྔ་པོ་གང་རུང་རང་མཚན་གྱི་གཞི་མཐུན་མི་སྲིད་པར་འགྱུར་ཏེ། ལྔ་པོ་ཐམས་ཅད་དོན་སྤྱི་ཁོ་ནར་ངེས་པའི་ཕྱིར། ལྔ་པོ་གོམས་པ་ལས་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་ཏེ། དོན་སྤྱིར་འདོད་པས་རྟག་པ་ཁོ་ནར་ངེས་པའི་ཕྱིར། གཞན་ཡང་རྣམ་པའི་ངོས་འཛིན་དོན་སྤྱི་ལ་འཆད་པ་འདི་ནི་ཤིན་ཏུ་བག་བརྐྱང་པའི་རྣམ་པར་བཞག་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི་བསྒོམ་བྱའི་རྣམ་པ་ཡིན་ན་ཤེས་རྣམ་ཡིན་དགོས་པའི་ཕྱིར་དང༌། བསྒོམ་བྱའི་རྣམ་པ་དེ་སྒོམ་བྱེད་ཀྱི་བློ་དེའི་ངོ་བོར་བསྐྱེད་ནས་གོམས་བྱའི་ཡན་ལག་དང་མ་བྲལ་བར་གོམས་པ་ལས། བསྒོམ་བྱའི་དོན་དེ་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པ་འབྱུང་བ་ནི་སྦྱོར་བ་པ་དག་གི་རིང་ལུགས་བླ་ན་མེད་པ་ཡིན་པའི་ཕྱིར་དང༌། འབྲེལ་པས་མི་སླུ་བའི་དོན་ཡང་འདི་ལས་གཞན་མེད་པའི་ཕྱིར། རྗེ་བཙུན་མི་ཕམ་པས་བསྒོམ་བྱའི་རྣམ་པ་ངོས་འཛིན་པ་ན། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱའི་མཚན་ཉིད་དེ། །ཞེས་གསུངས་ཤིང༌། རིགས་པའི་དབང་ཕྱུག་རྣམ་པ་གཉིས་ཀྱིས་ཀྱང༌། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་དོན་སྣང་གི་ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བར་གྲུབ་པ་ན་ཡུལ་ཅན་གྱི་ཤེས་པ་དེ་རང་རིག་པ་ཉིད་དུ་འགྲུབ་པར་གསུངས་པའི་ཕྱིར། ཡང་ཡེ་ཤེས་ལྔ་པོ་གང་རུང་དངོས་ཡིན་པ་ཙམ་གྱི་གྲུབ་ཟིན་བསྒྲུབ་པའི་སྐྱོན་འབྱུང་བ་ཡང་མ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་ཆོས་དབྱིངས་ཡེ་ཤེས་དངོས་ཡིན་ཡང་གྲུབ་ཟིན་བསྒྲུབ་པར་མི་འགྱུར་བའི་ཕྱིར་དང༌། རྒྱུད་གསུམ་གྱི་སྐབས་འདི་དང༌། ཕར་ཕྱིན་ཐེག་པར་རྣལ་འབྱོར་སྤྱོད་པའི་སྐབས་སུ་ཆོས་དབྱིངས་གང་ཡིན་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་སུ་ཁས་ལེན་དགོས་པའི་ཕྱིར། སློབ་དཔོན་རིན་པོ་ཆེས་མཚན་ཉིད་ཐེག་པར་ཆོས་དབྱིངས་ཡེ་ཤེས་མ་བཤད་ཅེས་གསུངས་པ་ནི་དབྱེ་བའི་ཡ་གྱལ་དུ་མ་བཤད་པ་ལ་དགོངས་པའོ། །གཞན་ཡང་ཁྱེད་ཀྱི་ལྟར་ན་རྒྱུ་རྡོ་རྗེ་འཛིན་པ་ཡང་རྡོ་རྗེ་འཛིན་པ་དངོས་མ་ཡིན་པར་འགྱུར་ཏེ། ཡིན་ན་རྟོག་པས་རང་མཚན་དངོས་ཡུལ་དུ་བྱས་པའི་སྐྱོན་འབྱུང་བའི་ཕྱིར། ཡང་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དོན་སྤྱིར་བཅས་པ་མཛད་མཁན་གྱི་དེ་བཞིན་གཤེགས་པ་དེ་འདྲ་དེ་ནི་འཇིག་རྟེན་དང་འཕགས་པའི་ལུགས་གཉིས་ལས་འདས་པ་སྟེ། བེམས་པོའི་རྣམ་པ་ཅན་ཞིག་ཡེ་ཤེས་ཀྱི་དོན་སྤྱིར་བཅས་པའི་ཕྱིར། དཀར་པོ་ནག་པོའི་དོན་སྤྱིར་དམ་བཅས་པ་བཞིན་ནོ། །རྗེ་བཙུན་གྱི་ལུང་གི་དོན་ནི། ཆོས་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། ཞེས་གསུངས་པ་ཡིན་ལ། དེ་ཡང་འདིར་རྣམ་པ་ནི་ལམ་ཉིད་ཡིན་པས། རང་བཞིན་དགྱེས་པ་རྡོ་རྗེ་དང༌། ལམ་དགྱེས་པ་རྡོ་རྗེ་ཡིན་ཞེས་པའོ། །དེ་སྒྲུབ་པ་ནི། འདིར་བསྟན་གྱི་མངོན་བྱང་དང་པོ་དེ་ཆོས་ཅན། དེ་དང་དེ་ཡིན་ཏེ། གོ་རིམ་བཞིན་དུ་ཆོས་ཉིད་ཀྱི་མིང་ཅན་དུ་གྱུར་པའི་གཉིས་མེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་དང༌། འབྲས་བུ་ཀྱཻ་རྡོ་རྗེའི་སར་འགྲོད་བྱེད་ཀྱི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་སྔགས་ཀྱི་ཐུན་མོང་མིན་པའི་ལམ་ཡིན་ཕྱིར་རམ། འབྲས་རྒྱུད་ཀྱཻ་རྡོ་རྗེ་ལ་ལྟོས་པའི་ཐབས་རྒྱུད་ཡིན་པའོ། །དེ་ཁོ་ནར་མ་ཟད་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་ཉིད་ཡིན་པའི་ཤེས་བྱེད་དུ་དེ་ལ་དེར་ཞེན་ནས་ཞུགས་པས་དེ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར། ཞེས་འཆད་པ་ནི་ཧ་ཅང་ཐལ་བ་སྟེ། དོན་སྤྱིར་འདོད་པ་དང་ཆོས་ཉིད་དུ་ཁས་ལེན་པ་འགལ་བའི་ཕྱིར་དང༌། དེ་ལྟ་ན་བུམ་པའི་དོན་སྤྱི་ཡང་བུམ་པ་རང་མཚན་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཀྱཻ་རྡོ་རྗེའི་བསྐྱེད་རིམ་ལ་གནས་པའི་རྣལ་འབྱོར་པ་དེ་འབྲས་བུ་ཀྱཻ་རྡོ་རྗེ་དངོས་མ་ཡིན་ཡང༌། ཆོས་ཉིད་དམ་རྣམ་པ་ཀྱཻ་རྡོ་རྗེ་ཡིན་ཞེས་ཁས་ལེན་དགོས་པ་དེའི་ཚེ། ཁྱེད་ལྟར་ན་ལམ་སྒྲུབ་པ་པོ་དེ་ཀྱཻ་རྡོ་རྗེའི་དོན་སྤྱི་ཉིད་དུ་ཐལ་བར་འགྱུར་ཏེ། དེ་རྣམ་པ་ཀྱཻ་རྡོ་རྗེ་ཡིན་པའི་ཕྱིར། འོ་ན་ཁྱེད་ལ་ཇི་ལྟ་བུ་ཅེ་ན། སྒྲུབ་པ་པོ་དེའི་ངོ་བོ་ནི་ཆོས་ཉིད་དགྱེས་པ་རྡོ་རྗེ་སྟེ། འབྲས་རྒྱུད་དགྱེས་པ་རྡོ་རྗེ་ལ་ལྟོས་པའི་རྒྱུའི་རྒྱུད་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། སྔོན་འགྲོ་ཡེ་ཤེས་ཀྱི་ཚོགས་སོག་པའི་རྣལ་འབྱོར་གྱིས་གཟུང་འཛིན་གཉིས་བཀག་པའི་ཤུལ་དུ་ལྷག་མར་བཞག་པའི་ཆོས་དབྱིངས་ཡིན་པའི་ཕྱིར། རྣམ་པ་ནི་ལམ་དགྱེས་པ་རྡོ་རྗེ་སྟེ། འབྲས་རྒྱུད་དེ་ལ་ལྟོས་པའི་ཐབས་རྒྱུད་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། དེས་ན་རྒྱུ་རྡོ་རྗེ་འཆང་ནི་ངོ་བོ་ཆོས་དབྱིངས་དང་རྣམ་པ་ཐབས་ཀྱི་རྒྱུད་དོ། །ཡང་ཁྱེད་ཀྱི་མོས་པ་ལམ་བྱེད་ཀྱི་གོ་བ་ཡང་ནོར་བ་ཡིན་ཏེ། ལྷག་པའི་ལྷར་མོས་པའི་ཤེས་རྣམ་ལམ་དུ་བྱེད་པ་ལ་མོས་པ་ལམ་བྱེད་ཅེས་ཟེར་རྒྱུ་ཡིན་པ་ལ། དོན་སྤྱི་ལ་རང་མཚན་དུ་ཞེན་པ་ལམ་དུ་བྱེད་ཅེས་སྨྲས་པའི་ཕྱིར། འབྲས་བུ་ལམ་བྱེད་ཀྱི་ངོས་འཛིན་ཡང་ནོར་བ་ཡིན་ཏེ། འཆད་ཚེ་འབྲས་བུ་དངོས་ཀྱི་རྣམ་པ་དང༌། འཇུག་ཚེ་འབྲས་བུ་དངོས་དེ་ཉིད་ལམ་དུ་བྱེད་ཅེས་ཟེར་རྒྱུ་ཡིན་པ་ལ། འབྲས་བུ་དངོས་ཀྱི་དོན་སྤྱི་དེ་འབྲས་བུ་དངོས་ཡིན་སྙམ་དུ་གོམས་པ་ལ་དེའི་གོ་དོན་དུ་འཆད་པར་སྣང་བའི་ཕྱིར་དང༌། ལམ་གྱི་འཛིན་སྟངས་ཞེས་བློར་ཁས་བླངས་ན་སྤངས་བྱ་ལས་མ་འདས་པའི་ཕྱིར། བྱིན་རླབས་ལམ་བྱེད་ཀྱི་གོ་དོན་ཡང་ནོར་བ་ཡིན་ཏེ། རང་བཞིན་དགྱེས་པ་རྡོ་རྗེ་ལ་འབྲས་བུ་དགྱེས་པ་རྡོ་རྗེ་སྤྱན་དྲངས་ནས་ཡན་ལག་བཞི་རྫོགས་སུ་བྱིན་གྱིས་བརླབས་པ་དེ་ལམ་དུ་བྱེད་པ་ལ་དེའི་གོ་དོན་དུ་འཆད་རྒྱུ་ཡིན་པ་དེ་མི་འཆད་པར། དེའི་དོན་སྤྱི་ལ་དེར་ཞེན་ནས་གོམས་པ་ལས་བྱིན་རླབས་འབྱུང་བ་ལ་དེའི་དོན་དུ་འཆད་པར་སྣང་བའི་ཕྱིར། དེ་བཞིན་གཤེགས་པའི་ཐུགས་རྗེས་མི་སླུ་བའི་གོ་དོན་ཡང་ནོར་བ་ཡིན་ཏེ། རྒྱུ་དེ་ལས་འབྲས་བུ་དེ་འབྱུང་བར་དེ་བཞིན་གཤེགས་པས་བཅས་ཤིང༌། དེ་བཞིན་གཤེགས་པ་ལ་བརྫུན་མི་མངའ་བ་དེ་དེའི་གོ་དོན་དུ་འཆད་རྒྱུ་ཡིན་པ་དོན་སྤྱི་ལ་རང་མཚན་དུ་ཞེན་པས་དེ་ཐོབ་པ་དེ་བཞིན་གཤེགས་པའི་ཐུགས་རྗེས་ཡིན་ཞེས་འཆད་པར་སྣང་བའི་ཕྱིར། མདོར་ན་རྣམ་པ་དང༌། མོས་པ་དང༌། བྱིན་རླབས་ལམ་བྱེད་གསུམ་པོ་ནི་ངེས་པར་དོན་གཅིག་ཁྱབ་མཉམ་པ་ཡིན་ལ། འབྲས་བུ་ལམ་དུ་བྱེད་པ་ལ་འཆད་འཇུག་གི་ཆ་སོ་སོར་ཕྱེ་བ་ཡིན་ནོ། །ཡང་ཞེན་པས་འཇུག་ཅེས་པའི་གོ་དོན་འཆད་ལུགས་ཀྱང་ནོར་བ་ཡིན་ཏེ། སྒྲུབ་པ་པོ་རང་ཉིད་ལྷག་པའི་ལྷ་ཡིན་སྙམ་དུ་ཞེན་པ་སྔོན་དུ་བཏང་ནས་ལམ་ལ་འཇུག་པ་དེ་དེའི་གོ་དོན་དུ་འཆད་རྒྱུ་ཡིན་པ་ལ། དོན་སྤྱི་ལ་རང་མཚན་དུ་ཞེན་པ་དེ་ལམ་གྱི་ངོ་བོ་ཉིད་དུ་འཆད་པར་སྣང་བའི་ཕྱིར། འབྲེལ་པས་མི་སླུ་བའི་གོ་དོན་ཡང་ནོར་བ་ཡིན་ཏེ། རྒྱུ་དེ་ལས་འབྲས་བུ་དེ་འབྱུང་རུང་དུ་འབྲེལ་བའི་རྒྱུ་མཚན་གྱིས་དེ་བཞིན་གཤེགས་པའི་ཐུགས་རྗེས་སླུ་བ་མི་སྲིད་དོ་ཞེས་པ་དེའི་དོན་དུ་འཆད་རྒྱུ་ཡིན་པ་ལ། བསྐྱེད་རིམ་ཡུལ་དུ་བྱེད་པའི་རྟོག་པ་དེ་ཁོ་རང་གི་འཇུག་ཡུལ་དེ་ལ་རྒྱུད་ནས་འབྲེལ་བའི་རྒྱུ་མཚན་གྱིས་དེ་དེའི་འཇུག་ཡུལ་ལ་མི་སླུ་ཞེས་པའི་དོན་དུ་འཆད་ཀྱིན་སྣང་བའི་ཕྱིར། གཉིས་པ་ཚད་མའི་ཆོས་སྐད་འཆད་ཚུལ་ནོར་བ་ནི། ཕྱོགས་གླང་ཡབ་སྲས་ཀྱི་ཚད་མ་ལས་ནི་དོན་གྱི་རྣམ་པ་ཞེས་པ་ཤེས་རྣམ་ལ་འཆད་ལ། དེ་ཡང་དོན་འདྲ་བ་དང་མིང་གི་རྣམ་གྲངས་སུ་བཤད་ཅིང༌། དེ་འདྲ་དེ་མ་དཔྱད་པའི་ཚེ་དོན་རིག་པ་དང༌། དཔྱད་པའི་ཚེ་རང་རིག་པའི་སྒྲུབ་བྱེད་དུ་བཤད་པ་ཡིན་ལ། ཁྱེད་ཀྱིས་ནི་སྔོན་པོའི་རྣམ་པ་ཤར་ན་དོན་དང་ཤེས་པ་གང་རུང་མ་རྟོགས་པས་ཁྱབ་པར་ཁས་བླངས་ཏེ། སྔོན་པོའི་རྣམ་པ་ནི་དེའི་དོན་སྤྱིར་ཁས་བླངས། དོན་སྤྱི་དེའི་ཡུལ་ཅན་གྱི་ཤེས་པ་ལ་རྟོག་པས་ཁྱབ་པར་ཁས་བླངས། རྟོག་པས་རང་མཚན་དངོས་ཡུལ་དུ་མི་བྱེད་པར་ཁས་བླངས་པའི་ཕྱིར་དང༌། མངོན་སུམ་གྱི་ཚད་འབྲས་འཇོག་པའི་སྐབས་སུ་ཤུགས་རྟོགས་ཀྱི་རྣམ་གཞག་ནི་ཁས་མི་ལེན་པའི་ཕྱིར་རོ། །ཡང་ཇི་སྐད་དུ། གང་ལ་དངོས་དང་འབྲེལ་ཡོད་པ། །ཞེས་པའི་ལུང་འདྲེན་པ་ནི་སྐབས་སུ་མ་བབ་སྟེ། ལུང་དེའི་དོན་ནི། ཤིང་འཛིན་རྟོག་པ་ལྟ་བུ་ཤིང་གསལ་རང་མཚན་ལ་འབྲེལ་བའི་རྒྱུ་མཚན་གྱིས་དེ་ལ་མི་སླུ་ཞེས་བའི་དོན་ཡིན་པས་སོ། །གལ་ཏེ་ཁོ་བོ་ཅག་ཀྱང་མངོན་པར་བྱང་ཆུབ་པ་ལྔའི་ཡུལ་ཅན་གྱི་སྐྱེད་རིམ་གྱི་རྟོག་པ་དེ་རང་གི་འཇུག་ཡུལ་འབྲས་དུས་ཀྱི་ཡེ་ཤེས་དེ་ལ་བརྒྱུད་ནས་འབྲེལ་བའི་རྒྱུ་མཚན་གྱིས་དེ་ལ་མི་སླུ་བར་ཁས་ལེན་པ་ཡིན་ནོ་ཞེ་ན། འོ་ན་དེ་དེ་ལ་བདག་གཅིག་ཏུའམ། དེ་བྱུང་དུ་འབྲེལ། དང་པོ་མི་འཐད་དེ། གཅིག་ཡོད་པའི་དུས་ན་གཅིག་ཤོས་མེད་པའི་ཕྱིར། གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། རྒྱུ་འབྲས་བུ་ལ་དེ་བྱུང་དུ་འབྲེལ་བ་མི་རུང་བའི་ཕྱིར། ཡང་ཇི་སྐད་དུ། འཁྲུལ་ཡང་འབྲེལ་ཕྱིར་ཚད་མ་ཉིད། །ཅེས་པའི་ལུང་འདྲེན་པ་སྐབས་སུ་མ་བབ་སྟེ། གཞུང་དེའི་དོན་ནི་རྗེས་དཔག་འཁྲུལ་ཡང་འཇུག་ཡུལ་ལ་འབྲེལ་བའི་རྒྱུ་མཚན་གྱིས་མི་སླུ་ཞེས་པའི་དོན་ཡིན་པས་སོ། །ཁོ་བོ་ཅག་ཀྱང་དེ་ལྟར་ཁས་ལེན་ནོ་ཞེ་ན། མཚུངས་པ་མ་ཡིན་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ནི་རང་གི་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་དེ་ལས་བརྒྱུད་ནས་སྐྱེས་པའི་རྒྱུ་མཚན་གྱིས་དེར་འབྲེལ་བ་ཡིན་ལ། མངོན་པར་བྱང་ཆུབ་པ་ལྔའི་ཡུལ་ཅན་གྱི་རྟོག་པ་ནི་རང་གི་འཇུག་ཡུལ་འབྲས་དུས་ཀྱི་ཡེ་ཤེས་ལ་འབྲེལ་པ་གཉིས་པོ་གང་ཡང་མེད་པའི་ཕྱིར་རོ། །གཞན་ཡང་རིགས་གཏེར་ལས་གསུངས་པའི་གཞན་སེལ་གཉིས་ཀྱི་རྣམ་གཞག་དེ་མ་ཤེས་ན་ཉམས་ལེན་གྱི་ས་མཚམས་གསལ་བར་མི་འབྱུང་བའི་རྒྱུ་མཚན་ཅི། གལ་ཏེ་འདི་སྐད་དུ། ཡོད་པ་གཞན་སེལ་གྱི་རྣམ་གཞག་དེ་མ་ཤེས་ན་དངོས་པོའི་ཡུལ་ཅན་གྱི་རྟོག་པ་རྣམས་འཇུག་ཡུལ་ལ་མི་སླུ་བར་མི་ཤེས། དེ་མ་ཤེས་ན་བསྐྱེད་པའི་རིམ་པ་ཡུལ་དུ་བྱེད་པའི་རྟོག་པ་རང་གི་འཇུག་ཡུལ་རང་མཚན་ལ་མི་སླུ་བར་ཤེས་མི་ནུས། གཞན་སེལ་གཉིས་ཀྱི་རྣམ་གཞག་ཤེས་ན་དེ་དེ་ལ་མི་སླུ་བའི་ཚུལ་བདེ་བླག་ཏུ་རྟོགས་ནུས་པ་ཡིན་ནོ། །ཞེས་ཟེར་བ་ལས་འོས་མི་འདུག་པས། དེ་ལྟ་ཡིན་པ་དེའི་ཚེ། མངོན་པར་བྱང་ཆུབ་པ་ལྔ་པོ་དེ་ཡེ་ཤེས་རྣམ་པ་ལྔ་པོ་དེའི་གཞན་སེལ་དུ་ཁས་བླངས་པས། མངོན་པར་བྱང་ཆུབ་ལྔ་པོ་དེ་ཆོས་ཅན། ལྡོག་པ་གཞན་སེལ་མ་ཡིན་ཏེ། དོན་བྱེད་ནུས་པའི་ཕྱིར་རོ། །ཞེས་ཚུལ་གསུམ་པ་ཅན་གྱི་རྟགས་ལ་རྟེན་ནས་གཞན་གྱི་ཕྱོགས་སུན་ཕྱུང་ཞིང༌། རང་ཕྱོགས་ཀྱི་བསྒྲུབ་བྱ་རྟོགས་པའི་ཚད་མ་སྐྱེད་པར་བྱེད་དོ། །ཨཱ་ཧོ། རིག་པའི་གནས་བརྒྱ་ནང་ནས་གྲོལ་གྱུར་ཅིང༌། །ངེས་དོན་རྒྱ་མཚོའི་ཕ་རོལ་བྱོན་གྱུར་པས། །རིམ་གཉིས་ལམ་ནས་གྲུབ་པའི་སར་གཤེགས་པའི། །གྲགས་པའི་རྒྱལ་མཚན་སྲིད་རྩེའི་ཁོངས་ལས་བརྒལ། གང་འདིས་འཁོར་ལོ་བར་པའི་ལྟ་བ་ཡི། །ཕྱག་རྒྱས་བཏབ་པའི་གཉིས་མེད་ཡེ་ཤེས་ནི། །འཁོར་ལོ་ཐ་མའི་ནང་ན་ཆེར་གསལ་བ། །བླ་མེད་རྒྱུ་ཀྱི་ངེས་དོན་ཡིན་པར་བཞེད། །ཆོས་འཁོར་གསུམ་གྱི་ངེས་དོན་མ་བརྟགས་པར། །རྣལ་འབྱོར་རྒྱུད་ཀྱི་ཡིན་ལུགས་སུ་ཡིས་བལྟ། །བྱམས་ཆོས་རྣམ་ལྔའི་ཆོས་དབྱིངས་དཔྱད་པ་ན། །ཚུལ་ཆེན་རྒྱུད་ཀྱི་གནས་ཚུལ་ངང་གིས་མཐོང༌། སྔོན་རབས་མཛངས་པའི་ངེས་དོན་མི་རྟོགས་པར། །རྒྱུད་དང་རྒྱུ་གཞུང་མང་པོའི་བཤད་ཡམས་ཀྱིས། །གནས་ཚུལ་གཞན་དུ་འདྲེན་པའི་གྱ་གྱུ་ཅན། །མང་པོའི་མགོ་རླུང་འཁྲུག་མཛད་འགའ་ཞིག་སྣང༌། །ཐེག་མཆོག་རྩེ་མོའི་ཉམས་ལེན་ཁས་བླངས་ནས། །གཞི་དང་འབྲས་བུའི་རྣམ་བཞག་དངོས་སྨྲ་བའི། །གཞུང་ལུགས་ཐད་སོར་བཞག་པའི་རྣམ་བཤད་ཀྱིས། །ཐེག་ཆེན་གཞུང་ལུགས་འཁྲུག་པ་མང་ཞིག་མཐོང༌། །རྣམ་དཔྱོད་གླང་ཆེན་ཐོས་པའི་ཆང་གིས་ནི། རབ་མྱོས་ཞི་བའི་མལ་དུ་གཉིད་ལོག་ཚེ། །འཕགས་རྣམས་བཤུང་བའི་གདུང་བྱེད་མ་བཟོད་ནས། །བརྒལ་ལན་ཁྲུས་ཀྱི་འཇུག་ངོགས་འདིར་ཞུགས་སོ། །རྗེ་བཙུན་ཞབས་ཀྱི་ལེགས་བཤད་རྙོག་བྲལ་བ། །ཡེ་ཤེས་ཡིན་སྒོམ་ཚུལ་ལ་འགའ་ཞིག་གིས། །རྣམ་བརྟག་གྲུབ་མཐའི་འཇོག་ལུགས་འདི་འདྲ་ན། །དེ་ཡིས་ཀུན་དགའི་གཞུང་ལུགས་སུན་མི་ཕྱིན། །ཁེངས་གཏམ་བརྒྱ་ཡིས་རང་ཕྱོགས་བསྒྲུབ་རློམ་ཞིང༌། །ཕ་རོལ་ཁྱད་གསོད་ཚིག་མདའི་ཕྲེང་མང་པོས། །གཞན་ཕྱོགས་སུན་འབྱིན་བྱེད་པའི་གངས་ཅན་པ། །མང་པོའི་ལུགས་ལ་ངོ་མཚར་མེད་མཐོང་ནས། །ལུང་རིགས་ཚུལ་གཞན་སྦྱར་བའི་དགག་སྒྲུབ་ཀྱིས། །གོང་མའི་གཞུང་ལུགས་མཐོན་པོའི་རྒྱལ་མཚན་རྩེར། །འདེགས་བྱེད་སྟོབས་བརྒྱ་པ་འདིས་འགྲོ་ཀུན་ཀྱང༌། །རྒྱུད་གསུམ་གསང་བ་རྣམ་པར་ངེས་མཐོང་ཤོག །ཅེས་འབྲས་བུ་ལམ་བྱེད་ཀྱི་མདོའི་དོན་བརྒལ་ལན་གྱིས་གཏན་ལ་ཕབ་པའི་སྒོ་ནས་རྒྱ་ཆེར་བཤད་པ། རྒྱུད་གསུམ་གྱི་གསང་བ་རྣམ་པར་ངེས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་འདི་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་རྗེ་བཙུན་དམ་པ་ཨཱ་ནནྟ་བྷ་དྲའི་ཞལ་སྔ་ནས། སྡོམ་པ་གསུམ་གྱི་བཀའ་དྲིན་ཉེ་བར་ཐོབ་པས་སྐལ་བ་བཟང་པོར་བགྱིས་ཤིང༌། གཞན་ཡང་དམ་ཚིག་གི་སློབ་དཔོན་མང་པོ་དག་ཉིད་ཀྱི་བཀའ་འབངས་སུ་གྱུར་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ། སྣོན་གྱིས་ཉ་གང་བའི་ཡར་ཚེས་གཅིག་ལ་གཙང་གཡས་རུའི་སའི་ཐིག་ལེ། གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་སུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄༅། །སྙིང་པོ་ཀྱེའི་རྡོ་རྗེའི་མངོན་རྟོགས་སྐད་ཅིག་དྲན་རྫོགས་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས།། ༄༅། །ན་མཿགུ་ར་ཝེ། རྣལ་འབྱོར་ཆེན་པོའི་ལམ་རིམ་པ་གཉིས་ལ། གོམས་པ་དང་འདྲིས་པ་སྔོན་དུ་སོང་བའི་རྣལ་འབྱོར་པ་དབང་པོ་རྣོན་པོས། ཁྱད་པར་དུ་སྙིང་པོ་ཀྱེ་རྡོ་རྗེའི་རྣལ་འབྱོར་སྐད་ཅིག་དྲན་རྫོགས་སུ་བྱ་བའི་མན་ངག་བདུད་རྩིའི་ཐིགས་པ་ཞེས་བྱ་བ། གཞི་ཡི་གནས་ལུགས་འཁྲུལ་པས་དབེན་པའི་སྐུ། །ལམ་གྱི་ཉམ་མྱོང་གཉིས་འཛིན་དག་པའི་གསུང༌། །འབྲས་བུའི་བཞེངས་ཚུལ་བདེ་སྟོང་ཟུང་འཇུག་ཐུགས། །གཞི་ལམ་འབྲས་བུའི་དགེས་མཛད་རྡོ་རྗེས་སྐྱོངས། །འདི་ལ་དོན་གསུམ་སྟེ། མཉམ་པར་བཞག་པའི་དང༌། མ་བཞག་པའི་དང༌། དབྱེར་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་སྔོན་འགྲོ་ནི། སྐྱབས་འགྲོ། སེམས་བསྐྱེད། ཚད་མེད། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཚིག་ཏུ་བརྗོད་དམ། མ་བརྗོད་ཀྱང་ཡིད་ཀྱི་བཟླས་པ་སྔོན་དུ་བཏང་ནས། རང་ཉིད་ཧེ་རུ་ཀར་གསལ་བའི་སྙིང་ཀ་ནས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་བླ་མ་དང་ལྷ་དགུའི་དཀྱིལ་འཁོར་གཉིས་སུ་མེད་པ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ན་མཿགུ་ར་ཝེས་ཕྱག་བྱས། དཀར་མོ་ཞེས་སོགས་ཀྱིས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱི་བདུན་རྣམ་དག་དང༌། སྲས་བཅས་སོགས་ཀྱིས་རིགས་ལྔའི་སྡོམ་པ་བཟུང༌། སྭ་བྷ་ཝ་སོགས་ཀྱིས་མཚན་རྟོག་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན་ནོ་ཞེས་མཉམ་པར་བཞག ཡེ་ཤེས་དེ་ཉིད་ལས་གྲུབ་པའི་པད་མ་དང་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག་ཅན། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེ་འབར་བ་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་བསམ་པར་བྱའོ། །གཉིས་པ་དངོས་གཞི་ལ་ཡན་ལག་དྲུག་ལས། དང་པོ་ནི། བསྲུང་འཁོར་གྱི་དབུས་སུ་ཆོས་ཀྱི་འབྱུང་གནས་ཡངས་པའི་ནང་དུ། འབྱུང་བ་རིམ་བརྩེགས་འཁོར་ལོ་དང་བཅས་པ་བསམ། དེའི་སྟེང་གི་ནམ་མཁའ་ལ་རང་ཉིད་གང་དུ་སྐྱེ་བ་ལེན་པོའི་བར་དོའི་ལུས་ངག་ཡིད་གསུམ། ལས་ཉོན་གཉིས་དང་བཅས་པ་མཚོན་བྱེད། ཨོཾ་ཨཿཧཱུྃ་ཧོ་དམར་པོ་གཉིས་ཀྱིས་མཐའ་བརྟེན་པ་འབྱུང་བ། དེ་འབྱུང་བ་བཞི་ལ་ཐིམ། རོ་གཅིག་ཏུ་འདྲེས་པས། གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་ཞེས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསམ་ལ། རྣམ་པར་སྣང་མཛད་ཀྱི་ངོ་བོ་གཞལ་མེད་ཁང་པ་ང་ཉིད་དོ་ཞེས་མཉམ་པར་བཞག ཡན་ལག་གཉིས་པ་ནི། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉོན་མོངས་པ་ལ་སོགས་པ་བདུད་བཞི་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོ། ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། འདབ་མ་བརྒྱད་ལ། ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་བཟང་རིས་དུད་ཁ་རྣམས་འགྱེལ་ཞིང༌། གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར། དེ་དག་ནི་ཉོན་མོངས་པ་དུག་ལྔ་དང༌། རྣམ་འཚེ། གནོད་སེམས། མི་དགའ་བ་སྟེ་བརྒྱད་རྣམ་པར་དག་པའོ། །གདན་དབུས་མའི་སྟེང་དུ། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་སྟེ་ཡེ་ཤེས་བཞིའི་ངོ་བོ། ཟླ་བ། ཉི་མ། དེ་གཉིས་ཀྱི་བར་དུ་ཐོད་པ་དང་གྲི་གུག་སྟེ་ཕྱག་མཚན། གསུམ་པོ་རོ་གཅིག་ཏུ་འདྲེས་པར་གྱུར་པའོ། །དེ་ལས་རྒྱུ་རྡོ་རྗེ་འཛིན་པའི་སྐུ་ཡོངས་སུ་རྫོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ། ཞལ་བརྒྱད་ཕྱག་བཅུ་དྲུག ཞབས་བཞི། རྩ་ཞལ་དཀར་པོ། གཡས་སྔོ། གཡོན་དམར། སྟེང་ཞལ་དུད་ཁ། ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་ལ་སྤྱན་གསུམ་གསུམ་དང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཞབས་གཡས་གཉིས་བརྐྱང་པའི་བརླ་ལ། གཡོན་གཉིས་བསྐུམ་པས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་པ་ལ་སོགས་པ་གར་དགུའི་ཉམས་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ། སྐུ་མདོག་སྔོན་མོ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་དོ་ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གི་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཡབ་ཡུམ་གཉིས་ཀའི་མཁའ་གསང་མི་དམིགས་ཏེ། སྟོང་པར་གྱུར་པའི་ངང་ལས་བྱུང་བའི་པདྨ་དང་རྡོ་རྗེ་ཨཱཿདང་ཧཱུྃ་གིས་མཚན་པ། གཉིས་པོ་མཉམ་པར་སྦྱར་བ་ལས་བྱུང་བའི་སྒྱུ་མ་དགའ་བའི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། སྙིང་ཀར་ཆགས་པའི་མེས་བཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་ནང་དུ་བབས། ཐིག་ལེ་ཆ་བརྒྱད་དུ་གྱུར་བ་ལྷ་མོ་བརྒྱད་དུ་གྱུར་ནས་ཕྱིར་བྱོན་པ་ནི། ཤར་གྱི་གདན་ལ་གཽ་རི་ནག་མོ་གཡས་གྲི་གུག་དང༌། གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙཽ་རི་དམར་མོ་ཌཱ་མ་རུ་དང་ཐོད་པ། ནུབ་ཏུ་བཻ་ཏ་ལི་སེར་མོ་རུས་སྦལ་དང་ཐོད་པ། བྱང་དུ་གྷསྨ་རི་ལྗང་ཁུ་སྦྲུལ་དང་ཐོད་པ། བྱང་ཤར་དུ་པུཀྐ་སི་སྔོན་མོ་སེང་གེ་དང་དགྲ་སྟྭ། ཤར་ལྷོར་རི་ཁྲོད་མ་དམར་མོ་དགེ་སློང་དང་གསིལ་བྱེད། ལྷོ་ནུབ་ཏུ་གདོལ་པ་མོ་སེར་མོ་འཁོར་ལོ་དང་ཐོང་བཤོལ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་རྡོ་རྗེ་དང་གཡོན་སྡིགས་འཛུབ་ཐུགས་ཀར་མཛད་པའོ། །དེ་ཐམས་ཅད་ཀྱི་གནས་གསུམ་དུ་འབྲས་བུ་གསུམ་བསམ་པ་སོགས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས། ཡང་བར་སྣང་གི་ནམ་མཁའ་ལས། བར་དོའི་ལུས་ངག་ཡིད་གསུམ་ཧོ་གཉིས་དང་བཅས་པ་ཡབ་ཀྱི་ཞལ་དུ་ཞུགས་པའི་རྐྱེན་གྱི་ཡབ་ཡུམ་བདེ་བ་ཆེན་པོའི་ངོར་ཞུ། ཐིག་ལེར་གྱུར་པ་ལ་སེམས་གཏད་ནས། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་རང་བཞིན་ང་ཡིན་ཞེས་མཉམ་པར་བཞག དེ་ནས་མཚམས་ཀྱི་ལྷ་མོ་བཞིས། ཀྱཻ་རྡོ་རྗེ་ཁྱོད་བཞེངས་ཤིག །ཅེས་སོགས་ཀྱི་གླུས་སེམས་ཅན་གྱི་དོན་ལ་བཞེངས་པར་བསྐུལ་བ་ལས། ཐིག་ལེ་དེ་ཧཱུྃ་དང་ཨཾ་དུ་གྱུར་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནི། འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་སྔོན་པོ། ཞལ་བརྒྱད་པ་ནས་ཡུམ་གྱི་བར་སྔ་མ་དང་འདྲ་བ་ལ། རྩ་ཞལ་སྔོ་བ། གཡས་དཀར། གཡོན་དམར་སོགས་དང༌། ཕྱག་གཡས་དང་པོ་ན་གླང་པོ་ཆེ་དཀར་པོ། གཡོན་གྱི་དང་པོ་ན་སའི་ལྷ་སེར་པོ། དེ་གཉིས་ཀྱིས་ཡུམ་ལ་ཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དཀར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་ཤ་ར་བྷ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ། གཡོན་གྱི་གཉིས་པ་ན་ཆུ་ལྷ་དཀར་པོ། གསུམ་པ་ན་མེ་ལྷ་དམར་པོ། བཞི་པ་ན་རླུང་ལྷ་ལྗང་ཁུ། ལྔ་པ་ན་ཟླ་བའི་ལྷ་དཀར་པོ། དྲུག་པ་ན་ཉི་མའི་ལྷ་དམར་པོ། བདུན་པ་ན་གཤིན་རྗེ་སྔོན་པོ། བརྒྱད་པ་ན་ནོར་སྦྱིན་སེར་པོ་ཞེས་སོགས་དང༌། དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ཨཾ་ལ་སོགས་རང་རང་གི་ས་བོན་བསམ། དེ་ལས་འོད་འཕྲོས་པས་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་གྱུར། དེ་ནས་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཛཿཧཱུྃ་བཾ་ཧོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་ལ་གཉིས་སུ་མེད་པར་ཐིམ། དེའི་རྐྱེན་གྱིས་རང་གི་སྤྱི་བོ་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། ཞེས་སོགས་ནས། རྐང་བརྒྱད་ཀ་བ་བརྒྱད་དོ། །ཞེས་པའི་བར་རྟེན་གཞལ་ཡས་ཁང་རང་བཞིན་གྱིས་གྲུབ་པ་དེ་གསལ་བཏབ། བརྟེན་པ་ལྷ་བརྒྱ་ལྔ་བཅུ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་པའི་ལྟེ་བར་རིན་འབྱུང་ཡབ་ཡུམ། གསང་གནས་བདེ་བ་ཆེན་པོ་རྩ་འདབ་སོ་གཉིས་པའི་ལྟེ་བར་དོན་གྲུབ་ཡབ་ཡུམ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་མི་བསྐྱོད་པ་ཡབ་ཡུམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་འོད་དཔག་མེད་ཡབ་ཡུམ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པའི་ལྟེ་བར་རྣམ་སྣང་ཡབ་ཡུམ། འདབ་མ་རྣམས་ལ་རང་རང་གི་གཙོ་བོ་དང་རྗེས་སུ་མཐུན་པའི་ཡུམ་རྣམས་ཀྱིས་བསྐོར་བ། གཞན་ཡང་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་དང༌། གཟུགས་རྡོ་རྗེ་མ་སོགས་དང༌། ས་ཁམས་སངས་རྒྱས་སྤྱན་མ་སོགས་དང༌། ལག་པ་གཡས་གཤིན་རྗེའི་གཤེད་སོགས་གསལ་གདབ། འདི་དག་གདོད་མ་ནས་གྲུབ་པ་ཡིན་གྱི། རྣམ་སྨིན་གྱི་ཕུང་པོ་རྟེན་དང་བརྟེན་པར་གྲུབ་དགོས་པ་མ་ཡིན་ནོ། །དེ་ནས་དབང་བླང་བ་ནི། མདུན་གྱི་ནམ་མཁར། པདྨ་དང་ཉི་མ་བདུད་བཞི་བརྩེགས་པའི་སྟེང་དུ། རྒྱུ་དུས་དང་ལམ་དུས་སུ་དབང་ཞུས་པའི་བླ་མ་དེ། སྙིང་པོ་ཀྱཻ་རྡོ་རྗེ་ཞལ་ཕྱག་ཡོངས་སུ་རྫོགས་པ། གདན་གསུམ་ཚང་བའི་ལྷ་ཚོགས་གཅིག་ཏུ་བསྡུས་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་གདན་གསུམ་ཚང་བ་ཐམས་ཅད་ཛཿཧཱུྃ་བཾ་ཧོསཿགཉིས་སུ་མེད་པར་ཐིམ། མཎྜལ་ཕུལ། ཨ་བྷི་ཥིཉྩ་ཏུ་མམ་གིས་གསོལ་བ་བཏབ། བླ་མས་སངས་རྒྱས་རྣམས་ནི་ཐམས་ཅད་ཅེས་སོགས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྨིན་མཚམས། མགྲིན་པ། སྙིང་ག །ལྟེ་བ་ཡན་ཆད་གང༌། དབང་བཞི་རིམ་པར་ཐོབ། རང་རང་གི་རིགས་ཀྱི་བདག་པོས་དབུ་རྒྱན། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ང་ཉིད་དོ་ཞེས་བཟུང༌། དེ་ནས་དཀར་མོ་རི་དྭགས་ཞེས་སོགས་ཀྱིས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དོན་གྲུབ་ཀྱི་ངོ་བོ་ང་ཡིན་ནོ་སྙམ་པ་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཞེས་པས་བསྟོད་པ་རིན་འབྱུང་གི་ངོ་བོ་ང་ཡིན་ནོ་སྙམ་པ་དང༌། བདུད་རྩི་བྱིན་གྱིས་བརླབས་པ་མྱང་ནས། ཐམས་ཅད་བདུད་རྩིས་མཉེས་པར་བྱེད་པ་འོད་དཔག་མེད་ཀྱི་ངོ་བོ་ང་ཡིན་ནོ་ཞེས་མཉམ་པར་བཞག དེ་དག་ནི་ཡན་ལག་དྲུག་ཚང་བ་སྟེ་བསྐྱེད་པའི་རིམ་པའོ།།  །།རྫོགས་རིམ་གྱི་ངོ་བོ་ནི། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་ཏེ། འདི་ཡང་མཚན་མ་དང་རྣམ་པར་རྟོག་པས་སྟོང་པ་ཡིན་གྱི། ཡེ་ཤེས་རང་གི་ངོ་བོས་སྟོང་པ་ནི་མ་ཡིན་ནོ། །འདི་ལ་ནི་ཟག་པ་མེད་པའི་བདེ་བ་ཞེས་བྱ་ལ། དེ་མངོན་དུ་བྱེད་པའི་ཐབས་ནི། དབང་གཉིས་པ་སྔོན་དུ་སོང་བའི་གཏུམ་མོས་རང་བྱིན་གྱིས་བརླབས་པ་དང༌། དབང་གསུམ་པ་སྔོན་དུ་སོང་བའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ལ་བརྟེན་ནས། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད་པའི་ཚེ། མངོན་པར་ཞེན་པའི་འཆིང་བ་མཐའ་དག་དང་བྲལ་ན་དོན་གྱི་ཡེ་ཤེས་ཡིན་ལ། རྣམ་རྟོག་གི་འཇུག་ལྡོག་བྱུང་ན་དཔེའི་ཡེ་ཤེས་ལས་མ་འདས་པས། དུས་རྟག་ཏུ་རླུང་སེམས་དབུ་མ་ཉིད་དུ་གཞུག་པར་བྱའོ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ལ། དག་པ་དྲན་པ། བཟླས་པ། གཏོར་མ། སྦྱིན་བསྲེག ཚོགས་ཀྱི་འཁོར་ལོ། རྡོ་རྗེའི་གླུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ནི། རྣམ་ཤེས་ཀྱི་ངོར་དེ་དང་དེར་སྣང་ལ། ཡེ་ཤེས་ཀྱི་ངོར་ཅིར་ཡང་མ་གྲུབ་པ་ཉིད་དུ་ཤེས་པའི་ངང་ནས་ལས་ལ་འཇུག་པར་བྱའོ། །གསུམ་པ་གཉིས་མེད་ཀྱི་རྣལ་འབྱོར་ནི། ཐུན་མཚམས་སམ། ཉལ་པའི་རྣལ་འབྱོར་གྱི་ཚེ་གང་ཡིན་ཀྱང་རུང་སྟེ། སྣོད་བཅུད་མཐའ་དག་རང་ལ་བསྡུས་ནས། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་གྱུར་པའི་བདེ་བ་ཉིད་ལ། མཉམ་པར་འཇོག་པ་དང༌། གཙོ་བོ་ཡང་སྙིང་ཀའི་ཧཱུྃ་ལ་ཐིམ་དེ་ཡང་རིམ་གྱིས་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་དག་གོ །ལུགས་དང་པོ་ནི། ཉམས་སུ་མྱོང་བྱའི་ལྟ་བ་སྟེ། ཞུ་བདེ་ལྷན་སྐྱེས་ཞེས་བྱའོ། །ཕྱི་མ་ལ་ནི་སྒྲོ་འདོགས་བཅད་པའི་ལྟ་བ་དང༌། རང་བཞིན་ལྷན་སྐྱེས་ཞེས་བྱའོ། །དེ་སྐད་འདི་ནི་རྟོགས་ལྡན་གྱི། །རྣལ་འབྱོར་ཀུན་དགའི་མཚན་ཅན་དེས། །གསོལ་བ་བཏབ་པའི་ངོར་བྱས་ནས། མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར། །དེ་ལ་ནོངས་པའི་ཚོགས་ཅི་མཆིས། །བླ་མ་མཁའ་འགྲོར་བཟོད་གསོལ་ནས། །ཁྱེད་ཀྱི་དགེ་ལེགས་དངོས་གྲུབ་ཚོགས། །བདག་དང་སློབ་མས་འདིར་ཐོབ་ཤོག།  །།  ༄༅། །སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་རྩོད་པ་སྤོང་བ་འབེལ་གཏམ་དབྱངས་ཀྱི་རོལ་མོ་བཞུགས།། ༄༅། །ན་མོ་བཛྲ་དྷ་ར་ཡེ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །གསང་ཆེན་ཀུན་གྱི་བདག་པོ་དམ་ཚིག་གི །སློབ་དཔོན་རྡོ་རྗེ་སེམས་དཔའི་སྐུ་བསྟན་ནས། །ཉེས་ཀུན་འཇོམས་ཤིང་མཆོག་དང་ཐུན་མོང་གི །གྲུབ་པ་མ་ལུས་སྩོལ་ལ་ཕྱག་འཚལ་ལོ། །འདི་ན་དཔལ་ལྡན་ཁྱབ་བདག་གི །བསྙེན་སྒྲུབ་ཕལ་ཆེར་དོན་མཐུན་ཡང༌། །ལ་ལ་འབད་ནས་རྩོད་པ་ཙམ། །ལྷུར་ལེན་བྱེད་པ་དེ་སྤང་བྱ། །འདིར་གང་ཞིག་འབེལ་བའི་གཏམ་གྱི་གླེངས་པའི་གཞི་ནི། རྗེ་བཙུན་གྱིས་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་དམ་ཚིག་པ་སྐད་ཅིག་གིས་བསྐྱེད་པ་ལ་དབུ་རྒྱན་རང་ཆས་སུ་ཡོད་པའི་ཚུལ་གྱིས་སྤྱི་བོར་བཞུགས་པ་བསྒོམ་པར་གསུངས་ལ། འཕགས་པ་རིན་པོ་ཆེས་དམ་ཚིག་པ་སྐྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་རློབས་པ། ཡེ་ཤེས་པ་གཞུག་པ་རྣམས་མཛད་ཅིང༌། དབང་བསྐུར་རྒྱས་གདབ་ཀྱི་བཤད་པ་མ་མཛད། ཕྱི་མ་ཁ་ཅིག་གིས་དེའི་སྟེང་དུ་རྡོ་རྗེ་འཆང་ངམ་མི་བསྐྱོད་པས་རྒྱས་གདབ་བསྣན་ནས་ཡན་ལག་བཞི་ཚང་བར་མཛད་དོ། །འདི་ལ་དོན་གསུམ་སྟེ། རྣམ་བཤད་གནད་ཀྱི་ཟླ་ཟེར་ལས་དོན་དེ་དག་འདོར་ལེན་ཇི་ལྟར་མཛད་པའི་ཚུལ། དེ་ལྟར་མཛད་པ་ལ་ཕྱི་རྒོལ་བས་ཇི་ལྟར་རྩད་པ། རྩད་པ་དེའི་ཚེར་མ་ཕྱུང་བའོ། །དང་པོ་ནི། གནད་ཀྱི་ཟླ་ཟེར་ལས་འབྱུང་བའི་ངག་དོན་བསྡུས་ན། འཕགས་པ་རིན་པོ་ཆེས་བཤད་པའི་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་དེ་ཉིད་ལ་དབྲི་བསྣན་མེད་པར་བཞག་ནས། དབང་བསྐུར་རིགས་བདག་གི་རྒྱས་འདེབས་མི་དགོས་པར་འདོད་པའི་ལུགས་དང༌། དགོས་པར་འདོད་པའི་ལུགས་གཉིས་བླ་མ་ཕྱི་མ་དག་ལ་བྱུང་བ་ལས། ལུགས་གཉིས་པ་དེ་རྗེ་བཙུན་གྱི་དགོངས་པ་མ་ཡིན་ཏེ། རྗེ་བཙུན་གྱི་གསུང་རབ་གཉིས་ན་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ལ་ཡན་ལག་བཞི་དངོས་སུ་ཚང་བར་བཤད་པ་མེད་པའི་ཕྱིར། ལུགས་དང་པོ་མི་འཐད་དེ། རིགས་བདག་གི་རྒྱས་འདེབས་མེད་ན་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་གཞག་རྒྱས་འབྲིང་བསྡུས་པ་གསུམ་ལས་གང་ཡང་མི་རུང་ལ། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་ནི་མཆོག་ཐུན་མོང་གང་ལ་ཡང་རྗེ་བཙུན་བིརྺ་པས་མི་བཞེད་པའི་ཕྱིར། འོ་ན་རྗེ་བཙུན་སྐུ་མཆེད་ཀྱིས་བཞེད་པའི་རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་འདི་ལ་བསྙེན་སྒྲུབ་ཡན་ལག་བཞི་ཇི་ལྟར་ཚང་ཞེ་ན། འདི་ལ་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་རྒྱས་འབྲིང་གཉིས་མི་བཞེད་ཀྱང་བསྡུས་པའི་ལུགས་ཡིན་ཏེ། དམ་ཚིག་སེམས་དཔའི་དབུ་རྒྱན་རང་ཆས་སུ་ཡོད་པ་སྐད་ཅིག་གིས་སྐྱེད་ནས་བཟླས་པ་ལ་འཇུག་པའི་ལུགས་དེ་ཡིན་པའི་ཕྱིར། གལ་ཏེ་འཕགས་པའི་གསུང་གཙང་མ་དེ་ལ་རིགས་བདག་གི་རྒྱས་འདེབས་པ་མ་བཤད་པས་བསྙེན་སྒྲུབ་ཡན་ལག་བཞིའི་ཚུལ་རྒྱས་བསྡུས་གཉིས་སུ་མི་རུང་མོད། དེའི་རྣམ་གཞག་འབྲིང་པོ་དེར་མི་རུང་བ་ཅི་ཞེ་ན། དེར་མི་རུང་སྟེ། འབྲིང་པོ་དེར་འཇོག་པ་ལ་ཡེ་ཤེས་པ་བཀུག་ནས་རིགས་བདག་གི་རྒྱས་གདབ་ཡོད་པ་ཞིག་དགོས་པ་ལས་དེར་ནི་ཡེ་ཤེས་པ་བཅུག་ཀྱང་དབུ་རྒྱན་དང་རྒྱས་གདབ་མ་བཤད་པའི་ཕྱིར། དེས་ན་རྣམ་བཤད་ལས། བསྡུས་པ་དང་པོ་མ་ཡིན་ཏེ། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་ཞེས་འབྱུང་བ་ལྟར་ན་སྒྲ་ཇི་བཞིན་པ་དེ་ཉིད་ཀྱིས་ཆོག་ལ། བར་པ་མ་ཡིན་ཏེ་ཞེས་འབྱུང་བ་ལྟར་ན་ནི། རྩོད་གཞིའི་ཆོས་ཅན་རྟགས་ཆོས་ལ་འབྱར་བའི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་ཁྱབ་འབྲེལ་གྲུབ་པའི་རྒྱུ་མཚན་ཡེ་ཤེས་པ་བཀུག་པའི་བསྙེན་སྒྲུབ་ཀྱི་རྣམ་གཞག་ལ་རིགས་བདག་གི་རྒྱས་འདེབས་ངེས་པར་ཡོད་དགོས། རིགས་བདག་གི་རྒྱས་གདབ་རང་ཆས་སུ་ཡོད་པའི་བསྙེན་སྒྲུབ་ལ་ནི་ཡེ་ཤེས་པ་འཇུག་པ་ཡོད་མི་དགོས་པའི་ཕྱིར་ཞེས་པའོ། །འོ་ན་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་གཞག་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ཇི་ལྟ་བུ་ཅེ་ན། ཐོག་མར་ལྷ་དམ་ཚིག་པ་སྐྱེད་པ་ནི་བསྙེན་པའི་ཡན་ལག སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབས་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག ཡེ་ཤེས་སེམས་དཔའ་གཞུག་པ་སྒྲུབ་པའི་ཡན་ལག དབང་བསྐུར་ནས་རིགས་བདག་གི་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། དེ་ནི་རྒྱས་པའོ། །རྒྱས་པ་དེའི་སྟེང་ནས་སྐྱེ་མཆེད་བྱིན་རླབས་དང་དབང་བསྐུར་གཉིས་ལས་གང་རུང་གཅིག་ཕྲི། གཞན་རྣམས་ཐད་སོར་བཞག་པ་འབྲིང་པོ། འབྲིང་པོ་དེའི་སྟེང་ནས་ཀྱང་ཡེ་ཤེས་པ་བཅུག་པ་ཕྲི་བ་ནི་བསྡུས་པ་དང་པོ། དམ་ཚིག་པ་ལ་དབུ་རྒྱན་རང་ཆས་སུ་ཡོད་པ་སྐད་ཅིག་གིས་བསྐྱེད་པ་ནི་བསྡུས་པ་གཉིས་པའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྣམ་བཤད་ཟླ་ཟེར་ལས། བསྡུས་པ་གཉིས་པ་མ་ཡིན་ཏེ། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་ཞེས་པ་ལ་ནི་སྒྲ་ཇི་བཞིན་པ་དེ་ཉིད་ཀྱིས་ཆོག་ལ། བར་པའམ་མངོན་པར་རྟོག་པ་འབྲིང་པོ་མ་ཡིན་ཏེ། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར། ཞེས་འབྱུང་བ་ལྟར་ན་དེའི་གཞི་རྟགས་ཆོས་ལ་སྦྱར་བའི་ཁྱབ་སྒྲུབ་བམ། དེར་མ་སྦྱར་ན་རྟགས་ཟུར་གཉིས་པ་བསྣན་དགོས་པ་ནི་ཡེ་ཤེས་པ་བཀུག་པའི་སྒྲུབ་པ་ཡོད་ན་རིགས་བདག་གིས་རྒྱས་འདེབས་པའི་སྒྲུབ་ཆེན་དེ་ངེས་པར་ཚང་དགོས་པ་ལས། ཁྱོད་ལ་དེ་མེད་པའི་ཕྱིར་ཞེས་པའོ། །དེ་ལྟར་རྣམ་བཤད་མཛད་པ་འདིས་སུ་ཞིག་དགག་བྱར་བྱས་ནས་བཀག་པ་དེ་དག་ལས་ལུང་དང་རིགས་པ་གང་གིས་མ་ཁེགས་པ་ནི་གང་ཞིག་ཡོད་ཅེས་འདྲི་བ་དག་སྣང་ན་འདིའོ་ཞེས་སྟོན་པར་རིགས་སོ། །དེ་ལ་འདི་སྙམ་དུ། དེ་ལྟར་བརྟག་པ་ན་ལུང་རིགས་གང་གིས་མ་ཁེགས་པ་ནི་ཅི་ཡང་མི་སྣང་མོད་ཀྱི། འཕགས་པ་རིན་པོ་ཆེ་བཀག་པར་སོང་བས་དགག་ཡུལ་དུ་མི་རུང་བ་བཀག་པའི་ཉེས་པ་དང་བཅས་པའོ། །ཞེ་ན། བཀག་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཕགས་པའི་བཤད་པ་གཙང་མ་དེའི་སྟེང་དུ་དབང་བསྐུར་བ་དང་རིགས་བདག་གིས་རྒྱས་གདབ་ཁ་སྐོང་དུ་ངེས་པར་དགོས་སོ་ཞེས་ཟེར་བའི་ལུགས་དེ་ལ། རྗེ་བཙུན་གྱིས་བཤད་པའི་རྡོར་སེམས་ཀྱི་བསྐྱེད་ཆོག་དང་མ་མཐུན་ནོ་ཞེས་པའི་སུན་འབྱིན་དང༌། ཡང་ཁ་ཅིག་རྡོ་རྗེ་སེམས་དཔའི་རིགས་ཀུན་གྱི་བདག་པོ་ཡིན་པས་རིགས་བདག་མི་དགོས་སོ་ཞེས་ཟེར་བ་ལ། སློབ་དཔོན་རིན་པོ་ཆེས་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་དུས་སུ་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པའི་རྒྱས་འདེབས་བཤད་པ་དང་འགལ་ཞེས་པའི་སུན་འབྱིན་བརྗོད་པ་ཡིན་ནོ། །འོ་ན་ཁྱེད་རང་གི་ཕྱོགས་ལ་འཕགས་པའི་ལུགས་དེར་རིགས་བདག་གི་རྒྱས་གདབ་ཁས་ལེན་པ་མ་ཡིན་ནམ་ཞེ་ན། དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་བཅུག་རྗེས་སུ་དབང་བསྐུར་མེད་པའི་རིགས་བདག་གི་རྒྱས་གདབ་ཁས་ལེན་པ་ཉིད་འཕགས་པའི་དགོངས་པའོ། །དེ་ཡང་རྗེ་བཙུན་སྐུ་མཆེད་ཀྱིས་གསུངས་རབ་ན་མི་གསལ་ཡང༌། རྗེ་ས་ཆེན་གྱིས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱས། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དབུ་རྒྱན་རང་ཆས་སུ་སྒོམ་པའི་ཡན་ལག་བཞི་རྫོགས་འབྲིང་པོའི་དབང་དུ་བྱས་པ་ཞིག་གསུངས་ལ། དེ་འདྲ་དེ་ཡང་རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་གི་ཐད་དུ་མ་གསུངས་ཀྱང་སྐབས་གཞན་གྱི་སྐྱེད་ཆོག་ཏུ་གསུངས་པས་རུང་མཐུན་སྦྱར་དུ་རུང་བ་ཡིན་པས་སྤྱིར་མི་རུང་བ་མ་ཡིན་ནོ། །འོ་ན་དེ་འདྲ་དེ་ཡང་མི་རིགས་པར་འགྱུར་ཏེ། རྗེ་བཙུན་སྐུ་མཆེད་ཀྱི་གསུང་རབ་ནས་མ་བཤད་པའི་ཕྱིར། ཞེས་གཞན་ལ་འཕངས་པའི་སུན་འབྱིན་དེ་ཉིད་སླར་འོང་བ་མ་ཡིན་ནམ་ཞེ་ན། གཞན་ལ་འཕངས་པ་དེར་ནི་སྐབས་འདིར་ཡན་ལག་བཞི་དངོས་སུ་ངེས་པར་ཡོང་དགོས་པ་མ་ཡིན་ཏེ། ཞེས་དགག་བྱའི་གཙོ་བོ་སྔོན་འགྲོའི་སྐབས་ལ་སྦྱར་ནས་འཆད་པའི་ཕྱིར་ན་ཉེས་པ་དེ་མཚུངས་པ་མ་ཡིན་ནོ། །བླ་མ་དམ་པའི་བཞེད་པ་ནི། བླ་མེད་འདི་ཡིན་མང་པོ་ཡི། །བླ་ན་འཁོད་པ་གཞན་གྱིས་ཀྱང༌། བླ་གོས་བཞིན་དུ་འབྲལ་མེད་བཟུང༌། །གཉིས་པ་ནི། གཡུ་རུ་རྡོ་རྗེ་གདན་པའི་གསུང་ན་རེ། ལུགས་དེ་མི་འཐད་པ་ལ་གཉིས་ཏེ། དགག་བྱའི་ཡུལ་དགག་ཡུལ་མིན་པ་དང༌། འགོག་བྱེད་ཀྱི་རིགས་པ་འགོག་ནུས་མ་ཡིན་པར་བསྟན་པའོ། །དང་པོ་ནི། སྤྱིར་ཡང་ཁྱེད་ཅག་ས་སྐྱ་པར་ཁས་ལེན་ན། དཔལ་ལྡན་བླ་མ་དམ་པ་ལྟ་བུ་རིགས་རུས་ཕུན་སུམ་ཚོགས་ཤིང་མཁྱེན་བརྩེའི་མངའ་བདག་ཏུ་གྱུར་པ་ཉིད་དང༌། དེ་བས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་དང་མི་གཉིས་པ་འཕགས་པ་རིན་པོ་ཆེ་ལྟ་བུ་ཕྱོགས་སྔར་བྱེད་པ་འདི་ནི་ཤིན་ཏུ་མ་རུང་ངོ༌། །དེ་བས་ཀྱང་རྗེ་བཙུན་དཀར་པོ་བཀག་པ་ནི་འདི་ལྟར། བསྙེན་སྒྲུབ་ཡན་ལག་བཞི་འདི་ལྟ་བུ་རྗེ་ས་ཆེན་བཞེད་པར་ཁྱེད་རང་གིས་ཀྱང་དྲངས་པ་དང་འཁྲུལ་སྤོང་གི་དམ་ཚིག་རྡོ་རྗེའི་སྐྱེད་ཆོག་ཏུ་རྗེ་བཙུན་ཆེན་པོས་ཀྱང་གསལ་བར་གསུངས་ན། དེ་རྣམས་དང་ཅིའི་ཕྱིར་མངོན་སུམ་དུ་མི་འགལ། གཉིས་པ་ལ་གསུམ་སྟེ། ཁྱེད་ཀྱིས་བཤད་པ་དེ་རྗེ་བཙུན་གྱི་དགོངས་པ་མིན་པར་བསྟན། ཡིན་ན་རྗེ་བཙུན་ལ་བསྐུར་བར་འགྱུར་བའི་ཚུལ། དོན་བསྡུས་ཏེ་རང་ལ་མཚུངས་པ་སྤངས་པའོ། །དང་པོ་ལ་གཉིས་ཏེ་རྗེ་བཙུན་གྱི་དགོངས་པ་བཤད་པ། དེས་ན་ཁྱེད་ཅག་གི་དེ་ལ་དོན་མེད་ཅིང་བསྙེན་སྒྲུབ་ཡན་ལག་བཞིའི་བརྡ་ལ་མ་བྱང་བར་བསྟན་པའོ། །དང་པོ་ནི། འདི་རྗེ་བཙུན་གྱིས་རྒྱས་འབྲིང་བསྡུས་གསུམ་གསུངས་པ་ནི་མངོན་པར་རྟོགས་པ་སྤྱིའི་དབང་དུ་གསུངས་ཀྱི། བསྙེན་སྒྲུབ་ཡན་ལག་བཞི་ལ་ནི་རྒྱས་བསྡུས་གང་དུའང་མ་གསུངས་སོ། །གཉིས་པ་ནི། ཁྱེད་ཅག་ལྗོན་ཤིང་གི་གཞུང་འདིའི་དོན་ལ་ཤིན་ཏུ་འཁྲུལ་པར་སྣང་སྟེ། ཇི་སྐད་དུ། བསྡུས་པ་ལ་ནི་སྐྱེད་མཆེད་དེ་བྱིན་གྱིས་མི་སློབ་པར་སྐུ་གསུང་ཐུགས་བྱིན་གྱིས་རློབས་པ་དང༌། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་སུ་ཡོད་པའི་ཡན་ལག་བཞི་པའམ། དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་སྐད་ཅིག་མས་བསྐྱེད་ན་བཟླས་པ་ལ་འཇུག་པ་ཡིན་ནོ། །ཞེས་གསུངས་པ་དེར་ཡན་ལག་དང་པོ་དང་གསུམ་པ་གཉིས་སྔ་མ་དང་འདྲ་བས་མ་སྨོས་པར། གཉིས་པ་དང་བཞི་པ་གཉིས་མི་འདྲ་བར་སྨོས་པས་འཁྲུལ་ནས། ཡེ་ཤེས་པ་མི་འཇུག་པའི་ཡན་ལག་བཞི་པ་འདོད་པ་རྣམ་པར་ནོངས་ཏེ། ཡན་ལག་གསུམ་ལས་མེད་པའི་བཞི་པ་གད་མོའི་གནས་ཡིན་པ་དང༌། དེ་ལྟ་ན་ཡན་ལག་དང་པོ་ལ་མི་དགོས་པར་མཚུངས་ལ། འདོད་ན། གང་གི་སྐུ་གསུང་ཐུགས་བྱིན་གྱིས་རློབས། རློབས་གཞི་མེད་པར་བྱིན་གྱིས་རློབས་པ་ཐ་སྙད་ལས་ཉམས་པ་ཡིན་ནོ། །དེ་བཞིན་དུ་དབུ་རྒྱན་རང་ཆས་ཅན་གྱི་དམ་ཚིག་སེམས་དཔའ་སྐད་ཅིག་མས་སྐྱེད་ཅེས་གསུངས་པའི་ངག་དོན་མ་གོ་བར། ཡན་ལག་གཉིས་ལས་མེད་པའི་བཞི་པ་འདོད་པ་དེ་བས་ཀྱང་ངོ་མཚར་བ་དང༌། ལམ་ཞེས་པ་བསྡུས་པ་གཉིས་པོ་གདམ་ཅན་ཡིན་གྱི། བསྡུས་པ་གཉིས་དོན་མི་གཅིག་པར་སྟོན་པ་མ་ཡིན་པས་ཕྱོགས་སུ་མ་ཕྱིན་པའི་བཤད་པ་དོན་མེད་ཅིང༌། བསྙེན་སྒྲུབ་ཡན་ལག་བཞི་ལའང་མི་མཁས་པར་གྱུར་པ་ཉིད་དོ། །དེ་ལྟར་བཤད་པ་ན་བསྡུས་པ་དང་པོ་མ་ཡིན་ཏེ་ཞེས་དང༌། གཉིས་པ་ཡིན་ཏེ་ཞེས་སོགས་ཀྱི་རིགས་པ་ཕལ་པ་རྣམས་ཀྱང་སྤངས་པ་ཡིན་ནོ། །དེར་མ་ཟད་འགལ་བ་མི་འཚམས་པ་གཞན་ཡང་ཡོད་དེ། ཁྱེད་རང་གི་བསྲུང་འཁོར་གྱི་སྐབས་སུ་རྟེན་པ་སྐྱེད་པ་ལ་འདི་སྐད་ཅེས། ཡང་ན་སྔར་བཞིན་དམ་ཚིག་པ་སྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་ཙམ་བྱིན་གྱིས་བརླབས། དབུ་རྒྱན་རང་ཆས་སུ་སྒོམ་པ་ཡང་རྗེ་ས་ཆེན་གྱིས་གསུང་སྟེ། འབྲིང་པོའོ། །ཞེས་ཟེར་བ་དེ་ཡང་རང་ལུགས་སུ་ཁས་ལེན་ནམ་མི་ལེན། མི་ལེན་ན་ས་སྐྱ་པ་ཕྱོགས་མེད་དུ་བཀག་པ་ཡིན་ནོ། །ཁས་ལེན་ན། དེ་འདྲ་དེ་བསྙེན་སྒྲུབ་ཡན་ལག་བཞི་རྒྱས་པ་མ་ཡིན་ཏེ། དབང་བསྐུར་རིགས་བདག་གིས་རྒྱས་གདབ་དངོས་སུ་མི་འདོད་པའི་ཕྱིར། བསྡུས་པ་དང་པོ་མ་ཡིན་ཏེ། ཡེ་ཤེས་པ་གཞུག་པར་འདོད་པའི་ཕྱིར་རོ། །བསྡུས་པ་གཉིས་པ་མ་ཡིན་ཏེ། གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་གཞུག་པར་འདོད་པའི་ཕྱིར་རོ། །ཞེས་སྤྲང་དབྱུག་གིས་སྤྲང་པོ་ལྟར་ཁྱེད་རང་གི་ཚིག་གི་ཁྱེད་རང་བཅོམ་ན་ཅི་སྨྲར་འདུག་སོམས་ཤིག གཉིས་པ་ནི། དེ་ལྟར་མ་ཡིན་ན་རྗེ་བཙུན་གྱི་བསྙེན་སྒྲུབ་ཡན་ལག་གཉིས་པ་དང༌། གསུམ་པ་ལ་སོགས་པའི་སྐྱེད་ཆོག་འཐད་ལྡན་བཤད་ནས། སླར་ཡང་ཡན་ལག་བཞི་མ་ཚང་བའི་སྐྱེད་ཆོག་མི་འཐད་ཅེས་འགལ་བ་གསུངས་པས་ཁྱེད་ཅག་གིས་བསྐུར་བར་ཟད་དོ། །ཞེས་འདིར་སྨྲའོ། །གསུམ་པ་ནི། དེ་ལྟར་བཙུན་རྣམས་ཀྱིས་སྐབས་འགར་ཡན་ལག་བཞི་ཀ་དངོས་སུ་མ་ཚང་བའི་ཆོ་ག་གསུང་བ་ཇི་ལྟར་ན། བླ་མ་ལ་རྟེན་པའི་སློབ་མས་ཁ་སྐོང་ཤེས་པ་ལ་དགོངས་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །གསུམ་པ་ཚེར་མ་འབྱིན་པ་ལ་གཉིས་ཏེ། འགོག་ཡུལ་མ་ཡིན་པ་ལ་འགོག་ཡུལ་དུ་ནན་གྱིས་ཕུལ་བའི་རྒལ་ལན་དང༌། འགོག་བྱེད་ཀྱི་རིགས་པས་བཀག་པ་དེ་འགོག་མི་ནུས་པའི་རྒལ་ལན་ནོ། །དང་པོ་ནི། རྗེ་བཙུན་གཉིས་དང་བླ་མ་ཕྱི་མ་གཉིས་དོན་ལ་མི་མཐུན་པ་མེད་ཀྱང་ཆོ་གའི་རྣམ་གཞག་རྒྱས་བསྡུས་མི་མཐུན་པ་དེའི་ཚེ། རྗེ་བཙུན་གྱི་ལུགས་རང་ལུགས་སུ་འཇོག་པར་ཁས་བླངས་པ་དེ་ཙམ་གྱིས་བླ་མ་གཉིས་བཀག་གོ་ཞེས་ནན་གྱིས་ཕུལ་བ་དེ་ལྟར་ན། ཁྱེད་ཀྱིས་ཀྱང་རྗེ་བཙུན་བཀག་པར་འགྱུར་ཏེ། སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་རྗེ་བཙུན་གྱིས་བཤད་པ་ལས་བཟློག་སྟེ་ཁས་བླངས་པའི་ཕྱིར། གལ་ཏེ་ངེད་ཀྱིས་ནི་རྗེ་བཙུན་གྱི་བསྡུས་པ་དེ་རྒྱས་པས་ཁ་བསྐང་བ་ཡིན་ནོ་ཞེ་ན། རྗེ་བཙུན་གྱིས་བསྡུས་པ་ལས་མ་གསུངས་ན་དེ་ཉིད་ཐད་སོར་བཞག་པས་ཆོག་པ་ཡིན་ཏེ། གཞན་དུ་ན་ཉམས་ལེན་གྱིས་རིམ་པ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེ་བ་དོན་མེད་པར་འགྱུར་ཏེ། ཉམས་ལེན་བསྡུས་པར་བཤད་པ་དེ་ཐམས་ཅད་རྒྱས་པས་ཁ་བསྐངས་ནས་ཉམས་སུ་ལེན་དགོས་པའི་ཕྱིར། ཡང་ས་ཆེན་གྱི་ལུང་གིས་ཀྱང་མི་གནོད་དེ། ས་ཆེན་གྱིས་མངོན་པར་རྟོགས་པ་འབྲིང་པོ་ལ་ཡེ་ཤེས་པ་འཇུག་པར་བཤད་ཀྱང༌། དེ་འདྲའི་སྐྱེད་ཆོག་དེ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ལ་ངེས་པར་དགོས་པ་མ་ཡིན་པའི་ཕྱིར་དང༌། སྤྱིར་མངོན་རྟོགས་འབྲིང་པོ་ཡེ་ཤེས་པ་འཇུག་པ་མེད་དོ་ཞེས་ནི་ཁས་བླངས་པ་མེད་པའི་ཕྱིར། འཁྲུལ་སྤོང་གི་ལུང་གི་གནོད་པ་མ་ཡིན་ཏེ། དམ་ཚིག་རྡོ་རྗེའི་སྐྱེད་ཆོག་ཏུ་གང་ཡོད་དེ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ཏུ་བྱེད་དགོས་ན། རྡོ་རྗེ་སེམས་དཔའི་སྐྱེད་ཆོག་གིས་དམ་ཚིག་རྡོ་རྗེའི་སྐྱེད་ཆོག་བྱེད་དུ་རུང་བར་ཐལ་བའི་ཕྱིར་དང༌། རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ཡིན་ན། ཡེ་ཤེས་པ་གཞུག་ཏུ་མི་རུང་བས་ཁྱབ་པ་ནི་སུས་ཀྱང་ཁས་མ་བླངས་པའི་ཕྱིར་དང༌། གང་རུང་སྔོན་འགྲོའི་སྐབས་འདིར་བྱེད་དགོས་ན་ཧ་ཅང་ཐལ་བའི་ཕྱིར། ཁྱེད་ཀྱིས་འཕངས་པའི་གནོད་བྱེད་དེ་དག་ལས་ཀྱང༌། རྡོ་རྗེ་བརྟུལ་ཞུགས་ཀྱི་དུས་ཀྱི་ཡན་ལག་བཞི་རྫོགས་དེ་གནོད་བྱེད་དུ་འཕེན་པར་རིགས་ཏེ། ཁྱེད་རང་ལྟར་ན་དེ་འདྲ་དེ་དངོས་སྐྱོན་གཙང་མར་སོང་ལ། གཞན་གཉིས་པོ་དེ་ཆ་འདྲ་བ་ཙམ་ཡིན་པའི་ཕྱིར་རོ། །དེ་འདོད་པ་ཉིད་ཙ་ན། སུན་འབྱིན་དུ་འགྲོ་བ་དག་མི་བརྗོད་པར། མི་འགྲོ་བ་དག་བརྗོད་པ་ནི་ཕྱི་རྒོལ་ཚར་བཅད་པའི་གནས་སུ་བཤད་པའི་ཕྱིར་ན་སྨྲ་བ་པོ་དེ་རང་ཉིད་ཕམ་པ་མ་ཡིན་ནམ། འགྲོ་བའི་སྐྱོན་དེ་ད་བརྗོད་པས་ཆོག་གོ་ཅེ་ན། གནས་སྐབས་སོ་སོ་བ་ཡིན་པའི་ཕྱིར་སུན་འབྱིན་དུ་མི་འཇུག་གོ་ཅེས་བརྗོད་ཟིན་པ་མ་ཡིན་ནམ། ཡང་བསྙེན་སྒྲུབ་ཡན་ལག་བཞི་ལ་རྒྱས་འབྲིང་བསྡུས་གསུམ་རྗེ་བཙུན་གྱིས་མི་བཞེད་དོ། །ཞེས་པ་ནི་མངོན་གསུམ་ལ་བསྙོན་པ་ཡིན་ཏེ། དབུ་རྒྱན་རང་ཆས་སུ་ཡོད་པའི་དམ་ཚིག་པ་སྐྱེད་པ་འདི་རྒྱས་འབྲིང་གཉིས་སུམ་འདུས་པའི་བསྡུས་པ་ཡིན་པའི་ཕྱིར། འདི་ལ་ཡེ་ཤེས་པ་འཇུག་པ་ཡོད་དོ་ཞེས་སྨྲས་ཟིན་པ་མ་ཡིན་ནམ་ཞེ་ན། འོ་ན་དབང་བསྐུར་བ་ཡང་ཡོད་པར་མཚུངས་པས་རྒྱས་པ་ཉིད་དུ་ཐལ་བར་འགྱུར་རོ། །དབང་མི་བསྐུར་བ་ཞེས་རྗེ་བཙུན་ཉིད་ཀྱི་གསུངས་ཟིན་པ་མ་ཡིན་ནམ་ཞེ་ན། འོ་ན་ཡེ་ཤེས་པ་མི་འཇུག་པར་ཡང་དེ་ཉིད་ཀྱིས་བཤད་ཟིན་པ་མ་ཡིན་ནམ། དེའི་གསལ་ཁ་མེད་དོ་ཅེ་ན། འོ་ན་དབང་མི་བསྐུར་བ་ཞེས་པའི་ཚིག་ཀྱང་བསྡུས་པ་སྔ་མ་ལ་ཡོད་པ་ཡིན་གྱི། བསྡུས་པ་གཉིས་པ་ལ་དེ་ལྟར་བཤད་པ་མེད་དོ། །དབུ་རྒྱན་རང་ཆས་ཅན་ཞེས་བཤད་པས་དབང་མི་བསྐུར་བར་གྲུབ་པ་ཅེ་ན། འོ་ན་དབུ་རྒྱན་རང་ཆས་སུ་ཡོད་པའི་དམ་ཚིག་སེམས་དཔའ་སྐད་ཅིག་གིས་བསྐྱེད་ནས། བཟླས་པ་ལ་འཇུག་ཅེས་པ་ཡེ་ཤེས་པ་མི་འཇུག་པར་བཤད་པ་ཉིད་གྲུབ་པ་ཡིན་ཏེ། རིགས་བདག་གི་རྒྱས་བཏབ་ཟིན་པའི་འོག་ཏུ་ཡེ་ཤེས་པ་འཇུག་པ་ནི་ཆོ་གའི་ཚུལ་དང་མི་མཐུན་པའི་ཕྱིར། གཞན་ཡང་མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་ཡོད་ན་བསྙེན་སྒྲུབ་ཡན་ལག་བཞི་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་དགོས་ཏེ། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་ནི་མཆོག་ཐུན་མོང་གང་ལའང་མི་བཞེད་པའི་ཕྱིར། དེ་ཡང་འདི་ལྟར་རྗེ་བཙུན་གྱིས་གསུངས་པའི་བསྡུས་པ་ཕྱི་མ་འདི་མངོན་པར་རྟོགས་པ་རྒྱས་འབྲིང་བསྡུས་གསུམ་གྱི་བསྡུས་པ་དེར་ཁྱེད་ཀྱི་ཁས་བླངས་ཟིན་པས་དེ་འདྲ་དེ་དེ་གསུམ་གྱི་འབྲིང་པོ་མ་ཡིན་པར་འགྱུར་ལ། འདོད་མི་ནུས་ཏེ། བསྙེན་སྒྲུབ་ཡན་ལག་བཞི་ནི་དངོས་སུ་ཚངས། དེ་ལས་ལྷག་པ་ནི་མི་བྱ་བར་བཟླས་པ་ལ་འཇུག་པའི་མངོན་པར་རྟོགས་པ་དེ་ཡིན་པའི་ཕྱིར། རྟགས་དང་པོ་ཁས་བླངས། ཁྱབ་པ་ལྗོན་ཤིང་གི་ལུང་གིས་གྲུབ་བོ། །དེ་དངོས་སུ་ཚང་བར་ཁས་མི་ལེན་ནོ་ཞེ་ན། འོ་ན་དེ་འདྲ་དེ་བསྙེན་བསྒྲུབ་ཡན་ལག་བཞིའི་རྒྱས་འབྲིང་བསྡུས་པ་གསུམ་གྱི་ཟླས་ཕྱེ་བའི་བསྡུས་པ་དེར་འགྱུར་ཏེ། དེ་ལ་བསྙེན་བསྒྲུབ་ཡན་ལག་བཞི་ནི་ཚང༌། དེ་ཚང་བའི་རྒྱས་པ་དེ་ནི་མ་ཡིན། ཁོ་ལས་རྒྱས་པའི་བསྙེན་སྒྲུབ་བཞི་ཚང་གཅིག་ནི་འདུག་པའི་ཕྱིར་རྟགས་ཁས་བླངས་ཏེ། བསྡུས་པ་དང་པོ་དེ་དེ་འདྲ་དེར་ཁས་བླངས་པའི་ཕྱིར་དང༌། བསྡུས་པ་གཉིས་པོ་སྐུ་གསུང་ཐུགས་བྱིན་གྱིས་རློབས་པ་ཡོད་མེད་ཀྱི་ཁྱད་པར་ཅན་དུ་ནི་ལྗོན་ཤིང་གི་ཚིག་ཟིན་ལས་ཀྱང་གསལ་བའི་ཕྱིར། དེས་ན་འདི་ལྟར་ཡིན་ཏེ། མངོན་པར་རྟོགས་པ་གསུམ་གྱིས་ཟླས་ཕྱེ་བའི་རྒྱས་པ་ནི་ཡན་ལག་བཞི་དྲུག་གཉིས་ཀ་དངོས་སུ་ཚང་བར་ཡོད་པའོ། །འབྲིང་པོ་ནི་ཡན་ལག་བཞི་པ་ཙམ་ཞིག་དངོས་སུ་ཚང་བའོ། །བསྡུས་པ་ནི་ཡན་ལག་བཞི་ལས་བར་པ་རྣམས་གང་ཡང་རུང་བ་ཞིག་མ་ཚང་བའོ། །དེ་བཞིན་དུ་བསྙེན་སྒྲུབ་བཞིའི་ཚང་ཚུལ་ལ་ཡང་གསུམ་ལས། རྒྱས་པ་ནི་བཞི་པོ་དངོས་སུ་ཚང་བར་ཡོད་པའོ། །བར་པ་ནི་གང་རུང་གཅིག་མ་ཚང་བའོ། །བསྡུས་པ་ནི་གང་རུང་གཉིས་མ་ཚང་བའོ། །ལྗོན་ཤིང་ལས་གསུངས་པའི་བསྡུས་པ་གཉིས་པ་ནི་དེ་ཉིད་ཡིན་ལ། ལུང་གཞན་ལས་ཡན་ལག་བཞི་དྲུག་གཉིས་ལ་རྒྱས་འབྲིང་དུ་བཤད་པ་དེ་ནི་ཡན་ལག་སོ་སོའི་རྒྱས་འབྲིང་ལ་དགོངས་པའོ། །ཡང་བསྡུས་པ་དང་པོའི་ཡན་ལག་དང་པོ་དང་གསུམ་པ་གཉིས་རྒྱས་པ་དང་འདྲ་བའི་རྒྱུ་མཚན་གྱི་དངོས་སུ་མ་སྨོས་པ་ཡིན་ན། བསྡུས་པ་གཉིས་པའི་ཡང་ཡན་ལག་དང་པོ་དང་གསུམ་པ་གཉིས་སྔ་མ་དང་འདྲ་བར་ཁྱེད་ཀྱིས་ཁས་བླངས་ཟིན་པས་ཡན་ལག་དང་པོ་དངོས་སུ་སྨོས་མི་དགོས་པར་མཚུངས་ལ། དེ་ལྟ་ན་དངོས་སུ་སྨོས་པ་དང་འགལ། འོ་ན་ཅི་ཞེ་ན། བསྡུས་པ་དང་པོ་ལ་སྐུ་གསུང་ཐུགས་བྱིན་གྱིས་རློབས་པ་དང༌། དབུ་རྒྱན་རང་ཆས་སུ་བསྒོམ་པར་བཤད་པ་ཉིད་ཀྱིས་དམ་ཚིག་བསྐྱེད་པ་ཡོད་པར་གྲུབ། ཡེ་ཤེས་པ་དངོས་སུ་འཇུག་མི་འཇུག་གཉིས་ཀའི་བཤད་པ་མི་གསལ། བསྡུས་པ་གཉིས་པ་ལ་དམ་ཚིག་པ་དབུ་རྒྱན་རང་ཆས་ཅན་སྐད་ཅིག་གིས་བསྐྱེད་པར་བཤད་པ་ཉིད་ཀྱིས་སྐྱེ་མཆེད་བྱིན་རླབས་དང་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་བ་རྣམས་དངོས་སུ་མི་བྱེད་པར་གསལ་པའོ། །ཡང་ཡན་ལག་གསུམ་ལས་མེད་པའི་བཞི་པ་གད་མོའི་གནས་ཡིན་ཞེས་པ། འོ་ན་དབང་བསྐུར་མེད་པར་རིགས་བདག་གི་རྒྱས་གདབ་འབྱུང་བ་གད་མོའི་གནས་སོ། །དབང་བསྐུར་དངོས་སུ་མེད་ཀྱང་རྒྱས་གདབ་བྱུང་བ་ན་དབང་བསྐུར་གྱི་དོན་ཚང་བ་ཡིན་ནོ་ཞེ་ན། འོ་ན་ཡེ་ཤེས་པ་འཇུག་པ་དངོས་སུ་མེད་ཀྱང་རྒྱས་གདབ་ཡོད་པ་ཉིད་ཀྱིས་ཡེ་ཤེས་པའང་རང་ཆས་སུ་ཡོད་པར་གྲུབ་བོ། །ཡང་ཡེ་ཤེས་པ་འཇུག་པ་མེད་ན་དམ་ཚིག་པ་སྐྱེད་པ་མེད་པར་ཡང་མཚུངས་སོ་ཞེས་པ་ལ་ནི་རྒྱུད་སྡེ་འོག་མའི་ཆོ་གས་མ་ངེས་ཤིང༌། དམ་ཚིག་པ་མ་བསྐྱེད་ན་གང་གི་སྐུ་གསུང་ཐུགས་བྱིན་གྱི་རློབས་ཅེས་པ་ཡང་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐྱེད་པའི་ཆོ་ག་གཞིར་བྱས་ལ་ཁྱབ་འབྲེལ་དེ་ལྟར་ངེས་ཀྱང༌། སྤྱིར་མ་ངེས་ཏེ། སློབ་མ་སྟ་གོན་གྱི་སྐབས་བཞིན་ནོ། །ཡང་བསྡུས་པ་གཉིས་པ་ལ་ཡན་ལག་གཉིས་ལས་མེད་པའི་བཞི་འདོད་པ་ཆེས་ངོ་མཚར་ཆེ་ཞེས་པ་ཡང༌། འོ་ན་ཁྱེད་ཀྱིས་བསྡུས་པ་ལ་ཡན་ལག་གཉིས་ཚང་བར་ཁས་བླངས་བྱུང་བས་དབུ་རྒྱན་རང་ཆས་ཀྱིས་ཡན་ལག་གཅིག་གི་གོ་ཆོད་ན་ཡེ་ཤེས་པ་རང་ཆས་ཀྱི་ཡན་ལག་གསུམ་པའི་གོ་མི་ཆོད་པར་འདོད་པ་འགལ་བ་དང༌། དམ་ཚིག་པ་དེ་ལ་ཡེ་ཤེས་པ་དེ་རང་ཆས་སུ་ཡོད་ན་དེའི་སྐུ་གསུང་ཐུགས་གསུམ་པོ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་རང་ཆས་སུ་མེད་པ་འགལ་ཞིང༌། དེས་ན་དམ་ཚིག་པ་སྐྱེད་པ་ལ་ཡན་ལག་གཉིས་པ་དང༌། གསུམ་པོ་དངོས་སུ་མ་སྒྲུབ་ཀྱང༌། རྒྱས་གདབ་བྱས་པ་ཙམ་གྱིས་ཡན་ལག་བཞི་རྫོགས་ཀྱི་དོན་ཚང་བ་ཡིན་ཏེ། རྩ་བའི་རྒྱུད་དུ་ལྷའི་ལེའུ་བཤད་པའི་དེ་མ་ཐག་ཏུ་ཡན་ལག་བར་པ་རྣམས་ཀྱི་བཤད་པ་ཡེ་མ་མཛད་པར་དབང་བསྐུར་རྒྱས་གདབ་ཙམ་གྱིས་ཡན་ལག་བཞི་རྫོགས་སུ་བཤད་པའི་ཕྱིར། ཡང་འམ་ཞེས་པས་བསྡུས་པ་གཉིས་པོ་ཡིན་ཁྱབ་མཉམ་དུ་སྟོན་ཞེས་པ་ཡང་ནོར་བ་ཡིན་ཏེ། བསྡུས་པ་གཉིས་པོ་ལ་ཁྱབ་ཆེ་ཆུང་དངོས་སུ་བཤད་འདུག་པའི་ཕྱིར་ཏེ། སྐུ་གསུང་ཐུགས་བྱིན་གྱིས་རློབས་པ་ཡོད་མེད་ནི་ཚིག་ཟིན་ལ་གསལ་བའི་ཕྱིར་དང༌། དགོངས་པ་བཙལ་བ་ན་རྩ་བའི་རྒྱུད་ལས་གསུངས་པ་བཞིན་དམ་ཚིག་པ་བསྐྱེད་པ་ལ་ཡན་ལག་བར་པ་དངོས་སུ་མ་བསྒྲུབ་པར། དབང་བསྐུར་ནས་རིགས་བདག་གི་རྒྱས་གདབ་པ་ཡང་བསྡུས་པ་དང་པོར་གསལ་བའི་ཕྱིར་རོ། །ཡང་བསྙེན་སྒྲུབ་བཞིའི་ཐ་སྙད་ལ་མ་བྱང་པ་ཡིན་ནོ་ཞེས་པའི་གོ་བ་ལ་བརྟགས་པ་ན། དེའི་རྣམ་གཞག་ལ་བཞི་ཀ་གསར་དུ་སྒྲུབ་དགོས་པའི་ཞིག་ཡིན་པར་ཁས་བླངས་པས་དེ་བས་ཀྱང་དེ་ལ་མ་བྱང་བར་གྱུར་པ་ཉིད་དོ། །ཇི་ལྟར་ཞེ་ན། དབང་པོ་རྣོན་པོའི་ངོར་སྐྱེ་མཆེད་དང་གནས་གསུམ་རྡོ་རྗེའི་རང་བཞིན་དུ་གདོད་མ་ནས་གནས་པ་དང༌། ཡེ་ཤེས་པ་དང་དབུ་རྒྱན་རང་ཆས་སུ་གྲུབ་པ་དེ་དམ་ཚིག་པ་སྐད་ཅིག་གིས་བསྐྱེད་པ་དང་སྦྱར་བས་བསྙེན་སྒྲུབ་ཡན་ལག་བཞིའི་གོ་མི་ཆོད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་བཤད་པས་ནི་རིགས་པ་ཕལ་པ་རྣམས་སྤངས་པ་ཡིན་ནོ་ཞེས་ཟེར་བ་དེའི་ཞེན་དོན་འདིར་ཡང་སྤངས་པ་ཡིན་ཏེ། བསྡུས་པ་དང་པོ་མ་ཡིན་ཏེ་ཞེས་སོགས་ཀྱི་རིགས་པ་གཉིས་པ་དེ་རྒོལ་བའི་དམ་བཅའི་ཞེན་དོན་སུན་འབྱིན་ནུས་སུ་གྲུབ་པའི་ཕྱིར། གཞན་ཡང་འགལ་བ་མི་འཚམ་པ་ཡོད་དོ་ཞེས་པའི་དོན་བརྟག་པར་བྱ་བ་ལ་གཉིས་ཏེ། སྐབས་སུ་བབ་པའི་རྒལ་ལན་དང༌། རྟོག་གེའི་ཐ་སྙད་འཇུག་པའི་གནས་མ་ཡིན་པར་ཚང་ཡང་དེ་ལ་མ་བྱང་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཚིག་དོན་གཉིས་ཀ་ལས་བརྩམ་པའི་རྩོད་ལན་རྒྱས་པར་བཤད། དོན་གྱི་དངོས་ལན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། རྗེ་ས་ཆེན་གྱིས་བསྲུང་འཁོར་གྱི་སྐབས་མངོན་པར་རྟོགས་པ་འབྲིང་པོ་གསུངས་ཏེ། བསྙེན་སྒྲུབ་ཡན་ལག་བཞི་བསྡུས་པ་གཉིས་དང་རྒྱས་པ་གསུམ་པོ་གང་རུང་མ་ཡིན་པ་ནི་འདོད་པ་གྲུབ་པ་ཡིན་ཏེ། དེ་འདྲ་དེ་མངོན་པར་རྟོགས་པ་འབྲིང་པོ་ཉིད་དུ་བཞེད་ཅིང༌། གནད་ཀྱི་ཟླ་ཟེར་ལས་ཀྱང་བསྲུང་འཁོར་གྱི་མངོན་པར་རྟོགས་པ་འབྲིང་པོ་ཉིད་དུ་བཤད་ཟིན་པའི་ཕྱིར། འོ་ན་གོང་དུ་ཁྱེད་ཀྱིས་བཀག་པ་དེ་ཡང་དེ་གསུམ་གང་རུང་མ་ཡིན་པ་ནི་འདོད་ཐོག་ཡིན། མངོན་པར་རྟོགས་པ་འབྲིང་པོར་ཁས་ལེན་པའི་ཕྱིར་ཞེ་ན། དེ་ཆོས་ཅན་མངོན་པར་རྟོགས་པ་འབྲིང་པོ་མ་ཡིན་ཏེ། རྒྱས་གདབ་མ་ཚང་བའི་ཕྱིར། ཞེས་པའི་རང་རྒྱུད་དང༌། དེ་ཆོས་ཅན། བསྙེན་སྒྲུབ་ཡན་ལག་བཞི་དངོས་སུ་ཚང་བར་ཐལ། མངོན་པར་རྟོགས་པ་འབྲིང་པོ་ཡིན་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་ཚང་བས་བཟློག་པར་མི་ནུས་སོ། །གལ་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་མངོན་པར་རྟོགས་པ་ཐམས་ཅད། རྒྱས་པ་གཅིག་དང་བསྡུས་པ་གཉིས་ཏེ་གསུམ་དུ་ཁྱེད་ཀྱིས་ཁ་ཚོན་བཅད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྗོན་ཤིང་ལས་མངོན་པར་རྟོགས་པ་རྒྱས་འབྲིང་གཉིས་དང་བསྡུས་པ་གཉིས་ཏེ་ཞར་ལ་གསུངས་པ་དེ་ཁོ་བོ་ཅག་ལ་ལུང་ཚད་མར་གྱུར་པའི་ཕྱིར་དང༌། གོང་གི་རྩོད་གཞི་དེ་མངོན་པར་རྟོགས་པ་རྒྱས་པ་དང་བསྡུས་པ་གཉིས་ཏེ་གསུམ་པོ་གང་རུང་མ་ཡིན་པར་སྒྲུབ་པ་ཙམ་གྱིས་དེ་ལ་དེ་གསུམ་དུ་གྲངས་ངེས་པར་འགྱུར་ན་ནི། ཁྱེད་ལ་ཡང་དེར་ཐལ་བར་འགྱུར་ཏེ། ཁྱེད་ཀྱིས་ཀྱང་རྗེ་ས་ཆེན་གྱིས་བཤད་པའི་མངོན་པར་རྟོགས་པ་འབྲིང་པོ་དེ་དེ་གསུམ་གང་རུང་མ་ཡིན་ཏེ་ཞེས་སྒྲུབ་པའི་ཕྱིར། འོ་ན་གོང་གི་རྩོད་གཞི་འཕགས་པའི་གསུང་སྒྲ་ཇི་བཞིན་པ་དེ་རྒྱས་བསྡུས་གང་རུང་མ་ཡིན་པར་སྒྲུབ་མོད། འབྲིང་པོ་ཡིན་སྙམ་པའི་དོགས་པ་མི་འགོག་པ་ཅི་ཞེ་ན། རྒྱས་པ་ཡིན་པ་ཁེགས་པ་ན་དེ་འདྲ་དེ་འབྲིང་པོ་ཡིན་ནམ་སྙམ་པའི་དོགས་པ་ནི་ཆོས་འདི་པ་དག་ལ་མི་འབྱུང་སྟེ། ལྗོན་ཤིང་ནས་གསུངས་པའི་མངོན་རྟོགས་འབྲིང་པོ་དེ་དེ་ལ་ནི་དབང་བསྐུར་དང་རྒྱས་གདབ་གཉིས་ཀ་མཛད་ཅིང༌། ས་ཆེན་གྱིས་མཛད་པ་དེ་ལ་ནི་དབང་བསྐུར་མ་བཤད་ཀྱང་རྒྱས་གདབ་རང་ཆས་ཅན་ཡིན་པའི་ཕྱིར། བསྡུས་པ་གཉིས་ལ་དེ་ལྟར་གསལ་བ་མེད་པས་དོགས་པའི་མཐའ་མ་ལུས་པ་འགོག་དགོས་པའོ། །དེ་ལྟར་ན་འཕགས་པའི་གསུང་གཙང་མ་དེ་ལ་རིགས་བདག་གི་རྒྱས་འདེབས་རང་ཆས་ཅན་ཞེས་བསྣོན་དགོས་པ་ཡིན་ནོ། །ཞེས་པ་ཙམ་ཞིག་གནད་ཀྱི་ཟླ་ཟེར་གྱི་དགོངས་པ་ཡིན་ལ། དེ་ཙམ་གྱིས་འཕགས་ལུགས་བཀག་པར་འགྱུར་ན། ཁྱེད་ལ་ཡང་དེར་འགྱུར་ཏེ། ཁྱེད་ཀྱིས་ཀྱང་དེར་རིགས་བདག་དང་གཞན་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་ཡང་བསྣན་པའི་ཕྱིར། སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ལ་ཡེ་ཤེས་པ་འཇུག་དགོས་པའི་ཁྱབ་པ་ཁས་མ་བླངས་པ་ཙམ་གྱིས་དེ་བཀག་པར་འགྱུར་ན། ཁྱེད་ཀྱིས་ཀྱང་རྗེ་བཙུན་བཀག་པར་འགྱུར་ཏེ། དེ་དེའི་ཁྱབ་པ་མེད་པ་ནི་རྗེ་བཙུན་གྱི་དགོངས་པར་གསལ་བའི་ཕྱིར། ཁྱེད་ཀྱིས་ནི་རྩོད་པ་འབའ་ཞིག་ལྷུར་ལེན་དེ་ལྟར་ན། ཁྱེད་རང་གིས་ཀྱང་ས་སྐྱ་པ་ཕྱོགས་མེད་དུ་བཀག་པར་སོང་སྟེ་རྗེ་བཙུན་གྱི་བཤད་པ་དེ་ཉིད་ཉམས་ལེན་གྱི་རིམ་པར་འཇོག་ཅིང༌། འཕགས་པས་གསུངས་པ་དེ་ཉིད་ཀྱང་གཙང་མར་མ་བཞག་པའི་ཕྱིར། གཉིས་པ་དངོས་ལན་གདབ་པ་ནི། རྗེ་ས་ཆེན་གྱིས་མངོན་པར་རྟོགས་པ་འབྲིང་པོར་བཤད་པ་དེ་ནི་སྔར་བཀག་པའི་རྒྱས་བསྡུས་གསུམ་པོ་གང་རུང་མ་ཡིན་ཀྱང་ལྗོན་ཤིང་ལས་ཀྱང་བཤད་པའི་མངོན་པར་རྟོགས་པ་འབྲིང་པོ་དེར་ཁས་ལེན་པ་ཡིན་པ་ལ་ཉེས་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། དེ་དེར་ཚད་མས་གྲུབ་ཅིང༌། གྲུབ་པ་ལྟར་ཁས་བླངས་ལ་གནད་ཀྱི་ཟླ་ཟེར་མཛད་པ་པོས་སྔ་ཕྱི་དང་དངོས་ཤུགས་འགལ་བ་ཅི་ཡང་མ་མཛད་པའི་ཕྱིར་དང༌། རིགས་བདག་གི་རྒྱས་འདེབས་མེད་པའི་མངོན་པར་རྟོགས་པ་གོང་དུ་རྩོད་གཞིར་བཞག་པ་དེ་འདྲ་དེ་ནི། རྒྱས་འབྲིང་བསྡུས་གསུམ་གང་དུ་ཡང་མི་རུང་བའི་ཕྱིར་རོ། །དེས་ན་འཕགས་པའི་དགོངས་པ་ནི། དབུ་རྒྱན་རང་ཆས་སུ་ཡོད་པ་གཞིར་བྱས་ཀྱི་དམ་ཚིག་པ་ལ་སྐུ་གསུང་ཐུགས་བྱིན་རླབས་དང་ཡེ་ཤེས་པ་འཇུག་པར་བཞེད་ལ། དེ་འདྲ་དེ་ནི་བསྙེན་སྒྲུབ་ཡན་ལག་བཞི་འབྲིང་པོ་ཡིན་པ་ལས་འོས་མེད་ལ་དབུ་རྒྱན་མེད་ན་ནི་རྒྱས་པ་དང་འབྲིང་པོར་མི་རུང་བ་གཞིར་བྱས་ནས་བསྡུས་པ་གཉིས་པར་མི་རུང་བའི་ཤེས་བྱེད་བཀོད་པ་ཡིན་ནོ། །འཕགས་པའི་དགོངས་པ་དེ་ལྟར་ཡིན་ཀྱང༌། སྔོན་འགྲོའི་སྐབས་འདིར་བསྙེན་སྒྲུབ་ཡན་ལག་འབྲིང་པོའི་རྣམ་གཞག་དེ་ཉིད་ཉམས་ལེན་གྱི་རིམ་པར་མ་སྦྱར་ཀྱང་ཆད་པའི་སྐྱོན་ཡོད་པ་མ་ཡིན་ཏེ། རྗེ་བཙུན་གྱིས་འདིར་བསྡུས་པའི་ལུགས་དེ་ཉིད་མཛད་པའི་ཕྱིར་ཞེས་པའོ། །དེ་ལྟ་མོད་ཀྱི་སྤྱིར་རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་ལ་དངོས་སུ་ཡན་ལག་བཞི་རྫོགས་ཡོད་པར་མི་བཞེད་པ་ནི་མ་ཡིན་ཏེ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་སྐབས་བཞིན་ནོ། །གཉིས་པ་ནི། རྟོག་གེའི་སྐད་ཀྱིས་གཞན་དག་ཁྱད་དུ་གསོད་པའི་ཁེངས་གཏམ་མང་ཞིག་བྱོན་པར་སྣང་ཡང༌། རྣམ་སྨིན་གྱི་ཁུར་ལྕི་བ་ཙམ་མ་གཏོགས། རྟོག་གེའི་སྐད་དཔྱིས་ཕྱིན་པ་མི་སྣང་སྟེ། ཕྱི་རྒོལ་དུ་ཁས་བླངས་ནས་འདྲི་བར་མི་འོས་པའི་དོན་འདྲི་བ་དང༌། ཐལ་འགྱུར་དང་རང་རྒྱུད་འཕེན་འགོད་ཀྱི་སྐབས་མ་ཕྱེད་པ་དང༌། རང་ཚིག་འགལ་བ་དང༌། གེགས་བྱེད་ཀྱི་གནས་ལ་བློ་ཁ་མ་ཕྱོགས་པ་དང༌། རིགས་གཏེར་གྱི་རྗེས་འབྲངས་སུ་ཞལ་གྱི་བཞེངས་ནས། ཁས་བླངས་སྔ་ཕྱི་མ་མཐུན་པ་ཙམ་གྱི་ཐལ་འགྱུར་གྱི་བསལ་བའི་གོ་ཆོད་པར་འདོད་ཀྱིན་འདུག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ས་ཆེན་གྱི་ལུགས་ཕྱོགས་སྔ་མས་ཁས་ལེན་པར་ཤེས་བཞིན་དུ། ཁས་ལེན་ནམ་མི་ལེན་ཞེས་འདྲི་བ་འདི་ནི། རྟོག་གེ་སྔ་རབས་པ་ལ་གྲགས་པའི་ཕྱིར་རྒོལ་ཚར་བཅད་ཀྱི་གནས་ཡིན་པའི་ཕྱིར་དང༌། དེས་དེ་ཁས་ལེན་པར་མི་ཤེས་ན། ཇི་སྐད་དུ། མི་ལེན་ན་རྗེ་བཙུན་གོང་མ་གསུམ་གྱིས་ཇི་ལྟ་བ་ཁས་ལེན་པ་ཉམས་ཞེས་ཟེར་བ་དེ་ཁས་ལེན་པའི་སུན་འབྱིན་དུ་སོང་བས་ཕྱིར་རྒོལ་ཚར་བཅད་ཀྱི་གནས་སུ་ངེས་པར་སོང་བ་དང༌། ནང་འགལ་བརྗོད་པ་ན་བསྙེན་སྒྲུབ་ཡན་ལག་རྒྱས་པ་དང༌། བསྡུས་པ་དང་པོ་དང༌། བསྡུས་པ་གཉིས་པ་རྣམས་མ་ཡིན་པར་ཐལ་ཞེས་འཕེན་རྒྱུ་ལ། མ་ཡིན་ཏེ་ཞེས་གསུམ་ཀ་རང་རྒྱུད་དུ་བསྒྲུབ་པས་ནོངས་པ་དང༌། དེ་འདྲ་དེ་སུན་འབྱིན་རྣལ་མར་བརྗོད་པ་ཡིན་ན་ནི། གཞན་དག་སྒྲ་རྟག་པར་ཁས་ལེན་པ་ལ། མི་རྟག་སྟེ་ཅེས་པ་ལྟ་བུ་བསྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་ཁས་བླངས་པ་ཞིག་དགོས་པ་ལས་དེ་འདྲ་དེ་ཡང་འདི་ལ་མེད་པས་སུན་འབྱིན་གྱི་ལུགས་གང་དུ་ཡང་མ་སོང་བ་དང༌། དེས་ན་རང་རྒྱུད་དུ་འདོད་པ་ལས་འོས་མེད་པས་རྩོད་གཞི་དེ་ཉིད་ཆོས་ཅན་དུ་བཟུང་ནས་བསྙེན་སྒྲུབ་ཡན་ལག་བཞི་དངོས་སུ་ཚང་བའི་མངོན་པར་རྟོགས་པ་མ་ཡིན་པར་འགྱུར་ཏེ། བསྙེན་སྒྲུབ་ཡན་ལག་བཞིའི་རྒྱས་བསྡུས་གང་རུང་མ་ཡིན་པའི་ཕྱིར་ཞེས་འཕངས་ན་འཁོར་གསུམ་ཚང་བ་མ་ཡིན་ནམ། ཁྱབ་པ་མ་ངེས་ཏེ། དེ་འདྲ་དེ་མངོན་པར་རྟོགས་པ་འབྲིང་པོར་ཁས་ལེན་པ་ཡིན་ནོ་ཞེ་ན། ཁོ་བོ་ཅག་གི་འདོད་པ་གྲུབ་པ་མ་ཡིན་ནམ། གལ་ཏེ་སུན་འབྱིན་གསུམ་པོ་དེ་ཞེ་འདོད་ལ་ཐལ་འགྱུར་དུ་བྱེད་རྒྱུ་ཡིན་ནོ་ཞེ་ན། འོ་ན་སུན་འབྱིན་གསུམ་པོ་དེ་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་ཏེ། རྟགས་གྲུབ་ཅིང༌། ཁྱབ་པ་རྣལ་ལོག་གང་དུ་ཡང་ཚན་མས་མ་ངེས་པས་མ་ངེས་པའི་ཐལ་འགྱུར་ལས་མ་འདས་པའི་ཕྱིར། གལ་ཏེ་ཁྱབ་པ་ཁས་བླངས་པས་སོ་ཞེ་ན། རིགས་པའི་གཏེར་གྱི་རྗེས་སུ་འབྲང་བ་དང་དེའི་ལུགས་ཤེས་པར་འདོད་པས་ཉམས་ཏེ། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པས་ཁྱབ་པ་གྲུབ་པའི་གོ་ཆོད་པར་སོང་བའི་ཕྱིར། ཁྱབ་པ་ཁས་བླངས་པ་ཡིན་ཀྱང་ཁྱབ་པ་གྲུབ་པར་མི་འདོད་ཅེ་ན་དེ་ལྟར་སུན་འབྱིན་ལྟར་སྣང་ལས་མ་འདས་ཏེ། ཁྱབ་པ་ཚད་མས་མ་གྲུབ་པའི་སུན་འབྱིན་ཡིན་པའི་ཕྱིར་རོ། །ཡང་སྤྲང་དབྱུག་གི་དཔེ་དོན་སྦྱར་བའི་ཕྱོགས་སྔ་མའི་རང་ཚིག་དེ་ལ་འཇོམས་བྱེད་དང་གཞོམ་བྱ་གཉིས་འདུག་པའི་འཇོམས་བྱེད་དེའི་ཞེན་དོན་ཚད་མས་གྲུབ་བམ་མ་གྲུབ། གྲུབ་ན་རྒྱས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་གསུམ་པོ་དེའི་ཞེན་དོན་ཚད་མས་གྲུབ་པ་ཉིད་དུ་ཁས་བླངས་པར་སོང་བས། ས་ཆེན་གྱིས་ལུང་གི་མ་ངེས་པ་འཕངས་ན། སྤྲང་དབྱུག་དང་སྤྲང་པོའི་དཔེ་དོན་འབྱོར་བ་མ་ཡིན་ནམ། གཉིས་པ་ལྟར་ན། ཞེན་དོན་ཚད་མས་མ་གྲུབ་པའི་རང་ཚིག་གིས་ཞེན་དོན་ཚད་མས་གྲུབ་པའི་དམ་བཅའ་ལ་གནོད་པར་ཁས་བླངས་ན་རྟོག་གེའི་འཇུག་པ་ཇི་ལྟར་ཤར། གལ་ཏེ་ས་ཆེན་གྱི་གསུང་ཚད་མས་ཁས་བླངས་པའི་རང་ཚིག་དེས་རིགས་བདག་གི་རྒྱས་འདེབས་མེད་པའི་མངོན་རྟོགས་དེ་འདྲ་དེ་མངོན་རྟོགས་རྒྱས་བསྡུས་དེ་གང་རུང་མ་ཡིན་པར་དམ་བཅའ་བའི་དོན་ལ་གནོད་དོ་ཞེ་ན། སྤྱིར་དེ་གཉིས་མི་འགལ་བར་བསྟན་ཟིན་མོད། ཁས་བླངས་ཕྱི་མས་སྔ་མ་ལ་གནོད་པ་ཁས་བླངས་སྔ་ཕྱིའི་དོན་དུ་འདོད་པ་ལ་རྟོག་གེའི་འཇུག་པ་ཇི་ལྟར་ཤར། དིང་སང་གི་རྟོག་གེ་པ་ལ་གྲགས་སོ་ཞེ་ན། དེ་དག་ནི་སྒྲ་རྟག་མི་རྟག་པར་བུད་དོ་ཞེས་ཀྱང་ཟེར། དེ་དེ་ལ་གནོད་བྱེད་ཇི་ལྟར་ཡིན་ཏེ། ཇི་སྐད་དུ། ཆོས་གང་གང་ལ་གནོད་བྱེད་པ། །དེ་ནི་དེ་ཡི་འགལ་ཟླ་ཡིན། །ཞེས་འཆད་དགོས་པའི་ཕྱིར་རོ། །མདོར་ན་ཉིད་ཅག་གི་སྤྲང་པོའི་དབྱུག་པ་དང་དཔེ་དོན་དུ་སྦྱར་བའི་ཕྱོགས་སྔ་མའི་རང་ཚིག་དེ་ཆོས་ཅན་ཞེན་དོན་ཚད་མས་གྲུབ་པའི་རང་ཚིག་དང་དཔྱད་པ་གསུམ་གྱིས་དག་པའི་རང་ཚིག་ཡིན་ཏེ། རང་གི་བསྟན་བྱའི་དོན་གྱི་ལོག་ཕྱོགས་ལ་གནོད་བྱེད་ཀྱི་རང་ཚིག་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་རྟེན་པའི་ཚད་མས་གནད་ཀྱི་ཟླ་ཟེར་དུ་བྱ་བའི་ལུང་ཚད་མས་གྲུབ་པ་ཡིན་ནོ། །དེས་ན་རྩ་བའི་རྩོད་པ་འདིའི་རྒལ་ལན་གྱི་རྣམ་གྲངས་དེ་དག་གི་ངག་དོན་ནི། ཇི་སྐད་དུ། ཟླ་ཟེར་ལས། བསྡུས་པ་གཉིས་པོ་གང་རུང་མ་ཡིན་ཏེ། ཡེ་ཤེས་པ་བཅུག་པར་འདོད་པའི་ཕྱིར། རྒྱས་པ་མ་ཡིན་ཏེ། དབང་བསྐུར་རིགས་བདག་གི་རྒྱས་འདེབས་མི་འདོད་པའི་ཕྱིར། ཞེས་པའི་ཁྱབ་པ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ན། དེ་ལ་རྗེ་ས་ཆེན་གྱི་ལུང་གིས་མ་ངེས་པ་འཕེན་པ་ལ་མཐའ་གཅིག་ཏུ་འདོད་ལན་ཐེབས་པ་ཡིན་ཏེ། དེ་ནི་མངོན་པར་རྟོག་པ་འབྲིང་གི་དབང་དུ་མཛད་པའི་ཕྱིར། ཞེས་བྱ་བ་འདི་གཅིག་པུས་སུན་འབྱིན་པར་མི་ནུས་པའི་རྟགས་ཀྱི་ཚེར་མ་ཅི་ཡང་མ་ཡིན་ལ། དམ་བཅའ་ནི་སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་གི་རྗེ་བཙུན་གྱི་དབུ་རྒྱན་རང་ཆས་སུ་ཡོད་པའི་དམ་ཚིག་སེམས་དཔའ་སྐད་ཅིག་གིས་བསྐྱེད་པ་འདི་ཉིད་ཉམས་སུ་བླངས་བར་བྱ་བ་ཡིན་ཞིང༌། འཕགས་པའི་གསུང་བཞིན་ཉམས་སུ་ལེན་ན། རིགས་བདག་གི་རྒྱས་འདེབས་ཁ་སྐང་དགོས་པ་ཡིན་གྱི། དེ་ལས་གཞན་དུ་ན། མངོན་པར་རྟོག་པ་རྒྱན་འབྲིང་གང་དུ་ཡང་མི་རུང་ངོ༌། །ཞེས་བྱ་བ་འདི་ཙམ་ཞིག་ལས་ལྷག་པོ་གཞན་ཅི་ཡང་ཡོད་པ་མ་ཡིན་པས། དོན་འདི་ལ་རྣམ་པར་རྟོག་པ་གྱ་གྱུའི་སྦྱོར་བ་ལྷུར་བླངས་པའི་ཀླན་ཀ་མང་པོ་པ་དེ་དག་གི་གོ་སྐབས་ག་ལ་ཡོད།།  །།ཀྱེ་ཧོར། གྲགས་པའི་རྒྱལ་མཚན་ཅན་དེར་དུས་གང་དེར། །འགྲོ་ཀུན་དགའ་བའི་རྣམ་དཔྱོད་བཟང་པོ་ཡིས། །རྗེ་བཙུན་རྣམ་ལྔའི་ཕྲིན་ལས་རྒྱས་བྱའི་ཕྱིར། །མཁས་བཙུན་བཟང་པོའི་ཟློས་གར་ཅི་ཡང་བྱས། །གཞན་སྡེ་གནོན་པའི་ཚ་ཟེར་མ་བཟུང་ཞིང༌། །རང་སྡེ་སྐྱོང་བའི་བསིལ་ཟེར་བཏང་གྱུར་ཀྱང༌། །བགོས་བསྐལ་འོད་བརྒྱས་སྙེམས་པའི་པ་ཝ་སངས། །རང་གི་མདུན་སར་དྲེགས་པས་རྒྱལ་མིན་ནམ། །འདིར་འབྱུང་འདི་དག་གཟུ་བོར་སྤྱོད་པའི་བློས། །རྒོལ་དང་ཕྱིར་རྒོལ་ཚར་བཅད་རྗེས་འཛིན་གྱི། །གནས་གང་དྲང་པོར་སྨྲ་བའི་གཏམ་ཡིན་གྱི། །དགེ་འདུན་དབྱེན་གྱི་སྦྱོར་བ་ཡིན་རེ་ཀན། །མདོ་སྔགས་རྒྱ་མཚོའི་ཕ་རོལ་བྱོན་གྱུར་ནས། །ཐུབ་རྣམས་དགྱེས་པའི་བགྱི་བ་ཅན་གང་ལ། །རྣམ་དཔྱོད་གསལ་ཞིང་སྒྲ་ཚད་སྦྱངས་པའི་བློས། །རྨེ་རྩོག་ཚིག་མདའི་སྦྱོར་བ་དེ་མི་བཙུན། །དེ་ནས་རང་ཕྱོགས་སྒྲུབ་པ་དང༌། །གཞན་སུན་འབྱིན་པའི་མཐུ་གྲུབ་པ། །ཀུན་ཀྱང་བསྟན་འཛིན་མི་སྨོད་པར། །བསྟན་པ་མཆོག་ཏུ་གཅེས་འཛིན་ཤོག །ཅེས་སྔོན་འགྲོ་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་གི་འདོར་ལེན་ལ་རྩོད་པ་སྤང་པ་འབེལ་གཏམ་དབྱངས་ཀྱི་རོལ་མོ་ཞེས་བྱ་བ་འདི་ནི། རྗེ་བཙུན་ཨ་ནནྟ་བྷ་ཏྲའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པའི་སྤྱི་བོས་ཉེ་བར་བླངས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་སའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་བར་ཉེ་བར་སྦྱར་བའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄༅། །མངོན་རྟོགས་ཡན་ལག་དྲུག་པའི་དཔུང་གཉེན་ལུང་རིགས་བདུན་པ་བཞུགས།།  ༄། །ན་མོ་བཛྲ་དྷ་ར་ཡ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །རྒྱུ་ཡི་དུས་ཀྱི་རྡུལ་དང་བྱང་ཆུབ་སེམས། །སྦྱོང་བྱེད་ལམ་གྱི་ཉི་ཟླའི་སྦྱོར་བ་ཡིས། །བདེ་སྟོང་ཟུང་འཇུག་འབྲས་བུའི་སྐུར་བཞེངས་པ། །དགྱེས་མཛད་སྙིང་པོའི་རྡོ་རྗེ་ལ་ཕྱག་འཚལ། །མངོན་རྟོགས་གཙོ་བོ་མི་མཉམ་སྦྱོར་བ་ལ། །མངོན་པར་དཔྱོད་པའི་རྟོག་པ་ཐལ་ཆེས་ནས། །མངོན་མཚན་ཅན་གྱི་རྣམ་བཤད་བྱེད་པོ་འགའ། །མངོན་སུམ་བསྙོན་པ་དེ་དག་འདིར་སྤང་བྱ། །དེ་ལ་འདིར་རྗེ་བཙུན་ཡབ་ཀྱི་མངོན་པར་རྟོག་པ་རྩ་བའི་རྒྱུད་ཀྱིས་གསལ་བར་བསྟན་པ་དག་ལས་གཙོ་བོར་གྱུར་པ་མི་མཉམ་པའི་སྦྱོར་བས་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་འདི་ལ། བོད་ཕྱི་མ་ལ་ལ་དག་གིས་མཐའ་གཞན་དུ་རྣམ་པར་བརྟགས་པ་དག་འདིར་སྤང་བར་བྱ་བ་ལ་གསུམ་སྟེ། རྩ་བའི་མདོ་དགོད་པ། རྗེ་བཙུན་ཉིད་ཀྱིས་ཇི་ལྟར་བཀྲལ་བ། ལོག་པར་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། བརྟག་པ་དང་པོའི་བརྒྱད་པ་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་པས་ནི། ཨ་ལི་ཀ་ལི་ལ་མ་ལྟོས་པའི་མི་མཉམ་སྦྱོར་ཞེས་བྱ་བ་དེ་བསྟན་ནོ། །ཨ་ལི་ཟླ་བའི་གཟུགས་ཀྱིས་གནས། །ཀ་ལིའི་གཟུགས་ཀྱིས་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་མོ་ལ་སོགས་རབ་ཏུ་གྲགས། །ཞེས་གསུངས་པས་ནི་ཨ་ལི་ཀ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་ཞེས་བྱ་བ་དེ་བསྟན་པ་ཡིན་ལ། དེ་ལྟར་བསྟན་པ་གཉིས་པོ་དེ་ནི་དངོས་བསྟན་ལ་རྗེ་བཙུན་ཡུམ་གྱི་མངོན་པར་བྱང་ཆུབ་པའོ། །དེ་ནས་དེའི་དེ་མ་ཐག་ཏུ་ཡབ་ཀྱི་ཐུན་མོང་མ་ཡིན་པའི་མངོན་བྱང་སྟོན་པ་ནི། ཨ་ལི་ཀ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་རྣམ་པའང་འདོད་མི་བྱ། །སེམས་པའི་གཟུགས་བརྙན་ལས་བྱུང་བའི། །དཀྱིལ་འཁོར་བདག་པོ་རྣམ་པར་སྒོམ། །ཕྱག་མཚན་ཞལ་སོགས་གོང་མ་བཞིན། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟར་སྒྲས་ཟིན་གྱི་དངོས་བསྟན་ལ་མི་མཉམ་སྦྱོར་ནི་ཡུམ་ཁོ་ནའི་དང༌། མཉམ་སྦྱོར་ནི་རྗེ་བཙུན་ཡབ་ཁོ་ནའི་མངོན་བྱང་བསྟན་པ་ལྟ་བུར་གསལ་ཞིང༌། སློབ་དཔོན་ཤནྟི་པ་ལ་སོགས་པ་ནི། ཨ་ལི་ཀ་ལི་མཉམ་སྦྱོར་བ་ཞེས་སོགས་ཀྱང་ཡུམ་གྱི་མངོན་བྱང་གོང་དུ་བཤད་མ་ཐག་པ་དེ་ཉིད་ཀྱི་མཇུག་བསྡུར་བཤད་ནས་ཡབ་ཀྱི་མངོན་བྱང་དུ་མི་བཞེད་པ་ཡིན་པར་གསལ་མོད། རྗེ་བཙུན་གྱི་བཞེད་པ་ནི། མི་མཉམ་སྦྱོར་གྱི་མངོན་བྱང་ཚན་པ་གཉིས་པོ་དེ་ནི་ལྷ་མོ་རྣམས་དང་ཡབ་ཀྱི་མངོན་བྱང་ཐུན་མོང་བ་ཡིན་ལ། མཉམ་སྦྱོར་ནི་རྗེ་བཙུན་ཡབ་ཀྱི་ཐུན་མོང་མ་ཡིན་པའི་མངོན་བྱང་ངོ༌། །འོ་ན་དེ་སློབ་དཔོན་མི་ཐུབ་ཟླ་བས་ཡབ་ཀྱི་མངོན་པར་རྟོགས་པ་ཡན་ལག་དྲུག་པ་འདིར་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། འདིར་མ་བཤད་ཀྱང་མཉམ་སྦྱོར་འདི་ཡབ་ཀྱི་མངོན་བྱང་དུ་སློབ་དཔོན་དེས་མི་བཞེད་པ་མ་ཡིན་ཏེ། སློབ་དཔོན་འདིས་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་མཉམ་སྦྱོར་འདི་ཉིད་གསུངས་པའི་ཕྱིར། དེ་ལྟ་ནའང་ཡན་ལག་དྲུག་པར་མ་གསུངས་པ་ནི་ལྷ་མོ་རྣམས་དང་ཐུན་མོང་གི་མངོན་བྱང་བསྟན་པ་ལ་དགོངས་པའོ། །ཞེས་བྱ་བ་འདི་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། རྣམ་བཤད་དག་ལྡན་ལས། ཇི་སྐད་དུ། སྐབས་འདིར་ཨ་ལི་ཀ་ལི་མཉམ་སྦྱོར་བ། །ཞེས་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྐབས་འདིར་ལྷའི་བསྐྱེད་ཆོག་སྟོན་པའི་སྐབས་ཡིན་ལ། དེ་ལ་ལྷ་མོ་རྣམས་དང་ཐུན་མོང་གིས་བསྟན་ནས་རྒྱུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ཡང་དེ་དང་མཚུངས་སམ་ཞེས་རྟོག་ན་དེ་དང་མི་མཚུངས་པའང་ཡོད་དོ་ཞེས་བསྟན་པའི་ཕྱིར་འདི་བསྟན་ཏོ། །འོ་ན་སློབ་དཔོན་སྦྱང་དཀའ་ཟླ་བས་ཡན་ལག་དྲུག་པར། བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ཞེས་མི་མཉམ་པར་སྦྱོར་བའི་མངོན་པར་བྱང་ཆུབ་པ་གསུངས་པ་ཇི་ལྟར་དྲང་ཞེ་ན། བདེན་མོད་ཀྱི་སློབ་དཔོན་གྱིས་རིགས་བསྡུས་པའི་སྒྲུབ་ཐབས་སུ་འདི་ཉིད་གསུངས་ལ། ཡན་ལག་དྲུག་པར་ནི་ཐུན་མོང་གི་ཆོ་ག་ལ་དགོངས་ཏེ་བསྟན་པའོ། །དེས་ན་ཉམས་སུ་ལེན་པར་འདོད་པས་ཆོ་ག་ཐ་དད་བླ་མའི་གསུང་བཞིན་དུ་བྱའོ། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། གཡོ་རུ་རྡོ་རྗེ་གདན་པའི་གསུང་ན་རེ། རྗེ་བཙུན་རིན་པོ་ཆེའི་ཞལ་སྔ་ནས། སྐབས་འདིར་ཡབ་ཀྱི་མངོན་བྱང་མཉམ་སྦྱོར་དུ་བཞེད་ནས་གོང་གི་གསུང་དེ་དག་རྣམས་བྱུང་བ་ཡིན་ནོ། །འོ་ན་རྗེ་བཙུན་ཉིད་ཀྱི་ཡན་ལག་དྲུག་པར་མི་མཉམ་སྦྱོར་གསུངས་པ་ཇི་ལྟར་ཞེ་ན། དེ་ནི་སློབ་དཔོན་མི་ཐུབ་པའི་གཞུང་གི་རྗེས་སུ་འབྲངས་པ་ཡིན་ནོ། །དེ་དེས་སྒྲུབ་པར་མི་ནུས་སམ་ཞེ་ན། མི་ནུས་ཏེ། འོ་ན་སློབ་དཔོན་སྦྱང་དཀའ་ཟླ་བས་ཞེས་པ་ནས། ཐུན་མོང་གི་ཆོ་ག་ལ་དགོངས་ཏེ་བསྟན་པའོ། །ཞེས་འགལ་སྤོང་གསུངས་པས་སློབ་དཔོན་གྱི་དགོངས་པ་དངོས་མ་ཡིན་པར་བསྒྲུབ་པ་ཉིད་ཀྱིས་རྗེ་ཉིད་དང་གཉིས་ཀ་མི་བཞེད་པར་གྲུབ་བོ། །དེ་ཡང་རྗེ་བཙུན་གྱིས་སྐྱོགས་བཤད་མཛད་པ་མ་ཡིན་པར་སློབ་དཔོན་ཉིད་ཀྱང་དེ་བཞིན་དུ་བཞེད་པར་དེ་ཉིད་ཀྱི་གཞུང་ལས་འབྱུང་བ་ནི། ཀུ་མུ་ཏིར། ཇི་ལྟར་ལྷ་མོ་རྣམ་པ་ལྔ་པོ་ངེས་པར་སྦྱོར་བ་འདི་ཉིད། ལྷན་ཅིག་སྐྱེས་པ་བཅོམ་ལྡན་འདས་ཀྱིའང་ཇི་ལྟ་བ་དེ་ལྟ་བུ་ཡིན་ནམ་ཞེ་ན། མི་འདྲ་བར་བསྟན་པའི་ཕྱིར་ཨ་ལི་ཀ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་སོགས་གསུངས་སོ། །དེས་ན་ཉམས་སུ་ལེན་པར་འདོད་པས་ཆོ་ག་ཐ་དད་བླ་མའི་གསུང་བཞིན་བྱའོ། །ཞེས་གསུངས་པ་ལ་སྙིང་པོ་ལེན་པར་རྗེ་བཙུན་རིན་པོ་ཆེ་ལ་སྙིང་ནས་ཚད་མར་བྱེད་པ་རྣམས་ལ་གདམས་སོ་ཞེས་འཆད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་ལ་བསལ་བ་ཞུགས་པར་བསྟན་པ་དང༌། སྒྲུབ་བྱེད་ཀྱི་ལུང་རིགས་སྐྱོན་དང་བཅས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། རིགས་པས་བསལ་བ་དང༌། ལུང་གིས་བསལ་བའོ། །དང་པོ། རྗེ་བཙུན་ཡབ་ལ་མི་མཉམ་སྦྱོར་གྱི་མངོན་པར་བྱང་ཆུབ་པ་རྒྱུད་ཀྱི་དགོངས་པ་ལ་མི་གནས་ཤིང༌། མི་ཐུབ་ཟླ་བ་དང་རྗེ་བཙུན་གྱིས་མི་བཞེད་པ་དེའི་ཚེ་ན་མངོན་པར་རྟོགས་པ་ཡན་ལག་དྲུག་པ་འདི་རྣམ་པ་ཀུན་དུ་དོར་བྱ་ཡིན་པར་འགྱུར་ཏེ། དེར་ཡན་ལག་གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་གི་གཙོ་བོ་ནི། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དེ་ཡིན་ལ། དེ་ནི་མི་མཉམ་སྦྱོར་གྱི་མངོན་པར་བྱང་ཆུབ་པ་ལས་གཞན་མེད་པའི་ཕྱིར། གལ་ཏེ་དེར་བཤད་པའི་མངོན་བྱང་དེ་ཡུམ་བརྐྱང་པའི་མངོན་བྱང་དུ་འདོད་ན་ནི། ཉི་ཟླ་གཉིས་ཀྱི་བར་དུ་ཡབ་ཀྱི་ས་བོན་དང་ཕྱག་མཚན་འཇོག་པར་བཤད་པ་དེས་བསལ་བ་ཡིན་ཏེ། ཡབ་ཀྱི་ཕྱག་མཚན་དང་ས་བོན་ཉི་ཟླ་གཉིས་དང་རོ་གཅིག་ཏུ་འདྲེས་པ་ལས་ཡབ་ཀྱི་སྐུར་བསྐྱེད་པ་ཡིན་ན་ཡབ་མི་མཉམ་སྦྱོར་ལས་མི་སྐྱེད་པར་འགལ་བའི་ཕྱིར། གཞན་ཡང་སྙིང་པོ་ཀྱཻ་རྡོ་རྗེ་སྒྲུབ་པའི་ཐབས་ལ་མངོན་པར་རྟོགས་པ་ཚུལ་བཅུ་བཞིར་རྗེ་བཙུན་གྱིས་བཤད་པ་དེ་ཡང་འདོར་དགོས་པར་འགྱུར་ཏེ། བཅུ་བཞི་པོ་དེའི་ནང་གི་མངོན་པར་རྟོགས་པ་དག་ཕལ་ཆེ་བ་ནི་མི་མཉམ་སྦྱོར་གྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་དག་གིས་ནི་སྙིང་པོ་ཀྱཻ་རྡོ་རྗེ་སྒྲུབ་པར་མི་ནུས་ཤིང༌། ནུས་ཀྱང་རྗེ་བཙུན་ས་སྐྱ་པའི་བཞེད་པ་མ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་འཕངས་པའི་བཟློག་དོན་གྱིས་ཁྱེད་ལ་ཚད་མ་སྐྱེད་པར་ནུས་པའི་ཕྱིར། ཁྱེད་དམ་བཅའི་ཞེན་དོན་ལུང་གི་རྗེས་སུ་འབྲངས་པའི་རིགས་པ་ལ་རྟེན་པའི་ཚད་མས་བསལ་ལོ། །གཉིས་པ་ནི། མི་མཉམ་སྦྱོར་གྱི་མངོན་བྱང་གིས་སྦྱང་གཞི་སྦྱོང་ནུས་པ་དང༌། དེ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་རྗེ་བཙུན་གྱི་དགོངས་པ་མ་ཡིན་པ་དེ་ལྟ་ན། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ལས། མངོན་བྱང་ལས་བསྐྱེད་པ་ལ་གཉིས་ཏེ། མཉམ་པར་སྦྱོར་དང༌། མི་མཉམ་པར་སྦྱོར་བའོ། །དེ་ལ་མཉམ་པར་སྦྱོར་བ་ནི་གུར་དང་སམྦུ་ཊི་གཉིས་ཀའི་རིགས་བསྡུས་པའི་རྒྱུ་རྡོ་རྗེ་འཆང་བསྐྱེད་པའོ། །མི་མཉམ་པར་སྦྱོར་བས་ནི་རིགས་སོ་སོ་བ་རྣམས་དང་བདག་མེད་མ་བསྐྱེད་དོ། །ཧེ་རུ་ཀ་གསུམ་ལ་ནི་མི་མཉམ་པར་སྦྱོར་བ་དང༌། རྡོ་རྗེ་ཆོ་ག་གསུམ་དང༌། བཞི་དང༌། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང་བཞི་ཀ་འཇུག་གོ །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས་བཅུད་སྦྱོང་བ་ལ་གཉིས་ཏེ། བསྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོང་ཚུལ་དང༌། ལྷའི་རྣམ་པས་ཉོན་མོངས་པ་གསུམ་སྦྱོང་ཚུལ་ལོ། །དང་པོ་ནི། འཁོར་བར་སྐྱེ་བའི་སྐྱེ་གནས་བཞི་ཡིན་ལ། དེ་སྦྱོང་བའི་བསྐྱེད་ཆོག་བཞི་སྟེ། དེ་ཡང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ལ་སྦྱར་ན། མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནི། ཉི་མ་ནི་དྲོད། ཟླ་བ་ནི་གཤེར་མཚོན་པས་དྲོད་གཤེར་ལས་སྐྱེས་པའམ། ཉི་ཟླ་གཉིས་ཀྱིས་ཁུ་ཁྲག་མཚོན་པས་མངལ་སྐྱེས་སྦྱོང་ངོ༌། །ཞེས་གསུངས་པ་རྣམས་དང་འགལ་བར་འགྱུར་རོ། །ཞེས་པའི་བཟློག་དོན་དུ་འཕངས་པའི་གཏན་ཚིགས་ཀྱི་ཁྱེད་ཀྱི་དམ་བཅའི་ཞེན་དོན་གྱི་ལོག་ཕྱོགས་ལ་ཡིད་ཆེས་པའི་རྗེས་དཔག་སྐྱེད་པར་མི་བྱེད་ན། ཁྱེད་ཀྱི་ངོར་རྗེ་བཙུན་གྱི་ལུང་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པ་ཉིད་དུ་གྲུབ་བོ། །གཉིས་པ་ལ་བཞི་སྟེ། ཡབ་ཀྱི་མངོན་བྱང་མཉམ་སྦྱོར་ཁོ་ནར་སྒྲུབ་བྱེད་ཀྱི་གཏན་ཚིགས་དེ་དག་ལས་དང་པོ་མ་གྲུབ་པར་བསྟན། གཉིས་པ་འགལ་བར་བསྟན། གསུམ་པ་མ་ངེས་པར་བསྟན། དག་ལྡན་གྱི་ལུང་དོན་འཁྱོག་པོར་དྲངས་པའོ། །དང་པོ་ལ་གཉིས་ཏེ། ཡབ་ཀྱི་མི་མཉམ་སྦྱོར་མི་ཐུབ་ཟླ་བའི་དགོངས་པ་ཡིན་པར་བསྟན། རྗེ་བཙུན་གྱི་གསུངས་ཀྱང་མི་འཐད་ན་རྗེ་བཙུན་བཀག་པར་སོང་བའོ། །དང་པོ་ནི། དེ་ཉིད་དེའི་བཞེད་པ་ཡིན་ཏེ། བརྟག་པ་དང་པོའི་གསུམ་པ་ལས། ཨ་ལི་ཟླ་བ་ཀ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་པ་རྗེས་སུ་བརྗོད། །ཅེས་པའི་རྣམ་བཤད་དག་ལྡན་ལས། བསྲུངས་པའི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱི་དབུས་སུ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་གདན་རོའི་སྙིང་གར་མངོན་པར་བྱང་ཆུབ་པ་ལྔ་ལས་བསྐྱེད་པ་ནི། ཨ་ལི་ཟླ་བ་ཀུ་ལི་ཉི། །ཞེས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་ལ། དེ་ཡང་མངོན་བྱང་གསུམ་པ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང༌། དེ་ལས་ལྷའི་སྐུ་བསྐྱེད་པ་ནི། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཞེས་པ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་བསྟན་ནོ། །ནམ་མཁའི་དཀྱིལ་འཁོར་མཁའ་ཁྱབ་པ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་འཁོར་གྱི་ལྷ་མོ་དབྱུང་བ་བསྟན་ཏེ། སྦྱང་དཀའ་ཟླ་བའི་དགོངས་པ་ཡིན་ནོ། །ཞེས་པ་དང༌། འདི་ཉིད་ཀྱི་ཐད་དུ་རྗེ་བླ་མ་དམ་པས། རྣམ་བཤད་ཉི་མའི་འོད་ཟེར་དུ། འདིར་སློབ་དཔོན་སྦྱང་དཀའ་ཟླ་བས་གཞུང་འཁྲུགས་སུ་སྡེབས་ནས་མངོན་པར་རྟོགས་པ་རྒྱས་པ་ཚར་གཅིག་ལ་སྦྱར་ནས་འཆད་པ་ནི། ཞེས་གསུངས་པ་རྣམས་ཀྱིས་མི་ཐུབ་ཟླ་བ་ཡབ་ཀྱི་མངོན་བྱང་ལ་མི་མཉམ་སྦྱོར་མི་བཞེད་པ་ལ་ཇི་ལྟར་མི་གནོད། གཉིས་པ་ནི། རྗེ་བཙུན་གྱིས་ཡན་ལག་དྲུག་པར་མི་མཉམ་སྦྱོར་གསུངས་པའི་རྟགས་ཀྱིས་དེ་ཉིད་འཐད་པར་བསྒྲུབ་ནུས་སམ་མི་ནུས། ནུས་ན་ནི་བཟློག་པར་མི་ནུས་པའི་ཐལ་བས་རྫི་བར་བྱེད་པ་མ་ཡིན་ནམ། མི་ནུས་ན་རྗེ་བཙུན་གྱིས་དེ་ལྟར་གསུང་ཀྱང་མི་འཐད་ཅེས་པར་སོང་བའི་ཕྱིར་རྗེ་བཙུན་བཀག་པ་ལས་གཞན་མེད་དོ། །གཞན་ཡང་རྗེ་བཙུན་རང་དང་སློབ་དཔོན་གཉིས་ཀ་མི་བཞེད་པ་དེ་ཉིད་སྒྲུབ་ཐབས་སུ་སྟོན་པར་མི་རིགས་ཏེ། གཞན་དུ་ན་རང་གི་བཞེད་དོན་དེ་ཕྱིན་ཅི་ལོག་ཏུ་སོང་བའམ། དེ་ཕྱིན་ཅི་མ་ལོག་ན་དེའི་དངོས་ཀྱི་འགལ་བ་མི་མཐུན་ཕྱོགས་དེ་ཉམས་ལེན་གྱི་གཞུང་དུ་བསྟན་པས་བསྟན་པ་འཇིག་པའི་བགྱི་བ་གང་རུང་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ལ་ཁྱབ་པ་འགལ་བའི་ཚུལ་གཉིས་ཏེ། མི་ཐུབ་ཟླ་བའི་གཞུང་གི་རྗེས་སུ་འབྲངས་པའི་རྟགས་ཀྱིས་རྗེ་བཙུན་མི་བཞེད་པ་དང་སྤྱིར་མི་འཐད་པར་སྒྲུབ་པ་གཉིས་ཀའི་ཁྱབ་པ་འགལ་ཏེ། རྗེ་བཙུན་རྗེས་འབྲང་དང་བཅས་པ་མཐའ་དག་སློབ་དཔོན་དེའི་རྗེས་སུ་འབྲངས་ནས་འཐད་པ་སྒྲུབ་བཞིན་པ་འདི་ཉིད་ཡིན་པའི་ཕྱིར་དང༌། ཡབ་ལ་མི་མཉམ་སྦྱོར་སློབ་དཔོན་དེའི་ཕུགས་ཀྱི་བཞེད་པ་མ་ཡིན་ན་རྗེ་བཙུན་གྱིས་དེ་འདྲ་དེ་སློབ་དཔོན་གྱི་བཞེད་པ་མ་ཡིན་ནོ་ཞེས་གསུངས་པར་རིགས་ཀྱི་གང་མི་བཞེད་པ་དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་ཉམས་ལེན་གྱི་གཞུང་རྩོམ་པར་མི་རིགས་པའི་ཕྱིར། དེ་དེའི་བཞེད་པ་མ་ཡིན་ནོ། །ཞེས་རྗེ་བཙུན་གྱིས་གསུངས་པར་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། འགལ་ཁྱབ་གཉིས་པ་ནི། ཐུན་མོང་གི་ཆོ་ག་ལ་དགོངས་ཏེ་བསྟན་པའོ། །ཞེས་གསུངས་པས་དེ་འདྲ་དེ་སློབ་དཔོན་གྱི་དགོངས་པ་མ་ཡིན་པར་སྒྲུབ་པ་མ་ཡིན་ཏེ། དེ་ལྟར་བསྟན་པས་དེ་དེའི་དགོངས་པ་ཡིན་པར་འགྲུབ་པའི་ཕྱིར། དེའི་ཤེས་བྱེད་ཀྱང་མི་མཉམ་སྦྱོར་གྱི་མངོན་བྱང་དེ་རྗེ་བཙུན་ཡབ་དང་ཡུམ་ཐུན་མོང་བའི་མངོན་བྱང་ཡིན་པའི་རྒྱུ་མཚན་གྱིས་ཡན་ལག་དྲུག་པར་སློབ་དཔོན་གྱིས་མི་མཉམ་སྦྱོར་བཤད་དོ་ཞེས་བྱ་བའི་དོན་ཡིན་པ་དང༌། ཡབ་ཡུམ་ཐུན་མོང་བའི་མངོན་བྱང་ཡིན་ན་ཡབ་ཀྱི་མ་ཡིན་པར་འགལ་བའི་ཕྱིར། གསུམ་པ་མ་ངེས་པར་བསྟན་པ་ལ་གཉིས་ཏེ། ཀུ་མུ་ཏིའི་ལུང་དེས་བསྒྲུབ་བྱ་དེ་ལ་མ་ངེས་པ་དང༌། རྗེ་བཙུན་གྱིས་ཆོ་ག་ཐ་དད་ཅེས་སོགས་ཀྱི་ལུང་དེས་བསྒྲུབ་བྱ་དེ་མི་འགྲུབ་པའོ། །དང་པོ་ནི། ཀུ་མུ་ཏིའི་ལུང་དེས་ཡབ་ཀྱི་མངོན་བྱང་ལ་མི་མཉམ་སྦྱོར་མེད་པར་མི་འགྲུབ་སྟེ། ལུང་དེས་ནི་ཡུམ་གྱི་མངོན་བྱང་ལ་མི་མཉམ་སྦྱོར་གྱིས་ཁྱབ་པ་དང༌། ཡབ་ཀྱི་མངོན་བྱང་ལ་གཉིས་ཀ་ཡོད་པ་གསལ་བར་བསྟན་པའི་ཕྱིར་ཏེ། ཇི་སྐད་དུ། ལྔ་པོ་ངེས་པར་སྦྱོར་བ་འདི་ཉིད་ཅེས་པའི་ཚིག་གི་ནུས་པ་ལས་གསལ་བའི་ཕྱིར། གཉིས་པ་ནི། ཆོ་ག་ཐ་དད་ཅེས་སོགས་ཀྱི་ལུང་དེ་རྗེ་བཙུན་ལ་ཚད་མར་བྱེད་པ་རྣམས་ལ་གདམས་པ་ཡིན་ཞེས་པའི་གོ་དོན་བཙལ་ན། གཞུང་ན་མི་མཉམ་སྦྱོར་གྱིས་བཤད་པ་ཡོད་ཀྱང༌། ཉམས་ལེན་གྱི་ཚེ་ན་ཡབ་ཀྱི་མངོན་བྱང་མཉམ་སྦྱོར་ཁོ་ནར་བྱས་ནས་ཉམས་སུ་ལེན་དགོས་པ་གཅིག་བླ་མའི་གསུང་བགྲོས་སྙན་རྒྱུད་ལ་ཡོད་དོ་ཞེས་འཆད་པ་འདྲ་ན། དེ་ནི་མ་ཡིན་ཏེ། གསུང་དེའི་དོན་ནི་དེ་ལས་གཞན་ཡིན་པ་དང༌། དེ་ལྟར་ཡིན་པ་རིགས་པས་མི་འཐད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གསུང་དེའི་དོན་ནི་རིགས་བསྡུས་ཀྱི་མངོན་རྟོགས་སུ་མཉམ་སྦྱོར་དང༌། འདིའི་ཡན་ལག་དྲུག་པར་མི་མཉམ་སྦྱོར་བ་གསུངས་པ་དེ་མཛད་པ་པོའི་སློབ་དཔོན་གཅིག་ཡིན་ཡང་ཕན་ཚུན་དུ་བསྲེས་ནས་ཉམས་སུ་བླང་བྱ་མ་ཡིན་ཏེ། མཛད་པ་པོ་གཅིག་ཀྱང་ཆོ་ག་ཐ་དད་པས་བླ་མ་ཞེས་པ་ཡན་ལག་དྲུག་པ་མཛད་པ་པོ་དེ་ཉིད་ཀྱི་གསུང་བཞིན་དུ་མ་འདྲེས་པར་ཐ་དད་དུ་བྱ་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། འདོད་པ་དེ་ལྟར་རིགས་པས་ཀྱང་མི་འཐད་དེ་ཉམས་ལེན་གྱི་གཞུང་དུ་གང་བསྟན་པ་དེ་ཉིད་ཉམས་སུ་ལེན་རྒྱུ་མ་ཡིན་པར་དེའི་འགལ་བ་མི་མཐུན་ཕྱོགས་ཤིག་ཉམས་སུ་ལེན་དགོས་པ་བླ་མའི་གསུང་ལས་རྟོགས་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། བསྟན་བཅོས་རྩོམ་པ་པོའི་སློབ་དཔོན་རྣམས་ཀྱི་གསུང་ནི་སངས་རྒྱས་ཀྱི་གསུང་བཞིན་དུ་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་འཆད་དགོས་པ་ཡང་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྒྱུད་ལས་འབྱུང་བའི་མངོན་བྱང་མི་མཉམ་སྦྱོར་དེ་ཡུམ་ཁོ་ནའི་ཐུན་མོང་མ་ཡིན་པར་བཤད་ནས་ཡབ་ཀྱི་ཕྱོགས་ལ་མི་སྦྱོར་བ་དེ་ལྟ་ན། དག་ལྡན་ལས། ཇི་སྐད་དུ། དེ་ལ་ལྷ་མོ་རྣམས་དང་ཐུན་མོང་དུ་བསྟན་ནས་ཞེས་གསུང་པ་དེར་དང་ཞེས་བྱ་བའི་སྒྲས་ཡབ་དང་ཐུན་མོང་བར་མི་འཆད་ན། གཞན་སུ་ཞིག་དང་ཐུན་མོང་བ་ཡིན་ཁྱེད་ཅག་གི་རྣམ་བཤད་དུ་དྲངས་པའི་དག་ལྡན་གྱི་ལུང་འདི་ལ་ནི་དང་ཞེས་བྱ་བའི་ཚིག་དེ་རྐུན་མ་ལ་ཤོར་འདུག་སྟེ། དེ་ཡང་ལུང་མཐའ་དག་ལ་དང་ཞེས་པ་མགྲིན་གཅིག་ཏུ་ཡོད་པས་ན་རྐུན་མ་དེས་ཀྱང་ཤེས་བཞིན་དུ་ཁྱད་དུ་བསད་པ་ཡིན་གྱི། ནོར་བ་དང་དཔེ་མ་དག་པ་དང་ཐུག་པ་སོགས་མ་ཡིན་ནོ། །དང་ཞེས་པ་བོར་དུ་ཆུག་ཀྱང༌། ཇི་སྐད་དུ། རྒྱུ་རྡོ་རྗེ་སེམས་དཔའ་བསྐྱེད་པའང་དེ་དང་མཚུངས་སམ་ཞེས་རྟོག་ན། དེ་དང་མི་མཚུངས་པའང་ཡོད་དོ་ཞེས་བསྟན་ཏོ། །ཞེས་གསུངས་པ་འདི་ལའང་ཞེས་པའི་སྒྲ་མ་བརླག་པར་ཡོད་ལ། དེའི་འང་སྒྲས་ནི་ལྷ་མོ་རྣམས་དང་མངོན་བྱང་མཚུངས་པར་ཡོད་པ་དེ་བསྡུད་དགོས་པ་ལས་གཞན་མེད་པའི་ཕྱིར། གཞན་གྱི་ཕྱོགས་ལྟར་ན་དེ་དང་མཚུངས་སོ་ཞེས་བསྟན་པའི་ཕྱིར། ཞེས་གསུང་བས་ཆོག་པ་ཡིན་ནོ། །དེར་མ་ཟད་ཆོ་ག་ཐ་དད་བླ་མའི་གསུང་བཞིན་ཞེས་པ་ལའང་ཆོ་ག་ཐམས་ཅད་ཅེས་པའི་འགྱུར་བཅོས་ཤིག་འདུག་སྟེ། འདིའི་བསམ་དོན་ལ་བརྟག་ན་བླ་མའི་གསུང་སྙན་བརྒྱུད་བཞིན་བྱ་དགོས་ཀྱི། ཡི་གེར་བཀོད་པ་ལ་ཡིད་རྟོན་མེད་དོ་ཞེས་པའི་གྲུབ་པའི་མཐའ་ཞིག་དམ་འཆའ་བར་བཞེད་འདུག་པ། དེ་འགྲུབ་ན་ཁྱེད་ཀྱི་རྩ་བའི་དམ་བཅའ་ལ་ཕན་པ་ཡིན་མོད། དེ་ནི་ཚད་མས་བསལ་བའི་དོན་དམ་བཅས་པ་ཡིན་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་བའི་བསྒྲུབ་བྱ་འགྲུབ་པ་ནི་རྩོམ་པ་པོ་ཚད་ལྡན་གྱི་ལུང་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །འདིར་སྨྲས་པ། མང་ཐོས་ཆོ་རིས་བཙུན་པོ་དག །མཐོན་པོའི་དགུང་ལས་མ་ལྷུང་ཞིང༌། །ཐོས་པའི་ཆ་ཤས་མ་ཉམས་པར། །རྩོམ་པའི་གཞུ་ལས་གཞན་གྱི་ཡིད། །འབིགས་བྱེད་ཚིག་གི་མདའ་མང་པོ། །སྔ་མ་གནས་སུ་མ་སོན་པར། །ཕྱི་མ་བརྒྱུད་མར་ལོང་བཏགས་པས། །ཆེན་པོར་འཆོས་པ་འཇིག་མིན་ནམ། །ཉིན་མོར་བྱེད་པའི་སྣང་བ་ཡིས། །གནད་ཀྱི་ཟླ་འོད་ཁེགས་གྱུར་ན། །གཞན་གྱིས་མི་ཐུབ་ཟླ་བ་ཡང༌། །ནུབ་རིའི་ཁྲི་ལ་གཟིམས་མིན་ནམ། །དོ་གལ་ཆུང་ངུས་ཉེས་ཆེན་པོ། །རི་རབ་ལྟ་བུར་ལྷུན་སྟུག་པ། །འདེགས་ལ་ངལ་མེད་གང་གི་བློ། །གསེར་གྱི་ནོར་འཛིན་དཔལ་མོ་བཞིན། །མང་ཐོས་རྣམ་དཔྱོད་དྲང་པོ་ཡིས། །ལམ་དང་ལམ་མིན་རྣམ་ཕྱེ་ནས། །གཞུང་མང་ཤིང་རྟའི་སྲོལ་ཆེན་དུ། །འཇུག་ལ་ངལ་བ་མེད་གྱུར་ཅིག །དཔལ་ཀྱེ་རྡོ་རྗེའི་མངོན་པར་རྟོགས་པ་ཡན་ལག་དྲུག་པའི་དཔུང་གཉེན་ལུང་རིགས་བདུན་པ་ཞེས་བྱ་བ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནི།།  །།  ༄༅། །སྦྱོང་བྱེད་བར་དོའི་འབེལ་གཏམ་རྨ་བྱ་དུག་འཇོམས་ཞེས་པ་བཞུགས།།  ༄། །ན་མོ་བཛྲ་དྷ་རཱ་ཡ། རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །སྦྱོང་བྱེད་ལམ་གྱི་དགྱེས་མཛད་རྡོ་རྗེ་ནི། །གོམས་བྱེད་བློ་ཡིས་གོམས་པས་གཞི་དུས་ཀྱི། །དགྱེས་མཛད་རྡོ་རྗེ་གློ་བུར་དྲི་མ་ལས། །རྣམ་གྲོལ་སྐུ་བཞིའི་དབང་ཕྱུག་ལ་ཕྱག་འཚལ། །འདི་ན་རྩོད་པ་ལྷུར་ལེན་དག །སྲིད་པ་བར་མའི་སྣོད་བཅུད་ཀྱི། །སྦྱོང་བྱེད་ལམ་ལ་རྣམ་གྲངས་བརྒྱས། །རྒོལ་བ་དེ་དག་འདིར་དཔྱད་བྱ། །འདི་ལ་དོན་གསུམ་སྟེ། རང་གི་ལུགས་ཕྱོགས་སྔ་མར་བཞག་པ་དང༌། དེ་ལ་གཞན་གྱིས་ཇི་ལྟར་རྒོལ་བའི་ཚུལ་དང༌། རང་ལུགས་ཀྱི་རྟགས་དང་བསྒྲུབ་བྱའི་ཚེར་མ་དབྱུང་བའོ། །དང་པོ་ནི། མི་ཐུབ་ཟླ་བས། ཇི་སྐད་དུ། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །བར་མ་སྐྱེས་བུའི་བསམ་གཏན་བྱ། །འདི་ནི་འབྱུང་བའི་དཀྱིལ་འཁོར་བཞི། །འཁོར་ལོ་འདི་ནི་ལྔ་པའོ། །གཅིག་གྱུར་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་ཁང་དུ་གྱུར་པ་སྟེ། །ཞེས་གསུངས། དེའི་རྣམ་བཤད་གནད་ཀྱི་ཟླ་ཟེར་ལས། འདིར་བླ་མ་ཁ་ཅིག རང་བཞིན་གྱི་གནས་ནས་བར་སྲིད་ཡིག་འབྲུ་ལྔའི་གཟུགས་ཀྱི་ངོ་བོ་འོངས་ནས། འབྱུང་བཞི་སོགས་ལ་འདྲེས་པ་ལས་ཐོག་མར་བསྐྱེད་པ་མི་འདོད་པ་ནི་ཤིན་ཏུ་མི་འཐད་ཏེ། རྡོ་རྗེ་གུར་ལས། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་པའི་བསམ་གཏན་བྱ། །ཞེས་པ་དང༌། སློབ་དཔོན་མི་ཐུབ་ཟླ་བས། སྒྲུབ་ཐབས་འདི་དང༌། ཀུ་མུ་ཏི་དང༌། བདག་མེད་མའི་སྒྲུབ་ཐབས་རྣམས་སུ། གུར་གྱི་རྒྱུད་ཚིག་དེ་ཉིད་བཤད་པ་དང༌། རིན་ཆེན་འབར་བར། བྷྲཱུྃ་ལས་འཁོར་ལོ་དེ་སྟེངས་སུ། །སྲིད་པ་བར་མའི་བག་ཆགས་བསམ། །ཞེས་གསུངས་པ་རྣམས་དང་འགལ་བའི་ཕྱིར་རོ། །དེས་ན་རྗེ་བཙུན་གྱིས། ཡན་ལག་དྲུག་པར། བར་སྣང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་ཧོ་དམར་པོ་གཉིས་ཀྱིས་མཐའ་སྐོར་བ་དེ། ཞེས་བསྐྱེད་པ་གསལ་པོར་གསུངས་ཤིང༌། མངོན་རྟོགས་དོན་གསལ་ལས་ཀྱང༌། དེའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ། དེའི་སྟེང་དུ་བདག་ཉིད་སྲིད་པ་བར་མའི་བག་ཆགས་བསམ་པར་བྱའོ། །ཞེས་གསུངས་སོ། །མདོར་ན་འཁོར་ལོའི་སྟེང་དུ་བར་སྲིད་མཚོན་བྱེད་ཡིག་འབྲུ་ལྔ་བསྒོམས་ནས། དེ་ལས་དེ་འདྲ་བའི་ཡིག་འབྲུ་ལྔ་ཆ་གཅིག་ཆད་དེ། འབྱུང་བཞི་འཁོར་དང་བཅས་པ་ལ་ཐིམ་པས་གཞལ་ཡས་ཁང་གྲུབ་པར་བསྒོམས་ཏེ། མི་ཐུབ་ཟླ་བས། སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་ཡིན། །ཞེས་དང༌། ཌོཾ་བྷི་བས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་བསྡུས་ནས། རྗེ་བཙུན་གྱི་ཡན་ལག་དྲུག་པར། བར་དོའི་ཤེས་པ་འབྱུང་བཞི། འཁོར་ལོ་དང་བཅས་པ་ལ་ཞུགས་པས། གཞལ་ཡས་ཁང་ཞེས་གསུངས་སོ། །གལ་ཏེ་བར་དོ་བསྐྱེད་པ་དང་བསྟིམ་པར་བཤད་པ་བདེན་མོད། ཆ་གཅིག་བར་སྣང་ལ་འཇོག་པ་བྱ་མི་དགོས་སོ་སྙམ་ན། དེ་ལྟ་ན་རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་སྟེ། འདིར་ཐམས་ཅད་བསྟིམས་ནས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་པའི་ཕྱིར་རོ། །གཞན་ཡང་འོག་ཏུ་རྒྱུ་རྡོར་འཛིན་སྙོམས་འཇུག་བྱེད་སྐབས་སུ་བར་སྲིད་འཇུག་པར་བཤད་པ་དེ་གཞན་གྱི་བར་སྲིད་དུ་འགྱུར་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཐམས་ཅད་སྔར་བཅུག་ཟིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་རྡོར་འཛིན་སྙོམས་འཇུག་བྱེད་པའི་སྐབས་སུ་སྔར་དང་འདྲ་བའི་བར་སྲིད་བསྒོམས་ནས། དེ་རང་ལ་བཅུག་པས་ཆོག་གོ་སྙམ་ན། དེ་ལྟ་ན་བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་འགྱུར་ཏེ། སྐབས་དེར་འཆི་སྲིད་སྦྱོང་བྱེད་གང་ཡང་མ་བསྟན་པའི་ཕྱིར་རོ། །དེས་ན་ཡི་གེ་ལྔ་པོ་འདི་བར་སྣང་ལ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་མ་ཞུགས་བར་ལ་འཇོག་ཅིང༌། གཞལ་ཡས་ཁང་བསྐྱེད་པའི་སྐབས་འདིར། བར་དོའི་ཤེས་པ་གཅིག་ཆད་ནས་འབྱུང་བཞི་ལ་ཐིམ་པར་བསྒོམས་ལ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་གོང་དུ་ནི་ཐམས་ཅད་ཐིམ་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། རྣམ་བཤད་ཉིན་མོར་བྱེད་པའི་སྣང་བ་བྱེད་པ་པོ་ན་རེ། བར་སྲིད་ནམ་མཁར་གནས་པ་དེ་ལས། ཆ་གཅིག་ཆད་ནས་གཞལ་ཡས་ཁང་གི་རྒྱུར་སྲེ་བ་དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། དེ་ལྟ་བུ་བཞེད་པའི་རྒྱ་བོད་ཀྱི་ཀྱཻ་རྡོར་མཁས་པ་སུ་ཡང་མ་བྱུང་བའི་ཕྱིར་རོ། །དེས་ན་ལུང་རིགས་ཀྱིས་བོར་བའི་གྲུབ་མཐའ་འཆོན་མའི་བུ་བཞིན་དུ་རིག་པར་བྱའོ། །ཁྱེད་ཀྱི་སུན་འབྱིན་དེ་ནི་རྗེ་བཙུན་རྣམས་ལ་དགག་པ་བྱས་པ་ཡིན་ཏེ། རྗེ་བཙུན་རྣམས་བར་སྲིད་ཆ་གཅིག་ཆད་པ་དེ་འདྲ་མི་བཞེད་པ་གང་ཞིག ཁྱེད་ཀྱིས་དེ་མི་བཞེད་པ་ཐམས་ཅད་ལ་གནོད་བྱེད་ཆབ་གཅིག་ཏུ་འཕངས་པའི་ཕྱིར་རོ། །འདི་ནི་འཇིག་རྟེན་ན་རིགས་པའི་ཚུལ་ལས་འདས་པ་སྟེ། ཇི་སྐད་དུ། རྣམ་འགྲེལ་ལས། འདི་ནི་འཇིག་རྟེན་འདས་ལུགས་ཡིན། །ཞེས་གསུངས་པ་ལྟར་རོ། །སུན་འབྱིན་དེ་ཐམས་ཅད་ཀྱང་ཁྱེད་རང་ལ་ལོག་པ་ཡིན་ཏེ། འདི་ལྟར། རང་གི་བར་སྲིད་ཆ་གཅིག་གི་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་ཏེ། འདིར་ཆ་གཅིག་བསྟིམས་ནས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་པའི་ཕྱིར་རོ། །འོག་ཏུ་རྒྱུ་རྡོར་འཛིན་སྙོམས་འཇུག་བྱེད་པའི་སྐབས་སུ་བར་སྲིད་ཆ་གཅིག་འཇུག་པར་བཤད་པ་དེ། གང་ཟག་གཞན་གྱི་བར་སྲིད་ཆ་གཅིག་ཏུ་འགྱུར་ཏེ། རྣལ་འབྱོར་པ་རང་གིས་བར་སྲིད་ཆ་གཅིག་སྔར་བཅུག་ཟིན་པའི་ཕྱིར་རོ། །དེ་ཐམས་ཅད་འཁོར་གསུམ་ཁས་བླངས་པའོ། །གལ་ཏེ་སྔར་བཅུག་པ་དེ་རང་ཉིད་ཀྱི་བར་དོའི་ཆ་སྔ་མ་ཡིན་ལ། རྟིང་དུ་བཅུག་པ་དེ་དེ་ཉིད་ཀྱི་ཆ་ཕྱི་མ་ཡིན་པས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པ་དང༌། གཞན་གྱིས་བར་སྲིད་བཅུག་པ་སོགས་ཀྱི་ཉེས་པར་མི་འགྱུར་རོ། །དེ་བས་ཀྱང་སྟེ་རང་གི་བར་སྲིད་ཀྱི་ཆ་སྔ་མས་དེ་ལེན་མི་དགོས་པར་ཐལ་པ་དང༌། འོག་ཏུ་འཇུག་པར་བཤད་པ་དེ་གཞན་གྱི་བར་སྲིད་ཆ་སྔ་མ་འཇུག་པར་ཐལ་བ་སོགས་ཇི་ལྟར་སྨྲས་ཀྱང་ཉེས་པ་ཆེར་འཕེལ་ཏེ། རྣམ་འགྲེལ་ལས། དེ་བས་ཆེས་འདི་ངོ་མཚར་ཆེ། །ཞེས་པ་ལྟར་རོ། །གཞན་ཡང་གོང་འོག་གཉིས་ཀར་བར་དོའི་རྣམ་ཤེས་མ་བཅུག་པ་ཐལ། བར་དོའི་རྣམ་ཤེས་རངས་པ་དེ་གཉིས་གང་དུ་ཡང་མ་བཅུག་པ་གང་ཞིག བར་དོའི་རྣམ་ཤེས་ཕྱེད་ཀ་འཇུག་པ་སྦྱང་གཞི་དང་མི་མཐུན་པའི་ཕྱིར། སྦྱང་གཞི་དང་མི་མཐུན་པའི་སྐྱོན་མེད་པས་སྦྱོང་དུས་ཕྱེད་ཀར་བཏང་ངོ་སྙམ་ན། སྦྱང་གཞི་གཅིག་ལས་མེད་པས་སྦྱོང་བྱེད་ཀྱི་བར་སྲིད་ཕྱི་མ་གཞན་གྱི་བར་སྲིད་དུ་ཐལ་བའི་ཁྱབ་འབྲེལ་སུས་ཁས་བླངས་པ་བསམ་པར་རིགས་སོ། །ཡང་ཁྱེད་ལྟར་ན། འཁོར་ལོའི་སྟེང་དུ་བར་སྲིད་བསྒོམ་པ་ན། བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་ཐལ། སྐབས་དེར་འཆི་སྲིད་སྦྱོང་བྱེད་གང་ཡང་བསྟན་པའི་ཕྱིར་རོ། །མ་གྲུབ་སྟེ། སྔར་བསྟན་པའི་ཕྱིར། ཞེ་ན། མཚུངས་པ་ཉིད་དོ། །སྔར་བསྟན་པས་མི་ཆོག་སྟེ། གཞན་གྱི་བར་ཆོད་པའི་ཕྱིར་ཞེ་ནའང་མཚུངས་པ་ཉིད་དེ། རིགས་པ་ཤེས་པ་རྣམ་པ་རྣམས་ཀྱིས་སྤྲོས་པས་ཆོག་གོ །གཉིས་པ་རང་ལུགས་ལ་བཞི། བར་སྲིད་བསྒོམ་པའི་ལུང་ཁུངས་དགོད། བར་སྲིད་འབྱུང་བཞི་སོགས་ཁོ་ནར་འཇུག་པའི་ལུགས་དགོད། བར་སྲིད་རྒྱུ་རྡོར་འཛིན་གཞུང་དུས་ཁོ་ནར་འཇུག་པའི་ལུགས་དགོད། དེ་རྣམས་ལ་རྩོད་པ་སྤང་བའོ། །དང་པོ་ནི། རྩ་རྒྱུད་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། ཞེས་དང༌། བཤད་རྒྱུད་ལས། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །ཞེས་དང༌། སློབ་དཔོན་མི་ཐུབ་ཟླ་བས། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །བར་མ་སྐྱེས་བུའི་བསམ་གཏན་བྱ། །ཞེས་གསུངས་སོ། །བླ་མ་དག རྡོ་རྗེ་གུར་ལས། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །སྲིད་པ་བར་མའི་བསམ་གཏན་བྱ། །ཞེས་གསུངས་པ་དང༌། ཞེས་ཟེར་བ་ནི་ད་ལྟ་བོད་ན་བཞུགས་པའི་རྡོ་རྗེ་གུར་འདི་ལ་ནི་མི་བདོག་གོ །གཉིས་པ་ནི། སློབ་དཔོན་རིན་པོ་ཆེའི་ཞལ་སྔ་ནས། དེ་ནས་རྐྱེན་གྱི་ཡན་ལག་ནི། འབྱུང་བཞི་པོ་ཐམས་ཅད་ཀྱང་རང་གི་སེམས་ཀྱི་རྣམ་པ་ཙམ་ཡིན་པར་ཤེས་པར་བྱས་ནས། དེ་དག་སྐད་ཅིག་གིས་འོད་དུ་ཞུ་ནས་རྟེན་གྱི་དཀྱིལ་འཁོར། ཞེས་གསུངས་པ་དང༌། དཔལ་བརྩེ་བ་ཆེན་པོས་ཀྱང༌། དེ་ནས་རྐྱེན་གྱི་ཡན་ལག་ནི། །འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང༌། །རང་སེམས་ཙམ་དུ་གོ་བྱའི་ཕྱིར། །འབྱུང་བཞིའི་གསེབ་ཏུ་རང་སེམས་སྒོམ། །དེ་ལྟར་བསྒོམས་པའི་རྐྱེན་གྱིས་ནི། །ཐམས་ཅད་ཞུ་སྟེ་གཞལ་ཡས་བསྒོམ། །ཞེས་པ་ལྟར་རོ། །འདིའི་ཕྱོགས་ལ་ནི། བར་སྲིད་འདིར་འཇུག་པ་ལས། རྒྱུ་རྡོ་རྗེ་འཛིན་པ་ཞུ་བའི་སྔོན་དུ་འཇུག་པ་གཏན་མེད་དེ། དཔལ་བརྩེ་བ་ཆེན་པོས། དེ་ནས་རྒྱུ་ཡི་རྡོ་རྗེ་འཆང༌། །ཡབ་ཡུམ་སྙོམས་པར་ཞུགས་པ་ལས། །བདེ་བ་ཆེན་པོའི་མེ་ཡིས་ནི། །ཡབ་ཡུམ་གྱི་ནི་ཕུང་པོ་ཁམས། །ཇེ་ཞུ་ཇེ་ཞུད་ཐིག་ལེར་སྒོམ། །ཞེས་དང༌། སློབ་དཔོན་རིན་པོ་ཆེས་ཀྱང༌། དེ་ལྟ་བུའི་རྒྱུ་རྡོ་རྗེ་འཛིན་པ་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་སྒོམ་མོ། །དེ་ནས་ཡབ་ཡུམ་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས། བ་སྤུའི་བུ་ག་བྱེ་བ་ཕྲག་ཕྱེད་དང་བཞི། རྩ་དང་བ་སྤུའི་བུ་ག་ཐམས་ཅད། ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་གང་བར་མོས། དེ་ནས་ཡབ་ཡུམ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས། རྗེས་སུ་ཆགས་པའི་མེས་ཁམས་དྭངས་མའི་ཐིག་ལེ་རྣམས་ཞུ་སྟེ། སླར་ཡང་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་མོས། དེའི་སྐད་ཅིག་ལ་ཡབ་ཡུམ་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བཞུ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་གྱུར་པར་བསམ་མོ། །དེ་ནས་འབྲས་བུ་རྡོ་རྗེ་འཆང་བཞེངས་པར་བྱ་བའི་ཕྱིར། ཞེས་གསུངས་པ་དེ་གཉིས་ཀར་ཡང༌། དེའི་ཚེ་བར་སྲིད་འཇུག་པ་གཏན་མ་བཤད་དོ། །དེ་བཞིན་དུ་གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱང༌། གོང་དུ། དེ་ནས་དེའི་རྣམ་པར་ཤེས་པ་དབུས་སུ་གནས་པར་ལྟའོ། །དེ་དག་གནས་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ཁང་པ་འོད་ཀྱི་སྣང་བ་ཅན་སྐད་ཅིག་གིས་བསྒོམ་པར་བྱ་སྟེ། ཞེས་དེར་བསྲེ་བའི་ཕྱོགས་ལ། འོག་ཏུ་འདིའི་མཐར་བཅོམ་ལྡན་འདས་ཤིན་ཏུ་འཇུངས་པས་མཆོག་ཏུ་བདེ་བ་ཆེན་པོར་རོ་གཅིག་པར་ལྡན་པའི་རིགས་དང་ལྷན་ཅིག་ཏུ་ཞུ་བས། ས་བོན་གྱི་གཟུགས་སུ་གནས་པར་གྱུར་ཏོ། །ཞེས་དང་སློབ་དཔོན་འཇམ་དཔལ་ཡེ་ཤེས་ཀྱིས། ཧེ་རུ་ཀ་བཞིའི་སྒྲུབ་ཐབས་ཐུན་མོང་བར་གོང་དུ། དེ་སྟེངས་ཧོ་ལྡན་ཨ་ཧཾ་ནི། །བདག་ཉིད་ངོ་བོ་གནས་བསམ་སྟེ། །ཨེ་གཟུགས་ནས་ནི་ཨ་ཧཾ་བར། །ཐམས་ཅད་འདྲེས་གྱུར་འཁོར་ལོར་གྱུར། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་དེར་སྲེ་བའི་ཕྱོགས་ལ། །འོག་ཏུ། དེ་ནས་རང་གི་རིག་མ་དང༌། །རྡོ་རྗེ་འཛིན་པ་འདོད་ཆགས་ཆེས། །འོད་དུ་ཞུ་བར་གྱུར་པ་ལས། །མཚམས་ཀྱི་ལྷ་མོ་ཤེས་གཉེན་མོས། །སྣ་ཚོགས་གླུ་ཡིས་མཆོད་དེ་བསྐུལ། །ཞེས་གསུངས་པས། གོང་དུ་འཇུག་ན་འོག་ཏུ་འཇུག་མི་དགོས་པར་རིགས་པར་བྱའོ། །གསུམ་པ་ནི། སྐབས་འདིར་བར་སྲིད་བསྒོམ་པ་ནམ་མཁར་བཞག་ལ། དེའི་སྣང་བས་འབྱུང་བཞི་སོགས་ཞུ་བ་ལས་གཞལ་ཡས་ཁང་སོགས་བསྒོམ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་ཁར་ཞལ་དུ་འཇུག་པ་སྟེ། རྗེ་བཙུན་རིན་པོ་ཆེས། བར་སྣང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་ཧོ་གཉིས་ཀྱིས་མཐའ་བརྟེན་པ། བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས། ཞེས་གསུངས་ཤིང༌། འོག་ཏུ། དེ་ནས་ནམ་མཁའ་ནས་ཨོཾ་ཨཱཿཧཱུྃ་ཧོ་གཉིས་ཀྱིས་མཐའ་བརྟེན་པ། བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས། ཡུམ་གྱི་མཁར་སླེབས་པ་དང༌། བཅོམ་ལྡན་འདས་བདེ་བ་ཆེན་པོར་གྱུར་ཏེ། ཐིག་ལེའི་ངོ་བོར་ཞུ་བར་བསྒོམ་ལ། ཞེས་གསུངས་པ་ལྟར་རོ། །དེ་ཡང་བར་སྣང་དུ་ཡི་གེ་སྒོམ་ཞེས་པ་ནི། སྐབས་འདིར་མི་བསྲེ་བར་གོ་ནུས་ཤིང༌། བཅས་པ་ལ་ཞུགས་ཞེས་པ་ནི། དངོས་སུ་བསྲེ་བའི་དོན་མ་ཡིན་པ་འོག་རྩོད་སྤོང་དུ་འཆད་དོ། །དེས་ན་འདིའི་ཕྱོགས་ལ་ནི། བར་སྲིད་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ལ་འཇུག་པ་ལས། གོང་དུ་འབྱུང་བཞི་སོགས་ལ་འཇུག་པ་མེད་དེ། ཡན་ལག་དྲུག་པར། ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང༌། །ལྷ་མོའི་པདྨར་བསམ་གཏན་བྱ། །ཞེས་གསུངས་པའི་ཕྱོགས་ལ་ནི། གོང་དུ། འདི་ནི་འབྱུང་བའི་དཀྱིལ་འཁོར་བཞི། །འཁོར་ལོའི་འདི་ནི་ལྔ་པའོ། །གཅིག་གྱུར་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་ཁང་དུ་གྱུར་པ་སྟེ། །ཞེས་འབྱུང་བཞི་འཁོར་དང་ལྔ་བསྲེ་བ་ལས། བར་སྲིད་བསྲེ་བའི་ཚིག་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་སྒྲུབ་ཐབས་ཀྱི་རྒྱལ་པོ་དང༌། འཁྲུལ་སྤོང་དང༌། ནག་པོ་དང༌། མར་མེ་མཛད་བཟང་པོ་རྣམས་ཀྱིས་འོག་ཏུ་བར་སྲིད་འཇུག་པར་བཤད་ཅིང༌། གོང་དུ་འཇུག་པའི་བཤད་པ་མེད་དོ། །དེས་ན་འོག་ཏུ་འཇུག་ན་གོང་དུ་འཇུག་མི་དགོས་པར་ཤེས་པར་བྱའོ། །བཞི་པ་ནི། ཁ་ཅིག་འདི་སྙམ་དུ་རྗེ་བཙུན་རིན་པོ་ཆེའི་གསུང་དེ་ནི་གོང་འོག་གཉིས་ཀར་འཇུག་པའི་ལུང་སྟེ། གོང་དུའང༌། བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་ཞེས་གསུངས་པས་སོ་སྙམ་ན། དེ་ནི་དངོས་སུ་འཇུག་པའི་དོན་མ་ཡིན་གྱི་འབྱུང་བཞི་འཁོར་ལོ་དང་བཅས་པ་ཞུ་བ་ལས་གཞལ་ཡས་ཁང་འགྲུབ་དགོས། དེ་ན་དེ་དག་ཞུ་བའང་མེས་ཞུ་བ་ལྟ་བུ་མ་ཡིན་གྱི། བསྒོམ་པས་ཞུ་བ་དགོས་པ་ལ། གང་གིས་བསྒོམ་ན་བར་དོའི་རྣམ་ཤེས་དེས་སོ། །གང་བསྒོམ་ན་འབྱུང་བཞི་འཁོར་ལོའོ། །ཇི་ལྟར་བསྒོམ་ན་ཞུ་བས་གཞལ་ཡས་ཁང་སོགས་སུའོ། །དེས་ན་རྐྱེན་གྱིས་ཡན་ལག །ཅེས་དང༌། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། ཞེས་པ་དང་ཡང་ཤིན་ཏུ་འབྲེལ་ཆགས་སོ། །འོ་ན་ཞུགས་པ་ཞེས་པ་ཅི་ཞེ་ན། ཞུགས་པ་ལ་དངོས་སུ་བསྲེ་མི་དགོས་པ་ནི། གཟུང་འཛིན་གྱི་ཤེས་པ་གཟུགས་ལ་ཞུགས་ཞེས་པའི་ཐ་སྙད་ཡོད་ཀྱང་དངོས་སུ་བསྲེ་མི་དགོས་པ་བཞིན་ནོ། །འོ་ན་བར་དོའི་ཤེས་པ་དངོས་སུ་བསྲེ་བའི་ལུགས་ལ་དོན་དེ་རྣམས་མ་ཚང་བར་འགྱུར་རམ་སྙམ་ན། མི་འགྱུར་བ་དཔེས་བསྟན་པ་ལས་ཤེས་ཏེ། དཔེར་ན་འདི་དངོས་སུ་མི་བསྲེ་བའི་ཕྱོགས་ལ། མདུན་བསྐྱེད་སྒོམ་པ་ལྟ་བུ་དང༌། བསྲེ་བའི་ཕྱོགས་ལ་བདག་བསྐྱེད་བསྒོམ་པ་བཞིན་ནོ། །ཡང་ཁ་ཅིག་འདི་སྙམ་དུ། བར་དོ་སྔར་བསྲེས་པའི་ཕྱོགས་ལ་རང་གི་བར་སྲིད་ཀྱིས་འབྲས་བུ་རྡོ་རྗེ་འཛིན་པར་སྐྱེ་བ་བླངས་པར་མི་འགྱུར་ལ། ཕྱིས་བསྲེ་བའི་ཕྱོགས་ལ་བར་དོས་གཞལ་ཡས་ཁང་སོགས་སྒོམ་པར་མི་འགྱུར་རོ་སྙམ་ན། མ་ཡིན་ཏེ། སྔར་བསྲེས་པའི་ཕྱོགས་ལ་དེའི་རྒྱུན་ནར་མར་ཡོད་པས་ཤིན་ཏུ་སྐྱེ་བ་བླངས་པར་འགྱུར་ཞིང༌། ཕྱིས་བསྲེ་བའི་ཕྱོགས་ལ་བར་སྲིད་མི་འཇུག་གི་བར་དུ་བར་སྲིད་ནམ་མཁར་གནས་ནས་གཞལ་ཡས་ཁང་སོགས་བསྒོམ་པས་ལྷག་པར་ཡང་བསྒོམ་པ་པོར་འགྱུར་རོ། །དེས་ན་གང་དུ་བཅུག་ཀྱང་འདྲ་བར་ཐལ་ལོ། །ཞེ་ན། ཤིན་ཏུའང་འདོད་པ་ཡིན་ཏེ། གཉིས་ཀ་ལ་ཁུངས་ཡོད་པར་ནི་སྔར་བསྟན་ལ། དགོངས་པ་མི་འགལ་བར་རྟོགས་པ་ནི་མཁས་པའི་ཡན་ལག་ཡིན་པས་སོ། །དེ་བས་ན་དགོངས་པ་སོ་སོར་མི་ལེན་པར། གཅིག་གི་ལུང་གིས་གཞན་གྱི་ལུང་ལ་དགག་སྒྲུབ་བྱེད་པའི་རིགས་པ་ཉི་ཚེ་བ་རྣམས་བག་ཡོད་པར་རིགས་སོ། །རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་ཐལ། ཞེས་སོགས་སྨྲ་བ་ཡང་འདི་ལྟར་མ་རྟོགས་པས་ལན་ཏེ། ཐལ་འགྱུར་ལ་ནི་ལན་བཏབ་ཟིན་ནོ། །ཡང་ཁ་ཅིག་འདི་སྙམ་དུ། བར་སྲིད་ཀྱི་རྒྱུན་ཡོད་ཀྱང༌། རྒྱུ་རྡོ་རྗེ་འཛིན་པ་ཕ་མའི་དོད་ཡིན་པས། ཤེས་རྒྱུན་དེ་མ་ཡིན་པའི་བར་སྲིད་གསར་བུ་ཞིག་འཇུག་དགོས་ཏེ། སྦྱང་གཞི་ལ་ཕ་མའི་ཤེས་པས་བུ་ཚའི་རྣམ་ཤེས་ཀྱི་གོ་མི་ཆོད་པའི་ཕྱིར་སྙམ་ན། ཤིན་ཏུའང་ནོངས་པ་ཡིན་ཏེ། སྦྱང་གཞི་དང་ཆ་འདྲ་བར་སྒོམ་པ་ཙམ་ཡིན་གྱི། རྣམ་པ་ཀུན་དུ་ནི་མ་ཡིན་ཏེ། དེ་ལྟར་ན་བར་སྲིད་གསར་པ་བཅུག་ཀྱང་མི་འཐད་པར་ཐལ། རྒྱུ་རྡོ་རྗེ་འཛིན་པའི་ཤེས་པ་དང་བར་སྲིད་གསར་པ་དེ་གཉིས་གང་ཟག་གཅིག་གི་ཤེས་པ་གང་ཞིག ཕ་མ་དང་བུ་ཚའི་ཤེས་པ་གང་ཟག་གཅིག་གི་ཤེས་པ་ཡིན་པ་མེད་པའི་ཕྱིར་དང༌། ཡབ་ཡུམ་གཉིས་ཀྱང་ཤེས་རྒྱུད་ཐ་དད་པར་ཐལ་བ་དང༌། ལྷ་མོ་བརྒྱད་ཀྱང་ཤེས་རྒྱུད་ཐ་དད་པར་ཐལ་བ་དང༌། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ལས། འབྲས་བུ་རྡོ་རྗེ་འཛིན་ཡབ་ཡུམ་བཞེངས་པའང་མི་འཐད་པར་འགྱུར་ཏེ། དེ་ལྟ་བུ་སྦྱང་གཞི་དང་མི་མཐུན་པའི་ཕྱིར་རོ། །གཞན་ཡང་བླ་མ་དག མི་ཐུབ་ཟླ་བས། སྲིད་པ་བར་མ་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །ཞེས་དང༌། ཌོཾ་བྷི་བས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །ཞེས་གསུངས་པ་འདྲེན་པར་སྣང་བ་དེ་ནི་བདག་མེད་མའི་མངོན་རྟོགས་ཡིན་པས་འདིར་ཁས་མི་ལེན་པའི་ཕྱིར། ལུང་ཕན་བྱེད་དུ་མི་འགྱུར་རོ། །གལ་ཏེ་ཁས་ལེན་ནོ། །ཞེ་ན། འོ་ན་འདི་འདིར། འོག་ཏུ་བར་སྲིད་འཇུག་པ་མེད་པའི་ལུང་དུའང་འདིའི་ལུང་འདྲེན་པར་རིགས་སོ། །དེས་ན། བར་སྲིད་གོང་འོག་གཉིས་ཀར་འཇུག་པ་ནི་རྣམ་པ་ཀུན་ཏུ་དོར་ནས། གང་རུང་དུ་འཇུག་པ་ནི་གང་དུ་བཅུག་ཀྱང་རུང་མོད། འོན་ཀྱང་ཁྱད་པར་འབྱེད་པར་འདོད་ན། སྒྲུབ་ཐབས་ཡན་ལག་བཞི་པའི་ཕྱོགས་ལ་བར་སྲིད་གོང་དུ་འཇུག་པ་དང༌། ཡན་ལག་དྲུག་པའི་ཕྱོགས་ལ་བར་སྲིད་འོག་ཏུ་འཇུག་པར་བྱས་ཀྱང༌། རྗེ་བཙུན་སྐུ་མཆེད་ཀྱི་སྒྲུབ་ཐབས་དང་ཚིག་མཐུན་པས་ལེགས་པར་སྣང་ངོ༌། །ཞེས་བྱ་བ་འདི་དག་འབྱུང་སྟེ་ཕྱི་རྒོལ་བས་བརྩད་པའོ། །གཉིས་པ་ལ་གཉིས་ཏེ། སུན་འབྱིན་མི་འཇུག་པའི་ཚུལ་དང༌། སྒྲུབ་པ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་ལ་ཚེར་མ་མི་འཇུག་པ་དང༌། རྟགས་ཀྱི་ཚེར་མ་འབྱིན་པའོ། །དང་པོ་ནི། བར་དོའི་རྣམ་ཤེས་ལ་ཆ་གཉིས་སུ་ཕྱེ་ནས་རྟེན་དང་བརྟེན་པ་གཉིས་ཆར་དུ་འཇུག་པ་ལ་ཚད་མ་ཡོད་པ་དང༌། དེས་ན་བསལ་བ་མེད་པའོ། །དང་པོ་ལ། རྟེན་དང་བརྟེན་པ་གཉིས་ཀ་ལ་འཇུག་པའི་ཤེས་བྱེད། དེས་ན་ཆ་གཉིས་སུ་འབྱེད་པར་གྲུབ་པའོ། །དང་པོ་ནི། རྩ་བའི་རྒྱུད་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང༌། །ཞེས་པས་རྟེན་ལ་འཇུག་པ་དང༌། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་འགྱུར། །ཞེས་པ་རྟེན་པ་ལ་འཇུག་པར་ཚིག་ཟིན་ལ་མི་གསལ་ཡང༌། འཇུག་པའི་དོན་དུ། ཚད་ལྡན་དག་གིས་བཀྲལ་བ་དང༌། བཤད་རྒྱུད་ལས། དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསམ་པར་བྱ། །ཞེས་དང༌། དེ་ལ་སངས་རྒྱས་གནས་སམ་ནས། །རྣམ་པ་ལྔ་ནི་སྒོམ་པར་བྱ། །དང་པོ་སྐྱེས་བུ་བསམ་དེ་ནས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །དྲི་ཟ་མཉམ་པར་ཞུགས་པ་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་རྟེན་བརྟེན་པ་གཉིས་ཀ་ལ་བསྲེ་བ་རྩ་རྒྱུད་ན་མི་གསལ་ཡང༌། རྟེན་བརྟེན་པ་གཉིས་ཀ་ལ་བསྲེ་བ་བཤད་རྒྱུད་ཀྱིས་བཀྲལ་བའི་ཕྱིར་དང༌། དེ་ཡང་གཅིག་ཏུ་བསྲེས་པས་གཅིག་ཤོས་སུ་བསྲེ་བ་ལུང་གི་དོན་དུ་འཇོག་ན། མི་ཐུབ་ཟླ་བས། ཡན་ལག་དྲུག་པར། བྷྲཱུྃ་ལས་འཁོར་ལོའི་སྟེང་དུ་བདག །བར་ལ་སྐྱེས་བུའི་བསམ་གཏན་བྱ། །འདི་ནི་འབྱུང་བའི་དཀྱིལ་འཁོར་བཞི། །འཁོར་ལོ་འདི་ནི་ལྔ་པའོ། །གཅིག་གྱུར་དེ་ལས་སངས་རྒྱས་ཀྱི། །གཞལ་ཡས་ཁང་དུ་གྱུར་པ་སྟེ། །ཞེས་པ་དང༌། ཧོ་གཉིས་དབུས་སུ་གནས་པ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང༌། །ལྷ་མོའི་པདྨར་བསམ་གཏན་བྱ། །ཞེས་མངོན་པར་རྟོགས་པར་ཚར་གཅིག་གི་ཉམས་ལེན་དུ་བཤད་པ་དང་འགལ་བའི་ཕྱིར། དེ་ལྟར་གསལ་བར་བཤད་བཞིན་དུ། ལུགས་འདིར་འབྱུང་བ་བཞི་འཁོར་ལོ་དང་ལྔ་པོ་ཉིད་བསྲེ་བ་ཡིན་གྱིས། བར་སྲིད་བསྲེ་བའི་ཚིག་ཅུང་ཟད་ཀྱང་མེད་དོ། །ཞེས་པ་ནི་མངོན་སུམ་ལ་བསྙོན་པར་ཟད་པས། ཇི་སྐད་དུ། སློབ་དཔོན་ཟླ་བས། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པར་བྱེད་པ་མ་ཡིན་ནོ། །ཞེས་འབྱུང་བ་དེ་ཉིད་འདིར་འོང་བའོ། །རྗེ་བཙུན་གྱི། ཇི་སྐད་དུ། བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང༌། ཞེས་གསུངས་པའང་བཤད་མ་ཐག་པ་དང་དོན་གཅིག་པ་ཡིན་ཏེ། དེ་ཉིད་ཀྱི་དོན་སྟོན་བྱེད་དུ་དམིགས་པའི་ཕྱིར། དེའི་ཚེ་བརྟེན་པ་ལ་བསྲེ་བར་མི་བཞེད་དོ་ཞེས་ན་ཡང་མངོན་སུམ་ལ་སྨྱོན་པ་སྟེ། དེར་དེ་བསྲེ་བའི་ལུང་ཁྱེད་རང་གིས་ཀྱང་དྲངས་མ་ཐག་པ་དེ་ཉིད་ཀྱིས་བརྟེན་པ་ལ་བསྲེ་བར་མི་འགྲུབ་ན། དེ་འགྲུབ་བྱེད་ཀྱི་ལུང་གཞན་ཡང་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་ཞེས་པས་བརྟེན་ལ་བསྲེ་བར་མི་སྟོན་ནོ། །ཞེས་པ་ཡང༌། ལུང་གི་དོན་མངོན་སུམ་པ་ལ་སྨྱོན་པ་སྟེ། རྗེ་བཙུན་གྱི་ལུང་དེས་དེར་མི་སྟོན་ན། ས་ཆེན་གྱིས། ཇི་སྐད་དུ། འབྱུང་བཞིའི་གསེབ་ཏུ་རང་སེམས་སྒོམ། །ཞེས་པས་ཀྱང་དེར་མི་སྟོན་པ་ཉིད་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སྦྱོང་བྱེད་བར་དོའི་ཤེས་པ་རྟེན་བརྟེན་པ་གཉིས་ཀ་ལ་བསྲེ་བར་གྲུབ་པ་ན། གཅིག་ལ་ཆ་གཉིས་སུ་འབྱེད་པ་བདེ་བླག་ཏུ་འགྲུབ་སྟེ། སྦྱང་གཞི་བར་དོའི་ཤེས་རྒྱུད་གཅིག་གིས་བསྡུས་པར་འཆད་དགོས་པའི་ཕྱིར། གལ་ཏེ་བརྟེན་པ་ལ་བསྲེ་བའི་བར་དོ་དེ། དུས་དེ་ཉིད་ཀྱི་ཚེ་བར་སྣང་དུ་བསྐྱེད་པ་ཡིན་པས། སྔར་གྱི་རྒྱུན་གནས་པ་ལ་ཡིན་ནོ་ཞེས་ཟེར་བ་དག་སྣང་བ་དེ་ལ་ནི། ལུང་དང༌། རིགས་པ་དང༌། ཁས་བླངས་པ་དང་འགལ་བ་གསུམ་འཇུག་གོ །ཇི་ལྟར་ཞེ་ན། བར་དོ་བསྐྱེད་པ་ནི། འཆི་སྲིད་སྦྱོང་བྱེད་ཀྱི་ལམ་སྟོང་པ་ཉིད་བསྒོམ་པའི་འོག་དེ་མ་ཐག སྐྱེ་སྲིད་སྦྱོང་བྱེད་ཀྱི་ལམ་རྟེན་དང་བརྟེན་པ་གཉིས་ཀ་གསལ་མ་བཏབ་པའི་སྐབས་དེ་བར་སྣང་དུ་བསྐྱེད་པ། རྒྱུ་དང་རྒྱ་གཞུང་མང་པོའི་ལུང་གིས་གྲུབ་པ་ཡིན་གྱི། རྟེན་ལ་བསྲེས་ཟིན་པའི་འོག་ཏུ་བརྟེན་པ་ལ་བསྲེ་རྒྱུ་སླར་བསྐྱེད་པ་དང་གསལ་འདེབས་པའི་བཤད་པ་མེད་པའི་ཕྱིར། རིགས་པ་ཡང༌། ཕྱིས་རྒྱུ་རྡོ་རྗེ་འཛིན་པ་ལ་འཇུག་རྒྱུའི་བར་དོ་དེ། སྔར་གཞལ་ཡས་ཁང་གི་རྒྱུར་སོང་བའི་བར་དོ་དེ་དང་ཤེས་རྒྱུད་གཅིག་གམ་མི་གཅིག དང་པོ་ལྟར་ན། གཅིག་ལ་ཆ་གཉིས་སུ་འབྱེད་པར་ཚུལ་གསུམ་པ་ཅན་གྱིས་རྟགས་ལ་བརྟེན་པའི་ཚད་མས་འགྲུབ། གཉིས་པ་ལྟར་ན། སྦྱོང་བྱེད་རྟེན་དང་བརྟེན་པ་གཉིས་ཡེ་ཤེས་ཀྱི་སྣང་བ་གཅིག་ལས་གྲུབ་པ་མ་ཡིན་པར་ཐལ་བ་དང༌། སྦྱང་གཞི་སྣོད་བཅུད་གཉིས་ཀྱང་རྫས་ཐ་དད་པར་འགྱུར་རོ། །ཞེས་འཁོར་གསུམ་ཚང་བའི་ཐལ་བས་བར་དོ་གཅིག་ལ་གཉིས་སུ་མི་འབྱེད་བའི་ལོག་པར་རྟོག་པ་དེ་གང་དུ་འདུག་པའི་གནས་རྙེད་པ་མ་ཡིན་ནོ། །ཁས་བླངས་དང་འགལ་བའི་ཚུལ་ཡང༌། ཇི་སྐད་དུ། སྔར་བསྲེས་པའི་ཕྱོགས་ལ་དེའི་རྒྱུན་ནར་མར་ཡོད་པས། ཤིན་དུའང་སྐྱེ་བ་བླངས་པར་འགྱུར། ཞེས་གསལ་བར་བྲིས་ཤིང༌། ཁས་བླངས་པ་དེ་ཉིད་ཀྱིས། སྤྱིར་རྟེན་བརྟེན་པ་གཉིས་ལ་མི་བསྲེ་བ་དང༌། བྱེ་བྲག་ཏུ་གཅིག་ལ་ཆ་གཉིས་སུ་འབྱེད་པ་མི་འཐད་པའི་དམ་བཅའ་དམ་འཆའ་བ་པོ་དེ་ཉིད་ཀྱི་རྣམ་དཔྱོད་ཀྱི་ལག་པས་གསུབ་པར་བྱས་པ་མ་ཡིན་ནམ། གཉིས་པ་ནི། དེ་ལྟར་ན། གནད་ཀྱི་ཟླ་ཟེར་མཛད་པ་པོས་སྐབས་འདིར་བཞག་པའི་དམ་བཅའ་ལ། ཚད་མ་དང་ཁས་བླངས་ཀྱི་བསལ་བ་མེད་ཅིང༌། ཡིད་ཆེས་པའི་ལུང་དང༌། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པ་དེ་ཡིན་ནོ། །དམ་བཅའ་ལ་བསལ་བ་འཇུག་པའི་རིགས་པ་བཤད་ཟིན་པ་མ་ཡིན་ནམ། ཞེ་ན། ཁྱེད་ཀྱི་བཤད་པ་དེ་ནི། རིགས་པའི་གཞུང་ལས། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པ་ཞེས་བྱ་བའི་མིང་ཅན། སྒྲུབ་བྱེད་ལྟར་སྣང་གསུམ་གྱིའང་ཐ་ཤལ་དུ་གྱུར་པ་དེ་ཉིད་དེ། ཇི་སྐད་དུ། ཆ་གཅིག་ཆད་ནས་གཞལ་ཡས་ཁང་གི་རྒྱུར་བསྲེ་བ་དེ་ལྟ་བུ་བཞེད་པའི་ཚད་ལྡན་གྱི་མཁས་པ་སུ་ཡང་མ་བྱུང་བའི་ཕྱིར། ཞེས་དང༌། རྗེ་བཙུན་རྣམས་དེ་འདྲ་མི་བཞེད་པ་གང་ཞིག ཅེས་སྒྲུབ་བྱེད་དུ་བཀོད་པ་དེ་ནི། གང་ལ་འགོད་པའི་ཡུལ་གྱི་རྒོལ་བའི་ཚད་མས་མ་གྲུབ་པའི་ཕྱིར་དང༌། རྩོད་གཞི་དེ་ཉིད་རྟགས་སུ་བཀོད་པའི་ཕྱིར། རིག་པའི་གཞུང་ལུགས་ལས་ནི། གང་ཞིག་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་བྱེད་དོ། །ཞེས་གསུངས་པ་དེ་ཁོ་ནར་མ་ཟད། ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་དུ་འཆད་པ་ནི། ཕྱོགས་གླང་གྲགས་པའི་ཞབས་ཀྱི་ལུགས་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དེས་ན་སྐབས་མ་ཡིན་པར་ཡང་རྣམ་འགྲེལ་གྱི་ལུང་འདྲེན་པ་ལ་འབད་པ་ནི་མཚན་མའི་རྣམ་པར་གཡེང་བའོ། །གཉིས་པ་རྟགས་ཀྱི་ཚེར་མ་འབྱིན་པ་ལ་གསུམ་སྟེ། གཏན་ཚིགས་དང་པོའི་དང༌། གཉིས་པའི་དང༌། གསུམ་པའི་ཚེར་མ་འབྱིན་པའོ། །དང་པོ་ནི། ཟླ་ཟེར་ལས། གཞན་ལ་འཕངས་པའི་ཐལ་བ་དང་པོའི་ཟློག་དོན་ནི། བར་དོའི་ཆ་གཅིག་རྟེན་ལ་བསྲེས་རྗེས་སུ། ཆ་གཅིག་བར་སྣང་ལ་བཞག་དགོས་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་དགོས་པའི་ཕྱིར། ཞེས་པ་འདི་ཡིན་ལ། དེའི་ཚེ་ཕྱོགས་ཆོས་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་ཅིང༌། རྟགས་མི་མཐུན་པའི་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ནི། འཆི་སྲིད་ལས་ལངས་པའི་བར་སྲིད་ཀྱི་རྒྱུན་མ་ཆད་པར་བཞག་པ་མེད་ན། སྐྱེ་སྲིད་དུ་འཕོ་བྱེད་ཀྱི་བར་སྲིད་ཚད་མས་ཁེགས་པའི་ཕྱིར། ཞེས་པ་ནི་གནོད་པ་ཅན་གྱི་གཏན་ཚིགས་སོ། །ཟློག་དོན་དེ་ལྟར་འཕེན་བྱེད་ཀྱི་ཐལ་འགྱུར་ནི། ཟླ་འོད་ཉིད་ལས། ཇི་སྐད་དུ། ཆ་གཅིག་བར་སྣང་ལ་འཇོག་པ་བྱ་མི་དགོས་སོ་སྙམ་ན། དེ་ལྟ་ན་ཞེས་པ་ནི་གཏན་ཚིགས་སོ། །རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་ཏེ། ཞེས་པ་ནི་ཐལ་ཆོས་སོ། །འདིར་ཐམས་ཅད་བསྟིམས་ནས་ཞེས་སོགས་ནི་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པའོ། །དེའི་ཚེ་འདི་ནི་འཁོར་གསུམ་ཚང་བའི་ཐལ་འགྱུར་ཏེ། གཏན་ཚིགས་ནི་རང་གང་ལ་འཕངས་བའི་རྒོལ་བས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཁས་བླངས་དང་ཚད་མའི་བསལ་བ་ཞུགས་པས་སོ། །དེ་ལྟར་རང་ལུགས་ཀྱི་ཐལ་བའི་དོན་བཤད་ནས། དེ་ལ་གཞན་གྱིས་བརྟགས་པའི་ཚེར་མ་མི་འཇུག་པའི་ཚུལ་ནི། འདི་ལྟར། ཁྱེད་ཀྱིས། ཇི་སྐད་དུ། བར་སྲིད་ཆ་གཅིག་གིས་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་ཏེ། འདིར་ཆ་གཅིག་བསྟིམ་ནས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་པའི་ཕྱིར་རོ། །ཞེས་པ་འདི་ནི་ལྟག་ཆོད་ཀྱི་གནས་ཏེ། གཞན་གྱིས་ཁས་བླངས་དང་མ་འབྲེལ་བ་དང༌། འབྲེལ་དུ་ཆུག་ཀྱང་ཐལ་འགྱུར་གྱི་སྐྱོན་བཞི་པོ་གང་རུང་དང་བཅས་པའི་ཕྱིར། དང་པོ་ནི། གཞན་གྱིས་ཁྱབ་པ་ཁས་མ་བླངས་ཤིང༌། གཏན་ཚིགས་ཐུན་མོང་དུ་ཁས་བླངས་པ་ལ་རང་གཞན་གཉིས་ཀ་མི་འདོད་པ་ཐལ་བར་འཕངས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ་སྙམ་ན། ཐལ་བའི་གཏན་ཚིགས་རྟགས་སུ་མ་བཀོད་པར། ཁྱབ་སྒྲུབ་ཀྱི་རྟགས་རྟགས་སུ་བཀོད་པ་ལ་ཁྱབ་འབྲེལ་རྩི་བ་འདི་སུ་ཞིག་གི་ལུགས་སུ་བྱེད། དེ་ལྟར་ན་དེར་འགྱུར། ཞེས་གསལ་བར་བཤད་བཞིན་དུ། ཐལ་བའི་གཏན་ཚིགས་གཞན་ནས་ལེན་པ་ཡང་མངོན་སུམ་པ་ལ་བསྙོན་པའོ། །གཉིས་པ་ནི། ཁྱེད་ཀྱིས་འཕངས་པའི་ཐལ་བ་དེའི་ཞེ་འདོད་ཀྱི་རྟགས་ལ་ཁས་བླངས་དང༌། ཐལ་བ་ལ་བསལ་བ་ཡོད་པ་དེའི་ཚེ། ཁྱབ་པ་ལ་ཁས་བླངས་དང་ཚད་གྲུབ་གང་ཡང་མེད། ཁྱབ་པ་དང་བསལ་པ་ཡོད་པ་དེའི་ཚེ་རྟགས་ལ་ཁས་ལེན་མེད། ཞེ་འདོད་ཀྱི་རྟགས་དང་ཁྱབ་པ་ཡོད་པ་དེའི་ཚེ་བསལ་བ་མེད་དོ། །དེ་ཡང་འདི་ལྟར། ཟླ་ཟེར་ལས། བར་སྲིད་རྫས་གཅིག་ལ་སེམས་ཀྱི་སྣང་ཆ་གཉིས་སུ་ཕྱེ་ནས། ཆ་གཅིག་གིས་རྟེན་གྱི་དང༌། ཆ་གཅིག་གིས་རྟེན་པའི་སྐྱེ་བ་ལེན་པར་ཁས་བླངས་པ་ལ། ཐལ་བ་དེ་ལྟར་འཕེན་པ་དེ་ནི། སྨྲས་ཙམ་དང་ཞེ་འདོད་གང་ལ་ཡང་མ་ཞུགས་སོ། །དང་པོ་ནི། གཞུང་ལུགས་དག་ཏུ། ཤེས་བྱའི་ཁྱད་པར་ཁ་ཅིག་ནི་རྟག་གོ །ཁ་ཅིག་ནི་་མི་རྟག་གོ །ཞེས་དང༌། ཁ་ཅིག་ནི་ཉན་འདོད། ཁ་ཅིག་ནི་ཉན་པར་མི་འདོད་དོ། །ཞེས་པ་ལྟ་བུ་ལ། ཁ་ཅིག་ཆོས་ཅན་དུ་བཟུང་ནས་འཕེན་པ་དང་འདྲ་བས། ཐ་སྙད་དོན་མཐུན་ཐམས་ཅད་ཀྱང་བྲེལ་ཕོངས་ཀྱི་རིགས་པས་སུན་འབྱིན་པ་མ་ཡིན་ནམ། དེ་དུས་ཀྱི་དམ་བཅའི་ཞེན་དོན་ལ་སྐྱོན་མ་ཆགས་པས་སུན་འབྱིན་དེ་མི་འཇུག་གོ་སྙམ་ན། གཉིས་པ་དོན་ལ་མ་ཞུགས་པའི་ཚུལ་ནི། ཐལ་བ་དེའི་དོན། རྟེན་གཞལ་ཡས་ཁང་གི་རྒྱུར་བསྲེས་ཟིན་པའི་བར་སྲིད་ཀྱི་ཆ་གཅིག་པོ་དེ་ཆོས་ཅན་དུ་བཟུང་ནས་སམ། རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་འཇུག་རྒྱུའི་བར་སྲིད་ཀྱི་ཆ་གཅིག་པོ་ཆོས་ཅན་དུ་བཟུང་ནས་སམ། ཡང་ན། ལྷར་སྐྱེ་བ་ལེན་རྒྱུའི་ཆ་གཅིག་པུ་དེ་མི་ལེན་པར་ཐལ། འབྱུང་བ་བཞི་ལ་བསྲེ་རྒྱུའི་ཆ་གཅིག་པོ་དེས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་ཟིན་པའི་ཕྱིར། ཞེས་ཟེར་བ་གསུམ་པོ་གང་རུང་ལས་ཞེ་འདོད་གཞན་མེད་པས་གང་ཡིན། དང་པོ་ལྟར་ན་འདོད་པ་དང༌། གཉིས་པ་ལྟར་ན་མ་གྲུབ་པ་དང༌། གསུམ་པ་ལྟར་ན་ཁྱབ་པ་འགལ་བ་ཡིན་ནོ། །གལ་ཏེ་དེ་དག་གང་དུ་ཡང་མི་འདོད་ཀྱི། ཚིག་རིས་རྐྱང་པ་དེའོ་ཞེ་ན། རིགས་པས་ཕོངས་པར་གྱུར་པ་དེའི་ཚེ་ཁྱབ་པ་འགལ་ལོ། །འོ་ན་ཁྱེད་ཀྱི་ཡང་འགལ་ལོ། །ཞེ་ན། དེའི་ཚེ་ཁྱེད་ཀྱི་ཕྱོགས་ལ་འགལ་བ་མི་ཟད་པའི་ཁུར་གྱིས་ནོན་པར་འགྱུར་ཏེ། འདི་ལྟར། གོང་དུ་བར་སྲིད་འཇུག་པ་དེའི་ཚེ་འོག་ཏུ་འཇུག་པར་ཐལ། གོང་དུ་བསྟིམ་ཟིན་པའི་བར་སྲིད་དེ་ཉིད་ཀྱིས་སླར་ཡང་ལྷའི་སྐྱེ་བ་ལེན་པའི་ཕྱིར། གལ་ཏེ་འོག་ཏུ་ཡང་སྔར་གྱི་རྒྱུན་ནར་མར་ཡོད་ཅེས་སྨྲས་ཟིན་པ་མ་ཡིན་ནམ། ཞེ་ན། གོང་དུ་ཐམས་ཅད་བསྟིམས་ཟིན་ན་རིགས་འདྲའི་རྒྱུན་ཆད་ཟིན་པ་མ་ཡིན་ནམ། སྐྱེ་སྲིད་དུ་སྐྱེ་བ་བླངས་ཟིན་པ་དེ་ཉིད་བར་སྲིད་ཀྱི་རྒྱུན་ནོ། །སྙམ་ན། དེ་ལྟར་ན་བར་སྲིད་ཀྱིས་ལྷའི་སྐྱེ་བ་བླངས་པར་མི་འགྲུབ་བོ། །གཉིས་པ་ལ་གཉིས་ཏེ། ཐལ་འགྱུར་གྱི་དོན་བཤད་པ་དང༌། དེས་ན་ཚེར་མ་མི་འཇུག་པའོ། །དང་པོ་ལ། ཐལ་བ་དང༌། དེས་འཕངས་པའི་རང་རྒྱུད་དོ། །དང་པོ་ནི། སྔ་མ་བཞིན་དུ། ཇི་སྐད་དུ། ཆ་གཅིག་བར་སྣང་ལ་གཞག་མི་དགོས་པ་དེ་ལྟ་ན། ཞེས་པ་གཏན་ཚིགས་སོ། །རྒྱུ་རྡོ་རྗེ་འཛིན་པ་སྙོམས་འཇུག་བྱེད་པའི་སྐབས་སུ་བར་སྲིད་འཇུག་པར་བཤད་པ་དེ། གང་ཟག་གཞན་གྱིས་བར་སྲིད་དུ་འགྱུར་ཏེ། ཞེས་པ་ནི་ཐལ་བའི་ཆོས་སོ། །རྣལ་འབྱོར་པ་རང་གི་བར་སྲིད་ཐམས་ཅད་སྔར་བཅུག་ཟིན་པའི་ཕྱིར་རོ། །ཞེས་པ་ནི་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པའོ། །གཉིས་པ་ནི། མངོན་པར་རྟོགས་པ་ཡན་ལག་དྲུག་པའི་སྐབས་འདི་ཆོས་ཅན། བར་དོའི་ཆ་གཅིག་རྟེན་ལ་བསྲེས་པའི་རྗེས་སུ་ཆ་གཅིག་བར་སྣང་ལ་བཞག་དགོས་ཏེ། འབྲས་བུ་རྡོ་རྗེ་འཛིན་པར་སྐྱེ་བ་ལེན་དགོས་པའི་ཕྱིར། ཞེས་པ་ཡིན་ལ། དེའི་ཚེ་གཏན་ཚིགས་འདི་ནི་ཚུལ་གསུམ་ཚང་བ་དང༌། ཐལ་བ་འདི་ནི་འཁོར་གསུམ་ཚང་བ་སྟེ། ཤེས་བྱེད་སྔ་མ་བཞིན་ནོ། །གཉིས་པ་ནི། ཁྱེད་ཀྱིས། ཇི་སྐད་དུ། འོག་ཏུ་བར་སྲིད་ཆ་གཅིག་འཇུག་པར་བཤད་པ་དེ་གང་ཟག་གཞན་གྱི་བར་སྲིད་ཆ་གཅིག་ཏུ་འགྱུར་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཆ་གཅིག་སྔར་བཅུག་ཟིན་པའི་ཕྱིར་རོ། །ཞེས་འཕེན་པ་འདི་ནི། རྟགས་ལ་ཁས་ལེན་དང༌། ཐལ་བ་ལ་བསལ་བ་ཆ་མཐུན་ཡོད་ཀྱང༌། ཁྱབ་པ་ཁས་བླངས་དང་མ་འབྲེལ་ཞིང༌། འབྲེལ་དུ་ཆུག་ཀྱང་འགལ་ཁྱབ་བླ་ན་མེད་པའོ། །སྔ་མའང་འགལ་ཁྱབ་བོ་ཞེ་ན། མཚུངས་པ་མ་ཡིན་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཐམས་ཅད་རྟེན་གཞལ་ཡས་ཁང་གི་རྒྱུར་བཅུག་ཟིན་པ་ལ་གནོད་བྱེད་དུ་འཕངས་པའི་ཐལ་བ་དེ་ཉིད། བར་སྲིད་ཀྱི་ཆ་གཅིག་དེར་བཅུག་ཟིན་པ་ལ་གནོད་བྱེད་དུ་འཕེན་པ་ནི་ཧ་ཅང་འཕོངས་པའི་རིགས་པ་ཡིན་པའི་ཕྱིར་དང༌། དེ་དུས་ཀྱི་བར་སྲིད་ཆ་གཅིག་པོ་གང་ཟག་གཞན་གྱི་བར་སྲིད་མ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་དེ་ནི། ཆ་གཅིག་བསྲེས་ནས་ཆ་གཅིག་བར་སྣང་དུ་འཇོག་པའི་ཤེས་བྱེད་དུ་འབྲེལ་པ་ཡིན་གྱི། གནོད་བྱེད་དུ་མི་འཇུག་པའི་ཕྱིར་དང༌། གཏན་ཚིགས་དེ་འདྲ་དེ་གོང་དུ་བར་སྲིད་ཐམས་ཅད་བསྟིམ་པའི་ཤེས་བྱེད་དུ་འབྲེལ་པ་ལྟ་ཞོག དེ་ལ་གནོད་བྱེད་ཡང་དག་ཏུ་དམིགས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཕྱོགས་ཆོས་གྲུབ་ཅིང༌། རྟགས་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པ་ལ་ཚེར་མ་འབྱིན་བྱེད་ནི། ཟླ་ཟེར་ལས་འབྱུང་བའི་རིགས་པ་གསུམ་པ་དེ་ཉིད་ཡིན་ལ། དེའི་དོན་ཡང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །ཡང་ཁྱེད་ཀྱིས། འདི་སྐད་དུ། འཁོར་གསུམ་ཐམས་ཅད་ཁས་བླངས་པའི་རྒྱུ་མཚན་གྱིས་ཐལ་འགྱུར་ཡང་དག་ཏུ་འཆད་པ་དེ་ནི། སྤྱིར་རིགས་པའི་གཞུང་ལུགས་དང༌། བྱེ་བྲག་ཏུ་རྗེ་བཙུན་ས་སྐྱ་པ་དག་གི་གཞུང་ལུགས་མ་ཡིན་ཏེ། ཁྱབ་པ་དང་བསལ་བ་ཚད་མའི་སྟོབས་ཀྱིས་འོངས་པ་མ་ཡིན་པར། ཁས་བླངས་ཙམ་གྱིས་གཞག་པའི་ཐལ་འགྱུར་ཡང་དག་སྡེ་བདུན་མཛད་པའི་གཞུང་ལས་བཤད་པ་མེད་པའི་ཕྱིར་དང༌། ཁྱབ་པ་ཁས་བླངས་ཙམ་གྱིས་གྲུབ་པ་དང༌། ཁས་བླངས་ཀྱི་བསལ་བ་ཙམ་ཞིག་ཞུགས་པའི་ཐལ་འགྱུར་ཡང་དག་གི་དབྱེ་བ་ནི་རིག་གཏེར་མཛད་པས་བཀག་ཟིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། སྐབས་སུ་བབ་པའི་དོན་བཤད་པ་དང༌། འབྲེལ་མེད་ཀྱི་སུན་འབྱིན་གཞན་ལ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། ཐལ་འགྱུར་གསུམ་པའི་དོན་བཤད་པ་དང༌། དེས་ན་ཚེར་མ་མི་འཇུག་པའོ། །དང་པོ་ནི། ཟླ་ཟེར་ལས། ཇི་སྐད་དུ། གལ་ཏེ་རྒྱུ་རྡོ་རྗེ་འཛིན་པ་སྙོམས་འཇུག་བྱེད་པའི་སྐབས་སུ་སྔར་དང་འདྲ་བའི་བར་སྲིད་བསྒོམས་ནས། དེ་རང་ལ་བཅུག་པས་ཆོག་གོ་སྙམ་ན། དེ་ལྟར་ན་ཞེས་པ་ནི་གཏན་ཚིགས་སོ། །བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་འགྱུར་ཏེ། ཞེས་པ་ནི་ཐལ་བའི་ཆོས་སོ། །སྐབས་དེར་འཆི་སྲིད་སྦྱོང་བྱེད་གང་ཡང་མ་བསྟན་པའི་ཕྱིར་རོ། །ཞེས་པ་ནི་རྟགས་མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་རིགས་པའོ། །ཐལ་བ་དེའི་ཟློག་དོན་ནི། ཡན་ལག་དྲུག་ལྡན་གྱིས་ཉམས་ལེན་འདིར་ཆོས་ཅན། རྟེན་གཞལ་ཡས་ཁང་ལ་བར་དོ་ཧྲིལ་པོ་བསྲེས་རྗེས་སུ། བརྟེན་པ་རྒྱུ་རྡོར་འཛིན་ལ་འཇུག་རྒྱུའི་བར་སྲིད་གློ་བུར་དུ་བསྐྱེད་པས་ཆོག་པ་མ་ཡིན་ཏེ། འཆི་སྲིད་ལས་མ་ལངས་པའི་བར་དོ་མི་སྲིད་པའི་ཕྱིར། ཞེས་པ་ཡིན་ལ། དེའི་ཁྱབ་འབྲེལ་ནི། མངོན་པར་རྟོགས་པ་ཚར་གཅིག་སྒོམ་དུས་ཀྱི་བར་སྲིད་ཧྲིལ་པོ་གཞལ་ཡས་ཁང་དུ་སྐྱེ་བ་བླངས་ཟིན་པའི་འོག་ཏུ་རྒྱུ་རྡོ་རྗེ་འཛིན་པ་ལ་འཇུག་རྒྱུའི་བར་སྲིད་དེ་འཆི་སྲིད་ལས་ལངས་པ་མ་ཡིན་ཏེ། འཆི་སྲིད་ལས་ལངས་པའི་བར་སྲིད་ཧྲིལ་པོ་ནི་གཞལ་ཡས་ཁང་དུ་སྐྱེ་བ་བླངས་ཟིན་དེ་དང་རྒྱུ་རྡོར་འཛིན་སྙོམས་འཇུག་གི་བར་དུ་ནི་སྦྱོང་བྱེད་འཆི་སྲིད་ཀྱི་ལམ་མ་བསྟན་པའི་ཕྱིར། གཞན་དུ་ན། སྐབས་དེར་གཞལ་ཡས་ཁང་སྟོང་པར་སྦྱངས་ནས་རྒྱུ་རྡོ་རྗེ་འཛིན་པ་སྐྱེ་དགོས་པ་ཉིད་དུ་ཧ་ཅང་ཐལ་ལོ། །གཉིས་པ་ནི། གང་ཡང་ཁྱེད་ཀྱིས་འདི་སྐད་དུ། འཁོར་ལོའི་སྟེང་དུ་བར་སྲིད་བསྒོམ་པ་ན། བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་ཐལ། ཞེས་པ་ནས་སྤྲོས་པས་ཆོག་གོ །ཞེས་པའི་བར་རྣམས་ནི། ཕྱོགས་སྔ་མ་ལ་སུན་འབྱིན་བརྗོད་རྒྱུ་མ་རྙེད་ནས། ཕོངས་པའི་གཏམ་སྨྲ་བ་ཁོ་ན་སྟེ། ཕྱོགས་སྔ་མ་གང་ན་འདུག་གི་ངེས་པ་མ་རྙེད་པར་ལོང་རྡོ་འཕངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བར་སྲིད་སྔ་ཕྱིའི་བར་དུ་སྐྱེ་སྲིད་ཀྱིས་ཆོད་པར་ཁས་བླངས་པ་ལ་འཕངས་པའི་སུན་འབྱིན་དེ་ཉིད་དེའི་བར་དུ་དེས་མ་ཆོད་པར་ཁས་ལེན་པ་ལའང་སུན་འབྱིན་དུ་འཕངས་ནས། རིགས་པ་ཤེས་པ་རྣམས་ཀྱིས་སྤྲོས་ན་མཚུངས་ཞེས་ཟེར་གྱིན་འདུག་པའི་ཕྱིར། མི་མཚུངས་པའི་ཤེས་བྱེད་ནི། འཁོར་ལོའི་སྟེང་དུ་སྒོམ་རྒྱུའི་སྦྱོང་བྱེད་བར་སྲིད་དེ་ནི། སྦྱོང་བྱེད་འཆི་སྲིད་ལས་ལངས་ཤིང༌། སྦྱོང་བྱེད་སྐྱེ་སྲིད་འཕོས་མ་ཟིན་པའི་བར་དེ་ན་ཡོད་པས་འཆི་སྲིད་ལས་ལངས་པར་འཇོག་ལ། ཕྱོགས་སྔ་མ་གཞན་གྱིས་ཁས་བླངས་པའི་བར་སྲིད་ཕྱི་མ་དེ་ནི། རྣལ་འབྱོར་པ་རང་གི་བར་སྲིད་ཧྲིལ་པོས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་ཟིན་ཞིང༌། དེ་ལྟར་ཟིན་པ་དེ་ཉིད་སྟོང་པར་མ་སྦྱངས་པའི་སྐབས་ཀྱི་བར་སྲིད་དུ་འདོད་པའི་ཕྱིར་རོ། །གཞན་ཡང་རྒོལ་བ་ཁྱེད་ནི་སུན་འབྱིན་དེ་ལྟར་བརྗོད་པའི་སྒོ་ནས་ཚར་བཅད་ཀྱི་གནས་ཏེ། ཕྱོགས་སྔ་མའི་གནས་ཡིན་པར་འཆད་པ་དེ་ལ་ཉེས་པ་བླ་ན་མེད་པ་ཡོད་བཞིན་དུ་བརྗོད་མ་ནུས་པར། རིགས་པས་འཕོངས་པ་ཉིད་མཚོན་བྱེད་ཀྱི་སྟོབས་མཚུངས་ཀྱི་གཟུགས་བརྙན་དག་སྨྲས་པའི་ཕྱིར། ཇི་ལྟར་ཞེ་ན། འདི་ལ་གཉིས་ཏེ། ཕྱོགས་སྔ་མའི་འདོད་པ་ཡིན་པ་དེ་མ་བླངས་པ་དང༌། མ་ཡིན་པར་བླངས་ནས་སྐྱོན་མ་བརྗོད་པའོ། །དང་པོ་ནི། བར་སྲིད་དེ་འཆི་སྲིད་ལས་ལྡང་མི་དགོས་པར་ཐལ་བའི་རྟགས་དང་ཁྱབ་པ་སྒྲུབ་པ་གོང་དུ་བཤད་མ་ཐག་པ་དེ་ཉིད་ཡིན་ལ། ཁྱེད་ཀྱིས་ནི། ཇི་སྐད་དུ། སྐབས་དེར་འཆི་སྲིད་སྦྱོང་བྱེད་གང་ཡང་མ་བསྟན་པའི་ཕྱིར། ཞེས་པ་ཐལ་བ་དེའི་རྟགས་སུ་འགོད་པ་ཕྱོགས་སྔ་མའི་འདོད་པར་བླངས་པས་སོ། །གཉིས་པ་ནི། དེ་ལྟ་ཡིན་པ་འོ་ན། གནད་ཀྱི་ཟླ་ཟེར་མཛད་པོ་ལ་ཐལ་བ་དེ་ཉིད་ཕྱིར་འཕངས་པས་ཆོག་པ་ཡིན་ཏེ། དེ་ལྟར་འཕངས་ན་དུས་འདིར་གྲགས་པའི་འཁོར་གསུམ་དངོས་འགལ་ཞེས་བྱ་བ་དེར་འགྲོ་བའི་ཕྱིར་དང༌། རིགས་པའི་གཞུང་ལས་འབྱུང་བའི་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་པ་ཞེས་བྱ་བ་དེ་འབྱུང་རྒྱུ་ཡིན་པ་ལ། རིགས་པ་ཤེས་པས་སྤྲོ་མ་ནུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སུན་འབྱིན་དངོས་ལ་དཔྱད་པ་དང༌། ཉེས་སྤོང་གི་སུན་འབྱིན་ལ་དཔྱད་པའོ། །དང་པོ་ནི། ཁྱེད་ཀྱིས། ཕྱོགས་སྔ་མ་འགོག་བྱེད་ཀྱི་རིགས་པ་འདི་སྐད་དུ། གཞན་ཡང་གོང་འོག་གཉིས་ཀར་བར་དོའི་རྣམ་ཤེས་མ་བཅུག་པར་ཐལ། བར་དོའི་རྣམ་ཤེས་རངས་པ་དེ་གཉིས་གང་དུ་ཡང་མ་བཅུག་པ་གང་ཞིག ཕྱེད་ཀ་འཇུག་པ་སྦྱང་གཞི་དང་མི་མཐུན་པའི་ཕྱིར། ཞེས་འཕེན་པ་འདི་ནི་རིགས་པ་ཤེས་པའི་སྨྲ་བ་མ་ཡིན་ཏེ། སུན་འབྱིན་ལ་ལྟོས་པའི་ཉེས་པ་མཐའ་དག་དང་བཅས་པའི་ཕྱིར། ཇི་ལྟར་ཞེ་ན། རྟགས་ལ་ཁས་ལེན་མེད་པ་དང༌། ཐལ་ཆོས་ལ་ཚད་མའི་བསལ་བ་མེད་པ་དང༌། ཐལ་བ་ལ་ཁས་བླངས་ཀྱི་བསལ་བ་ཡོད་དུ་ཆུག ཞེ་འདོད་ཀྱི་ཁྱབ་པ་མ་ངེས་པ་དང༌། སྒྲས་ཟིན་གྱི་ཁྱབ་པ་འགལ་བ་དང༌། ཐལ་བ་ལ་ཁས་ལེན་ཡོད་ན། ཐལ་འགྱུར་དེ་ལྟར་འཕེན་པ་ལྟག་ཆོད་ཀྱི་གནས་སུ་སོང་བ་དང༌། སུན་འབྱིན་རྣལ་མར་བརྗོད་རྒྱུ་ལ་ཐལ་བར་འཕངས་པས་ནོངས་པ་རྣམས་སོ། །དང་པོ་ནི། ཐལ་བ་དེའི་རྟགས་ཟུར་གཉིས་ཀ་ཕྱོགས་སྔ་མས་ཁས་བླངས་པ་ནི་མ་ཡིན་ཏེ། བར་དོའི་རྣམ་ཤེས་རངས་པ་རྒྱུ་རྡོ་རྗེ་འཛིན་པ་ལ་འཇུག་པར་འདོད་པའི་ཕྱིར་དང༌། རྣལ་འབྱོར་པ་རང་ལ་སྣོད་དང་བཅུད་ཀྱི་སྣང་བ་གཉིས་ཀ་ཡང་ཤེས་རྒྱུད་གཅིག་གིས་བསྡུས་པའི་རྒྱུ་མཚན་གྱིས། བར་དོ་ཆ་གཉིས་བསྲེ་བ་སྦྱང་གཞི་དང་མཐུན་པར་ཁས་མ་ལེན་པའི་ཕྱིར། གཉིས་པ་ནི། ཐལ་བ་དེ་ལ་ཚད་མའི་བསལ་བ་འཇུག་ན། གོང་འོག་གཉིས་ཀར་དུའང་བར་དོའི་རྣམ་ཤེས་འཇུག་པ་ཚད་མས་གྲུབ་པར་འགྱུར་ལ། དེ་ལྟར་ན་ཁྱོད་ཀྱི་གྲུབ་པའི་མཐའ་ཉམས་པ་མ་ཡིན་ནམ། གལ་ཏེ་ཁས་བླངས་ཀྱི་བསལ་བ་ཞུགས་པར་འདོད་ན་ནི། ཕྱོགས་སྔ་མའི་ཁས་བླངས་ཀྱི་དཔྱད་པ་གསུམ་གྱིས་དག་པར་འགྱུར་ཏེ། རིགས་པ་མཁྱེན་པས། ཁས་བླངས་ཀྱི་གནོད་པའི་ས་མཚམས་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་དང་རང་ཚིག་ལས་གཞན་ལ་བཤད་པ་མེད་པའི་ཕྱིར། ཁས་བླངས་གནོད་བྱེད་དུ་འཇུག་པ་དེ་ལྟར་ན། ཐལ་བ་དེ་ཉིད་ཕྱིར་ཟློག་པས་གསུམ་ཆར་དངོས་འགལ་ལོ། །དེ་ཡང་རྟགས་ཕྱི་མ་ལ་རྩོད་པ་མེད་ཅིང༌། སྔ་མ་གྲུབ་ན། དེ་དེ་གཉིས་ཀར་དུ་བཅུག་པར་ཐལ། དེ་དེ་གཉིས་ཀར་དུ་ཡང་བཅུག་པའི་ཕྱིར། དེ་ནི་ཚིག་ཙམ་སྟེ། ཞེ་འདོད་ནི་བར་དོ་རང་པོ་གོང་འོག་གང་རུང་དུ་བཅུག་པ་ལ་འཆད་དོ། །ཞེ་ན། འོ་ན་རྟགས་དང་པོ་ཕྱོགས་སྔ་མས་ཀྱང་ཁས་བླངས་ཏེ། ཞེ་འདོད་དེ་ནི་དེས་ཀྱང་ཁས་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པའི་དུས་སུ་ཐམས་ཅད་བསྲེ་ཞེས་འཆད་པའི་ཕྱིར་དང༌། དེ་ལ་ཁྱེད་ཀྱིས་སུན་འབྱིན་བརྗོད་པ་ན་ཡང༌། བར་སྲིད་རངས་པ་ཡིན་ཀྱང་ཐམས་ཅད་ཅེས་པ་མི་འཐད། ཅེས་བཤད་པའི་ཕྱིར། གལ་ཏེ་རྩ་བར་འདོད་པས་ཆོག་པ་ཡིན་ནོ་སྙམ་ན། འོ་ན་གཉིས་ཀར་འཇུག་པ་ཡིན་ཏེ། གོང་དུ་ཡང་འཇུག འོག་ཏུ་འཇུག་པའི་ཕྱིར། དེ་དང་དེར་ཐལ། དེ་དང་དེར་འཇུག་པའི་ལུང་ཡོད། གོང་འོག་གང་དུ་བཅུག་ཀྱང་འདྲ་བའི་ཕྱིར་རོ། །ཡང་ན་གཉིས་པོ། གང་དུ་ཡང་མི་འཇུག་པར་ཐལ། གོང་དུ་ཡང་མི་འཇུག་འོག་ཏུ་ཡང་མི་འཇུག་པའི་ཕྱིར། གསུམ་པ་ནི། ཁྱེད་ཀྱིས་ཐལ་བ་དེའི་ཞེ་འདོད་ནི། འབྱུང་བཞི་ལ་བར་དོའི་རྣམ་ཤེས་མ་བཅུག་པར་ཐལ། དེར་དེ་རངས་པ་མ་བཅུག་པར་ལྷག་མ་བར་སྣང་ལ་བཞག་པའི་ཕྱིར། དེ་ལ་ནི་ལས་དང་པོ་པའི་རྣལ་འབྱོར་པས་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་མ་བསགས་པར་ཐལ་བ་དང༌། ཟས་ཟོས་པ་དང༌། སྐོམ་འཐུངས་པའི་སྐྱེས་བུ་མི་སྲིད་པར་ཐལ་བ་སོགས་འཇིག་རྟེན་དང་བསྟན་བཅོས་ཀྱི་གཞུང་ལུགས་མཐའ་དག་གིས་མ་ངེས་སོ། །བཞི་པ་ནི། སྦྱང་གཞི་དང་མི་མཐུན་དུ་ཆུག གོང་འོག་སོ་སོར་ཕྱེད་ཀ་རེ་འཇུག་ན། དེ་དང་དེར་མི་འཇུག་པར་འགལ་ལོ། །ལྔ་པ་ནི། རྩ་བའི་ཐལ་བ་དེ་ལྟར་འཕེན་པའི་རྒོལ་བ་ཁྱོད་ནི་ལྟག་ཆོད་ཀྱིས་གནས་ཏེ། རྟེན་དང་བརྟེན་པ་རེ་རེ་ཞིང་བར་དོའི་རྣམ་ཤེས་རངས་པ་རེ་རེ་བཅུག་པར་ཐལ། དེ་རེ་རེ་ཞིང་བར་དོའི་རྣམ་ཤེས་རེ་རེ་བཅུག་པའི་ཕྱིར། ཞེས་སོགས་སྔ་མ་གཞན་ལ་རྟགས་ཁས་བླངས་དང༌། ཁྱབ་པ་ཚད་མ། ཐལ་ཆོས་ལ་ཚད་བསལ་ཞུགས་པའི་སུན་འབྱིན་འཕེན་རྒྱུ་ཡོད་བཞིན་དུ་རྟགས་ཁས་མ་བླངས་པའམ། བླངས་སུ་ཆུག་ཀྱང་ཐལ་ཆོས་ལ་ཚད་བསལ་མེད་པའི་སུན་འབྱིན་འཕངས་པའི་ཕྱིར། དྲུག་པ་ནི། ཁྱེད་རང་ལྟར་ན། སུན་འབྱིན་རྣལ་མར་བརྗོད་དགོས་པ་ཡིན་ཏེ། འདི་ལྟར། གོང་འོག་གཉིས་ཀར་བར་དོའི་རྣམ་ཤེས་མི་འཇུག་སྟེ། དེར་དེ་རངས་པ་མི་འཇུག་པ་གང་ཞིག                   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*