དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད། ང ༽

རྒྱས་པ་མི་གསུངས་པའི་དགོས་པའོ། །དེ་ལ་བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། ཐུན་མོང་གི་ཕན་ཡོན་གསུམ། འཇིག་རྟེན་ལས་འདས་པའི་ཆོས་མཐོང་བའི་ཕན་ཡོན་ལྔ། མཐོང་བའི་ཆོས་ཀྱི་ཕན་ཡོན་གཉིས་རྣམས་སོ། །དང་པོ་ནི། འཆད་ཉན་གཉིས་ཀའི་ཕན་ཡོན་དང༌། འཆད་པ་པོ་ལ་ཡོད་པའི་ཕན་ཡོན་དང་ཉན་པ་པོ་ལ་ཡོད་པའི་ཕན་ཡོན་ནོ། །བར་པ་ལྔ་ནི། སྦྱོར་བའི་དུས་ན་ཚོགས་རྫོགས་པ་དང༌། དངོས་གཞིའི་དུས་སུ་ཆོས་ཉིད་རྟོགས་པ་དང༌། རྗེས་ཤེས་ནས་དད་པ་ཐོབ་པའོ། །ཐ་མ་གཉིས་ནི། ལུས་སེམས་བདེ་བ་ཐོབ་པ་དང༌། སྙན་པའི་གྲགས་པ་འབྱུང་བའོ། །ཤིན་ཏུ་རྒྱས་པ་ལ་གསུམ་སྟེ། ངོ་བོ་དང༌། རྣམ་གྲངས་དང༌། སྒྲ་དོན་ནོ། །དེ་ལ་གསུམ་སྟེ། འབྲས་བུ་ཤིན་ཏུ་རྒྱས་པ་དང༌། གཞུང་ཤིན་ཏུ་རྒྱས་པ་དང༌། དོན་ཤིན་ཏུ་རྒྱས་པ་སྟེ། གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པའི་སྒྲ་བཤད་དང༌། རྣམ་པར་འཐག་པའི་དང་མཚུངས་བྲལ་གྱི་སྒྲ་དོན་ནོ། །སྡེ་སྣོད་གསུམ་དུ་བསྡུས་པ་ལ་གཉིས་ཏེ། བསྡུ་བ་དངོས་དང༌། གསུམ་དུ་བསྟན་པའི་དགོས་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་བཞི་སྟེ། ཉན་ཐོས་ཀྱི་མདོ་སྡེ་དང༌། འདུལ་བ་དང༌། བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དུ་གང་བསྡུ་བ་དང༌། གཉིས་ཀའི་མངོན་པའི་སྡེ་སྣོད་དུ་གང་བསྡུ་བའོ། །དེ་རེ་རེ་ལ་གང་ཞིག་བསྡུ་བའི་གསུང་རབ་ཀྱི་རྣམ་གྲངས་དང༌། གང་དུ་བསྡུ་བའི་སྡེ་སྣོད་ཀྱི་མིང་གཉིས་གཉིས་ཀྱིས་སྟོན་ནོ། །བསྡུས་པའི་དགོས་པ་ལ་གསུམ་སྟེ། སྤང་བྱ་ཉོན་མོངས་ལ་ལྟོས་པ་དང༌། བསྒྲུབ་བྱ་བསླབ་པ་ལ་ལྟོས་པ་དང༌། བརྗོད་བྱ་ཆོས་དོན་ལ་ལྟོས་པའི་དགོས་པ་གསུམ་གསུམ་སྟེ་དགུའོ། །དང་པོ་ལ། བསྟན་པ་ལ་འཇུག་པའི་གེགས་དང༌། ཞུགས་ཀྱང་ཕྱིན་ཅི་ལོག་ཏུ་བྱེད་པའི་གེགས་སོ། །དེ་ལའང་སྤྱོད་པ་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། ལྟ་བ་ཕྱིན་ཅི་ལོག་ཏུ་བྱེད་པའོ། །དེ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་བསྡུས་པའི་རྒྱུ་མཚན་དགུ་པོ་འདི་ནི། མདོ་སྡེའི་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་སྟེ་རྒྱུ་ནི་དགུར་འདོད་དོ། །ཞེས་པ་དང༌། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན། །ཞེས་གསུངས་པས་དེ་ཉིད་འདིར་བཀོད་པའོ། །གཉིས་པ་ཡུལ་ཅན་ཤེས་པ་འཇུག་པའི་རིམ་པ་ལ་གཉིས་ཏེ། ཡུལ་ཅན་གང་གི་ཡུལ་དུ་ཇི་ལྟར་འགྱུར་བསྟན་པ་དང༌། ཡུལ་ཅན་དེ་དག་ཇི་ལྟར་འཇུག་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅན་གྱི་ངོ་བོ་དང་དེའི་ཡུལ་དུ་ཇི་ལྟར་འགྱུར་བའོ། །དེ་ལ་གཉིས་ཏེ། སེམས་དང་སེམས་ལས་བྱུང་བའི་རྣམ་གྲངས་སྤྱིར་བསྟན་པ་དང༌། རྣམ་གྲངས་ཀྱི་དོན་གསུང་རབ་ཀྱི་དོན་ཤེས་པ་ལ་སྦྱར་བའི་སྒོ་ནས་དེའི་ཡུལ་དུ་ཇི་ལྟར་འགྱུར་བའོ། །ཡུལ་ཅན་འཇུག་ཚུལ་ལ་ལྔ་སྟེ། ཡུལ་ཅན་དེ་དག་གིས་ཆོས་ལ་དམིགས་པའི་དབྱེ་བ་དང༌། བསམ་བྱུང་གི་ཤེས་རབ་ཀྱིས་དམིགས་པ་དེ་དག་ངེས་པར་བྱེད་པའི་ཐབས་དང༌། སྒོམ་བྱུང་གིས་མངོན་པར་རྟོགས་པར་འཇུག་པའི་རིམ་པ་དང༌། ཡུལ་ཅན་དེ་དག་གིས་ཆོས་ལ་བརྟེན་ནས་ལམ་དང་འབྲས་བུ་ཐོབ་པའི་རིམ་པ་དང༌། ཡུལ་ཅན་དེ་དག་ཆོས་ལ་ཇི་ལྟར་གནས་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་བཞི་སྟེ། དམིགས་པའི་སྤྱི་དང༌། ཞི་གནས་ལ་སྦྱོར་བའི་དམིགས་པ་དང༌། ལྷག་མཐོང་ལ་སྦྱོར་བའི་དམིགས་པ་དང༌། ཞི་ལྷག་ཐོབ་པས་ཉོན་མོངས་སྤོང་བའི་དམིགས་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་བདེན་བཞིའི་རྣམ་པ་བཅུ་དྲུག་རྣམ་ཐར་སྒོ་གསུམ་དུ་བསྡུ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་བཤད་པའོ། །དེ་ལ་བཞི་སྟེ། འཇིག་རྟེན་པའི་དང༌། འཇིག་རྟེན་ལས་འདས་པའི་དང༌། དམིགས་པའི་དངོས་པོ་དང༌། ལམ་གྱི་འབྲས་བུའོ། །དངོས་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། ཇི་སྙེད་ཡོད་པ་དང༌། ཇི་ལྟ་བ་བཞིན་དུ་ཡོད་པའོ། །དེ་ལ་གསུམ་སྟེ། བདེན་པའི་སྐབས་ཀྱིས་རྣམ་པར་མ་གཞག་པ་དང་བཞག་པ་གཉིས་དང༌། ཆོས་ཀྱི་མདོ་དང༌། རྣམ་པར་ཐར་པའི་སྒོའོ། །ལྷག་མཐོང་ལ་སྦྱོར་བའི་དམིགས་པ་ལ་གསུམ་སྟེ། མཁས་པའི་དམིགས་པ་སྔར་དབྱེ་བ་དང༌། གནས་དང་གནས་མ་ཡིན་པ་ལ་མཁས་པའི་དམིགས་པ་བཤད་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རང་གི་མཚན་ཉིད་ལ་མཁས་པ་གཅིག་དང༌། སྤྱིའི་མཚན་ཉིད་ལ་མཁས་པ་བཞིའོ། །བཞི་པ་ལ་ཉོན་མོངས་སྤོང་བའི་དམིགས་པ་ལ་གཉིས་ཏེ། འཇིག་རྟེན་པའི་ལམ་གྱིས་དང༌། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བའི་དམིགས་པའོ། །དེའང་སྤྲོས་མེད་དང༌། སྤྲོས་བཅས་ཀྱི་དབྱེ་བས་གཉིས་སོ། །གཉིས་པ་བསམ་བྱུང་གི་ཤེས་རབ་ཀྱིས་དེ་དག་ངེས་པར་བྱེད་པའི་ཐབས་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་གཉིས་ཏེ། དཔྱོད་པར་བྱེད་པའི་ཡན་ལག་དང༌། དཔྱོད་པར་བྱེད་པ་དངོས་སོ། །དང་པོ་ལ་གསུམ་སྟེ། ལྟོས་པ་རྒྱུའི་སྒོ་ནས་དང༌། །བྱ་བ་བྱེད་པ་འབྲས་བུའི་སྒོ་ནས་དང༌། ཆོས་ཉིད་རང་གི་ངོ་བོའི་སྒོ་ནས་དཔྱོད་པར་བྱེད་པའོ། །གསུམ་པ་སྒོམ་བྱུང་གིས་མངོན་པར་རྟོགས་པ་ལ་འཇུག་པའི་རིམ་པ་ལ་གཉིས་ཏེ། རྒྱུ་ཡོངས་སུ་ཚོལ་བ་བཞི་བཤད་པ་དང༌། དེའི་འབྲས་བུ་ཡོངས་སུ་ཚོལ་བ་བཞི་བཤད་པའོ། །དེ་རེ་རེ་ལ་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །བཞི་པ་ཆོས་ལ་ཞུགས་པས་ལམ་འབྲས་ཐོབ་པའི་རིམ་པ་ལ་གཉིས་ཏེ། རྣལ་འབྱོར་གྱི་ས་ལྔར་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུའོ། །དང་པོ་ལ་གཉིས་ཏེ། དོན་བཞིའི་སྒོ་ནས་སོ་སོའི་མཚན་ཉིད་བཤད་པ་དང༌། གོ་རིམ་དེ་ལྟར་བརྩོན་པས་མི་དམིགས་པ་ཐོབ་པའི་སྒྲུབ་བྱེད་དགོད་པའོ། །དེ་ལ་གཉིས་ཏེ། གསུང་རབ་ཀྱི་ཡུལ་ཅན་གྱི་ཤེས་པ་དང༌། དེ་ལས་དེ་དང་བྲལ་བར་སྣང་བའི་ཐོབ་པའོ། །དང་པོ་ལ་གཉིས་ཏེ། རྟེན་གྱིས་གཞི་དང་སྐྱེད་པ་མཚོན་པ་དང༌། དྲོད་རྩེ་བཟོད་མཆོག་བཞི་མེ་ལོང་ལྟ་བུ་མཚོན་པའོ། །ཆོས་ལ་ཇི་ལྟར་གནས་པ་ལ་གཉིས་ཏེ། ཡན་ལག་ལྔས་ཡོན་ཏན་བཞི་དང་ལྡན་པ་ཐོས་བྱུང་གི་ཤེས་རབ་ཀྱིས་ལེགས་པར་གནས་པའི་ཁྱད་པར་དང༌། ཡུལ་ཅན་སྤྱིར་ལེགས་པར་གནས་པའི་ཁྱད་པར་རོ། །དེ་ལ་གཉིས་ཏེ། མདོའི་ངག་དོན་བསྟན་པ་དང༌། ཚིག་དོན་བཤད་པའོ། །དེ་ལ་གཉིས་ཏེ། ཐོས་བྱུང་སྟོན་པའི་ཚིག་གི་ཆ་དང༌། སྒོམ་བྱུང་སྟོན་པའི་ཚིག་གི་ཆའོ། །དེ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལའང་ཏིང་ངེ་འཛིན་ལ་སྦྱོར་བ་དང༌། ཆོག་པར་མི་འཛིན་པ་གཉིས་སོ། །ཇི་སྐད་བཤད་མ་ཐག་པ་དེ་དག་ཏུ་ཉེ་བར་མཁོ་བའི་སྤྱིའི་དོན་འགའ་ཞིག་བརྗོད་པར་བྱ་བ་ལ་གསུམ་སྟེ། ཆོས་ལ་དམིགས་པའི་རིམ་པ་མདོ་སྡེའི་རྒྱན་ལས་འབྱུང་བ་དང་དོན་མཐུན་པར་བསྟན་པ་དང༌། ཆོས་ལ་དཔྱོད་པའི་རིགས་པ་དང༌། ཆོས་ཚོལ་བ་དང་ཤེས་པའི་གོ་དོན་བཤད་པ་དང༌། ཆོས་ལ་བརྩོན་པའི་རྣལ་འབྱོར་གྱིས་བཤད་པའོ། །དང་པོ་ནི། ཇི་སྐད་དུ། དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པའི། །མདོ་སོགས་མིང་ལ་སེམས་འཇོག་གོ །ཞེས་གསུངས་ལ། དེ་ལ་ནི་རྩ་བའི་སེམས་ཞེས་བྱ་ཞིང༌། དེའི་དོན་ནི་གཞུང་འདིར། དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པའོ། །ཞེས་སོགས་དམིགས་པ་དང༌། རྣམ་པ་དང༌། གནས་དང༌། མཚུངས་ལྡན་རྣམ་པ་བཞིའི་སྒོ་ནས་བཤད་དོ། །ཡང་དེ་ཉིད་ལས། དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ་དཔྱོད་བྱེད་ཅིང༌། །སོ་སོའི་ནང་ལ་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །ཅེས་གསུངས་ཤིང༌། འདི་ལ་ནི་རྗེས་སུ་དཔྱོད་པ་དང༌། རྣམ་པར་དཔྱོད་པའི་སེམས་ཞེས་བྱ་ལ། དེའི་དོན་ནི་གཞུང་འདིར་ཆོས་ལ་དཔྱོད་པའི་རིགས་པ་དང༌། ཆོས་ཀུན་ཏུ་ཚོལ་བའི་ཤེས་རབ་རྣམས་ཀྱིས་བསྟན་ནོ། །ཡང་དེ་ཉིད་ལས། དོན་དེ་དག་ནི་ངེས་གཟུང་ནས། །ཆོས་ལ་ཀུན་ནས་སྡོམ་པར་བྱེད། །ཅེས་གསུངས་ཤིང༌། དེ་ལ་ནི་ངེས་པར་འཛིན་པའི་སེམས་དང་སྡོམ་པའི་སེམས་ཞེས་བྱ་ལ། དེའི་དོན་ནི་གཞུང་འདིར་ཁྱབ་པའི་དམིགས་པ་གང་ཞེ་ན་ཞེས་སོགས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་དམིགས་པ་གཉིས་གསུངས་པའོ། །ཡང་དེ་ཉིད་ལས། དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨོན་པར་བྱེད། །ཅེས་གསུངས་ལ། དེ་ལ་ནི་སྨོན་པའི་སེམས་ཞེས་བྱ་ཞིང༌། དེའི་དོན་ནི་གཞུང་འདིར་ཆོས་ལ་མཁས་པ་དང༌། ཆོས་ལ་གནས་པ་གཉིས་ཀྱིས་སྟོན་ནོ། །ཡང་དེ་ཉིད་ལས། ཡིད་ཀྱི་བརྗོད་པ་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཞེས་གསུངས་ཤིང༌། དེའི་དོན་ནི་འདིར་ཡོངས་སུ་ཚོལ་བ་བཞི་དང༌། ཤེས་པ་བཞིའོ། །དེ་ཡང་རྟོག་དཔྱོད་དང་བཅས་པར་བཤད་པས་བསམ་གཏན་དང་པོ་མན་ཆད་དོ། །ཡང༌། ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཞེས་གསུངས་ལ། དེའི་དོན་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་གང་ཞེ་ན། ཞེས་པས་སྟོན་ནོ། །འདིར་ནི་རྟོག་དཔྱོད་མེད་པས་བསམ་གཏན་གཉིས་པ་ཡན་གྱི་དབང་དུ་བྱས་སོ། །ཡང༌། ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ཞེས་གསུངས་ལ། དེའི་དོན་ནི་འདིར་སྤྱོད་པ་རྣམ་པར་སྦྱོང་བའི་དམིགས་པ་རྣམས་ཀྱིས་སྟོན་ནོ། །ཡང༌། ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་གསུངས་པ་དེའི་དོན་ནི། མཁས་པའི་དམིགས་པ་གང་ཞེ་ན། །ཞེས་སོགས་ཀྱིས་སྟོན་ནོ། །ཡང༌། ཟུང་དུ་འབྲེལ་བའི་ལམ་དེ་ནི། །སྡོམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ལ། དེའི་དོན་ནི་གཞུང་འདིར་ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་རྣམས་ཀྱིས་བསྟན་ནོ། །མདོར་ན་རྒྱན་ལས། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མིང་ལ་སེམས་འཇོག་པ། དེའི་ཚིག་ལ་དཔྱོད་པ། དེའི་དོན་ལ་དཔྱོད་པ། དོན་འདི་ཡིན་ནོ་ཞེས་ངེས་པར་འཛིན་པ་མིང་དོན་གཉིས་ཀ་སྡོམས་ནས་གསུང་རབ་འདིའི་བརྗོད་བྱའི་དོན་འདི་ཡིན་ནོ་ཞེས་ངེས་པར་བྱེད་པ། དོན་དེ་ཐོབ་པར་བྱ་བའི་ཕྱིར་དུ་སྨོན་པའི་སེམས་ཏེ་དྲུག་བཤད་པ་དེ་ནི་བསམ་བྱུང་གི་དབང་དུ་བྱས་ལ། དེའི་འོག་ཏུ་ཡིད་ཀྱི་བརྗོད་པ་རྟོག་དཔྱོད་ཡོད་མེད་ཀྱི་སྒོམ་བྱུང་གཉིས་དང༌། དེའི་འོག་ཏུ་གསུང་རབ་ཀྱི་མིང་ལ་སེམས་འཇོག་པ་ཞི་གནས་དང༌། དོན་འབྱེད་པ་ལྷག་མཐོང་དང༌། མིང་དོན་གཉིས་ཀ་ཕྱོགས་གཅིག་ཏུ་སྡོམས་ནས་མཉམ་པར་འཇོག་པ་ཟུང་འབྲེལ་གྱི་ལམ་དུ་བཤད་ཅིང༌། དེ་ཐམས་ཅད་ཀྱང་བདག་མེད་སྟོན་པའི་གསུང་རབ་ཀྱི་དབང་དུ་བྱས་པར། ཇི་སྐད་དུ། མི་གཉིས་དོན་ནི་རྣམ་འབྱེད་པའི། །མདོ་སོགས་ཞེས་བཤད་པ་ལས་ཤེས་ལ། གཞུང་འདིར་ཆོས་རྣམ་ངེས་ཀྱི་ལེའུ་འདིས་གཙོ་བོར་ཆོས་ཀྱི་བདག་མེད་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་རིམ་པ་རྣམས་བཤད་དོ། །གཉིས་པ་ལ་གཉིས་ཏེ། རིགས་པ་བཞིའི་དོན་བཤད་པ་དང༌། ཚོལ་བ་བཞིའི་དོན་བཤད་པའོ། །དང་པོ་ནི། རིགས་པ་འདི་ནི་ཆོས་ཀྱི་བདག་མེད་པ་དཔྱོད་པའི་དབང་དུ་བྱས་པ་ཡིན་ཏེ། ལྟོས་པའི་རིགས་པ་ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ཡིན་པས་སོ། །དེ་དག་གི་ནང་ནས་གཏན་ཚིགས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་འདིར་རིགས་པ་དངོས་ཡིན་ཞིང༌། ལྐོག་གྱུར་གྱི་དོན་སྟོན་བྱེད་ཡིན་ལ། རིགས་པ་གཞན་གསུམ་ནི་དེའི་ཡན་ལག་ཡིན་ཞིང༌། མངོན་དུ་གྱུར་པའི་དོན་སྟོན་པའོ། །ཡན་ལག་ཡིན་པའི་ཤེས་བྱེད་ཀྱང་རིགས་པ་སྔ་མ་དེའི་ཕྱོགས་ཁྱབ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་པས་སོ། །མངོན་དུ་གྱུར་པའི་དོན་རིགས་པས་སྒྲུབ་དགོས་པ་མ་ཡིན་ཀྱང༌། ཕྱོགས་ཁྱབ་མངོན་སུམ་དང༌། ཆོས་ཉིད་ཀྱིས་གྲུབ་པ་ཤེས་བྱེད་དུ་བཀོད་ནས། ལྐོག་གྱུར་གྱི་དོན་སྒྲུབ་བྱེད་ཀྱི་རྩ་བའི་རིགས་པ་དེ་མ་ནོར་བར་འཆད་དགོས་པ་ཡིན་ནོ། །དེ་ཡང་དཔེར་བརྗོད་ན་ཇི་སྙེད་པ་དང༌། ཇི་ལྟ་བའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་ཡོད་པ་རྟགས་སུ་བཀོད་པ་ནི་གཏན་ཚིགས་སྒྲུབ་པའི་རིགས་པའོ། །དེའི་ཁྱབ་འབྲེལ་གང་གིས་འགྲུབ་ཅེ་ན། དུ་བ་མེ་ལས་བྱུང་བའི་ཕྱིར། །ཞེས་པ་སྟེ། ལྟོས་པའི་རིགས་པའོ། །དེ་དེ་ལས་བྱུང་བའི་ཤེས་བྱེད་ཅི་ཞེ་ན་དེས་དེ་བསྐྱེད་པའི་བྱ་བ་བྱེད་པའི་ཕྱིར་ཞེས་པ་ནི། བྱ་བ་བྱེད་པའི་རིགས་པའོ། །དེས་དེ་བསྐྱེད་ལ། ཆུ་རླུང་གིས་དེ་མི་སྐྱེད་པ་ཅི་ཞེ་ན། དེ་དངོས་པོའི་ཆོས་ཉིད་དོ་ཞེས་པ་ནི། ཆོས་ཉིད་ཀྱི་རིགས་པའོ། །གཉིས་པ་ལ་རྟགས་དགོད་པ་དང༌། དེའི་ཚུལ་སྒྲུབ་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཆོས་ཅན། ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ནི་གཏན་ཚིགས་སྒྲུབ་པའོ། །དེའི་ཕྱོགས་ཆོས་གང་གིས་འགྲུབ་ཅེ་ན། དོན་དུ་སྣང་བ་ཆོས་ཅན། དོན་སྣང་གི་ཤེས་པ་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པ་ནི་ལྟོས་པའི་རིགས་པའོ། །དེའི་ཕྱོགས་ཆོས་གང་གིས་གྲུབ་ཅེ་ན། དོན་སྣང་གི་བག་ཆགས་སད་པ་ལས་དོན་དུ་སྣང་བ་འབྱུང་བའི་ཕྱིར། ཞེས་བྱ་བ་བྱེད་པའི་རིགས་པའོ། །དེའི་ཤེས་བྱེད་ཀྱང་དངོས་པོའི་ཆོས་ཉིད་དོ། །གསུམ་པ་ལ། ཚོལ་བའི་ངོ་བོ་ནི་བཤད་མ་ཐག་པའི་རིགས་པ་དེ་དག་ལ་བརྟེན་པའི་ཤེས་རབ་ཞིག་གོ །གང་ཚོལ་ན་བདག་མེད་པ་གཉིས་སོ། །གང་ལ་ཚོལ་ན་ཕུང་ཁམས་སྐྱེ་མཆེད་རྣམས་ལའོ། །གང་གིས་ན་རིགས་པས་སོ། །ཇི་ལྟར་ཚོལ་ན། མིང་དོན་གཉིས་དང༌། ངོ་བོ་དང༌། ཁྱད་པར་གཉིས་ཏེ། རྣམ་པ་བཞིར་དཔྱད་ནས་ཚོལ་ལོ། །དེར་གྲངས་ངེས་པའི་ཤེས་བྱེད་ཀྱང༌། བཙལ་བྱའི་ཆོས་ལ་མིང་དང༌། དེའི་དོན་དང༌། དེ་གཉིས་ཀྱི་འབྲེལ་པ་སྟེ། གསུམ་དུ་ངེས་ལ། གསུམ་པ་ལ་ཡང་མིང་དོན་གྱི་འབྲེལ་པ་དང༌། ཚིག་དོན་གྱི་འབྲེལ་པ་སྟེ་གཉིས་སུ་གྲངས་ངེས་སོ། །གོ་རིམ་ནི། མིང་ལ་བརྟེན་ནས་དོན་གྱི་བློ་སྐྱེ་ཞིང༌། དོན་ལ་ཡང་ངོ་བོ་དང༌། ཁྱད་པར་གཉིས་ལས། དོན་གྱི་ངོ་བོ་མ་བཟུང་བར་ཁྱད་པར་གྱི་བློ་མི་སྐྱེ་བའི་རྒྱུ་མཚན་གྱིས་སོ། །བཙལ་བྱའི་གོ་རིམ་དེ་ལྟར་ཡིན་ཀྱང༌། ཇི་ལྟར་ཚོལ་བའི་རིམ་པ་ནི་འདི་ལྟར་བཤད་ན་ལེགས་པ་ཡིན་ཏེ། ཐོག་མར་དོན་བཙལ་བར་བྱའོ། །ཇི་ལྟར་ཚོལ་ན་དོན་དུ་སྣང་བ་འདི་ནི་ཇི་ལྟར་སྣང་བ་བཞིན་ཡོད་པ་མ་ཡིན་ཏེ། མིང་ཙམ་ཡིན་པའི་ཕྱིར་ཞེས་པའོ། །དེ་ཡང་མིང་གི་གོ་བ་ནི་ཡིད་ཀྱི་བརྗོད་པ་ལ་ཟེར་ལ། དེའི་གོ་བ་ཡང་མིང་དུ་སྣང་བའི་རྣམ་རིག་གོ །དེ་ནས་མིང་བཙལ་བར་བྱ་སྟེ། ཇི་ལྟར་ན་མིང་དེ་ཆོས་ཅན། དོན་གང་གི་མིང་དུ་བཏགས་པ་ལྟར་དེའི་མིང་དུ་ཡོད་པ་མ་ཡིན་ཏེ། གང་གི་མིང་དུ་བཏགས་པའི་དོན་དེ་མེད་པའི་ཕྱིར། ཞེས་པ་སྟེ། འདི་ནི་གཟུང་བ་མེད་ན་འཛིན་པ་མེད་པ་ཞེས་བྱ་བ་དེའོ། །གོ་རིམ་དེ་ལྟར་ལེགས་པའི་ཤེས་བྱེད་ཀྱང༌། མདོ་སྡེའི་རྒྱན་ལས། ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་གསུངས་པ་དེ་ནི་དོན་ཚོལ་བའོ། །ཡང་དེ་མ་ཐག་ཏུ། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་པས་ནི་མིང་ཚོལ་བའོ། །ཡང་དེའི་དེ་མ་ཐག་ཏུ། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པས་ནི་ཡོངས་སུ་ཤེས་པ་བཞི་འཆད་པ་ཡིན་ནོ། །དེ་ལྟར་ན། ཐོག་མར་དོན་མེད་པར་ཤེས་ནས། དེའི་འོག་ཏུ་མིང་མེད་པར་ཤེས་དགོས་པར་བཤད་དོ། །དེ་ལྟར་མིང་དོན་གཉིས་མེད་པར་ཤེས་པ་ན་ངོ་བོ་དང་ཁྱད་པར་མེད་པར་བདེ་བླག་ཏུ་རྟོགས་ནུས་པ་ཡིན་ཏེ། ཁྱད་གཞི་དོན་མེད་ན་ཁྱད་ཆོས་དེའི་ངོ་བོ་དང་ཁྱད་པར་མི་འབྱུང་བའི་ཕྱིར་དང༌། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་མེད་ན། དེའི་ཁྱད་པར་སྟོན་པའི་ཚིག་མི་འབྱུང་བའི་ཕྱིར་རོ། །ཡང་ན་ཐོག་མར་མིང་ཚོལ་བའི་ཚུལ་ནི། མིང་དུ་སྣང་བ་འདི་ནི་དོན་གྱི་རྒྱུ་ཅན་ཡིན་གྱི་རང་དབང་དུ་གྲུབ་པ་མེད་དོ། །ཞེས་རྟོག་པ་ནི་མིང་ཚོལ་བའོ། །མིང་མེད་པར་གྲུབ་པ་ན། དོན་དུ་སྣང་བ་སེམས་ཙམ་དུ་ཁོང་དུ་ཆུད་ནུས་པ་ཡིན་ཏེ། དེ་ཁེགས་པ་ན་མིང་ཇི་ལྟ་བ་བཞིན་དོན་དུ་ཞེན་པའི་བློ་མི་འབྱུང་བའི་ཕྱིར། དེ་སྐད་དུ་ཡང༌། དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །ཞེས་པས་མིང་ཚོལ་བ་དང༌། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །ཞེས་པས་དོན་ཚོལ་བ་བསྟན་ནོ། །མདོར་ན་མིང་སེམས་ཙམ་དུ་གྲུབ་པ་ན། དོན་སེམས་ཙམ་དུ་རྟོགས་སླ་བ་ཡིན་ཏེ། ཤེར་ཕྱིན་གྱི་མདོ་ལས། མིང་ཇི་ལྟ་བ་བཞིན་དུ་དོན་དུ་ཞེན་པའི་རྣམ་རྟོག་གི་གཉེན་པོར། མིང་བློ་བུར་དུ་བཏགས་པ་ཡིན་པར་བཤད་ནས། དོན་ཇི་ལྟ་བ་བཞིན་མིང་དུ་ཞེན་པའི་གཉེན་པོར། མིང་ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ། །ཞེས་གསུངས་པ་ཡིན་ནོ། །མདོར་ན་མིང་བློ་བུར་བར་གྲུབ་པ་ན་མིང་དོན་གཅིག་ཏུ་སྦྱར་འཛིན་གྱི་རྟོག་པ་འཁྲུལ་བར་གྲུབ། དེ་གྲུབ་པ་ན་ཆོས་ཀྱི་བདག་མེད་པར་གྲུབ་བོ་ཞེས་བྱ་འདི་ཡིན་ཏེ། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་ངེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང༌། །བདག་འདྲེས་འགལ་བས་གྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བཙལ་བ་ན་མེད་པར་ཤེས་རྒྱུའི་མིང་དོན་ནི། ཀུན་བརྟགས་པའི་མིང་དོན་དང༌། རྣམ་པར་བརྟགས་པའི་མིང་དོན་གཉིས་ལ་འཆད་དགོས་པ་ཡིན་གྱི། ཆོས་ཉིད་ཀྱི་མིང་དོན་ལ་འཆད་པ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱིས། །རྒྱུ་མཚན་དང་དེའི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང༌། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །ཡོངས་སུ་ཤེས་པ་བཞིའི་དོན་ནི། མིང་དོན་གྱི་གནས་ལུགས་ཡོངས་སུ་ཚོལ་བར་བྱེད་པའི་ཤེས་རབ་བཤད་མ་ཐག་པ་དེ་དང་དེས་གང་བཙལ་བའི་དོན་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་སོ། །དེ་ཡང་ཀུན་བརྟགས་ཀྱི་མིང་དོན་ལ་རྣམ་བརྟགས་ཀྱི་མིང་དོན་ངོ་ཁྱད་བཞི་མི་དམིགས་པར་ཤེས་པའི་ཤེས་རབ་དེ་ལ་ཆོས་ཉིད་ཀྱི་མིང་དོན་ཤེས་པའི་ཤེས་རབ་ཅེས་བྱ་ལ། དེ་ལྟ་བུའི་ཤེས་རབ་དེ་ནི་རྣམ་གཡེང་གི་རྣམ་པར་རྟོག་པ་རྣམ་པ་བཅུའི་ནང་ནས་མིང་ཇི་ལྟ་བ་བཞིན་དུ་དོན་ལ་ཞེན་པ་དང༌། དོན་ཇི་ལྟ་བ་བཞིན་དུ་མིང་ལ་ཞེན་པའི་རྣམ་པར་རྟོག་པ་དང༌། ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་ཞེས་བྱ་བ་བཞི་པོ་དེའི་གཉེན་པོར་གསུངས་པ་ཡིན་ནོ། །དོན་དེ་དག་ཀྱང༌། ཇི་སྐད་དུ་མདོ་སྡེའི་རྒྱན་ལས། མིང་དང་དངོས་དག་ཕན་ཚུན་དུ། །བློ་བུར་བ་ནི་ཉིད་དུ་བཙལ། །འདོད་པ་རྣམ་པ་གཉིས་པོ་འདིར། །དེ་ཙམ་ཉིད་དུ་ཚོལ་བའོ། །ཐམས་ཅད་དམིགས་སུ་མེད་པའི་ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ཞེས་གསུངས་པ་དེ་ཉིད་དོ། །བཞི་པ་རྣལ་འབྱོར་གྱི་ས་ལ་བསྡུ་ན་རྒྱུའི་ས་དང༌། འབྲས་བུའི་སའོ། །དང་པོ་ལ། གཞི་དང་སྐྱེད་པ་གཉིས་ནི་ཐོས་བསམ་གྱི་ཤེས་རབ་ཀྱི་དབང་དུ་བྱས་པ་ཡིན་ལ། དེ་ཡང་རྒྱན་ལས། རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ་བྱེད་པ་དང༌། །ཞེས་པས་བསྟན་ནོ། །མེ་ལོང་ལྟ་བུ་ནི། འཇིག་རྟེན་པའི་སྒོམ་བྱུང་སྟེ། དྲོད་རྩེ་བཟོད་མཆོག་བཞིའོ། །སྣང་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་དེ་ཡང་རྒྱན་ལས། ཆོས་ཀྱི་དབྱིངས་ལ་གནས་པ་དང༌། །དོན་ཡོད་པ་དང་མེད་པར་མཐོང༌། །ཞེས་པས་བསྟན་ནོ། །འབྲས་བུའི་རྣལ་འབྱོར་ནི། གནས་ཞེས་པས་བསྟན་ལ། གནས་ཀྱི་དོན་ཡང་རྟེན་ལ་བྱ་ལ། དེ་ཡང་ནི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྣམས་ཀྱིའོ། །དེ་ཡང་ཇི་སྐད་དུ། དེ་ནས་མཉམ་པ་ཉིད་དུ་གྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཉམ་དང་ཁྱད་འཕགས་འབྲི་མེད་ཅིང༌། །འཕེལ་བ་མཚན་ཉིད་མེད་པར་འདོད། །ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ཞེས་གསུངས་སོ། །གོང་དུ་བཤད་མ་ཐག་པའི་ཚོལ་བ་བཞི་ནི། གཞི་དང་སྐྱེད་པའི་གནས་སྐབས་ན་ཡོད་པ་ཡིན་ལ། ཡོངས་སུ་ཤེས་པ་བཞི་ནི། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང༌། ཞུགས་པའི་དབྱེ་བ་མེ་ལོང་ལྟ་བུ་དང༌། སྣང་བའི་གནས་སྐབས་སོ། །དེ་སྐད་དུ་ཡང༌། རྒྱན་ལས། ཚོགས་ཀྱི་གཞི་དང་བསྐྱེད་ཡོད་ན། །མིང་ཙམ་དུ་ནི་མཐོང་བར་འགྱུར། །མིང་ཙམ་མཐོང་སྟེ་དེར་མཐོང་ན། །དེ་ཡང་ཕྱིས་ནི་མི་མཐོང་ངོ༌། །ཞེས་གསུངས་སོ། །མིང་ཙམ་དུ་མཐོང་བ་དང༌། སེམས་ཙམ་དུ་མཐོང་བ་གཉིས་དོན་གཅིག་ལ་འདུ་བ་ནི་གཞུང་འགྲེལ་འདི་དག་གི་ངེས་པའོ། །གཞུང་འདིར་རྣལ་འབྱོར་གྱི་ས་དང་པོ་གཞི་རྣལ་འབྱོར་རྣམ་པར་དབྱེ་བ་ལ་གདམས་པ་ཞེས་བྱ་བའི་མདོ་དང་སྦྱོར་བ་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཞེས་བྱ་བས་ནི་རྟེན་གྱི་གང་ཟག་འཆད་པ་ཡིན་ལ། དེས་གཞི་དང་སྐྱེད་པ་གཉིས་མཚོན་ནོ། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་ཅེས་བྱ་བས་ནི་མིང་ཚོལ་བར་རྟོགས་པ་དང༌། དོན་ཚོལ་བར་རྟོགས་པ་ཡོངས་སུ་ཤེས་པ་གཉིས་ཡིན་ལ། དེ་ལ་གསལ་སྣང་མཆེད་པ་ནི་དྲོད་ཀྱི་གནས་སྐབས་སོ། །དེ་ནས་རང་གི་འདུ་ཤེས་ངེས་པར་བཟུང༌། །ཞེས་པ་ནི་མིང་ཡོངས་སུ་ཤེས་པ་ཡིན་ལ། དེ་ནི་རྩེ་མོའི་གནས་སྐབས་སོ། །དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །ཞེས་པ་ནི། ཡོངས་སུ་ཤེས་པ་ལ་གསལ་སྣང་མཆེད་པ་སྟེ་བཟོད་པའི་གནས་སྐབས་སོ། །དེ་ཡི་འོག་ཏུ་འཛིན་མེད་པར། །ཞེས་པ་ནི། མིང་ཚོལ་བ་ཡོངས་སུ་ཤེས་པ་ལ་གསལ་སྣང་མཆེད་པ་སྟེ། ཆོས་མཆོག་གི་གནས་སྐབས་སོ། །དེ་དག་གིས་ནི་མེ་ལོང་ལྟ་བུའི་རྣལ་འབྱོར་བཤད་པ་ཡིན་ནོ། །དེ་ནས་མི་དམིགས་རེག་པར་བྱ། །ཞེས་བྱ་བས་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྟན་པ་ཡིན་ནོ། །དེ་ལ་ནི་སྣང་བའི་རྣལ་འབྱོར་ཞེས་བྱའོ། །དེ་ལྟར་ན་འདིར་ནི་ཐོག་མར་དོན་དུ་སྣང་བ་ཐམས་ཅད་མིང་ཙམ་དུ་ཤེས་པ་གཅིག་དང༌། དེའི་འོག་ཏུ་དོན་གྱི་འདུ་ཤེས་ཟློག་པ་གཅིག་དང༌། དེའི་འོག་ཏུ་མིང་ཙམ་གྱི་འདུ་ཤེས་གཅིག་ཏུ་ངེས་པར་བཟུང་བ་དང༌། དེའི་འོག་ཏུ་མིང་ཙམ་དེ་ཡང་མི་དམིགས་པར་རྟོགས་པའི་རྣལ་འབྱོར་གཅིག་སྟེ་བཞི་གསལ་བར་བསྟན་ལ། འདི་དག་གོ་རིམ་བཞིན་དུ་ངེས་འབྱེད་ཆ་བཞི་དང་སྦྱོར་རྒྱུ་ཡིན་པ་ལྟ་བུ་ཞིག་སྣང་བ་ལ། གཞུང་སོ་སོའི་འགྱུར་གྱི་དབང་གིས་སྔར་བཤད་པ་ལྟར་ཅི་རིགས་པར་སྣང་ངོ༌། །དེ་ནས་འདི་བཤད་པར་བྱ་སྟེ། དེ་ལྟ་ཡིན་པ་འོ་ན་བཤད་མ་ཐག་པའི་རིགས་པ་དང༌། ཡོངས་སུ་ཚོལ་བ་དང༌། ཤེས་པ་དང༌། རྣལ་འབྱོར་གྱི་ས་ལྔ་པོ་དེ་ཙམ་གྱིས་ཐེག་ཆེན་གྱི་བདེན་པ་མངོན་སུམ་དུ་མཐོང་བ་ཡོངས་སུ་རྫོགས་པ་ཡིན་ནམ་ཞེ་ན། དོན་འདི་ལ་གངས་ཅན་དུ་སྔོན་བྱོན་པའི་ཆེན་པོ་དག་ནི་སེམས་ཙམ་པའི་གཞུང་ལུགས་ལས་འབྱུང་བའི་ཆོས་ཀྱི་བདག་མེད་པའི་དོན་སྒོམ་པར་བྱས་པས་ཐེག་ཆེན་གྱི་ཆོས་མཆོག་ཚུན་ཆད་བགྲོད་པར་བྱས་པ་ཡིན་ལ། ཐེག་ཆེན་གྱི་མཐོང་བའི་ལམ་ཐོབ་པར་མི་ནུས་ཏེ། ལུགས་དེ་ལ་འཛིན་པ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་ལ། བར་དུ་བྱོན་པའི་ཆེན་པོ་དག་ནི་ལུགས་འདིས་ཐེག་ཆེན་གྱི་བཟོད་པ་ཚུན་ཆད་བགྲོད་པར་ནུས་ཏེ། ལུགས་འདི་ལས་གཟུང་བ་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར། ཆོས་མཆོག་ཕན་ཆད་མི་བགྲོད་པའི་ཤེས་བྱེད་སྔ་མ་དང་མཚུངས་པར་འཆད་དོ། །ཕྱིས་བྱོན་པའི་ཆེན་པོ་དག་ནི། ལུགས་འདི་ལ་བརྟེན་ནས་ཐེག་ཆེན་གྱི་དྲོད་ཙམ་ཡང་བགྲོད་པར་མི་ནུས་ཏེ། དེར་ནི་ཆོས་ཐམས་ཅད་དོན་སྤྱིའི་ཚུལ་གྱིས་བདེན་མེད་དུ་རྟོགས་པ་ཞིག་དགོས་པ་ལས། ལུགས་དེར་དེ་བསྟན་པ་མེད་པའི་ཕྱིར། ཞེས་གསུང་ངོ༌། །དེ་དག་ནི་ཡང་དག་པ་མ་ཡིན་ཏེ། དེ་ལྟར་འཆད་པ་དེ་ཐམས་ཅད་ཀྱིས་དབུ་མ་ཐལ་རང་གི་གཞུང་འགྲེལ་ལས་འབྱུང་བའི་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་དེ་ཙམ་ཞིག་ལ་ཞེན་པས་ཞུགས་ཤིང༌། དེ་ལས་གཞན་རྗེ་བཙུན་བྱམས་པའི་གཞུང་ལས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་ཚུལ་ཇི་ལྟར་ཡིན་པ་དེ་ཐོགས་མེད་སྐུ་མཆེད་ཀྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་རྗེས་སུ་འབྲངས་ནས་བཀྲལ་བ་དེ་ཉིད་དབུ་མ་ཆེན་པོའི་ལྟ་བ་གཏན་ལ་འབེབས་ཚུལ་ཡིན་པ་མ་གོ་བར། དངོས་པོར་སྨྲ་བའི་གཞུང་དུ་བཤད་ནས་ཤིང་རྟ་ཆེན་པོའི་སྲོལ་རྩོད་པ་མཐའ་དག་དང་བྲལ་བ་དེ་ལ་སྐུར་པ་ཤིན་ཏུ་མི་ཟད་པ་དག་བཏབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པར་སྟོན་པའི་དབུ་མའི་ཚུལ་ལུགས་ནི་གཉིས་ཏེ། རྗེ་བཙུན་བྱམས་པའི་གཞུང་ལས་འབྱུང་བ་ཐོགས་མེད་ཞབས་ཀྱིས་བཀྲལ་བ་དང༌། མགོན་པོ་ཀླུ་གྲུབ་ཀྱི་གཞུང་ལས་འབྱུང་བ་ལེགས་ལྡན་འབྱེད་དང༌། ཟླ་བའི་ཞབས་ཀྱིས་བཀྲལ་བ་དེ་དག་གོ །འོ་ན་ལུགས་དེ་གཉིས་ཀྱི་བདེན་མེད་གཏན་ལ་འབེབས་པའི་ཚུལ་གྱི་ཁྱད་པར་ཅི། དེས་གཏན་ལ་ཕབ་པའི་ཆོས་ཀྱི་བདག་མེད་ཀྱི་གོ་བ་དོན་གཅིག་ལ་འདུ་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་ལ་ལུགས་དང་པོས་ནི་ཇི་སྐད་དུ། མདོ་སྡེའི་རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་མིན་སྟོང་པ་ཉིད། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་གཞན་སྟོང་གི་ཚུལ་དུ་བཤད་པ་ཡིན་ལ། དེའི་དོན་ཡང༌། མཐར་ཐུག་དོན་དམ་པའི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ་ནི། ཀུན་བརྟགས་དང་གཞན་དབང་གཉིས་རང་གི་ངོ་བོས་སྟོང་པའི་རང་སྟོང་ཡིན་ནོ་ཞེས་འཆད་པ་ནི། མེད་པའི་ཞེས་དང༌། ཡོད་མིན་ཞེས་པ་གཉིས་ཀྱིས་སྟོན་ནོ། །ཡོངས་གྲུབ་ནི། སྟོང་ཉིད་ཀྱི་རང་བཞིན་དུ་གྲུབ་པ་ཡིན་གྱི། དེ་ཉིད་དེ་ཉིད་ཀྱིས་སྟོང་པ་ནི་མ་ཡིན་ནོ་ཞེས་འཆད་པ་ནི། རང་བཞིན་སྟོང་པ་ཉིད་ཤེས་ན། །ཞེས་གསུངས་པ་དེའི་དོན་ནོ། །དེ་ལྟ་བུའི་སྟོང་པ་ཉིད་དེ་གཏན་ལ་འབེབས་པའི་རིམ་པ་ནི། ཇི་སྐད་དུ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་ལ། དེ་ལྟར་གསུངས་པ་དེས་ནི་ཐོག་མར་སྣང་བ་སེམས་སུ་བསྒྲུབས་ནས་དེའི་བྱེད་པས་ཕྱི་རོལ་གྱི་དོན་མེད་པར་གྲུབ་ལ། དེས་ནི་ཀུན་བརྟགས་རང་སྟོང་དུ་བཤད་པ་ཡིན་ནོ། །དེའི་འོག་ཏུ་ཕྱི་རོལ་གྱི་དོན་མེད་པའི་རྟགས་ཀྱིས་སེམས་ཀྱང་མེད་པར་བསྒྲུབས་ལ། དེས་ནི་གཞན་དབང་རང་སྟོང་དུ་བཤད་པ་ཡིན་ནོ། །དེའི་འོག་ཏུ་གཟུང་འཛིན་གཉིས་མེད་ཀྱི་ཆོས་ཀྱི་དབྱིངས་ལ་གནས་དགོས་པར་བཤད་ལ། དེས་ནི་ཡོངས་གྲུབ་ཀྱི་ངོ་བོ་རང་སྟོང་མ་ཡིན་པར་བསྟན་ནས་དེ་ཉིད་གནས་ལུགས་ཀྱི་དོན་དུ་བཤད་པ་ཡིན་ནོ། །གཉིས་པ་ཐལ་རང་གི་ལུགས་ལ་གནས་ལུགས་ཀྱི་དོན་མཐར་ཐུག་པ་ནི་བརྗོད་པ་ཐམས་ཅད་དང་བྲལ་བ་ཞིག་ཏུ་འཆད་པ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་དག་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་ལ། དེའི་དོན་ཡང༌། ཆོས་རྣམས་ཀྱི་གནས་ལུགས་ནི་གང་དུ་ཡང་གྲུབ་པ་མེད་པའི་རྒྱུ་མཚན་གྱིས། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་དུ་ཡང་མ་གཟིགས་ཤིང༌། དེའི་རྒྱུ་མཚན་གྱིས་གང་དུ་ཡང་བརྗོད་པར་མི་ནུས་པའོ། །དེ་ལ་འཇུག་པའི་རིམ་པ་ཡང་ཇི་སྐད་དུ། བདག་གོ་ཞེས་ཀྱང་བསྟན་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་གྱུར་ལ། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་སོ། །དེའི་དོན་ཡང་རྐང་པ་དང་པོ་ནི་ཐ་སྙད་ཀྱི་བདེན་པ་ཁས་ལེན་པའི་དབང་དུ་མཛད་ལ། རྐང་པ་གཉིས་པས་ནི་གནས་སྐབས་སུ་དོན་དམ་པའི་བདེན་པ་ཁས་བླངས་ནས་དེ་ཉིད་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་པའི་རིམ་པ་དང༌། དེ་རྟོགས་ནས་སྒྲིབ་པའི་ས་བོན་འཇོམས་ནུས་པའི་རྣམ་གཞག་ཁས་བླངས་པའོ། །རྐང་པ་གསུམ་པས་ནི་སྔ་མ་དེའི་ཚེ་ཡང་སྟོང་ཉིད་ལ་མཚན་འཛིན་གྱི་བློ་སྐྱེ་བ་དགག་པའི་ཕྱིར་དུ་བརྗོད་བྲལ་དུ་བསྟན་པའོ། །གཉིས་པ་དེས་གྲུབ་པའི་བདག་མེད་ཀྱི་ཁྱད་པར་ནི། ལུགས་དང་པོས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པས་གཏན་ལ་ཕབ་པའི་གྲུབ་དོན་མཐར་ཐུག་ཏུ་ཞལ་གྱིས་བཞེས་པ་ཡིན་ལ། ལུགས་གཉིས་པ་ལས་ནི་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཉིད་གནས་སྐབས་སུ་དོན་དམ་པའི་བདེན་པ་དང༌། མཐར་ནི་སྤྲོས་བྲལ་དེ་ཉིད་ཀྱང་རང་གི་ངོ་བོས་སྟོང་པའི་ཕྱིར། རང་གི་ངོ་བོ་གང་དུ་ཡང་གྲུབ་པ་མེད་ན་དོན་དམ་པའི་བདེན་པ་ལྟ་ཅི་སྨོས། དེའི་ཕྱིར་མཐར་ནི་དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་བདག་མེད་དང༌། གནས་ལུགས་ལ་སོགས་པ་གང་ཡང་ཁས་མི་ལེན་ནོ། །དེ་ལྟར་བཤད་པ་ན་ལུགས་སྔ་ཕྱི་གཉིས་ཏེ། ཀུན་རྫོབ་བདེན་པ་འཇོག་ལུགས་ཀྱི་དང༌། དོན་དམ་པའི་བདེན་པ་འཇོག་ལུགས་ཀྱིའོ། །དང་པོ་ལ་གཉིས་ཏེ། ལུགས་སྔ་མའི་འཇོག་ལུགས་དང༌། ཕྱི་མའི་འཇོག་ལུགས་སོ། །དང་པོ་ནི། འཕགས་པ་ཐོགས་མེད་ཀྱི་གཞུང་ལས། ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ལ་སྣང་ཚུལ་དང༌། གནས་ཚུལ་གཉིས་སོ། །དང་པོ་ནི། མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའོ། །དེ་འདྲའི་སྣང་ཚུལ་དེ་ནི་ཐ་སྙད་དུ་ཡང་བདེན་པ་མ་ཡིན་ཏེ། ཀུན་བརྟགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཟུང་འཛིན་གཉིས་པོ་རེ་རེ་ལའང་གནས་དོན་ལུས་སུ་སྣང་བ་སྟེ། གཟུང་བར་སྣང་བ་གསུམ་དང༌། ཡིད་དང་འཛིན་དང་རྣམ་པར་རྟོག་པ་སྟེ། འཛིན་པར་སྣང་བ་གསུམ་མོ། །དེ་དག་ནི་ཐ་སྙད་དུ་ཡང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ལོག་པའི་ཀུན་རྫོབ་བོ། །གཉིས་པ་གནས་ཚུལ་ནི། གཟུང་འཛིན་གཉིས་པོ་དེའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དེ་ཉིད་དོ། །དེ་འདྲའི་བག་ཆགས་དེ་ནི་གཟུང་འཛིན་གཉིས་པོ་དེའི་གནས་ཚུལ་དང༌། རང་བཞིན་ཡིན་ལ། དེ་ཡང་བག་ཆགས་དེ་ལ་ས་བོན་གྱི་ཆ་དང་རྣམ་སྨིན་གྱི་ཆ་གཉིས་ལས། ས་བོན་གྱི་ཆ་ནི་གཟུང་འཛིན་གཉིས་པོའི་སྐྱེད་བྱེད་ཀྱི་རྒྱུ་དང༌། གཉིས་པོ་གཞན་དབང་དུ་འཇོག་བྱེད་ཀྱི་གཞན་ཞེས་བྱ་བ་དེའོ། །རྣམ་སྨིན་གྱི་ཆ་ནི་གཟུང་འཛིན་གཉིས་པོའི་རང་བཞིན་དང་གནས་ཚུལ་ཡིན་ལ། དེ་འདྲ་དེ་ནི་ཐ་སྙད་དུ་བདེན་པ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཡིན་པའི་ཕྱིར། དེའི་ཕྱིར་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ། གཞན་དབང་གཟུང་འཛིན་གཉིས་པོ་མི་བདེན་ཀྱང་དེའི་ངོ་བོ་གཉིས་སྣང་གི་བག་ཆགས་བདེན་པའི་ཕྱིར། གཞན་ལས་སྐྱེ་བར་ཁས་ལེན་ཞིང༌། ཇི་སྲིད་ཐ་སྙད་ཀྱི་བདེན་པ་འཇོག་པ་དེ་སྲིད་དུ་ཀུན་གཞིའི་རྣམ་པར་ཤེས་པ་བདེན་གྲུབ་ཏུ་ཁས་མ་བླངས་ན་ཐ་སྙད་ཀྱི་བདེན་པ་མཐའ་དག་ལས་ཉམས་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ནི། ཟླ་བའི་ཞབས་སོགས་ཀྱི་བཞེད་པས་ཐ་སྙད་བདེན་པའི་འཇོག་ལུགས་སྔ་མ་དེ་ལྟར་ཁས་བླངས་ན། ཐ་སྙད་ཀྱི་བདེན་པ་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་ཁས་བླངས་པར་འགྱུར་ལ། དེ་ཡང་འཐད་པ་མ་ཡིན་ཏེ། རིགས་པས་དཔྱད་པའི་ཚེ་ཀུན་རྫོབ་བདེན་པ་འཇོག་པའི་གནས་མེད་པའི་ཕྱིར། ཇི་ལྟར་ཞེ་ན། འོ་ན་དེ་འདྲའི་གཞན་དབང་གི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཐ་སྙད་དུ་བདེན་ན་དེ་ཚད་མ་གང་གིས་གྲུབ། རང་རིག་གིས་སོ་ཞེ་ན། དེ་ལ་ཉེས་པ་གཉིས་ཏེ། མ་གྲུབ་པ་སྒྲུབ་བྱེད་དུ་མི་རིགས་པ་དང༌། རང་ལ་རིག་བྱ་རིག་བྱེད་གཉིས་མི་འཐད་པའོ། །གལ་ཏེ་རིགས་པས་དཔྱད་པའི་ཚེ་མི་འཐད་ཀྱང༌། འཇིག་རྟེན་གྱི་གྲགས་པ་ལ་འཐད་དེ། མྱོང་བ་ལས་དྲན་པ་སྐྱེ་བར་འཇིག་རྟེན་ན་གྲགས་པའི་ཕྱིར་ཞེ་ན། ཐ་སྙད་ལ་དཔྱད་པའི་ཚེ་འཇིག་རྟེན་ལ་གྲགས་པ་ཚད་མ་ཡིན་མོད། དེ་ནི་ཁྱོད་ཀྱི་འདོད་པ་མ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་རང་གིས་རིགས་པས་དཔྱད་ནས་ཁས་བླངས་པའི་ཕྱིར་རོ། །དེ་བས་ན་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ནི་འཇིག་རྟེན་པ་དག་གིས་གང་ཡོད་ཅིང༌། གང་ཡོད་པ་དང་བདེན་པར་འདོད་པ་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཡོད་པ་དང་བདེན་པར་ཞལ་གྱིས་བཞེས་ལ། དེ་དག་གིས་གང་མེད་པ་དང་བརྫུན་པར་འདོད་པ་དེ་དག་ནི་དེས་ཀྱང་དེར་ཞལ་གྱིས་བཞེས་སོ་ཞེས་བྱ་བ་ནི་ཀུན་རྫོབ་བདེན་པའི་འཇོག་ལུགས་སོ། །གཉིས་པ་ལ། ཇི་སྲིད་དོན་དམ་པའི་བདེན་པ་ཞེས་བྱ་བའི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ་ལུགས་གཉིས་པོ་མཐུན་པར་བསྟན་པ་དང༌། དོན་དམ་བདེན་པའི་རྣམ་གཞག་ཁས་མི་ལེན་པའི་ཚེ་ཕྱེ་བསལ་ཇི་ལྟར་ཡོད་པའི་ཚུལ་ལོ། །དང་པོ་ལ། ཀླུ་གྲུབ་ཞབས་དང་དགོངས་པ་མཐུན་པའི་ཚུལ་དང༌། ཐལ་རང་གི་སྲོལ་འཛིན་གཞན་དང་ཇི་ལྟར་མཐུན་པའོ། །དང་པོ་ནི། ཇི་སྲིད་དོན་དམ་པའི་བདེན་པ་ཞེས་བྱ་བའི་རྣམ་པར་བཞག་པ་ཅིག་ཁས་ལེན་པ་དེ་སྲིད་དུ། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་རིག་ཅིང་གསལ་ཙམ་དེ་ཉིད་དོན་དམ་པའི་བདེན་པར་བཞེད་པ་ལ་མི་མཐུན་པ་མེད་པ་ཡིན་ཏེ། མགོན་པོ་ཀླུ་གྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང༌། རིམ་པ་ལྔ་པ་ཞེས་བྱ་བའི་བསྟན་བཅོས་རྣམ་པ་གསུམ་ཅར་ལས། གཟུང་འཛིན་གཉིས་ཀྱིས་སྟོང་པའི་མྱོང་བ་གསལ་རིག་གི་ཆ་དེ་ཉིད་ལ་དོན་དམ་པའི་བདེན་པར་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། བྱང་ཆུབ་སེམས་འགྲེལ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུའང་བཤད་པ་ཡིན། །ཞེས་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། ཡང་དག་པའི་མཐའ་དོན་གཅིག་ཏུ་བཤད་པ་དང༌། བྱང་ཆུབ་ཀྱི་སེམས་དེ་ཡང་སྟོང་ཉིད་རྐྱང་པ་ལ་བཞེད་པ་མ་ཡིན་གྱི་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་བཞེད་པར་ཡང་བསྟན་འཆོས་དེར་རྩ་བའི་རྒྱུད་དྲངས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་བསྟན་འཆོས་སུ། གང་ལ་བསྟོད་བྱའི་ཡུལ་དུ་གྱུར་པའི་ཆོས་དབྱིངས་ཀྱང་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་བཞེད་པ་ཡིན་ཏེ། དེ་ཉིད་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་སོ། །རིམ་པ་ལྔ་པར་ཡང་བདེན་པ་གཉིས་གསུངས་པ་ལས་དོན་དམ་བདེན་པའི་མཚན་གཞི་འོད་གསལ་ལ་བཤད་ལ། དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ལ་འཆད་དགོས་པར་བསྟན་བཅོས་དེ་ཉིད་ལས་གསལ་བ་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་རིག་པ་ཙམ་ཞིག་སྟེ། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །ཅེས་དང༌། དེ་ནས་འོད་གསལ་དེ་དག་ལས། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང༌། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་དང་ནི། །ལྡན་པ་ཐམས་ཅད་མཁྱེན་པར་འགྱུར། །ཞེས་གསུངས་སོ། །ཨརྻ་དེ་བས་སྤྱོད་བསྡུས་སུ་འོད་གསལ་གྱི་མིང་གི་རྣམ་གྲངས་སྟོན་པ་ན། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་སྐུ་ཞེས་བཤད་ཅིང༌། སྒྲོན་གསལ་ལས། གང་ལ་རྟོག་པ་མེད་པ་དེ་ནི་ཡེ་ཤེས་སོ། །དེ་གང་ཞེ་ན་དོན་དམ་པའི་བདེན་པ་བརྗོད་དུ་མེད་པ་ཉིད་ཡིན་ནོ། །ཞེས་གསལ་བར་གསུངས་པ་ཡིན་ནོ། །དུས་ཀྱི་འཁོར་ལོ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་གསུངས་པ་དེ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཁོ་ནའོ། །དེ་ཉིད་རྗེ་བཙུན་བྱམས་པའི་གཞུང་གི་མཐར་ཐུག་གི་དགོངས་པའང་ཡིན་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མར་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོ་དང་ཟག་པ་མེད་པའི་ཡེ་ཤེས་ཀྱི་མིང་ཅན་དུ་བཤད་པའི་ཕྱིར་རོ། །མདོར་ན་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་སོ་སོར་རང་གིས་རིག་པའི་ཡེ་ཤེས་སུ་འཆད་པའི་གཞུང་ལུགས་དེ་དང་དེ་དག་གིས་ནི་གཉིས་སྟོང་གི་རིག་པ་ཉིད་དོན་དམ་པའི་བདེན་པར་བཤད་པ་ཡིན་ཏེ། གཞན་དུ་སྟོང་ཉིད་ཀྱི་དོན་མེད་དགག་ཁོ་ན་ལ་བཤད་ན་དེའི་ཡུལ་ཅན་གྱི་བློ་དེ་དག་དེ་ལ་ལྟོས་ནས་མེད་པར་དགག་པའི་རྣམ་པ་ཅན་གྱི་རྟོག་པ་ཁོ་ནར་འགྱུར་གྱི། རང་རིག་པའི་མངོན་སུམ་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། སློབ་དཔོན་ཟླ་བ་གྲགས་པ་ཡང་གཉིས་མེད་ཀྱི་ཡེ་ཤེས་ལ་དོན་དམ་པའི་བདེན་པའི་མཚན་གཞིར་བཞེད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པར། མྱ་ངན་ལས་འདས་པ་བདེན་གཅིག་པུ། །ཞེས་མྱང་འདས་དོན་དམ་བདེན་པའི་མཚན་གཞིར་བཤད་ནས། མྱང་འདས་དེའི་མཚན་གཞི་ངོས་འཛིན་པ་ན། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་པའི་འགྲེལ་པར། སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཉིད་ཡིན་པས། ཐ་སྙད་ཀྱི་བདེན་པ་དང་སྦྱར་ནས་མྱ་ངན་ལས་འདས་པ་ཞེས་རྣམ་པར་བཞག་སྟེ། ཞེས་གསལ་བར་གསུངས་སོ། །འཕགས་སེང་ལ་སོགས་པའི་དབུ་མ་རང་རྒྱུད་པ་རྣམས་ཀྱིས་ཀྱང་དོན་དེ་ཉིད་བཞེད་པ་ཡིན་ཏེ། ཉི་སྣང་དུ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་དང༌། དོན་གསལ་དུ། དེ་བཞིན་ཉིད་ཀྱི་མཚན་གཞི། དེ་བཞིན་ཉིད་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་དང༌། བརྒྱད་སྟོང་འགྲེལ་ཆེན་དུ་མི་གནས་པའི་མྱང་འདས་ཀྱི་མཚན་གཞི་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་པ་སོགས་གྲངས་ལས་འདས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ། དོན་དམ་པའི་བདེན་པ་དང་དངོས་པོའི་གཞི་མཐུན་ཁས་ལེན་པ་ནི་དངོས་པོར་སྨྲ་བ་དག་གི་འདོད་པ་ཡིན་གྱི། ཐལ་རང་དུ་གྲགས་པའི་དབུ་མ་པ་དག་གི་ལུགས་ལ་མི་རུང་ངོ་སྙམ་ན། དེ་ཡང་མ་ཡིན་ཏེ། སངས་རྒྱས་ཀྱི་ས་ན་ཀུན་རྫོབ་ཀྱི་བདེན་པ་མེད་པར་སློབ་དཔོན་ཟླ་བས་བཞེད་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་རང་སྣང་གི་ཚུལ་གྱིས་སྣང་བའི་ཆོས་ཤིག་མེད་ན་ཕར་ཞོག ཡོད་ན་དེ་ཐམས་ཅད་དོན་དམ་པའི་བདེན་པར་ཁས་ལེན་དགོས་པ་ཡིན་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་དེ་དོན་དམ་པ་ཁོ་ན་ཡིན་གྱི། ཀུན་རྫོབ་ཀྱི་སླད་པ་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་སྲོལ་འབྱེད་གཉིས་དོན་དམ་བདེན་པའི་མཚན་གཞི་ངོས་འཛིན་ཚུལ་མཐུན་པ་ཁོ་ནར་མ་ཟད་གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པ་ལ་འཇུག་པའི་རིམ་པ་དང་རིགས་པ་ཡང༌། ཐོགས་མེད་ཞབས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་དེ་ཉིད་འཕགས་པ་ཀླུ་གྲུབ་ཀྱི་བཞེད་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །རྣམ་པར་ཤེས་པར་སྨྲ་བ་ལ། །སྣ་ཚོགས་འདི་ནི་སེམས་སུ་གྲུབ། །རྣམ་ཤེས་རང་བཞིན་གང་ཞེ་ན། །དེ་ནི་དེ་ཉིད་བཤད་བྱ་སྟེ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པར་གང་མཛད་དེ། །བྱིས་པ་རྣམས་ཀྱི་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་འདི་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཐེག་ཆེན་དགའ་བའི་བདག་ཉིད་ལ། །ཆོས་ལ་བདག་མེད་མཉམ་པ་ཉིད། །སེམས་ནི་གདོད་ནས་མ་སྐྱེས་ཏེ། །སངས་རྒྱས་ཀྱིས་ནི་མདོར་བསྡུས་གསུངས། །ཞེས་དང༌། དེ་ཉིད་ལས། ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང༌། །རིག་བྱ་མེད་ཅེས་ཅི་མི་འདོད། །སེམས་འདི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ་ཞི་འཚོ་ཡབ་སྲས་ཀྱིས་ཀྱང་ཐོག་མར་སྣང་བ་སེམས་སུ་བསྒྲུབ་པ་སོགས་དོན་དམ་པའི་རྒྱ་མཚོར་འཇུག་པའི་ཚུལ་ཐོགས་མེད་ཞབས་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་གསུངས་སོ། །དོན་འདི་ཉིད་ཚད་ལྡན་གྱི་མདོ་རྒྱུད་མཐའ་དག་ལས་འབྱུང་བ་ཡིན་ཏེ། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཞེས་སོགས་དང༌། རྩ་བའི་རྒྱུད་ལས་ཀྱང༌། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་དང༌། གུར་ལས་ཀྱང༌། རིན་ཆེན་སེམས་ལས་ཕྱིར་ཕྱོགས་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོགས་དང༌། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །གཉིས་པ་དོན་དམ་བདེན་པ་ཁས་མི་ལེན་པའི་དུས་ཀྱི་ཕྱེ་བསལ་བཤད་པ་ནི། ལུགས་དང་པོ་ལ་ལྟ་བའི་ཚེ་ན་མཉམ་གཞག་ཏུ་སྤྲོས་པ་གཅོད་པ་དང༌། རྗེས་ཐོབ་ཏུ་ཐ་སྙད་འདོགས་པ་གཉིས་ལས། དང་པོའི་ཚེ་ན་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་པ་སོགས་ཁས་མི་ལེན་ཏེ། དེར་སྤྲོས་པ་ཐམས་ཅད་འགོག་པའི་ཕྱིར། གཞུང་འདི་ཉིད་ལས་སྤྲོས་པ་ནི་སྐབས་འདིར་ཚུལ་བཞིན་མ་ཡིན་པ་སེམས་པ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་སྐྱེ་མཆེད་དྲུག་ཡོད་པ་དེ་སྲིད་དུ་སྤྲོས་པའོ། །དེ་འགགས་པས་སྤྲོས་པ་མེད་པ་སྟེ་མྱ་ངན་ལས་འདས་པར་བསྟན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་བཤད་དོ། །ཐ་སྙད་འདོགས་པའི་ཚེ་ནི་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་བདེན་པ་ཁོ་ནར་འཆད་ཀྱི། དེ་བདེན་པར་མེད་པ་དང༌། རང་སྟོང་དུ་འཆད་བྱེད་ཀྱི་ལུང་དང་རིགས་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་གི་ཆ་ཤས་གང་དུ་ཡང་མི་འཆད་དོ། །ཐལ་རང་གི་སྲོལ་འབྱེད་དག་ནི། དོན་དམ་པའི་བདེན་པ་ཡང་བརྗོད་བྲལ་དུ་བསྒྲུབས་ནས་ཁས་ལེན་ཅི་ཡང་མི་བྱེད་པ་དེའི་ཚེ་ནི། གཉིས་སྟོང་གི་ཡེ་ཤེས་ཁོ་ནར་མ་ཟད་གནས་སྐབས་སུ་བདེན་པར་བཤད་པ་དེ་ཐམས་ཅད་བརྫུན་པར་འཆད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པར། དེ་ཉིད་མཐོང་རྣམས་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་པའི་འགྲེལ་པར། ཟླ་བས་ཤེར་ཕྱིན་གྱི་མདོ་དྲངས་ནས་མྱང་འདས་དོན་དམ་པའི་བདེན་པ་མ་ཡིན་པར་བཤད་པ་དང༌། དོན་གསལ་ལས། དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དེ། །ཞེས་བཤད་པ་ལྟར་རོ། །དེའི་ཕྱིར་དབུ་མ་གཉིས་ཀྱི་ལྟ་བའི་ཁྱད་པར་ནི། རྗེས་ཀྱི་ཤེས་པས་ཐ་སྙད་འདོགས་པའི་ཚེ། གཉིས་མེད་ཀྱི་ཡེ་ཤེས་བདེན་པར་འདོད་པ་དང་མི་འདོད་པ་དེ་ཙམ་མོ། །འོ་ན་ལུགས་དེ་གཉིས་ལས་ཉམས་ལེན་གྱི་རྣལ་འབྱོར་དུ་གང་ཞིག་གཟུང་བར་བྱ་སྙམ་ན། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སོག་པའི་ཚུལ་ལ་ནི་ལུགས་གཉིས་པོ་ཁྱད་པར་མེད་ལ། མཉམ་གཞག་གི་ཉམས་ལེན་ཁོ་ནའི་དབང་དུ་བྱས་ན། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཀྱང་བཀག་ནས་རང་སྟོང་ཁོ་ན་ཉམས་སུ་ལེན་པ་ཐལ་རང་གི་ལུགས་དང༌། ཡེ་ཤེས་དེ་ཉིད་རྣམ་དག་གི་དམིགས་པར་བྱས་ནས་ཉམས་སུ་ལེན་པ་རྣལ་འབྱོར་སྤྱོད་པའི་ལུགས་གཉིས་ལས། ཕར་ཕྱིན་ཐེག་པ་རྐྱང་པས་ལམ་བགྲོད་པའི་དབང་དུ་བྱས་ན་སྔ་མ་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཆོས་ཐམས་ཅད་རང་སྟོང་དུ་བཤད་པས་མཚན་འཛིན་གྱི་རྟོག་པ་མ་ལུས་པ་འཇོམ་སླ་བའི་ཕྱིར་རོ། །ཐེག་པ་མཆོག་གི་རྣལ་འབྱོར་དང་ཟུང་འབྲེལ་དུ་ཉམས་སུ་ལེན་ན་ལུགས་ཕྱི་མ་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལམ་དུ་བྱེད་པ་དེའི་ཚེ། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་ང་རྒྱལ་དུ་བྱེད་དགོས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཡེ་ཤེས་ཀྱི་ཚོགས་སོག་པའི་ཚེ། སྭ་བྷཱ་ཝ་དང༌། ཤཱུ་ནྱ་ཏའི་སྔགས་དོན་བསམ་པ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་མཉམ་པར་འཇོག་དགོས་པའི་ཕྱིར་དང༌། སྐྱེད་པའི་རིམ་པའི་ལྷ་དང༌། རྫོགས་པའི་རིམ་པའི་ལྷ་གང་ལས་སྒྲུབ་པའི་གཞི་ཡང་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་དང༌། ལྷའི་སྣང་བ་ཙམ་ཡང་བཀག་ན་རང་སྟོང་དུ་འགྱུར་མོད། ཐེག་པ་མཆོག་གི་རྣལ་འབྱོར་དུ་མི་རུང་བའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྗེ་བཙུན་གྱི་གཞུང་བར་པ་གསུམ་དང༌། ཐོགས་མེད་མཆེད་ཀྱི་བཞེད་པའི་དབུ་མའི་ལྟ་བ་འདི་ནི་མགོན་པོ་ཀླུ་གྲུབ་རྗེས་འབྲང་དང་བཅས་པས་བཞེད་པའི་དབུ་མའི་ལྟ་བ་དེ་དང༌། ཤེས་སྒྲིབ་ཀྱི་བག་ཆགས་འཇོམས་པའི་ནུས་པ་ལ་བཟང་ངན་གྱི་རིམ་པ་མེད་པའི་ཕྱིར། ལྟ་བ་འདི་ཁོ་ནས་ཀྱང་ས་བཅུ་པའི་མཐར་ཕྱིན་པར་བྱེད་ནུས་པས། དབུས་མཐའ་སོགས་ནས་ས་ལམ་གྱི་རིམ་པ་ཇི་ལྟར་གསུངས་པ་དེ་ཉིད། གནས་སྐབས་གང་དུ་ཡང་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླང་བར་བྱའོ། །འོ་ན་ལྟ་བ་འདི་མདོ་གང་གི་རྗེས་སུ་འབྲང་བའི་ལུགས་སུ་བྱ་ཞེ་ན། ལྟ་བ་འདི་གང་ལས་བཤད་པའི་ཁུངས་ནི་ཤེར་ཕྱིན་གྱི་མདོ་ཡིན་ལ། དེའི་དགོངས་པ་ཇི་ལྟར་འགྲེལ་པ་ལ། རང་སྟོང་གི་ཚུལ་དུ་འགྲེལ་བ་དང༌། གཞན་སྟོང་གི་ཚུལ་དུ་འགྲེལ་བ་གཉིས་ལས། ལུགས་ཕྱི་མ་དེ་ཡིན་ལ། དེ་ཡང་མདོ་གང་གི་རྗེས་སུ་འབྲང་ན། མདོ་སྡེའི་དབང་དུ་བྱས་ན་དགོངས་པ་ངེས་པར་འགྲེལ་བའི་མདོ་དང༌། རྣལ་འབྱོར་སྤྱོད་པའི་མདོ་ལ་སྡེ་སྣོད་གསུམ་ཀ་ཚང་བ་དེའི་རྗེས་སུ་འབྲང་བ་ཡིན་ནོ། །དེའི་ཕྱིར་གཞན་སྟོང་ལྟ་བ་འདི་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བྱ་བ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་འཆོས་ལས་ཇི་ལྟར་འབྱུང་བ་བཞིན་ནོ། །འོ་ན་འཕགས་པ་ཐོགས་མེད་བཞེད་པའི་དབུ་མ་འདི་ཚུལ་གཅིག་ཁོ་ན་ཡིན་ནམ་ཞེ་ན། འདི་ལ་ཚུལ་གཉིས་ཏེ། ལྟ་བ་ལ་ཁྱད་པར་མེད་ཀྱང༌། མཐར་ཐུག་ཐེག་པ་གསུམ་དུ་འཆད་པ་དང༌། གཅིག་ཏུ་འཆད་པའོ། །དང་པོ་ནི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་ལུགས་ཡིན་ལ། གཉིས་པ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་འཆོས་ཀྱི་རྗེས་སུ་འབྲངས་པའོ། །རྒྱུད་བླའི་ལྟ་བ་སྟོན་ཚུལ་གཞན་སྟོང་ཁོ་ནར་ངེས་པ་ཡང་སྤྱིར་རྩ་འགྲེལ་གཉིས་ཀ་ན་རྒྱས་པར་གསལ་ཞིང༌། ཁྱད་པར་སྤྲིན་དང་རྨི་ལམ་ཞེས་སོགས་ཀྱི་དྲི་བ་དང་ལན་གྱི་དོན་བསམ་པ་ན། ཤེར་ཕྱིན་གྱི་མདོའི་དགོངས་པ་གཞན་སྟོང་དུ་འགྲེལ་པའི་ཚུལ་གསལ་བར་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་རྗེ་བཙུན་གྱི་གཞུང་གསུམ་དང༌། ཐོགས་མེད་ཀྱི་དགོངས་པ་སེམས་ཙམ་དུ་གནས་སོ་ཞེས་སྨྲ་བར་མི་བྱ་སྟེ། གཞུང་ལུགས་དེ་དང་དེར་གནས་སྐབས་སེམས་ཙམ་དུ་བཤད་པ་དེ་ཡང་བཀག་ནས། གཟུང་འཛིན་གཉིས་མེད་དུ་བཤད་པའི་ཕྱིར། གནས་སྐབས་སུ་དེ་བཤད་པས་དེར་གྱུར་ན་ནི་བྱང་ཆུབ་སེམས་འགྲེལ་དང༌། འགྲེལ་པ་དོན་གསལ་སོགས་ལ་ཡང་ཧ་ཅང་ཐལ་ལོ། །འོ་ན་སེམས་ཙམ་ཞེས་བྱ་བའི་དོན་ཅི། འདིར་དེ་ལས་འདས་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི། ཇི་སྐད་དུ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་ལྟར་དེ་དེར་ཁས་ལེན་པ་ལ་བྱ་བ་ཡིན་ལ། ལུགས་འདིར་ནི་དེ་ལས་ཀྱང་འདས་ཤིང་བརྒལ་བ་ཡིན་ཏེ། རྒྱན་ལས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། ཞེས་དང༌། གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པའི་ཚུལ་རྒྱས་པར་གསུངས་པའི་ཕྱིར། དེ་ལྟ་བས་ན་ལུགས་འདིའི་མཐར་ཐུག་གི་དགོངས་པ་ནི། ལང་གཤེགས་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་བྱ་བ་དེར་གནས་པ་ཡིན་ཏེ། རྒྱན་ལས། བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་ལུགས་འདི་པ་ལ་རྣལ་འབྱོར་སྤྱོད་པ་ཞེས་དང༌། རྣམ་རིག་པ་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པའི་མདོའི་རྗེས་སུ་འབྲངས་ནས་དོན་དམ་པའི་བདེན་པ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཕྱིར། དེ་ལྟར་ན་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་དུ་སྨྲ་བའི་དབུ་མ་པ་རྣམས་ལ་ནི་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་ཞེས་བྱ་ལ། དེ་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་པའི་སློབ་དཔོན་འདི་དག་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱའོ། །འོ་ན་ལུགས་འདིས་ཀུན་གཞིའི་རྣམ་ཤེས་བདེན་གྲུབ་ཏུ་ཁས་བླངས་ན་ནི་གཞན་དབང་རང་སྟོང་དུ་ཁས་བླངས་པར་མི་འགྱུར་བས། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ཅེས་བྱ་བའི་དོན་དང་འགལ་ལ། དེ་བདེན་མེད་དུ་ཁས་བླངས་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཚུལ་ལས་ཉམས་སོ་ཞེ་ན། གོང་དུ་བཤད་ཟིན་པ་ལྟར། ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ཚེ་ནི་དེ་གཅིག་པུ་བདེན་པར་ཁས་བླངས་པས། གཞན་དབང་གི་ངོ་བོ་དང་དངོས་པོ་བདེན་པར་ཁས་བླངས་པ་ཞེས་བྱ་བ་དེ་ཡིན་ལ། མཐར་དོན་དམ་པའི་བདེན་པ་འཇོག་པའི་ཚེ་ནི་དེ་བདེན་པར་ཁས་མི་ལེན་ཏེ། ལུང་དང་རིགས་པ་ལས་སོ། །དང་པོ་ནི། དེ་ཟག་མེད་ལམ་གྱི་སྤང་བྱར་བཤད་པའི་ཕྱིར། རིགས་པ་ནི་རང་ལུགས་མཐར་ཐུག་གི་ཚེ་དེར་གྲུབ་ན་དོན་དམ་བདེན་པ་ཉིད་དུ་ཐལ་ལོ། །དེའི་ཕྱིར་ཀུན་གཞིའི་ངོ་བོ་གཉིས་མེད་ཀྱི་ཤེས་པ་ཡིན་པ་ལ་བསམས་ནས་དེའི་ངོ་བོ་བདེན་པར་གྲུབ་ཅེས་དང༌། ཀུན་གཞིའི་རྣམ་ཤེས་གཞན་སྟོང་དུ་འཆད་པའི་སྐབས་ཡོད་ཀྱང་ངེས་པའི་དོན་དུ་ན་དེའི་རང་ལྡོག་ནས་རང་སྟོང་དུ་འཆད་དགོས་པ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ལུང་དང་རིགས་པ་ལས་སོ། །དང་པོ་ནི། རྒྱན་ལས། རྒྱུ་མཚན་དང་དེའི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །ཞེས་དོན་སྣང་གི་རིག་པ་དང་དེའི་བག་ཆགས་གཉིས་ཀ་ཀུན་བརྟགས་སུ་བཤད་པས་སོ། །འོ་ན་དེ་ཉིད་གཞན་དབང་དུ་ཡང་བཤད་པ་མ་ཡིན་ནམ་ཞེ་ན། མི་འགལ་ཏེ། ཐེག་བསྡུས་ལས། གཞན་དབང་ནི་གཉིས་ཀྱི་ཆར་གཏོགས་པ་སྟེ་ཞེས་དེ་ལ་ལྡོག་ཆ་སོ་སོར་ཕྱེ་ནས་གཉིས་སྣང་གི་ཆ་ཀུན་བརྟགས་དང༌། གསལ་རིག་གི་ཆ་ཡོངས་གྲུབ་ཏུ་བཤད་པ་ཡིན་ལ་དེའི་ཚེ་གཉིས་སྣང་གི་ཆ་ནས་རང་སྟོང་དུ་འཆད་དགོས་པས་སོ། །རིགས་པ་ཡང༌། དེའི་ངོ་བོ་བདེན་པར་གྲུབ་པས་དེ་རང་སྟོང་མ་ཡིན་པར་མི་འགྲུབ་སྟེ། དེའི་ངོ་བོ་དེ་མ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གལ་ཏེ་འོ་ན་ལུགས་འདིར་བདེན་པར་གྲུབ་པའི་ཆོས་ཤིག་ཁས་ལེན་ན་བདེན་འཛིན་མཐའ་དག་སྤང་བྱ་མ་ཡིན་པར་འགྱུར་ལ། དེ་ལྟ་ན་ནི་འདིར་བཤད་པའི་ལམ་གྱིས་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤོང་མི་ནུས་པར་འགྱུར་རོ་ཞེ་ན། འདིའི་ལན་ལ་གསུམ་སྟེ། མཚུངས་པ་དང༌། རྣལ་མ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འོ་ན་ཐལ་རང་གི་གཞུང་ལུགས་འཆད་པ་ན་ཡང༌། ཆོས་དབྱིངས་དོན་དམ་པའི་བདེན་པར་ཁས་ལེན་པའི་སྐབས་གཞིར་བཞག་པ་ཡང་དེ་དག་ཏུ་ཐལ་བར་འགྱུར་རོ། །དེའི་ཤེས་བྱེད་ཀྱང་དོན་དམ་པའི་བདེན་པར་གྲུབ་པ་ནི་ཡོད་ལ། དེར་གྲུབ་ན་བདེན་པར་གྲུབ་དགོས་པའོ། །དེར་གྲུབ་པ་ཡོད་པའི་ཤེས་བྱེད་ནི། དོན་དམ་པར་བདེན་པ་མ་ཡིན་ན་དེར་བརྫུན་དགོས་ལ། དོན་དམ་པར་བརྫུན་ན། དོན་དམ་པའི་བདེན་པ་མ་ཡིན་དགོས་པའི་ཕྱིར། དེར་གྲུབ་ན་བདེན་པར་གྲུབ་དགོས་ཤེས་བྱེད་ཀྱང༌། བདེན་པར་གྲུབ་པའི་རྒྱུ་མཚན་བརྟག་པ་ན་དོན་དམ་པའི་བདེན་པར་གྲུབ་པ་ཉིད་ཤེས་བྱེད་དུ་འགོད་པར་རིགས་ཀྱི། ཀུན་རྫོབ་ཀྱི་བདེན་པར་གྲུབ་པ་བཀོད་ན་ཁྱབ་པ་འགལ་བའི་ཕྱིར་རོ། །གཉིས་པ་ནི་ལུགས་འདིར་མཚན་འཛིན་གྱི་རྟོག་པ་ཇི་སྙེད་པ་སྤང་བྱར་བཤད་ན། བདེན་པར་འཛིན་པ་ལྟ་ཅི་སྨོས། དེ་དེར་བཤད་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་མཐའ་དག་གནས་གྱུར་དགོས་པར་བཤད་པའི་ཕྱིར་དང༌། གཟུང་འཛིན་གཉིས་མེད་དུ་གཏན་ལ་ཕབ་པའི་ཕྱིར་རོ། །གསུམ་པ་ནི། དེ་བདེན་པར་གྲུབ་ན་དེ་ལ་བདེན་འཛིན་གྱི་བློ་སྤང་བྱར་འགལ་ལོ་ཞེ་ན། མི་འགལ་ཏེ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་དག་གི་ལུགས་ལ་ཡང༌། ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་པ་དང༌། ཆོས་ཐམས་ཅད་རང་སྟོང་ཡིན་པ་དང༌། དེ་ཐམས་ཅད་སྤྲོས་བྲལ་ཡིན་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དོན་དུ་གཉེར་བྱ་མཐར་ཐུག་ཏུ་ཁས་ལེན་ཀྱང༌། དེར་ཞེན་པའི་བློ་སྤང་བྱར་འཆད་དགོས་པ་བཞིན་ནོ། །འོ་ན་ཇི་སྐད་དུ། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང༌། །དེ་ལ་ཁོ་བོས་མཚར་དུ་རྩིས། །ཞེས་བྱ་བའི་དོན་ཇི་ལྟར་འཆད་ཅེ་ན། འདིའི་ཕྱོགས་སྔ་མ་ནི་སེམས་ཙམ་དུ་སྨྲ་བ་མན་ཆད་དངོས་པོར་སྨྲ་བ་དག་གཞན་དབང་གི་དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པ་དང༌། སྟོན་པས། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པ་ནང་འགལ་ལོ་ཞེས་འཆད་པ་ཡིན་ཏེ། བདེན་པར་གྲུབ་ན་སྤང་བྱར་འགལ་བའི་ཕྱིར་རོ། །དེ་ལྟར་ན་འཕགས་པ་གྲོལ་སྡེས། ཇི་སྐད་དུ། དག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཕྱོགས་མངོན་པར་ཞེན་པའི་ཕྱིར། མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཡང་དོན་གྱིས་འཕངས་པ་ཡིན་ནོ་ཞེས་དམིགས་པ་དག་པ་གོང་དུ་འགྲོར་མེད་པའི་སྐྱོན་བརྗོད་པའང་ལུགས་འདིར་འཇུག་པ་མེད་དེ། གཉེན་པོའི་ཡེ་ཤེས་བདེན་པར་གྲུབ་ཀྱང་དེར་འཛིན་གྱི་རྟོག་པ་སྤང་བྱར་བཞེད་པའི་ཕྱིར་རོ། །ཐོགས་མེད་རྗེས་འབྲང་དང་བཅས་པའི་ཤེས་སྒྲིབ་ཀྱི་ངོས་འཛིན་ལ་གངས་ཅན་པ་ཁ་ཅིག གཟུང་འཛིན་རྫས་གཞན་དུ་ཞེན་པའི་རྟོག་པ་ཙམ་ལ་འཆད་པ་དང༌། གཞན་དག་དེའི་སྟེང་དུ་ངོ་བོ་ཉིད་དང་ཁྱད་པར་དུ་བདེན་པར་སྒྲོ་འདོགས་པའི་རྟོག་པ་ཙམ་ཞིག་བསྣན་ནས་དེ་ཙམ་ཞིག་དེའི་ངོས་འཛིན་དུ་འཆད་ཀྱི། དེ་ལས་གཞན་ཤེས་བྱའི་སྒྲིབ་པ་ཡོངས་སུ་རྫོགས་པ་ལུགས་འདིར་བསྟན་པ་མེད་དོ་ཞེས་འཆད་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། ལུགས་འདིར་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པ་བཅུ་ཤེས་བྱའི་སྒྲིབ་པར་བཤད་ལ། དེར་མ་འདུས་པའི་ཤེས་བྱའི་སྒྲིབ་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་དག་ལ་ཡང་ངོས་གཟུང་རྒྱུ་མེད་པའི་ཕྱིར། དཔེར་ན། འདིར་བཤད་པའི་དངོས་པོའི་རྣམ་པར་རྟོག་པ་ནི་བདེན་གྲུབ་ཏུ་ཞེན་པའི་རྟོག་པ་ལ་བྱ་ལ། དངོས་མེད་དུ་འཛིན་པའི་རྟོག་པ་ནི་བདེན་མེད་དུ་ཞེན་པའི་རྟོག་པ་ལ་བྱ་ཞིང༌། དེ་གཉིས་སུ་མ་འདུས་པའི་ཤེས་སྒྲིབ་ཀྱི་རྟོག་པ་ནི་ལུགས་གཞན་ལ་ཡང་ངོས་འཛིན་རྒྱུ་ཡོད་པ་མ་ཡིན་ཏེ། རྫས་འཛིན་དང༌། བཏགས་འཛིན་གྱི་རྟོག་པ་གང་རུང་དུ་མ་འདུས་པའི་ཤེས་སྒྲིབ་ཀྱི་རྟོག་པ་འཆད་མི་ནུས་པའི་ཕྱིར་རོ། །ཡང་གངས་ཅན་པ་གཞན་དག གཞན་སྟོང་ཁོ་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་མཆོག་ཏུ་གཟུང་ནས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པར་འཆད་པའི་གཞུང་ལུགས་ལ་རྩོད་ལྡན་གྱི་ཆོས་སོ་ཞེས་སྐུར་བ་འདེབས་པ་དེ་དག་ནི། ཡིད་ཀྱི་ཡུལ་དུ་གཞག་པར་བྱ་བ་ལྟ་ཞོག རྣ་བའི་ལམ་དུ་ཡང་མཉན་པར་མི་བྱ་སྟེ། རྒྱལ་བ་གཉིས་པ་ཀླུ་གྲུབ་ཞབས་ཀྱིས་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པ་ཉིད་དུ་བཀྲལ་བ་ལ་མི་བཟད་པའི་སྐུར་བ་བཏབ་པའི་ཕྱིར་རོ། །འོ་ན་ཐོགས་མེད་མཆེད་ཀྱིས་ཀྱང་ཇི་སྐད་དུ། སྒྲ་གཞན་ཕྱིར། ཞེས་པའི་རྗེས་སུ་འབྲངས་ནས་དེ་དག་སྒྲ་ཇི་བཞིན་པ་མ་ཡིན་པར་བཀྲལ་བ་ཅི་ཞེ་ན། དེར་དེ་ལྟར་བཤད་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་གྲུབ་མཐའ་སྨྲ་བའི་རིགས་པས་བརྟགས་ནས་འཇོག་པའི་ཕྱིར་དུ་མཛད་པ་ཡིན་ཏེ། གཞན་དབང་རང་སྟོང་དུ་ཁས་ལེན་པ་དེའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་ཤིང༌། ཡོངས་གྲུབ་རང་སྟོང་དུ་ཁས་བླངས་པ་དེའི་ཚེ། དོན་དམ་ལས་ཉམས་སོ་སྙམ་དུ་དགོངས་པ་ཡིན་ནོ། །འོ་ན་འདིར་ཡང་དེ་དེར་ཁས་བླངས་པ་མ་ཡིན་ནམ་ཞེ་ན། འདིར་ཡོངས་གྲུབ་དེར་ཁས་ལེན་པའི་སྐབས་ནི་མེད་ལ། གཞན་དབང་དེར་ཁས་ལེན་པ་ནི་དོན་དམ་པའི་གནས་ཚུལ་ལ་སེམས་པ་མཐར་ཐུག་པའི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། དམ་པའི་དོན་ནི་གཅིག་པུའོ། །ཞེས་འཆད་པའི་ཕྱིར། འདིར་སྨྲས་པ། ཟླ་བའི་ཞབས་གཞུང་སྒྲུབ་པའི་ངལ་བ་ཡིས། །ཐོགས་མེད་གཞུང་ལུགས་ཇི་བཞིན་མ་ཀླགས་པར། །བྱམས་པའི་གཞུང་གསུམ་སེམས་ཙམ་ཚུལ་ལུགས་སུ། །འགྲེལ་མཛད་དེ་དག་ལོག་པའི་ལམ་དུ་གཤེགས། །ཐེག་ཆེན་རྒྱུད་བླར་བཤད་པའི་ལྟ་བ་ཡང༌། །མདོ་སྡེའི་རྒྱན་བཞིན་གཞན་སྟོང་ཁོ་ནའི་ཚུལ། །སེམས་ཙམ་གཞུང་དང་ཐལ་འགྱུར་གཞུང་ལུགས་ཀྱི། །ཁྱད་པར་དབྱེ་མཛད་དེ་དག་རང་གཟོའི་ལམ། །ཀླུ་གྲུབ་གཞུང་དང་མངོན་པར་རྟོགས་པའི་རྒྱན། །གཞན་སྟོང་སྲོལ་དུ་དྲངས་པ་མང་ཡོད་ཀྱང༌། །ཤེར་ཕྱིན་མདོ་དོན་ཇི་བཞིན་སྒྲ་ཡིས་ནི། །འཆད་བྱེད་ཐལ་རང་ལུགས་མཆོག་ཁྱད་པར་འཕགས། །བདེན་གཉིས་རང་གི་རིགས་པས་འཇོག་པ་དང༌། །ཀུན་རྫོབ་གཞན་གྲགས་དོན་དམ་བརྗོད་བྲལ་དུ། །འཆད་མཛད་འདི་དག་དབུ་མའི་ལུགས་གཉིས་ཀྱི། །ཁྱད་པར་ཡིན་གྱི་དེ་ལས་གཞན་འགའ་མེད། །འོན་ཀྱང་མཐར་ཐུག་ཐེག་གཅིག་ཡིན་པའི་ཚུལ། །རྣལ་འབྱོར་སྤྱོད་མདོའི་མངོན་པར་གསུངས་པ་མེད། །དཔལ་ཕྲེང་མདོ་དོན་རྒྱུད་བླའི་བསྟན་བཅོས་སུ། །ལེགས་པར་བཀྲལ་བས་མཐར་ཐུག་ཐེག་གཅིག་བཤད། །ལ་ལ་གཞན་སྟོང་སྒྲུབ་པའི་ངལ་བ་ཡིས། །རྩོད་བྲལ་ཕ་རོལ་ཕྱིན་པའི་ལམ་ཆེན་པོ། །ཐལ་རང་གཞུང་ལ་རྩོད་ལྡན་ཆོས་སོ་ཞེས། །སྐུར་འདེབས་དེ་ལ་གང་འདིར་ཡིད་མི་རྟོན། །ཟླ་བར་གྲགས་པས་ཐོགས་མེད་ཞབས་གཞུང་གི །ཀུན་རྫོབ་འཆད་པའི་ཚུལ་ལ་རྒོལ་མོད་ཀྱང༌། །གཉིས་མེད་ཡེ་ཤེས་དོན་དམ་བདེན་པ་ཞེས། །མཐུན་པར་འཆད་པ་སྒྲོན་མ་གསལ་བའི་ལུགས། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཤིན་ཏུ་རྒྱས་པའི་སྡེ་དང་དེའི་ཡུལ་ཅན་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། ཤིན་ཏུ་རྒྱས་པའི་ཆོས་ཀྱི་ཁྱད་པར་དང༌། དེ་ལ་ལོག་པར་སྒྲུབ་པའི་རྒྱུ་དང༌། དེའི་དགོངས་པ་གཏན་ལ་དབབ་པ་དང༌། དེ་ལ་ཡང་དག་པར་བརྩོན་པའི་ཕན་ཡོན་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་གནས་སུ་འདོགས་པའི་རྒྱུ་མཚན་ནོ། །དང་པོ་ལ་བརྗོད་བྱའི་སྒོ་ནས་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་དུ་འདོགས་པའི་རྒྱུ་དང༌། འབྲས་བུའི་སྒོ་ནས་དེ་ཟབ་ཅིང་རྒྱ་ཆེ་བར་བསྟན་པའི་རྒྱུ་མཚན་གཉིས་སོ། །དེ་ལ་ལོག་པར་སྒྲུབ་པའི་རྒྱུ་ལ་གཉིས་ཏེ། ཆོས་ལ་ཆོས་མ་ཡིན་པར་འཛིན་པའི་རྒྱུ་དང༌། དོན་མ་ཡིན་པ་ལ་དོན་དུ་འཛིན་པས་ངེས་པར་མི་འབྱུང་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་དང་མི་ལྡན་པ་དང༌། མཐུན་རྐྱེན་མ་ཚང་བ་དང༌། འགལ་རྐྱེན་གནས་པའོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། དེའི་ཤེས་བྱེད་དགོད་པའོ། །དང་པོ་ལ་ནང་དང༌། ཕྱི་རོལ་ལ་བརྟེན་པ་གཉིས་སོ། །གཉིས་པ་ཤེས་བྱེད་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ལ་མདོ་གང་ལས་གསུངས་པ་དང༌། ཚིག་ཇི་སྐད་གསུངས་པའོ། །དེ་ལ་གང་ཟག་གང་ལ་གསུངས་པ་དང༌། ལྟ་བ་ངན་པ་དུ་ཞིག་འབྱུང་བའོ། །གཉིས་པ་བཤད་པ་ལ་གསུམ་སྟེ། ངོ་བོ་ཉིད་ཀྱི་སྒོ་ནས་བརྗོད་པ་བཅུ་བདུན། དེ་ཉིད་ལ་སྐྱོན་བརྗོད་པའི་སྒོ་ནས་བཅུ། དེའི་དོན་བསྡུ་བ་གཅིག་རྣམས་སོ། །དང་པོ་ལ་བཅུ་སྟེ། མེད་པར་ལྟ་བའི་རང་གི་ངོ་བོ་གཅིག་དང༌། དེ་ཉིད་ལ་ཡུལ་གྱིས་ཕྱེ་བ་གསུམ་དང༌། དེའི་སྒྲུབ་བྱེད་འཛིན་པའི་སྒོ་ནས་གཉིས་དང༌། དེའི་ཕན་ཡོན་དུ་ལྟ་བ་གཉིས་དང༌། དེ་ལ་བརྟེན་པའི་ཉེས་དམིགས་ཀྱི་དབང་དུ་བྱས་པ་གཉིས་དང༌། དེ་ལམ་དུ་བྱེད་ཅིང་དེའི་ཕན་ཡོན་དུ་ལྟ་བ་གཉིས་དང༌། དེ་ལ་བརྟེན་ནས་གཞན་དང་འབྲེལ་བའི་སྒོ་ནས་གཏམ་བྱེད་པ་གཉིས་དང༌། དེའི་ཕན་ཡོན་དུ་ལྟ་བ་གཅིག་དང༌། དེ་ཉིད་ལ་ཞེན་པའི་ཁྱད་པར་ལས་གཅིག་དང༌། དེ་ཐམས་ཅད་ཀྱི་ས་བོན་ལས་གཅིག་གོ །གསུམ་པ་དེའི་དགོངས་པ་གཏན་ལ་དབབ་པ་ལ་གཉིས་ཏེ། ཤིན་ཏུ་རྒྱས་པའི་སྡེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་བསྟན་པ་དང༌། དེས་ན་ཤིན་ཏུ་རྒྱས་པའི་མདོ་དོན་ལས་མི་ཉམས་པའི་ཐབས་དགོངས་ལྡེམ་དགོངས་གཞི་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་དང༌། སྐྱེ་འགག་མེད་ཅིང་རང་བཞིན་གྱིས་ཞི་བར་གསུངས་པའི་དགོངས་པའོ། །དང་པོ་ལ་གཉིས་ཏེ། དུས་གསུམ་དང་བཏགས་པ་ལ་ལྟོས་ནས་དེར་གསུངས་པ་དང༌། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་དེར་གསུངས་པའོ། །ལྔ་པ་ཡང་དག་པར་བརྩོན་པའི་ཕན་ཡོན་ལ་གསུམ་སྟེ། འདྲེས་པའི་ཆོས་ལ་དམིགས་པ་ཞི་གནས་ཀྱི་ཕན་ཡོན་གཉིས་དང༌། ལྷག་མཐོང་གི་ཕན་ཡོན་གཉིས་དང༌། ཟུང་དུ་འབྲེལ་བའི་ཕན་ཡོན་གཅིག་རྣམས་སོ། །དེ་དག་གི་སྤྱིའི་དོན་ལ་གཉིས་ཏེ། རང་གི་ལུགས་གཞག་པ་དང༌། གཞན་གྱི་ལུགས་མི་འཐད་པའོ། །དང་པོ་ལ། ངེས་དོན་གྱི་མདོའི་མཚན་ཉིད་ནི། གདུལ་བྱ་ཐེག་པ་གསུམ་པོ་གང་རུང་གི་རིགས་ཅན་ལ། དགོས་པ་སྒྲིབ་པ་གཉིས་གང་རུང་གི་གཉེན་པོར་བརྗོད་བྱ་བདག་མེད་པ་གཉིས་གང་རུང་གཙོ་བོར་སྟོན་པའི་མདོའོ། །དབྱེ་ན་ངེས་དོན་གྱི་དྲང་དོན་དང༌། དེའི་ཡང་ངེས་དོན་ནོ། །དང་པོ་ནི། དེ་གང་ཞིག སྒྲ་ཇི་བཞིན་པ་མ་ཡིན་པའོ། །དེའི་མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་ལས། ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་ལྟ་བུའོ། །དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་ཤེས་བྱེད་ཀྱང་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འཆད་དགོས་པའི་ཕྱིར། དེ་ལྟར་འཆད་པ་ཡང་མདོ་གཞན་ཁོ་ན་ལ་རག་ལས་པ་མ་ཡིན་ཏེ། མདོ་དེ་ཉིད་དུ་བྱམས་ཞུས་ཀྱི་ལེའུ་ལས། དོན་དེ་གསལ་བར་གསུངས་པའི་ཕྱིར། དེ་ཡང་དགོངས་གཞི་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་དགོས་པ་ནི་མཚན་འཛིན་གྱི་རྟོག་པ་ཇི་སྙེད་པ་གཞོམ་པར་བྱ་བའི་ཕྱིར་དུའོ། །དངོས་ལ་གནོད་བྱེད་ནི། སྒྲ་ཇི་བཞིན་པར་བཤད་ན། གོང་དུ་བཤད་མ་ཐག་པའི་ལྟ་ངན་ཉི་ཤུ་རྩ་བརྒྱད་དུ་འགྱུར་བས་སོ། །འདི་ཡང་ཟབ་པའི་ཆ་ནས་ཡིན་གྱི། དེར་བཤད་པའི་རྒྱ་ཆེ་བའི་ཆ་རྣམས་ནི་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླང་བར་བྱའོ། །གཉིས་པའི་མཚན་ཉིད་ནི། དེ་གང་ཞིག སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླང་དུ་རུང་བའོ། །མཚན་གཞི་ནི། མདོ་སྡེ་དགོངས་འགྲེལ་གྱི་ནང་གི་ལེའུ་དོན་དམ་རྣམ་པར་ངེས་པ་ལྟ་བུའོ། །དེ་དེ་ཡིན་པའི་ཤེས་བྱེད་ཀྱང༌། མདོ་དེར་ཤེར་ཕྱིན་གྱི་མདོ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དོན། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ལ། དེ་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བའི་ཕྱིར་རོ། །དྲང་དོན་གྱི་མདོའི་མཚན་ཉིད་ནི། གདུལ་བྱ་ཐེག་པ་ཆེ་ཆུང་སྣ་ཚོགས་པ་ལ་དགོས་པ་བསོད་ནམས་ཀྱི་ཚོགས་སོག་པར་བྱ་བའི་ཕྱིར་དུ། བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་མདོའོ། །དབྱེ་ན་དྲང་དོན་གྱི་དྲང་དོན་དང༌། དེའི་ངེས་དོན་ནོ། །དང་པོའི་མཚན་ཉིད་ནི། དེ་གང་ཞིག སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བའོ། །མཚན་གཞི་ནི། དགོངས་པ་ཅན་རྣམ་པ་བཞིའི་མདོ་ལྟ་བུའོ། །གཉིས་པའི་མཚན་ཉིད་ནི། དེ་གང་ཞིག སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བའོ། །མཚན་གཞི་ནི། གཞུག་པ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལྡེམ་པོར་དགོངས་པའི་མདོའི་ཆ་ཤས་འགའ་ཞིག་ལྟ་བུའོ། །དེ་ཡང་དཔེར་ན། ཉན་ཐོས་པ་དག་ཐེག་པ་ཆེན་པོ་ལ་གཞུག་པར་བྱ་བའི་ཕྱིར་དུ། ཕུང་ཁམས་སྐྱེ་མཆེད་གསུམ་གྱི་རྣམ་གཞག་གསུངས་པ་དང༌། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མ་འདྲེས་པར་གསུངས་པའི་མདོ་ལྟ་བུའོ། །སྤྱིར་ལྡེམ་པོ་ཞེས་བྱ་བའི་དོན་ནི་དྲང་པོ་ཡིན་ལ། དེའི་དོན་ཡང་སྒྲ་ཇི་བཞིན་པ་ཉིད་དོ། །དེ་ལའང་དགོངས་པ་སྒྲ་ཇི་བཞིན་པ་དང༌། དགོས་པ་སྒྲ་ཇི་བཞིན་པ་གཉིས་ལས། དང་པོ་ལ་ལྡེམ་པོའི་ངག་ཅེས་བྱ་ལ། དེ་ནི་སྒྲ་ཇི་བཞིན་པ་ཁོ་ནའོ། །གཉིས་པ་ནི། ངག་དེའི་དགོངས་པ་སྒྲ་ཇི་བཞིན་པར་མི་རུང་ཀྱང༌། སྒྲ་ཇི་བཞིན་པ་དེའི་དགོས་པ་ཁས་བླང་དུ་རུང་བའོ། །དེ་ལ་ནི་ལྡེམ་པོར་དགོངས་པའི་ངག་ཅེས་བྱའོ། །འདིར་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་བོད་གཞན་དག་གིས་བཏགས་པ་ལ་ནི་གོ་བ་ཆེར་མི་སྣང་བས་འདི་ལྟར་བཤད་དེ། སྒྲ་ཇི་བཞིན་པའི་ངག་དེ་ལྡེམ་པོའི་ངག་གི་མཚན་ཉིད་དོ། །དབྱེ་ན་དགོངས་པ་དང༌། དགོས་པ་གཉིས་ཀ་སྒྲ་ཇི་བཞིན་པའི་ངག་དང༌། དགོངས་པ་སྒྲ་ཇི་བཞིན་པ་ཡིན་ཀྱང༌། དགོས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་དང༌། དགོས་པ་དེ་མ་ཡིན་ཀྱང་དགོངས་པ་དེ་ཡིན་པ་དང༌། གཉིས་ཀ་དེ་མ་ཡིན་པའོ། །དང་པོ་ནི། ངེས་དོན་ལ་མཚོན་ན་དོན་དམ་རྣམ་ངེས་ཀྱི་ལེའུ་ལྟ་བུ་དང༌། དྲང་དོན་ལ་མཚོན་ན་མ་རིག་པ་ལས་འདུ་བྱེད་སོགས་འབྱུང་བར་སྟོན་པའི་མདོ་ལྟ་བུའོ། །གཉིས་པ་མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལྟ་བུའོ། །དེའི་དགོས་པ་ནི་སྒྲ་ཇི་བཞིན་པ་ཡིན་ཏེ། དེའི་སྒྲ་ཇི་བཞིན་པ་ལ་བརྟེན་ནས་སྤྲོས་པའི་མཚན་མ་ཐམས་ཅད་འགོག་ནུས་པའི་ཕྱིར་རོ། །དེའི་དགོངས་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། ཡོངས་གྲུབ་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཆོས་ཐམས་ཅད་བདག་མེད་པ་ཡོད་པར་སྟོན་པའི་མདོ་ལྟ་བུའོ། །དེའི་དགོས་པ་ནི། སྒྲ་ཇི་བཞིན་པ་མ་ཡིན་ཏེ། བདག་མེད་པ་ཡོད་འཛིན་གྱི་རྟོག་པ་སྐྱེས་པ་དེ་དེའི་དགོས་པ་ཡིན་ལ། དེ་ཡང་སྤང་བྱ་ཡིན་པའི་ཕྱིར་རོ། །དགོངས་པ་ནི་སྒྲ་ཇི་བཞིན་པ་ཡིན་ཏེ། བདག་མེད་པ་ཡོད་པའི་ཕྱིར་རོ། །བཞི་པ་རྟོགས་པར་སླའོ། །དེ་ལྟར་སྤྱིར་བཤད་ནས། བྱེ་བྲག་གཞུང་འདིར་འབྱུང་བ་ནི། དགོངས་པ་སྒྲ་ཇི་བཞིན་པ་མ་ཡིན་ཀྱང་དགོས་པ་སྒྲ་ཇི་བཞིན་པ་ཉིད་དུ་བརྟག་ཏུ་རུང་བའི་གསུང་རབ་དེ་ལྡེམ་པོར་དགོངས་པའི་མདོའི་མཚན་ཉིད་དོ། །དབྱེ་ན་བཞི་དགོངས་ལྡེམ་དགོངས་འགལ་བ་ནི་མ་ཡིན་ཏེ། དགོངས་པ་ཅན་བཞི་ཀ་གཉེན་པོ་ལྡེམ་དགོངས་ཀྱི་མཚན་གཞིར་བཤད་པའི་ཕྱིར། དེས་ན་འདིར་བཤད་པའི་བརྒྱད་པོ་ནི་ལྡེམ་པོར་དགོངས་པ་ཁོ་ན་ཡིན་ལ། དེ་ལ་དྲང་དོན་གྱིས་མ་ཁྱབ་ཏེ། དེ་ལ་ཀུན་རྫོབ་བདེན་པ་གཞིར་བྱས་པའི་ངེས་དོན་ཡང་ཡོད། དོན་དམ་བདེན་པའི་དབང་དུ་བྱས་པའི་ངེས་དོན་ཡང་ཡོད་པའི་ཕྱིར། དཔེར་ན། ཤེར་ཕྱིན་གྱི་མདོ་ལྟ་བུའོ། །སྤྱིར་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་དགོངས་པ་ཅན་དང༌། ལྡེམ་པོའི་ངག་གཉིས་སུ་འདུས་པ་ཡིན་ཏེ། དགོངས་པ་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་སུ་འདུས་པའི་ཕྱིར། དེ་ལ་དགོངས་ནས་ཐེག་བསྡུས་སུ། སངས་རྒྱས་ཀྱི་གསུང་ཐམས་ཅད་དེས་བསྡུས་པར་བཤད་དོ། །གཉིས་པ་གཞན་གྱི་ལུགས་དགག་པ་ནི། གངས་ཅན་དུ་བྱོན་པའི་སྔ་ཕྱི་མང་པོ་དག ལུགས་འདིར། ཤེར་ཕྱིན་གྱི་མདོ་སོགས་འཁོར་ལོ་བར་པ་རྣམས་དྲང་དོན་དུ་ཁས་ལེན་དགོས་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། དེ་ལྟར་དུ་གསུངས་པའི་ཕྱིར་དང༌། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཞེས་མཐུན་པར་གསུང་ངོ༌། །དེ་ནི་རིགས་པ་མ་ཡིན་ཏེ། དབྱིག་གཉེན་ཞབས་ཀྱིས། རྣམ་བཤད་རིགས་པར་བཤད་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྩ་བ་དང༌། འགྲེལ་པ་གཉིས་ལས། དང་པོ་ནི། ཇི་སྐད་དུ། དེ་ཉིད་ལས། ཇི་ལྟར་སངས་རྒྱས་གསུངས་མ་ཡིན། །འགལ་བའི་ཕྱིར་རོ་གཞན་དེ་བཞིན། །དེ་ངེས་དོན་ཡིན་རིལ་མི་ཤེས། །ངེས་དོན་མེད་པར་ཇི་ལྟར་ཤེས། །དེ་སྒྲ་བཞིན་དོན་མ་ཡིན་ནོ། །འགལ་བའི་ཕྱིར་རོ་ཉམས་བྱེད་མིན། །ལྟ་བ་མི་བཟང་བཀག་ཕྱིར་རོ། །ཕན་པའི་ཐབས་ཀྱང་བསྟན་ཕྱིར་རོ། །ཞེས་གསུངས་སོ། །གཞུང་འདིའི་ཕྱོགས་སྔ་མ་ནི། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུངས་མ་ཡིན་ཏེ། འདི་ལ་ངེས་པའི་དོན་མེད་པའི་ཕྱིར་ཏེ། སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་ཕྱིར་ཞེས་པའོ། །དེའི་ལན་ནི། ཇི་ལྟར་སངས་རྒྱས་གསུངས་མ་ཡིན། །ཞེས་དྲིས་ནས། འགལ་བའི་ཕྱིར་རོ་ཞེ་ན། གཞན་དེ་བཞིན། ཞེས་པ་ཁྱེད་རང་གི་ལུང་ལ་ཡང་དེར་ཐལ་ལོ། །དེ་ངེས་དོན་ཡིན་ཞེས་པ་ཤེར་ཕྱིན་གྱི་མདོ་ངེས་དོན་ཡིན་ཏེ། འདིས་ངེས་དོན་ཟབ་མོ་སྟོན་པའི་ཕྱིར་ཞེས་པའོ། །དེས་དེ་སྟོན་པར་མི་འགྲུབ་བོ་ཞེ་ན། རིལ་མི་ཤེས་ཞེས་པ་ཁྱེད་རང་གིས་ཐེག་པ་ཆེན་པོའི་མདོ་རིལ་གྱིས་མི་ཤེས་པས་ལན་པ་ཡིན་ཏེ། ཐེག་པ་ཆེན་པོའི་མདོ། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་ལས་དེས་དེ་སྟོན་པར་བཤད་པའི་ཕྱིར་ཞེས་པའོ། །ངེས་དོན་མེད་པར་ཇི་ལྟར་ཤེས། །ཞེས་པ་འདི་ལ་ངེས་དོན་མེད་པའི་རྒྱུ་མཚན་ཅི་ཡིན་དྲིས་པའོ། །འདིའི་ངེས་དོན་བརྗོད་པའི་སྒྲ་ཇི་བཞིན་པ་དེ་ཁས་བླངས་ན་ངེས་པར་ལེགས་པ་དང༌། མངོན་པར་མཐོ་བའི་ལམ་ལས་ཉམས་པར་བྱེད་པའི་ཕྱིར་ཞེ་ན། དེ་སྒྲ་བཞིན་དོན་མ་ཡིན་ནོ། །འགལ་བའི་ཕྱིར་རོ་ཞེས་པ་དེའི་སྒྲ་ཇི་བཞིན་པ་དེ་ངེས་དོན་མ་ཡིན་ཏེ། དེར་དེ་ཁས་བླངས་ན་འགལ་བ་སྟེ་ལྟ་བ་ངན་པ་བསྐྱེད་པའི་ཕྱིར་རོ། །ཉམས་བྱེད་མིན། ལྟ་བ་མི་བཟང་བཀག་ཕྱིར་རོ། །ཞེས་པ་ནི། ཐེག་པ་ཆེན་པོའི་ལྟ་བ་འདིས་གཞན་ཉམས་པར་བྱེད་པ་ནི་མ་ཡིན་ཏེ། ལྟ་བ་ངན་པ་ནི་འདི་ཉིད་དུ་བཀག་པའི་ཕྱིར་དང༌། བསོད་ནམས་ཀྱི་ཚོགས་ཀྱི་སྒོ་ནས་ཕན་པའི་ཐབས་ཀྱང་བསྟན་པའི་ཕྱིར་ཞེས་པའོ། །ལྟ་བ་ངན་པ་ཇི་ལྟར་བཀག་པ་ནི། ཡུམ་བརྒྱད་སྟོང་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས། འདི་སྐད་དུ། ཆོས་དེ་ནི་ནམ་མཁའ་དང་འདྲ་སྟེ་འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ། །ཆོས་དེ་ནི་མེད་པ་སྟེ་འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་པ་ནས་འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱའོ། །ཞེས་བྱ་བ་འདི་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། དེ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་འདུན་པ་བཟློག་པར་བྱེད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་འདི་ནི་བདུད་ཀྱི་ལས་ཡིན་ཞེས་ཤེས་པར་བྱ་ཞིང་རིག་པར་བྱའོ། །ཞེས་འབྱུང་བ་ཡིན་ནོ། །ཞེས་རྣམ་བཤད་རིགས་པ་དེ་ཉིད་དུ་དྲངས་སོ། །གཉིས་པ་འགྲེལ་པ་དང་འགལ་བ་ནི། རྩ་བ་དྲངས་མ་ཐག་པ་དེའི་འགྲེལ་པ་ལས། ཐེག་པ་ཆེན་པོ་ལ་ནི་ངེས་པའི་དོན་མེད་དོ། །ཞེས་སྨྲ་བ་གང་ཡིན་པ་དེ་ཡང་ཐོས་པ་ཉུང་བའི་ཕྱིར་དེ་སྐད་སྨྲས་པ་ཡིན་ཏེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཐམས་ཅད་ངེས་པའི་དོན་ཡིན་པར་འབྱུང་ལ། མདོ་སྡེ་གཞན་གྱི་ཁྱད་པར་མང་པོ་དག་ལས་ཀྱང་དོན་དེ་ཉིད་ཡོངས་སུ་བསྟན་ཏོ། །མདོ་སྡེའི་དུམ་བུ་དེ་དག་ནི་གཞུང་མངས་པའི་ཕྱིར་མ་བཀོད་དོ། །རེ་ཞིག་ཚིགས་སུ་བཅད་པ་ཙམ་ཞིག་བརྗོད་པ་ནི། དགོངས་འགྲེལ་ལས། ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །མཁས་པ་གང་ཞིག་དགོངས་པ་འདི་དག་ཤེས་པ་ན། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཞེས་གསུངས་པ་ཡིན་ནོ། །ཞེས་རྣམ་བཤད་རིགས་པ་དེ་ཉིད་དུ་བྱུང་བའི་ཕྱིར་ན། ཤེར་ཕྱིན་གྱི་མདོ་དྲང་དོན་དུ་འཆད་པ་ནི། རྣལ་འབྱོར་སྤྱོད་པ་བ་དག་གི་ལུགས་མ་ཡིན་ནོ། །གཞན་ཡང༌། ཐོགས་མེད་ཞབས་ཀྱིས། རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པར། བརྗོད་བྱ་བདེན་པ་གཉིས་ཀྱི་སྒོ་ནས། དྲང་ངེས་གསལ་བར་ཕྱེ་བའི་ཕྱིར། ཤིང་རྟ་ཆེན་པོ་གཉིས་ཀྱི་དྲང་ངེས་ཀྱི་འཇོག་མཚམས་རྣམ་པར་དབྱེ་བའི་བསྟན་འཆོས། བོད་ཕྱི་མ་རྣམས་ཀྱིས་བྱས་པ་དེ་དག་ནི་མཛེས་པར་མ་མཐོང་ངོ༌། །འདིར་སྨྲས་པ། དྲང་པོའི་བློ་ཡིས་ཚུལ་བཞིན་མི་དཔྱོད་པར། །དྲང་ངེས་འབྱེད་པའི་ང་རོ་བགྲང་ཡས་ཀྱིས། །དྲང་དོན་ངེས་པའི་དོན་དང་ངེས་དོན་ཀྱང༌། །དྲང་བའི་དོན་དུ་འཆད་པ་དེ་ངོ་མཚར། །ཆོས་དང་དོན་ལ་ཐོགས་པ་མེད་འཇུག་ཅིང༌། །ཆོས་དང་ཆོས་མིན་ཕྱེད་པའི་རྣམ་དཔྱོད་ཀྱིས། །ཆོས་རྣམ་ངེས་པའི་རྣམ་བཤད་འདིར་ཞུགས་ལ། །ཆོས་མངོན་རྒྱ་མཚོའི་ཕ་མཐའ་གང་ཡིན་ལྟོས། །ཞེས་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་ལས་ཆོས་རྣམ་པར་ངེས་པ་སྟེ་ལེའུ་གསུམ་པའི་རྣམ་པར་བཤད་པ་གཏན་ལ་ཕབ་པའོ།།  །།སྡེ་སྣོད་མང་པོའི་སྒོ་བརྒྱ་རབ་ཕྱེ་ནས། །ཕུང་སོགས་ཆོས་དང་བདེན་བཞིའི་རྣམ་པ་ལ། །ཐོས་བསམ་བྱེད་པོའི་བློ་ལ་མངོན་རྟོགས་ཀྱང༌། །སྐྱེ་ཚུལ་གསུང་བ་དེ་ལ་ཕྱག་འཚལ་ལོ། །གང་གང་ཐོབ་བྱ་དེ་ཐོབ་བྱེད་པོ་དང༌། །ཐེག་གསུམ་མངོན་རྟོགས་རྫོགས་སངས་རྒྱས་བློ་ཡིས། །ཡོན་ཏན་གསལ་བའི་དབྱེ་བ་མཐའ་ཡས་པ། །བཤད་སྲོལ་གཞན་དང་མ་འདྲེས་འདིར་བཤད་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། གསུམ་པ་ཐོབ་པ་རྣམ་པར་ངེས་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། ཐོབ་པར་བྱེད་པའི་གང་ཟག་དང༌། ཐོབ་བྱའི་མངོན་པར་རྟོགས་པ་དང༌། ཐེག་པ་ཆེན་པོའི་གང་ཟག་དང་དེའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དང༌། རྒྱུན་དུ་ཞུགས་པའི་གང་ཟག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྡེ་ཚན་གྱི་སྒོ་ནས་བདུན་དུ་དབྱེ་བ་དང༌། དེ་ཉིད་རྒྱུ་མཚན་དུ་བྱས་ནས་སོ་སོའི་བྱེ་བྲག་དྲུག་ཅུར་ཕྱེ་བའོ། །དེ་ལ་བདུན་ཏེ། སྤྱོད་པས་དང༌། ངེས་འབྱུང་གིས་དང༌། ཉེ་བར་བརྟན་པས་དང༌། སྦྱོར་བས་དང༌། འབྲས་བུས་དང༌། ཁམས་ཀྱིས་དང༌། སྤྱད་པས་རབ་ཏུ་དབྱེ་བ་རྣམས་སོ། །འབྲས་བུས་དབྱེ་བ་ལ་གསུམ་སྟེ། དབང་པོ་སྙོམས་འཇུག་རྣམ་གྲོལ་གྱི་སྒོ་ནས་དང༌། ཞུགས་འབྲས་བརྒྱད་ཀྱི་སྒོ་ནས་དང༌། སྐྱེ་བ་ལེན་ཚུལ་དང་རིགས་ཀྱི་སྒོ་ནས་དབྱེ་བ་རྣམས་སོ། །གཉིས་པ་སོ་སོའི་མཚན་ཉིད་ལ་སྔ་མ་ལྟར་བདུན་ལས། དང་པོ་ལ་བཞི་སྟེ། འདོད་ཆགས་ལ་སྤྱོད་པ་དང༌། སྤྱོད་པ་གཞན་བཞི་དང༌། ཆ་མཉམ་པ་ལ་སྤྱོད་པ་དང༌། ཤས་ཆུང་བ་བཤད་པའོ། །ངེས་འབྱུང་ལ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་དང༌། ཐེག་པ་ཆེན་པོ་པའོ། །དང་པོ་ལ། རིགས་དང༌། དབང་པོ་དང༌། སྨོན་ལམ་དང༌། བསམ་པ་དང༌། དམིགས་པ་དང༌། སྤྱོད་པ་དང༌། འབྲས་བུ་སྟེ་ཁྱད་པར་བདུན་ནོ། །གཉིས་པ་རང་རྒྱལ་གྱི་ཐེག་པ་ལ་བདུན་ཏེ། རིགས་དང༌། དབང་པོ་དང༌། སྨོན་ལམ་དང༌། སྤང་བྱ་སྤངས་པ་དང༌། ཐོབ་བྱ་ཐོབ་པར་བྱེད་པའི་དབྱེ་བས་བསམ་པའི་ཁྱད་པར་དང༌། དམིགས་པའི་ཁྱད་པར་དང༌། སྤྱོད་པའི་ཁྱད་པར་ཏེ་དྲུག་དང༌། སོ་སྐྱེ་སྔོན་འགྲོ་དང་ཉན་ཐོས་སྔོན་འགྲོའི་དབྱེ་བས་འབྲས་བུའི་ཁྱད་པར་ཏེ་བདུན་ནོ། །སྤྱོད་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། བྱེ་བྲག་གི་དབྱེ་བ་དང༌། བདག་ཉིད་ཀྱི་སྤྱོད་པའོ། །བར་མ་ལ་གསུམ་སྟེ། སྦྱོར་ལམ་མ་སྐྱེད་པ་དང༌། མཐོང་ལམ་མ་སྐྱེད་པ་དང༌། དེ་སྐྱེད་པའོ། །ཐེག་ཆེན་ལ་བདུན་ཏེ། རིགས་དང༌། དབང་པོ་དང༌། སྨོན་ལམ་དང༌། བསམ་པ་དང༌། དམིགས་པ་དང༌། སྤྱོད་པ་དང༌། འབྲས་བུའོ། །སྤྱོད་པ་ལ་གསུམ་སྟེ། སྤྱོད་པའི་ངོ་བོ་དང༌། བྱེད་པ་དང༌། ཡོན་ཏན་ནོ། །བྱེད་པ་ལ་གཉིས་ཏེ། རང་དང་གཞན་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པ་སྦྱོང་བའོ། །གསུམ་པ་ངེས་པར་བསྟན་པས་དབྱེ་བ་ལ་གཉིས་ཏེ། གང་ཟག་གི་མཚན་ཉིད་དངོས་དང༌། ཞར་ལ་དེའི་ལམ་ལས་ཉམས་པའི་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་ཚོགས་ལམ་ལ་གནས་པའི་གང་ཟག་བཤད་པ་དང༌། སྦྱོར་ལམ་ལ་གནས་པའི་གང་ཟག་བཤད་པའོ། །དེ་རེ་རེ་ལའང་ཚོགས་མ་བསགས་པ་དང༌། བསགས་ལ་མ་བསགས་པ་དང༌། བསགས་པ་དང་གསུམ་གསུམ་མོ། །གཉིས་པའི་གསུམ་པ་ལ་དངོས་དང༌། ཆོས་མཆོག་མ་གཏོགས་པ་ཞེས་སྨོས་པའི་རྒྱུ་མཚན་ནོ། །འདིར་ངེས་འབྱེད་ཆ་མཐུན་ལས་ཉམས་པ་སྲིད་པ་དེ་ནི་ཐེག་དམན་གྱི་དབང་དུ་བྱས་པ་ཡིན་ཏེ། དྲོད་མན་ཆད་དུ་དགེ་རྩ་ཆད་པ་ཅིག་སྲིད་པའི་ཕྱིར། དེ་ཡང་མངོན་གྱུར་ཡིན་གྱི་བག་ལ་ཉལ་མ་ཡིན་ཏེ། འཇིག་རྟེན་པའི་ལམ་གྱིས་རང་གི་སྤང་བྱའི་ས་བོན་འཇོམས་མི་ནུས་པའི་ཕྱིར་ཞེས་འཆད་པའམ། ཡང་ན། ཐེག་པ་ཐུན་མོང་གི་གྲུབ་མཐའི་དབང་དུ་བྱས་པ་ཡིན་ཏེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་ལྟར་ན་ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་ཕྱིར་རོ། །ཡང་ན། འཇིག་རྟེན་པའི་ལམ་རྣམས་ནི། མངོན་གྱུར་ལས་ཉམས་ནས་དབང་ལྡན་དུ་གནས་པ་སྲིད་ལ། འདས་པའི་ལམ་ལ་ནི་དེ་ལྟར་མི་སྲིད་དོ། །ཞེས་པའི་དོན་དུ་སྦྱར་རོ། །བཞི་པ་སྦྱོར་བས་དབྱེ་བ་ལ་རྗེས་འབྲང་རྣམ་པ་གཉིས་སོ། །ལྔ་པ་འབྲས་བུའི་དབྱེ་བ་ལ་དྲུག་སྟེ། སློབ་པའི་འབྲས་བུའི་ཁྱད་པར་དབང་པོའི་སྒོ་ནས་ཕྱེ་བ་གཉིས་དང༌། སྙོམས་འཇུག་གི་སྒོ་ནས་ཕྱེ་བ་གཅིག་དང༌། དགྲ་བཅོམ་པའི་འབྲས་བུའི་ཁྱད་པར་ལ་སྒྲིབ་པའི་སྒོ་ནས་ཕྱེ་བ་གཉིས་དང༌། ལམ་དང་འབྲས་བུའི་སྒོ་ནས་ཕྱེ་བའི་གང་ཟག་བརྒྱད་དང༌། སྐྱེ་བའི་ཁྱད་པར་གྱི་སྒོ་ནས་ཕྱེ་བ་བརྒྱད་དང༌། དགྲ་བཅོམ་པའི་འབྲས་བུའི་ཁྱད་པར་རིགས་ཀྱི་སྒོ་ནས་དབྱེ་བ་དྲུག་གོ །བཞི་པ་ལམ་དང་འབྲས་བུའི་དབྱེ་བ་བརྒྱད་པོ་བཞིར་བསྡུ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་གནས་གཉིས་དང༌། ཕྱིར་འོང་གི་གཉིས་དང༌། ཕྱིར་མི་འོང་གི་གཉིས་དང༌། དགྲ་བཅོམ་པའི་གཉིས་སོ། །དང་པོ་ལ་གསུམ་སྟེ། གང་ཟག་གཉིས་ཀྱི་མཚན་ཉིད་དང༌། དེའི་དམིགས་བསལ་དང༌། རྒྱུན་དུ་ཞུགས་པའི་མཚན་ཉིད་ལ་མདོ་དང་འགལ་བ་སྤང་བའོ། །དམིགས་བསལ་ལ་གཉིས་ཏེ། ཞར་བྱུང་མཐོང་ལམ་གྱི་རྣམ་གྲངས་དང༌། མཐོང་ལམ་ལ་དང་པོར་འབྲས་བུ་གང་ཐོབ་པའོ། །ཕྱིར་མི་འོང་གི་གཉིས་ལའང་གང་ཟག་སོ་སོའི་མཚན་ཉིད་དང་མདོ་དང་འགལ་བ་སྤང་བའོ། །དགྲ་བཅོམ་ལའང་དེ་བཞིན་ནོ། །སྐབས་འདིར་ཉེ་བར་མཁོ་བའི་དོན་འདི་བཤད་པར་བྱ་སྟེ། གཞུང་འདིའི་རྣམ་བཤད་མཛད་པ་པོ་མཐའ་དག་ལུགས་འདིའི་ཞུགས་གནས་ཀྱི་རྣམ་པར་བཞག་པ་མཐའ་དག་མངོན་པ་འོག་མ་ནས་འབྱུང་བ་དང་མཐུན་པར་འཆད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། མངོན་པ་གོང་འོག་གཉིས་འབྲས་བུའི་ངོས་འཛིན་མི་འདྲ་བ་དང༌། དེ་འཐོབ་བྱེད་ཀྱི་ལམ་གྱིས་ཁྱད་པར་མི་འདྲ་བ་དང༌། ཞུགས་གནས་ཀྱིས་མཚམས་མི་འདྲ་བ་དང༌། ཆགས་བྲལ་སྔོན་སོང་གི་འཇོག་མཚམས་མི་འདྲ་བ་དང༌། ཙམ་ཁྱད་ཀྱི་ངོས་འཛིན་མི་འདྲ་བའི་ཕྱིར་རོ། །དང་པོ་ནི། ལུགས་འདི་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཞེས་བྱ་བའི་ཐ་སྙད་མེད་པ་དང༌། དེའི་འབྲས་བུ་ལ་འདུས་བྱས་དང༌། འདུས་མ་བྱས་གཉིས་སུ་དབྱེ་བ་མེད་པ་དང༌། རྒྱུ་ལྔ་ཚང་བའི་འབྲས་བུའི་ཐ་སྙད་མེད་པ་དང༌། འབྲས་བུ་ལ་བརྒྱད་ཅུ་རྩ་དགུར་དབྱེ་བའི་རྣམ་གཞག་མེད་པ་དང༌། འབྲས་བུ་བཞི་པོ་ལ་རྣམ་གྲོལ་ལམ་དང༌། སོ་སོར་བརྟགས་འགོག་གང་རུང་གིས་ཁྱབ་པ་མེད་པ་རྣམས་སོ། །དེ་དག་གི་རྒྱུ་མཚན་ཡང༌། དེ་ལྟར་ཁས་ལེན་པའི་ཤེས་བྱེད་མེད་པ་དང༌། ཁས་བླངས་པ་ལ་གནོད་བྱེད་ཡོད་པའོ། །དང་པོ་ནི། ཐོགས་མེད་ཞབས་ཀྱི་གཞུང་གང་ན་ཡང་དེའི་བཤད་པ་མེད་ཅིང༌། དེའི་དགོངས་འགྲེལ་གཅུང་པོས་མཛད་པ་དག་ན་ཡང་དེའི་བཤད་པ་མེད་པའོ། །གནོད་བྱེད་ཀྱང་རིམ་པ་བཞིན་དུ་བསྟན་པ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུའི་རྣམ་པར་བཞག་པ་ཁས་ལེན་ན། དེའི་འབྲས་བུ་ཐོབ་ཕྱིར་དུ་ཞུགས་པའི་ཞུགས་པ་བཞི་པོ་གང་རུང་ཡིན་ན་དགེ་སྦྱོང་གི་ཚུལ་རྒྱུད་ལ་ལྡན་པས་ཁྱབ་པར་འགྱུར་ལ། དེ་ལ་འདོད་མི་ནུས་པ་ནི་སྦྱོར་ལམ་ནས་འབྲས་ཞུགས་སུ་བཤད་པའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང་ཕྱིར་མི་འོང་བའི་འབྲས་བུ་གཉིས་ལ་འཐོབ་བྱེད་དགེ་སྦྱོང་གི་ཚུལ་རེ་རེ་ཡོད་པ་མ་ཡིན་ཏེ། དེ་གཉིས་ནི་འཇིག་རྟེན་པའི་ལམ་ཁོ་ནས་ཐོབ་པའི་ཕྱིར་དང༌། གལ་ཏེ་འདས་ལམ་གྱིས་ཐོབ་ན་མཐོང་ལམ་གྱིས་ཐོབ་དགོས་ལ། དེ་ཡང་རིགས་པ་མ་ཡིན་ཏེ། མཐོང་ལམ་གྱི་སྔ་རོལ་དུ་ངོ་སྐལ་གྱི་སྤང་བྱ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འོག་མའི་ལུགས་ལ་ཐལ་བ་འདི་མི་འཇུག་སྟེ། དེར་ནི། ཇི་སྐད་དུ། སྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་བྱ་བའི་གྲུབ་པའི་མཐའ་འཇོག་པའི་ཕྱིར། ཡང་འདིར་འབྲས་བུ་ལ་གཉིས་སུ་འབྱེད་ན་མཐོང་སྤང་སྤངས་པའི་འགོག་བདེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། འདོད་ཉོན་དྲུག་དགུ་སྤངས་པའི་འགོག་བདེན་ལ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུར་འཇོག་པར་འགྱུར་ལ། དེ་ཡང་དེ་ལྟ་ན་བཅུ་བཞི་པ་ལམ་ལ་ཆོས་ཤེས་ནས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་པར་སྲིད་པར་འགྱུར་ཏེ། དེར་མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་འགོག་བདེན་མངོན་དུ་བྱས་པས་ཁྱབ་པའི་ཕྱིར། མཐོང་ལམ་གྱི་སྔ་རོལ་དུ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པ་སྲིད་པར་འགྱུར་ཏེ། དེར་སྒོམ་སྤང་དུ་གྱུར་པའི་འདོད་ཉོན་དྲུག་དགུ་སྤངས་པའི་འགོག་བདེན་མངོན་དུ་བྱས་པ་སྲིད་པའི་ཕྱིར། གལ་ཏེ་དེར་འཇོག་པ་ལ་མཐོང་སྤང་སྤངས་པས་ཁྱད་པར་དུ་བྱས་པ་ཞིག་དགོས་ན་ཡང་སྔ་མ་དེ་ཉིད་དུ་ཐལ་བར་འགྱུར་རོ། །འོན་ཏེ་ཕྱིར་འོང་སོགས་ཀྱི་འབྲས་བུ་འདུས་མ་བྱས་སུ་འཇོག་པ་ལ་འདས་ལམ་གྱིས་ཉོན་མོངས་པའི་ས་བོན་སྤངས་པ་ཞིག་དགོས་པར་འདོད་ནའང༌། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་ཉིད་མི་སྲིད་པར་ཐལ་བ་དང༌། མཐོང་ལམ་གྱིས་སྒོམ་སྤང་ཉོན་མོངས་ཀྱི་ས་བོན་སྤོང་བ་གང་རུང་ལས་མ་འདས་སོ། །གཞན་ཡང༌། སྤྱིར་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་མི་སྲིད་དེ། བཅུ་དྲུག་པའི་རྗེས་སུ་ཟག་མེད་བར་ཆད་མེད་ལམ་གྱིས་འདོད་ཉོན་སྤངས་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ནི་མི་སྲིད་དེ། དེའི་སྔ་རོལ་དུ་དེ་སྤངས་པའི་འབྲས་བུ་འདུས་མ་བྱས་ཀྱང་མི་སྲིད་པའི་ཕྱིར་རོ། །རྟགས་སྔ་མ་གྲུབ་པའི་ཤེས་བྱེད་ནི་བཅུ་དྲུག་པའི་རྗེས་སུ་ཟག་མེད་ལམ་གྱིས་སྒོམ་སྤང་སྤོང་ཚུལ་ནི་ཅིག་ཆར་བ་ཁོ་ནར་ངེས་པའི་ཕྱིར། ཡང་རྒྱུ་ལྔ་ཚང་བའི་འབྲས་བུའི་ཐ་སྙད་ཡོད་ན་བྱེ་བྲག་ཏུ་སྨྲ་བའི་རྟོག་པས་བཏགས་པའི་གྲུབ་པའི་མཐའ་རྣམས་འདིར་ཁས་ལེན་དགོས་པར་འགྱུར་ཏེ། རྒྱུ་ལྔ་པོ་དེ་ནི་དེའི་གྲུབ་པའི་མཐའ་ཁོ་ནས་བཏགས་པ་ཡིན་གྱི། ཐེག་པ་ཆེན་པོའི་ལུང་ལ་མ་གྲགས་པའི་ཕྱིར་རོ། །འབྲས་བུ་ལ་བརྒྱད་ཅུ་གྱ་དགུར་མི་འབྱེད་པའི་ཤེས་བྱེད་ཀྱང་མཐོང་ལམ་བཟོད་པ་བརྒྱད་ཀ་ཉོན་མོངས་སྤོང་བའི་བར་ཆད་མེད་ལམ་དུ་མི་འཇོག་པའི་ཕྱིར་དང༌། བཅུ་དྲུག་པའི་རྗེས་སུ་ཉོན་མོངས་སྤོང་ཚུལ་ཐམས་ཅད་ཅིག་ཅར་བ་ཁོ་ནར་ངེས་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་དེར་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཉོན་མོངས་སྤོང་བ་མི་སྲིད་ཅིང༌། དེར་ཟག་མེད་ལམ་གྱིས་ཉོན་མོངས་སྤོང་ཚུལ་ནི་ཅིག་ཆར་བ་ཁོ་ནར་ངེས་པའི་ཕྱིར། དཔེར་ན་སྡུག་བསྔལ་ལ་ཆོས་བཟོད་བཞིན་ནོ། །དེ་ལྟ་ན་ཡང་ཆགས་བྲལ་སྔོན་སོང་ལ་ཞིབ་ཆ་འདོན་ཚུལ་ཅུང་ཟད་ཞིག་ནི་སྐབས་སྟོབས་ཀྱིས་ཤེས་པར་བྱའོ། །བདེན་པ་མཐོང་རྗེས་སུ་ས་གོང་འོག་ལ་ཞི་རགས་སུ་ལྟ་བ་མེད་པའི་རྒྱུ་མཚན་ཡང༌། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་དེའོ། །ཡང་འབྲས་བུ་བཞི་པོ་གང་རུང་ལ་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་གིས་མ་ཁྱབ་པའི་རྒྱུ་མཚན་ཡང༌། དེ་ལ་དེས་ཁྱབ་ན་བཅུ་དྲུག་པའི་རྟོགས་པ་དེ་ལ་འབྲས་བུར་གཞག་ཏུ་མི་རུང་བར་ཐལ་བའི་ཕྱིར་དང༌། དེ་མི་རུང་ན་རྒྱུན་ཞུགས་ཀྱི་དང༌། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་གཉིས་ཀྱི་མཚན་གཞི་གཟུང་རྒྱུ་མེད་པར་འགྱུར་རོ། །སྔ་མའི་ཁྱབ་འབྲེལ་ཡང༌། དེ་རྣམ་པར་གྲོལ་བའི་ལམ་དུ་འཇོག་པ་ནི་འོག་མའི་ལུགས་ཡིན་གྱི། འདིར་ནི་དེ་མཐོང་སྤང་ཉོན་མོངས་སྤངས་པའི་ཁྱད་པར་གྱི་ལམ་དུ་བཞག་པའི་ཕྱིར་རོ། །འོ་ན་འདིར་འབྲས་བུའི་ངོས་འཛིན་ཇི་ལྟ་བུ་ཞེ་ན། ལུགས་འདིར་འབྲས་བུའི་རྣམ་གཞག་རྒྱས་པ་གསལ་བར་གསུངས་པ་མེད་ལ། ཐ་སྙད་གཏན་མེད་པ་ཡང་མ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ཞེས་སོགས་ཀྱི་ཐ་སྙད་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྒྱུན་ཞུགས་ལ་འབྲས་གནས་ཀྱིས་ཁྱབ་པ་སོགས་ལྟ་ཞོག རྒྱུན་ཞུགས་འབྲས་གནས་དང༌། ཕྱིར་འོང་འབྲས་གནས་ལ་སོགས་པའི་ཐ་སྙད་ཀྱང་ཤིན་ཏུ་ཉུང་ངོ༌། །དེས་ན་འདིར་ཐོབ་བྱེད་ཀྱི་གང་ཟག་དང༌། ཐོབ་བྱའི་འབྲས་བུ་ཞེས་པའི་རྣམ་གཞག་ཙམ་ཞིག་ཁས་བླངས་ནས་བཤད་ན་འབྲས་བུའི་ངོ་བོ་ནི་རང་རང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་མམ། ཁྱད་པར་གྱི་ལམ་གང་རུང་ཞིག་གོ །དབྱེ་ན་བཞི་ལས། རྒྱུན་ཞུགས་ཀྱི་འབྲས་བུ་ནི་མཐོང་སྤང་དུ་གྱུར་པའི་ཀུན་སྦྱོར་གསུམ་སྤངས་ཤིང༌། འདོད་པའི་ཉོན་མོངས་དྲུག་པ་མ་སྤངས་པའི་ཁྱད་པར་གྱི་ལམ་མཐོང་བའི་ལམ་གྱིས་བསྡུས་པ་ཞིག་གོ །ཆགས་བྲལ་སྔོན་དུ་སོང་བའི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ནི་འདོད་པའི་ཉོན་མོངས་དྲུག་པ་སྤངས་པས་ཁྱད་པར་དུ་བྱས་པའི་མཐོང་བའི་ལམ་གྱི་རྟོགས་པ་དང༌། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་བའི་འབྲས་བུ་ནི་འདོད་པའི་ཉོན་མོངས་ཀྱི་རྣམ་པ་དགུ་པ་སྤངས་པས་ཁྱད་པར་དུ་བྱས་པའི་མཐོང་བའི་ལམ་གྱི་རྟོགས་པ་ཞིག་གོ །གསུམ་པོ་འདི་ནི་ཁྱད་པར་གྱི་ལམ་ཁོ་ན་ལ་གཞག་སྟེ། དང་པོ་ནི་མཐོང་སྤང་སྤངས་པའི་དང༌། ཕྱི་མ་གཉིས་ནི་ངོ་སྐལ་གྱི་སྒོམ་སྤང་སྤངས་པའི་ཁྱད་པར་གྱི་ལམ་མོ། །དེ་ཡང་སྤང་བྱ་མཐོང་སྤང་ལ་ལྟོས་པའི་ལམ་བཞི་ལས། སྦྱོར་བའི་ལམ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང༌། བར་ཆད་མེད་པའི་ལམ་བཟོད་པ་བཞི་དང༌། རྣམ་པར་གྲོལ་བའི་ལམ་གྱི་དབྱེ་བ་ནི་ཆོས་ཤེས་པའི་དབྱེ་བས་རྣམ་པ་བཞི་ཡོད་པ་དེ་དག་ལ་གནས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའོ། །སྤང་བྱ་སྒོམ་སྤང་ལ་ལྟོས་པའི་འཇིག་རྟེན་པའི་ལམ་བཞི་ནི། ཉེར་བསྡོགས་ཀྱི་ཡིད་ལ་བྱེད་པ་བདུན་གྱིས་བསྡུས་པར་བཤད་པ་དེ་དག་སྔོན་དུ་བཏང་ནས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནས་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅོ་ལྔ་པོ་གང་རུང་ལ་གནས་པ་དེའི་ཚེ་འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་དང༌། བཅུ་དྲུག་པ་ལ་འབྲས་གནས་སུ་འཇོག་པ་ཡིན་ནོ། །ཆགས་བྲལ་སྔོན་དུ་མ་སོང་བ་ལ་ནི་བཅུ་དྲུག་པའི་རྗེས་སུ་འདོད་ཉོན་དྲུག་དགུ་སྤངས་པ་ལ་ནི་རྣམ་པར་གྲོལ་བའི་ལམ་ལ་དེ་དང་དེར་བཞག་གོ །དེ་ལྟ་ཡིན་པའི་ཕྱིར་འདི་ལ་ནི་རྣམ་པར་གྲོལ་བའི་ལམ་ལ་གནས་པ་ལ་འབྲས་གནས་སུ་འཇོག་པ་ཡིན་ནོ། །འོ་ན་ཅི་ཟག་མེད་ལམ་གྱིས་འདོད་ཉོན་དང་པོ་ནས་འདོད་ཉོན་དྲུག་དགུ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཐོབ་པ་དེའི་ཚེ། འབྲས་བུ་བར་པ་གཉིས་ལ་གནས་པར་བཞག་པ་མ་ཡིན་ནམ་ཞེ་ན། དེར་འཇོག་པ་མ་ཡིན་ཏེ། ཟག་པ་མེད་པའི་སྒོམ་ལམ་གྱིས་འདོད་པའི་ཉོན་མོངས་དྲུག་པ་སྤངས་པའི་ཚེ་ཁམས་གོང་མའི་ཉོན་མོངས་དྲུག་པ་རྣམས་ཀྱང་སྤངས་པའི་ཕྱིར་དང༌། འདོད་པའི་ཉོན་མོངས་དགུ་པ་སྤངས་པའི་ཚེ། སྲིད་རྩེའི་དགུ་པ་རྣམས་སྤངས་པའི་ཕྱིར་ཏེ། ཟག་མེད་ལམ་གྱིས་ཁམས་གསུམ་གྱི་ཉོན་མོངས་པ་རིམ་གྱིས་སྤོང་བ་འོག་མའི་ལུགས་ཡིན་གྱི། ལུགས་འདི་ལ་མེད་པའི་ཕྱིར་དང༌། དེ་སྐད་དུ་ཡང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཉོན་མོངས་པ་ནི་ཅིག་ཆར་སྤོང་བར་རིག་པར་བྱའི་རིམ་གྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ལ། མངོན་པར་རྟོགས་པ་དེ་ཡང་བདེན་པ་འདྲེན་མ་ལ་དམིགས་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིན་པས། དེའི་ཕྱིར་སེམས་གསུམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག་བསྔལ་ལ་སོགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ཅིག་ཆར་སྤོང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་དེ་ཉིད་ལས། ཇི་སྐད་དུ། སྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་བར་རིག་པར་བྱ་སྟེ། ལམ་སྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཁམས་གསུམ་ལ་རིམ་གྱིས་ཆགས་བྲལ་བྱེད་པའི་དོན་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཁམས་གསུམ་གྱི་ཉོན་མོངས་པ་སྒོམ་པས་སྤང་བར་བྱ་བ་རྣམས་ལ་ཆུང་ངུ་འབྲིང་ཆེན་པོ་དགུར་ཕྱེ་བའི་རིམ་གྱིས་སྤོང་བ་ཞེས་བྱ་བའི་དོན་ནོ། །འོན་ཀྱང་འདོད་པའི་ཉོན་མོངས་ཀྱི་རྣམ་པ་འགའ་ཞིག་ལ་ཆགས་བྲལ་སྔོན་དུ་སོང་བ་ཞིག་གིས། འདོད་པའི་ཉོན་མོངས་ལྷག་མ་རྣམས་སྤོང་བ་ལ་ནི་ཅིག་ཅར་བའི་སྤོང་ཚུལ་ཁོ་ནར་མ་ངེས་ཏེ། དེས་ནི་ཐོག་མར་འདོད་པ་ལ་ཆགས་བྲལ་བྱས་ནས། རྗེས་སུ་ཁམས་གོང་མ་གཉིས་ལ་ཅིག་ཅར་དུ་ཆགས་བྲལ་བྱེད་པ་ཞིག་དང༌། ཡང་ན་འདོད་ཉོན་ལ་ཆགས་བྲལ་སྔོན་དུ་སོང་བའི་ཚད་དང་མཉམ་པའི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཐོག་མར་སྤངས་ནས་དེའི་འོག་ཏུ་ལྷག་མ་རྣམས་བསྣན་པས་ཅིག་ཆར་དུ་སྤོང་བ་ཞིག་ཀྱང་སྲིད་པའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བ་རྣམས་ལ་ནི་ཆུང་ངུ་ལ་སོགས་པའི་རིམ་གྱིས་སྤོང་བ་མེད་དེ། དཔེར་ན། སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་འབྲིང་གི་དབྱེ་བ་ཇི་སྙེད་པ་ཐམས་ཅད་སྡུག་བསྔལ་ཆོས་བཟོད་ཀྱིས་ཅིག་ཆར་དུ་སྤོང་བ་བཞིན་ནོ། །གསུམ་པ་དགྲ་བཅོམ་པའི་འབྲས་བུ་ནི། སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་སྤངས་པས་ཁྱད་པར་དུ་བྱས་པའི་རྣམ་པར་གྲོལ་བའི་ལམ་དང༌། ཁྱད་པར་གྱི་ལམ་གང་རུང་ངོ༌། །འདི་ཡང་རིགས་པས་ལེགས་པར་བརྟགས་ན་ཟད་ཤེས་ཀྱི་ཡེ་ཤེས་མངོན་དུ་བྱས་པ་དེའི་ཚེ་ཁྱད་པར་གྱི་ལམ་དུ་གཞག་དགོས་པ་ཡིན་ཏེ། འདི་རྣམ་པར་གྲོལ་བའི་ལམ་གྱི་སྐད་ཅིག་མ་གཉིས་པ་ཕན་ཆད་དུ་སྐྱེ་བའི་ཕྱིར་རོ། །གཉིས་པ་ཐོབ་བྱེད་ལམ་གྱི་ཁྱད་པར་མི་འདྲ་བ་ནི། འོག་མར། འབྲས་བུ་བར་པ་གཉིས་ཐོབ་བྱེད་འཇིག་རྟེན་པའི་ལམ་ཡང་བཤད་ལ། འདིར་དེ་མི་སྲིད་པ་དང༌། ཆགས་བྲལ་སྔོན་སོང་གི་ཚེ་ཡང་འབྲས་བུ་བར་པ་གཉིས་ཐོབ་བྱེད་ནི། ཞི་རགས་ཀྱི་རྣམ་པ་ཅན་མ་ཡིན་པ་ཁོ་ནར་ངེས་ཏེ། འདིར་དེ་ཉིད་ཀྱི་འབྲས་བུ་བཅུ་དྲུག་པའི་རྟོགས་པ་ཁོ་ན་ལ་འཆད་ཀྱི། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སྤངས་པ་དང༌། དེའི་གྲོལ་ལམ་ལ་མི་འཆད་པའི་ཕྱིར་རོ། །གསུམ་པ་ཞུགས་གནས་ཀྱི་ས་མཚམས་མི་འདྲ་བ་ལ། ཞུགས་པའི་མི་འདྲ་བ་དང༌། གནས་པའི་མི་འདྲ་བའོ། །དང་པོ་ལ། ཞུགས་པ་དང་པོའི་ཁྱད་པར་ནི། འོག་མར། དགེ་སྦྱོང་གི་ཚུལ་རྒྱུད་ལ་སྐྱེས་པ་ཞིག་དགོས་ལ། འདིར་དེ་མི་དགོས་པ་དང༌། ཞུགས་པ་ཕྱི་མ་གསུམ་གྱི་ཁྱད་པར། འོག་མར་འབྲས་བུ་སྔ་མ་ལ་གནས་པའི་སྟེང་དུ་ཕྱི་མ་ཐོབ་ཕྱིར་དུ་བརྩོན་པ་ཙམ་གྱིས་ཆོག་ལ། འདིར་དེ་ཙམ་གྱིས་མི་ཆོག་པར་ཕྱིར་འོང་ཞུགས་པར་འཇོག་པ་ལ་འདོད་ཉོན་ལྔ་པ་སྤངས་པ་དང་ཕྱིར་མི་འོང་ཞུགས་པར་འཇོག་པ་ལ་བདུན་བརྒྱད་སྤངས་པ་དང༌། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པར་འཇོག་པ་ལ་སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་ལམ་ལ་གནས་པ་ཞིག་དགོས་པར་བཤད་པ་ཡིན་ནོ། །དེ་འདྲའི་ཁྱད་པར་འོང་བའི་ཤེས་བྱེད་ཀྱང༌། འོག་མར་ནི། མཐོང་བའི་ལམ་ཐོབ་ཕྱིན་ཆད་ཐེག་པ་གཞན་དུ་མི་ལྡོག་པས། འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་བརྩོན་པ་ཙམ་གྱིས་ཕྱི་མའི་ཞུགས་པར་འགྱུར་ལ། ལུགས་འདིར་ནི་འདོད་པའི་ཉོན་མོངས་ཀྱི་རྣམ་པ་ལྔ་པ་མ་སྤངས་པ་དེ་སྲིད་དུ་སྒོམ་ལམ་པ་ཡིན་ཀྱང༌། དྲུག་པ་མ་སྤངས་པར་ཐེག་པ་གཞན་དུ་འགྱུར་སྲིད་ལ། དེ་སྤངས་ན་ནི་ཐེག་པ་གཞན་དུ་མི་འཇུག་པའི་གོང་དུ་དྲུག་པ་ངེས་པར་སྤོང་བའི་ཕྱིར། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འོ་ན་ཅི་ཞུགས་པ་བར་པ་གཉིས་པོ་གཞག་ཏུ་རུང་བ་མ་ཡིན་པར་འགྱུར་ཏེ། ཆགས་བྲལ་སྔོན་སོང་ལ་ནི་དེ་ལྟར་དུ་མི་འཇོག་ལ། ཆགས་བྲལ་སྔོན་དུ་མ་སོང་བ་ལ་ནི་དེ་མི་འཇོག་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་ཞེ་ན། འདོད་ཉོན་ལྔ་བརྒྱད་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་གི་ཞུགས་པ་མི་སྲིད་ཀྱང༌། དེའི་འབྲས་བུ་ལ་ཞུགས་པ་སྲིད་པར་ནི་མི་འགལ་ཏེ། འདོད་ཉོན་ལྔ་པ་དང་བརྒྱད་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་འཕགས་པ་ཇི་སྲིད་དྲུག་དགུ་མ་སྤངས་པ་དེ་སྲིད་དུ་བར་པ་གཉིས་ཀྱི་ཞུགས་པར་འཇོག་པའི་ཕྱིར། གཉིས་པ་གནས་པའི་ས་མཚམས་མི་འདྲ་བ་ནི། ཕལ་ཆེར་གོང་དུ་བཤད་ཟིན་པ་ཡིན་ཏེ། འོག་མར་ནི། ཀུན་སྦྱོར་གསུམ་དང༌། ཐ་མའི་ཆ་མཐུན་ལྔ་དང༌། གོང་མའི་ཆ་མཐུན་ལྔ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ལ་གནས་པ་ལ་འཇོག་ལ། འདིར་ནི་དེ་ལ་མི་འཇོག་པར་བཤད་ཟིན་པའི་ཕྱིར། ཡང་འོག་མར་ནི། རྒྱུན་ཞུགས་སོགས་ཡིན་ན་དེའི་འབྲས་བུ་ལ་གནས་པས་ཁྱབ་ལ། འདིར་ནི་དེ་ཡིན་ན་དེའི་འབྲས་བུ་ལ་གནས་པས་ཁྱབ་པ་མེད་དོ། །དོན་དེ་ལ་དགོངས་ནས་འདིར་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་ལ་སོགས་པའི་མིང་གིས་བསྟན་པ་ཡིན་གྱི། དེའི་འབྲས་གནས་ཀྱི་མིང་གིས་བསྟན་པ་གཅིག་ཀྱང་མེད་དོ། །བཞི་པ་ཆགས་བྲལ་སྔོན་སོང་གི་འཇོག་མཚམས་མི་འདྲ་བ་ནི། འོག་མར་ནི། མཐོང་སྤང་དུ་གྱུར་པའི་ཉོན་མོངས་ལ་ཆགས་བྲལ་སྔོན་སོང་འཇོག་ལ། འདིར་དེ་མི་འཇོག་པ་དང༌། འོག་མར་ནི། གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་དང༌། ཕྱིར་མི་འོང་ལ་བཅུ་དྲུག་པའི་རྟོགས་པ་ཐོབ་དགོས་པར་བཤད་ལ། འདིར་ནི། ཇི་སྐད་དུ། འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་ན་ཕྱིར་མི་འོང་བར་འགྱུར་རོ། །ཞེས་དང༌། མཐོང་བའི་ལམ་ནི་ཡང་དག་པ་ཉིད་དུ་ངེས་པར་གྱུར་པ་ལ་ཞུགས་པ་སྟེ། ཆོས་མངོན་པར་རྟོགས་པ་ལའང་དེ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་ན་ཡང་བཅུ་དྲུག་པ་ལ་དགོངས་པ་བླངས་ན་འཇོག་མཚམས་ཅུང་ཟད་བདེ་བ་ཡིན་ནོ། །ལྔ་པ་ཙམ་ཁྱད་ཀྱི་ངོས་འཛིན་མི་འདྲ་བ་ནི། འོག་མར་ནི། བཅུ་དྲུག་པའི་རྟོགས་པར་གནས་པ་ལ་འབྲས་གནས་ཙམ་པོར་བཤད་ལ་འདིར་ནི་ཁྱད་པར་གྱི་ལམ་ལ་གནས་པའི་ཕྱིར་ཁྱད་པར་ཅན་ཁོ་ནའོ། །དེ་ལྟ་མོད་ཀྱི་གཞུང་འདིར་ཙམ་ཁྱད་ཀྱི་དབྱེ་བ་གསལ་བར་མ་བཤད་དོ། །འདིར་སྨྲས་པ། སྔོན་རབས་ཉིད་ནས་ཆོས་འདི་དར་གྱུར་ཀྱང༌། །སྔོན་བྱོན་བོད་ཀྱིས་ཇི་བཞིན་མ་དཔྱད་པས། །སྔོན་གྱི་འཆད་པའི་བློ་ལ་མ་ཤར་བ། །སྔོན་དང་ཕྱི་མཐར་རྙེད་དཀའི་དཔྱད་པའོ། །ལྔ་པ་སྐྱེ་བའི་ཁྱད་པར་གྱི་སྒོ་ནས་དབྱེ་བ་བརྒྱད་ལ་བཞི་སྟེ། རྒྱུན་ཞུགས་ཀྱི་སྐྱེ་བའི་ཁྱད་པར་གཉིས་བསྟན་པ། ཕྱིར་འོང་གི་སྐྱེ་བའི་ཁྱད་པར་གཅིག་བཤད་པ། ཕྱིར་མི་འོང་གི་སྐྱེ་བའི་ཁྱད་པར་ལྔ་བསྟན་པའོ། །དེ་ལ་གསུམ་སྟེ། བར་དོར་འདའ་བ་དང༌། སྐྱེ་འདའ་དང༌། གོང་འཕོའོ། །དང་པོ་གཉིས་ལ་དེར་སྐྱེ་བའི་རྒྱུ་དང༌། དབྱེ་བ་སྟེ་གཉིས་གཉིས་ཀྱིས་འཆད་དོ། །གོང་འཕོ་ལ་གཉིས་ཏེ། དངོས་དང༌། གནས་གཙང་མ་ལྔར་སྐྱེ་བའི་རྒྱུའོ། །དང་པོ་ལ་གཉིས་ཏེ། ལྷག་མཐོང་སྤྱོད་པ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང༌། ཞི་གནས་སྤྱོད་པ་སྲིད་རྩེའི་མཐར་ཐུག་པར་འགྲོ་བའོ། །དྲུག་པ་དགྲ་བཅོམ་པའི་འབྲས་བུའི་ཁྱད་པར་ལ་གཉིས་ཏེ། དུས་སྦྱོར་གྱི་རྣམ་གྲོལ་ལྔ་དང༌། དུས་མི་སྦྱོར་གྱི་རྣམ་གྲོལ་གཅིག་གོ །དང་པོ་ལ་བཞི་སྟེ། སློབ་པའི་གནས་སྐབས་ན་སྦྱོར་བ་གཉིས་ཀ་མེད་པ་གཉིས། རྒྱུན་སྦྱོར་མེད་པ་གཅིག གུས་སྦྱོར་མེད་པ་གཅིག སྦྱོར་བ་གཉིས་ཀ་ཡོད་ཀྱང་དབང་པོ་རྟུལ་བ་གཅིག་རྣམས་སོ། །འདིར་སྲིད་པ་ལན་བདུན་པའི་འཇོག་ཚུལ་འོག་མ་དང་མི་འདྲ་སྟེ། ལུགས་དེར་ནི་བཅུ་དྲུག་པའི་རྗེས་སུ་འདོད་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་ལན་བདུན་སོགས་པ་ཡིན་ལ། འདིར་ནི་བདེན་པ་མཐོང་བ་ལ་འཕེན་བྱེད་ཀྱི་ལས་སོག་པ་མེད་པའི་ཕྱིར་དང༌། དེར་ནི་དེ་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོས་ཁྱབ་ལ། འདིར་ནི་དེ་ལ་ཁྱད་པར་ཅན་གྱིས་ཁྱབ་པ་དང༌། འབྲས་བུ་ལ་གནས་པས་ནི་མ་ཁྱབ་པའི་ཕྱིར། རིགས་ནས་རིགས་སུ་སྐྱེ་བའི་འཇོག་མཚམས་ཐམས་ཅད་ཀྱང་འདྲ་བ་མ་ཡིན་ཏེ། དེར་ནི་སྤངས་རྟོགས་ཀྱི་ཁྱད་པར་བཤད་ལ། འདིར་ནི་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ཙམ་ལས་མ་བཤད་པའི་ཕྱིར། འདི་ལ་འདོད་ཉོན་གསུམ་པ་སྤངས་པ་ཞིག་དགོས་པར་བཤད་པ་དེ་ཡང༌། འདོད་པར་འཕེན་བྱེད་ཀྱི་ལས་དྲུག་དང་བདུན་སོགས་པའི་ནུས་པ་མེད་པ་ལ་དགོངས་པ་ཡིན་ཞིང༌། དེ་བཞིན་དུ་སྲིད་པ་ལན་བདུན་པ་ལ་འདོད་པའི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་གཅིག་ཀྱང་མ་སྤངས་པ་ཞིག་དགོས་པར་བཤད་པ་དེ་ཡང་འདོད་པར་སྐྱེ་སྲིད་བདུན་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་ཡོད་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། མཛོད་ལས། གང་ལས་འདོད་ཆགས་བྲལ་བརྟན་པའི། །བྱིས་པས་དེར་སྐྱེས་མྱོང་མི་བྱེད། །འཕགས་པས་གཞན་དུའང་མྱོང་མི་བྱེད། །ཞེས་པའི་ཤུགས་ལས་གང་ལ་ཆགས་པ་དང་མ་བྲལ་བའི་འཕགས་པས་ས་དེར་སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོག་པར་བཤད་པ་ཡིན་ལ། ལུགས་འདིར་ནི་སྔོན་སོ་སོ་སྐྱེ་བོའི་དུས་སུ་བསགས་པའི་ལས་ཀྱི་བག་ཆགས་འགྲུབ་བྱེད་ཀྱིས་སྲིད་པར་བྱེད་པ་ཙམ་ལ་ནི། ཉོན་མོངས་པའི་རྣམ་པ་མང་ཉུང་ལ་ཁྱད་པར་མེད་དོ། །དེའི་ཕྱིར་འདི་གཉིས་ཀ་ལ་འདོད་ཉོན་གསུམ་པ་ཙམ་པ་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་ཡང་སྲིད། མ་སོང་བ་ཡང་སྲིད་ལ། མཐོང་ལམ་གྱི་རྗེས་སུ་འདོད་ཉོན་གྱི་རྣམ་པ་དང་པོ་ཙམ་ཡང་སྤོང་བ་ལ་མ་ཞུགས་པ་ཞིག་དགོས་ཏེ། དེར་དེ་ལ་ཞུགས་ནས་ནི་ཕལ་ཆེར་འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པས་ཁྱབ་ལ། གལ་ཏེ་འདོད་པར་སྐྱེ་བ་ལེན་སྲིད་ནའང་སྨོན་ལམ་གྱི་དབང་གིས་སྐྱེ་བ་གཅིག་ཁོ་ན་ལེན་པར་བཤད་ཀྱི། ཉོན་མོངས་པའི་དབང་གིས་སྐྱེ་བར་མ་བཤད་པའི་ཕྱིར་རོ། །ཚེ་གཅིག་བར་ཆད་གཅིག་པ་ལ་ནི་འདོད་པའི་ཉོན་མོངས་བདུན་པ་སྤངས་པ་ཞིག་དགོས་ལ། དེ་ཡང་ཆགས་བྲལ་སྔོན་དུ་སོང་བ་ཁོ་ན་ཡིན་ཏེ། དེ་མ་སོང་བ་ལ་ཉོན་མོངས་པའི་དབང་གིས་འདོད་པར་སྐྱེ་བ་ལན་གཅིག་ལེན་པ་མི་སྲིད་པའི་ཕྱིར། ཕྱིར་མི་འོང་ཁམས་གོང་མར་ཉེ་བར་འགྲོ་ཡང་ཆགས་བྲལ་སྔོན་དུ་སོང་བ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། འདོད་ཉོན་དང་པོ་ཙམ་ལ་ཡང་ཆགས་བྲལ་སྔོན་དུ་མ་སོང་བའི་འཕགས་པས་ནི་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་ཁམས་གོང་མ་ལ་ཆགས་བྲལ་བྱས་པས་ཁྱབ་བོ། །དེ་ལྟ་ན་ཡང་དམིགས་ཀྱིས་བསལ་བ་ནི། འདོད་ཉོན་བརྒྱད་པ་ལ་ཆགས་བྲལ་སྔོན་དུ་སོང་ཞིང༌། དགུ་པ་ལ་མ་སོང་བ་ཞིག་གིས་བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་པ་དེའི་ཚེ་ནི་གཟུགས་ལ་ཆགས་པ་དང་མ་བྲལ་ལ། དེ་འདྲ་དེ་ལ་ཁམས་གོང་མར་ཉེར་འགྲོ་ཇི་ལྟར་སྲིད་པའི་ཚུལ་བརྟག་དགོས་པ་ཡིན་ཏེ། དེ་འདྲ་དེ་སྐྱེ་བ་ལེན་ན་གཟུགས་ཁམས་ཁོ་ནར་ལེན་པ་ཡིན་གྱི་གཟུགས་མེད་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེས་གཟུགས་ལ་ཆགས་བྲལ་བྱས་པའི་ཚེ་དེ་གཟུགས་མེད་ལ་ཡང་བྱས་པའི་ཕྱིར་ཏེ། དེས་ཁམས་གོང་མ་གཉིས་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་གཞུང་གི་དངོས་བསྟན་ལ་མ་བཤད་ཀྱང༌། ཅིག་ཆར་བ་འཆད་པའི་རིགས་པས་ཐོབ་པའི་ཕྱིར། བར་འདའ་བ་དང་སྐྱེ་འདའ་བའི་ཐད་དུ། སྐྱེ་བའི་ཀུན་སྦྱོར་དང༌། འགྲུབ་པའི་ཀུན་སྦྱོར་གྱི་ཁྱད་པར་གཟུགས་སུ་སྐྱེ་བ་འགྲུབ་བྱེད་ཀྱི་ལས་ཀུན་སློང་གི་ཉོན་མོངས་ཡིན་པ་གཞིར་བྱས་པ་ལ། སྐྱེ་སྲེད་འགྲུབ་བྱེད་དང༌། བར་སྲིད་ཙམ་འགྲུབ་བྱེད་ཀྱི་ཁྱད་པར་ལས་ཕྱེ་བར་མངོན་ནོ། །མངོན་པ་འོག་མར་ནི་སྐྱེ་སྲིད་འཕེན་བྱེད་དང༌། བར་སྲིད་ཙམ་འཕེན་བྱེད་ཀྱི་ཁྱད་པར་ལས་ཕྱེ་ཞིང༌། འདོད་པའི་ཁམས་སུ་ནི་བར་སྲིད་འཕངས་ན་སྐྱེ་སྲིད་ཀྱང་འཕངས་པར་བཞེད་དོ། །གོང་འཕོའི་སྐབས་སུ་འོག་མིན་འགྲོ་དང༌། སྲིད་རྩེ་འགྲོའི་ཁྱད་པར་ནི། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ཞིང༌། ཁམས་གོང་མ་གཉིས་ལ་ཆགས་བྲལ་སྔོན་དུ་མ་སོང་བ་གཞིར་བྱས་ནས། གཟུགས་སུ་ཉེར་འགྲོ་འཇོག་ལ། གཟུགས་ལ་ཆགས་བྲལ་སྔོན་དུ་སོང་ཞིང༌། གཟུགས་མེད་ལ་མ་སོང་བ་གཞིར་བྱས་ནས་གཟུགས་མེད་ཉེར་འགྲོ་འཇོག་པ་ཡིན་པས་དེ་གཉིས་པོའི་ཁྱད་པར་ཡང་འདི་ཉིད་དོ། །དེའི་ཕྱིར་མངོན་པ་འོག་མ་དང་མི་འདྲ་སྟེ། དེར་ནི་སྲིད་རྩེའི་མཐར་ཐུག་འགྲོ་ནི་གཟུགས་སུ་ཉེ་བར་འགྲོའི་དབྱེ་བར་བཤད་ལ། འདིར་ནི་དེ་ལྟར་འཆད་པ་མ་ཡིན་ཏེ། འཕགས་པའི་ལམ་གྱིས་གཟུགས་ལ་ཆགས་བྲལ་བྱས་ནས་གཟུགས་མེད་ལ་དེ་མ་བྱས་པ་མི་སྲིད་པའི་ཕྱིར། དོན་དེ་ལ་དགོངས་ནས་གཞུང་འདིར་སྲིད་རྩེ་འགྲོ་ལས་ལོགས་སུ་གཟུགས་མེད་ཉེར་འགྲོ་མ་གསུངས་སོ། །འོག་མིན་མཐར་ཐུག་འགྲོའི་དབྱེ་བ་ལ། འོག་མར་ནི་འཕར་བྱེད་འཕར་གནས་ཐམས་ཅད་དུ་འཆི་འཕོ་བའི་དབྱེ་བས་གསུམ་བཤད་ལ། འདིར་ནི་དེ་འདྲའི་གསལ་ཁ་མ་བཤད་ཅིང༌། གལ་ཏེ་བཞེད་ན་ཡང་འཇོག་མཚམས་གཞན་གྱི་སྒོ་ནས་འཆད་དགོས་པ་ཡིན་གྱི། འོག་མ་ལྟར་བཞེད་པའི་གོ་སྐབས་ཡོད་པ་མ་ཡིན་ཏེ། འདོད་རྟེན་ཅན་གྱི་འཕགས་པས་འོག་མིན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་སོག་པ་དང༌། བསམ་གཏན་དང་པོའི་རོ་མྱང་བས་གོང་མ་གསུམ་གྱི་ཆགས་བྲལ་ལས་ཉམས་པ་འདིར་མི་བཞེད་པའི་ཕྱིར་རོ། །བོད་སྔ་མ་ལ་ལ་དག འཕགས་རྒྱུད་ཀྱི་ལམ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་པ་སྲིད་དོ་ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། ཆགས་བྲལ་སྔོན་སོང་གི་སྤངས་པ་ལས་ཉམས་པར་ནི་མངོན་པ་འོག་མ་པས་ཀྱང་མི་འཆད་ན་འདིར་ལྟ་ཅི་སྨོས། འཕགས་པ་ཐོབ་རྗེས་སུ་ལམ་ཟག་བཅས་ཀྱིས་ཁམས་གསུམ་ལ་ཆགས་བྲལ་བྱས་པ་ནི་མི་སྲིད་དེ། ཁམས་གོང་མའི་སྲིད་པ་དོན་དུ་གཉེར་བའི་སྒོ་ནས་འོག་མ་ལ་ཆགས་བྲལ་བྱེད་པ་ནི་བྱིས་པ་རྣམས་ཀྱི་ལུགས་ཡིན་པའི་ཕྱིར་དང༌། ཆགས་བྲལ་བྱེད་པའི་ལམ་ཟག་མེད་ལ་དབང་ཐོབ་པའི་ཕྱིར་དང༌། ཉན་ཐོས་འཕགས་པ་རྣམས་ནི་ཁམས་གསུམ་ལ་ཆགས་བྲལ་བྱས་པའི་ཞི་བ་ཁོ་ན་དོན་དུ་གཉེར་བ་ཡིན་གྱི། ཁམས་གོང་མའི་སྐྱེ་བ་དོན་དུ་མི་གཉེར་བའི་ཕྱིར། འོ་ན་ཉན་ཐོས་འཕགས་པ་དེར་སྐྱེ་བ་ལེན་པ་ཅི་ཞེ་ན། ཚེ་དེ་ཉིད་ལ་ཆགས་བྲལ་བྱེད་མ་ནུས་པའི་རྒྱུ་མཚན་གྱིས་སོ། །འོ་ན་འོག་མིན་གྱི་མཐར་ཐུག་པར་འགྲོ་བའི་ངོ་བོ་ཅི་ཞེ་ན། གཞུང་དུ། གཟུགས་ཀྱི་ཁམས་སུ་ས་ནས་སར་སྐྱེ་ཞེས་པ་མངོན་པ་འོག་མར་འབྱུང་བའི་གནས་ཐམས་ཅད་དུ་འཆི་འཕོ་བ་དང་དོན་གཅིག་པར་མི་བསམ་སྟེ། ཉན་ཐོས་འཕགས་པ་ལས་ཉོན་གྱི་དབང་གིས་བསམ་གཏན་བཞིར་རིམ་གྱིས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བསམ་གཏན་གསུམ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང༌། འདོད་པའི་རྟེན་ལ་བསམ་གཏན་སྤེལ་མ་བསྒོམས་པས་གནས་གཙང་མ་ལྔར་རིམ་གྱིས་སྐྱེ་བ་ལེན་པའོ། །འོ་ན་དེས་དེར་སྐྱེ་བ་ལེན་པའི་རྒྱུ་གང་ཞིག་བྱེད་ཅེ་ན། སྔོན་སོ་སོ་སྐྱེ་བོའི་རྟེན་ལ་བསམ་གཏན་བཞི་པའི་ཉེར་བསྡོགས་ཀྱིས་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་བསགས་པ་སྔོན་དུ་སོང་བའི་ཕྱིར་མི་འོང་ཞིག་གིས་ལས་དེ་ལས་མ་ཉམས་བཞིན་དུ་སྤེལ་མ་བསྒོམས་པས་སྔོན་གྱི་ལས་དེ་གནས་གཙང་མར་བསྒྱུར་བའོ། །ཇི་ལྟར་ཞེ་ན། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཟག་བཅས་དང་ཟག་མེད་སྤེལ་ཏེ་བསྒོམས་པ་ལས་ཟག་མེད་ཀྱིས་སྐྱེ་འཕགས་ཐུན་མོང་གི་གནས་གསུམ་དུ་སྐྱེ་བ་འགོག་པར་བྱེད་ཅིང༌། ཟག་པ་དང་བཅས་པའི་དབང་གིས་འཕགས་པའི་གནས་ལྔར་སྐྱེ་བ་འགྲུབ་པར་བྱེད་དོ། །འདིར་འགྲེལ་པ་ལས་འོག་མིན་དུ་འགྲོ་བ་ནི་རོ་མྱོང་བ་མང་བས། བསམ་གཏན་གྱི་རྣམ་པ་ཆུང་ངུ་ལ་སོགས་པ་སྐྱེ་ཞིང༌། སྐྱེས་པའི་རོ་མྱང་བར་བྱེད་པའི་ཕྱིར་ཚངས་རིས་ནས་བཟུང་སྟེ་རྒྱུན་མི་ཆད་པར་གནས་གཞན་ཐམས་ཅད་དུ་རེ་རེ་ནས་སྐྱེས་ནས་འོག་མིན་གྱི་བར་དུ་ཞུགས་ནས་ཞེས་གསུངས་སོ། །འགྲེལ་པ་འདིའི་ཚིག་ཟིན། མཛོད་ནས་འབྱུང་བའི་གནས་ཐམས་ཅད་དུ་འཆི་འཕོ་བ་དང་མཐུན་པ་ལྟ་བུར་སྣང་ཡང༌། འདིར་དེ་ལྟར་བཤད་ན་རུང་བ་མ་ཡིན་ཏེ། སྤེལ་སྒོམ་ནི་འདོད་པའི་རྟེན་ལ་བྱེད་དགོས་ཏེ། འོག་མིན་གྱི་མཐར་ཐུག་འགྲོར་འཇོག་པ་འདོད་པའི་རྟེན་གྱི་དབང་དུ་བྱས་པའི་ཕྱིར། དེ་ལྟ་ཡིན་པ་དེ་ལས་ཅིར་འགྱུར་ཞེ་ན། བསམ་གཏན་གསུམ་པ་ལ་ཆགས་བྲལ་མ་བྱས་པར་ནི་བསམ་གཏན་བཞི་པའི་སྤེལ་སྒོམ་བྱེད་མི་ནུས་ལ། ཚངས་རིས་སུ་སྐྱེ་བ་ལེན་པ་ལ་ནི་གསུམ་པའི་ཆགས་བྲལ་ལས་ཉམས་དགོས་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་ན་འཕགས་པའི་སྤངས་པ་ལས་ཉམས་པར་སྲིད་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི་དགྲ་བཅོམ་པ་དང་ཕྱིར་འོང་བ་དང་ཕྱིར་མི་འོང་བ་གསུམ་གྱི་སྤངས་པ་ལས་ཉམས་པ་ཅིའི་ཕྱིར་མི་འདོད་དེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འཕགས་རྒྱུད་ཀྱི་ཏིང་ངེ་འཛིན་ལས་ཉམས་པ་མི་འདོད་པ་ནི་མ་ཡིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལས་ཉམས་པ་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་བསམ་གཏན་གསུམ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་འདོད་རྟེན་ཅན་གྱིས་རྟེན་དེ་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་རྣམ་པ་ལྔ་བྱས་པ་དེ་ལས་མ་ཉམས་ན་འོག་མིན་གྱི་སྐྱེ་འདའ་བར་འཇོག་རྒྱུ་ཡིན་ཀྱང༌། བསམ་གཏན་བཞི་པ་ལ་རོ་མྱང་བ་མང་བས་སྤེལ་སྒོམ་གོང་མ་རྣམས་ལས་ཉམས་ཏེ་གནས་གཙང་མའི་འོག་མ་ཞིག་ཏུ་སྐྱེས་ནས། རྟེན་དེ་ལ་སྔར་གྱི་སྤེལ་སྒོམ་སོར་ཆུད་ནས་ཡང་དེ་ཉིད་ལ་རོ་མྱང་བའི་སྲེད་པས་འོག་མིན་དུ་སྐྱེས་ཏེ་མྱང་འདས་མངོན་དུ་བྱེད་པ་ལྟ་བུ་ནི་འོག་མིན་གྱི་མཐར་ཐུག་པར་འགྲོ་བའོ། །དེ་ལྟར་ན་ཕྱིར་མི་འོང་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་བ་ལེན་པ་སྲིད་ཀྱང༌། རེ་རེ་རིམ་གྱིས་སྐྱེ་བ་ལེན་པ་ནི་མི་སྲིད་དེ། འཕགས་པས་ཟག་མེད་ལམ་གྱིས་བསམ་གཏན་དང་པོ་ལ་ཆགས་བྲལ་བྱས་པའི་ཚེ་སྲིད་རྩེ་ལ་ཡང་ཆགས་བྲལ་བྱས་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས། ཚངས་རིས་ནས་བཟུང་སྟེ་ཞེས་བཤད་པ་དེ་འགྱུར་ནོངས་པས་སྒྲ་ཇི་བཞིན་པ་མ་ཡིན་ནོ། །གཞན་དུ་ན་འགྲེལ་པ་ཉིད་ནང་འགལ་བར་འགྱུར་ཏེ། འགོག་པའི་སྙོམས་འཇུག་ལ་གཟུགས་ཀྱི་རྟེན་ཅན་ཡོད་པའི་ཤེས་བྱེད་དུ། སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་དགོས་པར་བཤད་པས་སོ། །གལ་ཏེ་འོ་ན་འཕགས་པ་ཐོབ་རྗེས་སུ་ཆགས་བྲལ་བྱེད་པ་ཐམས་ཅད་ཟག་མེད་ལམ་གྱིས་བྱེད་པ་དང༌། དེ་ཡང་ཅིག་ཆར་བ་ཁོ་ནར་ངེས་པ་དེ་ལྟ་ན་ཕྱིར་མི་འོང་ལུས་མངོན་བྱེད་དང༌། མངོན་པར་ཤེས་པ་ལྔ་ཐོབ་པའི་ཕྱིར་མི་འོང་མི་སྲིད་པ་ལ་སོགས་པར་ཐལ་བ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། འདོད་པ་ལ་ཆགས་བྲལ་སྔོན་དུ་མ་སོང་བ་དེ་མེད་ཀྱང༌། སོང་བ་ལ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཉོན་དང་པོ་ཙམ་ལ་ཡང༌། ཆགས་བྲལ་སྔོན་དུ་མ་སོང་བའི་དགྲ་བཅོམ་པ་ཡིན་ན། ཤེས་རབ་རྐྱང་པས་རྣམ་གྲོལ་དུ་ངེས་སོ། །ཡང་བསམ་གཏན་གསུམ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་འདོད་པའི་རྟེན་ཅན་གྱིས་འགོག་པའི་སྙོམས་འཇུག་གྲུབ་པ་དེའི་ཚེ་ནི། སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། འགོག་པའི་སྙོམས་འཇུག་བསྒྲུབས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ་སྲིད་ལ། རྟེན་དེ་ལ་ནི་ས་ལྷག་མ་ལྔ་ལ་ཆགས་བྲལ་ཅིག་ཆར་དུ་བྱས་ཏེ། རྟེན་དེ་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་དོ། །མདོར་ན་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་ཁམས་སུ་སྐྱེ་བ་ལེན་པ་སྲིད་ཀྱང༌། གཟུགས་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་མེད་དུ་སྐྱེ་བ་ལེན་པ་མི་སྲིད་དོ། །འོ་ན་གཟུགས་མེད་ཉེར་འགྲོ་ལ་སྐྱེ་འདའ་བས་ཁྱབ་པར་འགྱུར་ལ། དེ་ལྟ་ན་གོང་འཕོར་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། བསམ་གཏན་བཞི་པའི་ཉོན་མོངས་བརྒྱད་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་ཞིག་བསམ་གཏན་བཞི་པར་སྐྱེས་ཏེ། རྟེན་ལ་དེ་ལ་བསམ་གཏན་བཞི་པའི་ཉོན་མོངས་དགུ་པ་སྤངས་ཤིང༌། གཟུགས་མེད་ལ་ཆགས་བྲལ་མ་བྱས་པས་གཟུགས་མེད་པའི་ནམ་མཁའ་མཐའ་ཡས་སུ་སྐྱེ་བ་བླངས་པ་ལྟ་བུ་དང༌། ཡང་ཅི་ཡང་མེད་ཀྱི་བརྒྱད་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བ་ཞིག རྣམ་པ་དེ་ལྟ་བུས་སྲིད་རྩེར་སྐྱེ་བ་ལེན་པར་ངེས་པའི་འདོད་རྟེན་ཅན་གྱི་ཕྱིར་མི་འོང་རྣམས་ནི་གཟུགས་མེད་ཉེར་འགྲོའི་གོང་འཕོར་བཞག་པ་ཡིན་ནོ། །ཡང་འདི་སྙམ་དུ་འཕགས་པས་ཁམས་གསུམ་ལ་ཆགས་བྲལ་བྱེད་པ་ཟག་མེད་ཀྱི་ལམ་ལ་དབང་ཐོབ་ཀྱང་ཞི་རགས་སུ་ལྟ་བའི་ལམ་གྱིས་ཆགས་བྲལ་བྱེད་པ་ཞིག་ཡོད་པར་ཁས་མ་བླངས་ན་འཇིག་རྟེན་པའི་སྒོམ་ལམ་གཞག་ཏུ་མེད་པར་འགྱུར་བ་དང༌། ཇི་སྐད་དུ། གཞུང་འདི་ཉིད་ལས། ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། ཞེས་སོགས་དང་འགལ་ལོ་ཞེ་ན། སྐྱོན་དང་པོ་མེད་དེ། ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་མེད་ཀྱང༌། ཆགས་བྲལ་སྔོན་དུ་སོང་བའི་སྙོམས་འཇུག་དག་པ་པ་བདེན་པའི་རྣམ་པ་ཅན་མ་ཡིན་པ་ཞིག་ཡོད་ལ། དེ་ལ་འཇིག་རྟེན་པའི་སྒོམ་ལམ་དུ་འཇོག་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། ཞེས་སོགས་གསུངས་པ་ལྟར་རོ། །སྐྱོན་གཉིས་པས་ཀྱང་མི་གནོད་དེ། བཤད་མ་ཐག་པའི་སྙོམས་འཇུག་དེ་ཆགས་བྲལ་སྔོན་སོང་ཡིན་པས། དེའི་ཉེར་བསྡོགས་ལ་ནི་ཡིད་བྱེད་བདུན་པོ་ངེས་པར་དགོས་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་པའི་སྒོམ་ལམ་ལ་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་མི་སྲིད་ཅིང༌། གཞུང་ལས་ཀྱང་མ་གསུངས་སོ། །རིགས་པས་ཀྱང་འགྲུབ་སྟེ། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཉེར་བསྡོགས་རྣམས་ཆོས་ཅན། འཇིག་རྟེན་པའི་སྒོམ་ལམ་དུ་མི་རིགས་ཏེ། ཐར་པའི་ལམ་མ་ཡིན་པའི་ཕྱིར་ཏེ། སྲིད་པ་འཁོར་བར་འཕེན་བྱེད་ཀྱི་ལས་ལམ་ཡིན་པའི་ཕྱིར་རོ། །དངོས་གཞི་ལ་ནི་མི་མཚུངས་ཏེ། ཞི་རགས་སུ་ལྟ་བ་མེད་པའི་ཕྱིར་རོ། །དེ་བས་ན་ལམ་གྱི་བདེན་པ་དང་ཞི་རགས་ཀྱི་རྣམ་པ་ཅན་གྱི་གཞི་མཐུན་ཡོད་པ་མ་ཡིན་ཏེ། ལམ་གྱི་བདེན་པ་ནི་ངེས་འབྱུང་ཚོལ་བ་ཡིན་ལ། ཞི་རགས་ཀྱི་རྣམ་པ་ཅན་ནི་སྲིད་པ་ཚོལ་བ་ལས་མ་འདས་པའི་ཕྱིར་རོ། །རྣམ་པར་སྤྲོས་པས་ཆོག་གོ །དྲུག་པ་ཁམས་ཀྱི་དབྱེ་བ་ལ་དོན་ལྔ་སྟེ། འདོད་པ་ལ་སྤྱོད་པའི་གང་ཟག་གསུམ་པོ་སོ་སོའི་མཚན་ཉིད། ཁམས་གོང་མ་གཉིས་ཀྱི་གང་ཟག་དྲུག་དེ་དང་མཚུངས་པར་བསྟན་པ། འདོད་པ་དང་གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང༌། འདོད་པའི་རང་རྒྱལ་དང༌། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའོ། །དེ་ལ་གཉིས་ཏེ། བསྟན་པར་བྱ་བའི་མཛད་པ་དང༌། དེ་གང་དུ་བསྟན་པའོ། །བདུན་པ་སྤྱད་པས་རབ་ཏུ་དབྱེ་བ་ལ་གཉིས་ཏེ། ས་མ་ཐོབ་པ་དང༌། ཐོབ་པའི་འོ། །དེ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་གསུམ་དུ་ཕྱེ་བའོ། །གསུམ་པ་རྒྱུན་དུ་ཞུགས་པའི་གང་ཟག་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གཉིས་སུ་དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། རྒྱུན་ཞུགས་འབྲས་གནས་ནི་ཆོས་ཅན། གཉིས་ཡོད་དེ། རིམ་གྱིས་པ་དང༌། ཅིག་ཆར་ངེས་པར་འབྱིན་པ་གཉིས་ཡོད་པས་སོ། །གལ་ཏེ་རྒྱུན་ཞུགས་ཐོབ་རྗེས་སུ་སྤང་བྱ་ཉོན་མོངས་སྤོང་བ་ཐམས་ཅད་ཟག་མེད་ལམ་གྱིས་སྤོང་བ་དང༌། དེ་ཡང་ཅིག་ཆར་བ་ཁོ་ནར་ངེས་ན་རྒྱུན་ཞུགས་ལ་རིམ་གྱིས་པ་ཇི་ལྟར་ཡོད་ཅེ་ན། གོང་དུ་བཤད་ཟིན་པ་ལྟར། འདོད་ཉོན་ལྔ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་ཀྱིས་འབྲས་བུ་ཕྱི་མ་གསུམ་རིམ་གྱིས་སྔོན་དུ་བྱེད་པ་ཅིག་ཡོད་པར་ཇི་སྐད་དུ་བསྟན་པ་ཡིན་ནོ། །གཉིས་པ་ཅིག་ཆར་བ་ལ་གཉིས་ཏེ། ཅིག་ཆར་ངེས་པར་འབྱིན་པའི་ཚུལ་དང༌། དགྲ་བཅོམ་པ་ཐོབ་པའི་དུས་སོ། །དང་པོ་ལ་གཉིས་ཏེ། ལམ་གང་གིས་སྤང་བྱ་ཇི་ལྟར་སྤོང་བ་དང༌། འབྲས་བུ་གང་དུ་གཞག་པ་གཉིས་སོ། །དགྲ་བཅོམ་ཐོབ་པའི་དུས་ལ་གསུམ་སྟེ། ཕལ་ཆེ་བའི་དུས་དང༌། དེར་མ་ཐོབ་ན་འདོད་པར་སྐྱེ་བའི་རྒྱུ་དང༌། རྐྱེན་དང་མ་ཕྲད་ན་བྱང་ཆུབ་གཞན་དུ་འགྱུར་བའོ། །འདིར་མི་ལྕོག་པར་མེད་པ་ལ་རྟེན་པར་བཤད་པ་ནི་ཁམས་གསུམ་ཀ་ལ་ཅིག་ཆར་དུ་ཆགས་བྲལ་བྱེད་པའི་དབང་དུ་བྱས་པ་ཡིན་གྱི། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ནས་ཁམས་གོང་མ་གཉིས་ལ་ཅིག་ཆར་དུ་ཆགས་བྲལ་བྱེད་པ་ལ་ནི་དངོས་གཞི་ལ་བརྟེན་པ་ཁོ་ནར་ངེས་སོ། །རྣམ་པས་ཅིག་ཆར་དུ་སྤོང་ཞེས་པ་ཆུང་ངུ་རྣམས་ཕྱོགས་གཅིག་དང་ཆེན་པོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་སྤོང་བ་ཡིན་གྱི། འདོད་པའི་ཆེན་པོ་དང་བསམ་གཏན་དང་པོའི་ཆུང་ངུ་ལྟ་བུ་ཅིག་ཆར་དུ་སྤོང་བ་མ་ཡིན་པའོ། །འདི་ནི་རྒྱུན་དུ་ཞུགས་པ་དང༌། ཞེས་སོགས་ཀྱི་དོན་ནི། ཅིག་ཆར་བའི་རྟེན་གྱི་གང་ཟག་དེ་ཡིན་ན་རྒྱུན་ཞུགས་དང་དགྲ་བཅོམ་གང་རུང་ཡིན་པས་ཁྱབ་པའི་དོན་ཡིན་གྱི། ཅིག་ཆར་བའི་རྒྱུན་ཞུགས་གང་ཡིན་རྒྱུན་ཞུགས་འབྲས་གནས་སུ་སྟོན་པ་ནི་མ་ཡིན་ཏེ། དེ་འདྲའི་རྒྱུན་ཞུགས་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་མི་གནས་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་བཅུ་དྲུག་པའི་རྟོགས་པ་ནི་བཏང་ཟིན་པས་ཁྱབ་ལ། ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ནི་མི་སྲིད་པའི་ཕྱིར་རོ། །སྲིད་ན་གང་ཡིན། ཁམས་གསུམ་གྱི་ཉོན་མོངས་དང་པོ་དགུ་སྤངས་པའི་འགོག་པ་དང་རྣམ་པར་གྲོལ་བའི་ལམ་ལྟ་བུའོ། །ཞེ་ན། དེ་ཆོས་ཅན། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཡིན་ཏེ། མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་མ་ཡིན་པའི་ཕྱིར་དང༌། སྒོམ་ལམ་བར་ཆད་མེད་ལམ་ཁོ་ནའི་ཐོབ་འབྲས་ཡིན་པའི་ཕྱིར། འོ་ན་འདོད་པའི་ཉོན་མོངས་དྲུག་པ་སྤངས་པའི་ཚེ་རྒྱུན་དུ་ཞུགས་པར་མི་འགྱུར་ཏེ། ཕྱིར་འོང་གི་སྤངས་རྟོགས་ཐམས་ཅད་ཚང་བའི་ཕྱིར་ཞེ་ན། དེ་ཚང་ཡང་ལན་གཅིག་ཕྱིར་འོང་དུ་མི་གཞག་སྟེ། ཁམས་གོང་གི་ཉོན་མོངས་པའི་གཉེན་པོ་ཐོབ་པས་ཉོན་མོངས་པའི་དབང་གིས་འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པར་ངེས་པའི་ཕྱིར། འོ་ན་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་ཕྱིར་འོང་དུ་འཇོག་བྱེད་ཀྱི་སྐྱེ་བའི་ཁྱད་པར་དུ་མི་རུང་སྟེ། དེར་སྐྱེ་བ་དེ་སྨོན་ལམ་གྱི་དབང་གིས་ཡིན་པར་བཤད་པའི་ཕྱིར། བྱང་ཆུབ་སེམས་དཔའ་བཞིན་ནོ། །དེས་ན་འདིས་འདོད་ཉོན་དྲུག་པ་སྤངས་པའི་ཚེ་རྒྱུན་ཞུགས་སུ་འཇོག་བྱེད་རྣམས་ཡོད་པ་མ་ཡིན་ཀྱང༌། ཕྱིར་འོང་སོགས་གསུམ་དུའང་མི་རུང་བའི་ཕྱིར། རྒྱུན་ཞུགས་སུ་བཏགས་པ་ཙམ་མོ། །དེ་ལ་དགོངས་ནས་གཞུང་དུ། འབྲས་བུ་གཉིས་སུ་གདགས་སོ། །ཞེས་གསུངས་སོ། །གཉིས་པ་མངོན་པར་རྟོགས་པ་རྣམ་པར་བཞག་པ་ལ་གཉིས་ཏེ། མངོན་རྟོགས་བཅུ་པོའི་དོན་རྣམ་པར་བཞག་པ་དང༌། དེ་དང་འབྲེལ་བའི་ཆོས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ་མདོར་བསྟན་པ་དང༌། ཕྱེ་བ་སོ་སོའི་མཚན་ཉིད་དང༌། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་མངོན་རྟོགས་ཀྱི་ཁྱད་པར་བཤད་པའོ། །སོ་སོའི་མཚན་ཉིད་ལ་གཉིས་ཏེ། གནས་སྐབས་ཅན་དང༌། གནས་སྐབས་ཀྱི་དབྱེ་བའོ། །དང་པོ་ལ་ལྔ་སྟེ། ཚོགས་ལམ་གྱི་དབང་དུ་བྱས་པ་ཆོས་མངོན་རྟོགས་དང༌། སྦྱོར་ལམ་གྱི་དབང་དུ་བྱས་པ་དོན་མངོན་རྟོགས་དང༌། མཐོང་ལམ་གྱི་དབང་དུ་བྱས་པ་དེ་ཁོ་ན་མངོན་པར་རྟོགས་པ་དང༌། སྒོམ་ལམ་གྱི་དབང་དུ་བྱས་པ་རྗེས་ལ་མངོན་པར་རྟོགས་པ་སོགས་དང༌། མཐར་ཕྱིན་པའི་ལམ་གྱི་མངོན་པར་རྟོགས་པའོ། །སྒོམ་ལམ་གྱི་མངོན་རྟོགས་ལ་གསུམ་སྟེ། རྗེས་ལ་མངོན་རྟོགས་དང༌། དཀོན་མཆོག་མངོན་རྟོགས་དང༌། ཀུན་མི་འབྱུང་བའི་མངོན་རྟོགས་སོ། །དེ་ལའང་གཉིས་ཏེ། འབྲས་བུ་ངན་སོང་མི་འབྱུང་བའི་རྟོགས་པ་དང༌། དེའི་རྒྱུ་མི་འབྱུང་བར་རྟོགས་པའོ། །གནས་སྐབས་ཀྱི་ཆོས་ལ་གསུམ་སྟེ། ཉན་ཐོས་ཀྱི་དང༌། རང་རྒྱལ་གྱི་དང༌། བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ། །དེ་ལའང་གཉིས་ཏེ། གཞན་དོན་ལམ་ཤེས་པའི་མངོན་རྟོགས་དང༌། རང་དོན་ས་ལ་འཇུག་པའི་མངོན་རྟོགས་སོ། །གསུམ་པ་མངོན་རྟོགས་གཉིས་ཀྱི་ཁྱད་པར་ལ་གཉིས་ཏེ། ཁྱད་པར་བཅུ་སྤྱིར་བསྟན་པ་དང༌། འབྲས་བུའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། སྦྱོར་བའི་ཁྱད་པར་གཉིས་དང༌། དངོས་གཞིའི་ཁྱད་པར་གཅིག་དང༌། རྗེས་ཀྱི་ཁྱད་པར་གཉིས་དང༌། བྱེད་པའི་ཁྱད་པར་བཞི་དང༌། འབྲས་བུའི་ཁྱད་པར་གཅིག་རྣམས་སོ། །བྱེ་བྲག་ཏུ་བཤད་པ་བཅུ་ལ་གཉིས་ཏེ། ས་བཅུ་པ་ན་ཡོད་པའི་ཁྱད་པར་དང༌། སངས་རྒྱས་ཀྱི་ས་ན་ཡོད་པའི་ཁྱད་པར་རོ། །དང་པོ་ལ་གསུམ་སྟེ། ཡོན་ཏན་གྱི་རྟེན་གྱི་ཁྱད་པར། ཡོན་ཏན་དངོས་ཀྱི་ཁྱད་པར། གཞན་ལ་ཕན་འདོགས་པའི་རྟེན་གྱི་ཁྱད་པར་རོ། །སངས་རྒྱས་ཀྱི་ས་ན་ཡོད་པའི་ཁྱད་པར་ལ་གཉིས་ཏེ། རྟེན་གྱི་ཁྱད་པར་དང༌། དེ་ལ་བརྟེན་པའི་ཡོན་ཏན་གྱི་ཁྱད་པར་རོ། །དེ་ལ་གཉིས་ཏེ། ཡེ་ཤེས་དང་སྤངས་པའི་ཡོན་ཏན་གཉིས་ཀྱི་སྒོ་ནས་རང་དོན་གྱི་དང༌། གདུལ་བྱ་གང་གི་དོན་ཇི་ལྟར་བྱེད་པ་དང་གཉིས་ཀྱིས་གཞན་དོན་གྱི་ཡོན་ཏན་ནོ། །དེ་དང་འབྲེལ་བའི་ཆོས་ཀྱི་ཁྱད་པར་ལ་གསུམ་སྟེ། མངོན་པར་རྟོགས་པ་ལ་བརྟེན་པའི་ཡོན་ཏན་གྱི་ཁྱད་པར་དང༌། ལམ་གྱི་གཏོང་ཐོབ་དང་སྤངས་པ་བསྡོམས་པའི་ཚུལ་དང༌། སྟོབས་དང་ཐམས་ཅད་མཁྱེན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ལྔ་སྟེ། ཡོན་ཏན་དེ་དག་དེ་དག་མངོན་རྟོགས་གང་གིས་བསྡུས་པ་དང༌། དབྱེ་བ་སྒྲུབ་བྱེད་དང་བཅས་པ་དང༌། སོ་སོའི་མཚན་ཉིད་དང༌། གང་ཞིག་གང་ལ་བརྟེན་ནས། གང་གི་ཇི་ལྟར་སྒྲུབ་པ་དང༌། དེ་དག་གཉིས་སུ་དབྱེ་ཞིང་རང་གི་བྱ་བ་ལ་ཉེ་བར་གནས་པའི་ལས་རྒྱ་ཆེར་བཤད་པའོ། །སོ་སོའི་མཚན་ཉིད་ལ་གཉིས་ཏེ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཀྱིས་བསྡུས་པ་དང༌། ལྷག་མཐོང་གིས་བསྡུས་པའོ། །དང་པོ་ལ་གཉིས་ཏེ། སོ་སོ་སྐྱེ་བོ་དང་ཐུན་མོང་བ་དང༌། ཉན་ཐོས་དང་ཐུན་མོང་བའོ། །དང་པོ་ལ་བྱམས་པ་ལ་སོགས་པ་བཞིའོ། །ཉན་ཐོས་དང་ཐུན་མོང་བ་ལ་གཉིས་ཏེ། རྣམ་པར་ཐར་པ་དང༌། ཟིལ་ནོན་དང་ཟད་པར་གྱི་སྐྱེ་མཆེད་དོ། །དང་པོ་ལ་བཞི་སྟེ། གཟུགས་ལ་ལྟ་བའི་རྣམ་ཐར་བཤད་པ་དང༌། སྡུག་པའི་རྣམ་ཐར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། གཟུགས་མེད་ཀྱི་རྣམ་ཐར་བཞི་བཤད་པ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་རོ། །དང་པོ་ལ་གཉིས་ཏེ། ངེས་ཚིག་དང༌། མཚན་ཉིད་དོ། །དེ་ལ་གཉིས་ཏེ། གནས་དང༌། དམིགས་པ་དང༌། རྣམ་པ་དང༌། ངོ་བོ་དང༌། གྲོགས་ཏེ་ལྔས་གཟུགས་ཅན་གཟུགས་ལ་བལྟ་བའི་དང༌། དམིགས་པ་རྣམ་པ་སོགས་སྔ་མ་དང་མཚུངས་པར་བསྟན་པའི་སྒོ་ནས་གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་པར་ཐར་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་དུ་བྱེད་པ་ལ་གཉིས་ཏེ། ངེས་ཚིག་དང༌། མཚན་ཉིད་དོ། །དེ་ལའང་དམིགས་པ་དང༌། རྣམ་པ་དང༌། གསུམ་པོ་སྔ་མ་དང་མཚུངས་པར་བསྟན་པའོ། །གཟུགས་མེད་ཀྱི་རྣམ་ཐར་ལ། མཚན་ཉིད་དང༌། ངེས་ཚིག་གོ །དང་པོ་ལ་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར་དང༌། ལྷག་མ་དེ་དང་མཚུངས་པར་བསྟན་པའོ། །འདུ་ཤེས་དང༌། ཚོར་བ་འགོག་པའི་རྣམ་ཐར་ལ་གཉིས་ཏེ། ངེས་ཚིག་དང༌། མཚན་ཉིད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་གཉིས་ཏེ། རྣམ་ཐར་དང༌། མཚུངས་པར་བསྟན་པ་དང༌། མདོའི་ཚིག་དོན་བཤད་པའོ། །དེ་ལའང་རྣམ་ཐར་དང་ཟིལ་གནོན་གྱི་ཁྱད་པར་དང༌། ཆུང་ངུ་སོགས་ཀྱི་ཚིག་དོན་བཤད་པ་དང༌། མདོ་ཚིག་ལྷག་མ་རྣམ་ཐར་ལ་ལྟོས་པའོ། །ཟད་པར་གྱི་སྐྱེ་མཆེད་ལ་གཉིས་ཏེ། མཚན་ཉིད་དང༌། བྱེད་པའོ། །དང་པོ་ལ་གཉིས་ཏེ། གཟུགས་ཅན་གྱི་ཟད་པར་གྱི་དང༌། གཟུགས་ཅན་མ་ཡིན་པའི་ཟད་པར་གྱི་མཚན་ཉིད་དོ། །དང་པོ་ལ་མཚན་ཉིད་དངོས་དང༌། འབྱུང་བ་བཞི་ཁོ་ན་ལ་ཟད་པར་འཇོག་པའི་རྒྱུ་མཚན་ནོ། །ལྷག་མཐོང་གི་ཕྱོགས་ཀྱི་ཡོན་ཏན་ལ་གཉིས་ཏེ། ཉན་ཐོས་དང་ཐུན་མོང་བ་དང༌། སོ་སྐྱེ་དང་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གསུམ་སྟེ། དོན་ལྔས་ཉོན་མོངས་མེད་པ་དང༌། དོན་བཞིས་བསམས་ནས་ཤེས་པ་དང༌། བཤད་བྱ་དང་འཆད་བྱེད་རིག་པ་གཉིས་གཉིས་ཀྱིས་སོ་སོ་ཡང་དག་པར་རིག་པའོ། །སོ་སྐྱེ་དང་ཐུན་མོང་བ་ལ་གཉིས་ཏེ། ཐུན་མོང་བ་མངོན་ཤེས་ལྔ་དང༌། ཐུན་མོང་མ་ཡིན་པ་ཟག་ཟད་མངོན་ཤེས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ལ་གཉིས་ཏེ། གནས་སྐབས་མ་འདྲེས་པ་བརྒྱ་བཞི་བཅུ་དང༌། གནས་སྐབས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །དང་པོ་ལ། དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་བསྡུ་ན་བཅུ་སྟེ། དང་པོ་ཉིད་དུ་གཟུགས་ཀྱི་སྐུ་དང་བར་བྱ་བའི་མཛད་པ་དང༌། ཆོ་འཕྲུལ་གསུམ་གྱི་སྒོ་ནས་ཡང་དག་པའི་གདམས་ངག་ལ་སྦྱོར་བའི་མཛད་པ་དང༌། དེ་ནས་ཀུན་ཏུ་རྨོངས་པ་དང་ཐེ་ཚོམ་གཅོད་པའི་མཛད་པ་དང༌། ཕས་ཀྱི་རྒོལ་བ་ཚར་གཅོད་ཅིང་རང་ཕྱོགས་གཞག་པའི་མཛད་པ་དང༌། སློབ་མའི་ཚོགས་སྡུད་པ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མཛད་པ་དང༌། བསམ་སྦྱོར་མ་འདྲེས་པས་ཇི་སྐད་སྨྲས་པ་བཞིན་བྱེད་པའི་མཛད་པ་དང༌། སེམས་ཅན་གྱི་བྱ་བ་མི་འདོར་ཞིང་བྱ་བ་ཐམས་ཅད་ལ་དྲན་པ་ཉེ་བར་གནས་པའི་མཛད་པ་དང༌། དེ་བཞིན་གཤེགས་པའི་སྤྱོད་པ་དང་གནས་པ་དག་པ་དག་ལ་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་མཛད་པ་དང༌། ཉིན་མཚན་དུ་འཇིག་རྟེན་ལ་གཟིགས་པའི་མཛད་པ་དང༌། དོན་མ་ཡིན་པ་སྤངས་ནས་དོན་དུ་འགྱུར་བ་ཉེ་བར་སྟོན་པའི་མཛད་པའོ། །དང་པོ་ལ་གཉིས་ཏེ། གཟུགས་སུ་སྟོན་པའི་རྒྱུ་དང༌། གཟུགས་སུ་བསྟན་པ་དངོས་སོ། །རྩ་བའི་གཉིས་པ་ལ་གཉིས་ཏེ། ལུས་དང་ལོངས་སྤྱོད་དག་པ་དང༌། ཞི་གནས་དང་ལྷག་མཐོང་དག་པའོ། །རྩ་བའི་གསུམ་པ་ལ་གསུམ་སྟེ། ཐབས་ལ་སླུ་བའི་བདུད་འཇོམས་པ་དང༌། སྐྱབས་ལ་སླུ་བའི་གཅིག་དང༌། དག་པ་ལ་སླུ་བའི་གཅིག་དང་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་སླུ་བའི་བདུད་འཇོམས་པ་བདུན་དེ་དང་མཚུངས་པར་བསྟན་པའོ། །བཞི་པ་རྒོལ་བ་ཚར་གཅོད་ཅིང་རང་ཕྱོགས་གཞག་པ་ལ་གཉིས་ཏེ། རང་དོན་ལ་བརྩོན་པ་དང༌། གཞན་དོན་ལ་བརྩོན་པའོ། །དང་པོ་ལ་གཉིས་ཏེ། ཡེ་ཤེས་ལ་དང༌། སྤངས་པ་ལ་མི་འཇིགས་པའོ། །གཉིས་པ་ལ་བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་དང༌། ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པའོ། །གནས་སྐབས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གཉིས་ཏེ། སོ་སོའི་དམིགས་རྣམས་དང༌། ལྷག་མ་གསུམ་པོ་ཕྱོགས་གཅིག་ཏུ་བསྟན་པའོ། །དང་པོ་ལ། སྤྱོད་པ་མ་འདྲེས་པ་དྲུག་གི་དམིགས་རྣམ་དང༌། རྟོགས་པ་མ་འདྲེས་པ་དྲུག་གི་དང༌། འཕྲིན་ལས་མ་འདྲེས་པ་གསུམ་གྱི་དང༌། ཡེ་ཤེས་མ་འདྲེས་པ་གསུམ་གྱི་དམིགས་རྣམས་སོ། །བཞི་པ་གང་ཞིག་གང་ལ་བརྟེན་ནས་གང་གིས་ཇི་ལྟར་སྒྲུབ་པ་ལ་གཉིས་ཏེ། གང་ཞིག་སོགས་ཀྱི་དོན་བཤད་པ་དང༌། ཚུལ་ཇི་ལྟར་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སོ་སོ་སྐྱེ་བོ་དང་ཐུན་མོང་བའི་ཡོན་ཏན་དགུ། གང་ཟག་གང་གིས་གནས་གང་ལ་བརྟེན་ནས་སྒྲུབ་པ་དང༌། ཡོན་ཏན་ལྷག་མ་རྣམས་གང་ཟག་གང་གིས་གནས་གང་ལ་གནས་ནས་སྒྲུབ་པའོ། །སྐབས་འདི་དག་ཏུ། མཐོང་ལམ་གྱི་རྟེན་ལ་ཚད་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་གསར་དུ་གྲུབ་པ་མེད་ཅིང༌། སྐྱེས་ཟིན་གནས་པ་དེ་དག་ལས་ཀྱང༌། རང་གི་བྱ་བས་ཉེ་བར་གནས་པ་རྣམས་ནི་མཐོང་ལམ་གྱིས་བསྡུས་པ་མ་ཡིན་པར་གཞུང་འདི་ཉིད་དུ་གསལ་ལ། མངོན་པར་རྟོགས་པའི་རྒྱན་དུ། མཉམ་གཞག་སེང་གེ་རྣམ་བསྒྱིངས་བཤད་པ་དེ་ནི་ཆོས་འདི་པའི་ལུགས་ཀྱིས་མཐོང་ལམ་གྱི་ཁྱད་པར་གྱི་ལམ་མམ་སྒོམ་ལམ་གྱི་སེང་གེ་རྣམ་བསྒྱིངས་སུ་ཤནྟི་པས་བཞེད་པ་ལྟར་བཤད་ན་ལེགས་སོ། །ཡོན་ཏན་ལྷག་མ་རྣམས་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་སྒྲུབ་པར་གསུངས་ཤིང༌། ཡོན་ཏན་དེ་དག་གི་སེམས་རྟེན་ཀྱང་བསམ་གཏན་བཞི་པ་ཉིད་དུ་བཤད་པ་ལ་མི་རིགས་པ་མེད་པར་གསལ་ལོ། །དེ་ལྟ་ཡིན་པ་དེའི་ཚེ། རྣམ་པར་ཐར་པ་བརྒྱད་ཀྱི་སེམས་རྟེན་ཀྱང་དེར་འགྱུར་ལ། དེ་ལྟ་ན་གཟུགས་མེད་ཀྱི་རྣམ་ཐར་དང༌། བསམ་གཏན་བཞི་པའི་སྙོམས་འཇུག་གི་གཞི་མཐུན་ཡོད་པར་འགྱུར་བ་དང༌། འགོག་པ་ལ་སྙོམས་པར་འཇུག་པའི་འཇུག་སེམས་བསམ་གཏན་བཞི་པའི་སྙོམས་འཇུག་ཡིན་པར་ཐལ་བའི་ཉེས་པ་ཡོད་དོ། །ཞེ་ན། དེ་ཡང་དེ་ལྟར་ཁས་ལེན་ནུས་པ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་ལ་བརྟེན་ནས་ཇི་ལྟར་མཉམ་པར་བཞག་པ་བཞིན་དུ་ལན་མང་དུ་ཡིད་ལ་བྱེད་པའི་ཕྱིར། ཞེས་གསུངས་པ་ལྟར། བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་རྟོགས་པའི་ཡོན་ཏན་དེ་དག་གི་དམིགས་རྣམ་ཡིད་ལ་བྱེད་པའི་ཕྱིར་དང༌། གཟུགས་མེད་ཀྱི་རྣམ་ཐར་དང་བསམ་གཏན་བཞི་པའི་སྙོམས་འཇུག་ལ་དམིགས་རྣམ་འགལ་བ་མེད་པའི་ཕྱིར་དང༌། ཡོན་ཏན་འདི་དག་ཐམས་ཅད་གནས་པ་ལས་གྱུར་པ་ཞེས་བྱ་བའི་མིང་ཅན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ཁོ་ན་ལ་ངེས་པར་བརྟེན་པས་ཁྱབ་པའི་ཕྱིར་དང༌། སངས་རྒྱས་ཀྱི་སའི་ཡོན་ཏན་ཇི་སྙེད་པའི་རྟེན་ནི་འདི་ཁོ་ནར་ངེས་པའི་ཕྱིར། དེའི་ཕྱིར་འདི་ལ་ལམ་སླ་བ་རྣམས་ཀྱི་མཆོག་ཅེས་བྱའོ། །དེ་འགོག་པ་ལ་སྙོམས་པར་འཇུག་པའི་འཇུག་སེམས་སུ་ནི་ངེས་པར་རུང་བ་ཡིན་ཏེ། ཐོད་རྒལ་གྱི་ཏིང་ངེ་འཛིན་ནོ། །དེ་ལྟ་མོད་ཀྱི་འདི་ལ་འཇུག་པ་ལ་སྲིད་རྩེའི་སེམས་ངེས་པར་རྒྱུད་ལ་སྐྱེས་པ་ཞིག་དགོས་ཏེ། གཞན་དུ་ན་མཐར་གྱིས་གནས་པའི་སྙོམས་འཇུག་ཏུ་མི་རུང་བའི་ཕྱིར་དང༌། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པར་འཇོག་པ་ལ་ཡང་སྲིད་རྩེའི་སེམས་ངེས་པར་ཐོབ་པ་ཞིག་དགོས་པའི་ཕྱིར། ཞར་ལ། འགོག་པའི་རྣམ་པར་ཐར་པ་མངོན་དུ་བྱེད་པའི་གང་ཟག་ནི་གཉིས་ཏེ། སློབ་པ་དང༌། མི་སློབ་པའོ། །དང་པོ་ལ། བསམ་གཏན་གསུམ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོས་ནི་སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། ཁྱད་པར་ཅན་གྱི་ལམ་ལ་གནས་ནས་འགོག་པའི་སྙོམས་འཇུག་སྒྲུབ་པར་བྱེད་ལ། གཉིས་པས་ཀྱང་དེ་བཞིན་ནོ། །ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་མི་སློབ་པས་ནི་ཁམས་གསུམ་ལ་ཆགས་པ་དང་བྲལ་ཟིན་པས་ཉོན་སྒྲིབ་སྤོང་བའི་ཉེར་བསྡོགས་ལ་བརྟེན་མི་དགོས་ཀྱི། སྙོམས་འཇུག་གི་སྒྲིབ་པ་ཙམ་སྤོང་བར་བྱེད་པའི་ཉེར་བསྡོགས་རྣམ་པ་བརྒྱད་ལ་བརྟེན་ནས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲུབ་པར་བྱེད་དོ། །དོན་འདི་ཡང་ཞར་ལ་བཤད་དགོས་ཏེ། ཆོས་མངོན་པ་འཆད་པ་དག་གི་སྤྱི་སྐད་ལ་ནི། བསམ་གཏན་བཞི་དང༌། གཟུགས་མེད་བཞི་སྟེ། བརྒྱད་པོ་འོག་མ་འོག་མ་ལ་ཆགས་བྲལ་མ་བྱས་པར། གོང་མ་གོང་མའི་དངོས་གཞིའི་སེམས་མི་ཐོབ་པར་བཤད་ལ། བསྟན་བཅོས་འདིའི་འགྲེལ་མཛད་རྒྱལ་བའི་སྲས་ཀྱིས་ནི་བསམ་གཏན་རྣམས་ལ་དེ་ལྟར་ཡིན་ཀྱང༌། གཟུགས་མེད་པ་བཞི་ལ་ནི་གཟུགས་ལ་ཆགས་བྲལ་མ་བྱས་པར་གཟུགས་མེད་དངོས་གཞིའི་སེམས་ཐོབ་པ་དང༌། བཞི་པོ་ཡང་འོག་མ་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མ་གོང་མའི་དངོས་གཞིའི་སེམས་ཐོབ་པར་བཞེད་དོ། །ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་པ་ལ་བརྟགས་ན་ནི། ས་འོག་མ་འོག་མ་ལ་ཆགས་བྲལ་མ་བྱས་པར་བསམ་གཏན་གྱི་དངོས་གཞིའི་སེམས་མངོན་དུ་བྱེད་ནུས་པ་ཞིག་ཡོད་པར་གསལ་བ་ཡིན་ཏེ། ཇི་སྐད་དུ། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་སོང་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་སེམས་གནས་པའི་ཐབས་དགུ་པའི་མཐར་དངོས་གཞི་ཐོབ་པར་བཤད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཚེ་ས་འོག་མ་ལ་ཆགས་བྲལ་མ་བྱས་པར་གོང་མར་སྐྱེ་བ་ལེན་མི་ནུས་ཀྱང༌། གོང་མའི་སྙོམས་འཇུག་མངོན་དུ་བྱས་ཏེ། ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་སྙོམས་འཇུག་ལ་སྙོམས་པར་འཇུག་པ་དག་ཡོད་དོ། །ལྔ་པ་དབྱེ་བ་དང་བྱེད་ལས་བཤད་པ་ལ་གཉིས་ཏེ། གཉིས་སུ་དབྱེ་བ་དང༌། རང་གི་བྱ་བ་ལ་ཉེ་བར་གནས་པའི་བྱེད་ལས་རྣམས་སོ་སོར་བཤད་པའོ། །དེ་ལ་གཉིས་ཏེ་ཐུན་མོང་བའི་ཡོན་ཏན་གྱི་ལས་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ལས་སོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཀྱི་དང༌། ལྷག་མཐོང་གི་ལས་སོ། །དང་པོ་ལ་གཉིས་ཏེ། སོ་སྐྱེ་དང་ཐུན་མོང་བའི་ཡོན་ཏན་གྱི་ལས་དང༌། སློབ་པ་དང་ཐུན་མོང་བའི་ཡོན་ཏན་གྱི་ལས་སོ། །དང་པོ་ལ་གསུམ་སྟེ། སྤང་བྱ་སྤོང་བའི་རྒྱུ་བྱེད་པ་དང༌། རང་ལ་ཕན་པའི་རྒྱུ་བྱེད་པ་དང༌། གཞན་ལ་ཕན་པའི་རྒྱུ་བྱེད་པའོ། །གཉིས་པ་དེ་ལ་གསུམ་སྟེ། རྣམ་ཐར་དང་པོ་གཉིས་ཀྱི་ལས་དང༌། སྡུག་པའི་རྣམ་ཐར་གྱི་དང༌། གཟུགས་མེད་བཞིའི་ལས་དང་ཞར་ལ་ངེས་ཚིག་བསྟན་པ་དང་འགོག་པའི་རྣམ་ཐར་གྱི་ལས་ཏེ་ལྔའི་སྒོ་ནས་རྣམ་པར་ཐར་པའི་ལས་དང༌། ཟིལ་གྱིས་ནོན་པའི་དང༌། ཟད་པར་གྱི་ལས་སོ། །ལྷག་མཐོང་གིས་བསྡུས་པའི་ཡོན་ཏན་གྱི་ལས་ལ་གསུམ་སྟེ། སློབ་པ་དང་ཐུན་མོང་གི་དང༌། སོ་སོ་སྐྱེ་བོ་དང་ཐུན་མོང་གི་དང༌། ཐུན་མོང་མ་ཡིན་པའི་འོ། །དང་པོ་ལ་གསུམ་སྟེ། ཉོན་མོངས་མེད་པའི་དང༌། སྨོན་ནས་ཤེས་པའི་དང༌། སོ་སོ་ཡང་དག་པར་རིག་པའི་འོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ལས་ལ་གཉིས་ཏེ། གནས་སྐབས་ཅན་མ་འདྲེས་པ་བརྒྱ་བཞི་བཅུའི་ལས་དང༌། གནས་སྐབས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ལས་སོ། །དང་པོ་ལ་སྡེ་ཚན་བཅུ་ལས། གཉིས་པ་ལ་བཞི་སྟེ། གནས་ཡོངས་སུ་དག་པའི་ལས་དང༌། དམིགས་པ་ཡོངས་སུ་དག་པའི་དང༌། ཐུགས་ཡོངས་སུ་དག་པའི་དང༌། མཁྱེན་པ་ཡོངས་སུ་དག་པའི་ལས་སོ། །དང་པོ་ལ་གསུམ་སྟེ། ལེན་པ་དང༌། གནས་པ་དང༌། གཏོང་བའོ། །སྡེ་ཚན་གསུམ་པའི་ལས་ལ་གསུམ་སྟེ། ལམ་གཉིས་སྟོན་པ་དང༌། བདུད་བཞི་ཚར་གཅོད་པ་དང༌། ཐེ་ཚོམ་གཅོད་པའོ། །དང་པོ་ལ་གཉིས་ཏེ། དང་པོ་གཉིས་ཀྱིས་མངོན་པར་མཐོ་བའི་ལམ་སྟོན་པ་དང༌། ལྷག་མ་བརྒྱད་ཀྱིས་ངེས་པར་ལེགས་པའི་ལམ་སྟོན་པའོ། །གནས་པ་སྐབས་ཀྱི་ཆོས་ཀྱི་ལས་ལ་གཉིས་ཏེ། ཟིལ་གྱིས་མནོན་པའི་འཐད་པ་དང༌། བྱེད་པའོ། །རྣམ་མཁྱེན་གྱི་ལས་ལ་གཉིས་ཏེ། དངོས་སུ་བྱེད་པའི་ལས་དང༌། བརྒྱུད་ནས་བྱེད་པའི་ལས་སོ། །སྐབས་འདིར་ལམ་སྔ་མ་འདོར་བ་དང་བསྡོམས་ནས་སྤོང་བ་མངོན་དུ་བྱེད་པའི་དོན་མངོན་པར་རྟོགས་པ་ཕྱི་མ་ཕྱི་མ་མངོན་དུ་བྱས་པ་ན་སྔ་མ་སྔ་མ་གཏོང་བའི་ལུགས་ཡིན་གྱི། འོག་མ་ལྟར་མཐོང་ལམ་ཐོབ་ཀྱང་ས་མ་འཕོས་ན་སྦྱོར་བའི་ལམ་མི་གཏོང་བ་དང༌། མི་སློབ་པའི་ལམ་མངོན་དུ་བྱས་ནས་སྒོམ་ལམ་མི་གཏོང་བ་སྲིད་པར་འཆད་པ་ནི་འདིར་ཁས་མི་ལེན་པའོ། །བསྡོམས་ནས་སྤོང་ཞེས་པའི་དོན་བྱེ་སྨྲ་ལྟར་སྔར་སྤོང་བྱ་ཇི་སྙེད་སྤངས་པ་ཐམས་ཅད་ཕྱོགས་གཅིག་ཏུ་སྡོམ་པར་བྱེད་པའི་ཐོབ་པ་ཐུན་མོང་བ་གཅིག་རྙེད་པ་དང༌། དེ་ནི་རྙེད་པའི་ཚེ་ན་འབྲས་བུ་ཐོབ་པ་དང༌། དེ་བཏང་བ་ན་འབྲས་བུ་བཏང་བ་དང༌། སྤངས་པ་ལས་ཉམས་ཀྱང་ཐོབ་པས་འཛིན་པ་སོགས་ཀྱི་རྣམ་པར་བཞག་པ་ནི་འདིར་ཁས་མི་ལེན་ཏེ། དེ་ནི་དེས་སྒྲོ་བཏགས་པའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དམན་པའི་དགྲ་བཅོམ་པ་ལྷག་མེད་དུ་ཞུགས་པའི་ཚེ། ལམ་གྱི་བདེན་པ་རྒྱུན་ཆད་པ་དང༌། སྤང་བྱ་སྤོང་བའི་བྱ་བ་དང་འགལ་བ་དང༌། བྱང་ཕྱོགས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཟད་པར་འཇོག་པ་ཡིན་ལ། དམན་པའི་ལྷག་བཅས་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ན་ནི་དེ་ལྟ་བུ་མ་ཡིན་པར་སྤངས་བྱ་ལྷག་མ་ཇི་སྙེད་པ་བསྡོམས་ནས་ཅིག་ཆར་དུ་ཟག་པ་མེད་པའི་ལམ་གྱིས་སྤོང་ཞེས་བྱ་བའི་དོན་ཏེ། ཉོན་སྒྲིབ་ཀྱི་བག་ལ་ཉལ་དང༌། ཤེས་བྱའི་སྒྲིབ་པ་ཅིག་ཆར་དུ་སྤོང་བར་འོག་ནས་འཆད་པ་ལྟར་ཡིན་ནོ། །མདོར་ན་བྱང་ཆུབ་སེམས་དཔའ་ལ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཉོན་མོངས་པ་སྤོང་བ་གཏན་སྲིད་པ་མ་ཡིན་ཏེ། དེ་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར་དང༌། ཞར་བྱུང་ལ་སྤོང་བ་དེ་ཡང་ཅིག་ཆར་བ་ཁོ་ནར་ངེས་པའི་ཕྱིར་རོ། །བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་བྱ་བའི་ལུང་ལས་ནི། ཉན་ཐོས་འཕགས་པ་ལ་ཡང་ཞི་རགས་སུ་ལྟ་བའི་ལམ་གྱིས་ཉོན་མོངས་སྤོང་བ་མི་སྲིད་དེ། ཁམས་གོང་མའི་སྐྱེ་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །དོན་དུ་མི་གཉེར་ཡང་དེར་སྐྱེ་བ་བླངས་པ་ནི་མི་འགལ་ཏེ། སྙོམས་འཇུག་གི་བདེ་བ་ལ་རོ་མྱང་བའི་སྲེད་པས་སྔོན་གྱི་ལས་སྲིད་པར་སྒྱུར་བའི་ཕྱིར། དེ་སྐད་དུ་ཡང་རྒྱན་ལས། དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་སྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་སྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །ཞེས་གསུངས་པ་དང་ཆ་མཐུན་ནོ། །གསུམ་པ་ཐེག་པ་ཆེན་པོའི་གང་ཟག་དང་དེའི་བསླབ་བྱའི་ཆོས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་ལ་འབྲས་བུ་བཞིའི་དབྱེ་བ་མི་འཇོག་པའི་རྒྱུ་མཚན་དང༌། དེའི་བསླབ་པར་བྱ་བའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། ཐེག་དམན་པའི་གང་ཟག་དང་མི་འདྲ་བའི་ཁྱད་པར་རོ། །དང་པོ་ལ་གསུམ་སྟེ། རྒྱུན་དུ་ཞུགས་པར་མི་འཇོག་པའི་དང༌། ལན་གཅིག་ཕྱིར་འོང་བའི་དང༌། ཕྱིར་མི་འོང་བར་མི་འཇོག་པའི་རྒྱུ་མཚན་ནོ། །རྩ་བའི་གཉིས་པ་ལ་གསུམ་སྟེ། སྒོམ་ལམ་གྱི་སྐབས་སུ་སྤང་བྱ་གང་གི་གཉེན་པོ་སྒོམ་པ་དང༌། སྤང་བྱ་གང་ཞིག་སྤངས་པས་འབྲས་བུ་གང་ཐོབ་པ་དང༌། སྒོམ་སྤང་དུ་གྱུར་པའི་ཉོན་མོངས་མ་སྤངས་ཀྱང་དེས་ཉེས་པ་མི་སྐྱེད་པའི་དཔེ་བསྟན་པའོ། །བྱང་སེམས་འཕགས་པ་རྣམས་འཁོར་བའི་སྐྱེ་བ་དོན་དུ་གཉེར་ཀྱང་དེའི་ལམ་སྲིད་པ་ཚོལ་བའི་རྒྱུ་མཚན་གྱིས་ངེས་འབྱུང་གི་ལམ་མ་ཡིན་པར་མི་འགྱུར་ཏེ། རྒྱུའི་ཀུན་སློང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་ཀུན་ནས་བསླང་བ་ཡིན་གྱི། སྲིད་པའི་ཕུང་པོ་ལ་སྲེད་པའི་འདོད་ཆགས་དང་བདག་ཏུ་རྨོངས་པའི་མ་རིག་པས་ཀུན་ནས་བསླང་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེའི་བསླབ་བྱ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། མཁས་པར་བྱ་བ་དང༌། རང་ཚིག་དང་འགལ་བའི་རྩོད་པ་སྤངས་པའི་སྒོ་ནས་དབང་པོ་སྦྱང་བར་བྱ་བའོ། །དང་པོ་ལ་བཞི་སྟེ། དམིགས་པ་ལ་མཁས་པ་དང༌། སྤྱོད་པ་ལ་མཁས་པ་དང༌། སྤོང་བ་ལ་མཁས་པ་དང༌། གཉེན་པོ་ལ་མཁས་པའོ། །དང་པོ་ལ་གཉིས་ཏེ། དོར་བྱའི་ཤེས་བྱ་དང༌། བླང་བྱའི་ཤེས་བྱའོ། །དང་པོ་ལ་ཡུལ་ཅན་དང༌། དེའི་ཡུལ་ལོ། །གཉིས་པ་ལ་ཡུལ་དང༌། དེའི་ཡུལ་ཅན་ནོ། །དེ་ལའང་སྦྱོར་དངོས་མཇུག་གསུམ་མོ། །སྤྱོད་པ་ལ་གཉིས་ཏེ། རྒྱ་ཆེ་བའི་སྤྱོད་པ་དང་ཟབ་པའི་སྤྱོད་པ་གཉིས་ཀྱིས་སྤྱོད་པའི་ངོ་བོ་དང༌། རྒྱུ་དང་འབྲས་བུ་གཉིས་ཀྱིས་དེ་དག་བར་བྱེད་པའི་ཐབས་སོ། །སྤང་བྱ་ལ་གཉིས་ཏེ། རྣམ་པར་རྟོག་པ་བཅུ་སྤྱིར་བསྟན་པ་དང༌། རྣམ་པར་གཡེང་བའི་རྣམ་རྟོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་པའི་རྣམ་རྟོག་དང༌། རྣམ་བྱང་གི་ཕྱོགས་ལ་བརྟེན་པའི་རྣམ་རྟོག་གོ །དང་པོ་ལ་ལྔ་སྟེ། ཀུན་གཞིའི་ས་བོན་གྱི་ཆ་དང༌། དེའི་གཟུང་བའི་ཆ་དང༌། དེ་ལ་བརྟེན་པའི་རྣམ་ཤེས་ཚོགས་བདུན་གྱི་གཟུང་བྱ་དང༌། ཀུན་གཞིའི་འཛིན་ཆར་གྱུར་པ་དང༌། དེ་ལ་བརྟེན་པའི་རྣམ་ཤེས་ཚོགས་བདུན་གྱི་འཛིན་ཆར་གྱུར་པའོ། །གཉིས་པ་རྣམ་བྱང་གི་ཕྱོགས་ལ་རང་གི་ངོ་བོ་གཅིག་དང༌། དེའི་དབྱེ་བ་གཉིས་དང༌། དེའི་ཉེས་དམིགས་གཉིས་སོ། །གཉིས་པ་རྣམ་གཡེང་གི་རྣམ་རྟོག་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གང་ཟག་གི་བདག་ལ་བརྟེན་པའི་རྣམ་པར་རྟོག་པ་གཉིས། ཆོས་ཀྱི་བདག་ལ་བརྟེན་པའི་རྣམ་པར་རྟོག་པ་བརྒྱད་དོ། །དེ་ལ་གཉིས་ཏེ། མིང་ལ་བརྟེན་པའི་རྣམ་རྟོག་གཉིས། དོན་ལ་བརྟེན་པའི་རྣམ་རྟོག་དྲུག་གོ །དེ་ལ་གཉིས་ཏེ། ཆོས་ཅན་དང་ཆོས་ཉིད་ལ་བརྟེན་པའི་རྣམ་རྟོག་གཉིས། ཆོས་ཀྱི་ཁྱད་པར་ལ་བརྟེན་པའི་རྣམ་རྟོག་བཞིའོ། །དེ་ལ་གཉིས་ཏེ། ངོ་བོ་དང་ཁྱད་པར་ལ་བརྟེན་པ་གཉིས། བརྗོད་བྱ་རྗོད་བྱེད་ལ་བརྟེན་པ་གཉིས་སོ། །བཞི་པ་གཉེན་པོ་ལ་མཁས་པ་ལ་གཉིས་ཏེ། རྣམ་པར་མི་རྟོག་པ་གསུམ་སྤྱིར་བསྟན་པ་དང༌། སྤྲོས་པ་མེད་པའི་རྣམ་པར་རྟོག་པ་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས་ཏེ། དགག་པའི་སྒོ་ནས་བསྟན་པ་དང༌། སྨན་པའི་སྒོ་ནས་བསྟན་པའོ། །སྐབས་འདིར། རྩ་བའི་དང༌། མཚན་མའི་དང༌། མཚན་མ་འགྱུར་བའི་རྣམ་རྟོག་གསུམ་ནི་ཡང་དག་མིན་རྟོག་མཚན་ཉིད་པ་མ་ཡིན་ཏེ། གཉིས་སྣང་ཅན་གྱི་ཤེས་པ་མ་ཡིན་པའི་ཕྱིར། དེས་ན་དེའི་རྒྱུ་ལ་དེའི་མིང་གིས་བཏགས་པའོ། །རྟོག་པ་བཅུ་ལས་དང་པོ་ལྔ་ལྷན་སྐྱེས་དང༌། ཕྱི་མ་ལྔ་ཀུན་བཏགས་སུ་འཆད་ལ། དེའི་ཕྱིར་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་ལ་ཀུན་བཏགས་ཀྱིས་ཁྱབ་ཅིང༌། དེའི་ནང་ནས་ཀྱང་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པའི་རྣམ་པར་རྟོག་པ་ཁོ་ནའི་དབང་དུ་བྱས་སོ་ཞེས་སློབ་དཔོན་སྔ་མ་རྣམས་གསུང་ངོ༌། །མི་རྟོག་པ་གསུམ་གྱི་ནང་ནས་དང་པོ་ནི་བཏགས་པ་བ་ཡིན་ལ། བར་པ་གང་ཟག་གི་བདག་མེད་དང༌། གསུམ་པ་ཆོས་ཀྱི་བདག་མེད་པའི་དབང་དུ་བྱས་པའོ། །འདིར་སྨྲས་པ། ཐོབ་བྱ་ཐེག་གསུམ་མངོན་རྟོགས་མཐར་ཐུག་པ། །ཐོབ་བྱེད་མི་རྟོག་ཡེ་ཤེས་རྣམ་གཉིས་ཀྱིས། །ཐོབ་ཚུལ་སྒྲིབ་པའི་གཉེན་པོ་ཅིག་ཆར་བས། །ཐོབ་མཁན་དགེ་འདུན་དྲུག་ཅུ་འདིར་བྱོན་ཏོ། །ཞེས་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་ལས། ཐོབ་པ་རྣམ་པར་ངེས་པའི་ལེའུའི་རྣམ་པར་བཤད་པ་གཏན་ལ་ཕབ་པའོ།།  །།བཤད་བྱའི་ཆོས་རྣམས་སོ་སོར་རིག་པའི་ཐུགས། །འཆད་བྱེད་དག་ལ་ཐོགས་པ་མེད་པའི་གསུང༌། །འཆད་ཚུལ་དབང་པོའི་རིམ་པ་ཇི་བཞིན་དུ། །འཆད་མཁས་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །མ་རྨོངས་སྐྱེ་བོའི་དབུས་སུ་འཆད་པ་དང༌། །རིགས་པའི་ཁྱུ་མཆོག་དག་དང་རྩོད་པའི་ཚེ། །སྨྲ་བའི་སྒོ་དང་སྨྲ་བའི་རྒྱན་རྣམས་ནི། །ཐོགས་མེད་བཞེད་གཞུང་ཇི་བཞིན་རྣམ་ངེས་བྱ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅས་ནས། འབེལ་བའི་གཏམ་རྣམ་པར་ངེས་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། གཏན་ལ་འབེབས་པའི་དོན་སྤྱིར་བསྟན་པ་དང༌། བསྒྱུར་བའི་སྒོ་ནས་གསུངས་པའི་མདོའི་བཤད་པ་བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ལ་བཞི་སྟེ། གང་གཏན་ལ་དབབ་པར་བྱ་བས་ཕྱེ་བ་གཉིས་དང༌། ཇི་ལྟར་གཏན་ལ་དབབ་པས་ཕྱེ་བ་གཉིས་དང༌། གཏན་ལ་འབེབས་པའི་རྟེན་གཅིག་དང༌། གང་གིས་གཏན་ལ་འབེབས་པར་བྱེད་པ་གཅིག་རྣམས་སོ། །དང་པོ་ལ་གཉིས་ཏེ། བརྗོད་བྱའི་དངོས་པོ་གཙོ་བོར་བྱས་པ་དང༌། རྗོད་བྱེད་ཀྱི་མདོ་སྡེ་གཙོ་བོར་བྱས་པའོ། །དང་པོ་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། དེའི་ཡང་བཤད་པའོ། །དེ་ལ་གཉིས་ཏེ། ངོ་བོ་རྒྱུ་འབྲས་གསུམ་གྱིས་གནས་སྐབས་ཅན་གྱི་དབྱེ་བ་གསུམ་བཤད་པ་དང༌། ལས་ལྡན་འཇུག་པ་གསུམ་གྱིས་གནས་སྐབས་ཀྱི་དབྱེ་བ་བཤད་པའོ། །རྗོད་བྱེད་གཙོ་བོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། མདོ་སྡེའི་བརྗོད་བྱའི་དངོས་པོ་དང༌། མདོ་སྡེའི་བཤད་པའི་སྒོ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཇི་སྙེད་ཡོད་པ་དང་ཇི་ལྟ་བ་བཞིན་དུ་ཡོད་པ་གཉིས་ཀྱིས་ལམ་གྱི་དམིགས་པ་དང༌། རྟེན་དང་རང་གི་ངོ་བོ་གཉིས་ཀྱིས་ལམ་གྱི་བདག་ཉིད་དང༌། སྤངས་པ་དང་ཡེ་ཤེས་གཉིས་ཀྱིས་ལམ་གྱི་འབྲས་བུའོ། །གཉིས་པ་བཤད་པའི་སྒོ་བསྡུ་བ་ལ་གསུམ་སྟེ། མདོ་སྡེའི་བཤད་ཚུལ་ཉིད་བསྡུས་པ་དང་བརྗོད་བྱའི་དངོས་པོ་བསྡུས་ཏེ་གཉིས་ཀྱིས་བརྗོད་བྱའི་དངོས་པོས་ཕྱེ་བ་གཉིས་དང༌། རྗོད་བྱེད་ཚིག་གི་བྱེད་པས་ཕྱེ་བ་དྲུག་དང༌། བརྗོད་བྱའི་དོན་སྟོན་ལུགས་ཀྱི་རྣམ་པ་གཙོ་བོར་བྱས་པ་དྲུག་གོ །གཉིས་པ་ལ། མདོར་བསྟན་དང་རྒྱས་བཤད་དུ་གོ་བར་བྱེད་པ། དོན་གྱི་གོ་རིམ་དུ་སྟོན་པ་གོ་བར་བྱེད་པ། བཅད་བྱ་རྣམ་པར་གཅོད་པར་གོ་བར་བྱེད་པ། བསྒྱུར་བའི་དོན་གོ་བར་བྱེད་པ། བག་མེད་པ་ལས་སྐུལ་བར་བྱེད་པ། གང་ཟག་འདི་ཉིད་དབང་དུ་བྱས་ནས་གསུངས་སོ་ཞེས་གོ་བར་བྱེད་པ་རྣམས་སོ། །གསུམ་པ་དོན་སྟོན་ལུགས་ཀྱི་རྣམ་པ་དྲུག་ནི། དྲིས་ལན་གྱིས་དོན་བརྗོད་པ་དང༌། ཚུལ་དྲུག་གི་དོན་བརྗོད་པ་དང༌། དེ་ཁོ་ན་ལས་བརྩམས་ནས་དེ་ཡོངས་སུ་ཤེས་པ་ལ་སོགས་པས་དོན་སྟོན་པ་དང༌། ཚིག་སོ་སོའི་ནུས་པ་སྟོན་པ་དང༌། ཚིག་སྔ་མ་བཤད་གཞིར་བཟུང་ནས་དོན་རྒྱ་ཆེར་སྟོན་པ་དང༌། ཚིག་རེ་རེ་ལ་མུ་བཞི་ལ་སོགས་པས་སྟོན་པ་རྣམས་སོ། །གཉིས་པ་ཇི་ལྟར་གཏན་ལ་འབེབས་པས་ཕྱེ་བ་ལ་གཉིས་ཏེ། སྒོ་བརྒྱད་ལ་བརྟེན་ནས་གཏན་ལ་འབེབས་པ་དང༌། བྱེད་ཚིག་བརྒྱད་དམ་ཚུལ་བཞི་ལ་བརྟེན་ནས་གཏན་ལ་འབེབས་པའོ། །དང་པོ་ལ་གཉིས་ཏེ། གཏན་ལ་དབབ་བྱ་དང༌། གཏན་ལ་འབེབས་པའི་རྣམ་པའོ། །དེ་ལ་གཉིས་ཏེ། དྲི་བ་གཙོ་བོར་བྱས་པ་དང༌། ལན་གཙོ་བོར་བྱས་པའོ། །དེ་ལ་གསུམ་སྟེ། རྣམ་པར་ཕྱེ་སྟེ་ལན་གདབ་པ་ལྔ་དང༌། དྲི་བ་དང་མཐུན་པར་ལན་གདབ་པ་གཅིག་དང༌། དྲི་བ་དང་མི་མཐུན་པར་ལན་གདབ་པ་གཅིག་དང་གསུམ་མོ། །གཉིས་པ་བྱེད་ཚིག་དང་ཚུལ་བཞི་བཤད་པ་ལ་གཉིས་ཏེ། ཅི་དང་གང་གཉིས་ཀྱིས་དྲངས་པའི་བྱེད་ཚིག་བརྒྱད་ཀྱི་ངེས་པ་དང༌། གཏན་ལ་དབབ་པའི་རྒྱུ་བཞིས་ངེས་པའོ། །དེ་ལ་གཉིས་ཏེ། རྒོལ་ཕྱིར་རྒོལ་རྩོད་པའི་དབང་དུ་བྱས་པ་གཉིས་དང༌། སློབ་མ་ལ་འཆད་པའི་དབང་དུ་བྱས་པ་གཉིས་སོ། །གསུམ་པ་གཏན་ལ་འབེབས་པའི་རྟེན་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། འཇིག་རྟེན་པའི་ཕྱོགས་ཀྱི་དབང་དུ་བྱས་པ་དང༌། དེ་ལས་འདས་པའི་ཕྱོགས་ཀྱི་དབང་དུ་བྱས་པའོ། །དེ་ལ་གཉིས་ཏེ། ཐུན་མོང་གི་དབང་དུ་བྱས་པ་དང༌། དེ་བཞིན་གཤེགས་པའི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་དབང་དུ་བྱས་པ་དང༌། འཕགས་པའི་དབང་དུ་བྱས་པའོ། །དང་པོ་ལ་བཞི་སྟེ། ཐེག་པ་གསུམ་ལ་དང་པོར་འཇུག་པའི་དབང་དུ་བྱས་པ་དང༌། ཐོས་པ་དང་བསམ་པ་དང་གཞན་དོན་སྒྲུབ་པའི་དབང་དུ་བྱས་པའོ། །གཉིས་པ་འཕགས་པའི་དབང་དུ་བྱས་པ་ལ་གཉིས་ཏེ། སློབ་པའི་དབང་དུ་བྱས་པ་དང༌། སློབ་མི་སློབ་ཐུན་མོང་གི་དབང་དུ་བྱས་པའོ། །དང་པོ་ལ་མཐོང་ལམ་དང༌། སྒོམ་ལམ་གྱི་དབང་དུ་བྱས་པ་གཉིས་དང༌། རྩ་བའི་གཉིས་པ་ལ། ཁྱད་པར་གྱི་ལམ་དང༌། གཞན་དོན་སྒྲུབ་པའི་གནས་སྐབས་ཀྱི་དབང་དུ་བྱས་པའོ། །རྣམ་པར་བཤད་པའི་སྒོ་བཅུ་བཞིའི་སྐབས་སུ། རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་ཇི་སྐད་དུ། དགོས་པ་བསྡུས་པའི་དོན་བཅས་དང༌། །ཞེས་འབྱུང་བ་ལྟར་བཤད་ཐབས་ཡན་ལག་ལྔ་ལ་སོགས་པའོ། །དངོས་པོ་བསྡུ་བའི་སྒོ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང༌། །ཞེས་སོགས་བཤད་པ་ལྟར་ཚིག་ཉུང་ངུའི་ནང་དུ་དོན་མང་པོ་བསྡུས་པའོ། །ཡན་ལག་དང་ཉེ་བའི་ཡན་ལག་གི་སྒོ་ནི་མདོར་བསྟན་དང་རྒྱས་བཤད་གཉིས་གཉིས་ཀྱི་སྒོ་ནས་འཆད་པ་རྣམས་སོ། །གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །ཞེས་པ་ལྟར། དོན་སྔ་མ་རྣམས་ཕྱི་མ་སྒྲུབ་པའི་ཐབས་སུ་སྟོན་པའོ། །སྤོང་བའི་སྒོ་ནི་གང་ཟག་འགའ་ཞིག་གི་བསམ་པ་ཆུང་ངུ་རྣམས་སྤོང་བ་སྟེ། ཕྱི་རོལ་པ་ཟག་པ་ཟད་པར་རློམ་པ་སྤོང་བའི་ཕྱིར་དུ། དགེ་སློང་དག་ང་ནི་ཤེས་བཞིན་མཐོང་བཞིན་དུ་ཟག་པ་ཟད་པར་སྨྲའོ་ཞེས་སོགས་དང༌། ཆོས་འདི་པ་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་སྒོམ་པ་ལ་མ་བརྟེན་ན་ཆོས་ལ་གནས་པ་མ་ཡིན་པར་གསུངས་པ་དང༌། ཅུང་ཟད་བསྒོམས་པས་སྒྱིད་ལུག་པའི་གཉེན་པོར། སྟེའུའི་ཡུ་བ་ཡང་ཡང་འཇུས་པས་ཕྲ་བར་འགྱུར་བའི་དཔེ་གསུངས་པ་ལྟ་བུའོ། །ཡི་གེ་ཡོངས་སུ་སྒྱུར་བའི་སྒོ་ནི། ཡིད་མི་ཆེས་དང་བྱས་མི་གཟོ། །ཞེས་སོགས་འོག་ནས་འཆད་པ་ལྟ་བུའོ། །ཆུད་ཟ་བ་དང་མི་ཟ་བའི་སྒོ་ནི། ལེགས་སྐྱེས་ཀྱི་མདོ་ལས། ཆུད་ཟ་བ་ནི་ཕྱི་དང་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །ཆུད་མི་ཟ་བ་ནི་དེ་ལ་ཆགས་པ་དང་བྲལ་བའོ། །ཕྱིའི་རྫས་ནི་ཁྱིམ་དང་ཆུང་མ་ལ་སོགས་པའོ། །ནང་གི་རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཆུད་ཟ་བའི་ཐབས་ནི་རབ་ཏུ་མི་འབྱུང་བ་དང༌། བྱུང་ནས་ཀྱང་བསླབ་པ་ལ་བག་མེད་པའོ། །ཆུད་མི་ཟ་བའི་ཐབས་ནི་རབ་ཏུ་བྱུང་ཞིང་བསླབ་པ་ལ་བག་ཡོད་པའོ། །ཞེས་བསྟན་པ་ལྟ་བུའོ། །གང་ཟག་རྣམ་པར་བཞག་པའི་སྒོ་ནི། འདིར་གང་ཟག་དྲུག་ཅུའི་རབ་དབྱེ་གསུངས་པ་ལྟ་བུའོ། །རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་ནི། ཇི་སྐད་དུ། མིག་ཡིན་ལ་མིག་གི་ཁམས་མ་ཡིན་པ་ཡོད་དེ་ཞེས་པ་ལྟ་བུ་མུ་བཞི་ལ་སོགས་པ་གསུངས་པ་རྣམས་སོ། །ཚུལ་གྱི་སྒོ་ནི། མདོ་སྡེ་གང་དུ་ཚུལ་དྲུག་གི་སྒོ་ནས་དོན་སྟོན་ཚུལ་གསུངས་པ་རྣམས་སོ། །དྲུག་ནི་དེ་ཁོ་ནའི་ཚུལ། ཐོབ་པའི་ཚུལ། བཤད་པའི་ཚུལ། མཐའ་གཉིས་སྤངས་པའི་ཚུལ། བསམ་གྱིས་མི་ཁྱབ་པའི་ཚུལ། དགོངས་པའི་ཚུལ་ལོ། །ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་ནི། མདོ་སྡེ་གང་དུ་དེ་ཁོ་ནའི་མཚན་ཉིད་དང༌། ཡོངས་སུ་ཤེས་པའི་མཚན་ཉིད་དང༌། སྤོང་བའི་མཚན་ཉིད་དང༌། མངོན་དུ་བྱེད་པའི་མཚན་ཉིད་དང༌། སྒོམ་པའི་མཚན་ཉིད་དང༌། དེ་དག་གི་རབ་ཏུ་དབྱེ་བའི་མཚན་ཉིད་དང༌། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་དང༌། དེ་དག་གི་བར་དུ་གཅོད་པའི་མཚན་ཉིད་དང༌། རྗེས་སུ་མཐུན་པའི་མཚན་ཉིད་དང༌། ཡོངས་སུ་ཤེས་མ་ཤེས་ལ་སོགས་པའི་ཉེས་དམིགས་དང༌། ཕན་ཡོན་གྱི་མཚན་ཉིད་སྟོན་པ་སྟེ་འདི་དང་ཚུལ་གཉིས་ཀའི་རྣམ་པར་བཞག་པ་རོ་མྱང་གི་མདོ་ལས་གསལ་ལོ། །སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི། ཚིག་གཅིག་མ་བརྗོད་ན་ཡང་མདོ་དེའི་དོན་རྫོགས་པར་མི་གོ་ལ། ཚིག་རེ་རེ་ལ་ཡང་ནུས་པ་སོ་སོ་བ་ཡོད་པ་བ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས། འདི་ཡོད་པའི་ཕྱིར་འདི་འབྱུང་ཞེས་སོགས་གསུངས་པ་ལྟ་བུའོ། །བཟླས་ཏེ་བརྗོད་པའི་སྒོ་ནི་དོན་ཕྱི་མ་ངེས་པའི་ཕྱིར་དུ་སྔ་མ་རྣམས་བཟླས་ཏེ་བརྗོད་པ་སྟེ། ཇི་སྐད་དུ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །ཞེས་བཤད་པ་ལྟ་བུའོ། །མངོན་པར་སྒྲུབ་པའི་སྒོ་ནི། ཚིག་གཅིག་ལ་ཚིག་བཞི་དང༌། དེ་རེ་རེ་ལ་ཡང་བཞི་བཞི་ལ་སོགས་པ་གྱེས་པའི་ཚུལ་ཐུག་པ་མེད་པར་སྒྲུབ་པ་སྟེ། དཔེར་ན་སངས་རྒྱས་རྩོམ་པའི་མདོ་ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་ཏེ། སྟོང་པ་ཉིད་སྒོམ་པ་དང༌། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་དང༌། ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་ཡང་དག་པར་སྦྱིན་པའོ། །ཡང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་སྒོམ་སྟེ། ནང་དུ་སེམས་རྣམ་པར་མི་རྟོག་པ་དང༌། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་བསྐྱེད་པ་དང༌། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་དང༌། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པ་སྟེ། ཞེས་སོགས་འབྱུང་བ་ལྟ་བུའོ། །ཡང་སྒོ་བརྒྱད་ཀྱི་སྐབས་སུ་གཅིག་ནས་རྟོག་པ་ཞེས་བྱ་བའི་དོན་ནི། མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེས་འདྲི་བ་ནས་དྲི་རོ་རེག་བྱ་སོགས་དང་ལྡན་ནམ་ཞེས་འདྲི་བ་ལྟ་བུའོ། །ཚིག་གོང་མ་དང་སྦྱར་བ་ནི། དེ་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་པས་ཁྱབ་ཅེས་པ་ལྟ་བུའོ། །ཚིག་འོག་མ་དང་སྦྱར་བ་ནི། གཟུང་བ་གང་ཡིན་འཛིན་པ་ཡིན་ནམ་འཛིན་པ་གང་ཡིན་གཟུང་བ་ཡིན་ཞེས་འདྲི་བ་ལ། འཛིན་པ་གང་ཡིན་གཟུང་བ་ཡིན་ཞེས་ལན་འདེབས་པའོ། །མུ་གཉིས་པ་ནི། ཕུང་པོའི་གྲངས་སུ་གཅིག་ཡིན་པ་དེ་ཁམས་ཀྱི་གྲངས་སུ་ཡང་གཅིག་ཡིན་ནམ་ཞེ་ན། དེའི་ལན་ལ་མུ་གཉིས་ཁོ་ན་སྟོན་པའོ། །མུ་གསུམ་པ་ནི། ཕུང་པོའི་གྲངས་སུ་གཅིག་ཡིན་པ་དེ་སྐྱེ་མཆེད་ཀྱི་གྲངས་སུ་ཡང་ཡིན་ནམ་ཞེ་ན། དེ་ལ་མུ་གསུམ་ཡོད་པས་དེ་སྟོན་པའོ། །མུ་བཞི་པ་ནི། མིག་ཡིན་ལ་ཞེས་སོགས་མུ་བཞི་སྲིད་པ་རྣམས་སོ། །དེ་བཞིན་ནོ་ཞེས་པ་ནི། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ནམ་ཞེ་ན། དེ་བཞིན་ནོ་ཞེས་ལན་འདེབས་པའོ། །དེ་ནི་མ་ཡིན་ནོ་ཞེས་ལན་འདེབས་དགོས་པ་རྣམས་སོ། །རྣམ་དབྱེ་བརྒྱད་ཀྱི་སྐབས་སུ་ཤེར་ཕྱིན་གྱི་མདོ་ལས། མི་དམིགས་སོ་ཞེས་འབྱུང་བ་དེ་བཤད་པའི་གཞིར་གཟུང་ནས། ཅི་ཞིག་གིས་མི་དམིགས་ན། བྱང་སེམས་ཀྱིས་སོ། །ཅི་ཞིག་ན་ཀུན་བཏགས་སོ། །ཤེས་པ་ཅིས་མི་དམིགས་ན་མི་རྟོག་ཡེ་ཤེས་ཀྱིས་སོ། །དགོས་པ་ཅིའི་ཕྱིར་མི་དམིགས་ན། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་དུའོ། །རྒྱུ་ཅི་ལས་ན། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །ཆོས་ཅིའི་མི་དམིགས་ཤེ་ན་ཕུང་ཁམས་སྐྱེ་མཆེད་ཀྱིའོ། །གནས་སྐབས་གང་དུ་མི་དམིགས་ཤེ་ན། མོས་སྤྱོད་ཀྱི་ས་ནས་ས་བཅུ་པའི་བར་དུའོ། །རྣམ་པ་དུ་ཞིག་མི་དམིགས་ན། བཅུ་གཅིག་སྟེ། འདས་པ་དང༌། ཞེས་སོགས་གསུངས་པ་རྣམས་དང་མདོ་སྡེའི་རྒྱན་ལས། དོན་ཤེས་དོན་སྟོན་ཞེས་སོགས་ཤླཽ་ཀ་གཅིག་པོ་འདི་འགྲེལ་པས་རྣམ་དབྱེ་བརྒྱད་དང་སྦྱར་ནས་བཤད་པ་ཡིན་ནོ། །བཞི་པ་གང་གིས་གཏན་ལ་འབེབས་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་དྲུག་སྟེ། སྨྲ་བ་རང་གི་ངོ་བོ། ཐུན་མོང་གི་དབང་པོ་དང་ཆོས་སྨྲ་བ་གཉིས་ཀྱི་དབང་པོ་དང༌། གང་ལ་བརྟེན་ནས་སྨྲ་བའི་བརྗོད་བྱ་དང༌། གོ་བར་སླ་བ་ལྔས་སྨྲ་བའི་ཡོན་ཏན་དང༌། ལོག་པར་སྨྲ་བའི་ཉེས་དམིགས་དང༌། སྨྲ་བའི་རྒྱན་ནོ། །དང་པོ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། ཐུན་མོང་གི་སྨྲ་བ་གཉིས་དང༌། དོར་བྱའི་སྨྲ་བ་གཉིས་དང༌། བླང་བྱའི་སྨྲ་བ་གཉིས་སོ། །སྨྲ་བའི་གཞི་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། བཤད་པའི་བཤད་པའོ། །དེ་ལ་གཉིས་ཏེ། བསྒྲུབ་བྱའི་བཤད་པ་དང༌། སྒྲུབ་བྱེད་ཀྱི་བཤད་པའོ། །དེ་ལ་གཉིས་ཏེ། གཞན་དོན་རྗེས་དཔག་དང༌། རང་ལ་སྒྲུབ་པའོ། །དང་པོ་ལ། དམ་བཅའ། གཏན་ཚིགས། དཔེ། ཉེར་སྦྱོར། མཇུག་བསྡུད་པ་དང་ལྔའོ། །རྩ་བའི་གཉིས་པ་ལ་གཞལ་བྱ་མངོན་དུ་གྱུར་པ་ལ་དང༌། ལྐོག་ཏུ་གྱུར་པ་ལ་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཡིད་ཆེས་པའི་རྒྱུའོ། །ལོག་པར་སྨྲ་བའི་ཉེས་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གསུམ་སྟེ། བརྗོད་པ་གཏོང་བའི་རྒྱུ་དང༌། བརྗོད་པ་སྨྲ་དབབ་པ་དང༌། བརྗོད་པའི་ཉེས་པའོ། །སྨྲ་བའི་རྒྱན་ལ་གཉིས་ཏེ། དངོས་དང༌། ཞར་ལ་བརྩད་ཅིང་སྨྲ་བར་མི་བྱ་བར་གདམས་པའོ། །དང་པོ་ལ་གཉིས་ཏེ། སྨྲ་བ་དུས་ཚོད་ཟིན་པས་མཛེས་པ་དང༌། ཆོས་གསུམ་གྱིས་སྨྲ་བ་ཡན་ལག་ཚང་བས་མཛེས་པའོ། །དང་པོ་ལ་གཉིས་ཏེ། སྐྱོན་ཡོན་བརྟག་པ་དང༌། འཁོར་བརྟག་པ་དང༌། མཁས་རྨོངས་བརྟག་པ་གསུམ་གྱི་སྒོ་ནས་ཉེས་པ་མཐོང་སྟེ་མི་སྨྲ་བར་བྱ་བ་དང༌། ཡོན་ཏན་མཐོང་སྟེ་སྨྲ་བར་བྱ་བའོ། །མི་སྨྲ་བར་གདམས་པ་ལ་གཉིས་ཏེ། གདམས་པ་དངོས་དང༌། དེ་ཉིད་ལུང་གིས་སྒྲུབ་པའོ། །དེ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། བརྩད་ཅིང་སྨྲ་བའི་ཉེས་པ་བཅུ་གཉིས་དགོད་པའོ། །དང་པོ་ལ་གཉིས་ཏེ། རྟེན་བསྟན་པ་དང༌། དེ་ལ་གདམས་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་ཕུན་སུམ་ཚོགས་པ་ལ་སློབ་པ་དང༌། འབྲས་བུ་ཕུན་སུམ་ཚོགས་པར་འདོད་པའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་ཕུན་སུམ་ཚོགས་པ་དང༌། བསམ་པ་རྣམ་པར་དག་པ་གཉིས་ཀྱིས་རང་གི་དོན་སྒྲུབ་པ་དང་གཞན་ལ་ཕན་པ་སྒྲུབ་པའོ། །གཉིས་པ་ཉེས་པ་བཅུ་གཉིས་བཤད་པ་ལ་ལྔ་སྟེ། དགོས་པ་དང་མི་ལྡན་པའི་ཉེས་པ་གཅིག ཕྱིར་རྒོལ་བའི་ཉེས་པ་གཅིག གཟུ་བོའི་ཉེས་པ་གཅིག རྩོད་པར་སྨྲ་བའི་ཉེས་པ་དྲུག ཀུན་སློང་གི་བསམ་པའི་ཉེས་པ་བརྒྱད་དོ། །དེ་ལ་གསུམ་སྟེ། རང་བཞིན་གྱི་ཉེས་པ་གཅིག གཞན་དང་རང་གི་སེམས་མི་སྲུང་བའི་ཉེས་པ་གཉིས། མངོན་པར་ཞེན་པ་ལས་གྱུར་པའི་ཉེས་པ་ལྔའོ། །དེ་ལ་གཉིས་ཏེ། དངོས་ཀྱི་ཉེས་པ་གཉིས། བརྒྱུད་པའི་ཉེས་པ་གསུམ་མོ། །གསུམ་པ་ནི། བདེ་བར་མི་གནས་པ་དང༌། དེས་རྒྱུ་མ་ཐོབ་པའི་ཉམས་པ་དང༌། འབྲས་བུ་མ་ཐོབ་པའི་ཉམས་པར་འགྱུར་བའོ། །འདི་དག་ཏུ་ཉེ་བར་མཁོ་བའི་དོན་ལ་གཉིས་ཏེ། བཤད་པ་དང༌། རྩོད་པའོ། །དང་པོ་ལ་འཆད་པ་པོའི་མཚན་ཉིད་དང༌། ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་ནི། བདག་དང་གཞན་གྱི་གཞུང་ལུགས་ཤེས་པ་ལ་སོགས་པ་ལྔའོ། །གཉིས་པ་ནི། རྣམ་པར་བཤད་པའི་སྒོ་བཅུ་བཞི་དང༌། སྒོ་བརྒྱད་དང༌། རྣམ་དབྱེ་རྣམ་པ་བརྒྱད་ཀྱི་སྒོ་ནས་འཆད་དོ། །རྩོད་པ་ལ། སྔར་རྒོལ་དང༌། ཕྱིར་རྒོལ་དང༌། དཔང་པོ་གསུམ་གྱི་མཚན་ཉིད་དང༌། ཇི་ལྟར་རྩོད་པའི་ཚུལ་ལོ། །དང་པོ་ནི། སྔར་རྒོལ་སྐབས་ཀྱི་དོན་ལ་མཁས་པ་དང༌། ཕྱིར་རྒོལ་སྣོད་དུ་གྱུར་པ་དང༌། དཔང་པོ་ཡོན་ཏན་དང་ལྡན་པའོ། །དང་པོ་ནི། སྐབས་སུ་བབ་པའི་གཞལ་བྱའི་གནས་གསུམ་པོ་འཇལ་བྱེད་ཚད་མ་གསུམ་གྱིས་གཏན་ལ་འབེབས་ནུས་པའོ། །གཉིས་པ་ནི་ཕྱིར་རྒོལ་སྐྱོན་བཅུ་གཉིས་དང་བྲལ་བའོ། །གསུམ་པ་ནི། དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་ཤིང་གཟུ་བོར་གནས་པའོ། །ཇི་ལྟར་རྩོད་པའི་ཚུལ་ལ། སྔར་རྒོལ་དུ་ཁས་བླངས་ནས་བསྒྲུབ་པར་བྱ་བ་ལ་སྒྲུབ་བྱེད་འགོད་པའི་ཚུལ་དང༌། ཕྱིར་རྒོལ་དུ་ཁས་བླངས་ནས་དེ་དང་དེ་ལ་སུན་འབྱིན་བརྗོད་པའི་ཚུལ་ལོ། །དང་པོ་ལ། ཞེ་འདོད་ཀྱི་བསྒྲུབ་བྱ་ཡིད་ལ་འཇོག་པ་དང༌། དེ་སྒྲུབ་བྱེད་དག་ཏུ་འགོད་པའོ། །དེ་ཡང་འདིར་བསྒྲུབ་པ་ཞེས་པ་ནི་བསྒྲུབ་བྱ་ལ་ཟེར་བ་ཡིན་ལ། སྒྲུབ་པ་ནི་སྒྲུབ་བྱེད་ལ་ཟེར་བ་ཡིན་ནོ། །དང་པོ་ལ། ཆོས་ཀྱི་ངོ་བོ་དང༌། ཁྱད་པར་དང༌། གང་ཟག་གི་ངོ་བོ་དང༌། ཁྱད་པར་རོ། །དེ་ཡང་ཕྱི་རོལ་པས་ནི་བདག་གི་ངོ་བོ་རྫས་ཡོད་དང༌། ཁྱད་པར་རྟག་ཅིང་རང་དབང་ཅན་དུ་ཁས་ལེན་པ་དང༌། ནང་པས་ངོ་བོ་བཏགས་ཡོད་དང༌། ཁྱད་པར་མི་རྟག་གཞན་དབང་ཅན་དུ་ཁས་ལེན་པ་དང༌། ཕྱི་རོལ་པས་ཆོས་ཀྱི་ངོ་བོ་སྒྲ་ལྟ་བུ་ནམ་མཁའི་ཡོན་ཏན་དང༌། ཁྱད་པར་རྟག་པ་དང༌། སངས་རྒྱས་པས་ངོ་བོ་འབྱུང་བ་ལས་གྱུར་པ་དང༌། ཁྱད་པར་མི་རྟག་པར་ཁས་ལེན་པ་ལྟ་བུའོ། །སྒྲུབ་བྱེད་ལ། ཕྱོགས་གླང་ཡབ་སྲས་ནི། དཔེ་ཡང་གཏན་ཚིགས་ཀྱི་བསྟན་འཆོས་བཞིར་འདུས་པས་གཏན་ཚིགས་ཀྱི་ཡན་ལག་གཅིག་པུ་ལས་མི་བཞེད་ལ། འདིར་ནི་སྒྲུབ་བྱེད་ཀྱི་ཡན་ལག་དང་པོ་བསྒྲུབ་བྱའི་ཡན་ལག་དང༌། གཉིས་པ་རྟགས་དཔེ་སོགས་ཀྱི་ཡན་ལག་གོ །དེ་ལའང་རྟགས་ཀྱི་གཏན་ཚིགས་ཀྱི་དང༌། དཔེའི་དང༌། ཉེར་སྦྱོར་གྱི་དང༌། མཇུག་བསྡུད་ཀྱིའོ། །དེ་ཡང་དཔེར་ན། སྒྲ་མི་རྟག་ཅེས་པ་ལྟ་བུའི་ཆོས་ཀྱི་ཁྱད་པར་བསྒྲུབ་བྱར་བཞག་ནས། ཕྱིར་རྒོལ་བས་དེའི་སྒྲུབ་བྱེད་དྲིས་པ་ན། སྒྲ་མི་རྟག་སྟེ། ཞེས་པ་དམ་བཅའ་བའི་ཡན་ལག བྱས་པའི་ཕྱིར་ཞེས་པ་གཏན་ཚིགས་ཀྱི་ཡན་ལག་དང༌། བུམ་པ་ལ། བྱས་མི་རྟག་གཉིས་གཞི་མཐུན་པ་བཞིན་དུ། སྤྱིར་བྱས་པ་དང་མི་རྟག་པ་གཉིས་གཞི་གཅིག་ལ་འདུ་བ་ཡིན་ནོ་ཞེས་པ་ཉེར་སྦྱོར་གྱི་ཡན་ལག་དང༌། དེའི་ཕྱིར་ན་སྒྲ་མི་རྟག་གོ་ཞེས་པ་ནི་མཇུག་བསྡུད་པའི་ཡན་ལག་གོ །དེ་ལྟར་ན་དམ་བཅའི་སྒོ་ནས་མདོར་བསྟན། སྒྲུབ་བྱེད་ཀྱི་སྒོ་ནས་རྒྱས་པར་བཤད། གྲུབ་དོན་མཇུག་བསྡུ་བ་དང་གསུམ་ཡིན་ནོ། །ལུགས་འདི་ལ་རྟགས་ཀྱི་ཚེར་མ་འབྱིན་པའི་བཤད་པ་མེད་དེ། མ་གྲུབ་པ་སྒྲུབ་བྱེད་དུ་འགོད་པས་རྟགས་ཀྱི་ཚེར་མ་འབྱིན་མི་དགོས། ཉེར་སྦྱོར་གྱིས་ཁྱབ་པའི་ཚེར་མ་ཕྱུང་ཟིན་པའི་ཕྱིར། ལོགས་སུ་འབྱིན་མི་དགོས་སོ། །བསྒྲུབ་བྱ་ནི་རང་གི་གྲུབ་པའི་མཐའ་ལ་གྲགས་པ་དེ་ཉིད་ཡིན་པས་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་དགོས་པ་མེད། དམ་བཅར་འཇོག་པ་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་དགོས་པའི་བཤད་པ་མེད་ཀྱང་དོན་གྱིས་ཐོབ་ལ། ལུགས་འདིར་ནི་དམ་བཅའ་ཡང་དག་ལ་རྟགས་ཀྱིས་སྒྲུབ་དགོས་པ་ཞིག་དགོས་པར་མངོན་ཏེ། ཡན་ལག་སྔ་ཕྱི་ཟུང་དུ་འབྲེལ་དགོས་པའི་ཕྱིར་རོ། །གཉིས་པ་སུན་འབྱིན་པའི་ཚུལ་ལ་གཉིས་ཏེ། བསྒྲུབ་བྱ་སུན་འབྱིན་པ་དང༌། སྒྲུབ་བྱེད་སུན་འབྱིན་པའོ། །དེ་ལའང་གཉིས་ཏེ། དམ་བཅའི་ཡན་ལག་སུན་འབྱིན་པ་དང༌། ཡན་ལག་ཕྱི་མ་རྣམས་སུན་འབྱིན་པའོ། །དང་པོ་ནི། བསྒྲུབ་བྱ་ལ་སྐྱོན་ཆགས་པ་ལ་དེར་བརྗོད་པའོ། །གཉིས་པ་ནི། བསྒྲུབ་བྱ་བརྗོད་པའི་ངག་ལ་སྐྱོན་ཆགས་པ་ལ་སྐྱོན་དུ་བརྗོད་པའོ། །ཕྱི་མ་རྣམས་ཀྱང་དེ་དང་འདྲའོ། །ཚར་བཅད་ཀྱི་གནས་ལ། ལུགས་འདིར་ནི། གཏམ་རྗེས་བཅད་པ་ལ་སོགས་པ་གསུམ་ཁོ་ན་གསུངས་ཀྱི་གཞན་མེད་དོ། །དེ་ཡང་རྗེ་བཙུན་ས་སྐྱ་པཎྜི་ཏའི་གསུང་གིས། མཁས་པ་འཇུག་པའི་སྒོར། རང་སྡེ་སངས་རྒྱས་ཚད་མར་འཛིན། །དེ་ལ་སྔ་ཕྱི་རྣམ་པ་གཉིས། །སྔ་མ་དབྱིག་གཉེན་ལེགས་ལྡན་སོགས། །དོན་ལ་འཁྲུལ་པ་མེད་མོད་ཀྱི། །དབྱེ་བསྡུའི་ཁྱད་པར་འགའ་ཞིག་དང༌། །བརྗོད་པའི་ཚུལ་ལ་ཁྱད་པར་ཡོད། །ཅེས་དང༌། དེའི་རང་འགྲེལ་དུ་མཁས་པ་དེ་དག་མངོན་སུམ་དང་རྗེས་དཔག་དང་ལུང་གི་ཚད་མ་གསུམ་བཞེད་པ་དང༌། སློབ་དཔོན་དབྱིག་གཉེན་ལྟག་ཆོད་གསུམ་དུ་བསྡུད་པ་དང༌། སྒྲུབ་པའི་ངག་ཡན་ལག་ལྔ་ལྡན་དུ་མཛད་པའི་ལུགས་འཛིན་ཏོ། །ཕྱི་མ་ཕྱོགས་གླང་ཆོས་གྲགས་སོགས། །གྲངས་དང་དབྱེ་བསྡུའི་བྱེ་བྲག་དང༌། །བརྗོད་པའི་ཚུལ་ལ་ཉུང་རྒྱས་སོགས། །སྔ་མའི་ཚུལ་ལས་ཁྱད་པར་འཕགས། །རྩོད་པའི་ཚུལ་ལ་རྣམ་གཉིས་མཐོང༌། །ཆོས་གྲགས་སྒྲུབ་པའི་ངག་བཀོད་ནས། །གཏན་ཚིགས་ཚེར་མ་འབྱིན་པར་མཛད། །གཞན་དུ་ཚར་བཅད་གནས་སུ་བཞེད། །ཕྱི་མའི་རིགས་པ་སྨྲ་བ་འགའ། །སྒྲུབ་བྱེད་བརྗོད་ལ་ཕྱིར་རྒོལ་གྱིས། །སྐྱོན་བརྗོད་ནས་ནི་ཚེར་མ་འབྱིན། །བོད་རྣམས་དེ་དང་མཐུན་པར་རྩོད། །ཚུལ་འདི་ཆོས་ཀྱི་གྲགས་པ་ཡི། །བཞེད་པ་མིན་ཕྱིར་འཐད་པ་དཀའ། །འདྲི་ན་སྐབས་སུ་བབ་པ་དྲི། །ཅིག་ཆར་རྣམ་གྲངས་མང་པོ་མིན། །བསྒྲུབ་བྱ་གཅིག་ལ་རྟགས་མང་པོ། །འཇུག་ཀྱང་རྩོད་ན་མང་པོ་མིན། །སྔ་མ་རྟགས་མིན་ཚར་བཅད་གནས། །རྟགས་ཡིན་ཕྱི་མ་ཚར་བཅད་འགྱུར། །ཆོས་ཅན་མ་གྲུབ་པ་ལ་སོགས། །གཏན་ཚིགས་དྲིས་པས་འགྲུབ་པར་གསལ། །དབུ་མ་པ་དག་སྟོང་ཉིད་ཀྱིས། །བརྩད་ན་གཞན་གྱི་ལན་རྣམས་ཀུན། །བསྒྲུབ་བྱ་ངག་དང་མཚུངས་པ་ཡི། །མ་གྲུབ་པ་ཞེས་སློབ་དཔོན་བཞེད། །བོད་རྣམས་ཐལ་འགྱུར་ལན་ལ་གསུམ། །གཏན་ཚིགས་ཁྱབ་པ་མ་གྲུབ་དང༌། །ཡང་ན་འདོད་པས་ལན་འདེབས་སོ། །དེ་ལྟ་ན་ནི་ཐལ་འགྱུར་སྐྱོན། །ཐམས་ཅད་མ་གྲུབ་གཅིག་པར་འགྱུར། །དེ་འདི་སྡེ་བདུན་ལས་མ་བཤད། །འགལ་བའི་ཐལ་འགྱུར་བརྗོད་པ་ལ། །ཡོད་ཀྱང་ཡིན་ན་ཅི་སྟོ་ཞེས། །སྡུད་པར་བྱེད་པའི་ཚིག་ཕྲད་ཀྱི། །ནུས་པ་ཕྱིན་ཅི་ལོག་ཏུ་འགྱུར། །འདིར་ནི་མ་གྲུབ་འགལ་མ་ངེས། །གསུམ་ཡིན་མིན་ན་འདོད་པ་སྒྲུབ། །དེ་དག་མིན་ན་ཡང་དག་གི །ཐལ་འགྱུར་ཡིན་ཕྱིར་ཟློག་མི་ནུས། །དེ་ལྟར་ཆོས་དང་མཐུན་པ་ཡི། །རྩོད་པ་བསྟན་པ་འཕེལ་བའི་རྒྱུ། །དམ་པ་རྣམས་ཀྱིས་བསྔགས་པའི་ཕྱིར། །མཁས་པའི་སྐྱེ་བོས་ལེགས་པར་སྦྱར། །ཞེས་གསུངས་སོ། །ཆོས་ཇི་ལྟར་འཆད་པའི་ཚུལ་ཡང༌། གཞུང་དེ་ཉིད་ལས། འཆད་བྱེད་བཤད་པར་བྱ་བའི་ཡུལ། །བཤད་པར་བྱ་བ་རྣམ་པ་གསུམ། །གཙང་མཁས་གཞན་ལ་ཕན་པར་འདོད། །བློ་གསལ་ཤེས་འདོད་བླ་མ་གུས། །ལུང་རིགས་རྗེས་སུ་གདམས་པའོ། །སྒོ་གསུམ་ཀུན་སྤྱོད་རྣམ་དག་པས། །བསྟན་པ་བསྲུང་ཕྱིར་གུས་པས་སྒྲུབ། །ཐོག་མར་དགོས་པའི་དོན་བཤད་ནས། །བསྡུས་པའི་དོན་ལ་རྣམ་པ་གཉིས། །ངག་དོན་བསྡུས་ཏེ་བསྟན་པ་དང༌། །གཞུང་དོན་སོ་སོའི་བསྡུས་དོན་ནོ། །བསྡུས་དོན་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་ཉུང་བཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །གཞུང་ལུགས་གང་དང་གང་འཆད་པ། །བྱེད་པའི་ཚིག་གིས་རབ་སྦྱར་ཏེ། །ཚིག་དོན་ལེགས་པར་བཀྲོལ་ནས་ནི། །འཆད་པ་བརྡ་སྤྲོད་བྱེད་པའི་ལུགས། །ལས་དང་བྱེད་པོ་བྱ་བ་ཡི། །ཚིག་དོན་སྦྲེལ་ལ་ངག་དོན་བླང༌། །ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བཤད། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་དང༌། འཆད་པའི་སྐྱོན་རྣམས་སྤངས་ནས་ནི། །ཤིན་ཏུ་བརྩེ་བའི་བསམ་པས་བཤད། །ཉན་པའི་སྐྱོན་རྣམས་སྤངས་ནས་ནི། །ཤེས་པར་འདོད་པས་ལེགས་པར་མཉན། །ཞུམ་ལ་གཟེངས་སྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་ལེགས་པར་བཤད། །རྨུགས་པ་རྣམས་ལ་ངོ་མཚར་གྱི། །གཏམ་བཤད་ནས་ནི་ཉན་དུ་གཞུག །བློ་ཆེན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་བཟུང་བདེ་གོ་སླ་བ། །ཕྱི་ནས་ཚིག་དོན་འབྲེལ་ཆགས་ནས། །དོན་ཕྲ་འགལ་འབྲེལ་འབད་ཅིང་བཤད། །དེ་ལས་ལྡོག་ན་མཁས་རྨོངས་ཀྱི། །སློབ་མ་དགའ་བསྐྱེད་མི་ནུས། །གཞུང་ལུགས་གོ་བ་མི་སྐྱེད་ན། །འཆད་པོ་སྦྱངས་པ་ཆུང་བའི་སྐྱོན། །གཞུང་དོན་གོ་ཡང་ཚིག་འགའ་ཞིག །མ་རྟོགས་པ་དེའི་རྒྱུ་མཚན་བརྟག །ལེགས་པར་སྦྱར་ལ་མ་གྲགས་པའི། །སྒྲ་ཡི་སྦྱོར་བ་རྟོག་པར་དཀའ། །དེ་ཕྱིར་འཆི་མེད་མཛོད་ལ་སོགས། །ལེགས་པར་ཤེས་ན་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་ཤེས་པར་བྱས་ནས་བཤད་པར་བྱའོ། །གཉིས་པ་སྒྱུར་བའི་སྒོ་ནས་གསུངས་པའི་མདོ་དོན་བྱེ་བྲག་བཤད་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་བཞི་སྟེ། ཁ་ན་མ་ཐོ་བ་བརྗོད་པ་ཡི་གེས་དག་པའི་རྒྱུ་བརྗོད་པ་དང༌། འཇིག་རྟེན་ན་ངན་པ་བརྗོད་པའི་ཡི་གེས་མཆོག་གི་དོན་བརྗོད་པ་དང༌། ལམ་གྱི་མི་མཐུན་པ་བརྗོད་པའི་ཡི་གེས་ལམ་བརྗོད་པ་དང༌། སྦྱིན་པ་ལས་བརྩམས་པ་དང༌། ཚུལ་ཁྲིམས་ལས་བརྩམས་པ་གཉིས་ཀྱིས་ཆོས་མ་ཡིན་པ་བརྗོད་པའི་ཡི་གེས་ཆོས་བརྗོད་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་མཚན་དང༌། རྒྱུ་མཚན་ཅན་ནོ། །ངན་པས་མཆོག་བརྗོད་པ་ལ་གཉིས་ཏེ། རྒྱུ་མཚན་དང༌། རྒྱུ་མཚན་ཅན་ནོ། །དང་པོ་ལ་བཞི་སྟེ། དགེ་བ་ལ་འཇུག་པ་ལ་མི་མཐུན་པ་དང༌། མི་དགེ་བ་ལ་འཇུག་པ་དང་མཐུན་པ་གཉིས་ཀྱིས་ཡིད་ཀྱི་ལས་ངན་པ་དང༌། ལུས་ཀྱི་ལས་ངན་པ་དང༌། ངག་གི་ལས་ངན་པ་དང༌། འཆི་བ་ངན་པའོ། །མི་མཐུན་ཕྱོགས་ཀྱིས་གཉེན་པོ་བརྗོད་པ་ལ་གཉིས་ཏེ། ལས་དང་པོ་པའི་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་དང༌། མཐོང་ལམ་གྱི་དང༌། སྒོམ་ལམ་གྱི་མི་མཐུན་པའི་ཕྱོགས་བརྗོད་པ་དང་གསུམ་གྱིས་རྒྱུ་མཚན་དང༌། རྒྱུ་མཚན་ཅན་ནོ། །འདིར་སྨྲས་པ། རང་གཞན་གྲུབ་མཐའི་གཞུང་ཆེན་མང་ཤེས་ནས། །རང་བཞིན་བཟང་པོས་འཁོར་ལ་འཆད་པ་དང༌། །གཞན་གྱིས་མི་སྨོད་འཇིགས་མེད་སྦོབས་པ་ཡིས། །གཞན་ཡིད་འཕྲོག་པའི་འབེལ་གཏམ་འདི་ལོངས་ཤིག །ཅེས་འབེལ་བའི་གཏམ་རྣམ་པར་ངེས་པའི་ལེའུ་སྟེ་ལྔ་པའི་རྣམ་པར་བཤད་པ་གྲུབ་པའོ།།  །།གཉིས་པ་བསྟན་འཆོས་ཀྱི་མཚན་དོན་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དེ་ལ་གསུམ་སྟེ། བསྟན་འཆོས་མཛད་པ་པོས་ལམ་གྱི་མངོན་པ་ཀུན་བཏུས་པའི་ཕྱིར་དང༌། རྗོད་བྱེད་གཞུང་གི་མངོན་པ་ཀུན་ལས་བཏུས་པའི་ཕྱིར། མཐར་ཐུག་འབྲས་བུའི་མངོན་པ་ཀུན་གྱི་ཆེད་དུ་བཏུས་པའོ། །མདོར་ན་གང་བཏུས་པ་དང༌། གང་ལས་བཏུས་པ་དང༌། གང་གི་ཕྱིར་བཏུས་པའོ། །རྩོམ་པ་པོའི་མཚན་ནི། ཆོས་མངོན་པ་སུ་ལས་བཙལ་བ་ཞེས་བྱ་བ། མཚན་བརྗོད་པར་དཀའ་བའི་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱིས་མཛད་པའོ། །སྒྱུར་བྱེད་ལོ་པཎ་གྱི་བཀའ་དྲིན་དྲན་པའི་སླད་དུ་མཚན་ནས་སྨོས་པ་ནི། རྒྱ་གར་གྱི་མཁན་པོ་ཛ་ནི་མི་ཏྲ་ཞེས་པ་རྒྱལ་བའི་བཤེས་གཉེན་དང༌། བོད་ཀྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཆེན་བགྱིས་ཏེ། ཉན་བཤད་ཀྱིས་གཏན་ལ་ཕབ་པའོ།།  །། ༄། །སྭསྟི། བྱམས་སོགས་ཡོན་ཏན་རྫོགས་པ་ཆོས་ཀྱི་སྐུ། །འགྲོ་ཀུན་འདྲེན་པའི་མགོན་པོ་གསུང་དབྱངས་ཅན། །བདུད་སྡེའི་དཔུང་གིས་མ་ཕམ་རྒྱལ་བའི་ཐུགས། །ཐུབ་པའི་རྒྱལ་ཚབ་གང་ཁྱོད་དེང་འདིར་སྦྱོན། །རྒྱལ་བས་ལུང་བསྟན་འཕགས་པའི་བློ་མངའ་ཞིང༌། །དག་པའི་ཞིང་དུ་ཐོགས་པ་མེད་པ་ཡི། །རྫུ་འཕྲུལ་ཞབས་ལྡན་ཤིང་རྟ་ཆེན་པོའི་སྲོལ། །འཛིན་མཛད་གསུང་གི་དབང་ཕྱུག་དེར་ཕྱག་འཚལ། །སྤྱི་དོན་ནོར་བུ་འབར་བས་མདོ་བཟུང་ནས། །བསྡུས་དོན་ཁོང་བརྒྱུད་སྦྲེལ་བས་འབྲེལ་ཆགས་ཤིང༌། །ཚིག་དོན་འོད་ཕྲེང་ངང་གིས་འཆར་ནུས་པའི། །རྣམ་བཤད་མུ་ཏིག་ཕྲེང་མཛེས་མཆོད་པར་འབུལ། །ཐོགས་མེད་ལུགས་ཀྱིས་རྗེ་བཙུན་གཞུང་གསུམ་པོའི། །ལྟ་སྒོམ་འཆད་པའི་རྣམ་དབྱེ་མ་བསླབས་པར། །དངོས་སྨྲའི་གཞུང་དུ་བསྐྱལ་བའི་སྨྲེ་སྔགས་ཀྱིས། །སྡིག་པར་གང་གྱུར་དེ་ཀུན་འདིར་འཆགས་སོ། །གཟུང་འཛིན་གཉིས་སྣང་མ་རིག་འཁྲུལ་འཁོར་དུ། །རྣམ་པར་བརྟགས་ནས་གཉིས་མེད་ཡེ་ཤེས་མཆོག །ངེས་དོན་མཐར་ཐུག་སྙིང་པོའི་ལམ་ཉིད་དུ། །ངེས་པ་སྟེར་མཛད་ཀུན་ལ་རྗེས་ཡི་རང༌། །ཀུན་རྫོབ་རང་རང་ངོ་བོས་སྟོང་པ་དང༌། །དོན་དམ་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡི། །ཟབ་མོའི་ཆོས་དང་བཟང་པོའི་སྤྱོད་མཆོག་གི །རྒྱ་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བྱམས་པའི་གཞུང་དང་ཐོགས་མེད་མཆེད་ཀྱི་གཞུང༌། །ལེགས་པར་མཁྱེན་ནས་ཇི་བཞིན་འདོམས་མཁས་པའི། །བཤེས་གཉེན་དེ་ཀུན་འགྲོ་བའི་མགོན་ཉིད་དུ། །ཞབས་རབ་བརྟན་པར་གུས་པས་གསོལ་བ་འདེབས། །བསྡུས་དོན་གཅོད་མཚམས་གཞན་འགྲེལ་ཁྱེད་ལ་བརྟེན། །སྤྱི་དོན་ལུང་རིགས་རང་གི་དཔྱོད་པས་སྦྱར། །ས་གཅོད་བཀླགས་པས་ཚིག་དོན་འབད་མེད་དུ། །འཆར་ནུས་རྣམ་བཤད་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་རྗེ་བཙུན་ཞལ་ལ་འདུན་པ་དང༌། །རབ་དཀར་སྨོན་ལམ་རྐྱེན་གྱིས་མཚམས་སྦྱར་ནས། །མ་ཕམ་ཞལ་གྱི་བདུད་རྩི་ལེན་པ་དང༌། །ཐུབ་བསྟན་མཚར་བའི་རྒྱན་དུ་བདག་གྱུར་ཅིག །འདི་ན་ལ་ལ་དཔྱོད་ཆེན་མང་པོས་དཔྱད་པའི་ལམ་དུ་འཇུག་པའི་ངལ་བ་བཏང་ནས་ཅུང་ཟད་ཤེས་པས་ཡིད་རང་ཚིམ་སྟེ་བྱིས་པ་རྣམས་འཁྲིད་རྨོངས་པས་བཀུར་བའི་ཁྲི་ལ་འཁོད། །གཞན་གྱི་ཉེས་བཤད་དབྱངས་སུ་ལེན་པའི་རྗེས་ཟློས་མཁན་འགའ་ཕྲག་དོག་རྩུབ་མོའི་མྱོས་བྱེད་ཀྱི་མྱོས་དམ་པ་མང་པོའི་སྙན་གྲགས་འགོག་པའི་ཚིག་མདའ་རྣོན་པོས་གཞན་གྱི་ཡིད་འབིགས་བྱེད། །འགའ་ཞིག་ཡིད་ཀྱི་སྲུབ་ཤིང་གིས་བསླུས་དམ་ཆོས་ལོག་པར་འཆད་པའི་གཞུང་མང་རྩོམ་པའི་ཁུར་གྱིས་བློ་གྲོས་རིང་དུ་ངལ་བའི་ཡུས་ཆེན་ཁྱེར་ནས་ཤིང་རྟའི་སྲོལ་ཆེན་འཛིན་པར་རློམ། །འདི་ན་གཞན་ནི་རྒྱན་དྲུག་མཁས་པའི་གཞུང་ལུགས་རྒྱ་མཚོར་རྣམ་དཔྱོད་ལྕེ་བརྒྱ་བརྐྱང་སྟེ་མཐུང་པས་ངེས་པར་དུལ་བའི་འབེལ་བའི་གཏམ་གྱི་འབྲུག་སྒྲ་ཟབ་མོ་དབྱངས་སུ་ལེན་མིན་ནམ། །ཐོགས་མེད་ཞབས་སྟབས་མཁའ་ལ་མ་བསྐྱོད་ན། །མ་ཕམ་བྱམས་པའི་གཞུང་ཆེན་སུ་ཡིས་ལེན། །གང་བློའི་རྣམ་དཔྱོད་ཉིན་བྱེད་འདི་མེད་ན། །ཐོགས་མེད་གཞུང་གི་ཡ་མཚན་སུ་ཡིས་མཐོང༌། །སྔོན་བྱོན་རྣམ་བཤད་བྱེད་པོ་ཕལ་ཆེ་བ། །སྔ་མའི་ཟེར་བགྲོས་ཕྱི་མས་ལེན་པ་ཙམ། །མ་གཏོགས་རང་རང་རྩལ་གྱིས་བཤད་པ་མེད། །སྔོན་མས་མ་བཤད་ལེགས་བཤད་བརྒྱ་ཕྲག་ཙམ། །གང་འདིར་བཤད་པ་ལྷ་དང་བླ་མའི་དྲིན། །ཡིན་ཕྱིར་ཉེས་པར་བཤད་པ་མེད་སྙམ་བྱེད། །ཁ་ཅིག་ཧ་ཅང་ཐལ་བར་བཤད་སྲིད་ན། །གཞུང་མང་ལྟ་དང་རྟོག་པའི་སྒོ་ཡིན་ནོ། །ཞེས་དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་འདི་ནི། རྗེ་བཙུན་བྱམས་པའི་གཞུང་དང་ཐོགས་མེད་མཆེད་ཀྱི་གཞུང་ལུགས་ལས་འབྱུང་བའི་ངེས་དོན་གྱི་སྙིང་པོ་ལ་བསྙེངས་པ་མེད་པས་མི་ཕྱེད་པའི་དད་པ་བརྟན་པོ་ཅན། ཡུལ་དབུས་ཀྱི་ཐོས་པ་འཛིན་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། སྒྱུར་བྱེད་ཅེས་བྱ་བ་ས་མོ་ཕག་གི་ལོ། སྨིན་དྲུག་ཅན་གྱི་ཡར་ངོ་ལ། ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།ཆོས་འདིའི་བརྒྱུད་པ་ནི། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། ཤནྟི་པ། སའི་རྩ་ལག དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཤཱི་ལེནྡྲ་བོ་དྷི། ཀ་ལྕོག་ཞང་གསུམ། ལྷ་ལུང་དཔལ་གྱི་རྡོ་རྗེ། འགར་མི་ཡོན་ཏན་གཡུང་དྲུང༌། རྭ་སྟོན་བློ་བཟང༌། རྭ་ཁྲི་བཟང་འབར། བྲད་ཏི་དར་མ་སྙིང་པོ། མཆིམས་བརྩོན་སེང༌། རྒྱང་རོ་དར་མ་མགོན། མཆིམས་བརྩོན་རྒྱལ། ཤོང་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། དཔང་ལོ་ཙཱ་བ་ཆེན་པོ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དེ་ལ་རོང་ཆེན་ཐམས་ཅད་མཁྱེན་པ་དང༌། པན་ཆེན་ཕྱོགས་ལས་རྣམ་རྒྱལ་གཉིས་ཀས་གསན། དེ་གཉིས་ཀ་ལ་བཟད་པ་བློ་གྲོས་རྒྱ་མཚོས་གསན། དེ་ལ་མཁས་གྲུབ་ཨ་མོ་གྷ་ཤྲཱིས་གསན། དེས་བདག་ལའོ། །འདི་ཡང་བཀྲ་ཤིས་ཆོས་འཁོར་ལྷུན་པོར་གཏིང་ཁེབས་པ་སྡེ་བདུན་དབང་ཕྱུག་རྒྱལ་མཚན་གྱིས་པར་དུ་བསྒྲུབས་ནས་ཐུབ་བསྟན་གསེར་མདོག་ཅན་དུ་ཕུལ་བའི་དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། སེམས་ཅན་གྱི་དོན་དུ་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་རྫོགས་པར་གྱུར་ཅིག།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*