དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད། ག ༽

དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་ཤིང༌། ཡོངས་གྲུབ་དང་ཀུན་རྫོབ་བདེན་པའི་གཞི་མཐུན་ནི་ལུགས་འདིར་ཁོ་ནར་མ་ཟད། གཞན་ལའང་མི་རུང་བའི་ཕྱིར། རིགས་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཡིན་ན་དོན་དམ་པའི་བདེན་པ་ཡིན་པས་ཁྱབ་ལ། འཕགས་པའི་མཉམ་གཞག་ཟག་མེད་ཀུན་ཀྱང་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཆོས་ཉིད་དུ་ཐལ་བར་འགྱུར་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ་སྙམ་ན། འོ་ན་ཁྱོད་ལའང་དེར་ཐལ་བར་འགྱུར་ཏེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་དོན་དམ་པ་དང་བདེན་པའི་གཞི་མཐུན་ལ་དོན་དམ་བདེན་པས་ཁྱབ་པ་ཡིན་ཏེ། དོན་དམ་པ་ཡིན་ན་ཀུན་རྫོབ་ཏུ་འགལ་བའི་ཕྱིར་དང༌། དེ་ལ་དེས་མ་ཁྱབ་ན་ཀུན་རྫོབ་ལ་ཡང་ཀུན་རྫོབ་ཀྱི་བདེན་པས་མ་ཁྱབ་པར་འགྱུར་རོ། །རྣལ་མའི་ལན་ནི་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུ་ཆོས་ཉིད་དུ་ནི་ཁས་མི་ལེན་ཏེ། གསར་དུ་ཡང་དག་པར་བླངས་པ་ལས་བྱུང་བའི་ཕྱིར་དང༌། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་ཁྱད་པར་སོ་སོ་དབྱེ་དགོས་པས་སོ། །ཡང་ཅི་འདས་ལམ་ཟག་མེད་ཀྱི་བག་ཆགས་ཀུན་གཞིའི་སྟེང་དུ་གཞག་གམ་མ་གཞག མ་གཞག་ན་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུའི་རྐྱེན་མི་རུང་ལ། གཞག་ན་དེ་ཡང་ཀུན་རྫོབ་ཀྱི་བདེན་པར་འགྱུར་ཏེ། ཀུན་གཞིའི་རྣམ་ཤེས་ཀྱི་བག་ཆགས་སུ་ཁས་བླངས་པས་སོ་ཞེ་ན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་མི་འཇོག་སྟེ། ཟག་མེད་ཀྱི་བག་ཆགས་ཡིན་ན་ཀུན་གཞིའི་རྣམ་ཤེས་སུ་འགལ་བའི་ཕྱིར་ཏེ། དེ་ཡིན་ན་དེའི་གཉེན་པོ་ཡིན་དགོས་པའི་ཕྱིར་རོ། །ཀུན་གཞིའི་ཡེ་ཤེས་ཀྱི་སྟེང་དུ་དེའི་བག་ཆགས་འཇོག་དགོས་པ་ཡིན་ཏེ། གཞན་དུ་ན་ཐོས་པའི་བག་ཆགས་ཞེས་བྱ་བ་དང༌། ཟག་མེད་ཀྱི་ཡེ་ཤེས་སྐྱེ་རུང་ཞེས་བྱ་བ་དེ་མི་རུང་བའི་ཕྱིར་རོ། །འོ་ན་དེས་བཞག་པའི་བག་ཆགས་དེ་རང་བཞིན་དུ་གནས་པའི་རིགས་སམ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དངོས་ཡིན། དང་པོ་ལྟར་ན། ཆོས་ཉིད་དུ་ཐལ་བས་གསར་དུ་བླངས་པ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན་ལུང་མ་བསྟན་མ་ཡིན་པར་ཐལ་བས། ཀུན་གཞིའི་ཡེ་ཤེས་མ་ཡིན་པར་འགྱུར་རོ་སྙམ་ན། དེ་དུས་ཀྱི་བག་ཆགས་གསར་གཞག་དེ་གཞི་དུས་ཀྱི་ཆོས་ཉིད་དང༌། རྫས་སོ་སོར་དབྱེར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་ལྟ་ན་ཡང་ཆོས་ཉིད་དུ་ཁས་མི་ལེན་ཏེ། ཐོག་མ་མེད་པ་ནས་འོངས་པ་མ་ཡིན་གྱི། གསར་དུ་ཐོབ་པའི་ཕྱིར། དེས་ན་འདས་ལམ་དངོས་སུ་ཁས་ལེན་པ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དངོས་ཡིན་པའི་ཕྱིར། སྤྱིར་ཡེ་ཤེས་ཀྱི་བག་ཆགས་ཡེ་ཤེས་དངོས་སུ་ཁས་ལེན་དགོས་པ་ནི། ཀུན་གཞིའི་བག་ཆགས་ཀུན་གཞིའི་རྣམ་ཤེས་སུ་ཁས་ལེན་དགོས་པ་དང་འདྲའོ། །དགེ་བར་ཐལ་བ་ནི་འདོད་པ་ཡིན་ལ། དེ་ལྟ་ན་ཀུན་གཞིའི་ཡེ་ཤེས་མ་ཡིན་པར་ཐལ་བ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། འགོག་པ་ལ་མཉམ་པར་གཞག་བཞིན་པའི་སློབ་པའི་རྒྱུད་ཀྱི་སྒོམ་ལམ་བཞིན་ནོ། །དེ་ཀུན་གཞིའི་ཡེ་ཤེས་མ་ཡིན་ན་དེ་ན་ཡེ་ཤེས་མེད་པར་འདོད་པའམ། ཡོད་པར་འདོད་ཀྱང་ཡེ་ཤེས་དེ་ཡིད་ཀྱི་ཤེས་པར་འདོད་པ་གང་རུང་ལས་མ་འདས་ལ། དེ་ཐམས་ཅད་འགོག་སྙོམས་ཀྱི་སྤྱི་དོན་དུ་གཏན་ལ་ཕབ་ཟིན་ཏོ། །ཡང་གཞུང་འདི་འཆད་པ་པོ་དག འགོག་བདེན་གྱི་མཚན་གཞི་མེད་དགག་ཏུ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པས་སོ། །དང་པོ་ནི། དེ་ལྟ་ན་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡང་དེར་འགྱུར་ལ། དེ་ལྟ་ན་ཐེག་བསྡུས་ལས། མི་གནས་པའི་མྱ་ངན་ལས་འདས་པ་ནི་སངས་རྒྱས་ཀྱི་སྐུ་གསུམ་སྟེ། ངོ་བོ་ཉིད་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་ནི་དེའི་འབྲས་བུ་ཡེ་ཤེས་སུ་བསྟན་ནོ། །ཞེས་གསུངས་པ་ལས། སྐུ་གསུམ་ཀ་ཡེ་ཤེས་སུ་བསྟན་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ཡང་གནས་གྱུར་གྱི་ཡེ་ཤེས་སུ་བཤད་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ནི། འགོག་པའི་བདེན་པ་ཆོས་ཅན། ཀུན་བརྟགས་སུ་ཐལ་བ་དང༌། རང་སྟོང་དུ་ཐལ་བ་དང༌། བདེན་མེད་དུ་ཐལ། མེད་པར་དགག་པའི་ཆོས་ཡིན་པས་ལྡོག་པ་གཞན་སེལ་ལས་མ་འདས་པའི་ཕྱིར་རོ། །འདོད་ན་དོན་དམ་པའི་བདེན་པ་ཉིད་དུ་འགལ་ལོ། །དེས་ན་འགོག་བདེན་གྱི་ཚོགས་པ་ན། དགག་བྱ་བཀག་ཙམ་གྱིས་མེད་དགག་དང་དེས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་གཉིས་ལས། དང་པོ་འགོག་བདེན་དུ་འཇོག་པ་ནི་མདོ་སྡེ་པའི་ལུགས་ཡིན་ལ། འདིར་ནི་གཉིས་པ་དེ་ཁས་ལེན་པར་གཞུང་དུ་འགོག་བདེན་གྱི་རྣམ་གཞག་མདོ་དང་སྦྱོར་བའི་སྐབས་སུ་གསལ་བར་གསུངས་པ་ཡིན་ནོ། །འདིར་སྨྲས་པ། མང་དུ་གསན་དང་མང་པོར་དཔྱོད་རྣམས་ཀྱང༌། རྣམ་རིག་གྲུབ་མཐའི་རྣམ་རྟོག་མ་ཚུགས་པར། །ལོ་མའི་བཤད་པས་ལོ་གྲངས་མང་འདས་ཚེ། །དོན་མེད་མི་རྣམས་དོན་འདི་ངེས་པར་སློབས། །གཉིས་པ་སོ་སོའི་མཚན་ཉིད་ལ་བཞི་ལས། དང་པོ་སྡུག་བདེན་ལ། མཚན་གཞི་དང༌། མཚན་ཉིད་དང༌། དབྱེ་བ་དང༌། འགྲུབ་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། དམིགས་བསལ་ལོ། །དང་པོ་ལ་མཚན་གཞི་གཉིས་བཤད་པ་དང༌། དེ་སྡུག་བསྔལ་ཡིན་པའི་ཤེས་བྱེད་དོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི་སྡུག་བདེན་དེ་ནི་ཆོས་ཅན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱ་སྟེ། ལས་དང་ཉོན་མོངས་པའི་རྣམ་སྨིན་དང་བདག་པོའི་འབྲས་བུ་གཉིས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་ཕྱིར། གཉིས་པ་བཤད་པ་ལ་གཉིས་ཏེ། སེམས་ཅན་སྐྱེ་བ་བཤད། སྐྱེ་བའི་གནས་བཤད་པའོ། །དང་པོ་ལ། འདོད་པའི་སེམས་ཅན་བཤད། གཟུགས་ཀྱི་དང༌། གཟུགས་མེད་ཀྱི་སེམས་ཅན་བཤད་པའོ། །དང་པོ་ལ་གསུམ་སྟེ། ངན་སོང་གསུམ་དང༌། མི་དང༌། འདོད་ལྷ་རིགས་དྲུག་གོ །གཉིས་པ་ལ་གསུམ་སྟེ། བསམ་གཏན་དང་པོ་གསུམ་གྱི་གནས་གསུམ་གསུམ་བཤད། བཞི་པའི་གནས་ཐུན་མོང་བ་བཤད། ཐུན་མོང་མ་ཡིན་པ་འཕགས་པའི་གནས་ལྔ་བཤད་པའོ། །བར་པ་ལ་སྲིད་པ་ཚོལ་བའི་གནས་གསུམ་དང༌། ངེས་འབྱུང་ཚོལ་བའི་གནས་གཅིག་རྣམས་སོ། །གཉིས་པ་སྐྱེ་བའི་གནས་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་བཞི་སྟེ། རྟེན་དཀྱིལ་འཁོར་རྣམ་གསུམ་བཤད་པ་དང༌། བརྟེན་པའི་མཚོ་གླིང་གསུམ་བཤད་པ་དང༌། གནས་གཞན་བཤད་པ་དང༌། སྟོང་གསུམ་གྱི་རྣམ་གཞག་བཤད་པའོ། །གནས་གཞན་བཤད་པ་ལ་གཉིས་ཏེ། མཐོ་རིས་ཀྱི་དང༌། ངན་སོང་གི་གནས་གཞན་ནོ། །དང་པོ་ལ། ལྷའི་དང༌། ལྷ་མ་ཡིན་གྱིའོ། །དང་པོ་ལ་ས་གཞི་ལ་བརྟེན་པ་དང༌། ནམ་མཁའ་ལ་བརྟེན་པའོ། །དེ་ལའང་བསྟན་པ་དང༌། བཤད་པའོ། །བཤད་པ་ལ་འདོད་པའི་དང༌། གཟུགས་ཀྱི་ལྷ་གཉིས་སོ། །ངན་སོང་ལའང་གསུམ་ལས། དམྱལ་བ་བསྟན་བཤད་གཉིས་ཀྱིས་བཤད་དོ། །བཞི་པ་ལ་སྟོང་གསུམ་གྱི་ཚད་ངོས་གཟུང༌། དེ་ཉིད་ཕྱོགས་བཅུའི་འཇིག་རྟེན་དུ་བཀྲལ་ནས་བཤད་པའོ། །དང་པོ་ལ་སྟོང་ཆུང་ངུ་དང༌། བར་པ་དང༌། སྟོང་གསུམ་ཆེན་པོའི་ཚད་དང་གནས་ལུགས་བཤད་པའོ། །གཉིས་པ་ལ། སྟོང་གསུམ་འཆགས་འཇིག་མཉམ་དུ་བསྟན་པ་དང༌། ཕྱོགས་བཅུའི་འཇིག་འཆགས་ཐམས་ཅད་མཉམ་དུ་མི་བྱུང་བར་བསྟན་པའོ། །གཉིས་པ་དམིགས་བསལ་ལ། དམིགས་བསལ་དངོས་དང༌། དེ་བསམ་གྱིས་མི་ཁྱབ་པའི་ཤེས་བྱེད་བསྟན་པའོ། །དང་པོ་ནི། འོ་ན་སེམས་ཅན་སྐྱེ་བ་དང༌། དེའི་གནས་ལ་སྡུག་བསྔལ་གྱི་བདེན་པས་ཁྱབ་བམ་ཞེ་ན། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ལ་སོགས་པ་དེ་དག་བཅུད་དང་བཅས་པ་ནི་ཆོས་ཅན། སྡུག་བསྔལ་གྱི་བདེན་པ་མ་ཡིན་པར་བལྟ་སྟེ། ལས་དང་ཉོན་མོངས་པས་བསྐྱེད་པ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུ་ཡང་མ་ཡིན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་སྟེ། དེའི་བདག་པོའི་འབྲས་བུ་ཡང་མ་ཡིན་པའི་ཕྱིར། འོ་ན་རྒྱུ་གང་ལས་བྱུང་ཞེ་ན། སངས་རྒྱས་རྣམས་ཀྱི་སྨོན་ལམ་དང༌། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་སྟེ་ཞིང་དག་པའི་སྦྱོར་བ་བསྒོམས་པའི་དབང་གིས་བྱུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བས་ན། སྐྱེ་བའི་གནས་དེ་དག་ནི་ཆོས་ཅན། བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཏེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །འོ་ན་དེ་དག་གང་ཟག་གང་གིས་བསམ་གྱིས་མི་ཁྱབ་ཅེ་ན། དེ་དག་ནི་ཆོས་ཅན། རྟོག་གེ་པ་རྣམས་ཀྱི་ཡུལ་ཡིན་པ་ལྟ་ཅི་སྨོས་ཏེ། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་སྤྱོད་ཡུལ་ཡང་མ་ཡིན་པའི་ཕྱིར། འདིར་བསམ་གཏན་པ་ནི་ཕྱི་རོལ་པ་དང༌། ཉན་རང་གི་བསམ་གཏན་པ་ལ་བྱའོ། །བསམ་གཏན་ནི་མངོན་པར་ཤེས་པ་ལྔའོ། །རྟོག་གེ་པ་ཞེས་བྱ་བ་ནི་ལྐོག་གྱུར་གྱི་དོན་ལུང་དང་རིགས་པ་ཁོ་ན་ལ་བརྟེན་ནས་ཚོལ་བའོ། །རྣམ་བཤད་མཛད་པ་སྔ་མ་རྣམས། བདེ་བ་ཅན་དུ་པདྨའི་སྦུབས་སུ་ལུས་བླངས་པ་དེ་དག སྡུག་བསྔལ་གྱི་བདེན་པ་ཡིན་པ་ལ་བསམས་ནས་འདི་འོག་མིན་ཁོ་ན་ལ་སྦྱོར་བ་དང༌། དེའི་ནང་ན་ཞུགས་པའི་བྱང་འཕགས་རྣམས་སེམས་ཅན་ཡིན་པའི་རྒྱུ་མཚན་གྱིས་སྡུག་བདེན་ཡིན་པར་བསམ་ནས། སྣོད་ཁོ་ན་ལ་སྦྱོར་བར་མཛད་པ་དེ་དག་གིས་ནི་དཔྱིས་ཕྱིན་པའི་བཤད་པ་མཛད་པ་མེད་ཀྱང༌། དོན་འདི་ལྟར་ཡིན་ཏེ། ཐོགས་མེད་ཞབས་ཀྱིས་རྒྱུད་བླའི་འགྲེལ་པར་བཤད་པ་ལྟར་ན། བདེ་བ་ཅན་གྱི་ཉན་རང་པདྨའི་སྦུབས་སུ་ལུས་བླངས་པ་དེ་དག་དང༌། འོག་མིན་གྱི་བྱང་སེམས་ས་བཅུ་པ་བ་དེ་དག་གི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ཏེ། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས། ཡིད་ཀྱི་རང་བཞིན་གྱི་ལུས་བླངས་པ་ཡིན་པའི་ཕྱིར། རྣལ་འབྱོར་སྤྱོད་པའི་གཞུང་ལྟར་ན། ཉན་རང་པདྨའི་སྦུབས་སུ་ལུས་བླངས་པ་དེ་ལྷག་མེད་དུ་འདས་པ་དག་ནི་མ་ཡིན་ཏེ། དེ་ནས་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར། ལྷག་བཅས་པ་ཡང་མ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་དང་བཅས་བཞིན་དུ་དེར་མི་ལེན་པའི་ཕྱིར་དང་ཕུང་པོ་བོར་ན་ནི་ལྷག་མེད་དུ་སོང་བའི་ཕྱིར། འོ་ན་ཅི་ཞེ་ན་ཉན་ཐོས་མ་ངེས་པའི་རིགས་ཅན་ཐེག་པ་ཆེན་པོར་ཞུགས་ནས་སྨོན་ལམ་དང་སྤྲུལ་པ་གང་རུང་གིས་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་བླངས་པ་ཞེས་བྱ་བ་དེ་ཡིན་པར་ངེས་ཏེ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས་རྒྱས་པར་གསུངས་པའི་ཚུལ་འོག་ནས་འཆད་པ་ལྟར་རོ། །དེ་ལྟར་ན་ཡང་འདི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ཏེ། ལས་དང་ཉོན་མོངས་པའི་དབང་གིས་འཕངས་པ་མ་ཡིན་པའི་ཕྱིར་རོ། །བྱང་སེམས་འཕགས་པ་རྣམས་ཀྱིས་བླངས་པའི་ལུས་དེ་ཡང་སྡུག་བདེན་མ་ཡིན་ཏེ། ས་དང་པོ་ནས་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པར་འཆད་པ་དེ་ཡང་རྒྱུའི་ཀུན་སློང་ལ་དགོངས་པ་ཡིན་པའི་ཕྱིར། དུས་ཀྱི་ཀུན་སློང་ནི་ཉོན་མོངས་པ་ཅན་གྱི་སྲེད་པ་དངོས་སམ། དེའི་བག་ལ་ཉལ་གྱིས་བྱས་ཀྱང་དེའི་ཉེས་པ་མི་སྐྱེད་པའི་ཕྱིར། དེ་ཡང་དེ་གཉིས་གང་རུང་ལས་འོས་མེད་དེ། སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་ཀུན་སློང་ཡིན་པའི་ཕྱིར། དོན་དེ་ལ་དགོངས་ནས་ཅིག་ཆར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བཤད་དོ། །འོག་ནས་དབང་ཐོབ་པའི་བྱང་སེམས་ལ་སྡུག་བསྔལ་མེད་པར་གསུངས་པ་དེ་ཡང་རྣམ་སྨིན་གྱི་སྡུག་བསྔལ་མེད་པ་ལ་དགོངས་པ་ཡིན་ཏེ། དེ་དག་གི་ཕུང་པོ་དེ་རྣམ་སྨིན་འཕེན་བྱེད་ཀྱི་ལས་ཉོན་གྱིས་འཕངས་པ་མ་ཡིན་པའི་ཕྱིར་དང༌། འགྲུབ་བྱེད་ཀྱིས་ཀྱང་ཉོན་མོངས་པའི་ཉེས་པ་མི་སྐྱེ་བའི་ཕྱིར་རོ། །འོ་ན་ས་དེ་ཉོན་མོངས་པའི་ཉེས་པ་མི་སྐྱེད་པར་བཤད་པ་དེ་ཅི་ཞེ་ན། སྐྱེ་བ་ལེན་པའང་རིག་འདྲ་ཕྱི་མ་བསྐྱེད་པ་ཙམ་ལས་གཞན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉེས་པ་མི་སྐྱེད་པའོ། །དེ་ལྟར་གྲུབ་པ་ན། བཅུད་ཀྱི་གང་ཟག་དེ་དང་དེ་ལ་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་རྣམ་རིག་གང་མ་ཡིན་པ་དེ་ནི་གང་ཟག་དེའི་ཤེས་རྒྱུད་ཀྱིས་ཚུར་བསྡུས་པ་ཡིན་ལ། དེ་ཡང་དེའི་རྒྱུད་ཀྱི་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་དབང་གིས་དེར་སྣང་བ་ཡིན་པས་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་དེ་ཉིད་དོ། །དེའི་ཕྱིར་ལམ་གྱི་བདེན་པར་འཆད་ནུས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ལས་ཐོབ་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་ལ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། སྡུག་བསྔལ་བརྒྱད་དུ་ཕྱེ་སྟེ་བསྟན་པ་དང༌། དབྱེ་བ་གཞན་ཡང་དེ་ཉིད་དུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དེ་ལ་བཞི་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་དབང་དུ་བྱས་པ་གཅིག ནང་ལ་བརྟེན་པའི་སྡུག་བསྔལ་གྱི་དབང་དུ་བྱས་པ་གསུམ། ཕྱི་རོལ་ལ་བརྟེན་པའི་དབང་དུ་བྱས་པ་གསུམ། གནས་ངན་ལེན་གྱི་སྡུག་བསྔལ་བཤད་པའོ། །དབྱེ་བ་གཞན་དེར་བསྡུ་བ་ལ་གསུམ་སྟེ། སྡུག་བསྔལ་རྣམ་པ་དྲུག་བརྒྱད་དུ་བསྡུ་བ། གསུམ་བརྒྱད་དུ་བསྡུ་བ། གཉིས་བརྒྱད་དུ་བསྡུ་བའོ། །སྤྱིའི་མཚན་ཉིད་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་བཤད་པའོ། །དེ་ལ་བཞི་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པའོ། །དང་པོ་ལ། དབྱེ་བ་དང༌། མཚན་ཉིད་དོ། །དང་པོ་ལ་ལྔ་སྟེ། མི་རྟག་པའི་སྒྲ་དོན་གྱི་དབང་དུ་བྱས་པ་གཉིས། མཚན་ཉིད་ཀྱི་དབང་དུ་བྱས་པ་གསུམ། རྒྱུའི་དབང་དུ་བྱས་པ་གཅིག དབྱེ་བའི་དབང་དུ་བྱས་པ་གཉིས། མཚན་གཞིའི་དབང་དུ་བྱས་པ་རྣམས་སོ། །དེ་ལ་གཉིས་ཏེ། སེམས་ཅན་གྱི་དབང་དུ་བྱས་པ་དང༌། སྣོད་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་སྟེ། ལུས་ཀྱི་དང༌། སེམས་ཀྱི་དང༌། ལོངས་སྤྱོད་ཀྱི་དབང་དུ་བྱས་པའོ། །བར་པ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་ཕྱིར་མི་སྤྱོད་པའི་སེམས་དྲུག ཏིང་ངེ་འཛིན་མ་ཐོག་པའི་སེམས་བརྒྱད། ཏིང་འཛིན་ཐོབ་པའི་སེམས་གཉིས་སོ། །བརྒྱད་པོ་བཞིར་བསྡུད་དེ། དམིགས་པ་ལ་གཏོད་པའི་དུས་པ་གཉིས། ཞི་གནས་ཀྱི་མཚན་མ་སྒོམ་པའི་དུས་པ་གཉིས། རབ་ཏུ་འཛིན་པའི་མཚན་མ་སྒོམ་པའི་དུས་པ་གཉིས། བཏང་སྙོམས་ཀྱི་མཚན་མ་སྒོམ་པའི་དུས་པ་གཉིས་རྣམས་སོ། །སྣོད་ཀྱི་དབང་དུ་བྱས་པ་ལ་གསུམ་སྟེ། འཇིག་པའི་རྒྱུ། འཇིག་པའི་རྩེ་མོ། བསྐལ་པའི་རྣམ་གྲངས་རྣམས་བསྟན་པའོ། །དེ་ལ་གཉིས་ཏེ། བསྐལ་པ་བར་མ་བསྟན་པ་དང༌། བསྐལ་པ་གཞན་བསྟན་པའོ། །དེ་ལ་གཉིས་ཏེ། བསྐལ་པ་དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ། བར་གྱི་བསྐལ་པ་བཤད། དེས་མཚོན་ནས་འཆགས་འཇིག་གི་བསྐལ་པ་བཞི་བཤད། དེས་མཚོན་ནས་བསྐལ་ཆེན་བཤད་པའོ། །ཞར་བྱུང་ལ་གཉིས་ཏེ། བསྐལ་པ་དེས་ཁམས་གོང་གི་ལྷའི་ཚེ་ཚད་བཤད། འཆི་འཕོ་བའི་རྒྱུ་བསྟན་པའོ། །སྡུག་བསྔལ་གྱི་མཚན་ཉིད་ལ་གཉིས་ཏེ། དངོས་དང༌། མདོ་འགལ་སྤང་པའོ། །དེ་ལ་གཉིས་ཏེ། རྒོལ་བ་དང༌། ལན་ནོ། །ལན་ལ་གཉིས་ཏེ། མི་རྟག་པ་ཤེས་ན་སྡུག་བསྔལ་གསུམ་ཤེས་པ་ལ་དགོངས་པས་མི་འགལ་བ་དང༌། མི་རྟག་པ་གཉིས་དང་འབྲེལ་པ་སྡུག་བསྔལ་བརྒྱད་མངོན་པ་ལ་དགོངས་པས་མི་འགལ་བའོ། །དང་པོ་ལ་གསུམ་སྟེ། མི་རྟག་པ་གཉིས་སུ་དབྱེ་བ་དང༌། དེ་ལ་བརྟེན་ནས་སྡུག་བསྔལ་གསུམ་ཤེས་པའི་ཚུལ་དང༌། བཏང་སྙོམས་དང་བདེ་བ་ཡང་ལུང་གིས་སྒྲུབ་པའོ། །འདི་དག་ནི་ཟག་པ་དང་བཅས་པའི་མི་རྟག་པ་ལ་དགོངས་པ་ཡིན་ནོ། །སྟོང་པའི་མཚན་ཉིད་ལ་དངོས་དང༌། ཞར་ལ་སྟོང་པའི་དབྱེ་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། གཞན་སྟོང་གི་ཤེས་བྱེད་ལུང་དང་སྦྱར་བའོ། །དང་པོ་ལ་གསུམ་སྟེ། ཡོད་མཐའ་སེལ་བ་དང༌། མེད་མཐའ་སེལ་བ་དང༌། དེས་ན་སྟོང་པ་ཉིད་ཀྱི་ངོས་འཛིན་ཕྱིན་ཅི་མ་ལོག་པར་བསྟན་པའོ། །དང་པོ་ནི། སྡུག་བདེན་གྱི་མཚན་ཉིད་དུ་བཞག་པའི་སྟོང་པའི་མཚན་ཉིད་གང་ཞེ་ན། དགག་གཞི་གང་མེད་པ་དེ་ནི་དགག་བྱ་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ་ཞེས་པའོ། །གཉིས་པ་ནི། དགག་གཞི་འདི་ལ་དགག་བྱ་གང་བཀག་པའི་ལྷག་མ་སྟོང་པ་ཉིད་ཀྱི་དངོས་པོ་གང་ཡིན་པ་དེ་ནི་དགག་གཞི་འདིར་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གསུམ་པ་ནི། བདག་མེད་ཅིང་བདག་མེད་ཡོད་པ་འདི་ནི་སོགས་སོ། །རྒྱས་པར་བཤད་པ་ལ་བདག་མེད་པར་བསྟན་པ་དང༌། བདག་མེད་དངོས་པོར་བསྟན་པ་དང༌། དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ནི་དགག་གཞི་གང་ན་དགག་བྱ་ཅི་ཞིག་མེད་ཅེ་ན། རྣམ་བརྟགས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ལ། ཀུན་བརྟགས་པའི་རྟག་པ་དང༌། བརྟན་པ་དང༌། ཐེར་ཟུག་པ་དང་མི་འགྱུར་བའི་ཆོས་ཅན་དང༌། གང་ཟག་གི་བདག་དང་བདག་གི་བ་མེད་དོ། །དེ་མེད་པ་དེ་ལྟ་བས་ན་དགག་གཞི་དེ་དག་ནི་དགག་བྱ་དེས་སྟོང་ངོ༌། །གཉིས་པ་ནི། དགག་གཞི་དེ་ལ་དགག་བྱ་དེ་མེད་ན་ལྷག་མ་ཅི་ཞིག་ཡོད་ཅེ་ན། གང་བདག་བཀག་པས་ཁྱད་པར་དུ་བྱས་པའི་དངོས་པོ་ལ་བདག་མེད་པ་ཞེས་བྱ་བའི་མིང་གིས་བཏགས་པའི་བདག་མེད་ཉིད་ཡོད་དོ། །གསུམ་པ་ནི། དེ་ལྟར་ན་དགག་གཞི་དེ་ལ། དགག་བྱ་བདག་ནི་མེད་ཀྱི། རང་གི་ངོ་བོ་བདག་མེད་པ་ནི་ཡོད་པར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་མདོ་དང་སྦྱར་བ་ནི། འདི་ལ་དགོངས་ནས་ཞེས་སོགས་སོ། །གཉིས་པ་ཞར་བྱུང་སྟོང་པའི་དབྱེ་བ་ལ། དབྱེ་བ་དངོས་དང༌། སོ་སོའི་མཚན་ཉིད་དོ། །གཉིས་པ་ནི། ཀུན་བརྟགས་པའི་ངོ་བོ་ཉིད་ཆོས་ཅན། ངོ་བོ་ཉིད་སྟོང་པ་ཞེས་བྱ་སྟེ། རང་སྟོང་ཡིན་པའི་ཕྱིར། གཞན་གྱི་དབང་གི་ངོ་བོ་ཉིད་ཆོས་ཅན། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ཅེས་བྱ་སྟེ། བདག་གཉིས་སུ་སྣང་བའི་སྣང་བ་དེས་སྟོང་པའི་གཞན་སྟོང་ཡིན་པའི་ཕྱིར། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཆོས་ཅན། རང་བཞིན་གྱི་སྟོང་པ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར། གོང་དུ་སྟོང་པའི་མཚན་ཉིད་བསྟན་པ་ན། གང་ཟག་གི་བདག་གིས་སྟོང་པའི་དབང་དུ་བྱས་ལ། ཞར་བྱུང་སྟོང་པའི་དབྱེ་བ་བསྟན་པ་འདིར་ནི་ཆོས་ཀྱི་བདག་གིས་སྟོང་པའི་དབང་དུ་བྱས་སོ། །བོད་ཕྱི་མ་རྣམས་ཀྱིས་གཞུང་འདི་དག་གི་དོན་མ་བརྟགས་པར། སྟོང་པ་ཉིད་ཀྱི་དོན་ཀླུ་གྲུབ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བ་ལྟར་མེད་དགག་གི་ཆ་ཁོ་ན་ལ་འཆད་པ་ནི་ཤིན་ཏུ་ནོངས་པ་ཡིན་ཏེ། རང་སྟོང་དང་གཞན་སྟོང་གི་འཇོག་ཚུལ་གཅིག་ཏུ་འཁྲུལ་བའི་ཕྱིར་དང༌། རང་སྟོང་དང་གཞན་སྟོང་ཞེས་བྱ་བ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་སྟོང་ཉིད་ཀྱི་འཇོག་མཚམས་ཡིན་པ་དེ་མ་ཤེས་པར། གཞན་སྟོང་གི་ཐ་སྙད་བོད་ཀྱི་བསམ་གཏན་པ་བླུན་པོ་དག་གིས་བཏགས་པར་བཤད་པའི་ཕྱིར་དང༌། བདག་མེད་ཀྱི་དོན་མེད་དགག་དུ་འཆད་པ་དང༌། བདེན་གྲུབ་ཏུ་འཆད་པ་ནང་འགལ་བའི་ཕྱིར་དང༌། ཐོགས་མེད་རྗེས་འབྲང་དང་བཅས་པའི་གཞུང་ན་བདག་མེད་གཉིས་ཀྱི་དོན་བདག་གཉིས་བཀག་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ཅེས་བྱ་བ་མྱོང་བ་གསལ་རིག་གི་ཆ་ལ་བཤད་པ་ཤ་སྟག་ཏུ་སྣང་བའི་ཕྱིར། དེ་ཡང་དཔེར་ན། སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དེ་ཉིད་རྣམ་པར་རིག་པ་ཙམ། །ཇི་སྲིད་རྣམ་རིག་ཙམ་ཉིད་ལ། །རྣམ་པར་ཤེས་པ་མི་གནས་པ། །འཛིན་པ་གཉིས་ཀྱི་བག་ལ་ཉལ། །དེ་སྲིད་རྣམ་པར་མི་ལྡོག་གོ །ཞེས་བཤད་པ་ལྟ་བུའོ། །དེ་ཡང་དབྱིག་གཉེན་ཞབས་ཀྱིས་རང་བཟོར་བྱས་པ་མ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། རང་བཞིན་མ་ཡིན་འོད་གསལ་ལ་བརྗོད་དོ། །ཞེས་རང་བཞིན་གྱིས་འོད་གསལ་བ་ལ་ཆོས་ཉིད་ཀྱི་སེམས་སུ་གསུངས་པའོ། །ཡང་རྣམ་བཤད་བྱེད་པ་གཞན་དག་འདི་ལ་ལྷག་མ་ཡོད་ཅེས་གསུངས་པའི་དོན། ཆོས་ཉིད་ཁོ་ནར་མ་ཟད་གཞན་དབང་ཡོད་པ་ལ་འཆད་དགོས་ཏེ། གཞན་དབང་བདེན་གྲུབ་ཏུ་ཁས་ལེན་དགོས་པའི་ཕྱིར་དང༌། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་བཤད་པའི་ཕྱིར། ཞེས་ཟེར་བ་དེ་ཡང་མ་ཤེས་པ་ཡིན་ཏེ། ལུང་མེད་པ་དང༌། རིགས་པ་དང་འགལ་བས་སོ། །དང་པོ་ནི། འདིར་ལྷག་མ་ཡོད་རྒྱུ་དེ་གཞན་དབང་ལ་བཤད་པ་གཅིག་ཀྱང་མེད་པའི་ཕྱིར། གཉིས་པ་ནི། གཞན་དབང་བདེན་པར་གྲུབ་ན། རྗེ་བཙུན་གྱི་གཞུང་གསུམ་ལས། གཞན་དབང་སྒྱུ་མ་ལྟ་བུར་གསུངས་པ་དང་འགལ་བ་ཡིན་ཏེ། སྒྱུ་མ་ལྟ་བུའི་དོན་ནི་ཇི་ལྟར་སྣང་བ་དེ་ཉིད་དུ་མེད་པ་ལ་འཆད་དགོས་པའི་ཕྱིར། གཞན་དབང་བདེན་མེད་དུ་འཆད་ན་རང་སྟོང་དུ་སྨྲ་བ་དང་ཁྱད་པར་ཅི་ཡོད་ཅེ་ན། བཤད་པ། རང་སྟོང་སྨྲ་བས་ནི་གཞན་དབང་དུ་སྣང་བ་དེས་སྟོང་པ་ཁོ་ནར་མ་ཟད། དེའི་རང་བཞིན་ཅུང་ཟད་ཀྱང་ཡོད་པར་ཁས་མི་ལེན་ཏེ། དེ་དེའི་རང་བཞིན་གྱིས་སྟོང་པར་ཁས་ལེན་པའི་ཕྱིར། འདིར་ནི་གཞན་དབང་གི་མིང་ཅན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ། མ་རིག་པའི་སླད་པ་དང་མ་བྲལ་བ་རྣམས་འཁོར་བའི་ངོ་བོ་གང་དུ་སྣང་བའི་གཟུང་འཛིན་གཉིས་པོ་དེས་སྟོང་པ་ཡིན་གྱི། ཁོ་ཁོ་རང་གི་རང་བཞིན་གྱིས་སྟོང་པ་མ་ཡིན་ཏེ། ཁོ་ཁོ་རང་གི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱིས་གང་དུ་གཟིགས་པ་དེས་མི་སྟོང་པའི་ཕྱིར། མི་སྟོང་རྒྱུའི་རང་བཞིན་དེ་ཡང་གཉིས་ཏེ། ཀུན་རྫོབ་ཀྱི་རང་བཞིན་དང་དོན་དམ་པའི་རང་བཞིན་ནོ། །དང་པོ་ནི། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་ཐོབ་པ་དེའོ། །དཔེར་ན་སྒྱུ་མ་མཁན་གྱིས་རྡེ་ཤིང་སོགས་ལ་རྟ་གླང་དུ་སྤྲུལ་པ་དེའི་ཚེ། སྒྱུ་མ་དེའི་ཀུན་རྫོབ་ཀྱི་རང་བཞིན་རྡེ་ཤིང་སོགས་ཡིན་པ་ལྟ་བུའོ། །དེའི་དོན་དམ་པའི་རང་བཞིན་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་ཐོབ་པ་དེའོ། །དེ་བས་ན་འཁོར་འདས་ཀྱི་ཆོས་ཀུན་གྱི་ས་བོན་ཐམས་ཅད་པར་གྱུར་པའི་ཀུན་གཞིའི་སྟེང་ན། འཁོར་བ་དང་མྱ་ངན་ལས་འདས་པའི་བག་ཆགས་གཉིས་ཀྱིས་ཐོབ་པའི་ཚུལ་དུ་གནས་པ་འདི་ཁོ་ན་གནས་སྐབས་དང་མཐར་ཐུག་ཏུ་བདེན་པར་བཞག་པ་ཡིན་གྱི། དེ་དག་གང་རུང་དུ་ངོས་འཛིན་པར་མ་ནུས་པའི་སྤྱིར་བདེན་པ་དང༌། ཁྱད་པར་གཞན་དབང་བདེན་གྲུབ་ཅེས་བྱ་བ་སྐྲའི་རྩེ་མོ་ཙམ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡང་དང་པོ་ནི་གནས་སྐབས་སུ་ཡིན་གྱི་མཐར་ཐུག་བདེན་པ་མ་ཡིན་ཏེ། མཐར་གཉེན་པོས་སྤང་དུ་རུང་བའི་ཕྱིར། དོན་དེ་ལ་དགོངས་ནས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་གསུངས་སོ། །འོ་ན་ཡང་དག་མིན་རྟོག་ཡོད་པ་དང༌། གཟུང་འཛིན་གཉིས་མེད་པ་མི་འགལ་བ་ཅི་ཞེ་ན། ཡོད་ཅེས་བྱ་བའི་དོན་ནི། དེའི་རང་བཞིན་ཡོད་པ་ལ་བྱ་བ་ཡིན་ཏེ། སློབ་དཔོན་བློ་བརྟན་གྱིས། རང་བཞིན་གྱིས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པོ་ཡོད་མ་ཡིན། ཞེས་བྱ་བའི་དོན་ནི། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་རིག་ལ་བྱ་བ་ཡིན་གྱི། དེའི་བག་ཆགས་ལ་བྱ་བ་མ་ཡིན་ཏེ། དེ་ལ་ཡང་ནི་དེ་ཡོད་དོ། །དེ་ལ་ཆོས་ཉིད་སྟོང་པ་ཉིད་དེ་ལ་སྟོང་གཞིའི་ཆོས་ཅན་དེ་ཡོད་པར་བཤད་པས་སོ། །དོན་དེ་ལ་བསམས་ནས་དབུ་མ་ལ་འཇུག་པར། འདི་འགོག་པ་ན། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་བཤད་པ་དེར། གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཞེས་པ་དེ་ནི་བཤད་མ་ཐག་པའི་བག་ཆགས་དེ་ཉིད་དོ། །ཡང་ལུགས་འདི་འགོག་པ་ན་ཇི་སྐད་དུ། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་བཤད་པ་དེར་ཡང་ཕྱོགས་སྔ་མ་ནི། གཟུང་འཛིན་གཉིས་མེད་ཅིང་གཉིས་སྣང་གི་ཤེས་པ་བག་ཆགས་ལས་སྐྱེ་བར་ཁས་བླངས་པ་ལ། ངོ་བོ་ཉིད་མེད་པར་སྨྲ་བ་ན་རེ། གཟུང་འཛིན་གཉིས་སྟོང་རྟོགས་པའི་ཡེ་ཤེས་ཆོས་ཅན། དངོས་པོའི་རང་བཞིན་བག་ཆགས་དེ་ལ་སྐུར་པ་བཏབ་པར་ཐལ། བག་ཆགས་དེ་རང་གི་ངོ་བོས་མི་སྟོང་པ་གང་ཞིག ཁྱོད་ཀྱིས་དེ་རང་བཞིན་གྱིས་སྟོང་པ་རྟོགས་པའི་ཕྱིར་ཞེས་འཕངས་པ་ཡིན་ལ། དེའི་བསམ་དོན་ཡང་བག་ཆགས་ཀྱི་ངོ་བོ་གཟུང་འཛིན་གཉིས་ལས་མ་འདས་པར་ཁས་བླངས་པའི་ཕྱིར་ཏེ། གཟུང་འཛིན་གཉིས་ཀྱིས་བཞག་པའི་བག་ཆགས་དང༌། དེ་སྨིན་པའི་བག་ཆགས་གང་རུང་དུ་ཁས་བླངས་པའི་ཕྱིར་སྙམ་དུ་བསམ་པ་ཡིན་ནོ། །འདིར་ཟླ་བའི་དགོངས་པ་ནི་རང་གི་སྡེ་པ་གཞན་དག་གི་རིགས་པས་དཔྱད་བཟོད་པའི་ཆོས་གང་ཡང་ཁས་མི་ལེན་བཞིན་དུ་རང་བཞིན་གྱིས་གྲུབ་པའི་ཆོས་ཤིག་ཁས་ལེན་པ་དེའི་ཚེ་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཁོ་ན་དངོས་པོའི་འཇིག་རྒྱུར་སོང་ཞེས་པའོ། །འོ་ན་ལུགས་འདིར་བག་ཆགས་དེ་མཐར་སྤང་བྱ་དང༌། བདེན་པར་མེད་ན། དེ་སྤོང་བྱེད་ཀྱི་གཉེན་པོ་དང༌། བདེན་མེད་དུ་སྒྲུབ་པའི་རིགས་པ་ཅི་ཞིག་བསྟན་ཅེ་ན། གཉེན་པོ་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་གོམས་པར་བྱས་པས། རྒྱུན་གྱི་ཐ་མར་གནས་ངན་ལེན་མཐའ་དག་དྲུངས་འབྱིན་པར་གཞུང་འདི་ཉིད་དུ་ཡང་འབྱུང་ཞིང༌། ཐེག་བསྡུས་ལས། ཟག་མེད་ཀྱི་ཡེ་ཤེས་ཀྱིས་ཀུན་གཞིའི་གཉེན་པོ་བྱེད་པའི་དཔེ་དོན་རྒྱས་པར་གསུངས་སོ། །མདོར་ན་བག་ཆགས་མ་སྤངས་ན་གནས་གྱུར་གྱི་སེམས་འབྱུང་བ་དང་འཇོག་པའི་གོ་སྐབས་ཅི་ཡང་ཡོད་པ་ཡང་མ་ཡིན་ཏེ། གནས་གྱུར་གྱི་གོ་དོན་བག་ཆགས་མ་ལུས་པར་སྤངས་པ་ལ་འཆད་པའི་ཕྱིར་བག་ཆགས་བདེན་མེད་དུ་བསྒྲུབ་པའི་རིགས་པ་ནི། གཟུང་འཛིན་གཉིས་སྟོང་དུ་སྒྲུབ་པའི་རིགས་པ་དེ་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་དེ་ཉིད་ཡིན་ཞིང༌། དེའི་ཤེས་བྱེད་ཀྱང༌། གཉིས་མེད་ཀྱི་ཡེ་ཤེས་ཡུན་རིང་དུ་གོམས་པས་གཉིས་སྣང་གི་བག་ཆགས་དྲུངས་འབྱིན་ནུས་པ་ཡིན་ཏེ། གཟུང་བ་ཆོས་ཀྱི་བདག་མེད་ཡུན་རིང་དུ་གོམས་པས་དེའི་བདག་འཛིན་གྱི་བག་ལ་ཉལ་དྲུངས་འབྱིན་ནུས་པའི་ཕྱིར། དཔེར་ན། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ། བདེན་མེད་མངོན་སུམ་དུ་རྟོགས་པའི་བློའི་རྒྱུན་རིང་དུ་གོམས་པས་བདེན་འཛིན་གྱི་བག་ལ་ཉལ་འཇོམས་ནུས་པ་བཞིན་ནོ། །དེ་ལས་གཞན་དུ་བག་ཆགས་བདེན་གྲུབ་ཏུ་ཁས་བླངས་ན་རྣལ་འབྱོར་སྤྱོད་པ་བ་དག་གིས། མངོན་པར་རྟོགས་པའི་རྒྱན་ལས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་པའི་གཞུང་དོན་འཆད་མི་ཤེས་པར་འགྱུར་ཏེ། དེའི་དོན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲིབ་པ་གཉིས་ཀྱི་བག་ཆགས་མ་སྤངས་པར་ཐལ། དེ་བདེན་པར་གྲུབ་པའི་ཕྱིར། ཞེས་པ་ཡིན་ལ་རྣལ་འབྱོར་སྤྱོད་པ་བས་ཀྱང་དེ་ཁོ་ན་ལྟར་འཆད་པ་ཡིན་ཏེ། ཤནྟི་པའི་དག་ལྡན་ལས་གཞུང་དེའི་དོན་དེ་ཁོ་ན་ལྟར་བཤད་པ་བཞིན་ནོ། །དེས་ན་སློབ་དཔོན་ཟླ་བས་བརྗོད་པའི་སྐྱོན་རྣམས་ཀྱང་འདི་ལ་ཇི་ལྟ་བ་བཞིན་དུ་འཇུག་པ་མ་ཡིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་ཀུན་རྫོབ་ཏུ་བདེན་ཀྱང༌། དོན་དམ་དུ་མི་བདེན་པར་ཁས་བླངས་པའི་ཕྱིར། དེ་ཙམ་གྱིས་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་ན། དེ་རང་ཉིད་ལ་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང༌། རྣལ་འབྱོར་སྤྱོད་པས་ཀུན་རྫོབ་ཀྱི་བདེན་པ་རང་གི་རིགས་པས་དཔྱད་ནས་བཞག་པ་ལ། ཇི་སྐད་དུ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་འབྱུང་བ་ལྟར། རིགས་པས་དཔྱད་ན་ཀུན་རྫོབ་བདེན་པ་འཇོག་རྒྱུ་མ་རྙེད་པའི་རྒྱུ་མཚན་གྱིས་བདེན་པ་གཉིས་ལས་ཉམས་པའི་སྐྱོན་བརྗོད་པར་མཛད་པ་ཡིན་ལ། དེ་ཙམ་གྱིས་ལུགས་འདི་ལ་གནོད་པ་མ་ཡིན་ཏེ། མདོ་སྡེའི་རྒྱན་དུ། ཐོག་མར་སྣང་བ་སེམས་སུ་སྒྲུབ་པ་དང༌། དེའི་འོག་ཏུ་སེམས་ཀྱང་མེད་པ་ཉིད་དུ་སྒྲུབ་པ་བཞིན་ནོ། །ཆོས་ཀྱི་གྲགས་པའི་ཞབས་ཀྱིས་ཀྱང༌། རང་གི་ངོ་བོ་སྤྱོད་པ་ན། །རང་རིག་འབྲས་བུ་ཡིན་པར་བཤད། །ཅེས་ཐོག་མར་དོན་དུ་སྣང་བ་ཤེས་པ་ཡིན་པར་བསྒྲུབས་ནས་དེའི་འོག་ཏུ། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་བཅས་དངོས་ཅིག་ལ། །ཞེས་སོགས་སུ་སྣང་བ་ཤེས་པ་མ་ཡིན་པར་འབད་ནས་བསྒྲུབས་པ་ཡང་ཡོད་དོ། །ཡང་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་ཁས་ལེན་པ་འདི་ཡང་རྗེས་ཐོབ་ཏུ་གྲུབ་པའི་མཐའ་འཇོག་པའི་ཚེ་ཡིན་གྱི། ལྟ་བས་སྤྲོས་པ་གཅོད་པའི་ཚེ་ནི་དེར་ཁས་མི་ལེན་ཏེ། དེར་སྤྲོས་པ་མཐའ་དག་འགོག་པའི་ཕྱིར་ཏེ། གཞུང་འདི་ཉིད་དུ་འགོག་བདེན་ཟབ་པར་འཆད་པ་ན། སྤྲོས་པའི་མཐའ་བཞི་ཀ་འགོག་པར་བཤད་པའི་ཕྱིར། འདི་ལ་བོད་གཞན་དག་ན་རེ། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ། ཁྱོད་བདེན་པར་གྲུབ་པའི་ཕྱིར། ཞེས་པའི་རིགས་པ་འདི་སེམས་ཙམ་པས་སྤོང་མི་ནུས་པ་ཡིན་ནོ་ཞེས་ཟེར་མོད་ཀྱང༌། དེ་ནི་རྗེ་བཙུན་ཉིད་ཀྱིས་སྤངས་ཟིན་པ་ཡིན་ཏེ། ཇི་སྐད་དུ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་པས་སོ། །གསུམ་པ་བདག་མེད་ཀྱི་མཚན་ཉིད་ལ་གསུམ་སྟེ། དངོས་དང༌། དེའི་ཤེས་བྱེད་ཀྱི་ལུང་དང༌། ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་ཀུན་བརྟགས་ཀྱིས་བཏགས་པའི་བདག་མེད་པར་བསྟན་པ་དང༌། ལྷན་སྐྱེས་ཀྱིས་བཏགས་པའི་བདག་མེད་པར་བསྟན་པའོ། །གསུམ་པ་ལ་རྒོལ་བ་དང༌། ལན་ནོ། །ལན་ལ་དགག་གཞི་ཐ་དད་ལ་ལྟོས་པ་དང༌། དགོས་པ་ཐ་དད་ལ་ལྟོས་པ་གཉིས་སོ། །ཞར་བྱུང་ལ་གཉིས་ཏེ། མི་རྟག་པའི་མཚན་ཉིད་ཀྱི་ཞར་བྱུང་དང༌། དེའི་ཡང་ཞར་བྱུང་ངོ༌། །དང་པོ་ལ་གཉིས་ཏེ། སེམས་སྐད་ཅིག་མར་གྲུབ་པ་དེ་ལ་ལྟོས་ནས་གཟུགས་ཀྱང་སྐད་ཅིག་མར་སྒྲུབ་པ་དང༌། དེ་ལ་མ་ལྟོས་པར་སྐད་ཅིག་མར་སྒྲུབ་པའོ། །གཉིས་པ་དེའི་ཡང་ཞར་བྱུང་ལ་གཉིས་ཏེ། མདོ་ལས་རྡུལ་རྫས་བརྒྱད་འདུས་གསུངས་པའི་དགོངས་པ་བཤད་པ་དང༌། དངོས་ལ་གནོད་བྱེད་དང་དགོས་པ་བཤད་པའོ། །དང་པོ་ནི། གོང་དུ་བཤད་མ་ཐག་པ་དེར་གཟུགས་ཀྱང་སྐད་ཅིག་པར་བལྟ་སྟེ། སེམས་ཀྱི་ཟིན་པ་དང༌། སེམས་དང༌། གྲུབ་པ་དང༌། བདེ་བ་གཅིག་པ་དང༌། ཞེས་སྣང་བ་སེམས་སུ་བསྟན་པ་ལ་རྒོལ་བ་ནི། འོ་ན་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། ཞེས་སོགས་ཅི་ལ་དགོངས་པ་ཡིན་ཞེས་པའི་བར་རོ། །ལན་ལ། དགོངས་གཞི་ནི་སྲིད་པ་ལ། ཞེས་པ་ནས། འདུས་པ་གང་དང་གང་དམིགས་པ་དེ་ནི་དེ་ན་ཡོད་པའོ། །ཞེས་བརྗོད་པར་བྱའོ། །ཞེས་པའི་བར་རོ། །ངག་དོན་ནི། འདོད་པ་ཁམས་ཀྱི་འབྱུང་བ་ལས་གྱུར་པའི་གཟུགས་ཡིན་ན་རྡུལ་རྫས་བརྒྱད་འདུས་པ་ཡིན་པས་མ་ཁྱབ་སྟེ། རྒྱུ་འབྱུང་བ་གཅིག་ལས་གྱུར་པར་སྣང་བ་ནས། བཞི་ལས་གྱུར་པར་སྣང་བ་ཡང་ཡོད། འབྱུང་གྱུར་གཅིག་ཁོ་ན་སྣང་བ་ནས་བཞི་ཀ་ཚང་བར་སྣང་བའི་བར་ཡོད་པའི་རྒྱུ་མཚན་གྱིས། རྡུལ་རྫས་བརྒྱད་ཀ་འདུས་པ་གཅིག་སྲིད་པར་སྣང་བ་ལ་དགོངས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གནོད་བྱེད་དང༌། དགོས་པའོ། །དང་པོ་ནི། རྡུལ་ཕྲ་རབ་བསགས་པ་ནི། ཞེས་སོགས་ལ་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་ལུས་མེད་པའི་ཕྱིར། ཞེས་པའོ། །གཉིས་པ་ལ་འོ་ན་རྡུལ་ཕྲ་རབ་བཤད་པའི་དགོངས་གཞི་དང༌། དགོས་པ་ཅི་ཞེ་ན། དགོངས་གཞི་ནི། བློས་མཐར་རབ་ཏུ། ཞེས་སོགས་ཡིན་ལ། དགོས་པ་ནི། རིལ་པོའི་འདུ་ཤེས་སོགས་སོ། །གསུམ་པ་སྡུག་བསྔལ་གྱི་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། སྡུག་བསྔལ་དངོས་དང༌། སྡུག་བསྔལ་ལྟ་བུར་བཤད་པའོ། །དང་པོ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་དབང་དུ་བྱས་པ་དང༌། འཕགས་པའི་དབང་དུ་བྱས་པའོ། །དང་པོ་ལ་འདོད་པའི་དང༌། གཟུགས་ཀྱི་དང༌། གཟུགས་མེད་ཀྱིའོ། །བཞི་པ་སྡུག་བསྔལ་འགྲུབ་པའི་རིམ་པ་ལ་གསུམ་སྟེ། འཆི་སྲིད་ཀྱི་དབང་དུ་བྱས་པ། བར་སྲིད་ཀྱི་དབང་དུ་བྱས་པ། སྔོན་དུས་ཀྱི་སྲིད་པའི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། འཆི་བའི་སེམས་ཀྱི་དབྱེ་བ་དང༌། ལུས་ཀྱི་དབྱེ་བའོ། །གཉིས་པ་བར་དོ་ལ་བདུན་ཏེ། ཁ་དོག་དང་སྣང་བའི་ཁྱད་པར་དང༌། ཁམས་གང་དུ་སྐྱེ་བ་ལ་བར་དོ་ཡོད་པ་དང༌། མིང་གི་རྣམ་གྲངས་དང༌། ཚེ་ཚད་དང༌། བྱེད་པའི་ཁྱད་པར་མང་པོ་བཤད་པ་དང༌། བྱད་གཟུགས་ཀྱི་ཁྱད་པར་དང་འགྲོ་བའི་ཁྱད་པར་དམིགས་བསལ་དང་བཅས་པའོ། །གསུམ་པ་ལ་ཉིང་མཚམས་སྦྱོར་བའི་ཚུལ། དེའི་རྐྱེན་ཉོན་མོངས་པས་ཇི་ལྟར་བྱེད་པ། རྣམ་སྨིན་འགྲུབ་པའི་ཚུལ་དང༌། དབང་པོ་འགྲུབ་པའི་རིམ་པའོ། །འདིར་གཞན་གྱིས་མ་བཤད་པ་འགའ་ཞིག་བཤད་པར་བྱ་སྟེ། ནམ་མཁའ་ལ་གཞལ་མེད་ཁང་རྣམས་དང༌། ཞེས་པར་གླིང་བཞིར་དུས་བཞི་ཇི་ལྟར་འབྱུང་བ་དང་ལོའི་ཐོག་མ་གང་ནས་འཛིན་པ་དང༌། ཟླ་བ་ལ་ཤོལ་འདོར་བའི་རྒྱུ་མཚན་དང༌། ཟླ་བའི་དཀྱིལ་འཁོར་ལ་འཕེལ་འགྲིབ་འབྱུང་བའི་རྒྱུ་མཚན་དང་བཞིའོ། །དང་པོ་ནི་མཛོད་དུ། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཞེས་གསུངས་པས་ནི་གླིང་བཞི་པོ་དུས་བཞི་མཉམ་དུ་འབྱུང་བར་བསྟན་པ་ཡིན་ཏེ། དེར་དེ་ལྟར་འབྱུང་བ་དེའི་ཚེ་སྟོན་དཔྱིད་ཀྱི་ཉིན་མཉམ་མཚན་མཉམ་གྱི་དུས་གཉིས་སུ། ནམ་ཕྱེད་སོགས་དུས་གཅིག་པ་དེ་ལྟར་དུ་འབྱུང་བ་ཡིན་གྱི། དེ་ལས་གཞན་དུ་དུས་བཞི་འབྱུང་ཚུལ་འཆོལ་མར་ཁས་བླངས་ན། གླིང་བཞིར་ནམ་ཕྱེད་སོགས་དུས་གཅིག་པ་ལན་གཅིག་ཀྱང་འབྱུང་བའི་ཐབས་མེད་པའི་ཕྱིར་རོ། །གལ་ཏེ་གླིང་འདིའི་སྟོན་དཔྱིད་ཀྱི་སྔ་དྲོ་དང་ཕྱི་དྲོ་ལ་རིང་ཐུང་ཡོད་པར་མངོན་སུམ་གྱིས་མཐོང་བའི་རྒྱུ་མཚན་གྱིས། དེའི་ཚེ་ཤར་ནུབ་གཉིས་ན་དབྱར་དགུན་གྱི་དུས་ཡོད་པར་འཆད་པ་དེ་ལྟ་ན་མངོན་སུམ་དང་འགལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཤར་ནུབ་གཉིས་སུ་འགྲོས། གཉིས་མཐར་ཐུག་གི་ཚེ་ཉི་མ་ཕྱེད་ཀྱི་ས་དང༌། ནུབ་པའི་ས་རྣམས་གཅིག་པར་འགྱུར་ཏེ། གླིང་འདིར་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་འཆར་ས་དང༌། ཕྱེད་ས་གཅིག་ཏུ་སྣང་བའི་ཕྱིར། ཡང་ཤར་ནུབ་གཉིས་ཀྱི་སྟོན་དཔྱིད་ཀྱི་ཉི་མ་ཕྱེད་ས་དང༌། ནུབ་ས་མི་གཅིག་པར་འགྱུར་ཏེ། འདིར་འགྲོས་གཉིས་མཐར་ཐུག་གི་དུས་ཀྱི་ཕྱེད་ས་དང་འཆར་ས་མི་གཅིག་པའི་ཕྱིར། ཞེས་ཁྱབ་པ་ཁས་བླངས། རྟགས་མངོན་སུམ་གྱིས་གྲུབ་ཅིང༌། ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་པའི་ཐལ་བ་འདི་ཇི་ལྟར་བསམས་ཀྱང་བཟློག་པར་མ་ནུས་པས། ལུགས་འདི་ལྟ་ཞོག་དུས་ཀྱི་འཁོར་ལོ་འཆད་པ་དག་གིས་ཀྱང༌། གླིང་བཞིར་དུས་བཞི་འབྱུང་བའི་དུས་མཉམ་པོ་ཉིད་དུ་ཁས་བླངས་པར་བྱའོ། །སའི་སྟོད་འགྲེལ་ལས་ཀྱང༌། གང་གི་ཚེ་ཉིན་མཚན་མཉམ་པ་དེའི་ཚེ། ནམ་ཕྱེད་ཉི་མ་ནུབ་པ་དང༌། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་དེ་ལྟར་བལྟ་བར་བྱའི། གཞན་དུ་ནི་ཆ་ཡོད་པར་བལྟའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་དུས་དེ་ནམ་གྱི་ཚེ་འབྱུང་བ་ཡིན་ཞེ་ན། སྟོན་དཔྱིད་ཀྱི་ཐ་ཆུང་གཉིས་ལ་འབྱུང་བ་ལས་འོས་མེད་དེ། དབྱར་དགུན་གྱི་ཐ་ཆུང་གཉིས་ལ་ཉི་མ་ལྡོག་པར་འཆད་པའི་ཕྱིར། གཉིས་པ་ནི་ལོའི་དང་པོ་ནི་དགུན་ནས་འཛིན་པ་ཡིན་ལ། དེ་ལྟར་འཛིན་པའི་སངས་རྒྱས་པ་ལ་གཉིས་ཏེ། བསྟན་བཅོས་པ་དག་ནི་མར་ངོ་སྔོན་འགྲོར་བྱས་ནས་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་དགུན་དུ་འཆད་ལ། འཇིག་རྟེན་པ་དག་ནི་ཡར་ངོ་སྔོན་འགྲོར་བྱས་ནས་དགུན་ཟླ་རྭ་བའི་ཚེས་གཅིག་ནས་དགུན་གྱི་ཐོག་མར་བྱེད་དོ། །འོ་ན་དབྱར་དགུན་གྱི་ཐ་ཆུང་གཉིས་ལ་ཉི་མ་ལྡོག་པའི་ཤེས་བྱེད་ཅི་ཞེ་ན། ཇི་སྐད་དུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །ཞེས་དང༌། དེའི་འགྲེལ་པར། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུང་གི་ཚེས་དགུ་ནས་མཚན་མོ་རིང་ངོ༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་དུ་འགྱུར་རོ། །དེ་ཉིད་དགུན་རྣམས་ཀྱི་ཟླ་བ་བཞི་པ་དགུན་ཟླ་ཐ་ཆུང་གི་ཐ་མའི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ། །ཞེས་གསུངས་སོ། །འདི་གཉིས་སྟོན་དཔྱིད་ཀྱི་རྭ་བ་གཉིས་ལ་སྦྱོར་བ་པ་ནི་དགུན་གྱི་དང་པོ་དགུན་ཟླ་རྭ་བ་ཡིན་པར་བསམ་པ་དག་གིས་ཞུས་དག་བྱས་པར་ཟད་ཀྱི། དབྱིག་གཉེན་གྱི་གཞུང་མ་ཡིན་ཏེ། གདགས་པ་དང་འགལ་བའི་ཕྱིར། འདིས་ཉིན་མཚན་མཉམ་པར་སྟོན་པ་ཡང་གདགས་པ་དང་འགལ་ཞིང༌། སྟོན་དཔྱིད་ཀྱི་རྭ་བ་གཉིས་ལ་འཆད་པའི་རང་ཚིག་དང་ཡང་འགལ་ལོ། །འོ་ན་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་ལོ་འགོ་ངོས་འཛིན་པར་གྲུབ་པ་དེའི་ཚེ། དེ་སྐར་མ་གང་གིས་ཉ་བའི་ཟླ་བ་ལ་འབྱུང་ཞེ་ན། སྟོན་དུས་ཀྱི་ཉིན་མཚན་མཉམ་པ་གང་ལ་འབྱུང་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཟླ་བ་གང་ལ་འབྱུང་ཞེས་བརྟགས་པ་ཅི་ཞིག་བྱ། དེ་ལྟ་ན་ཡང་མདོ་སྡེ་ཉི་མའི་སྙིང་པོ་ལས་ནི་སྨིན་དྲུག་གི་ཟླ་བ་ལ་འབྱུང་བར་བཤད་མོད། དེ་ལྟར་བཤད་ན་མངོན་སུམ་དང་མི་མཐུན་པས། རྟེན་འབྲེལ་གྱི་མདོ་འགྲེལ་དུ་མདོ་དྲངས་པ་ལས། ཉ་ཚེས་དབྱུག་པ་གང་ཡིན་པ། །ངས་ནི་སྟོན་ཟླ་ཐ་ཆུང་བཤད། །ཅེས་གསུངས་པས། ཕལ་ཆེར་དབྱུག་པས་ཉ་བའི་ཟླ་བ་ལ་འབྱུང་ངོ༌། །འོ་ན་ངོས་གཟུང་རྒྱུ་མེད་པའི་ཟོལ་གྱིས། ཕལ་ཆེར་ཞེས་སྨོས་པར་ཟད་དོ་མཉམ་ན་མ་ཡིན་ཏེ། ཟླ་ཤོལ་བྱུང་བའི་དབང་གིས་སྟོན་ཉིན་མཚན་མཉམ་པའི་ཟླ་བ་དེ་འདི་ཁོ་ན་ཡིན་ནོ་ཞེས་ངོས་གཟུང་བར་མི་ནུས་པའི་ཕྱིར་རོ། །འདུལ་བ་ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་འབྱུང་བ་ནི། དབྱར་ཟླ་འབྲིང་པོ་དང་གྲོ་བཞིན་ཅན་དོན་གཅིག་པར་བསམས་ནས་བསྒྱུར་བས་འགྱུར་ནོངས་པ་ཡིན་ཏེ། དཔེར་ན་དུས་འཁོར་ཤོང་འགྱུར་དུ་དེ་གཉིས་དོན་གཅིག་ཏུ་བསམས་ནས་བསྒྱུར་བ་ལ་ཉེས་པ་རྣམ་པར་མི་འཚམ་པ་མང་པོ་བྱུང་བ་བཞིན་ནོ། །དེས་ན། དབྱར་ཟླ་འབྲིང་པོའི་བཅུ་དྲུག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་དབྱར་ཟླ་ཐ་ཆུང་གི །བཅུ་དྲུག་ནས་ནི་ཕྱི་མར་གྲགས། །ཞེས་འདོན་ནོ། །གསུམ་པ་ནི། དགུན་གྱི་ཉི་མ་ལོག་ནས་ལྡོག་ཁའི་བར་ལ་ལོ་གཅིག་ཏུ་བྱས་པ་ནི། ཉི་མའི་བགྲོད་པའི་དབང་གིས་བྱུང་བ་ཡིན་ལ། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་ཐམ་པ་ལ་ཟླ་བ་གཅིག་ཏུ་བྱས། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པ་ནི་ཟླ་བའི་བགྲོད་པའི་དབང་གིས་བྱུང་བ་ཡིན་ཞིང༌། དེ་ཡང་ལོ་སྔ་མ་ཚང་བ་ལ་ཉིན་ཞག་སུམ་བརྒྱ་དང༌། དྲུག་ཅུ་རེ་ལྔ་དགོས་ཤིང༌། ཕྱི་མ་ལ་ཉིན་ཞག་སུམ་བརྒྱ་དང༌། ལྔ་བཅུ་རྩ་བཞིས་ཆོག་ལ། དེ་གཉིས་རིང་ཐུང་ཚད་མཉམ་པར་བྱ་བའི་ཕྱིར་དུ། འདུལ་མངོན་ལས། ལོ་དྲུག་དྲུག་དང༌། ཐ་སྙད་ཀྱི་གཙུག་ལག་ལས་ལོ་གསུམ་ན། ལོ་ཕྱི་མའི་སྟེང་དུ་ཟླ་བ་རེ་རེ་སྣོན་དགོས་པ་བྱུང་བ་དེ་ལ་ཟླ་ཤོལ་འདོར་བ་ཞེས་བྱ་བའི་མིང་གིས་བཏགས་སོ། །ལུགས་མི་འདྲ་བ་དེ་ལྟར་འཆད་པའི་རྒྱུ་མཚན་ཡང༌། མངོན་པའི་ལུགས་འདིར། ཉི་མའི་ལོ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ལས་མེད་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ལྟར་བྱས་པ་དེའི་ཚེ་ལོ་རེ་རེ་ལ་ཞག་མི་ཐུབ་དྲུག་དྲུག་འབྱུང་བ་དེ་བསོགས་པས། ལོ་ལྔ་ན་དྲུག་ལྔ་སུམ་ཅུ་ཐམ་པ་ཚང་བས། ཟླ་བར་ལོངས་པའི་དོན་ཡིན་ནོ། །ལོའི་རྣམ་གཞག་དེ་གཉིས་ཀ་ཡང་ལུགས་འདིར་ཁས་ལེན་དགོས་པ་ཡིན་ཏེ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ལས་ནི་ཉི་མའི་ལོ་དང༌། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པས་ནི་ཟླ་བའི་ལོ་བསྟན་པ་ཡིན་ནོ། །གཞུང་འདིའི་དོན་གོ་དཀའ་བས་འདི་ལྟར་ཡིན་ཏེ། ཞག་མི་ཐུབ་པ་འདོར་དགོས་ཕྱིར། །ཉིན་ཞག་སུམ་བརྒྱ་དྲུག་ཅུ་རུ། །ཉིན་ཞག་དྲུག་གིས་མ་ལོངས་པ། །དེ་ལ་ལོ་གཅིག་ཅེས་བྱའོ། །ཞེས་པའི་དོན་ནོ། །དེ་འདོར་བའི་རྒྱུ་མཚན་ཡང༌། ཟླ་བའི་རང་འགྲོས་ཀྱིས་ཉི་མའི་ས་ནས་འོངས་ནས། ཉི་མའི་སར་སླེབ་པའི་བར་ལ་ཉིན་ཞག་སུམ་ཅུ་ཚང་ན་ཞག་མི་ཐུབ་འདོར་མི་དགོས་ཀྱང༌། ཉིན་ཞག་ཕྱེད་དང་སུམ་ཅུ་ལས་མ་དགོས་པས། ཟླ་བ་གཉིས་གཉིས་ན་ཉིན་ཞག་རེ་བསྐྱུར་བས་ཆོག་པ་ཡིན་ནོ། །དེ་སྐད་དུ་ཡང་མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་སོ། །ལུང་འདིས་ཀྱང་དགུན་གྱི་དང་པོ་མར་ངོ་སྔོན་འགྲོར་གྲུབ་པ་ཡིན་ཏེ། ཞག་མི་ཐུབ་ནི་མར་ངོ་ཁོ་ན་ལ་འདོར་དགོས་པའི་ཕྱིར། དེ་ཡང་ཞིབ་མོར་ཕྱེ་ན། ལོའི་རྣམ་གཞག་གཉིས་པོའི་ཐོག་མ་འཛིན་ཚུལ་སོ་སོར་ཕྱེ་དགོས་ཏེ། ཉི་མའི་ལོ་ལ་ནི་སྟོན་ཉིན་མཚན་མཉམ་པའི་ཕྱི་དེའི་ཉིན་པར་ནས་སྟོན་ཟླ་ཐ་ཆུང་དུ་འཇོག་ཅིང༌། དེའི་ཞག་ལྔ་བཅུ་ཐལ་ནས་ལོའི་ཐོག་མ་འཛིན་ཞིང༌། ཟླ་བའི་ལོ་ལ་ནི་ཟླ་ཤོལ་བྱུང་བའི་ཚེ་དེ་དང་མཚུངས་ཤིང༌། ཟླ་ཤོལ་མེད་པའི་ཚེ་དེ་ལས་ཞག་དྲུག་གིས་སྔ་བའི་དུས་དེ་ནས་སྟོན་ཟླ་ཐ་ཆུང་དུ་བཞག་ནས་ལོའི་ཐོག་མ་འཛིན་ནོ། །དེ་ལྟར་གྲུབ་པ་ན་དབྱར་གྱི་ཟླ་བ་གཉིས་པ་ནི་དབྱར་ཟླ་འབྲིང་པོ་དང༌། དེའི་ཐ་མ་ནི་དབྱར་ཟླ་ཐ་ཆུང་ངོ༌། །བཞི་པ་ནི། ཇི་སྐད་དུ། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང༌། །ཞེས་གསུངས་པས། ཉི་མའི་འོད་ཟེར་གང་ལ་ཕོག་པའི་ཆ་དེ་སྣང་ཞིང་བསྒྲིབས་པའི་ཆ་དེ་མི་སྣང་བར་སྟོན་པ་ལྟ་བུ་ཞིག་སྣང་ཡང༌། གཞུང་དེའི་དོན་ཟླ་བ་ལ་རང་གྲིབ་འབྱུང་བའི་རྒྱུ་མཚན་སྟོན་པ་ཡིན་གྱི། ཉི་ཟེར་ཕོག་པའི་ཆ་སྣང་བར་སྟོན་པ་མ་ཡིན་ཏེ། ཡིན་ན་ཚེས་བཅོ་ལྔའི་མཚན་མོ་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྣང་བ་མ་ཡིན་པར་འགྱུར་ཏེ། རྫོགས་པ་ལ་ཉི་ཟེར་ཕོག་པ་ལྟ་ཞོག ཟུར་ཙམ་ལ་ཡང་ཉི་ཟེར་ཕོག་པ་མེད་པའི་ཕྱིར། དེས་ན་ཉི་མ་དང་ཉེ་བ་ལས་གྲིབ་མ་ཆེ་ཞིང༌། རིང་བ་ལས་གྲིབ་མ་ཆུང་བའི་རྒྱུ་མཚན་གྱིས་དེ་དང་ཉེ་བ་ན་འགྲིབ་ཅིང༌། རིང་བ་ན་འཕེལ་བར་འཆད་པ་ཡིན་ཏེ། མཛོད་འགྲེལ་ལས། གང་གི་ཚེ་ཟླ་བའི་གཞལ་མེད་ཁང་ཉི་མའི་གཞལ་མེད་ཁང་དང་ཉེ་བར་རྒྱུ་བ་དེའི་ཚེ། ཉི་མའི་འོད་ཀྱིས་དེའི་གཞལ་མེད་ཁང་ལ་བབས་ཏེ། དེས་ན་དེའི་ཕ་རོལ་གྱི་ངོས་སུ་གྲིབ་མ་བབས་པས་དཀྱིལ་འཁོར་མ་རངས་པར་སྣང་ངོ་ཞེས་བསྟན་ཏོ། །ཞེས་གསུངས་པས་སོ། །འཆི་སྲིད་ཀྱི་སྐབས་སུ་ཀུན་གཞི་རྣམ་པར་མ་གཞག་པ་དག་གི་ལུགས་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཆི་འཕོ་བར་བཤད་ཀྱང༌། འདིར་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་འཆི་འཕོ་བ་ཡིན་ཏེ། སྐྱེ་བ་སྔ་མའི་རྣམ་སྨིན་འགགས་ཤིང༌། ཕྱི་མའི་རྣམ་སྨིན་གྲུབ་པ་ལ་འཆི་འཕོ་བའི་དོན་དུ་འཇོག་པའི་ཕྱིར་དང༌། འཆི་སྲིད་ལ་གནས་པའི་ཚེ་ཡིད་ཀྱི་རྣམ་ཤེས་འགགས་པ་དང༌། ཤི་བ་དུས་མཉམ་པ་ཡང་མ་ཡིན་པའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་བདུན་པོ་དང་པོ་ཀུན་གཞི་ལས་རིམ་གྱིས། སྐྱེ་སྲིད་ཀྱིས་ཚེ་ཇི་ལྟར་བྱུང་བ་བཞིན། ཕྱིས་འཆི་སྲིད་ཀྱི་ཚེ་རིམ་གྱིས་ཐིམ་ནས་གང་དུ་ཐིམ་པའི་ཀུན་གཞི་དེ་ཉིད་འཆི་འཕོ་ཞིང༌། ཉིང་མཚམས་སྦྱོར་བར་བྱེད་པའི་ཕྱིར་རོ། །དེས་ན་གང་གིས་འཆི་བའི་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ཞིང༌། དེ་ལ་དགེ་སོགས་གསུམ་ཅི་རིགས་པར་འབྱུང་ཞིང༌། གང་འཆི་བ་དང༌། སྐྱེ་བ་ལེན་པའི་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ནར་ངེས་པའི་ཕྱིར། མ་སྒྲིབས་ལ་ལུང་མ་བསྟན་ནོ། །འཆི་སེམས་དེས་རྣམ་སྨིན་ཕྱི་མ་ལེན་པའི་ཚུལ་ལ་གཉིས་ཏེ། བར་སྲིད་ཀྱི་དང༌། སྐྱེ་སྲིད་ཀྱིའོ། །དང་པོ་ནི་འཆི་ཀའི་སྲེད་ལེན་གྱིས་གསོས་བཏབ་ནས་ལེན་པར་བྱེད་ལ། གཉིས་པ་ནི། བར་དོའི་སྲེད་ལེན་གྱིས་གསོས་བཏབ་ནས་ལེན་པར་བྱེད་དོ། །དམིགས་བསལ་ནི་གཟུགས་མེད་དུ་སྐྱེ་བ་ལ་གསོས་འདེབས་བྱེད་གཉིས་པ་དེ་མི་དགོས་ཏེ། སྐྱེ་བའི་གནས་ཚོལ་མི་དགོས་པའི་ཕྱིར་རོ། །བར་སྲིད་ཀྱི་སྐབས་སུ། མངོན་པ་འོག་མར། སྐྱེ་བ་གཅིག་གི་བར་སྲིད་དང༌། སྔོན་དུས་ཀྱི་སྲིད་པ་རྣམ་སྨིན་གཅིག་ཡིན་ཞིང༌། ཚེ་གཅིག་གིས་བསྡུས་པ་ཡིན་པས། བར་སྲིད་གཞན་དུ་ལྡོག་པ་མི་སྲིད་ཅིང༌། བར་སྲིད་དེ་ཉིད་མ་ཤི་བར་སྐྱེ་སྲིད་དུ་འཇུག་པར་འདོད་པ་ཡིན་ཏེ། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་པ་དང༌། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་བྱེད་རྣམ་པ་ཉི་ཤུ་གཉིས། །མཐོང་ཆོས་འབྲས་བུ་ཅན་གྱི་ལས། །དེ་ནི་རིས་གཅིག་ཁོ་ན་ཡིན། །ཞེས་གསུངས་ལ། རྣམ་སྨིན་རིས་གཅིག་དུམ་བུར་བཏུབ་ནས་འཆི་འཕོ་ཞིང་མཚམས་སྦྱོར་བ་ནི། ཆོས་མངོན་པ་འཆད་པ་དག་གི་ལུགས་མ་ཡིན་པའི་ཕྱིར། གཞུང་འདིར་ནི་བར་དོའི་སྲིད་པ་ཕུང་པོ་ལྔའི་ལུས་ཡོངས་སུ་རྫོགས་པར་གྲུབ་པ་དེ་ཤི་འཕོས་ནས། ཀུན་གཞིའི་རྣམ་པར་ཤེས་པ་རྐྱང་པ་ཉིང་མཚམས་སྦྱོར་བ་ཡིན་ཏེ། སྤྱིར་རྣམ་ཤེས་ཚོགས་བདུན་དང༌། བྱེ་བྲག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་ལེན་པ་པོར་མི་རུང་བའི་ཕྱིར་ཏེ། དང་པོ་ནུར་ནུར་པོའི་ནང་དུ་བརྒྱལ་བའི་རྣམ་པར་ཤེས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་ལ། ཐེག་བསྡུས་སུ་གནོད་བྱེད་མང་དུ་བརྗོད་པའི་ཕྱིར། སྐྱེ་སྲིད་ཀྱི་སྐབས་སུ་སྐྱེ་བའི་སྲིད་པ་ཞེས་བྱ་བ་ནི། མངོན་པ་འོག་མར་སྐྱེ་གནས་སུ་ཉིང་མཚམས་སྦྱར་མ་ཐག་གི་སྐད་ཅིག་མ་གཅིག་ལས་མ་བཤད་ཀྱང༌། ལུགས་འདི་ལ་ནི་ཇི་སྲིད་སྐྱེ་མཆེད་དྲུག་ཡོངས་སུ་མ་རྫོགས་ཀྱི་བར་དེ་ལ་སྐྱེ་བའི་སྲིད་པ་ཞེས་བྱ་ཞིང༌། དབང་པོ་འགག་ཅིང༌། འབྱུང་བ་བསྡུད་པའི་མགོ་རྩོམ་པ་ནས་འཆི་བའི་སྲིད་པ་ཞེས་བྱའོ། །དེས་ན་གཞན་དག་སྒོང་སྐྱེས་ལ་མངལ་སྐྱེས་ཀྱིས་ཁྱབ་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། དེ་གཉིས་ཀྱི་ཁྱད་པར་མངལ་དུ་དབང་པོ་ལྔ་རྫོགས་པར་གྲུབ་པ་དང༌། སྒོ་ངའི་ནང་དུ་དབང་པོ་ལྔ་རིམ་གྱིས་གྲུབ་པའི་ཁྱད་པར་ལས་འཆད་དགོས་པའི་ཕྱིར། ཞར་ལ་འཕགས་པ་རྣམས་སྲིད་པར་སྐྱེ་བ་ལེན་པའི་ཚུལ་ནི་གཉིས་ཏེ། ཐེག་དམན་གྱི་དང༌། ཐེག་ཆེན་གྱིའོ། །དང་པོ་ལ། སྤྱིར་བདེན་པ་མཐོང་ནས་འཕེན་བྱེད་ཀྱི་ལས་སོག་པ་མེད་ཅིང་བྱེ་བྲག་ཏུ་ཉན་རང་སློབ་པ་རྣམས་ལ་ནི་འགྲུབ་བྱེད་ཀྱི་ལས་ཉོན་མཚན་ཉིད་པ་ཡོད་པའི་ཕྱིར། འཁོར་བར་འཆིང་བྱེད་ལས་མ་གྲོལ་ལོ། །དེའི་ཕྱིར་སོ་སོ་སྐྱེ་བོའི་རྟེན་ལ་ལས་བསགས་པ་དེ་ཉིད་འགྲུབ་བྱེད་ཀྱིས་གསོས་འདེབས་པ་ཡིན་མོད། དེ་ལྟ་ན་ཡང་འདོད་པ་ཁམས་སུ་སྲིད་པ་བདུན་ལས་ལྷག་པ་མི་ལེན་ཏེ། སྐྱེ་བ་དེ་སྲིད་ཀྱིས་རྒྱུད་ཡོངས་སུ་སྨིན་ནས་བདུན་པའི་མཐར་ལྷག་མེད་དུ་འཇུག་པའི་ཕྱིར་རོ། །དེ་ལ་དགོངས་ནས། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་གསུངས་སོ། །འདི་ཡང་ཐེག་དམན་དུ་རིགས་ངེས་པའི་འཕགས་པས། ལས་ཉོན་མཚན་ཉིད་པས་གསོས་འདེབས་པའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་ཐེག་དམན་གྱི་འཕགས་པ་ཐོབ་རྗེས་སུ་འདོད་པར་སྐྱེ་བ་ལེན་པ་ཐམས་ཅད་ལ་དེར་མ་ངེས་ཏེ། ཉན་ཐོས་མ་ངེས་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་འདོད་པ་ཁམས་སུ་སྐྱེ་བ་གྲངས་མེད་པ་ལེན་པའི་ཕྱིར། དེ་ལེན་པའི་ཚུལ་ལ་གཉིས་ཏེ། འདོད་པ་ལ་ཆགས་བྲལ་མ་བྱས་པའི་དང༌། བྱས་པའི་འཕགས་པས་ལེན་པའོ། །དང་པོ་ནི། སྨོན་ལམ་གྱི་དབང་གིས་སྐྱེ་བ་མང་པོ་ལེན་པ་ཡིན་ལ། གཉིས་པ་ནི་སྤྲུལ་པའི་ལུས་ཀྱིས་འདོད་པར་སྐྱེ་བ་ལེན་པའོ། །དེ་དག་གི་དོན་ཅི་ཞེ་ན། དང་པོ་འདོད་པའི་ཉོན་མོངས་དང་མ་བྲལ་ཀྱང་སྨོན་ལམ་གྱི་དབང་གིས་སྐྱེ་དགོས་པ་ནི། སོ་སྐྱེའི་དུས་ཀྱི་འཕེན་བྱེད་ཀྱི་ལས་ཀྱིས་སྲིད་པ་བདུན་ལས་ལྷག་པ་འཕེན་པའི་ནུས་པ་མེད་པས། འཕེན་བྱེད་ཀྱི་ཚབ་ཏུ་འདོད་པར་སྐྱེ་བའི་སྨོན་ལམ་བཏབ་ནས་དེ་འགྲུབ་བྱེད་ཀྱི་ཉོན་མོངས་མཚན་ཉིད་པས་གསོས་འདེབས་པ་ཡིན་པས། དེ་ལས་ཉོན་གྱི་སྐྱེ་བ་མཚན་ཉིད་པ་ཡིན་ལ། འདི་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་ཡིན་ཀྱང་ཐེག་ཆེན་གྱི་བདེན་པ་མཐོང་བའི་ངེས་པ་མེད་པས་འཁོར་བར་འཆིང་བྱེད་ལས་མ་གྲོལ་བའོ། །གཉིས་པ་འདོད་པ་ལ་ཆགས་བྲལ་བྱས་པའི་ཉན་ཐོས་ཐེག་པ་ཆེན་པོར་ཞུགས་པ་དེ་འདོད་པའི་ཁམས་སུ་སྐྱེ་བ་ལེན་པ་ནི། སྤྲུལ་པའི་ལུས་ཀྱིས་སྐྱེ་བ་ལེན་དགོས་པ་ཡིན་ཏེ། འདོད་པའི་ལུས་མཚན་ཉིད་པ་འགྲུབ་བྱེད་ཀྱི་ཉོན་མོངས་མེད་པའི་ཕྱིར། འོ་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་ནུས་པར་བཤད་པ་མ་ཡིན་ནམ། སྤྲུལ་པས་ཅི་ཞིག་བྱ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཆགས་བྲལ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པའི་དབང་དུ་བྱས་པ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་ནས་འདོད་པའི་སྲེད་ལེན་མངོན་དུ་བྱས་ཀྱང་གོང་མ་ལས་མི་ཉམས་པའི་ཕྱིར། དེ་ཡང་སྲེད་པ་ལ། ནང་ཕུང་པོ་ལ་སྲེད་པ་དང༌། ཕྱི་ཡུལ་ལ་སྲེད་པ་གཉིས་ལས། དང་པོ་ལ་སྲིད་སྲེད་ཅེས་བྱ་ལ། ཕྱི་མ་ལ་འདོད་སྲེད་དང༌། འཇིག་སྲེད་ཀྱི་དབྱེ་བས་གཉིས་ཡོད་ཅིང༌། དེ་ཡང་སྤྱིར་འདོད་སྲེད་ཀྱིས་བསམ་གཏན་ལས་ཉམས་པར་བྱེད་ཀྱང༌། དང་པོས་མ་ཡིན་ལ། ཉེ་བར་ལེན་པ་ཡང་འདོད་པ་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའི་བར་བཞིར་ཡོད་པ་ལས། སྤྱིར་འདོད་པའི་ཉེ་བར་ལེན་པ་དང་པོ་གསུམ་གྱིས་གོང་མ་ལས་ཉམས་པར་བྱེད་ནུས་ཀྱང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཙམ་གྱིས་ནི་མི་ནུས་སོ། །དེ་ཡང་ཐེག་ཆེན་མཐོང་ལམ་གྱི་རྗེས་སུ་བསམ་གཏན་གྱི་དངོས་གཞི་སྒྲུབ་པ་ལ་ནི་འདོད་པའི་ཉོན་མོངས་སྤོང་བའི་ལྷག་མཐོང་མི་དགོས་པར་ཞི་གནས་ཀྱི་ཡིད་ལ་བྱེད་པ་དགུ་པའི་མཐར་དངོས་གཞི་ཐོབ་པར་གསུངས་ལ། ཐེག་ཆེན་གྱི་ཚོགས་སྦྱོར་དུ་ནི་གོང་དུ་བཤད་མ་ཐག་པ་བཞིན་ནོ། །དེ་ལྟ་བུའི་དབྱེ་བ་དེ་ཡང་རྟེན་གྱི་གང་ཟག་ཐེག་ཆེན་འཕགས་པ་ལ་ཡིན་ཏེ། དེ་འདོད་པའི་ལུས་ལ་སྲེད་པ་འབྱུང་ཡང༌། ལོངས་སྤྱོད་ལ་སྲེད་པ་མི་འབྱུང་བའི་ཕྱིར། རྟེན་གྱི་གང་ཟག་ཐེག་ཆེན་འཕགས་པ་མ་ཡིན་པ་རྣམས་ལ་ནི་འདོད་པའི་ལུས་ལ་སྲེད་པ་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཡོད་ན། གཞན་རྣམས་ཀྱང་འབྱུང་བའི་ཕྱིར། གོང་མའི་སེམས་མ་ཐོབ་པ་ལ་གེགས་དང་ཐོབ་ཟིན་པ་ལས་ཉམས་པར་བྱེད་ནུས་པ་ཡིན་ནོ། །དེ་ཁོ་ནར་མ་ཟད་དང་པོ་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་འཕགས་པ་རྣམས་ནི། སྤྱིར་འདོད་པའི་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བས་སྤྲུལ་པས་ལུས་ལེན་པ་སོགས་ཀྱི་སྤྲོས་པ་མི་དགོས་ལ། ཕྱི་ཡུལ་གྱི་སྲེད་ལེན་སྤངས་ནས། གོང་མའི་སེམས་མངོན་དུ་བྱས་པ་དེ་དག་ཀྱང་སྤངས་པ་དེ་ལས་མ་ཉམས་བཞིན་དུ་འདོད་པའི་སྲེད་ལེན་མངོན་དུ་བྱེད་པར་ནུས་པས། དེ་དག་ལ་སྤྲུལ་པའི་ལུས་ཀྱིས་སྐྱེ་བ་ལེན་པ་ལ་སོགས་པའི་སྤྲོས་པ་མ་མཛད་དོ། །སྤྲུལ་པས་སྐྱེ་བ་ལེན་པ་འདི་ནི་འདོད་པ་ལ་ཆགས་བྲལ་བྱས་པའི་ཉན་ཐོས་ཐེག་པ་ཆེན་པོར་ཞུགས་ཀྱང༌། ཆོས་ཀྱི་བདག་མེད་མ་མཐོང་བ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དེས་རྣམ་སྨིན་གྱི་ལུས་མངོན་དུ་བྱེད་པ་ལ་འདོད་པའི་སྲེད་པ་དགོས་ལ། དེ་ནི་སྤངས་ཟིན་ཅིང༌། སྤངས་པ་སླར་མི་ལྡོག་པའི་ཕྱིར་དང༌། བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལ་ནི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་དགོས་པ་ལས། དེ་ཡང་མེད་པའི་ཕྱིར། སྤྲུལ་པས་སྐྱེ་བ་ལེན་པ་ལས་ཐབས་གཞན་མེད་དོ། །ཇི་སྐད་བཤད་པ་དེ་དག་ཀྱང༌། ཉན་ཐོས་འཕགས་པའི་དབང་དུ་བྱས་པ་ཡིན་ལ། མ་ངེས་པའི་རིགས་ཅན་གྱི་རང་རྒྱལ་འདོད་པ་ལ་ཆགས་བྲལ་མ་བྱས་པ་ཁ་ཅིག་སྨོན་ལམ་གྱི་མཐུས་ཉན་ཐོས་དང་སངས་རྒྱས་མེད་པའི་ཞིང་དུ་སྐྱེས་ཏེ། དེར་བསམ་གཏན་གྱི་དངོས་གཞི་བསྒྲུབས་ནས་སྤྲུལ་པའི་ལུས་མངོན་དུ་བྱེད་ལ། ལུས་དེས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་འཚང་རྒྱ་བར་བྱེད་དོ། །དེ་དག་ནི་སློབ་པའི་དབང་དུ་བྱས་པ་ཡིན་ལ། དམན་པའི་དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དེ་དག་ལ་ནི་འདོད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་མེད་ཅིང༌། སྙིང་རྗེ་དང་སྨོན་ལམ་རྐྱང་པས་སྐྱེ་བ་ལེན་པར་ཡང་བྱེད་མི་ནུས་པས། རྣམ་སྨིན་གྱི་ལུས་དེ་ཉིད་དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས་སྐྱེ་བ་ལེན་མི་དགོས་པར། ལུས་གཅིག་པོ་དེས་འཚང་རྒྱ་བར་བྱེད་དོ། །དེ་དག་གི་ཤེས་བྱེད་ཀྱང་གཏན་ལ་དབབ་པ་བསྡུ་བར། ཉན་ཐོས་ཀྱི་ལྷག་བཅས་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་དེ་དག་ཤེས་རབ་རྐྱང་པས་རྣམ་པར་གྲོལ་བ་ཡིན་གྱི། བསམ་གཏན་གྱི་དངོས་གཞི་ཐོབ་པ་ན་ལྷག་མེད་དུ་འཇུག་ངེས་པར་བཤད་པ་ཡིན་ནོ། །རང་རྒྱལ་གྱི་དགྲ་བཅོམ་པ་ལ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པའི་ཕྱིར། ཐེག་པ་ཆེན་པོར་ཞུགས་ནས་ཀྱང་སྤྲུལ་པའི་ལུས་ཀྱིས་འཚང་རྒྱ་བར་བྱེད་དོ། །ཐེག་པ་ཆེན་པོར་རིགས་ངེས་པའི་བྱང་སེམས་འཕགས་པ་རྣམས་ནི་ས་བདུན་པ་མན་ཆད་དུ། སྲེད་པ་མངོན་གྱུར་པས་འགྲུབ་བྱེད་ཀྱི་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པར་བྱེད་ཀྱང་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པ་ཞེས་མི་བྱ་སྟེ། ལས་དང་ཉོན་མོངས་པས་འཕངས་པའི་སྐྱེ་བ་མ་ཡིན་པའི་ཕྱིར་དང༌། དེའི་རྣམ་སྨིན་གྱི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་སྐྱེ་རྒ་ལ་སོགས་པའི་སྡུག་བསྔལ་བར་བྱས་པ་མ་ཡིན་པའི་ཕྱིར་རོ། །དོན་དེ་ལ་བསམས་ནས། འཕགས་པས་འཆི་དང་ན་བ་དང༌། །ཞེས་སོགས་གསུངས་སོ། །དེ་དུས་ཀྱི་སྲེད་པ་དེས་ཀྱང་ཉོན་མོངས་པའི་ཉེས་པ་སྐྱེད་པ་མ་ཡིན་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང༌། གཉེན་པོ་ཡེ་ཤེས་ཀྱི་གེགས་བྱེད་པའི་ནུས་པ་གཉིས་དེ་ལ་མེད་པའི་ཕྱིར། དཔེར་ན་སྔགས་དང་སྨན་གྱིས་སོད་པའི་དུག་ལྟ་བུའོ། །འོ་ན་དེ་ལ་ལས་གསོས་འདེབས་པའི་ནུས་པ་ཇི་ལྟར་ཡོད་ཅེ་ན། ཉོན་མོངས་པའི་ནུས་པ་བཞིའི་ནང་ནས་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པ་དང༌། སྲིད་པར་སྐྱེ་བ་ལེན་པའི་ནུས་པ་གཉིས་དེ་ལ་ཡོད་པའོ། །འོ་ན་མ་དག་ས་བདུན་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་མེད་པར་ཁས་ལེན་ནུས་སམ་ཞེ་ན། མ་ཡིན་ཏེ། ཡིད་ཤེས་འཁོར་དུ་བྱུང་བ་ལ་དེ་ལྟར་ཁས་བླངས་པས་ཆོག་ཀྱང་འདས་ལམ་དུ་མ་གྱུར་པའི་ཚེ། ཉོན་ཡིད་འཁོར་དུ་བྱུང་བ་རྣམས་ལ་དེའི་མཚན་ཉིད་ཚང་བའི་ཕྱིར། ས་བརྒྱད་པ་ཡན་ཆད་དུ་ནི་འདོད་པ་དང༌། སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་གྱིས་འཁོར་བར་སྐྱེ་བ་འགྲུབ་པའི་རྒྱུ་བྱེད་པ་ཡིན་གྱི། དེར་སྲེད་ལེན་མངོན་གྱུར་མི་འབྱུང་སྟེ། ཉོན་ཡིད་སྤངས་པས། བདག་ཏུ་སྲེད་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྤངས་པའི་ཕྱིར་དང༌། དེ་འབྱུང་ན་དག་པའི་སར་འཇོག་མི་ནུས་པའི་ཕྱིར། འཕགས་སེང་གིས་ཀྱང༌། མ་རིག་པ་དང་ལྟ་བའི་བག་ལ་ཉལ་འཇོམས་ཀྱི་འདོད་པ་དང་སྲིད་པའི་བག་ལ་ཉལ་ནི་མ་ཡིན་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར། ཞེས་གསུངས་པ་དང་ཡང་མཐུན་ནོ། །འོ་ན་ཉོན་མོངས་པའི་བག་ལ་ཉལ་ཙམ་ཞིག་ནི་ཉན་ཐོས་དགྲ་བཅོམ་པ་དག་ལ་ཡང་ཡོད་པས་ཅིའི་ཕྱིར་སྐྱེ་བ་ལེན་པར་མི་བྱེད་ཅེ་ན། དེས་སྤྱིར་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་ཀྱང༌། སྲེད་ལེན་གྱི་བག་ལ་ཉལ་མ་ལུས་པར་སྤངས་པ་ཡིན་ཏེ། ཇི་སྐད་དུ། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང༌། བསྡུ་བ་ལས། དགྲ་བཅོམ་པ་ལ་གནས་གྱུར་པ་ནི་ཡོད་དེ། ཞེས་འབྱུང་བ་ལྟར་རོ། །འོ་ན་སྲེད་པའི་བག་ལ་ཉལ་ཉོན་མོངས་པའི་སྒྲིབ་པ་ཡིན་པའམ། ཡང་ན་དེས་ཤེས་སྒྲིབ་ཀྱི་ཕྱོགས་གཅིག་སྤངས་པར་འགྱུར་རོ་ཞེ་ན། དེ་ཉོན་མོངས་པའི་སྒྲིབ་པར་ཐལ་བ་འདོད་པ་ཡིན་ཏེ། དེ་ཡིན་པའི་རྒྱུ་མཚན་གྱིས་ཉན་རང་སློབ་པས་དེ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་རོ། །ཉོན་མོངས་པའི་བག་ཆགས་དང༌། ཤེས་སྒྲིབ་ཀྱི་གཞི་མཐུན་མེད་པ་མ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་བྱང་སེམས་འཕགས་པས་ཆེད་དུ་གཉེར་ནས་སྤོང་བར་བཤད་པ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། མདོ་སྡེའི་རྒྱན་ལས། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བ་རབ་ཏུ་སྒྲུབ་པར་བྱེད། །ཅིག་ཤོས་ཕྱིར་མི་འོང་པ་དང༌། །ལྡན་ཕྱིར་སྤྲུལ་པ་རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །དོན་བཅས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །འདི་དག་གི་དོན་རྣམ་བཤད་མཛད་པ་པོ་སྔ་མ་རྣམས་ཀྱིས་གསལ་བར་བཤད་པ་མ་མཐོང་བས། འབད་པས་བསྒྲུབས་པ་འདི་དག་ནི་ཡིད་ཆེས་པའི་ལུང་མཐའ་དག་དང་ཇི་ལྟར་སྦྱོར་བའི་ཚུལ་ནི་མངས་པས་མ་བྲིས་མོད། ངག་དོན་གསལ་པོའི་ལྡེ་མིག་འདི་ཙམ་གྱིས་ཤིན་ཏུ་དམ་པའི་ལུང་གི་སྒོ་མོ་ཆེ་བརྒྱ་ཕྲག་དུ་མ་ཞིག་རང་གྲོལ་དུ་ཕྱེད་པར་འགྱུར་རོ། །གཉིས་པ་ཀུན་འབྱུང་གི་བདེན་པ་བཤད་པ་ལ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ལ་དངོས་དང༌། མདོ་དང་འགལ་བ་སྤང་བའོ། །དེ་ལ་གཙོ་བོ་བསྟན་པས་མི་འགལ་བ་དང༌། གཙོ་བོ་ཡིན་པར་བསྟན་བཤད་གཉིས་ཀྱིས་སྒྲུབ་པའོ། །རྒྱས་པར་བཤད་པ་ལ། དང་པོ་ལ་དོན་གྱི་དངོས་པོ་བཅུར་ཕྱེ་བ་དང༌། བཅུ་པོ་སོ་སོར་བཤད་པའོ། །དེ་ལ་གཉིས་ཏེ། ཉོན་མོངས་པའི་མཚན་ཉིད་དང༌། དེ་གཉེན་པོས་ཇི་ལྟར་སྤོང་བའོ། །དང་པོ་ལ། ཡོངས་སུ་ཤེས་པར་བྱ་བ་གསུམ་གྱི་སྒོ་ནས་ཤེས་པར་བྱ་བ་དང༌། དེ་ཉིད་རྟེན་དང་སྡེ་ཚན་གྱི་སྒོ་ནས་སྤང་བྱར་བཞག་པའོ། །དང་པོ་ལ་གསུམ་སྟེ། རང་གི་ངོ་བོ་དང༌། འབྱུང་བ་བཞིའི་དངོས་པོ་དང༌། ཉེས་དམིགས་སོ། །དང་པོ་ལ་དབྱེ་བ་དང༌། མཚན་ཉིད་དོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །བཤད་པ་ལ། ངོ་བོས་དབྱེ་བ་དང༌། ལྟ་བ་ཡིན་མིན་གྱིས་དབྱེ་བའོ། །མཚན་ཉིད་ལ་ངོ་བོ་ཉིད་ཀྱིས་མཚོན་པ་དང༌། བྱེད་པས་མཚོན་པའོ། །དང་པོ་ནི། སེམས་བྱུང་གི་ཆོས་གང་ཞིག གཙོ་བོ་སེམས་གང་གི་འཁོར་དུ་འབྱུང་བ་ན་རྣམ་གཡེང་དང༌། ཕྱིན་ཅི་ལོག་དང༌། རྒོད་པ་དང༌། རྨུགས་པ་དང༌། བག་མེད་པ་དང༌། འཛེམ་པ་མེད་པ་སྟེ། དྲུག་གི་སྒོ་ནས་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་བའོ། །གཉིས་པ་ནི། དེ་བྱུང་བས་གང་ལ་བྱུང་བའི་གང་ཟག་གི་སེམས་ཀྱི་རྒྱུད་སོགས་སོ། །གཞིའི་དངོས་པོ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། དམིགས་པའི་རྐྱེན་གཞི་བྱེ་བྲག་ཏུ་བཤད་པ་དང༌། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་བཞི་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་རྒྱུའི་དང༌། དམིགས་པའི་དང༌། བདག་པོའི་རྐྱེན་ནོ། །གཉིས་པ་དམིགས་པའི་རྐྱེན་གཞི་བཤད་པ་ལ་ཡུལ་ཅན་ཕན་ཚུན་དང་གཞི་དམིགས་པར་བཞག་པ་དང༌། ས་གང་གི་ཉོན་མོངས་པས་ས་གང་ལ་དམིགས་པ་དང༌། གཉེན་པོའི་བདེན་པ་ལ་དངོས་སུ་མི་དམིགས་ཀྱང་དམིགས་པར་བཏགས་པའི་རྒྱུ་མཚན་དང༌། གཞི་མེད་དང་གཞི་བཅས་ཀྱི་དམིགས་པའི་ཁྱད་པར་བཤད་པའོ། །འདིར་གཞི་ཡོད་མེད་ཀྱི་དོན་ནི་དེའི་འཛིན་སྟངས་ཀྱི་གཟུང་བྱ་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་མེད་ལ་བྱའོ། །གཉིས་པ་ལྷན་མཚུངས་ཀྱི་རྒྱུ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྩ་ཉོན་གྱི་མཚུངས་ལྡན་བཤད་པ་དང༌། ཉེ་ཉོན་གྱི་དེ་བཤད་པའོ། །དང་པོ་ལ། འདོད་ཆགས་གཞིར་བཞག་ནས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་བཞིར་བཞག་སྟེ་བཤད་པའོ། །ཉེ་ཉོན་གྱི་མཚུངས་ལྡན་ལ་གཉིས་ཏེ། མི་ལྡན་པའི་བྱེ་བྲག་དང༌། མཚུངས་པར་ལྡན་པའི་ཁྱད་པར་རོ། །དེ་ལ་གཉིས་ཏེ། བྱེ་བྲག་ཐམས་ཅད་དང་ལྡན་པ་དང༌། སྤྱི་ཐམས་ཅད་དང་ལྡན་པའོ། །གཞུང་འདི་དག་གི་དོན་ལ་རྣམ་པར་བརྟག་པ་ན། གཙོ་བོ་སེམས་གཅིག་གི་འཁོར་གྱི་སེམས་བྱུང་རྣམས་འཛིན་སྟངས་མཚུངས་པ་མ་ཡིན་ནོ། །གསུམ་པ་ཉེས་དམིགས་ལ་གཉིས་ཏེ། མདོ་ལས་བྱུང་བའི་ཉེས་དམིགས་ཀྱི་རྣམ་གྲངས་བསྟན་པ་དང༌། རང་རང་གི་དམིགས་པ་ཕྱིན་ཅི་ལོག་ཏུ་བྱེད་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ཏེ། ཉི་ཤུ་རྩ་བཞིར་ཕྱེ་སྟེ་བཤད་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ། སྡོམ་ནི། ཀུན་འཆིང་བག་ཉེ་ཀུན་ཆུ་སྦྱོར། །ཉེ་མདུང་སྒྲིབ་ཐ་དྲི་སྡིག་གཟུགས། །ཅི་ཉེས་ཟག་ཕོངས་ཡོངས་འཁྲུག་འཐབ། །རིམ་ནང་ནགས་སྦྱོར་གེགས་ཡིན་ནོ། །ཞེས་སོ། །དེ་ལས་བསྡུ་ན་གཉིས་ཏེ། ཉོན་མོངས་ཕལ་ཆེ་བའི་དབང་དུ་བྱས་པ་དང༌། དུག་གསུམ་གཙོ་བོར་བྱས་པའི་རྣམ་གྲངས་སོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྱི་ཉེས་དམིགས་དང༌། གཉེན་པོ་སྐྱེད་པའི་གནས་སྐབས་ཀྱི་ཉེས་དམིགས་སོ། །དང་པོ་ལ། སྡུག་བསྔལ་འགྲུབ་པའི་རྒྱུ་བྱེད་པ་དང༌། སྡུག་བསྔལ་དང་མི་འབྲལ་བའི་རྒྱུ་བྱེད་པ་དང༌། རྒྱུ་དེ་ཉིད་ཤེས་པར་དཀའ་ཞིང་སྤང་དཀའ་བའི་རྐྱེན་དང༌། སེམས་ཕྱིན་ཅི་ལོག་ཏུ་བྱེད་པའི་རྐྱེན་དང་བཞིའོ། །གཉིས་པ་གཉེན་པོ་ལ་གེགས་བྱེད་པའི་ཉེས་དམིགས་ལ་ལྔ་སྟེ། དགེ་བ་ལ་སྦྱོར་བ་དང་འགལ་བ་དང༌། ལམ་གྱི་སྤང་བྱ་ཀུན་ནས་ཉོན་མོངས་པ་དང་རྗེས་སུ་མཐུན་པ་དང༌། བླང་བྱ་རྣམ་པར་བྱང་བ་དང་རྗེས་སུ་མི་མཐུན་པ་དང༌། སྤང་བྱ་ལ་འཇུག་པའི་སྐྱོན་དང༌། གཉེན་པོ་ལ་བར་དུ་གཅོད་པའི་སྐྱོན་ནོ། །དེ་ལའང་འཇིག་རྟེན་ལས་འདས་པའི་ལམ་དང་འགལ་བ་དང༌། དེའི་སྦྱོར་བ་དང༌། འགལ་བ་གཉིས་སོ། །གཉིས་པ་དུག་གསུམ་གཙོ་ཆེ་བའི་དབང་དུ་བྱས་པ་ལ་གསུམ་སྟེ། སྤང་བྱ་སྤང་དཀའ་ཞིང་གཉེན་པོའི་རྟེན་དུ་འགྱུར་བའི་ཉེས་པ་དང༌། འབྲས་བུ་མི་འདོད་པ་སྒྲུབ་པའི་ཉེས་པ་དང༌། གཉེན་པོ་དང་འགལ་བའི་ཉེས་པའོ། །མི་འདོད་པ་སྒྲུབ་པ་ལ་གཉིས་ཏེ། དམ་པ་རྣམས་ཀྱིས་སྨད་པར་འགྱུར་བའི་ཉེས་པ་དང༌། རང་མི་འདོད་པ་འབྱིན་པའི་ཉེས་པའོ། །དེ་ལ་བདུན་ཏེ། རྒྱུན་གྱི་སྡུག་བསྔལ་སྐྱེད་པ་དང༌། གནས་སྐབས་ཀྱི་སྡུག་བསྔལ་སྐྱེད་པ་དང༌། ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། ད་ལྟར་གྱི་སྡུག་བསྔལ་སྐྱེད་པ་དང༌། བྱ་བ་མ་ཡིན་པ་ལ་འཇུག་པར་བྱེད་པ་དང༌། བསལ་བར་དཀའ་བ་དང༌། སྡུག་བསྔལ་མཐའ་དག་ལ་ཆགས་པས་སྦྱོར་བར་བྱེད་པའོ། །དང་པོ་ལ་གཉིས་ཏེ། རྒྱུན་དུ་གནོད་པ་དང༌། དེ་ཡང་སྤང་དཀའ་བའོ། །གཉིས་པ་ལའང་གཉིས་ཏེ། མི་འདོད་པ་དངོས་ལ་སྦྱོར་བ་དང༌། དེའི་རྒྱུ་ལ་སྦྱོར་བའོ། །གསུམ་པ་ལའང་གཉིས་ཏེ། སེམས་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། བསྒྲུབ་བྱ་ལོག་པར་བསྒྲུབ་པའོ། །བཞི་པ་ལའང་གཉིས་ཏེ། འདོད་པའི་དོན་མ་ཐོབ་པ་ལས་བྱུང་བ་དང༌། ཐོབ་པ་ལས་བྱུང་བའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཀུན་སྦྱོར་ལ་དགུ་ཡོད་པ་གསུམ་དུ་བསྡུ་སྟེ། བསམ་པ་སྐྱེ་བའི་གེགས་རྗེས་སུ་ཆགས་པའི་ཀུན་སྦྱོར་དང༌། སྦྱོར་བ་བཏང་སྙོམས་ཀྱི་གེགས་ཁོང་ཁྲོ་བའི་ཀུན་སྦྱོར་གཉིས་ཀྱིས་ཚོགས་ལམ་གྱི་བར་ཆད་དང༌། སྦྱོར་ལམ་གྱི་བར་ཆད་ང་རྒྱལ་གྱི་ཀུན་སྦྱོར་དང༌། མཐོང་ལམ་གྱི་བར་ཆད་ལྷག་མ་རྣམས་སོ། །དེ་ལ་གཉིས་ཏེ། མཉམ་གཞག་གི་དང༌། རྗེས་ཐོབ་ཀྱི་བར་ཆད་དོ། །དང་པོ་ལ། སྡུག་བསྔལ་དང༌། ཀུན་འབྱུང་གི་ཆོས་ཉིད་རྟོགས་པའི་གེགས་མ་རིག་པའི་ཀུན་སྦྱོར་དང༌། ལམ་གྱི་གེགས་མཆོག་འཛིན་གྱི་ཀུན་སྦྱོར་རོ། །རྗེས་ཐོབ་ཀྱི་གེགས་ལ་གསུམ་སྟེ། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པའི་གེགས་ཐེ་ཚོམ་གྱི་ཀུན་སྦྱོར་དང༌། རྙེད་པ་དང༌། བཀུར་སྟི་ལ་སྐྱོན་དུ་ཤེས་པའི་གེགས་ཕྲག་དོག་གི་ཀུན་སྦྱོར་དང༌། ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པའི་གེགས་སེར་སྣའི་ཀུན་སྦྱོར་རོ། །དེ་ཐམས་ཅད་ལ་གང་གིས་སྦྱོར། ཇི་ལྟར་སྦྱོར། གང་དུ་སྦྱོར་བ་གསུམ་གསུམ་གྱིས་སྟོན་ནོ། །བྱེ་བྲག་ཏུ་ང་རྒྱལ་གྱི་ཀུན་སྦྱོར་བདུན་པོ་གསུམ་དུ་འདུ་སྟེ། ཐོབ་པར་བྱེད་པའི་གང་ཟག་ལ་ལོག་པར་རྟོག་པའི་ང་རྒྱལ་དང༌། ཐོབ་པར་བྱ་བའི་འབྲས་བུ་དང༌། བརྟེན་པར་བྱ་བའི་ཡོན་ཏན་ལ་ལོག་པར་རྟོག་པའི་འོ། །དང་པོ་ལ། གཞན་རྒྱུ་མཚན་དུ་བྱས་ནས་དང༌། རང་གི་ཉེར་ལེན་གྱི་ཕུང་པོ་རྒྱུ་མཚན་དུ་བྱས་པའི་ང་རྒྱལ་ལོ། །དང་པོ་ལ། རང་ལས་ཆུང་བ་རྒྱུ་མཚན་དུ་བྱས་པ་དང༌། མཚུངས་པ་རྒྱུ་མཚན་དུ་བྱས་པ་དང༌། ཆེ་བ་རྒྱུ་མཚན་དུ་བྱས་པའོ། །དེ་ལའང་མི་འདུད་པ་དང༌། འདུད་པ་གཉིས་སོ། །བག་ལ་ཉལ་ལ་དབྱེ་བ་དང༌། མཚན་ཉིད་དང༌། བདུན་དུ་འཇོག་པའི་རྒྱུ་མཚན་དང་གསུམ་མོ། །དེ་ལ་གསུམ་སྟེ། འདོད་པ་ཚོལ་བ་ལས་གཉིས་དང༌། སྲིད་པ་ཚོལ་བ་ལས་གཅིག་དང༌། དངོས་དང་ཐད་པ་གཉིས་ཀྱིས་ལོག་པས་ཚངས་པར་སྤྱད་པ་ཚོལ་བ་ལས་བཞི་རྒྱས་པར་འགྱུར་བའོ། །ཉེ་ཉོན་ལ་གསུམ་སྟེ། རྩ་བའི་ཉོན་མོངས་པ་གཞིར་བཞག་པ་དང༌། ཉེ་བའི་ཉོན་མོངས་པ་འབའ་ཞིག་པ་དང༌། ཉེ་བའི་ཉོན་མོངས་པར་འཇོག་པའི་རྒྱུ་བྱེ་བྲག་ཏུ་བཤད་པའོ། །དེ་ལ་དངོས་དང༌། སྒྲ་དོན་དང༌། དེ་ལུང་གིས་སྒྲུབ་པ་གསུམ་མོ། །གཞུང་འདི་ལ་བལྟས་ན་རྩ་ཉོན་དང་ཉེ་ཉོན་འགལ་བ་དང༌། རྩ་ཉོན་ཞེས་བྱ་བའི་རྣམ་གཞག་རྣམས་མི་འབྱུང་ལ། གང་ཉོན་མོངས་ཡིན་པ་དེ་ཐམས་ཅད་ཉེ་ཉོན་ཀྱང་ཡིན་པ་དང༌། ཉེ་ཉོན་ཡིན་ལ་ཉོན་མོངས་མ་ཡིན་པ་ནི་དྲུག་པོ་མ་གཏོགས་པའི་ཉེ་ཉོན་རྣམས་སོ། །དོན་དེར་གོང་འོག་གཉིས་ཀ་མཐུན་པ་ཡིན་ཏེ། མཛོད་དུ། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །གང་དེས་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཞེས་དང༌། སྔ་འགྲེལ་དུ། ཉོན་མོངས་པ་གང་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པའང་ཡིན་ཏེ། ཞེས་གསུངས་སོ། །དེའི་ཚེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་ཉེ་ཉོན་ཞེས་དང༌། སེམས་ཉོན་མོངས་དང་ཉེ་བར་བྱེད་པས་ཉེ་ཉོན་ཞེས་བྱ་བ་གཉིས་སུ་འགྱུར་རོ། །དེ་ལྟར་ན་ཉེ་ཉོན་ཉི་ཤུ་པོ་རྣམས་ཆོས་ཅན། ཉོན་མོངས་དངོས་མ་ཡིན་ཏེ། དེའི་གནས་སྐབས་སོགས་ལ་བཏགས་པའི་ཕྱིར་དང༌། དེའི་མཚན་ཉིད་གོང་དུ་བཤད་པ་དེ་མ་ཚང་བའི་ཕྱིར། བཏགས་པའི་དགོས་པ་ནི་ཉོན་མོངས་པ་དང་འདྲ་བར་སྤང་དགོས་པའོ། །དེའི་ཕྱིར་ཉི་ཤུ་པོ་རྐྱང་པས་ཟག་པ་དང་བཅས་པའི་ལས་ཀུན་ནས་སློང་བར་མི་ནུས་ཤིང༌། ཡང་སྲིད་འཕེན་འགྲུབ་ཀྱི་བག་ཆགས་འཇོག་མི་ནུས་པའི་ཕྱིར། ཉོན་མོངས་མ་ཡིན་ནོ། །ཀུན་ནས་དཀྲིས་པའི་དབྱེ་བ་བརྒྱད་དུ་འཇོག་པའི་ཤེས་བྱེད་ནི་གཞུང་ཉིད་ན་གསལ་ཞིང༌། ཆུ་བོ་དང༌། སྦྱོར་བའང་གཞུང་བཞིན་ནོ། །ཉེ་བར་ལེན་པ་བཞི་པོ་གཉིས་སུ་བསྡུད་དེ། ཁྱིམ་པ་རྩོད་པའི་རྩ་བ་ལེན་པ་དང༌། རབ་ཏུ་བྱུང་བ་རྩོད་པའི་རྩ་བ་ལེན་པའོ། །དེ་ལ་གཉིས་ཏེ། རྩོད་པའི་རྩ་བ་ཉེ་བར་ལེན་པའི་དོན་བཤད་པ་དང༌། ཡང་སྲིད་ཕྱི་མ་ཉེ་བར་ལེན་པའི་དོན་བཤད་པའོ། །ལྷག་མ་ནི་གཞུང་ཉིད་ཀྱིས་གསལ་བར་སྟོན་ནོ། །གཉིས་པ་རང་གི་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པའི་ཉེས་དམིགས་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གོ་བར་སླ་བ་དྲུག་གིས་ཉོན་མོངས་པ་སོ་སོར་ཕྱེ་བ་དང༌། དེས་མཐོང་སྤངས་དང༌། སྒོམ་སྤངས་ཀྱི་ལོག་ཞུགས་ཤུགས་ལ་གོ་བའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། སྤང་བྱའི་བདེན་པ་ལ་ལོག་ཞུགས་དང༌། གཉེན་པོའི་བདེན་པ་ལ་ལོག་ཞུགས་གཉིས་རྟེན་དང་སྡེ་ཚན་སོ་སོར་ཕྱེ་སྟེ་སྤང་བྱར་གཞག་པ་ལ། རྟེན་གྱི་སྒོ་ནས་དབྱེ་བ་དང༌། སྡེ་ཚན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་བཞི་སྟེ། ཁམས་གང་ན་ཡོད་པ་དང༌། ཚོར་བ་གང་དང་ལྡན་པ་དང༌། རྣམ་ཤེས་གང་དང་ལྡན་པ་དང༌། དངོས་པོ་ཕྱོགས་གཅིག་དང་མཐའ་དག་ལ་འཇུག་པའི་བྱེ་བྲག་གོ །ཚོར་བ་གང་དང་ལྡན་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། ཐམས་ཅད་བཏང་སྙོམས་དང་ལྡན་པའི་རྒྱུའོ། །དང་པོ་ལ་བདུན་ཏེ། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། སྒྲོ་འདོགས་ཀྱི་ལྟ་བ་བཞི་དང༌། ལོག་ལྟ་དང༌། ཐེ་ཚོམ་དང༌། མ་རིག་པ་རྣམས་ཁམས་གང་ན་ཚོར་བ་གང་དང་མཚུངས་པར་ལྡན་པའོ། །གསུམ་པ་ལ། རྣམ་ཤེས་དྲུག་གམ་བཞི་དང་མཚུངས་ལྡན་བཤད་པ་དང༌། ཡིད་ཀྱི་རྣམ་ཤེས་ཁོ་ན་དང་མཚུངས་ལྡན་གསུམ་བཤད་པའོ། །འདི་དག་ཏུ་མ་རིག་པ་ཉོན་མོངས་པ་ཐམས་ཅད་དང་མཚུངས་ལྡན་དུ་བཤད་པ་དང༌། མ་འདྲེས་པའི་མ་རིག་པ་ཞེས་བཤད་པ་དེ་ཁྱད་པར་ཅི་ཞེ་ན། མ་འདྲེས་པའི་མ་རིག་པ་ལ་གཉིས་ཏེ། མཚུངས་ལྡན་མ་འདྲེས་པ་དང༌། རྟེན་མ་འདྲེས་པའོ། །དང་པོ་ནི། ཡིད་ཤེས་འཁོར་དུ་བྱུང་བའི་མ་རིག་པ་འགའ་ཞིག ཉོན་མོངས་པ་གཞན་གྱི་གྲོགས་མངོན་གྱུར་དུ་མེད་པ་ཞིག་ཡིན་ལ། འདི་མཐོང་སྤང་ཁོ་ནར་འཆད་དགོས་ཏེ། གཞུང་དུ། མ་འདྲེས་པ་ནི་བདེན་པ་རྣམས་མི་ཤེས་པའོ། །ཞེས་བཤད་པས་སོ། །གཉིས་པ་ནི། རྟེན་ནམ་མཐུ་མ་འདྲེས་པ་ཡིན་ཏེ། ཁ་ཕྱིར་ལྟས་ཀྱི་ཉོན་མོངས་པ་གཞན་དང་མཚུངས་ལྡན་དུ་མི་འབྱུང་བའི་ཕྱིར། མཚུངས་ལྡན་མ་འདྲེས་པ་ནི་མ་ཡིན་ཏེ། ཉོན་ཡིད་ཀྱི་ངེས་པའི་འཁོར་བཞི་པོ་དེ་དང་རྟག་ཏུ་མཚུངས་པར་ལྡན་པའི་ཕྱིར། འདི་ནི་ཉོན་ཡིད་ཀྱི་སྒྲུབ་བྱེད་དུ་དྲངས་པ་འདི་ཡིན་ལ། དེའི་ངོས་འཛིན་ཡང་ཐེག་བསྡུས་སུ་མདོ་དྲངས་པ་ལས། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་དང༌། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་སོ། །ཡང་སྐབས་འདིར། འདོད་ཁོང་ང་རྒྱལ་གསུམ་ཡུལ་དངོས་པོའི་ཕྱོགས་གཅིག་ཁོ་ན་ལ་འཇུག་པར་གསུངས་ལ། སྔོན་གྱི་ཁ་ཅིག་ན་རེ། དེ་གསུམ་ཡུལ་ངེས་སུ་ཐལ་བ་དེར་འདོད་ན། ཡུལ་ངེས་ལྔའི་གྲངས་ངེས་ཞིག་པར་ཐལ་བ་དང༌། གཞན་གསུམ་ཡང་དངོས་པོའི་ཕྱོགས་གཅིག་ལ་འཇུག་པར་འགྱུར་ཏེ། མ་རིག་པ་ནི་ཡུལ་མི་ཤེས་པ་ལ་འཇུག ཐེ་ཚོམ་ནི་ཡུལ་གཏན་ལ་མ་ཕབས་པ་ལ་འཇུག ལྟ་བ་ནི་ཡུལ་མཐའ་གཅིག་ཏུ་བཏགས་པ་ཁོ་ན་ལ་འཇུག་གི་མ་བཏགས་པ་ལ་མི་འཇུག་པའི་ཕྱིར་ཞེས་ཟེར་བ་ལ། གཞན་དག་གིས་ལན་བཏབ་པར་སྣང་ཡང་མ་ཐེབས་པར་སྣང་ལ། ཧ་ཅང་ཐལ་བ་འདི་དག་ནི་འཕགས་པ་ཐོགས་མེད་ལ་མི་འཇུག་ཀྱང༌། བོད་ཕྱི་མ་གཞན་དག་ལ་འཇུག་པར་སྣང་སྟེ། སེམས་བྱུང་གི་སྡེ་ཚན་དྲུག་པོ་དེ་དག་དང་མཚུངས་པར་ལྡན་པའི་སེམས་བྱུང་གཞན་རྣམས་ཆོས་ཅན། དེ་དང་དེ་དག་ཏུ་ཐལ། སོ་སོའི་མཚན་ཉིད་དུ་ཁས་བླངས་པ་རྣམས་ཚང་བའི་ཕྱིར། འདོད་ན་དེ་དང་དེ་དག་གི་གྲངས་ངེས་ཉམས་སོ། །ཞེས་པའོ། །གཉིས་པ་སྡེ་ཚན་གྱི་སྒོ་ནས་དབྱེ་བ་ལ་མཐོང་སྤང་དང༌། སྒོམ་སྤང་གི་རིགས་གཉིས་སོ། །དེ་དག་གཉེན་པོས་ཇི་ལྟར་སྤོང་བ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་སྤོང་བའི་རྒྱུ་དང༌། ཇི་ལྟར་སྤོང་བའི་སྦྱོར་བ་དང༌། སྤོང་བ་དངོས་བཤད་པའོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། སྤོང་བའི་ཐབས་དང༌། དུས་དང༌། བློ་སྐྱེ་བའི་རྒྱུའོ། །གཉིས་པ་སྤོང་བའི་སྦྱོར་བ་བཤད་པ་ལ། བྱུང་བ་སྤོང་བ་དང༌། མ་བྱུང་བ་མི་སྐྱེད་པའོ། །སྤོང་བ་དངོས་ལ། གང་གིས་སྤོང་བ་དང༌། གང་སྤོང་བའོ། །དང་པོ་ལ། དངོས་དང༌། རྩོད་པ་སྤངས་པའོ། །གཉིས་པ་གང་སྤོང་བ་ལ་གཉིས་ཏེ། དུས་མི་མཉམ་པ་སྤོང་དུ་མི་རུང་བར་བསྟན། དུས་མཉམ་པ་སྤོང་དུ་རུང་བར་བསྟན་པའོ། །དེ་ལ་གསུམ་སྟེ། ས་བོན་སྤོང་བ་མདོར་བསྟན་པ་དང༌། སྤོང་ཚུལ་རྒྱས་པར་བཤད་པ་དང༌། སྤངས་པའི་དོན་བསྡུས་ཏེ་བསྟན་པའོ། །འདི་དག་ལ་ངག་དོན་དང༌། སྤྱི་དོན་ནོ། །དང་པོ་ནི། སྤང་བྱ་གང་ཞིག དུས་གསུམ་པོ་གང་ལས་སྤོང་ཞེ་ན། ལན་ལ་གཉིས་ཏེ། དུས་གསུམ་གང་རུང་གི་མངོན་གྱུར་ལ་གནོད་པ་བྱས་པའི་ཚུལ་གྱི་སྤོང་བ་མ་ཡིན་པར་བསྟན་པ་དང༌། ས་བོན་ད་ལྟར་བ་ལ་གནོད་པ་བྱས་པའི་སྒོ་ནས་མ་འོངས་པ་སྤོང་བར་བསྟན་པའོ། །དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་དེའི་དུས་སུ་འདས་ཟིན་པའི་སྤང་བྱ་ནི་ཆོས་ཅན། དེས་སྤོང་བ་མ་ཡིན་ཏེ། དེའི་དུས་སུ་འགག་ཟིན་པའི་ཕྱིར། འདི་ལ་ནི་མངོན་གྱུར་དང་ས་བོན་ཁྱད་མེད་དོ། །ཡང་དེའི་དུས་སུ་མ་འོངས་པའི་སྤང་བྱ་ནི་ཆོས་ཅན། དེས་ཁྱོད་ལ་དངོས་སུ་གནོད་པ་བྱེད་པ་མ་ཡིན་ཏེ། ཁྱོད་དེའི་དུས་སུ་མ་བྱུང་བའི་ཕྱིར། འདིས་འདི་སྤྱིར་མི་སྤོང་བ་ཡིན་ལ། དངོས་སུ་གནོད་པ་མི་བྱེད་པ་ལ་ནི་མངོན་གྱུར་དང་ས་བོན་ཁྱད་མེད་དོ། །སྤང་བྱ་མངོན་གྱུར་པ་ད་ལྟར་བྱུང་བ་ནི་ཆོས་ཅན། བར་ཆད་མེད་ལམ་གྱིས་ཁྱོད་ལ་དངོས་སུ་གནོད་པ་བྱེད་པ་མ་ཡིན་ཏེ། བར་ཆད་མེད་པའི་ལམ་དང་ལུས་རྟེན་གཅིག་ལ་མཉམ་དུ་མི་འཇུག་པའི་ཕྱིར། གཉིས་པ་ནི། འོ་ན་དེས་དེ་མི་སྤོང་བར་ཐལ་ལོ་སྙམ་ན་མ་ཡིན་ཏེ། འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་ད་ལྟར་བ་གང་ཡིན་པ་དེ་ལས་སྤོང་བའི་ཕྱིར། འོ་ན་དེས་ཀྱང་དེ་མི་སྤོང་བར་ཐལ། འདས་པ་ནི་འགགས་པ་ལ་སོགས་པའི་ཕྱིར་རོ་སྙམ་ན། མཉམ་དུ་མི་འཇུག་པ་མ་གྲུབ་སྟེ། ཀུན་གཞིའི་སྟེང་གི་མཐོང་སྤང་དང་པོའི་གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་སྦྱོར་བ་དང་འཇུག་པ་གང་བྱུང་བ་ལས། གཉེན་པོའི་རྣམ་པ་བར་ཆད་མེད་པའི་ལམ་དེ་བྱུང་བ་དང༌། གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་སྟེ། ད་ལྟར་བ་དེ་ནི་དུས་མཉམ་པའི་ཕྱིར་ན་ས་བོན་ད་ལྟར་བ་དེའི་གཉེན་པོ་དང་དུས་མཉམ་མོ། །དཔེར་ན། སྣང་བ་འབྱུང་བ་དང༌། དེའི་འགལ་ཟླ་མུན་པ་འགག་པ་དུས་མཉམ་པ་བཞིན་ནོ། །འདིར་འབྱུང་བ་ཞེས་པ་ནི་མ་འོངས་པ་ལ་བྱ་ལ། འགག་པ་ནི་ད་ལྟར་བ་ལ་ཟེར་བ་ཡིན་ནོ། །དེའི་ཕྱིར། སྤྱིར་ད་ལྟར་བ་ཡིན་ཀྱང་གཞི་དེར་མ་འོངས་ཤིང༌། མ་སླེབ་པའི་སྣང་བ་དང༌། དེའི་བསལ་བྱར་གྱུར་པའི་མུན་པ་ད་ལྟར་བ་གཉིས་གཞི་གཅིག་ན་མེད་ཀྱང་དུས་མཉམ་དུ་ཡོད་པ་ཡིན་ནོ། །དེ་ལྟར་ཤེས་པ་དེའི་ཚེ་གཞན་དག་ན་རེ། སྣང་བས་མུན་པ་མི་སེལ་བར་ཐལ། འདས་པ་འགགས་པའི་ཕྱིར། ཞེས་སོགས་ཟེར་བ་ལ་རྟགས་མ་གྲུབ་པའི་ལན་ཐེབས་པ་ཡིན་ནོ། །གསུམ་པ་ནི། གནས་ངན་ལེན་གྱི་ཞེས་སོགས་དེ་མཐོང་ལམ་སྡུག་བསྔལ་ཆོས་ཤེས་ཀྱི་དུས་དེར་ཆོས་ཅན། སྡུག་བསྔལ་ཆོས་བཟོད་ཀྱི་སྤང་བྱ་ཉོན་མོངས་སྤངས་ཟིན་པ་ཡིན་ཏེ། དེ་མ་འོངས་པ་སྐྱེ་རུང་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། སྤྱིའི་དོན་ལ། སྤང་བྱ་དུས་གསུམ་ལས་གང་ཡིན་པ་དང༌། གཉེན་པོ་དུས་གསུམ་ལས་གང་ཡིན་པ་དང༌། དེས་དེ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ནི། གཉེན་པོ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གང་ཡིན་ཀྱང་རུང་སྟེ། དེའི་སྤང་བྱ་མངོན་གྱུར་དང༌། ས་བོན་ཅི་ཡིན་ཀྱང་རུང་མ་འོངས་པ་ཁོ་ན་དེའི་སྤང་བྱར་བཞག་དགོས་པ་ཡིན་ཏེ། གཞུང་འདིར་སྤང་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་བཞིན་པ་དེ་སྤོང་བ་དང༌། བྱས་ཟིན་པ་དེ་སྤངས་པའི་དོན་དུ་འཇོག་པའི་ཕྱིར་དང༌། རིགས་པ་མཁྱེན་པས། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་གྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་པས་སོ། །འོ་ན་གཉེན་པོས་གནོད་པ་བྱེད་བཞིན་པའི་གནས་ངན་ལེན་ད་ལྟར་བ་སྤང་བྱར་མི་འདོད་པ་ཅི་ཞེ་ན། དེས་དེ་མེད་པར་བྱེད་ནུས་པའི་ཕྱིར་ཏེ། དེ་སྐྱེས་ཟིན་པའི་ཕྱིར་ཁྱབ་པ་ཡོད་དེ། ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་པས་སོ། །དཔེར་ན་ཐོ་བས་བུམ་པ་བཅོམ་པའི་ཚེ། འཁྲུལ་ངོར་བུམ་པ་གྲུབ་ཟིན་བཅོམ་པར་རློམ་ཡང་དེས་དེ་བཅོམ་པ་མ་ཡིན་གྱི། དེའི་རིགས་འདྲ་ཕྱི་མ་ཞིག་མི་སྐྱེ་བར་བྱས་པ་བཞིན་ནོ། །དེའི་ཕྱིར་གཉེན་པོ་དང་དུས་མཉམ་པའི་གནས་ངན་ལེན་དེས་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པ་དེ་ཡང་དེ་དང་དུས་མཉམ་ན་ཡོད་པ་མ་ཡིན་ཏེ། དེ་ན་དེ་མེད་པའི་ཕྱིར་རོ། །དེ་ཡང་འབྱུང་རུང་མ་བྱུང་བ་ཡིན་པས་མ་འོངས་པའོ། །དེ་ལྟར་བཤད་པ་ན་གཞན་དག ད་ལྟར་བ་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར། ཞེས་པའི་གཞུང་གི་ཤུགས་བསྟན་ལ། དངོས་ཀྱི་གནོད་བྱ་གནོད་བྱེད་གཉིས་དུས་མཉམ་པ་ཁོ་ན་ཡིན་ནོ་སྙམ་དུ་འཁྲུལ་པ་དེ་ཡང་བསལ་བ་ཡིན་ནོ། །བློའི་སྤང་གཉེན་དུ་མ་ཟད། དོན་གྱི་གནོད་བྱ་གནོད་བྱེད་གཉིས་ཀྱང་དུས་མཉམ་པར་ཁས་ལེན་པ་མ་ཡིན་ཏེ། རིགས་པའི་གཞུང་ལས། དེས་ན་གནོད་བྱ་གནོད་བྱེད་གཉིས། །རྒྱུ་འབྲས་བཞིན་དུ་ཐ་དད་ཡིན། །ཞེས་དང༌། གང་གིས་གནོད་བྱ་ནུས་མེད་དུ། །སྐྱེད་པའི་རྒྱུ་ལ་གནོད་བྱེད་ཟེར། །ཞེས་བཤད་པ་ཡིན་ནོ། །གཉིས་པ་ནི། གཉེན་པོ་ནི་ད་ལྟར་བ་ཁོ་ན་ཡིན་ཏེ། འདས་པས་ནི་དེ་སྤོང་བའི་བྱ་བ་བྱས་ཟིན་པའི་ཕྱིར་སྤོང་བཞིན་པ་མ་ཡིན་ལ། སྤོང་བཞིན་མ་ཡིན་པ་ནི་སྤོང་བྱེད་ཀྱི་གཉེན་པོར་མི་རུང་བའི་ཕྱིར་དང༌། མ་འོངས་པ་ནི་མ་སྐྱེས་པས་དེ་སྤོང་བའི་བྱ་བ་ཉེ་བར་མི་གནས་པའི་ཕྱིར་རོ། །གསུམ་པ་ཇི་ལྟར་སྤོང་བ་ལ་ཉོན་མོངས་པ་འདོད་ཆགས་ལྟ་བུ་གཅིག་ལ་མཚོན་ན་གཉིས་གཉིས་ཏེ། མངོན་གྱུར་དང༌། མངོན་གྱུར་སྔ་མས་བཞག་པའི་བག་ཆགས་སོ། །དང་པོ་ནི་ཉོན་ཡིད་དང༌། འཇུག་ཤེས་ཀྱི་འཁོར་ན་ཡོད་ལ། གཉིས་པ་ནི་ཀུན་གཞིའི་སྟེང་ནའོ། །དེ་ཡང་དང་པོ་ནི་རྟོག་པ་ཁོ་ན་ཡིན་ལ། གཉིས་པ་ནི་དམིགས་རྣམ་མི་འཛིན་པས་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གང་ཡང་མ་ཡིན་ཞིང༌། ལྡན་མིན་འདུ་བྱེད་དུ་ཁས་ལེན་པ་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དུ་ཁས་ལེན་དགོས་པས་སོ། །དེ་ལྟ་ཡིན་པ་དེའི་ཚེ་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་སྐྱེས་པ་དེའི་ཚེ། དེའི་ངོ་སྐལ་གྱི་འདོད་ཆགས་མངོན་གྱུར་བ་ཡོད་པ་མ་ཡིན་ཏེ། འདས་པ་འགག་པ་ལ་སོགས་པའི་ཕྱིར་རོ། །དེའི་ཕྱིར་དུས་དེར་དེས་དེ་ལ་གནོད་པ་བྱེད་པ་མ་ཡིན་ཏེ། དེར་དེའི་གནོད་ཡུལ་མ་དམིགས་པའི་ཕྱིར་རོ། །འོ་ན་དུས་དེར་དེས་དེ་སྤོང་བ་མ་ཡིན་པར་འགྱུར་ཏེ། དེར་དེ་ལ་གནོད་པ་མི་བྱེད་པའི་ཕྱིར། འདོད་ན། དེའི་སྤང་བྱར་གྱུར་པའི་ཆགས་སོགས་ཆོས་ཅན། དེའི་སྤང་བྱ་མ་ཡིན་པར་ཐལ། དེས་ཁོ་རང་གི་རང་དུས་སུ་ཁྱོད་ལ་གནོད་པ་མ་བྱས་ཤིང༌། དེའི་སྔོན་དང་ཕྱིས་ཀྱང་མ་བྱས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། དེས་ཁྱོད་ལ་དེ་མ་བྱས་ཀྱང་ཁྱོད་དེའི་སྤང་བྱ་ཡིན་ཏེ། དེས་ཁྱོད་དངོས་སུ་སྐྱེ་བྱེད་ཀྱི་ཉེ་བར་ལེན་པའི་རྒྱུ་ལ་དངོས་སུ་གནོད་པ་བྱས་པའི་སྒོ་ནས་ཁྱོད་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར་ཞེས་པའོ། །གཞུང་འདིར་གཉེན་པོས་གནས་ངན་ལེན་སྤོང་ཚུལ་དེ་ལྟར་བཤད་པའི་དགོས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ངེས་པར་ཁས་བླངས་པའི་གྲུབ་དོན་བསྟན་པ་ཡིན་ཏེ། དེ་ཁས་མ་བླངས་ན་ཆགས་སོགས་སྔ་མས་གང་ལ་བག་ཆགས་འཇོག་པའི་གཞི་མེད་ཅིང༌། དེ་མེད་ན་དེས་བཞག་པའི་བག་ཆགས་མེད་ལ། དེ་ཡང་མེད་ན་གཉེན་པོས་རང་དུས་སུ་སྤང་བྱ་ལ་གནོད་པ་བྱེད་པ་མེད་པར་འགྱུར་ཏེ། དེས་རང་དུས་སུ་ཆགས་སོགས་མངོན་གྱུར་པ་ལ་གནོད་པ་བྱེད་པ་ནི་མེད། དེའི་བག་ཆགས་ནི་ཚད་མས་མ་དམིགས་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །རྣམ་བཤད་མཛད་པ་གཞན་དག མཉམ་པས་མཉམ་སྟེ། ཞེས་པའི་གཞུང་དོན་འཆད་པ་ན། སྣང་མུན་གྱི་དཔེ་ལ་བསམས་ནས། རྣམ་གྲོལ་ལམ་དང༌། དེའི་སྤང་བྱ་སྐྱེ་འགག་དུས་མཉམ་པ་ལ་འཆད་པ་ནི། དེ་གཉིས་དུས་མཉམ་དུ་ཆུག་ཀྱང་གཞུང་གི་དོན་མ་ཡིན་ཏེ། གནས་ངན་ལེན་ད་ལྟར་བ་དང༌། དེའི་གཉེན་པོ་བར་ཆད་མེད་ལམ་དུས་མཉམ་དུ་སྟོན་པ་ནི་གཞུང་དེའི་དོན་ཡིན་པའི་ཕྱིར། དེ་ལྟར་ན་སྤང་གཉེན་གཉིས་ཤེས་རྒྱུད་གཅིག་ལ་ཡོད་དགོས་སོ་ཞེས་པ་ཡང་མ་ཤེས་པ་ཡིན་ཏེ། གཉེན་པོ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་སེམས་རྟེན་ནི་ཀུན་གཞི་ཡིན་མི་སྲིད་ཅིང༌། གནས་ངན་ལེན་གྱི་སེམས་རྟེན་ནི་ཀུན་གཞི་ཁོ་ནར་ངེས་པའི་ཕྱིར། རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །གཉིས་པ་ལས་ཀྱི་ཀུན་འབྱུང་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞི་དངོས་དང༌། ལས་ཀྱི་སྒྲས་བརྗོད་རུང་ཙམ་བསྟན་པའོ། །དེ་ལ་གཉིས་ཏེ། ལས་ཀྱི་ཀུན་འབྱུང་དུ་མ་གཏོགས་པ་གསུམ་དང༌། དེར་གཏོགས་པ་གཅིག་དང༌། གཉིས་ཀར་རུང་བ་གཅིག་སྟེ་གསུམ་གྱིས་སྔར་ཕྱེ་བ་དང༌། འདིར་བསྟན་ངོས་གཟུང་བའོ། །འདིར་ལས་ཐམས་ཅད་ཀྱི་ངོ་བོ་སེམས་པ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། གཉིས་སུ་ཕྱེ་བའི་ཁྱད་པར་ནི། རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པའི་སེམས་པ་དང༌། དེ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པའི་སེམས་པའི་དབྱེ་བས་ཕྱེ་བ་ཡིན་ཞིང༌། དེ་ལའང་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་ལྷན་ཅིག་ཏུ་འཇུག་པའི་དབྱེ་བས་གསུམ་མོ། །འདིར་རྩོལ་བའི་ལས་ཞེས་པ་ནི་བསམ་པ་སྔོན་དུ་བཏང་ནས་ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་བཞིན་པའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། ལས་ཀྱི་མཚན་ཉིད་ཇི་ལྟར་གནས་པ་དང༌། དེ་ཚུལ་བཞིན་ཡིད་ལ་བྱེད་པའི་དམིགས་པར་གཞག་པའོ། །དང་པོ་ལ་གཉིས་ཏེ། སེམས་བསམ་གཉིས་སུ་ཕྱེ་བ་དང༌། གཉིས་པོའི་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་དབྱེ་བས་སེམས་པའི་ལས་དང༌། བསམ་པའི་ལས་སོ། །སེམས་པའི་ལས་ལ་འདིར་གསུམ་དུ་ཆེ་བ་ནི་རྣམ་སྨིན་འཕེན་བྱེད་ཀྱི་དབང་དུ་བྱས་པ་ཡིན་གྱི། དེར་མ་འདུས་པའི་ལུང་མ་བསྟན་དང་ཟག་མེད་ཀྱི་སེམས་པའི་ལས་ཀྱང་མི་སྲིད་པ་ནི་མ་ཡིན་ནོ། །གཉིས་པ་ལ་བསྟན་པ་དང་བཤད་པའོ། །དང་པོ་ལ། རྟེན་གྱིས་དབྱེ་བ་དང༌། ངོ་བོས་དབྱེ་བའོ། །བཤད་པ་ལ། མི་དགེ་བ་བཅུ་བཤད་པ་དང༌། དགེ་བ་བཅུར་བཤད་པ་མི་དགེ་བའི་ལས་ལམ་མཐར་ཕྱིན་པའི་མཚན་ཉིད་དོ། །འདིར་ལོག་ལྟ་ལ་མི་དགེ་བས་ཁྱབ་པར་བཤད་པ་ནི་ལས་འབྲས་ལ་སྐུར་བ་འདེབས་པའི་དབང་དུ་བྱས་པ་ཡིན་གྱི། ལོག་པར་ལྟ་བ་མཐའ་དག་ལ་དེས་ཁྱབ་པ་མ་ཡིན་ཏེ། ཁམས་གོང་མའི་ལོག་ལྟ་བཞིན་ནོ། །རྒྱ་ཆེར་བཤད་པ་ལ་གསུམ་སྟེ། གྲུབ་མཐའ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་དང༌། དབྱེ་བ་བཤད་པ་དང༌། བླང་བྱའི་ལས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། ལྔར་དབྱེ་བ་དང༌། ལྔ་པོའི་རྣམ་གྲངས་ཀྱིས་བཤད་པ་དང༌། ངེས་པའི་རྣམ་གྲངས་ཀྱིས་བཤད་པ་དང༌། འདུ་བྱེད་རྣམ་པ་གསུམ་གྱི་རྣམ་གྲངས་ཀྱིས་བཤད་པ་དང༌། ལས་ཀྱི་ནུས་པའི་རྣམ་གྲངས་ཀྱིས་བཤད་པ་དང༌། ལས་ཀྱི་འབྲས་བུ་འགྲུབ་པ་ལ་རྒྱུ་དུས་ཀྱི་ཚོར་བ་གཙོ་མི་ཆེ་ཞིང་ལས་རང་གི་ངོ་བོ་གཙོ་ཆེ་བར་བསྟན་པའོ། །ངེས་པའི་རྣམ་གྲངས་ལ་གཉིས་ཏེ། ངེས་པའི་དོན་དངོས་དང༌། ཞར་ལས་བྱུང་བའོ། །དེ་ལའང་གཉིས་ཏེ། དགེ་མི་དགེའི་ལས་ལ་འབྲས་བུ་གསུམ་གསུམ་ཇི་ལྟར་འབྱུང་བ་དང༌། འབྲས་བུ་འཕེན་རྫོགས་ཀྱི་བྱེ་བྲག་བསྟན་པའོ། །དེ་ལ་གཉིས་ཏེ། ལས་གང་གིས་རྟེན་གསལ་འཕེན་རྫོགས་ཀྱི་དོན་སྤྱིར་བསྟན་པ་དང༌། འབྲས་བུ་འཕེན་པའི་ནུས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་ཞར་བྱུང་འཕེན་རྫོགས་ཀྱི་དོན་བཤད་པའོ། །གཉིས་པ་ལའང༌། དངོས་དང༌། རྩོད་པ་སྤང་བ་གཉིས་སོ། །འདུ་བྱེད་རྣམ་པ་གསུམ་རྣམ་གྲངས་ཀྱིས་བཤད་པ་ལ་གཉིས་ཏེ། དངོས་དང༌། ཞར་ལ་བྱུང་བའོ། །དེ་ལ་རྒོལ་བ་དང༌། ལན་ནོ། །ལན་ལ་གཉིས་ཏེ། ཐུན་མོང་གི་གཞི་དང༌། ཐུན་མོང་མ་ཡིན་པའི་གཞིའོ། །དང་པོ་ལ་གཉིས་ཏེ། མ་རིག་པ་ལ་གཉིས་སུ་དབྱེ་བ་དང༌། དེ་ལས་འདུ་བྱེད་གང་འབྱུང་བའོ། །འདིར་མ་རིག་པས་ཀུན་སློང་བྱེད་ཚུལ་ལ་གཉིས་ཏེ། རྒྱུའི་ཀུན་སློང་དང༌། དུས་ཀྱི་ཀུན་སློང་ངོ༌། །ལས་མི་དགེ་བ་རྣམས་ལ་ནི་མ་རིག་པ་རྒྱུ་དུས་ཀྱི་ཀུན་སློང་གཉིས་ཀར་དུ་ཡོད་ལ། ཟག་བཅས་ཀྱི་ལས་དགེ་བ་རྣམས་ལ་ནི་ཉོན་མོངས་པ་ཅན་གྱི་མ་རིག་པ་རྒྱུའི་ཀུན་སློང་དུ་ངེས་པར་ཡོད་པ་ལ། དུས་ཀྱི་ཀུན་སློང་དུ་ནི་མེད་པར་ངེས་ཏེ། ཡོད་ན་ལས་དེ་ཉོན་མོངས་ཅན་དུ་ཐལ་བས་སོ། །འོ་ན་དེ་དུས་ཀྱི་ཀུན་སློང་ཅི་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་པ་སྲིད་མོད། དེ་ལྟ་ཡང་སྐབས་འདིར་དེའི་བཤད་པ་སྐབས་སུ་མ་བབ་པས། དགེ་བའི་རྩ་བ་གསུམ་པོ་ཁོ་ནས་བྱེད་པ་ཡིན་ཏེ། ལས་དེ་དགེ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ཞེ་སྡང་གི་མཐར་ཕྱིན་པའི་ལས་གསུམ། ཆགས་པས་མཐར་ཕྱིན་པའི་ལས་གསུམ། དུག་གསུམ་གང་རུང་གིས་མཐར་ཕྱིན་པའི་ལས་གསུམ། གཏི་མུག་གིས་མཐར་ཕྱིན་པའི་ལས་གཅིག་གོ །ལས་ཀྱི་ནུས་པའི་རྣམ་གྲངས་ཀྱི་བཤད་པ་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །ལན་ལ་བཞི་སྟེ། ལས་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་དང༌། སྟོབས་དང་ལྡན་པ་དང༌། མི་ལྡན་པའོ། །ཐུན་མོང་མ་ཡིན་པ་ལ། དངོས་དང༌། དེ་ཉིད་རྣམ་གྲངས་ཀྱི་ཐུན་མོང་པར་བཞག་པའོ། །དེ་ལ་དམ་བཅའ་དང༌། དེའི་འཐད་པའོ། །སྟོབས་ལྡན་ལ་ལྔ་སྟེ། གཉེན་པོའི་ཕྱོགས་ཀྱི་སྟོབས་ལྡན་དང༌། མི་མཐུན་པའི་ཕྱོགས་ཀྱི་ལས་སྟོབས་ལྡན་དང༌། རང་བཞིན་གྱིས་སྟོབས་ལྡན་དང༌། ཞིང་དང་ཀུན་སློང་གི་སྟོབས་ལྡན་དང༌། རྣམ་པ་དགུས་སྟོབས་དང་ལྡན་པའོ། །དང་པོ་ལ་གཉིས་ཏེ། དོན་དངོས་དང༌། ཤེས་བྱེད་དགོད་པའོ། །དང་པོ་ལ། ལས་ཀྱི་ངོ་བོ་ཉིད་སྟོབས་ལྡན་དུ་བཞག་པ་དང༌། དེས་ཉེ་བར་སྦྱར་བས་དེར་བཞག་པའོ། །དང་པོ་ལ་བཞི་སྟེ། རྟེན་དང༌། ལྟོས་གཞི་དང༌། འཐད་པ་དང༌། སྟོབས་ལྡན་གྱི་ལས་ཀྱི་ངོ་བོའོ། །ཤེས་བྱེད་དགོས་པ་ལ། གཉེན་པོ་སྟོབས་དང་ལྡན་པ་དང༌། དེས་མི་དགེ་བའི་མཐུ་ཉམས་པར་གསུངས་པའོ། །རྣམ་པ་དགུས་སྟོབས་ལྡན་ལ་དྲུག་སྟེ། ཞིང་དང༌། དངོས་དང༌། ངོ་བོས་དང༌། རྟེན་གྱི་སྟོབས་ལྡན་ཏེ་བཞི་དང༌། ཡིད་དང་བསམ་པ་གཉིས་ཀྱིས་ཀུན་སློང་གི་སྟོབས་དང་ལྡན་པ་དང༌། ཐ་མ་གསུམ་གྱིས་སྦྱོར་བའི་ཁྱད་པར་རོ། །རྒྱུ་དུས་ཀྱི་ཚོར་བ་ལས། རང་གི་ངོ་བོ་གཙོ་ཆེ་བ་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་ལ་གཉིས་ཏེ། ལུང་དགོད་པ་དང༌། དེ་ལ་དྲི་བ་དགོད་པའོ། །དང་པོ་ལ་གཉིས་ཏེ། རྒྱ་དུས་ཀྱི་ཚོར་བ་གཙོ་བོར་གྱུར་པའི་དོགས་པ་དགོད་པ་དང༌། ལས་ཀྱི་རང་གི་ངོ་བོ་གཙོ་བོར་གྱུར་པའི་དོགས་པ་དགོད་པའོ། །ལན་ལ་གཉིས་ཏེ། རྒྱུ་དུས་ཀྱི་ཚོར་བ་གཙོ་མི་ཆེ་བར་བསྟན། ལས་རང་གི་ངོ་བོ་གཙོ་ཆེ་བར་བསྟན་པའོ། །དེ་ལ་གསུམ་སྟེ། བདེ་བ་དང་ལྡན་པའི་ལས་གསུམ་ལས་འབྲས་བུ་གསུམ་འབྱུང་བ་དང༌། སྡུག་བསྔལ་དང་ལྡན་པའི་དང༌། བཏང་སྙོམས་དང་ལྡན་པའི་ལས་གསུམ་ལས་འབྲས་བུ་གསུམ་འབྱུང་བའོ། །གཉིས་པ་དབྱེ་བས་བཤད་པ་ལ་བཞི་སྟེ། ལས་ཁྱད་པར་ཅན་གྱི་རབ་ཏུ་དབྱེ་བ། གོ་བར་ཟད་པ་གསུམ་གྱིས་འབྲས་བུ་ཚོར་བའི་སྒོ་ནས་དབྱེ་བ་དེ་མྱོང་བ་དུས་ཀྱི་སྒོ་ནས་དབྱེ་བ་རང་བཞིན་དང་རྣམ་སྨིན་དང༌། གཉེན་པོའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། སྡོམ་པ་དང༌། སྡོམ་མིན་དང༌། བར་མའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་གསུམ་སྟེ། སོ་ཐར་དང༌། བསམ་གཏན་དང༌། ཟག་མེད་ཀྱིའོ། །དང་པོ་ལ་གསུམ་སྟེ། རིས་བརྒྱད་དུ་དབྱེ་བ་དང༌། དེར་དབྱེ་བའི་རྒྱུ་དང༌། དགེ་བསྙེན་གྱི་སྡོམ་པའི་ངོ་བོ་དང་རྟེན་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས་ཏེ། ཡན་ལག་མ་ཚང་བ་ལ་སློབ་ན་ཇི་ལྟར་ཡིན་པ་དང༌། དངོས་དང་མ་ནིང་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་སྒོ་ནས་རྟེན་དཔྱད་པའོ། །སྡོམ་པ་མ་ཡིན་པ་ལ་གཉིས་ཏེ། ཡུལ་གྱི་སྒོ་ནས་རང་གི་ངོ་བོ་བསྟན་པ་དང༌། རྟེན་གྱི་སྒོ་ནས་གཉིས་སུ་ཕྱེ་སྟེ་ཐོབ་པའི་ས་མཚམས་བསྟན་པའོ། །དང་པོ་ལ་གསུམ་སྟེ། དུད་འགྲོ་དང་མི་བསད་པས་འཚོ་བ་བཞི་དང༌། དུད་འགྲོ་དང་མི་ལ་གནོད་པ་བྱེད་ཅིང་བསད་མ་བསད་གཉིས་ཀས་འཚོ་བ་ལྔ་དང༌། དུད་འགྲོ་དང་མི་ལ་གནོད་པ་བྱེད་ཅིང་མ་བསད་པས་འཚོ་བ་བཞི་རྣམས་སོ། །གཉིས་པ་དུས་ཀྱི་དབྱེ་བ་ལ་གསུམ་སྟེ། མཐོང་ཆོས་ལ་མྱོང་འགྱུར་དང༌། སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་རོ། །དང་པོ་གཉིས་ལ་མཚན་ཉིད་དང༌། མཚན་གཞིའོ། །འདིར་ལས་དེའི་རྣམ་སྨིན་མཐོང་ཆོས་ལ་སྨིན་པར་གསུངས་པ་ནི། རྣམ་སྨིན་དངོས་མ་ཡིན་ཏེ། མི་དགེ་བའི་རྣམ་སྨིན་བདེ་འགྲོའི་རྟེན་ལ་མི་འབྱུང་བར་གོང་དུ་གཞུང་ཉིད་ལས་གསལ་བར་གསུངས་པའི་ཕྱིར། དེས་ན་རྒྱུ་མཐུན་གྱི་འབྲས་བུ་ལ་དགོངས་པ་ཡིན་ཏེ། མི་དགེ་བའི་རྒྱུ་མཐུན་གྱི་འབྲས་བུ་མཐོ་རིས་ཀྱི་རྟེན་ལ་འབྱུང་བར་གསུངས་པའི་ཕྱིར། རྒྱུ་མཐུན་ལ་རྣམ་སྨིན་གྱི་མིང་གིས་བཏགས་པ་ནི། ཇི་སྐད་དུ། དེ་མཐའ་དེ་ཡི་རྣམ་སྨིན་ནི། །ཞེས་གསུངས་པ་ལྟར་རོ། །དེས་ན་མཐོང་ཆོས་ལ་མྱོང་འགྱུར་གྱི་ལས་འདི་དག་ནི། རྒྱུ་མཐུན་མཐོང་ཆོས་དང༌། རྣམ་སྨིན་སྐྱེས་ནས་མྱོང་བར་འགྱུར་བའོ། །ཡང་སྐྱེས་ནས་མྱོང་འགྱུར་གྱི་ལས་མཐོང་ཆོས་ལ་འདྲེན་པར་གསུངས་པའང་རྣམ་སྨིན་རྒྱུ་མཐུན་དུ་སྒྱུར་བ་ལ་དགོངས་སོ། །རང་བཞིན་དང་རྣམ་སྨིན་དང་གཉེན་པོས་དབྱེ་བ་ལ་གཉིས་ཏེ། སྤང་བྱ་ཟག་པ་དང་བཅས་པའི་ལས་དང༌། དེའི་གཉེན་པོའི་ལས་སོ། །དང་པོ་ལ་གསུམ་སྟེ། རང་བཞིན་དང༌། རྣམ་སྨིན་གཉིས་ཀ་གནག་པའི་ལས་དང༌། གཉིས་ཀ་དཀར་བའི་ལས་དང༌། བསྟན་བཤད་གཉིས་ཀྱི་སྒོ་ནས་འདྲེན་མའི་ལས་སོ། །འདིར་བསམ་པ་དང་སྦྱོར་བ་ཞེས་པ་ནི། རྒྱུ་དུས་ཀྱི་ཀུན་སློང་དང༌། དེ་དུས་ཀྱི་ཀུན་སློང་གཉིས་ལ་བྱའོ། །མཛོད་དུ། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་གྲངས་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །ཞེས་འདོད་པའི་དགེ་བ་རྒྱུད་ལྡན་གྱི་སོ་སྐྱེ་ལ་མི་དགེ་བའང་རྒྱུད་ལ་ལྡན་པ་རྒྱུ་མཚན་དུ་བྱས་ནས་འདྲེན་མར་བཤད་ལ། མི་དགེ་བ་ལའང་རྒྱུ་མཚན་དེ་མཚུངས་ཀྱང་མ་བཤད་པའི་ཤེས་བྱེད་ནི། མི་དགེ་བ་སྟོབས་ཆེ་བས་དགེ་བ་དང་རྣམ་སྨིན་འདྲེ་བ་མི་སྲིད་དོ། །ཞེས་འགྲེལ་པར་གསུངས་ཀྱང་མཚུངས་པ་ལྟ་བུར་སྣང་ངོ༌། །དེས་ན་འདི་ཡང་རྒྱུ་མཐུན་ལ་རྣམ་སྨིན་གྱི་མིང་གིས་བཏགས་པ་ཞིག་གོ །གསུམ་པ་བླང་བྱའི་ལས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྦྱིན་པའི་ལས་དང༌། ཚུལ་ཁྲིམས་ཀྱི་ལས་སོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། གཏོང་བར་བྱེད་པའི་སྦྱོར་བ་ཕུན་སུམ་ཚོགས་པ་དང༌། གཏང་བྱའི་དངོས་པོ་ཕུན་སུམ་ཚོགས་པའོ། །དང་པོ་ལ། དག་པའི་གཞི་དང༌། ཀུན་ནས་སློང་བ་དང༌། གཏང་བར་བྱ་བ་དང༌། རང་གི་ངོ་བོ་རྣམས་སོ། །སྦྱོར་བ་ལ་གཉིས་ཏེ། གཏོང་བའི་སྦྱོར་བ་ཆོས་གསུམ་དང་ལྡན་པ་དང༌། དྲུག་དང་ལྡན་པའོ། །དངོས་པོ་ལ་གསུམ་སྟེ། གཞན་ལ་གནོད་པ་དང་མ་འབྲེལ་བ་གཉིས་དང༌། ངོ་བོ་དག་པ་གཅིག་དང༌། ཆོས་དང་མི་འགལ་བ་གཉིས་སོ། །གཉིས་པ་ཚུལ་ཁྲིམས་ཀྱི་ལས་ལ་གཉིས་ཏེ། ཚུལ་ཁྲིམས་ཀྱི་དངོས་པོ་དང༌། མདོ་སྡེ་གཞན་ནས་འབྱུང་བའི་ཚུལ་ཁྲིམས་ཀྱི་རྣམ་གྲངས་སོ། །དང་པོ་ལ་བཞི་སྟེ། ངེས་འབྱིན་རྣམ་པར་དག་པའི་དབང་དུ་བྱས་པ་གཉིས། མ་སྨད་པ་རྣམ་པར་དག་པའི་དབང་དུ་བྱས་པ་གཅིག མ་ཉམས་པ་རྣམ་པར་དག་པའི་དབང་དུ་བྱས་པ་གཅིག ཕྱིན་ཅི་མ་ལོག་པ་རྣམ་པར་དག་པའི་དབང་དུ་བྱས་པ་གཅིག་རྣམས་སོ། །རྣམ་གྲངས་ལ་བཞི་སྟེ། ཚུལ་ཁྲིམས་ཀྱི་ངོ་བོའི་སྒོ་ནས་བསྟན་པ། བསམ་པ་རྣམ་པར་དག་པའི་སྒོ་ནས་བསྟན་པ། འབྲས་བུའི་ཕན་ཡོན་གྱི་སྒོ་ནས་བསྟན་པ། ཚུལ་ཁྲིམས་ལ་བརྟེན་པའི་དྲི་མ་དང་བྲལ་བའི་སྒོ་ནས་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལྟུང་བའི་རྒྱུ་དང་བྲལ་བ། ངོ་བོ་དང་བྲལ་བ། འབྲས་བུ་དང་བྲལ་བའོ། །བསམ་པ་དག་པ་ལ་ཡང་གསུམ་སྟེ། ཀུན་སློང་མི་དགེ་བ་དང་བྲལ་བ། བསྔོ་བ་ངན་པ་དང་བྲལ་བ། ཁྱད་གསོད་ཀྱི་བསམ་པ་དང་བྲལ་བའོ། །ཕན་ཡོན་ལ་གཉིས་ཏེ། རང་དོན་ཐོབ་པ་དང༌། གཞན་གྱི་དོན་འགྲུབ་པའོ། །རང་དོན་ལ་དངོས་དང༌། དེའི་ཁྱད་པར་གཉིས་ཡོད་དོ། །དྲི་མ་དང་བྲལ་བ་ལ་བཞི་སྟེ། ང་རྒྱལ་དང་བྲལ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང་བྲལ་བ་དང༌། ངལ་དུབ་དང་བསོད་ཉམས་ཀྱི་མཐའ་གཉིས་དང་བྲལ་བ་དང༌། ཆོག་པར་འཛིན་པའི་དྲི་མ་དང་བྲལ་བའོ། །གཉིས་པ་དེ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དམིགས་པར་བཞག་པ་ལ་གཉིས་ཏེ། རྣམ་པ་ཇི་ལྟར་ཡིད་ལ་བྱ་བ་དང༌། བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་དགག་པའོ། །དང་པོ་ལ་གཉིས་ཏེ། ལུང་ལས་གསུངས་པའི་རྣམ་པ་དགོད་པ་དང༌། དེ་རེ་རེ་ནས་བཤད་པའོ། །དེ་ལ་གསུམ་སྟེ། འཁོར་བར་འཇུག་པའི་རྣམ་པ་དང༌། འཁོར་བ་ལས་ལྡོག་པའི་རྣམ་པ་དང༌། གཉེན་པོ་མེད་པའི་ལས་ཀྱི་ཉེས་དམིགས་ཀྱི་རྣམ་པའོ། །དང་པོ་ལ་གསུམ་སྟེ། གང་ཟག་ཐུན་མོང་མ་ཡིན་པར་བསྟན། ཆོས་ཐུན་མོང་མ་ཡིན་པར་བསྟན། ཁྱད་པར་དེ་གཉིས་དང་ལྡན་པའི་རྟེན་ལ་ལོག་རྟོག་བསལ་བའོ། །གཉིས་པ་ལ་གཉིས་ཏེ། བསམ་གྱིས་མི་ཁྱབ་པར་གསུངས་པའི་དོན་ལ་དྲི་བ་དགོད་པ་དང༌། དེའི་ལན་ནོ། །དེ་ལ་གཉིས་ཏེ། བསམ་གྱིས་ཁྱབ་པ་དང༌། མི་ཁྱབ་པའོ། །དེ་ལ་གཉིས་ཏེ། རང་བཞིན་ཐ་མལ་དུ་གནས་པའི་ལས་ཀྱི་ངོ་བོ་རྒྱུ་འབྲས་ཞིབ་ཏུ་ཕྱེ་ན་བསམ་གྱིས་མི་ཁྱབ་པ་དང༌། མཐུ་ཁྱད་པར་དུ་འཕགས་པ་ཐོབ་པའི་གང་ཟག་གི་ལས་བསམ་གྱིས་མི་ཁྱབ་པའོ། །དང་པོ་ལ་སེམས་ཅན་གྱི་འཇིག་རྟེན་འགྲུབ་པའི་ལས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་དང༌། སྣོད་ཀྱི་འཇིག་རྟེན་འགྲུབ་པའི་ལས་ཕྲ་མོ་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་མཐུ་ཐོབ་པའི་ལས་བསམ་གྱིས་མི་ཁྱབ་པ་ལ་གསུམ་སྟེ། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་མཐུ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་གི་ལས་དང༌། སངས་རྒྱས་རྣམས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའོ། །དབང་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །བཤད་པ་ལ་དྲུག་སྟེ། སྦྱིན་པའི་དབང་གསུམ། ཚུལ་ཁྲིམས་ཀྱི་གཉིས། བཟོད་བརྩོན་བསམ་གཏན་གྱི་རེ་རེ་རྣམས་སོ། །སྤྱིའི་མཚན་ཉིད་ལ། དབྱེ་བ་བསྟན་པ་དང༌། སོ་སོའི་མཚན་ཉིད་བཤད་པའོ། །འདིར་རྒྱུ་ཞེས་པ་ནི་ལས་དང་ཉོན་མོངས་པ་དངོས་ཡིན་ལ། དེ་ལ་ལུང་མ་བསྟན་སྲིད་ཙམ་ཡིན་ཀྱང་གཙོ་བོར་གཉིས་པོའི་དབང་དུ་བྱས་ནས་འཆད་དགོས་ཏེ། རྣམ་སྨིན་འཕེན་བྱེད་འཆད་པའི་སྐབས་ཡིན་པའི་ཕྱིར། ལྷག་མ་གསུམ་ནི་དེས་བཞག་པའི་བག་ཆགས་ཀྱི་སྟེང་ན་ལྡོག་པ་སོ་སོར་འབྱེད་དོ། །དེ་བས་ན་ཀུན་འབྱུང་གི་བདེན་པ་ལ་རྒྱུ་སོགས་བཞིའི་ཚོགས་དོན་ཡིན་པའི་ཁྱབ་པ་མ་ངེས་སོ། །འགོག་པའི་བདེན་པ་ལ་གཉིས་ཏེ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དོ། །དང་པོ་ལ་དོན་གྱི་དངོས་པོ་བཅུ་གཉིས་སུ་ཕྱེ་ནས་བསྟན་པ་དང༌། དེ་རེ་རེ་ནས་བཤད་པའོ། །དེ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། རྣམ་གྲངས་སོ། །དང་པོ་ལ་གཉིས་ཏེ། ངོ་བོ་ཉིད་ཀྱི་མཚན་ཉིད་དང༌། རྟོགས་དཀའ་བའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དངོས་དང༌། དེའི་ཤེས་བྱེད་བཀོད་པ་དང༌། དོན་བསྡུ་བའོ། །གཉིས་པ་ལ་ནང་གི་སྐྱེ་མཆེད་དྲུག་དང༌། ཕུང་པོ་ལྔ་འགོག་པར་གསུངས་པའི་ལུང་དང༌། ཟག་བཅས་ཀྱི་ཁམས་བཅོ་བརྒྱད་འགོག་པར་གསུངས་པའི་ལུང་དགོད་པའོ། །མཚན་ཉིད་གཉིས་པ་ལ་གཉིས་ཏེ། མུ་བཞི་དང་བྲལ་བས་ཟབ་པར་གནས་པ་དང༌། དེའི་ཤེས་བྱེད་དགོད་པའོ། །དེ་ལའང་གཉིས་ཏེ། དངོས་དང༌། དེའི་དགག་བྱ་བསྟན་པའོ། །དེ་ལའང་གཉིས་ཏེ། སྤྲོས་པའི་ངོ་བོ་དང༌། ཟབ་པའི་དོན་ལུང་གིས་སྒྲུབ་པའོ། །དེ་ལའང་གཉིས་ཏེ། མུ་བཞིར་འཛིན་པས་སྤྲོས་པར་འགྱུར་བ་དང༌། སྤྲོས་པ་ཉེ་བར་ཞི་བའི་དུས་ཀྱི་ངེས་པ་ཡང་འགོག་དགོས་པའོ། །དབྱེ་བ་ལ་གཉིས་ཏེ། ཐུན་མོང་གི་འགོག་པ་དང༌། ཐུན་མོང་མ་ཡིན་པའི་འོ། །དང་པོ་ལ་བཞི་སྟེ། རྒྱུ་ལམ་གྱི་སྒོ་ནས་དབྱེ་བ། རྟེན་གང་ཟག་གི་སྒོ་ནས་དབྱེ་བ། རྟེན་དུ་གྱུར་མ་གྱུར་གྱི་ཡོན་ཏན་གྱི་སྒོ་ནས་དབྱེ་བ། རྟེན་ཕུང་པོ་ཡོད་མེད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། བཏགས་པ་དང༌། མཚན་ཉིད་པའོ། །དང་པོ་ལའང་དངོས་དང༌། བཏགས་པ་བ་ཡིན་པའི་ལུང་གི་ཤེས་བྱེད་དོ། །རྟེན་གང་ཟག་གི་དབྱེ་བ་ལ་གཉིས་ཏེ། སློབ་པ་དང༌། མི་སློབ་པའི་འོ། །རྣམ་གྲངས་ལ་གཉིས་ཏེ། རྣམ་གྲངས་སུམ་ཅུ་རྩ་བཞི་པོ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྤང་བྱ་སྤངས་པའི་སྒོ་ནས་བཞག་པ་བརྒྱད། ཡོན་ཏན་གྱི་སྒོ་ནས་བཞག་པ་ཉི་ཤུ་རྩ་གཅིག སྡུག་བསྔལ་གྱི་མཚན་ཉིད་ལས་བཟློག་པའི་སྒོ་ནས་བཞག་པ་ལྔའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། མངོན་གྱུར་སྤངས་པ་དང༌། ས་བོན་སྤངས་པའོ། །དེ་ལའང་གསུམ་སྟེ། དངོས་དང༌། དེའི་གཉེན་པོའི་སྒོ་ནས་ཕྱེ་བ་གཉིས་དང༌། ཡོན་ཏན་གྱི་སྒོ་ནས་ཕྱེ་བ་གསུམ་རྣམས་སོ། །ཡོན་ཏན་གྱི་སྒོ་ནས་བཞག་པ་ལ་དྲུག་སྟེ། འདུས་མ་བྱས་པའི་ཡོན་ཏན་གཅིག ཟབ་པའི་ཡོན་ཏན་གཅིག བདུད་བཞི་དང་བྲལ་བའི་ཡོན་ཏན་བཞི། བདེ་བའི་ལྔ་དང་ཞི་བའི་བཞི་སྟེ་གཉིས་ཀྱི་སྒོ་ནས་བདེ་བ་དང་ཞི་བའི་ཡོན་ཏན་དགུ། དགེ་བར་གྱུར་པའི་ཡོན་ཏན་གསུམ། མི་མཐུན་ཕྱོགས་དང་བྲལ་བའི་ཡོན་ཏན་གསུམ་རྣམས་སོ། །གསུམ་པ་ལ་མིང་གཟུགས་ལས་དང༌། སྐྱེ་མཆེད་རེག་ཚོར་ལས་དང༌། མ་རིག་འདུ་བྱེད་རྣམ་ཤེས་ལས་དང་སྲེད་ལེན་སྲིད་པ་ལས་དང༌། སྐྱེ་བ་རྒ་ཤི་ལས་ལྡོག་པའོ། །སྤྱིའི་མཚན་ཉིད་ལ། དབྱེ་བ་དང༌། སོ་སོའི་དོན་བཤད་པའོ། །འདིར་འགོག་བདེན་ལ་བཞི་པོའི་ཚོགས་ཀྱིས་ཁྱབ་ཅིང༌། དེ་ཡང་གྱ་ནོམ་དང་ངེས་འབྱུང་ནི་དགག་བྱ་སྡུག་ཀུན་བཀག་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ལ་འཆད་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཚེ་འགོག་བདེན་ལ་དངོས་པོས་ཁྱབ་པ་ཡིན་ཏེ། དེ་བཞིན་ཉིད་ཀྱིས་ཁྱབ་པའི་ཕྱིར་དང༌། གཞུང་འདི་ཉིད་དུ་ཞི་བ་དང་གྱ་ནོམ་གྱི་ཤེས་བྱེད་ཀྱི་ཟུར་དུ་དངོས་པོར་གསུང་པ་དང༌། འདུས་མ་བྱས་པའི་ཤེས་བྱེད་ཀྱང་ལས་ཉོན་གྱིས་འདུས་མ་བྱས་པ་ལ་གསུངས་སོ། །ལམ་གྱི་བདེན་པ་ལ་བཞི་སྟེ། བྱེད་པའི་སྒོ་ནས་མཚོན་པ་དང༌། མཚན་གཞིའི་དངོས་པོ་དང༌། སྤྱིའི་མཚན་ཉིད་དང༌། སྒོམ་པའི་རྣམ་པ་གཉིས་དང༌། ས་ལམ་གྱི་ཁྱད་པར་བསྟན་པའོ། །མཚན་གཞི་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་ལྔ་སྟེ། ཚོགས་ལམ་དང་མཐར་ཕྱིན་པའི་ལམ་གྱི་བར་རོ། །ཚོགས་ལམ་ལ་གཉིས་ཏེ། ངོ་བོ་དང་བྱེད་པའོ། །དང་པོ་ལ་གསུམ་སྟེ། ཞི་གནས་ཀྱི་ཡན་ལག་ལྔ། གཉིས་ཀའི་ཡན་ལག་གཅིག་དང༌། ལྷག་མཐོང་གི་ཡན་ལག་གསུམ་རྣམས་སོ། །དང་པོ་ལ་གཉིས་ཏེ། གཙོ་བོ་དང༌། ཡན་ལག་གོ །ཡན་ལག་ལ་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བའི་ཡན་ལག་གཅིག ངལ་དུབ་ཀྱི་མཐའ་སྤོང་བའི་ཡན་ལག་གཉིས། དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་ཡན་ལག་གཅིག་སྟེ་གསུམ་མོ། །སྦྱོར་ལམ་ལ་གཉིས་ཏེ། ཁྱད་པར་ཅན་མ་ཡིན་པ་དང༌། ཁྱད་པར་ཅན་ནོ། །དེ་ལ་གཉིས་ཏེ། ངོ་བོ་དང་དབྱེ་བའི་སྒོ་ནས་བསྟན་པ་དང༌། དབྱེ་བ་སོ་སོའི་མཚན་ཉིད་བཤད་པའོ། །སྐབས་འདིར་ཚོགས་སྦྱོར་ལ་མུ་བཞི་བཤད་པ་ལ་བརྟགས་ན། སྦྱོར་ལམ་ལ་ངེས་འབྱེད་ཆ་མཐུན་གྱིས་ཁྱབ་པ་མེད་དོ། །རིགས་པས་ཀྱང་ཐོབ་སྟེ། སྦྱོར་ལམ་གྱི་ངོ་བོར་གྱུར་པའི་དགེ་བ་དག་པ་བ་ཡོད་པས་སོ། །དེ་མེད་ན་སྒོམ་ལམ་ལའང་མཚུངས་སོ། །འདིར་ཚོགས་སྦྱོར་གྱི་ཁྱད་པར་བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་ཡོད་མེད་ཀྱིས་འབྱེད་ལ། དེར་བདེན་པའི་རྣམ་པ་ཅན་གྱི་ཐོས་བསམ་ཡོད་ཀྱང་དེའི་རྣམ་པ་ཅན་གྱི་སྒོམ་བྱུང་མེད་པ་ནི་ལྷག་མཐོང་དུ་ངེས་ལ། ཞི་གནས་སུ་གྱུར་པའི་སྒོམ་ལམ་མཚན་ཉིད་པ་མེད་པ་མ་ཡིན་ཏེ། ལྷག་མཐོང་གི་སྔོན་རོལ་དུའང༌། ཇི་སྐད་དུ། བདེན་པ་བཞི་ལ་འཇུག་བྱའི་ཕྱིར། །དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་འབྱུང་བ་ལྟར་སྒོམ་དགོས་པས་སོ། །ཚོགས་ལམ་དུ་ཐོས་བསམ་གཙོ་ཆེ་ཡང་སྒོམ་བྱུང་མེད་པ་མ་ཡིན་པས་འདིའི་མཚན་ཉིད་ཀྱི་ཟུར་དུ་ཐོས་བསམ་གཙོ་བོར་གྱུར་པ་ཞེས་འཇོག་པ་ནི་གྱི་ནའོ། །དེས་ན་ཚོགས་ལམ་དུ་ཡང་དག་སྤོང་བ་དང༌། རྫུ་འཕྲུལ་རྐང་པ་གཉིས་ནི་ཞི་གནས་སྒྲུབ་པའི་སྒོམ་ཡིན་ལ། དྲན་ཉེར་ནི་ལྷག་མཐོང་སྒྲུབ་པའི་སྒོམ་མོ། །དེས་ན་བདེན་པ་མངོན་པར་རྟོགས་པ་ལ་དངོས་དང་ཆ་མཐུན་གཉིས་ལས། གང་ནས་བསྒོམས་པའི་སྟོབས་ཀྱིས་དེ་ཆ་མཐུན་ཙམ་ཞིག་ཐོབ་པ་དེ་ནས་སྦྱོར་ལམ་དུ་བཞག་སྟེ། ངེས་འབྱེད་ཆ་མཐུན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་བཤད་པ་ལ། དྲོད་སོགས་བཞི་ལས། དེ་རེ་རེ་ཡང་བློའི་ངོ་བོ་དང༌། དམིགས་པ་དང༌། རྣམ་པ་དང༌། རང་བཞིན་དང༌། གྲོགས་ཏེ་ལྔ་ལྔའི་སྒོ་ནས་འཆད་དོ། །མཐོང་ལམ་ལ་གསུམ་སྟེ། དོན་དམ་པ་རྣམ་པར་བཞག་པ་དེ་བཞིན་ཉིད་མཐོང་བ་དང༌། དེ་ཉིད་སྐད་ཅིག་གསུམ་དུ་དབྱེ་བ་དང༌། བདེན་པ་མངོན་རྟོགས་བཅུ་དྲུག་ཏུ་ཕྱེ་བའོ། །དང་པོ་ལ་གཉིས་ཏེ། རང་གི་ངོ་བོ་དང༌། རྣམ་གྲངས་སོ། །དང་པོ་ལ་སྐྱེ་བའི་དུས། རྣམ་པ། རང་བཞིན། གྲོགས་དང་བཞིའོ། །རྣམ་གྲངས་ནི། འདིར་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་མཉམ་ཞེས་པ་གཟུང་འཛིན་གཉིས་མེད་པར་མཉམ་པའི་དོན་ཡིན་ལ། གཟུང་འཛིན་ཀུན་བརྟགས་ལའང་གཉིས་གཉིས་ཏེ། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་ནོ། །དམན་པའི་མཐོང་ལམ་གྱིས་དང་པོ་གཉིས་དང༌། ཐེག་ཆེན་མཐོང་ལམ་གྱིས་ཕྱི་མ་གཉིས་མེད་པར་མཐོང་བའོ། །གཉིས་པ་ནི། སོ་སོ་རང་རང་ལ་སེམས་ཅན་གྱི་བརྡ་སྟེ་གང་ཟག་ཏུ་འཛིན་པའི་མཚན་མ་དང༌། ཆོས་ཀྱི་བརྡ་སྟེ་ཆོས་ཀྱི་མཚན་མ་བསལ་བ་དང༌། ཐམས་ཅད་དུ་གཉིས་ཀའི་བརྡ་བསལ་བས་ཁྱད་པར་དུ་བྱས་པའི་བདག་མེད་ལ་དམིགས་པའི་ཆོས་ཤེས་པའོ། །སོ་སོ་རང་ལ་ཞེས་པས་རང་རྒྱུད་ལ་བརྡ་གཉིས་པོ་བསལ་བར་བསྟན། ཐམས་ཅད་དུ་ཞེས་པས་གཞན་རྒྱུད་ལ་བརྡ་གཉིས་པོ་བསལ་བར་བསྟན་ནོ། །དམན་པའི་མཐོང་ལམ་གྱིས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང་ཆོས་ཀྱི་བདག་ཏུ་མི་འཛིན་པ་ལ་བསམས་པ་ཡིན་ནོ། །གསུམ་པ་བདེན་པ་མངོན་རྟོགས་བཅུ་དྲུག་ཏུ་དབྱེ་བ་ལ་གསུམ་སྟེ། མིང་གི་སྒོ་ནས་བཅུ་དྲུག་ཏུ་དབྱེ་བ། དེ་སོ་སོའི་མཚན་ཉིད། རྣམ་གཞག་དེ་ཉིད་མདོ་དང་སྦྱར་བའོ། །གཉིས་པ་ལ་གཉིས་ཏེ། སྡུག་བདེན་གྱི་ཡེ་ཤེས་བཞི་པོ་སོ་སོའི་མཚན་ཉིད་དང༌། ལྷག་མ་དེ་དང་མཚུངས་པར་སྦྱར་བའོ། །རྣམ་གཞག་དེ་མདོ་དང་སྦྱར་ཏེ་བཤད་པ་ལ་བཞི་སྟེ། བཅུ་དྲུག་ཏུ་འབྱེད་པའི་རྒྱུ་མཚན། བཅུ་དྲུག་པོ་དེ་སྣང་མེད་དུ་བསྟན་པ། མཇུག་བསྡུ་ཞིང་སྐད་ཅིག་གི་ཚད་བཤད་པ། མདོ་དང་སྦྱར་བའོ། །དེ་ལ་གཉིས་ཏེ། འཕགས་པའི་ཤེས་རབ་ཀྱི་སྤྱན་དུ་གསུངས་པའི་མདོ་དང་སྦྱར། མཐོང་ལམ་གྱི་ངོ་བོ་དང༌། ཡོན་ཏན་སྟོན་པའི་མདོ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ་མདོའི་དོན་མཐོང་ལམ་ལ་བཤད་པའི་སྒོ་ནས་མདོར་བསྟན། སྤངས་པ་དང་ལམ་གྱི་ངོ་བོའི་སྒོ་ནས་དེ་ཉིད་རྒྱས་པར་བཤད་པའོ། །ངོ་བོ་དང་ཡོན་ཏན་གྱི་མདོ་སྦྱོར་ལ་གཉིས་ཏེ། མདོ་དང་སྦྱར་བས་བསྟན་པ་དང༌། དེ་ཉིད་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། མཐོང་ལམ་གྱི་ངོ་བོ་དང་སྦྱར་བའི་བཤད་པ་དང༌། ཡོན་ཏན་དང་སྦྱར་བའི་བཤད་པའོ། །དང་པོ་ནི། ཆོས་མཐོང༌། ཐོབ། རིག རྟོགས་པ་རྣམས་སོ། །གཉིས་པ་ལ་རང་དོན་གྱི་དང༌། གཞན་དོན་གྱི་ཡོན་ཏན་ནོ། །དང་པོ་ལ། མཐོང་བའི་ཆོས་ཀྱི་དང༌། མ་མཐོང་བའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། ཐོབ་པ་ལས་མི་ཉམས་པ་དང༌། མ་ཐོབ་པ་ལས་མི་ཉམས་པའོ། །དང་པོ་ལ། རང་གི་དང༌། གཞན་ལ་བརྟེན་པའོ། །གཉིས་པ་གཞན་དོན་ལ། ཆོས་ཀྱི་དོན་ངོས་གཟུང་བ་དང༌། དེ་ལ་མི་འཇིགས་པའི་འཐད་པའོ། །གཞུང་འདིར་འབྱུང་བའི་སྦྱོར་མཐོང་གི་རྣམ་གཞག་ཐུན་མོང་མ་ཡིན་པ་འགའ་ཞིག་བརྗོད་ན། བདེན་པ་མངོན་པར་རྟོགས་པ་ལ་གཉིས་ཏེ། དངོས་དང༌། རྗེས་མཐུན་པའོ། །དང་པོ་ནི་མཐོང་བའི་ལམ་མོ། །གཉིས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པའོ། །ཡང་བཟོད་པ་བརྒྱད་ལ་གཉིས་སུ་ཕྱེ་བ་མི་སྣང་ལ། ཤེས་པ་བརྒྱད་པོ་མངོན་པ་འོག་མར་མཐོང་སྒོམ་གཉིས་ཀ་ལ་བཤད་ཅིང༌། འདིར་ནི་སྦྱོར་ལམ་ལའང༌། ཆོས་ཤེས་བཞི་གསལ་བར་བཤད་ཅིང༌། རྗེས་ཤེས་ནི་མ་བཤད་ལ། མི་འཆད་པའི་རྒྱུ་མཚན་ཡང་དེའི་ཤེས་བྱར་རྗེས་བཟོད་དགོས་པ་ལ་ཐུག་གོ །འོ་ན་བདེན་པ་བཞིའི་ཆོས་གང༌། དེ་ཤེས་པའི་ཚུལ་ཇི་ལྟ་བུ། དེ་བཟོད་པ་གང་ཞེ་ན། ཆོས་ནི་ཐུན་མོང་གི་དབང་དུ་བྱས་ན་མི་རྟག་ལ་སོགས་བཅུ་དྲུག་གོ །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ཆོས་ཀྱི་བདག་མེད་པའོ། །དེ་ཤེས་པའི་ཚུལ་ལ་གཉིས་ཏེ། སྦྱོར་ལམ་དུ་ཤེས་པའི་ཚུལ་དང༌། མཐོང་ལམ་དུའོ། །སྦྱོར་ལམ་དུ་ནི་ངེས་འབྱེད་ཆ་བཞིའི་རིམ་པས་རིམ་གྱིས་ཤེས་དགོས་ཀྱི། ཐེག་ཆེན་གྱི་སྦྱོར་ལམ་དང་པོ་གསུམ་ན་ཆོས་ཀྱི་བདག་མེད་རྫོགས་པར་ཤེས་པ་མེད་དོ། །རིམ་གྱིས་ཤེས་པའི་ཚུལ་ཇི་ལྟ་བུ་ཞེ་ན། མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་པས་དྲོད་དང༌། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་པས་རྩེ་མོ་དང༌། དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པས་བཟོད་པ་དང༌། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་གསུངས་པས། དྲོད་རྩེ་བཟོད་པ་གསུམ་གྱིས་རིམ་པ་བཞིན། །དོན་དུ་སྣང་བ་ལས་མ་གཏོགས་པའི་ཕྱི་དོན་མེད་པ་དང༌། སྣང་བ་སེམས་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་གཟུང་བ་ཀུན་བརྟགས་མེད་པ་གསུམ་རྟོགས་སོ། །ཆོས་མཆོག་གིས། གཟུང་བ་མེད་པའི་རིགས་པས་འཛིན་པ་ཀུན་བརྟགས་ཀྱང་མེད་པར་རྟོགས་སོ། །དེ་ལྟར་ཤེས་པ་དེ་ལ་ཆོས་ཤེས་པ་ཞེས་བརྗོད་དོ། །དེ་ལྟར་ཤེས་པ་དེ་ཡང་མངོན་སུམ་དུ་ཤེས་པ་མ་ཡིན་པས་སྤངས་བྱའི་ས་བོན་སྤོང་མི་ནུས་པའི་ཕྱིར། བཟོད་པ་ཞེས་མི་བྱའོ། །དེའི་འོག་ཏུ། ཇི་སྐད་དུ། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་གསུངས་པ་ལྟར། གཟུང་འཛིན་གཉིས་སུ་མེད་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་པོར་སྐྱེས་པ་དེའི་ཚེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་རྣམ་གཡེང་གི་རྟོག་པ་ཀུན་བརྟགས་ཀྱིས་ཀུན་གཞིའི་སྟེང་དུ་ཞག་པའི་བག་ཆགས་དེ་དྲུངས་འབྱིན་པར་ནུས་པའི་ཕྱིར། བཟོད་པ་དེའི་འོག་ཏུ་སྤང་བྱ་དེ་སྤངས་པའི་གནས་གྱུར་གྱི་ཡེ་ཤེས་གསར་པ་དེ་ལ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །འདིར་ཐེག་ཆེན་གྱི་ཆོས་བཟོད་བཞི་ཀ་རྣམ་པ་ནི་སྟོང་བདག་མེད་དང་གཟུང་འཛིན་གཉིས་སུ་མེད་པའི་རྣམ་པ་ཅན་ཁོ་ནར་ངེས་ཏེ། སྤང་བྱའི་ས་བོན་གྱི་དངོས་གཉེན་ཡིན་པའི་ཕྱིར། ཇི་སྐད་དུ། ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་ཞེ་ན། འདྲེས་པ་ལ་དམིགས་པས་སྤོང་སྟེ་ཞེས་གསུངས་སོ། །སྡུག་བསྔལ་ལ་ཆོས་བཟོད་དུ་དེ་ལྟར་རུང་མོད། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སོགས་སུ། རྒྱུ་སོགས་རང་རང་གི་ཐུན་མོང་མ་ཡིན་པའི་རྣམ་པ་ཅན་མ་ཡིན་ན། ཇི་ལྟར་དེའི་ཆོས་ཤེས་པའི་བཟོད་པར་རུང་ཞེ་ན། ཉེས་པ་མེད་དེ། སྟོང་པ་དང་བདག་མེད་པ་གཉིས་ནི་བདེན་པ་བཞིའི་ཐུན་མོང་གི་རྣམ་པ་ཡིན་པ་དང༌། རྒྱུ་སོགས་རྣམས་ཀྱང་བདེན་པ་ལྷག་མ་གསུམ་གྱི་སྟེང་དུ་བདག་མེད་ཀྱི་རྣམ་པ་ཤེས་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཕྱིར་སྡུག་བསྔལ་ལ་ཆོས་བཟོད་ཀྱི་དུས་དེ་ཉིད་དུ་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་སྒོམ་པ་སྟེ་བཞི་ཀ་ཚང་བའི་ཕྱིར། དུས་དེ་ནས་ལམ་གྱི་བདེན་པ་ཞེས་བྱའོ། །འོ་ན་ཅི་བདག་མེད་གཉིས་པོ་གང་མཐོང་བ་ཡིན་ཀྱང་རུང༌། ངོ་བོ་ལ་མི་འདྲ་བ་མེད་པའི་ཕྱིར། མཐོང་བའི་ལམ་སྐད་ཅིག་མ་གཅིག་ཁོ་ན་མ་ཡིན་ནམ་ཞེ་ན། བདེན་པ་སྔར་མ་མཐོང་གསར་མཐོང་གིས་དེར་འཇོག་ན་དེ་ལྟར་འགྱུར་ཡང༌། འདིར་ནི་དེས་དེར་འཇོག་པ་མ་ཡིན་ཏེ། བདེན་པ་མངོན་པར་རྟོགས་པ་ལ་མཐོང་བའི་ལམ་དུ་འཇོག་ཅིང༌། དེ་ལ་སྐད་ཅིག་མ་བཅུ་དྲུག་ངེས་པར་དགོས་པའི་ཕྱིར་དང༌། ཆོས་མཆོག་རྫོགས་ནས་ཇི་སྲིད་སྒོམ་པའི་ལམ་དུ་མ་སླེབ་པ་དེ་སྲིད་ཀྱི་བདེན་པ་མངོན་སུམ་རྟོགས་པའི་ལམ་ཐམས་ཅད་མཐོང་ལམ་དུ་འཇོག་པའི་ཕྱིར་དང༌། བདེན་པ་མངོན་སུམ་དུ་གསར་དུ་མཐོང་བའི་སྐད་ཅིག་གཉིས་པ་ཕན་ཆད་ནས་སྒོམ་ལམ་དུ་འཇོག་པའི་ཤེས་བྱེད་མེད་པའི་ཕྱིར་དང༌། ཇི་སྲིད་མཐོང་སྤང་མ་ལུས་པར་སྤངས་པའི་རྣམ་པར་གྲོལ་བའི་ལམ་མ་རྫོགས་པ་དེ་སྲིད་དུ། སྒོམ་པའི་ལམ་མི་འབྱུང་ལ། བར་ཆད་མེད་པའི་ལམ་དང་དེའི་རྣམ་པར་གྲོལ་བའི་ལམ་ཅིག་ཆར་དུ་མི་འབྱུང་བའི་ཕྱིར། གཞན་དག་ན་རེ། མཐོང་སྤང་སྤངས་པའི་རྣམ་གྲོལ་གྱི་ལམ་སྒོམ་ལམ་དུ་འབྱུང་བ་ཡིན་ཏེ། མི་ཤེས་པ་ཀུན་ཤེས་པའི་དབང་པོ་སྒོམ་ལམ་དུ་འཇོག་པའི་ཤེས་བྱེད་ལས་སོ། །ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། ཇི་སྐད་དུ། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་འདི་ནི་མཐོང་བའི་ལམ་མོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ། བཅུ་དྲུག་པོ་ཐམས་ཅད་བར་ཆད་མེད་ལམ་གཅིག་ལ་ལྡོག་པས་འབྱེད་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། མདོ་སྡེའི་རྒྱན་ལས། མཐོང་བས་སྤང་བྱ་རྣམས་ལས་གྲོལ། །དེས་ན་དེ་ཚེ་མཐོང་བའི་ལམ། །ཐོབ་པ་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་གཞན་དག་ན་རེ། བཟོད་པ་བརྒྱད་པོ་དེ་སྐད་ཅིག་མ་གཅིག་དང༌། ཤེས་པ་བརྒྱད་པོ་དེ་དེའི་ཕྱིས་སྐད་ཅིག་མ་གཅིག་སྟེ་གཉིས་རིམ་ཅན་དུ་སྐྱེ་བ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། ཆོས་བཟོད་ཀྱི་འོག་ཏུ་རྗེས་བཟོད་སྐྱེ་དགོས་པ་ནི་གཞུང་ཉིད་ན་ཤིན་ཏུ་གསལ་བའི་ཕྱིར་ཏེ། དེའི་འོག་ཏུ། ཞེས་གསུངས་པའི་ཕྱིར། བདེན་པ་མངོན་པར་རྟོགས་པ་ལ་སྐད་ཅིག་མ་བཅུ་དྲུག་ཚང་དགོས་པའི་ཤེས་བྱེད་ཀྱང་གཅིག་ལ་མཚོན་ན། སྡུག་བསྔལ་ཤེས་པ་ལ་ཤེས་པ་བཞི་ཚང་དགོས་ཏེ། ཡུལ་སྡུག་བསྔལ་ཉིད་མ་ཤེས་ན་ནི་དེ་ཤེས་པའི་སྒྲ་དོན་མ་ཚང་ཞིང༌། ཡུལ་ཅན་དེས་ཡུལ་དེ་ལ་མི་སླུ་བའི་ཚུལ་མ་ཤེས་ན་ནི་དེས་དེ་ཤེས་པའི་དོན་ལྡོག་མི་འབྱུང་བའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། སྡུག་བསྔལ་ལ་གསུམ་སྟེ། ཀུན་བརྟགས་ཀྱི་དང་གཞན་དབང་གི་དང༌། ཡོངས་གྲུབ་ཀྱི་སྡུག་བསྔལ་ལོ། །དང་པོ་གཉིས་ནི་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་ཤེས་པས་སྡུག་བསྔལ་ཤེས་པར་གཞག་མི་ནུས་ལ། དེའི་ཆོས་ཉིད་ཤེས་པས་དེ་ཤེས་པར་བཞག་གོ །ཆོས་ཉིད་ལ་གཉིས་ཏེ། རང་བཞིན་རྣམ་དག་གི་དང༌། བློ་བུར་རྣམ་དག་གིའོ། །དེ་ཤེས་པ་ལ་ཡང་གཉིས་ཏེ། ཆོས་བཟོད་དང༌། ཆོས་ཤེས་སོ། །འོ་ན་དེ་གཉིས་ཀྱིས་དེ་ཤེས་པར་གང་གིས་འགྲུབ་ན། རྗེས་བཟོད་ཀྱིས་དེ་ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་མིན་དུ་སྒྲོ་འདོགས་པ་སེལ་བའི་ཕྱིར་རོ། །དེས་དེ་སེལ་ནུས་པའི་རྒྱུ་མཚན་ཅི་ཡིན་ན། རྗེས་ཤེས་ཀྱི་དུས་སུ་སྒྲོ་འདོགས་དེ་ལས་གྲོལ་བའི་རྒྱུ་མཚན་གྱིས་སོ། །འོ་ན་ཅི་སྒྲོ་འདོགས་དེ་ལམ་མཐོང་སྤང་མ་ཡིན་ནམ། ཅིའི་ཕྱིར་སྡུག་བསྔལ་མཐོང་སྤང་དུ་གཞག་ཅེ་ན། སྡུག་བསྔལ་མཐོང་སྤང་དུ་སུས་ཀྱང་བཤད་པ་མེད་པས་ཀླན་ཀ་དེ་མི་འཇུག་གོ །དེ་ལྟར་ན་སྡུག་བསྔལ་གྱི་བདེན་པ་ཤེས་པ་ལ་ཡེ་ཤེས་སྐད་ཅིག་མ་བཞི་དགོས་པ་ལ་ཤེས་བྱེད་བསྟན་ཟིན་པ་དེའི་ཕྱིར། གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བས་བཅུ་དྲུག་ཏུ་གྲངས་ངེས་སོ། །འོ་ན་ཡེ་ཤེས་བཞི་ཚན་བཞི་པོ་དེ་སྐད་ཅིག་མ་བཞིར་བསྡུས་ནས་སྐྱེ་བར་ཁས་བླངས་ན་ཅིར་འགྱུར་ཞེ་ན། རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་བསམ་ན་རིགས་པ་ལྟ་བུར་སྣང་ཡང༌། མི་ཤེས་པ་ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་གཉིས་འཇོག་ཚུལ་ལ་བལྟས་ན། བཅུ་དྲུག་པོ་རིམ་ཅན་དུ་སྐྱེ་བ་ཁོ་ནར་གྲུབ་བོ། །དེ་ལྟར་བཅུ་དྲུག་ལས་ཆོས་བཟོད་བཞི་ནི་བར་ཆད་མེད་པའི་ལམ་དང༌། ཆོས་ཤེས་བཞི་ནི་རྣམ་པར་གྲོལ་བའི་ལམ་དང༌། ཕྱི་མ་བརྒྱད་ནི་ཁྱད་པར་གྱི་ལམ་མོ། །མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་ལ་སྤང་བྱའི་ཁྱད་པར་སྤོང་རྒྱུ་གཏན་མེད་པ་མ་ཡིན་ཏེ། དེའི་སྐབས་སུ་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ཡང་སྲིད་པའི་ཕྱིར་རོ། །བཅུ་དྲུག་པོ་དེ་ཡང་མཉམ་གཞག་ཁོ་ནར་ངེས་ཤིང༌། མཐོང་ལམ་དང་རྗེས་ཐོབ་ཀྱི་གཞི་མཐུན་མི་སྲིད་པ་ནི་གཞུང་འདིའི་ལུགས་སུ་ངེས་པ་ཡིན་ནོ། །དེ་ལྟ་མོད་ཀྱི། མངོན་པར་རྟོགས་པའི་རྒྱན་དུ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་མཐོང་ལམ་མཉམ་གཞག་ཏུ་སྙོམས་འཇུག་དགུ་ལ་འཇུག་པ་ཞིག་ཡོད་པར་གསུངས་ཀྱང༌། འདིར་དེ་ལྟར་གསུངས་པ་མེད་ལ། ཤེས་བྱེད་ཀྱང་ས་འཕོ་བའི་ལོང་མེད་པ་ལ་དགོངས་སོ། །གཉིས་པ་སྒོམ་པའི་ལམ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གཉིས་ཏེ། ལམ་དགུར་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། སྒོམ་པའི་ལམ་གང་ཞེ་ན་སོགས་སོ། །འདིར་གཞན་དག་གཞུང་འདིའི་དོན་དུ་བསམས་ནས། མཛོད་ལས་འབྱུང་བ་ལྟར་སོ་སོ་སྐྱེ་བོའི་སྒོམ་ལམ་འདོད་པ་ནི་འདིའི་ལུགས་མ་ཡིན་ཏེ། དེ་ལྟ་ན་རྗེས་ལ་མངོན་རྟོགས་སུ་ཐལ་བའི་ཕྱིར་དང༌། འོག་ནས་སྒོམ་ལམ་ཐམས་ཅད་དེར་བཤད་པའི་ཕྱིར་དང༌། འདིར་མཐོང་བའི་ལམ་ལས་གོང་དུ་གྱུར་པའི་འཇིག་རྟེན་པའི་ལམ་ཞེས་བཤད་དོ། །འོ་ན་ཅི་ཞེ་ན་སྒོམ་ལམ་པའི་རྒྱུད་ཀྱི་འཇིག་རྟེན་པའི་དགེ་བ་དག་པ་བ་སྒོམ་པའི་ལམ་གྱི་སྤང་བྱ་ཉོན་མོངས་པ་སྤོང་ནུས་པ་དེ་དག་གོ །འོ་ན་འདི་ཙམ་ཞིག་སོ་སོ་སྐྱེ་བོ་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད། དེ་ཙམ་གྱིས་སྒོམ་པའི་ལམ་དུ་གཞག་མི་ནུས་ཏེ། དེའི་སྤངས་པ་ནི་སླར་ལྡོག་པའི་ཕྱིར་དང༌། འདིའི་སྒོམ་ལམ་ནི་ཐར་ལམ་གྱི་དབང་དུ་བྱས་པ་ཡིན་ལ། ཅིག་ཤོས་ལ་ནི་ཐར་ལམ་གྱི་ངེས་པ་མེད་པའི་ཕྱིར་རོ། །གཉིས་པ་སོ་སོའི་མཚན་ཉིད་ལ་གཉིས་ཏེ། གནས་སྐབས་ཅན་དང༌། དེའི་གནས་སྐབས་སོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་པའི་ལམ་དང༌། འདས་པའི་སྒོམ་ལམ་མོ། །དང་པོ་ལ་གཉིས་ཏེ། བཤད་བྱ་དང་བཤད་བྱེད་གཉིས་ཀྱིས་བསྟན་པ་དང༌། དེ་ཉིད་བཤད་པའོ། །དེ་ལ་གསུམ་སྟེ། སྤང་བྱ་དང༌། ངོ་བོ་དང༌། མཐར་ཐུག་པའོ། །དང་པོ་ལ་གསུམ་སྟེ། རྩ་བ་བཞིར་དབྱེ་བ་དང༌། རྩ་བ་གང་གིས་ཇི་ལྟར་ཉོན་མོངས་པར་འགྱུར་བ་དང༌། དོན་བསྡུས་ཏེ་རྩ་བར་བཞག་པའོ། །ངོ་བོ་ལ་བསྟན་པ་དང༌། བཤད་པའོ། །དེ་ལ་བཞི་སྟེ། ངོ་བོ་དང༌། ཐོབ་ཚུལ་དང༌། རྒྱུ་འབྲས་ཀྱི་ཚད་དང༌། དབྱེ་བའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་བཞིའི་ཡན་ལག་སོ་སོར་བཞག་པ་དང༌། གྲངས་ངེས་པའི་རྒྱུ་དང་གཉིས་ཀྱི་སྒོ་ནས་བསམ་གཏན་གྱི་ཡན་ལག་བསྟན་པ་དང༌། གཟུགས་མེད་ན་དེ་མེད་པའི་འཐད་པའོ། །ཐོབ་ཚུལ་ལ་གཉིས་ཏེ། ཡིད་ལ་བྱེད་པ་གང་གིས་འཇུག་པ་དང༌། ཡིད་ལ་བྱེད་པ་རང་གི་ངོ་བོ་བསྟན་པའོ། །དེ་ལ་ལྔ་སྟེ། སྦྱོར་བའི་ལམ་གྱིས་བསྡུས་པ་གཉིས། བར་ཆད་མེད་པའི་ལམ་ཁོ་ནས་བསྡུས་པ་གཉིས། ལམ་བཞིས་བསྡུས་པ་གཅིག ཁྱད་པར་ལམ་གྱིས་བསྡུས་པ་གཅིག རྣམ་གྲོལ་ལམ་གྱིས་བསྡུས་པ་གཅིག་རྣམས་སོ། །རྒྱུ་འབྲས་ཀྱི་བྱེ་བྲག་ལ་གཉིས་ཏེ། བསམ་གཏན་གྱི་སྐྱེ་བའི་ཁྱད་པར་དང༌། གཟུགས་མེད་ན་འབྲས་བུའི་ཁྱད་པར་དེ་མེད་ཀྱང༌། ཁྱད་པར་གཞན་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཐམས་ཅད་ཀྱི་རྒྱུ་དང༌། བསམ་གཏན་གྱི་འབྲས་བུའོ། །དེའི་དབྱེ་བ་ལ་གཉིས་ཏེ། མིང་དུ་བཏགས་པ་དཔག་མེད་ཡོད་པ་དང༌། དེའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། དང་པོ་ལ་དབྱེ་བ་དང༌། གཞན་ཡང་དེ་དང་འདྲ་བར་བསྟན་པའོ། །འདི་དག་གི་སྐབས་སུ་འཇིག་རྟེན་པའི་སྙོམས་འཇུག་བརྒྱད་པོ་དེ་དག་འཕགས་རྒྱུད་ལ་ཡོད་པའི་དབང་དུ་བྱས་པ་ཡིན་ཏེ། ལམ་གྱི་བདེན་པ་འཆད་པའི་སྐབས་ཡིན་པའི་ཕྱིར། འོ་ན་འཕགས་རྒྱུད་ལ་ཉོན་མོངས་པ་ཅན་གྱི་སྙོམས་འཇུག་ཇི་ལྟར་ཡོད་ཅེ་ན། མངོན་པ་འོག་མར་ཉོན་མོངས་ཅན་སྙོམས་འཇུག་གི་རྫས་སུ་འཆད་ཀྱང༌། འདིར་མི་འཆད་པ། ཉོན་མོངས་པར་བྱ་ནུས་པའི་སྙོམས་འཇུག་གང་ཞིག ཉོན་མོངས་པ་གང་གིས་ཉོན་མོངས་པར་བྱེད་པ་ལ་ཉོན་མོངས་པ་རྣམས་གཞག་པ་ཞེས་བྱའོ། །ཉོན་མོངས་པའི་གཞི་ནི་དག་པ་པའི་སྙོམས་འཇུག་རྣམས་ཡིན་ལ། དེ་ལའང་རྣམ་པར་བྱང་བ་ཙམ་དང༌། རྣམ་པར་དག་པ་ཞེས་བྱ་བའི་ཐ་སྙད་གཉིས་གཞུང་འདིར་ཡོད་ཅིང༌། དང་པོ་དེ་གང་གིས་ཉོན་མོངས་པའི་གཞིར་རུང་ལ། གཉིས་པ་དེ་མི་རུང་བའི་ཤེས་བྱེད་ནི་རབ་ཀྱི་མཐར་ཕྱིན་པའི་ཆ་ལས་བྱུང་བའི་ཕྱིར་རོ། །རྣམ་པར་བྱང་བ་ཞེས་པའི་དོན་ཡང་སྙོམས་འཇུག་གི་རྫས་གང་ཞིག དགེ་བའི་ངོ་བོར་སྐྱེས་པ་ལ་ཟེར་བ་ཡིན་ལ། དེ་ཙམ་ཞིག་ནི་ཟག་མེད་ཀྱི་སྙོམས་འཇུག་ལ་ཡང་ཡོད་མོད། འཇིག་རྟེན་པའི་སྙོམས་འཇུག་འཆད་པའི་སྐབས་ཡིན་པས་དེ་གཞིར་བྱས་པ་ཡིན་ཏེ། མཛོད་ལས། འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་ཞེས་འབྱུང་བ་ལྟར་རོ། །དེས་ན་ཟག་མེད་དང་རབ་མཐའི་ཆ་ལས་བྱུང་བ་གཉིས་ནི་འདིར་ཉོན་མོངས་པའི་གཞི་མ་ཡིན་ནོ། །གང་གིས་ཉོན་མོངས་པར་བྱེད་པ་ནི་ལུང་དུ་མ་བསྟན་པའི་རྩ་བ་བཞི་པོའོ། །དེ་སྐད་ཅེས་ཟེར་བའི་རྒྱུ་མཚན་ཁམས་གོང་མའི་ཉོན་མོངས་པ་ཇི་སྙེད་འདི་བཞི་པོ་གང་རུང་ལས་འབྱུང་བའི་ཕྱིར་རོ། །དེ་ཡང་ཉན་ཐོས་འཕགས་པ་རྣམས་སྲེད་པ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གོང་མའི་སེམས་ལས་ཉམས་ནས་འོག་མར་སྐྱེ་བ་ནི་ལུགས་འདིར་མི་བཞེད་ལ། ས་དེ་ཉིད་ནས་དེ་ཉིད་དུ་སྐྱེ་བ་ལེན་པའི་ཚེ་སྲིད་པའི་སྲེད་པས་རང་སའི་ཕུང་པོ་ལ་སྲེད་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པས་མ་འོངས་པའི་ཕུང་པོ་ལ་འདུན་པའི་སྒོ་ནས་ཡང་སྲིད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་འོ་ན་དངོས་གཞིའི་སྙོམས་འཇུག་གི་ངོ་བོར་གྱུར་པའི་སེམས་པ་དེ་ཉིད་རྣམ་སྨིན་གྱི་སྐྱེ་བ་འགྲུབ་བྱེད་དངོས་ཡིན་ནམ་ཞེ་ན། མ་ཡིན་ཏེ། དངོས་གཞིའི་སྙོམས་འཇུག་དེ་གང་གིས་དྲི་མ་ཅན་དུ་བྱེད་པའི་སྲེད་པ་དང༌། དེ་ལས་བྱུང་བའི་ལེན་པ་གཉིས་ཀྱིས་སྔོན་སོ་སྐྱེའི་དུས་སུ་བསགས་པའི་ལས་ཀྱི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་གསོས་བཏབ་པའི་རྐྱེན་གྱིས་ནུས་པ་མཐུ་ཅན་དུ་གྱུར་པ་དེ་ལ་སྲིད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ཡང་དངོས་གཞིའི་སྙོམས་འཇུག་དེ་རྣམ་སྨིན་འགྲུབ་པ་ལ་མེད་དུ་མི་རུང་བ་ཡིན་ཏེ། དེ་མེད་ན་འགྲུབ་བྱེད་ཀྱི་སྲེད་ལེན་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་སྲེད་པས་ནི་སེམས་རྟེན་དེ་ལ་ཡོན་ཏན་གྱི་ཁྱད་པར་གོང་མ་རྣམས་ཐོབ་པའི་གེགས་བྱེད་པར་མ་ཟད། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱས་པའི་སྒོ་ནས་ཉོན་མོངས་པར་བྱེད་དོ། །འཕགས་པ་ལ་ལོག་ལྟ་མི་འབྱུང་ཡང་སྤྱིར་ལྟ་བ་དང༌། ང་རྒྱལ་དང༌། མ་རིག་པ་ཤས་ཆེ་བས་ནི་སྙོམས་འཇུག་དེ་དག་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་མ་ཡིན་ཀྱང༌། མངོན་ཤེས་དང༌། རྣམ་ཐར་ལ་སོགས་པའི་ཡོན་ཏན་གྱི་རྟེན་དུ་མི་འགྱུར་བའི་ཚུལ་གྱིས་ཉོན་མོངས་པར་བྱེད་པ་ཡིན་ནོ། །དེ་བས་ན་འདིར་ཐར་ལམ་དུ་འགྱུར་བའི་སྒོམ་ལམ་དེར་འཇོག་པ་ལ་ནི་སྲིད་པའི་རྒྱུ་ཁོ་ནར་མི་འགྱུར་བ་ཞིག་དགོས་ལ། དེ་ལ་དག་པ་པ་ཙམ་གྱིས་མ་ཆོག་པས། རབ་ཀྱི་མཐའི་ཆ་ལས་བྱུང་བའི་དག་པ་པ་ཞེས་བྱ་བ་དེ་དགོས་ལ། རྒྱུ་དུས་ཀྱི་ཀུན་སློང་ཡང་སྲིད་པ་ཚོལ་བའི་ཀུན་སློང་ཁོ་ནས་བསླང་བ་མ་ཡིན་པར། ངེས་འབྱུང་གི་བསམ་པས་ཚངས་སྤྱོད་ཚོལ་བ་ལ་ཞུགས་པ་ཞིག་དགོས་སོ། །བྱེ་བྲག་ཏུ་བྱང་སེམས་འཕགས་པ་བསམ་གཏན་དང་པོ་ལ་སོགས་པར་སྐྱེ་བ་ལེན་པའི་རྒྱུ་ནི། དེར་འཕེན་བྱེད་ཀྱི་འཕངས་པའི་ལས་ཀྱི་བག་ཆགས་ཤིག འགྲུབ་བྱེད་ཀྱིས་གསོས་བཏབ་ནས་སྐྱེ་བ་མ་ཡིན་ཏེ། ཇི་སྐད་དུ། ཡན་ལག་ཡོངས་སུ་ཟད་པ་དང༌། ཞེས་གསུངས་པ་དེ་ཉིད་འདིར་ཡང་ངེས་པར་ཁས་ལེན་དགོས་པའི་ཕྱིར། ཡང་སྲེད་པ་དངོས་སམ། དེའི་བག་ལ་ཉལ་གང་རུང་མེད་པར་ཡང་དེ་དག་དེར་སྐྱེ་ནུས་པར་ཡང་ཁས་ལེན་པ་མ་ཡིན་ཏེ། བྱང་སེམས་འཕགས་པ་རྣམས་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་རྒྱུ་མཚན་ལ་རྟོགས་དགོས་པའི་ཕྱིར་དང༌། དབྱིག་གཉེན་ཞབས་ཀྱིས། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་གསུངས་པ་དེ་དག་ངེས་པར་ཁས་བླངས་ན་གཞུང་ལུགས་འདི་ཇི་ལྟར་འཆད་པར་འགྱུར་བའི་རྣམ་གཞག་འཆོལ་བས་སོ། །ས་འོག་མ་ལ་ཆགས་བྲལ་མ་བྱས་ཤིང༌། དེའི་དངོས་གཞི་མ་ཐོབ་པར་དེར་སྐྱེ་ནུས་པ་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་བྱང་འཕགས་ཤིག་སྙིང་རྗེའི་དབང་གིས་དེར་སྐྱེ་བའི་སྨོན་ལམ་བཏབ་ནས་དེའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་སྲིད་སྲེད་དམ། ཡང་ན་འཇིག་སྲེད་ཅེས་བྱ་བའི་མིང་ཅན་གྱི་སྲེད་པ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་མི་ལྡན་པ་དེས་ལེན་པའི་རྐྱེན་བྱས་ནས། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བ་མ་འོངས་པའི་ཕུང་པོ་དོན་དུ་གཉེར་ཞིང༌། ཉོན་མོངས་པའི་ཉེས་པ་མི་སྐྱེད་པ་ཞིག་གིས། སྔར་གྱི་སྙིང་རྗེ་དང་སྨོན་ལམ་གྱི་བག་ཆགས་གསོས་བཏབ་ནས་བསམ་བཞིན་དུ་སྐྱེ་བ་ལེན་པར་བྱེད་དོ། །སྲེད་པ་དེ་དག་གི་ངོས་འཛིན་ཡང༌། རིགས་པ་མཁྱེན་པས། མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །ཞེས་པས་ནི་སྲེད་པ་ཙམ་ངོས་གཟུང་ནས། སོ་སོར་ཕྱེ་ན། ཇི་སྐད་དུ། སྲོག་ཆགས་བདེ་སྡུག་ཐོབ་པ་དང༌། །འདོར་འདོད་འཇུག་པ་དེ་དག་ནི། །འདོད་དང་འཇིག་སྲེད་ཡིན་པར་འདོད། །ཅེས་གསུངས་པ་ཡིན་ནོ། །ཡན་ལག་རྣམ་པར་བཞག་པའི་སྐབས་སུ་འཆད་པ་པོ་རྣམས་ཡན་ལག་ལྔ་དང་བཞི་ལ་སོགས་པ་རྣམས་དངོས་གཞི་ཁོ་ནའི་ཡན་ལག་ཏུ་འཆད་མོད། ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་བསྡོམས་པའི་ཡན་ལག་ཏུ་འཆད་དགོས་པ་ཡིན་ཏེ། གཉེན་པོའི་ཡན་ལག་ཏུ་བཞག་པ་རྣམས་ཉེར་བསྡོགས་ཀྱི་ཡན་ལག་དང༌། ཕན་ཡོན་གྱི་ཡན་ལག་ཏུ་བཞག་པ་རྣམས་དངོས་གཞིའི་ཡན་ལག་དང༌། གནས་ཀྱི་ཡན་ལག་ཏུ་བཞག་པ་དེ་གཉིས་ཀ་ལ་ཁྱབ་བྱེད་དུ་དགོས་པའི་ཕྱིར་རོ། །ཡན་ལག་འདི་དག་ཟག་མེད་ཀྱི་སྙོམས་འཇུག་རྣམས་ཀྱི་ཡན་ལག་ཏུ་ངེས་པར་ཁས་ལེན་ནམ་ཞེ་ན། ཟག་མེད་ཀྱི་ངོ་བོར་གྱུར་པའི་བསམ་གཏན་ཕྱི་མ་རྣམས་ཀྱི་ཉེར་བསྡོགས་ནི་མི་སྲིད་པས། དེ་ལ་དེའི་ཉེར་བསྡོགས་ཀྱི་ཡན་ལག་རྣམས་ཡོད་མེད་དཔྱོད་མི་དགོས་སོ། །རྟོག་དཔྱོད་གཉིས་ནི་སྒྲ་དོན་འཛིན་པའི་རྟོག་པ་ཁོ་ནར་ངེས་པའི་ཕྱིར་དང༌། གཉེན་པོའི་ཡན་ལག་ཏུ་བཞག་པའི་རྟོག་དཔྱོད་གཉིས་ནི་སྤྱིར་ལྷག་མཐོང་དང༌། ཁྱད་པར་ཞི་རགས་ཀྱི་རྣམ་པ་ཅན་གྱི་དབང་དུ་བྱས་པ་ཡིན་ལ། ཟག་མེད་ཀྱི་ཉེར་བསྡོགས་ནི་སྤྱིར་ལྷག་མཐོང་དང༌། བྱེ་བྲག་བདེན་པའི་རྣམ་པ་ཅན་དུ་ངེས་ཤིང༌། དེ་ལ་བརྟེན་པའི་ཟག་མེད་ཀྱང་སྒྲ་དོན་འཛིན་པའི་རྟོག་པ་དང་བྲལ་བའི་ཕྱིར། འོ་ན་ཅི་ཡུམ་གྱི་མདོ་སོགས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ལ་དེ་དག་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། བྱང་འཕགས་ལ་ནི་རྗེས་ཐོབ་ཏུ་ཀུན་རྫོབ་ཤེས་པའི་རང་བཞིན་ཅན་དུ་འབྱུང་བར་གཞུང་འདི་ཉིད་དུ་བཤད་ཅིང༌། སངས་རྒྱས་ལ་ནི་ཚུལ་བསྟན་པ་ཙམ་དུ་བཤད་པ་དེ་ཉིད་དོ། །འོ་ན་འཇིག་རྟེན་པའི་སྙོམས་འཇུག་འདི་དག་མཉམ་རྗེས་གང་དུ་འབྱུང་ཞེ་ན། ཁོ་རང་ལ་ལྟོས་པའི་མཉམ་གཞག་ཡིན་ཀྱང༌། འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ཐོབ་ཏུ་འབྱུང་བར་བཤད་དོ། །ཡིད་ལ་བྱེད་པ་རྣམ་པར་བཞག་པའི་སྐབས་སུ། ཅི་ཡིད་བྱེད་བདུན་པོ་འདི་ནི་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ནའི་དབང་དུ་བྱས་པར་བཤད་ལ། དེ་ལྟ་ན་ས་གོང་མ་ལ་ཡོན་ཏན་ཅན་དུ་བལྟས་པར་སོང་བས། སྲིད་པ་ཚོལ་བར་སོང་གི་ངེས་འབྱུང་ཚོལ་བར་མ་སོང་བས། ཐར་ལམ་དུ་འགྱུར་བའི་སྐབས་མི་སྲིད་པ་དང༌། བསམ་གཏན་གྱི་དངོས་གཞི་ཐོབ་པའི་འཕགས་པ་རྣམས་གོང་མའི་ཞི་རགས་ཀྱི་རྣམ་པ་ཅན་འདི་དག་ལ་འཇུག་པ་མེད་པར་འགྱུར་ཏེ། ལམ་སླ་བ་དངོས་གཞི་ལ་བརྟེན་པར་དབང་བཞིན་དུ། དཀའ་བ་ཉེར་བསྡོགས་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར་རོ་སྙམ་ན། བཤད་པ། འཇིག་རྟེན་པའི་སྒོམ་ལམ་གང་ལ་བརྟེན་པའི་འཕགས་པ་ནི་གཉིས་ཏེ། ཐེག་པ་དམན་པའི་དང༌། ཐེག་པ་ཆེན་པོའི་འཕགས་པའོ། །དང་པོས་དེ་མངོན་དུ་བྱེད་པའི་དགོས་པ་ནི། ས་འོག་མ་ལ་ཆགས་བྲལ་གྱི་ཕྱིར་ནི་མ་ཡིན་ཏེ། འཕགས་པས་ཞི་རགས་སུ་ལྟ་བའི་ལམ་གྱིས་ཆགས་བྲལ་བྱེད་པ་ནི་ལུགས་འདིར་མེད་པའི་ཕྱིར་རོ། །དེས་ན་ས་གོང་མར་སྐྱེ་བ་ལེན་པའི་ཕྱིར་དུ་དང༌། ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་དུ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་དུ་མཐར་གྱིས་གནས་པའི་སྙོམས་འཇུག་ལ་འཇུག་པར་བྱེད་དོ། །དེས་ཆགས་བྲལ་ནི། ཟག་པ་མེད་པའི་ལམ་གྱིས་ཆགས་བྲལ་བྱེད་པའོ། །དེ་ལ་གཉིས་ཏེ། འདོད་ཉོན་དང་པོ་ཙམ་ཡང་མ་སྤངས་པས། ཉེར་བསྡོགས་ལ་བརྟེན་ནས་དང༌། དངོས་གཞི་ལ་བརྟེན་ནས་བྱེད་པའོ། །དང་པོ་དེ་ལ་ནི་ཅིག་ཆར་བས་ཁྱབ་པ་ཡིན་ཏེ། སྤྱིར་ཟག་མེད་ལམ་གྱིས་ཉོན་མོངས་སྤོང་བ་ཐམས་ཅད་ས་གོང་འོག་གི་ཉོན་མོངས་པའི་རྣམ་པ་དེ་དང་དེ་ཅིག་ཆར་དུ་སྤོང་བས་ཁྱབ་ཅིང༌། འདིར་ནི་འདོད་པ་ལ་ཆགས་བྲལ་བྱས་མ་ཟིན་པས་ཁམས་གསུམ་ཆར་གྱི་ཉོན་མོངས་པ་ཅིག་ཆར་དུ་སྤོང་བ་ལས་འོས་མེད་པའི་ཕྱིར། སྤྱིར་ཟག་མེད་སྒོམ་ལམ་དུ་གྱུར་པའི་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་དེ་ཡིན་ན་རང་གི་ངོ་སྐལ་གྱི་སྤང་བྱ་ཁམས་གསུམ་གྱི་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་ཅིག་ཆར་དུ་སྤོང་བས་ཁྱབ་སྟེ། དཔེར་ན། སྡུག་བསྔལ་ལ་ཆོས་བཟོད་ཀྱིས་ཁམས་གསུམ་གྱི་སྡུག་བསྔལ་མཐོང་སྤངས་ཐམས་ཅད་ཅིག་ཆར་དུ་སྤོང་བ་བཞིན་ནོ། །དེ་ཡང་ཅུང་ཟད་ཞིབ་མོར་ཕྱེ་ན། འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ་ཟག་མེད་ལམ་གྱིས་ཁམས་གོང་མའི་ཉོན་མོངས་སྤོང་བའི་ཚེ་ན་ཁམས་གོང་མ་གཉིས་ལ་ཆགས་བྲལ་རིམ་གྱིས་བྱེད་དགོས་པ་མ་ཡིན་ཏེ། ཟག་མེད་ལམ་གྱིས་ཁམས་གོང་གི་ཉོན་མོངས་སྤོང་བ་ཐམས་ཅད་ཅིག་ཆར་བར་ངེས་པའི་ཕྱིར། དཔེར་ན་ཉན་ཐོས་སྡེ་པའི་ལུགས་ལའང་སྡུག་བསྔལ་ལ་རྗེས་བཟོད་ཀྱིས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་མཐོང་སྤང་ཅིག་ཆར་དུ་སྤོང་བར་འདོད་པ་བཞིན་ནོ། །དེ་ལྟ་བས་ན་གཞུང་ལུགས་འདིར་ཟག་པ་མེད་པའི་མཐོང༌། སྒོམ་ལམ་གྱིས་ངོ་སྐལ་གྱི་ཉོན་མོངས་སྤོང་བ་ཐམས་ཅད་ཁམས་གསུམ་གྱི་རྣམ་པས་ཅིག་ཆར་བར་ངེས་པ་ཁོ་ན་ཡིན་ལ། ཁམས་གསུམ་ལ་རིམ་གྱིས་ཆགས་བྲལ་བྱེད་པ་དེ་དག་ནི་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་སྔོན་དུ་སོང་བ་ཁོ་ནར་ངེས་སོ། །དེ་ནས་འདི་བཤད་པར་བྱ་སྟེ། སྤྱིར་འཕགས་པ་ལ་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང༌། མ་སོང་བའོ། །དང་པོ་ལ། འདོད་པ་དང༌། ཅི་ཡང་མེད་མན་ཆད་གང་ཡང་རུང་བ་ལའོ། །དང་པོ་ལའང་འདོད་པའི་ཉོན་མོངས་དྲུག་པ་ཙམ་ལ་དང༌། དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་དབྱེ་བས་གཉིས་སོ། །དེ་དག་རེ་རེ་ལ་ཡང་ཐེག་པ་དམན་པ་དང༌། ཆེན་པོའི་དབྱེ་བས་གཉིས་གཉིས་སོ། །དང་པོ་དེ་དག་ནི་ལན་གཅིག་ཕྱིར་འོང་སོགས་སུ་འཇོག་པ་གོ་བར་སླ་བ་དེ་ཡིན་ལ། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་འདོད་ཉོན་དྲུག་པ་ཙམ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བའི་འཕགས་པ་ཞིག་ཡིན་ན་ནི། འདོད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་རྒྱུའི་ཀུན་སློང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཕངས་ནས་དུས་ཀྱི་ཀུན་སློང་འདོད་སྲེད་ཀྱི་བག་ལ་ཉལ་གྱིས་འགྲུབ་པར་བྱེད་པའོ། །དེ་ཡང་མདོ་སྡེ་རྒྱན་ལས། གཅིག་ནི་སྨོན་ལམ་གང་གིས་ཏེ། །ཞེས་གསུངས་པ་དེ་ཉིད་ཡིན་ལ། གཞུང་དེའི་ཤུགས་བསྟན་དང་འཕྲོས་ལ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་མེད་ན་སྙིང་རྗེ་དང་སྨོན་ལམ་རྐྱང་པས་མཚམས་སྦྱོར་མི་ནུས་པར་བཤད་དོ། །དེས་ན་བྱང་འཕགས་སྲིད་པར་སྐྱེ་བ་ལེན་པ་ལ་སྨོན་ལམ་དང་སྲེད་པ་གཉིས་ཀ་ཚང་དགོས་ཏེ། གཅིག་གིས་ནི་སྲིད་པར་འཕེན་པར་བྱེད་ལ། ཅིག་ཤོས་ཀྱིས་ནི་འགྲུབ་པར་བྱེད་དོ། །འོ་ན་སྲེད་པ་དེས་འགྲུབ་པར་བྱེད་ཀྱི། འཕེན་པར་མི་བྱེད་པའི་ཁྱད་པར་ཅི་ཞེ་ན། བདེན་པ་མཐོང་ལ་འཕེན་བྱེད་མེད། །ཅེས་འཆད་ཀྱི། འགྲུབ་བྱེད་མེད་ཅེས་མི་འཆད་པའི་ཕྱིར་རོ། །ཡང་འདོད་པའི་ཉོན་མོངས་མ་ལུས་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་བྱང་འཕགས་ཤིག་ཡིན་ན་ནི། འདོད་པར་སྐྱེ་བ་རང་རྒྱུད་པ་ལེན་པ་ནི་མི་སྲིད་དེ། དེར་སྐྱེ་བའི་རྒྱུ་ཉོན་མོངས་མེད་པའི་ཕྱིར་རོ། །གཞན་དུ་ན། བྱང་ཆུབ་སེམས་དཔས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་ཤེས་བྱེད་ལ་འབྲེལ་པ་མེད་པར་འགྱུར་རོ། །དོན་དེ་ནི་ཇི་སྐད་དུ། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་གསུངས་པ་དེའི་རིགས་པས་ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཡིན་ན་ཡང༌། སྤྲུལ་པའི་ལུས་ཀྱིས་འདོད་གཟུགས་གང་རུང་དུ་སྐྱེ་བར་བྱེད་ཀྱི། སྐྱེ་གནས་བཞི་པོ་གང་རུང་དུ་སྐྱེ་བ་མཚན་ཉིད་པ་མི་སྲིད་དོ། །ཡང་འདོད་པ་ལ་ཆགས་བྲལ་མ་བྱས་པའི་ཉན་ཐོས་འགའ་ཞིག་རང་བྱང་ཆུབ་མངོན་དུ་བྱས་ནས་སྤྲུལ་པའི་ལུས་ཀྱིས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་སངས་རྒྱ་བར་བྱེད་དོ། །དོན་དེ་ཡང་ཇི་སྐད་དུ། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་དེའི་ཕྱིར་ལྷག་མེད་ནས་ནི་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་མི་སྲིད་ལ། ལྷག་བཅས་དགྲ་བཅོམ་པ་དེར་ཞུགས་ནས་སྤྲུལ་པའི་ལུས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་སོག་པར་བྱེད་ཅིང༌། རྩ་བའི་ལུས་དེ་ཡང་འདོར་བ་མ་ཡིན་གྱི། དབང་པོའི་ལུས་སུ་བྱིན་གྱིས་རློབ་པར་བྱེད་དོ། །ལུས་དེ་ཉིད་ཀྱིས་ཚེ་གཅིག་ལ་སངས་རྒྱ་བ་ཞེས་བྱ་བའི་རྣམ་པར་བཞག་པ་ཡང་གཏན་ལ་དབབ་པ་བསྡུ་བར་གསུངས་སོ། །གཉིས་པ་ཆགས་བྲལ་སྔོན་དུ་མ་སོང་བ་ལ། དམན་པའི་ཉོན་མོངས་སྤོང་ཚུལ་དང༌། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་གཉིས་ལས་དང་པོ་ནི། ཆགས་བྲལ་སྔོན་དུ་མ་སོང་བའི་ཉན་ཐོས་འཕགས་པས་ཉོན་མོངས་པ་སྤོང་ཚུལ་ནི་ཅིག་ཆར་བ་ཁོ་ནར་ངེས་པ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་ཁོ་ནས་སྒོམ་སྤང་གི་ཉོན་མོངས་པ་སྤོང་དགོས་ལ། དེ་ཡང་ཅིག་ཆར་བ་ཁོ་ནར་ངེས་པའི་ཕྱིར། འཕགས་པས་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མ་ལ་ཆགས་བྲལ་བྱེད་པ་མི་སྲིད་དེ། ལམ་ཟག་མེད་ལ་དབང་བཞིན་དུ་ཞི་རགས་ཀྱི་རྣམ་པ་ཅན་སྐྱེད་པ་ལ་དགོས་པ་མེད་པའི་ཕྱིར་དང༌། འཕགས་པའི་རྟེན་ལ་ཁམས་གོང་མར་འཕེན་བྱེད་ཀྱི་ལས་སོག་པ་མེད་པའི་ཕྱིར་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་པར་སྒྲུབ་པ་དང༌། འདོད་ཆགས་དང་བྲལ་བ་གསུམ་པོ་གང་དོན་དུ་གཉེར་ཡང་ཟག་མེད་ལམ་གྱིས་ཁམས་གསུམ་ལ་ཆགས་བྲལ་ཅིག་ཆར་དུ་བྱས་པས་དགོས་པ་དེ་ཐམས་ཅད་འགྲུབ་པའི་ཕྱིར། ཁམས་གོང་མའི་སྐྱེ་བ་དོན་དུ་གཉེར་བ་ནི་ཆགས་བྲལ་སྔོན་དུ་སོང་བ་དག་ལ་སྲིད་ཀྱང་མ་སོང་བ་ལ་མི་སྲིད་དེ། དེ་ལ་དེར་འཕེན་བྱེད་ཀྱི་ལས་སོག་པ་མེད་ཅིང༌། སྙོམས་འཇུག་དངོས་གཞི་མ་ཐོབ་པས། །དེའི་བདེ་བ་ལ་རོ་མྱང་བ་མེད་པའི་ཕྱིར་ན། འགྲུབ་བྱེད་ཀྱི་ལས་སོག་པ་ཡང་མེད་པས་སོ། །དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བས་གྲུབ་པའི་མཐའ་ལས། འཕགས་པས་ཀྱང་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མ་ལ་ཆགས་བྲལ་བྱེད་པར་འདོད་པ་ནི་འདིར་ཁས་བླངས་པར་མི་བྱ་སྟེ། འདིར་ནི་ཇི་སྐད་དུ། ཡིད་ལ་བྱེད་པ་ཇི་ལྟ་བུས་སྤོང་ཞེ་ན། འདྲེས་པ་དམིགས་པས་སྤོང་སྟེ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བའོ། །ཞེས་གསུངས་པས་སོ། །གཉིས་པ་ཆགས་བྲལ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ལ་གཉིས་ཏེ། མཐོང་ལམ་མ་ཐོབ་པ་དང༌། ཐོབ་པའོ། །དང་པོས་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མ་རིག་པ་དང༌། ལྟ་བའི་བག་ལ་ཉལ་རྣམས་ནི་བཟོད་པ་བཞིས་ཆེད་དུ་གཉེར་ནས་སྤོང་ལ། འདོད་པ་དང་སྲིད་པའི་བག་ལ་ཉལ་ནི་ཆེད་དུ་གཉེར་ནས་མི་སྤོང་སྟེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་རོ། །གཉིས་པ་ནི་སྒོམ་པས་སྤང་པར་བྱ་བའི་ཉོན་མོངས་གང་ཡིན་ཀྱང་ཆེད་དུ་གཉེར་ནས་མི་སྤོང་སྟེ། དེ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར། དེ་ཡང་ཇི་སྐད་དུ། ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་སྒོམ་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་མ་ཡིན་ཏེ། ཞེས་གསུངས་སོ། །འོ་ན་འདིས་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། དེས་ནི་ས་འོག་མ་འོག་མ་ལ་ཆགས་བྲལ་མ་བྱས་ཀྱང༌། སེམས་དྲུག་དང༌། ཡིད་ལ་བྱེད་པ་བཅུ་གཅིག་དང༌། སེམས་གནས་པའི་ཐབས་དགུ་པའི་མཐར་བསམ་གཏན་གྱི་དངོས་གཞི་མངོན་དུ་བྱེད་ནུས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། འཕེལ་བ་རིང་དུ་སོང་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་ཞི་གནས་རྐྱང་པས་དངོས་གཞི་ཐོབ་པར་གསུངས་ཀྱི། ལྷག་མཐོང་གི་ཉེར་བསྡོགས་དགོས་པའི་བཤད་པ་མ་གསུངས་སོ། །དོན་དེ་ལ་དགོངས་ནས་གཞུང་འདིར་ཡང༌། ལ་ལ་ནི་ཞི་གནས་ཐོབ་ལ་ལྷག་མཐོང་མ་ཐོབ་པ་ཡིན་ཏེ། དེ་དག་ནི་ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒྲུབ་པར་བྱེད་དོ། །ཞེས་གསུངས་སོ། །དེ་ལས་གཞན་དུ་བྱང་སེམས་འཕགས་པ་འདོད་པའི་ཆགས་བྲལ་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་ནུས་པ་ཡིན་ན་ནི། ཉན་ཐོས་དགྲ་བཅོམ་པ་ཐེག་པ་ཆེན་པོར་ཞུགས་པའི་བྱང་སེམས་འཕགས་པ་རྣམས་ལ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ནི། འོ་ན་རིགས་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསམ་གཏན་གྱི་དངོས་གཞི་ཐོབ་པ་མེད་པར་འགྱུར་ཏེ། དེས་འདོད་པའི་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བ་མེད་པའི་ཕྱིར་དང༌། དེས་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པ་དང༌། ཤེས་སྒྲིབ་སྤངས་པ་ཅིག་ཆར་དུ་འབྱུང་བའི་ཕྱིར་སྙམ་ན། ལན་ལ་གཉིས་ཏེ། དངོས་དོན་བཤད་པ་དང༌། ཤེས་བྱེད་མདོ་སྡེ་རྒྱན་ལ་བརྟེན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རིགས་ངེས་པ་ལ་གཉིས་ཏེ། དང་པོ་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་འཕགས་པ་ཞིག་ཡིན་ན་ནི། གོང་དུ་བཤད་ཟིན་པ་ལྟར། བསམ་གཏན་སོགས་ལས་མ་ཉམས་བཞིན་དུ་སྤྲུལ་པས་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་བྱེད་དོ། །འདོད་པའི་ཉོན་མོངས་ཙམ་ལ་དང་དེ་སྔོན་དུ་མ་སོང་བ་ཞིག་ཡིན་ན་ནི་འདོད་པའི་མ་རིག་པ་དང༌། ལྟ་བའི་བག་ལ་ཉལ་ནི་ཆེད་དུ་གཉེར་ནས་སྤོང་སྟེ། ཇི་སྐད་དུ། བག་ལ་ཉལ་ཀུན་འཇོམས་པ་དང༌། །ཞེས་གསུངས་པ་ལྟར་རོ། །ཁོང་ཁྲོ་བ་དང༌། ང་རྒྱལ་ཡང་དེ་བཞིན་ཏེ། དེའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་གཙོ་བོར་གྱུར་པའི་ཕྱིར། འདོད་པའི་འདོད་ཆགས་ལ་གཉིས་ཏེ། འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པས་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་འདོད་པའི་འདོད་ཆགས་དང༌། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་འདོད་པའི་འདུན་པའོ། །སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་དང་པོ་མེད་ཅིང༌། གོང་མའི་དངོས་གཞི་ཐོབ་པ་ལ། གཉིས་པ་སྤོང་དགོས་པ་མ་ཡིན་ཏེ། དེ་ཙམ་གྱིས་དེ་ལ་གེགས་བྱ་བར་མི་ནུས་པའི་ཕྱིར། གཉིས་པ་ནི། འོ་ན་ཆགས་བྲལ་སྔོན་དུ་མ་སོང་བའི་བྱང་སེམས་མཐོང་ལམ་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱེད་པ་ལ་ཉེར་བསྡོགས་ཇི་ལྟ་བུ་ཞིག་རྒྱུད་ལ་བརྟེན་པར་བྱ་དགོས་ཤེ་ན། སྤྱིར་ས་འོག་མའི་ཉོན་ཡིད་སྤོང་བ་ལ་ལམ་ཟག་མེད་དགོས་ཀྱང༌། བསམ་གཏན་གྱི་དངོས་གཞི་ཙམ་ལ་དེ་སྤང་བའི་གཉེན་པོ་སྐྱེད་མི་དགོས་ཤིང༌། བདེན་པ་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་ཡིད་ཤེས་འཁོར་གྱི་ཆགས་སོགས་ལ་ཡོད་པའི་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་སྒོམ་སྤངས་སུ་གྱུར་པ་རྣམས་ཀྱིས་སྐྱེ་བ་དང་མི་མཐུན་པར་བྱས་པའི་བརྟགས་མིན་གྱི་འགོག་པ་ཡང་ཐོབ་ཟིན་ཞིང༌། བསམ་གཏན་གྱི་དངོས་གཞི་ཙམ་མངོན་དུ་བྱེད་པ་ལ་དེ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་དགོས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བྱང་སེམས་མཐོང་ལམ་པས་བསམ་གཏན་གྱི་དངོས་གཞི་སྒྲུབ་པ་ལ་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་ཞི་རགས་སུ་ལྟ་བ་དང་བདེན་པའི་རྣམ་པ་ཅན་གང་ཡང་དགོས་པ་མེད་དོ། །འོ་ན་ཅི་ཞིག་དགོས་ཤེ་ན། ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་དག་པ་པ་ཙམ་ཞིག་ལ་བརྟེན་ནས་སོ། །དེའི་ཕྱིར་བསམ་གཏན་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་ནུས་སོ། །དེ་ལྟར་ཤེས་པ་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བ་ཡང་སྒོམ་སྤང་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། དེ་ཡང་སྲིད་པར་སྐྱེ་བ་ལེན་པའི་རྒྱུའི་དབང་དུ་བྱས་པ་ཡིན་ཞེས་ཁོང་དུ་ཆུད་པར་འགྱུར་རོ། །ཞི་རགས་ཀྱི་རྣམ་པ་ཅན་གྱིས། ས་འོག་མ་ལ་ཆགས་བྲལ་བྱེད་པ་དང༌། ས་འོག་མར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བ་དོན་གཅིག་ལ་འདུ་བ་ཡིན་ལ། དེའི་ཕྱིར་ཡང་བྱང་སེམས་ལ་དེ་མེད་དོ། །ཞེས་ཀྱང་ཤེས་དགོས་སོ། །དེ་ལྟར་ན་ཆགས་བྲལ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་སྤངས་པའི་ཁྱད་པར་ཚང་བ་མི་སྲིད་དེ། དེ་དག་གང་རུང་ཡིན་ན་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་དང་དགུ་པ་གང་རུང་སྤངས་དགོས་པའི་ཕྱིར། དེ་ལྟར་ཤེས་པ་ན་བྱང་སེམས་ལ་ཕྱིར་མི་འོང་མི་སྲིད་དེ། ཆགས་བྲལ་སྔོན་དུ་སོང་བ་ལ་ཡང་མི་སྲིད་མ་སོང་བ་ལ་ཡང་མི་སྲིད་པའི་ཕྱིར། དང་པོ་མི་སྲིད་དེ། དེ་སྤོང་བའི་བྱང་འཕགས་ཡིན་ན་བསམ་གཏན་ལས་མ་ཉམས་བཞིན་དུ་སྤྲུལ་པས་འདོད་པར་སྐྱེ་བ་ལེན་པས་ཁྱབ་པའི་ཕྱིར། ཇི་སྐད་དུ། རྒྱན་ལས། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །ཅེས་གསུངས་སོ། །གཉིས་པ་ལ་མི་སྲིད་དེ། དེ་ཡིན་ན་འདོད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པ་མ་སྤངས་པས་ཁྱབ་པའི་ཕྱིར། དེ་ལྟར་བཤད་པའི་ལུང་རིགས་ཀྱི་མཐུ་ལ་བརྟེན་ནས་འཕགས་པ་གྲོལ་སྡེ་བྱང་སེམས་འཕགས་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་སོགས་ཀྱི་རྣམ་གཞག་བཞེད་པའི་ཚུལ་ཡང་བདེ་བླག་ཏུ་གོ་ནུས་པ་ཡིན་ཏེ། འདི་ལྟར་འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་ཞིང༌། དགུ་པ་ལ་དེ་མ་སོང་བར་བཅུ་དྲུག་པ་ལ་གནས་པའི་བྱང་སེམས་དེས་འདོད་པའི་ཉོན་མོངས་མ་ལུས་པར་སྤངས་ཀྱང་ཕྱིར་མི་འོང་དུ་མ་བཞག་སྟེ། འདོད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་བའི་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་ཆུང་ངུ་མ་སྤངས་པའི་ཕྱིར། ཕྱིར་འོང་དུ་འཇོག་པའི་ཤེས་བྱེད་ནི། དེས་དེར་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་དྲུག་པ་སྤངས་པའི་ཕྱིར། དེ་འདྲའི་ཁྱད་པར་འོང་བའི་ཤེས་བྱེད་ཀྱང༌། ཐེག་ཆེན་གྱི་ངེས་འབྱེད་ཐོབ་ནས་རིགས་ངེས་པས། དེ་ཕྱིན་ཆད་ཉོན་མོངས་པ་གང་སྤོང་ཡང་སེམས་རྒྱུད་མ་ཞི་བར་བྱེད་པའི་ཆ་དེ་སྤོང་བ་ཡིན་གྱི། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་མི་སྤོང་ལ། ངེས་འབྱེད་ཀྱི་སྔ་རོལ་དུ་ནི་ཞི་རགས་སུ་ལྟ་བའི་ལམ་གྱིས་ས་འོག་མའི་སྲིད་པ་ལ་སྐྱོན་དུ་བལྟས་ཏེ་སྤངས་པའི་ཁྱད་པར་ལས་སོ། །དེ་ལྟ་ན་ཡང་སློབ་དཔོན་དེའི་བཞེད་པ་དང༌། གཞུང་འདིར་འབྱུང་བ་གཉིས་ཀྱི་ཁྱད་པར་ནི། ས་དང་པོ་ཐོབ་ཕྱིན་ཆད་ཀྱི་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པའི་མིང་ཅན་དེ་དག་ཉོན་མོངས་མཚན་ཉིད་པ་ཡིན་མིན་མ་མཐུན་པའོ། །དེ་ལྟ་ན་ཡང་ལུགས་འདིར་ཉོན་མོངས་པའི་བག་ལ་ཉལ་ཉོན་མོངས་སུ་བཞེད་པ་མ་ཡིན་ཏེ། དེ་ནི་ཀུན་གཞིའི་སྟེང་ཁོ་ནར་གནས་པའི་ཕྱིར། ཤེས་སྒྲིབ་ཏུ་བཞེད་པ་ཡང་མ་ཡིན་ཏེ། དགྲ་བཅོམ་པས་སྤངས་ཟིན་པར་བཞེད་པའི་ཕྱིར། དེ་ལྟ་ན་ཡང་གནས་གྱུར་གྱི་ཡེ་ཤེས་སྔོན་དུ་བྱས་པ་ལ་ནི་ཤེས་སྒྲིབ་ཀྱི་གནས་ངན་ལེན་སྤངས་པ་ཞིག་དགོས་སོ། །དེའི་ཕྱིར་འཕགས་གྲོལ་ནི་ཆགས་བྲལ་སྔོན་དུ་སོང་བའི་བྱང་སེམས་ཀྱི་ཕྱིར་མི་འོང་ནི་ཁམས་གོང་མའི་རྟེན་ལ་སངས་རྒྱ་བར་བཞེད་དོ། །དེ་ཡང་ཡུམ་གྱི་མདོའི་དངོས་བསྟན་དང་མཐུན་ཞིང༌། ཡང་ན་ནི་དེ་འདྲ་དེ་འདོད་པར་སྐྱེ་བའི་ཚེ་སྔར་སོ་སྐྱེའི་རྟེན་ལ་འདོད་པར་སྐྱེ་བ་ལེན་པའི་རྒྱུ་སྤངས་པ་དེ་སླར་མངོན་དུ་བྱས་པར་ཁས་ལེན་དགོས་སོ། །དེ་ལྟར་བཤད་པའི་ཚུལ་འདིས་དཔྱིས་མ་ཕྱིན་ན་གཞུང་ལུགས་འདི་ལྟ་ཞོག འཕགས་པ་གྲོལ་སྡེའི་བཞེད་པ་ཡང་ཤེས་པར་དཀའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་སོགས་མངོན་དུ་བྱེད་པ་འདི་ནི་སོ་སོ་སྐྱེ་བོའི་ལམ་གྱི་དབང་དུ་བྱས་སོ། །ཞེས་ཤེས་པར་བྱའོ། །ཀླན་ཀ་གཉིས་པ་ལམ་སླ་བ་དངོས་གཞི་ལ་བརྟེན་པར་དབང་བཞིན་དུ་ཞེས་སོགས་ཀྱི་རྩོད་པ་སྤང་བ་དེ་ཡང་ཕལ་ཆེར་བཤད་ཟིན་ལ། མདོར་བསྡུས་ན། ཆོས་མངོན་པའི་སྤྱི་སྐད་ལ་དེ་ལྟར་འཆད་པ་དེ་ནི་ལམ་ཟག་མེད་ཀྱི་རྟེན་དུ་དངོས་གཞི་ཡོད་བཞིན་དུ་ཉེར་བསྡོགས་ལ་མི་བརྟེན་པར་འཆད་པ་མ་ཡིན་གྱི་དངོས་གཞི་ལ་བརྟེན་པའི་ཟག་མེད་ཀྱི་ལམ་ཐོབ་ཕྱིན་ཆད་ཞི་རགས་སུ་ལྟ་བའི་ལམ་གྱིས་ངེས་པར་འབྱུང་བ་ཚོལ་མི་དགོས་པའི་དོན་ཡིན་ནོ། །ཡང་ཇི་སྐད་དུ། རབ་ཀྱི་མཐའི་ཆ་ལས་བྱུང་བ་བསམ་གཏན་དང་པོ་ནས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་གསུངས་པ་འདིས་ས་བརྒྱད་ཀ་ལ་རབ་མཐའ་རེ་རེ་ཡོད་པར་བཤད་པས་མངོན་པ་འོག་མ་དང་མི་མཐུན་ནོ། །དེ་ལྟར་བཤད་པས་ཅི་ཞིག་བྱ་ཞེ་ན། རབ་ཀྱི་མཐར་ཕྱིན་པ་དེ་དང་དེ་དག་ནི་རང་སའི་ཉོན་མོངས་ཀྱིས་ཉོན་མོངས་པར་བྱེད་མི་ནུས་པའི་ཕྱིར། ཉམས་པར་ཡང་མི་འགྱུར་ལ། ས་དེར་སྐྱེ་བ་ལེན་པའི་རྒྱུར་ཡང་མི་འགྱུར་རོ། །རབ་མཐའི་གོ་བ་ཅི་ཞེ་ན། ས་དེ་དང་དེའི་སྙོམས་འཇུག་ཆུང་ངུ་འབྲིང་ཆེན་པོའི་རིམ་གྱིས་གོམས་པ་མཐར་ཐུག་པ་ལ་བྱ་ལ། དེའི་དོན་ཡང་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་ལུགས་མཐུན་དང་ལུགས་མི་མཐུན་ལན་གསུམ་ཞུགས་པས། ཟག་བཅས་དང་ཟག་པ་མེད་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་སྐྱེ་བའི་དུས། དམིགས་པ། ངོ་བོའོ། །བཤད་པ་ལ་གཉིས་ཏེ། ལྷག་མཐོང་དང༌། ཞི་གནས་སོ། །དེ་ལ་གཉིས་ཏེ། དངོས་དང༌། སྲིད་རྩེ་མི་འཆད་པའི་རྒྱུ་མཚན་ནོ། །དེ་ལ་གཉིས་ཏེ། སྲིད་རྩེ་ལ་འདས་ལམ་མེད་པས་དང༌། དེ་ལ་རྩོད་པ་སྤང་བའོ། །དེ་ལ་གཉིས་ཏེ། དངོས་དང༌། ཞར་ལ་བྱུང་བའོ། །དེ་ལ་གཉིས་ཏེ། མ་ཐོབ་པ་ཐོབ་པ་དང༌། ཐོབ་པ་མངོན་དུ་བྱེད་པས་རྟེན་དང༌། དེ་གཟུགས་མེད་དུ་མངོན་དུ་མི་བྱེད་པའི་འཐད་པའོ། །འདི་དག་གི་སྐབས་སུ་སྒོམ་ལམ་ཟག་མེད་ལ་ཆོས་ཤེས་དང༌། རྗེས་ཤེས་ཀྱིས་ཁྱབ་པར་བཤད་ཅིང༌། དེ་རེ་རེ་ལ་བར་ཆད་མེད་ལམ་ལ་སོགས་པའི་དབྱེ་བས་བཞི་བཞིར་འགྱུར་རོ། །འགོག་པའི་སྙོམས་པར་འཇུག་པ་བསྡུ་བར་ཟག་མེད་དུ་བཤད། མཛོད་དུ་ཟག་བཅས་སུ་བཤད། འདིར་འཇིག་རྟེན་ལས་འདས་པར་བཤད་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ལ་དགོངས་ཤིང༌། འདི་དང་འགྲེལ་པ་དོན་གསལ་དུ་བྱང་འཕགས་ཀྱི་རྒྱུད་ཀྱི་སྙོམས་འཇུག་དགུ་ཀ་འདས་ལམ་དུ་བཤད་པ་གཉིས་མཐུན་ནོ། །དེ་ལྟ་ན་ཡང་འདི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དུ་ཁས་བླང་དུ་མི་རུང་སྟེ། ལྡན་མིན་འདུ་བྱེད་དུ་འཆད་པའི་ཕྱིར། འདིའི་གནས་སྐབས་ན་འདས་ལམ་ཡོད་པར་ནི་གོང་དུ་བཤད་ཟིན་པ་དེ་ཉིད་ཡིན་ནོ། །གཟུགས་ཁམས་ཀྱི་རྟེན་ལ་འགོག་སྙོམས་མངོན་དུ་བྱེད་པ་ཡོད་པའི་ཤེས་བྱེད་ནི། འགྲེལ་བ་ནས་འབྱུང་བ་ལྟར་ཁས་བླངས་ན་ལེགས་པ་ཡིན་ཏེ། གཞན་དུ་ན་མཛོད་ལས་བཤད་པ་ལྟར་ཕྱིར་མི་འོང་གཟུགས་མེད་ཀྱི་ཆགས་བྲལ་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་སྲིད་པར་ཁས་ལེན་དགོས་ལ། དེ་འདྲ་ལུགས་འདི་ལ་མེད་པའི་ཕྱིར། གལ་ཏེ་ཡོད་ན་གཟུགས་ཀྱི་ཆགས་བྲལ་ལས་ཉམས་ནས་འདོད་ཁམས་སུ་སྐྱེ་བའང་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས་ནི། དེ་གཉིས་མཚུངས་པར་ཐལ་བའི་ལན་དུ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་པ་དང༌། དེའི་ཤེས་བྱེད་དུ། བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་སྨྲ་བ་ཡིན་ལ། འདིར་ནི་དེ་ལྟ་བུའི་གྲུབ་མཐའ་མི་འཆད་པའི་ཕྱིར་དང༌། ལམ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་པ་འདི་པའི་གྲུབ་མཐའ་ཡིན་ན། དེ་འཕར་ཕྱེད་འཕར་གྱི་རྣམ་གཞག་ཁས་ལེན་པར་ཐལ་བ་དང༌། ཆགས་བྲལ་སྔོན་སོང་དང༌། དགྲ་བཅོམ་པའི་སྤངས་པ་འགའ་ཞིག་ལས་ཀྱང་ཉམས་པ་སྲིད་པར་འགྱུར་ལ། དེར་འཕགས་ལམ་ཟག་མེད་ཀྱི་སྤངས་པ་འཛིན་པར་འདོད་ན། འཕགས་པའི་སྤངས་པ་ཐམས་ཅད་ལ་མཚུངས་པ་དང༌། རྒྱུ་ལྔ་ཚང་བའི་འབྲས་བུའི་ཐ་སྙད་ནི་བྱེ་བྲག་ཏུ་སྨྲ་བས་སྒྲོ་བཏགས་པ་ཡིན་པའི་ཕྱིར་རོ། །འགོག་པའི་སྙོམས་འཇུག་འཇིག་རྟེན་ལས་འདས་པ་ཡིན་ན་སྲིད་རྩེ་ལ་བརྟེན་པར་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། འཇིག་རྟེན་ལས་འདས་པ་དང་ཟག་མེད་དུ་ཁས་བླངས་ཀྱང་དེའི་ཡེ་ཤེས་སུ་ཁས་མི་ལེན་པའི་ཕྱིར། འོ་ན་དེ་དེའི་སེམས་རྟེན་དུ་ཇི་ལྟར་རུང་ཞེ་ན། འདི་ལ་སེམས་རྟེན་གྱི་ཐ་སྙད་མེད་དེ། ཁོ་རང་ཤེས་པ་མ་ཡིན་པ་ལ་དེའི་ཐ་སྙད་མི་འབྱུང་བའི་ཕྱིར་དང༌། དེ་དེའི་འཇུག་སེམས་སུ་བཤད་ཀྱི། སྐྱེས་ཟིན་གནས་པའི་རྟེན་དུ་མ་བཤད་པའི་ཕྱིར་རོ། །མཛོད་དུ་ནི་སྲིད་རྩེའི་སས་བསྡུས་པར་བཤད་ལ། འདིར་ནི་དེར་མི་འཆད་དེ། འཇིག་རྟེན་ལས་འདས་པའི་ཕྱིར། ཡང་གཟུགས་མེད་ཁམས་སུ་འདི་མངོན་དུ་མི་འགྱུར་བའི་ཤེས་བྱེད་དུ། ཞི་བའི་རྣམ་པར་ཐར་པ་ཞེས་སོགས་གསུངས་པའི་དོན་གཞན་གྱིས་འཆད་པ་ལྟར་ན། སངས་རྒྱས་འཕགས་པ་དང་དབང་ཐོབ་པའི་བྱང་སེམས་ལ་འདི་མངོན་དུ་མི་འགྱུར་བར་ཁས་ལེན་དགོས་པར་འགྱུར་བས། གཞུང་གི་དོན་ལ་ཞིབ་ཏུ་བརྟགས་པར་བྱའོ། །དེའི་ཕྱིར་གཞན་དག་གིས་འདོན་པ་ལྟར་འདི་ལ་ཞུགས་པའི་དགོས་པ་ནི། ཚོར་འདུ་རགས་པས་སྐྱོ་བ་སྐྱེས་ནས་དེ་ཞི་བའི་དོན་དུ་འཇུག་ཅེས་བརྗོད་པར་མི་བྱ་སྟེ། ཁོ་བོ་ཅག་གིས་བརྟགས་པ་ལྟར་ན་ནི། མདོ་སྡེ་ས་བཅུ་པ་ནས་འབྱུང་བའི་འགོག་པའི་སྙོམས་འཇུག་དེ་དང༌། འདིར་བཤད་པ་གཉིས་ཀྱི་དགག་བྱ་དང༌། དེ་འགོག་བྱེད་ཀྱི་ལམ་དང༌། དེས་དེ་དགག་པའི་དགོས་པ་རྣམས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་དང༌། ས་བརྒྱད་པར་དེ་ལ་ཡུན་རིང་དུ་སྙོམས་པར་ཞུགས་ན་ཆད་པའི་མྱང་འདས་སུ་ལྟུང་སྲིད་པའི་ཉེས་དམིགས་ཡོད་པ་ལྟར། ཉོན་མོངས་སྤངས་པའི་གང་ཟག་གིས་འགོག་སྙོམས་འདི་ལ་སྙོམས་པར་ཞུགས་ན། དེ་མ་ཐག་ཏུ་ལྷག་མེད་དུ་འདའ་བར་བསྡུ་བ་ལས་གསུངས་པའི་ཕྱིར། དེས་ན་འགོག་སྙོམས་གཉིས་ཀྱི་ཁྱད་པར་ནི་ཡེ་ཤེས་ཀྱི་ཆ་ནས་འཛིན་པ་དང༌། དེའི་གནས་སྐབས་ཀྱི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆ་ནས་འཛིན་པ་ཙམ་མ་གཏོགས་ཁྱད་པར་རགས་པ་ཡོད་པར་མ་མངོན་ནོ། །གཉིས་པ་དེའི་གནས་སྐབས་ཀྱི་དབྱེ་བ་ལ་གཉིས་ཏེ། ལམ་གྱི་རིམ་པས་བསྟན་པ་དང༌། སྤང་བྱ་སྤོང་བའི་རིམ་པས་བསྟན་པའོ། །དེ་ལ་གཉིས་ཏེ། སྤང་བྱའི་རིམ་པས་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་དང༌། དེ་ཉིད་ལ་རྣམ་པའི་སྒོ་ནས་དགུར་ཕྱེ་བའོ། །དེ་ལ་བཞི་སྟེ། སྦྱོར་བའི་ལམ་དང༌། བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་མོ། །དེ་ལ་གསུམ་སྟེ། སྤངས་པ་ཁྱད་པར་དུ་བྱེད་པའི་ཁྱད་པར་གྱི་ལམ་དང༌། སྦྱོར་བ་ཁྱད་པར་ཅན་ལ་འཇུག་པའི་ཁྱད་པར་གྱི་ལམ་དང༌། ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱེད་པའི་ཁྱད་པར་གྱི་ལམ་མོ། །ཞར་བྱུང་ལ་གཉིས་ཏེ། ལམ་སྒོམ་པ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་དང༌། ས་གོང་མའི་ལམ་སྒོམ་པ་ན་འོག་མའི་དགེ་བ་སྒོམ་པར་འགྱུར་བ་རྒྱུ་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། ལམ་སྒོམ་པ་བཞི་བསྟན་པ་དང༌། ལམ་སྒོམ་པ་བཅུ་གཅིག་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། གཉེན་པོ་སྒོམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡང་དག་སྤོང་བ་བཞི་དང་སྦྱར་ཏེ་བཤད་པ་དང༌། འཕགས་ལམ་སྤྱིའི་དབང་དུ་བྱས་ཏེ་བཤད་པའོ། །ལམ་སྒོམ་པ་བཅུ་གཅིག་ཏུ་བསྟན་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་བཤད་བྱ་དང༌། འཆད་བྱེད་དོ། །འཆད་བྱེད་ལ་ལས་ཀྱི་རྣམ་པ་དང༌། རྟེན་དང༌། དག་པའི་རྒྱུ་དང༌། ངོ་བོ་དང༌། ས་མཚམས་ཀྱི་དབང་དུ་བྱས་པའོ། །བཤད་པ་ལ་ལྔ་སྟེ། བྱང་ཕྱོགས་སོ་བདུན་དང༌། གནས་དང་དབང་པོ་ཐ་དད་པའི་ལམ་བཞི་དང༌། བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ་ཆོས་ཀྱི་གནས་བཞི་དང༌། ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པའི་ལམ་ཞི་གནས་དང༌། ལྷག་མཐོང་དང༌། ལམ་ཐམས་ཅད་བསྡུད་པའི་ལམ་དབང་པོ་གསུམ་བཤད་པའོ། །དང་པོ་ལ་གཉིས་ཏེ། དངོས་པོ་ལྔས་བསྟན་པ་དང༌། སྡེ་ཚན་བདུན་གྱིས་བཤད་པའོ། །དང་པོ་ལ་དྲན་པ་ཉེར་གཞག་དོན་ལྔས་བསྟན་པ་དང༌། ལྷག་མ་དེ་དང་འདྲ་བར་བསྟན་པའོ། །གཉིས་པ་སྡེ་ཚན་བདུན་གྱིས་བཤད་པ་ལ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དྲན་པ་ཉེ་བར་བཞག་པ་བཞིའི་སྒོ་ནས་བཤད་པ་ནས། རྣམ་དག་ངེས་འབྱིན་འཕགས་ལམ་ཡན་ལག་གིས་བཤད་པའི་བར་བདུན་ནོ། །དང་པོ་ལ་ལྔ་སྟེ། དམིགས་པ་དངོས་དང༌། བཞིར་བཞག་པའི་རྒྱུ་མཚན་གཉིས་ཀྱི་སྒོ་ནས་དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། སྒོམ་པ་དང༌། མཐོང་བའི་ཕན་ཡོན་དང༌། མ་མཐོང་བའི་ཕན་ཡོན་གཉིས་ཀྱི་སྒོ་ནས་བསྒོམས་པའི་འབྲས་བུའོ། །སྒོམ་པ་ལ་གཉིས་ཏེ། དམིགས་པ་གང་གང་ལ་རྣམ་པ་ཇི་ལྟར་སྒོམ་པ་དང༌། ཡན་ལག་གང་གི་སྒོ་ནས་སྒོམ་པའོ། །དང་པོ་ལ་གཉིས་ཏེ། ལུས་དྲན་པ་ཉེར་གཞག་སྒོམ་པ་དང༌། ལྷག་མ་གསུམ་སྒོམ་པའོ། །དང་པོ་ལ་གཉིས་ཏེ། དམིགས་པ་ལུས་གསུམ་དང༌། དེ་ལ་རྣམ་པ་ཇི་ལྟར་སྒོམ་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །ལྷག་མ་གསུམ་སྒོམ་པ་ལ་གཉིས་ཏེ། དམིགས་པ་གང་ལ་སྒོམ་པ་དང༌། རྣམ་པ་གང་གིས་སྒོམ་པའོ། །དང་པོ་ལ་གཉིས་ཏེ། དམིགས་པ་ཚོར་བ་གསུམ་བཤད་པ་དང༌། སེམས་དང་ཆོས་དེ་དང་འདྲ་བར་བསྟན་པའོ། །ཡན་ལག་གང་གིས་སྒོམ་པ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དེ་ལ་གསུམ་སྟེ། མ་སྐྱེས་བསྐྱེད་པའི་སྦྱོར་བ་གཉིས། སྐྱེས་པ་མི་ཉམས་པའི་སྦྱོར་བ་གཉིས། གོང་ནས་གོང་དུ་འཕེལ་བའི་སྦྱོར་བ་བཞིའོ། །རྩོལ་བ་ལས་བྱུང་བའི་ལམ་ལ་ལྔ་སྟེ། ཆེད་དུ་བྱ་བའི་དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། སྒོམ་པ་དང༌། སྒོམ་པའི་འབྲས་བུའོ། །སྒོམ་པ་ལ་གསུམ་སྟེ། མདོའི་ཚིག་དགོད་པ་དང༌། དེའི་ངག་དོན་དང༌། མདོ་ཚིག་དང་ངག་དོན་སྦྱར་བའོ། །དེ་ལ་བཞི་སྟེ། གནས་བཤད་པ་དང༌། བརྩོན་འགྲུས་བཤད་པ་དང༌། དེ་ཉིད་སྒྲུབ་པ་དང༌། སྐྱོན་བྱུང་ན་གཉེན་པོ་སྒོམ་པར་བཤད་པའོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་ལྔ་སྟེ། ཆེད་དུ་བྱ་བའི་དམིགས་པ་དང༌། ངོ་བོ་དང༌། གྲོགས་དང༌། སྒོམ་པ་དང༌། སྒོམ་པའི་འབྲས་བུའོ། །གྲོགས་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །བཤད་པ་ལ། སྦྱོར་བའི་ཁྱད་པར་གྱི་སྒོ་ནས་བཤད་པ་དང༌། རྒྱུའི་ཁྱད་པར་གྱི་སྒོ་ནས་བཤད་པའོ། །སྒོམ་པ་ལ་གཉིས་ཏེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་དང༌། ཕྱི་ནང་གི་ཏིང་ངེ་འཛིན་ཉམས་པ་བཞིའི་གཉེན་པོར་སྤོང་བའི་འདུ་བྱེད་གསུམ་སྒོམ་པའོ། །དང་པོ་ལ་གཉིས་ཏེ། གཉེན་པོའི་ཡན་ལག་གི་སྒོ་ནས་བརྒྱད་དུ་ཕྱེ་བ་དང༌། བྱེད་ལས་ཀྱི་སྒོ་ནས་བཞིར་བསྡུ་བའོ། །དང་པོ་ལ། སྒོམ་པའི་ཡན་ལག་གཉིས། ཁྱད་པར་རྟོགས་པའི་ཡན་ལག་གཉིས། ཉོན་མོངས་པ་བསྲུང་བའི་ཡན་ལག་གཉིས། ཉོན་མོངས་པས་རྣམ་པར་དག་པ་ཕྱིར་བསྡུད་པའི་ཡན་ལག་གཉིས་ཏེ་བཞིའོ། །མངོན་པར་རྟོགས་པར་སྦྱོར་བའི་ལམ་ལ་ལྔ་སྟེ། དམིགས་པ་སོགས་སོ། །སྒོམ་པ་ལ་གཉིས་ཏེ། བསམ་སྦྱོར་གཉིས་ཀྱིས་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། བསླབ་པ་གསུམ་གྱིས་ཐོབ་པ་གོམས་པར་བྱེད་པའོ། །མངོན་པར་རྟོགས་པའི་ལམ་ལ་ལྔ་སྟེ། དམིགས་པ་སོགས་སོ། །ངོ་བོ་ལ་གཉིས་ཏེ། དངོས་དང༌། ཕྱི་མ་གསུམ་གཅིག་ཏུ་བཞག་པའི་རྒྱུའོ། །དང་པོ་ལ་གསུམ་སྟེ། ཞི་ལྷག་གཉིས་ཀའི་ཕྱོགས་གཅིག་དང༌། ལྷག་མཐོང་གི་ཕྱོགས་གསུམ་དང༌། ཞི་གནས་ཀྱི་ཕྱོགས་གསུམ་མོ། །རྣམ་དག་ངེས་འབྱིན་གྱི་ལམ་ལ་ལྔ་སྟེ། དམིགས་པ་སོགས་སོ། །ངོ་བོ་ལ་གཉིས་ཏེ། དངོས་དང༌། བརྒྱུད་དུ་བཞག་པའི་རྒྱུའོ། །དང་པོ་ལ་གསུམ་སྟེ། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་ཤེས་རབ་ཀྱི་བསླབ་པའི་དབང་དུ་བྱས་པ་དང༌། གནས་སྐབས་ཅན་གཉིས་དང་གནས་སྐབས་གཅིག་སྟེ་གསུམ་གྱི་སྒོ་ནས་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པ་དང༌། རྒྱུ་དང་ངོ་བོ་གཉིས་ཀྱིས་སེམས་ཀྱི་བསླབ་པའི་དབང་དུ་བྱས་པའོ། །ཡོན་ཏན་ཐམས་ཅད་སྒྲུབ་པར་བྱེད་པའི་ལམ་ལ་གསུམ་སྟེ། སོ་སོའི་ངོ་བོ་དང༌། དེ་གཉིས་ཟུང་དུ་འབྲེལ་པའི་ལམ་དང༌། དེ་གཉིས་ཐོབ་པའི་ཁྱད་པར་གྱི་ལམ་གཞིར་འགྱུར་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཞི་གནས་སེམས་གནས་པ་དགུའི་སྒོ་ནས་བཤད་པ་དང༌། ལྷག་མཐོང་རབ་ཏུ་རྣམ་པར་འབྱེད་པ་བཞིའི་སྒོ་ནས་བཤད་པའོ། །དེ་ལ་ཡུལ་གྱིས་ཕྱེ་བ་གཉིས་ཡུལ་ཅན་གྱིས་ཕྱེ་བ་གཉིས་སོ། །ཟུང་དུ་འབྲེལ་བའི་བྱེད་ལས་ལ་སྤང་བྱ་སྤོང་བའི་བྱེད་ལས་དང༌། གཉེན་པོ་ལ་སེམས་འཇོག་པའི་བྱེད་ལས་སོ། །འདིར་སེམས་གནས་པ་དགུ་པོ་གསུམ་དུ་བསྡུད་དེ། མི་མཐུན་ཕྱོགས་མེད་པའི་སྒོམ་པ་གཉིས། མི་མཐུན་ཕྱོགས་སྤོང་བའི་སྒོམ་པ་ལྔ། མི་མཐུན་ཕྱོགས་སྤངས་པའི་སྒོམ་པ་གཉིས་སོ། །དང་པོ་ལ་དངོས་དང༌། བརྒྱུད་ནས་མེད་པ་གཉིས་སོ། །མི་མཐུན་ཕྱོགས་སྤོང་བའི་སྒོམ་པ་ལྔ་པོ་གཉིས་སུ་འདུ་སྟེ། ཡུལ་གྱི་མི་མཐུན་ཕྱོགས་སྤོང་བའི་སྒོམ་པ་གསུམ། ཡུལ་ཅན་གྱི་མི་མཐུན་ཕྱོགས་སྤོང་བའི་སྒོམ་པ་གཉིས་སོ། །དང་པོ་ལ། འཕྲོས་པ་ཕྱིར་འགུགས་པ་དང༌། འཕྲོར་མི་འཇུག་པ་གཉིས། དེ་ལའང་ཡུལ་སྤྱི་ལ་འཕྲོར་མི་འཇུག་པ་དང༌། བྱེ་བྲག་ལ་འཕྲོར་མི་འཇུག་པའོ། །ཡུལ་ཅན་གྱི་མི་མཐུན་ཕྱོགས་སྤོང་བ་ལ་མི་འབྱུང་བར་བྱེད་པ་དང༌། བྱུང་བ་སེལ་བ་གཉིས་སོ། །ཞི་གནས་རྣམ་པ་དགུའི་ངོས་འཛིན་ནི། རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །ཞེས་པ་ནས། ཡིད་ལ་བྱེད་དང་བཅས་ཤེས་བྱ། །ཞེས་པའི་བར་གྱིས་བསྟན་ལ། ཞི་གནས་ཐམས་ཅད་འདིར་འདུས་པ་ནི་མ་ཡིན་ཏེ། དངོས་གཞི་རྣམས་མ་བསྡུས་པའི་ཕྱིར། དེ་ལྟར་ན་དགུ་པོ་འདིས་ཉེར་བསྡོགས་བརྒྱད་པོ་ཐམས་ཅད་ཀྱི་ཞི་གནས་ཀྱི་ཆ་ཤས་ཇི་སྙེད་པ་ཐམས་ཅད་བསྡུས་པ་ཡིན་ཏེ། དེ་ཉིད་ལས། དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་སོང་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་གསུངས་སོ། །ཞི་གནས་དགུ་པོ་འདི་དག་མེད་ན། གཞུང་འདིར་འབྱུང་བའི་ཡིད་བྱེད་བདུན་པོ་ཙམ་གྱིས་དངོས་གཞི་ལ་འཇུག་པར་མི་ནུས་སོ། །ལམ་བཞིར་འབྱུང་ཚུལ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལའང་བཞི་སྟེ། ལྷག་མཐོང་མ་ཐོབ་པར་མཐོང་ལམ་བསྒྲུབས་པ་ལས་བརྩམས་པ་དང༌། ཞི་གནས་མ་ཐོབ་པར་སྒོམ་ལམ་བསྒྲུབས་པ་ལས་བརྩམས་པ་དང༌། གཉིས་ཀ་མ་ཐོབ་པར་དེ་གཉིས་ཀ་བསྒྲུབས་པ་ལས་བརྩམས་པ་དང༌། གཉིས་ཀྱིས་ཐོབ་པའི་སྒོམ་ལམ་བསྒྲུབས་པ་ལས་བརྩམས་པ་བཞི་བཤད་པའོ། །འདིར་ལྷག་མཐོང་ཐོབ་ལ་ཞི་གནས་མ་ཐོབ་པ་ནི་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་མཐོང་ལམ་ལྟ་བུ་ལ་འཆད་དགོས་ཏེ། གཞན་དུ་ན་དེ་ཐོབ་ན་ཅིག་ཤོས་མ་ཐོབ་པར་འགལ་བའི་ཕྱིར་ཏེ། ལྷག་མཐོང་ཐོབ་ན་ཤིན་ཏུ་སྦྱངས་པ་ཐོབ་དགོས། དེ་ཐོབ་ན་ཞི་གནས་ཐོབ་དགོས་པའི་ཕྱིར། ཞེས་སློབ་དཔོན་རྣམས་གསུང་ཡང༌། འདིར་བརྟགས་པ་ནི་ཤེས་རབ་རྐྱང་པས་རྣམ་གྲོལ་བ་ལ་བྱ་སྟེ། དེས་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་མ་ཐོབ་པའི་ཕྱིར། ཡང་ཞི་གནས་ཐོབ་ལ། ལྷག་མཐོང་མ་ཐོབ་པ་ནི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་ཐོབ་ལ་ཉོན་སྒྲིབ་ཀྱི་གཉེན་པོ་མ་ཐོབ་པ་སྟེ། ཕྱིར་མི་འོང་ལུས་མངོན་བྱེད་ལྟ་བུའོ། །གཉིས་ཀ་ཐོབ་པ་ནི་གཉིས་ཀའི་ཆ་ལ་རྣམ་པར་གྲོལ་བའོ། །མཐར་ཕྱིན་པའི་ལམ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་གཉིས་ཏེ། མཐར་ཕྱིན་པའི་ལམ་གྱི་མིང་དོན་བསྟན་པ་དང༌། མི་སློབ་པའི་མིང་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་སྤངས་པས་མཐར་ཕྱིན་པའི་དོན་དང༌། ཡེ་ཤེས་མཐར་ཕྱིན་པའི་དོན་ནོ། །སྐབས་འདིར། དམན་པའི་ལྷག་མེད་ཀྱི་མྱང་འདས་སུ་གནས་གྱུར་མ་ལུས་པ་ཐོབ་པར་གསུངས་པ་ཡང༌། སྤྱིར་ཉོན་སྒྲིབ་ཀྱི་དབང་དུ་བྱས་པ་དང༌། དེ་ཡང་དེའི་ས་བོན་གྱི་དབང་དུ་བྱས་པ་ཡིན་གྱི། སྤྱིར་སྒྲིབ་པ་མ་ལུས་པའི་དབང་དུ་བྱས་པ་དང༌། བྱེ་བྲག་མ་རིག་པའི་བག་ལ་ཉལ་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེར་དེ་དག་མ་སྤངས་པའི་ཕྱིར་རོ། །གཞན་དག་དེར་ཀུན་གཞི་དང་ཉོན་ཡིད་ཀྱི་གནས་གྱུར་མཚན་ཉིད་པ་ཡོད་པར་འདོད་པ་ཡང་མི་འཐད་དེ། དེ་ཐོབ་ན་མེ་ལོང་ལྟ་བུའི་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་ཐོབ་དགོས་པའི་ཕྱིར། ཐ་ནའང་ཉོན་ཡིད་གནས་གྱུར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་དགོས་པར་བཤད་པའི་ཕྱིར། དེས་ན་འདིར་ཉོན་སྒྲིབ་ཀྱི་ས་བོན་སྤངས་པ་ལ་གནས་གྱུར་གྱི་མིང་གིས་བཏགས་པ་ཡིན་ཏེ། གནས་ཞེས་པ་ས་བོན་དང་བག་ལ་ཉལ་གཉིས་ཀ་ལ་འཇོག་པའི་ཕྱིར། འོ་ན་ལྷག་མེད་ཀྱི་དབྱིངས་ན་སྒྲིབ་པ་གཉིས་ཀྱི་བག་ལ་ཉལ་ཇི་ལྟར་ཡོད་ཅེ་ན། འཕགས་པ་ཐོགས་མེད་ཀྱིས། རྒྱུད་བླའི་འགྲེལ་པར་བཤད་པ་ལྟར་ན། མ་རིག་པའི་བག་ཆགས་དེ་ཀུན་གཞིའི་ཡེ་ཤེས་དང་ལྷན་ཅིག་ཏུ་གནས་པ་ཡིན་ཏེ། ལྷག་མེད་དུ་འདས་པའི་ཉན་རང་དེའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་དག་པའི་ཞིང་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་བཤད་པའི་ཕྱིར། དེ་ལྟ་ན་ཡང་ལུགས་འདིར་ནི་དེའི་བཤད་པ་མ་མཛད་པར། བསྡུ་བ་ལས། ལྷག་བཅས་ཀྱི་མྱང་འདས་ལ་ཉོན་མོངས་པའི་བག་ཆགས་ཡོད་པ་དང༌། ལྷག་མེད་ན་དེའི་བག་ཆགས་མེད་པར་བཤད་ནས། འོ་ན་དེ་བཞིན་གཤེགས་པ་དང་ཁྱད་པར་མེད་པར་ཐལ་ལོ་ཞེས་པའི་རྩོད་ལན་དུ། དགྲ་བཅོམ་པ་ནི་དབྱིངས་དེ་ལས་ལྡང་བའི་བསམ་པ་མེད་པས་དེ་ལས་ལྡང་བ་མི་སྲིད་ལ། དེ་བཞིན་གཤེགས་པ་ནི་སྨོན་ལམ་དང་འཕེན་པའི་དབང་གིས་དབྱིངས་དེ་ལས་ལྡང་བའི་ཕྱིར་ཞེས་བཤད་དོ། །དེ་ལྟ་བས་ན་དབྱིངས་དེ་ན་སྒྲིབ་པ་མེད་པར་གསུངས་པ་ཡང་ཉོན་སྒྲིབ་ཀྱི་དབང་དུ་བྱས་པར་འཆད་དགོས་ཏེ། དབྱིངས་དེ་ན་རིག་པ་རྒྱུན་ཆད་པ་རྣམ་ཤེས་ཚོགས་བརྒྱད་ལ་དགོངས་དགོས་པ་བཞིན་ནོ། །དེ་ལས་གཞན་དུ། སྒྲིབ་པ་མ་ལུས་པ་སྤངས་པར་ཡང་ཁས་ལེན་དགོས་པར་འགྱུར་ཏེ། གཞུང་འདིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཏུ་གནས་མ་ལུས་པ་གྱུར་པར་བཤད་པ་དང༌། བསྡུ་བར། ལྷག་བཅས་ཀྱི་ཚེ་གནས་མ་གྱུར་པར་བཤད་པ་གཉིས་འགལ་བ་དང༌། འདི་དང་བསྡུ་བ་གཉིས་ཀ་ལས་ལྷག་མེད་དུ་སྒྲིབ་པ་མ་ལུས་པ་གནས་གྱུར་པར་བཤད་པས། སྒྲིབ་པ་མ་ལུས་པ་སྤངས་པར་ཧ་ཅང་ཐལ་ལོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཐར་ཕྱིན་པའི་ལམ་གྱི་མིང་དོན་གྱིས་བཤད་པ་དང༌། མི་སློབ་པའི་ཆོས་ཀྱི་དོན་གྱིས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤངས་པ་མཐར་ཕྱིན་པའི་དོན་གྱིས་བཤད་པ་དང༌། ཡེ་ཤེས་མཐར་ཕྱིན་པའི་དོན་གྱིས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤང་བྱ་སྤངས་པའི་དོན་བཤད་པ་དང༌། འགོག་པ་ཐོབ་པའི་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། གནས་ངན་ལེན་ཐམས་ཅད་བཤད་པ་དང༌། ཕྲད་པའི་ཐོབ་པ་རྣམས་བཤད་པའོ། །དང་པོ་ལ་གཉིས་ཏེ། གནས་སྐབས་ཅན་དང༌། དེའི་གནས་སྐབས་སོ། །དང་པོ་ལ་དྲུག་སྟེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུ་རྐྱེན་གྱི་དབང་དུ་བྱས་པ་གཅིག ཉོན་མོངས་པའི་གནས་ཀྱི་དབང་དུ་བྱས་པ་གཅིག ཀུན་ནས་ཉོན་མོངས་པ་གསུམ་གྱི་དབང་དུ་བྱས་པ་གསུམ། སྒྲིབ་པ་གསུམ་གྱི་དབང་དུ་བྱས་པ་གསུམ། དགེ་བ་ལ་སྦྱོར་བ་ན་སེམས་ལས་སུ་མི་རུང་བའི་དབང་དུ་བྱས་པ་གཉིས། ལུས་ལས་སུ་མི་རུང་བའི་དབང་དུ་བྱས་པ་བདུན་རྣམས་སོ། །གཉིས་པ་གནས་སྐབས་ལ་རྟེན་གྱི་གང་ཟག་གི་སྒོ་ནས་ཕྱེ་བ་བཞི། ཐོབ་བྱ་གང་ལ་སྒྲིབ་པའི་སྒོ་ནས་ཕྱེ་བ་གསུམ་རྣམས་སོ། །ཡེ་ཤེས་མཐར་ཕྱིན་པ་ལ་གསུམ་སྟེ། རྒྱུའི་ཡེ་ཤེས་བཤད་པ། འབྲས་བུ་ཐོབ་པའི་དུས་བཤད་པ། འབྲས་བུའི་ཡེ་ཤེས་ཀྱི་ངོ་བོ་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། སྦྱོར་བའི་ལམ་གྱིས་བསྡུས་པ་དང༌། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །དེ་ལ་གསུམ་སྟེ། རང་གི་ངོ་བོ་དང༌། ཆོས་ཀྱི་ཁྱད་པར་དང༌། དེ་ཉིད་ལུང་གིས་སྒྲུབ་པའོ། །ཡེ་ཤེས་ཀྱི་ངོ་བོ་ལ་གཉིས་ཏེ། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པའོ། །དེ་རེ་རེ་ལ་རྗེས་ཐོབ་ཀྱིས་བསྡུས་པ་དང༌། མཉམ་གཞག་མི་རྟོག་པས་བསྡུས་པ་གཉིས་གཉིས། སྤྱིའི་མཚན་ཉིད་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་དོན་བཤད་པའོ། །བཞི་བསྒོམ་པའི་རྣམ་པ་གཉིས་དང༌། ཁྱད་པར་བསྟན་པ་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་ལ། རྣམ་པ་བཅུ་དྲུག་ལ་གཉིས་སུ་དབྱེ་བ་དང༌། དབྱེ་བ་དེའི་ཁྱད་པར་དྲི་བའོ། །ལན་ལ་དངོས་དང༌། རྩོད་པ་སྤངས་པ་གཉིས་སོ། །གཞུང་འདི་ལ་བརྟེན་ནས་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཉིད་ལ་སྒྲ་དོན་འཛིན་པའི་རྟོག་པར་འདོད་པ་ནི་མི་རིགས་ཏེ། དེ་ལྟ་ན་རྣམ་གཡེང་གི་རྣམ་པར་རྟོག་པར་ཐལ་བ་དང༌། འདོད་ན་ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བར་འགྱུར་རོ། །སྔ་མ་ལ་ཁྱབ་པ་ཡོད་པའི་ཤེས་བྱེད་ནི། དངོས་པོ་མེད་པའི་རྣམ་པར་རྟོག་པ་ཞེས་བྱ་བ་བདག་མེད་པར་ཞེན་པའི་རྟོག་པ་ལ་འཆད་པའི་ཕྱིར། གལ་ཏེ་འོ་ན་དེ་ཆོས་ཅན། ཆོས་ཉིད་ལ་མངོན་སུམ་དུ་ཐལ། དེ་ལ་རྟོག་པ་དང་བྲལ་ཞིང་དེ་ལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་རོ། །འཁྲུལ་ན་ལོག་ཤེས་སུ་འགྱུར་ཏེ། རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །འདོད་ན་ཆོས་ཉིད་དམ། བདག་མེད་མ་རྟོགས་པར་ཐལ་ལོ་སྙམ་ན། འོ་ན་ཁྱོད་ལ་ཡང་རྟོག་པ་ལོག་ཤེས་སུ་ཐལ་བར་འགྱུར་ཏེ། རྟོག་པ་འཁྲུལ་ཤེས་གང་ཞིག ཚད་མ་དང་དེས་དྲངས་པའི་བཅད་ཤེས་གང་རུང་མ་ཡིན་པའི་ཕྱིར། གལ་ཏེ་ཆོས་ཉིད་ལ་བཅད་ཤེས་ཡིན་ན་ཆོས་ཉིད་ལ་མ་རྟོགས་པའི་བློར་ཐལ་ལོ། །གལ་ཏེ་འོ་ན་དེ་ཆོས་ཉིད་ལ་ཚད་མ་དང་ཚད་མིན་གཉིས་ལས་གང་ཡིན། དང་པོ་ལྟར་ན་མངོན་རྗེས་གཉིས་ལས་མ་འདས་ལ། གཉིས་པ་ལྟར་ན་ཆོས་ཉིད་མ་རྟོགས་པར་འགྱུར་རོ། །གཉིས་ཀ་ལྟར་ན་དེ་ལས་མ་གཏོགས་བློ་རིག་ལོགས་པ་མེད་དོ་ཞེ་ན། འོ་ན་ཁྱོད་ཀྱི་ལྟར་ན་དེས་ཆོས་ཉིད་རང་མཚན་རྟོགས་པའམ། དེའི་དོན་སྤྱི་རྟོགས་པ་ཡིན། དང་པོ་ལྟར་ན། རྟོག་པ་མ་ཡིན་པར་འགྱུར་ཏེ། རང་མཚན་རྟོགས་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ལ་ཚད་མའམ། ཚད་མིན་གྱི་བློ་གང་ཡིན། དང་པོ་ལྟར་ན་རྗེས་དཔག་ཏུ་ཐལ། སྤྱི་མཚན་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཆོས་ཉིད་ལ་མ་རྟོགས་པའི་བློར་ཐལ་ལོ། །གལ་ཏེ་བཅད་ཤེས་ཀྱིས་རང་གི་གཞལ་བྱ་རྟོགས་པར་ཁས་ལེན་ནོ་ཞེ་ན། ཁོ་བོ་ཅག་དེར་མི་འདོད་དེ། རིགས་པའི་གཞུང་ལས། བཅད་ཤེས་རིགས་པས་མཐའ་བཅད་ན། །མ་རྟོགས་པ་དང་ལོག་རྟོག་དང༌། །ཡང་ན་ཚད་མ་ཉིད་འགྱུར་གྱི། །དེ་ལས་གཞན་པའི་བློ་མི་སྲིད། །ཅེས་འཆད་པས་སོ། །དེ་ལ་བློ་རིག་གཉིས་པོ་གང་ཡང་མ་ཡིན་ན་དེ་རྟོགས་པར་འགལ་ལོ་སྙམ་ན། མི་འགལ་ཏེ། སྒྲ་མི་རྟག་རྟོགས་ཀྱི་ཚད་མས་སྒྲ་མི་རྟག་པའི་དོན་སྤྱི་བཞིན་ནོ། །དེས་དེ་མ་རྟོགས་པར་ཁས་ལེན་ན་ནི་དེ་རྗེས་དཔག་མ་ཡིན་པར་འགྱུར་ཏེ། དེས་རྟོགས་པའི་གཞལ་བྱ་སྤྱི་མཚན་མ་གྲུབ་ཕྱིར་རོ། །དེ་དེ་ལ་ཚད་མར་འདོད་ན་ནི། དེ་དེ་ལ་མི་སླུ་བར་འགྱུར་ལ། དེ་ལྟ་ན་ཅིག་ཤོས་དེའི་འཇུག་ཡུལ་དུ་ཐལ་བས་རང་མཚན་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་བོད་སྔ་མ་རྣམས་ཀྱིས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཉིད་ལ་བློ་རིག་བདུན་ནམ་ལྔ་པོ་གང་ཡིན་དཔྱད་ནས། གང་རུང་གཅིག་ཏུ་ཁས་ལེན་དགོས་པར་འཆད་པ་ནི་མ་མཁྱེན་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དེ་གཉིས་སྟོང་མེད་དགག་གི་ཆ་ལ་བློ་རིས་བདུན་པོ་གང་དུ་ཡང་མི་འདུ་བ་བཞིན་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་མཁྱེན་ཚུལ་བཞིན་ནོ། །མདོ་སྡེའི་རྒྱན་ལས་ཀྱང༌། རྟོག་མིན་མི་རྟོག་མ་ཡིན་པ། །ཞེས་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཡང་དག་མིན་རྟོག་དང༌། རྟོག་མེད་ཀྱི་ཡེ་ཤེས་གཉིས་ཀ་མ་ཡིན་པར་བཤད་དོ། །འདིར་སྨྲས་པ། ཀུན་གཞིའི་ཆོས་གཉིས་བདེན་པར་ཁས་བླངས་ན། །ཀུན་འབྱུང་སྡུག་བསྔལ་གང་གིས་སྤོང་བ་དང༌། །ཀུན་ནས་སྤངས་པའི་འགོག་པ་ཇི་ལྟར་འབྱུང༌། །ཀུན་བཏུས་ཆོས་ཚུལ་གཉིས་པ་དྲང་པོར་སློབས། །བདེན་བཞིའི་ཆོས་ཚུལ་གཞན་དུ་མ་གྲགས་པ། །བདེན་པར་གསུང་པ་ཐོགས་མེད་ཞབས་ཀྱི་གཞུང༌། །བདེན་རྫུན་འདྲེས་པའི་བཤད་སྲོལ་མ་བལྟས་པར། །བདེན་གཏམ་དྲང་པོར་སྨྲས་པ་འདི་ལོངས་ཤིག །ཅེས་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་ལས། བདེན་པ་རྣམ་པར་ངེས་པ་སྟེ་ལེའུ་གཉིས་པ་རྣམ་པར་བཤད་པའོ།།  །།རྒྱ་ཆེན་མངོན་པར་གསུངས་པའི་ཟབ་རྒྱས་ཀུན། །སྡེ་སྣོད་གསུམ་གྱི་དྲང་ངེས་ལ་བརྟེན་ནས། །ཚུལ་བཞིན་ཡིད་ལ་བྱེད་པའི་རིམ་པ་ཡང༌། །ལེགས་པར་འདོམས་མཛད་དེ་ལ་ཕྱག་འཚལ་ལོ། །མདོ་སྡེའི་ཆོས་དང་འདུལ་བའི་ཆོས་ལུགས་ཀུན། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་འདིར་བླངས་ནས། །ངེས་དོན་མཐར་ཐུག་རྣམ་པར་རིག་པ་ཙམ། །གསུང་རབ་ཀུན་གྱི་སྙིང་པོར་འདིས་བཤད་བྱ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་གཏན་ལ་འབེབས་བྱེད་ཆོས་རྣམ་ངེས་བཤད་པ་ལ་གསུམ་སྟེ། སྐབས་ཀྱི་དོན་གསུང་རབ་ཀྱི་ཆོས་དངོས་དང༌། དེ་ལ་དམིགས་པའི་ཡུལ་ཅན་ཤེས་པ་འཇུག་པའི་རིམ་པ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང་དེའི་ཡུལ་ཅན་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ། །དང་པོ་ལ་གཉིས་ཏེ། གསུང་རབ་བཅུ་གཉིས་སུ་ཕྱེ་སྟེ་བསྟན་པ་དང༌། སྡེ་སྣོད་གསུམ་དུ་བསྡུས་ཏེ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་བཅུ་གཉིས་ཏེ། མདོའི་སྡེ་དང༌། རྗོད་བྱེད་དང༌། བརྗོད་བྱའི་སྒོ་ནས་དབྱངས་ཀྱིས་བསྙད་པའི་སྡེ་དང༌། གང་ཟག་དང་ཆོས་ལུང་བསྟན་པ་གཉིས་ཀྱིས་ལུང་བསྟན་པའི་སྡེ་དང༌། བསྟན་བཤད་གཉིས་ཀྱིས་ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། དགག་བྱ་དང༌། བྱུང་བཅས་དང༌། རང་གི་ངོ་བོ་གསུམ་གྱི་སྒོ་ནས་གླེང་གཞིའི་སྡེ་དང༌། རྟོགས་བརྗོད་སོགས་དྲུག་རེ་རེ་ནས་བཤད་པའོ། །དང་པོ་མདོའི་སྡེ་ལ་གཉིས་ཏེ། དངོས་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*