༼ཕ༽༄། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་བདེན་པ་གཉིས་ཀྱི་ཁང་བཟང་ཆེན་པོར་འཇུག་པའི་ལེའུ་གསུམ་པ་བཞུགས་སོ།།
༄༅། །ཀླུ་སྒྲུབ་ལུགས་བཟང་འཁྱོག་པོར་འདྲེན་པའི་ཤིང་རྟའི་སྲོལ་དེར་ནམ་ཡང་མི་གཤེགས་པར། །རྣམ་དཔྱོད་ཆུ་བོ་དྲང་པོར་འབབ་པའི་ལམ་དུ་བདེ་བར་རྒྱུ་ཞིང་སོང་བ་ལས། །རྟག་ཏུ་ཟབ་མོའི་རྒྱ་མཚོར་གནས་བཅས་མང་དུ་གསན་པའི་ནོར་གྱིས་རབ་གང་བ། །ཕྲིན་ལས་ཆུ་ཀླུང་འབུམ་ཕྲག་རྟག་ཏུ་འབེབས་ལ་བརྩོན་མཛད་དེ་ལ་ཕྱག་བགྱི་འོ། །ཟླ་བའི་ལེགས་བཤད་མདངས་གསལ་གྱིས། །གངས་ཅན་ཉིན་མོར་བྱས་པ་ན། །ཉི་མར་གྲགས་པའི་བཤད་སྲོལ་གྱིས། །ཉིན་མོར་བས་ཀྱང་ཉིན་མོར་བྱས། །དེ་ནས་རང་རྒྱུད་ལ་སྡང་བའི། །ཕྲག་དོག་ཚ་ཟེར་ཉེ་བ་ན། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །ཆ་ཤས་ཉམས་པ་མ་བཟོད་ནས། །རྣམ་དཔྱོད་གཟུ་བོའི་ཁ་ལོ་པས། །གང་དྲངས་ཐོས་པའི་ཤིང་རྟ་ལ། །བཞུགས་གསོལ་ཟླ་བའི་ལེགས་བཤད་ནི། །ཤར་ནས་ཤར་དུ་རྣམ་འདྲེན་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་བརྗོད་བྱ་དབུ་མ་ཉིད་གཏན་ལ་ཕབ་པ་ལ་གསུམ་སྟེ། ལོ་ཙྪ་བ་ཆེན་པོ་ཉི་མ་གྲགས་ཀྱི་ཞལ་ནས་གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཐབས་ཤེས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་དུ་འཇུག་པའོ། །ཞེས་གསུངས་པ་བཞིན་དུ་བཤད་པར་བྱ་བ་ལས། དང་པོ་ལ། ཤེས་པར་བྱ་བའི་གཞི་བདེན་པ་གཉིས་ལ་ཐོག་མར་འཇུག་པའི་སྒོ་དབྱེ་བ། བདེན་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་རྒྱས་པར་བཤད་པ། དོན་དམ་པའི་བདེན་པ་གཏན་ལ་འབེབས་བྱེད་ཀྱི་རིགས་པའི་རྣམ་གྲངས་སོ་སོར་བཤད་པ། རིགས་པ་དེས་གཏན་ལ་ཕབ་པའི་དབུ་མའི་ལྟ་བ་ངོས་བཟུང་སྟེ་གྲུབ་དོན་བསྟན་པ་དང་བཞི་ཡིན་ནོ། །དང་པོ་ལ་གསུམ་སྟེ། ཐོག་མར་བདེན་པ་གཉིས་པོ་གང་ལ་འཇུག་པའི་ཚུལ། ཞུགས་ནས་བདེན་པ་གཉིས་ཁས་ལེན་པའི་ས་མཚམས། བདེན་པ་གཉིས་ཟུང་དུ་འཇུག་པའི་ཚུལ་ཇི་ལྟར་ཡིན་པའོ། །དང་པོ་ནི། བསྟན་པ་ལ་འཇུག་པའི་གོ་རིམ་མ་ནོར་བར་བྱ་བ་དག་གིས་ནི། ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་བར་བྱ་དགོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པར་མ་བསྟན་ཞིང་མ་ཤེས་ན། དོན་དམ་པའི་བདེན་པ་བསྟན་པར་མི་ནུས་ཤིང་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་དང༌། དེ་མ་བསྟན་པར་ཅིག་ཤོས་བསྟན་ན། ཆད་པའི་མཐའ་ཉིད་དུ་ལྷུང་བར་འགྱུར་བའི་ཕྱིར་དང༌། ཐབས་ཀྱི་ཆ་མཐའ་དག་སྤངས་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། རིགས་པ་དྲུག་ཅུ་པ་ལས། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པ་འོ། །ཞེས་དང༌། དེའི་འགྲེལ་པར། སྐྱེ་བ་བློ་གྲོས་མ་བྱང་བ་དག ཐོག་མ་ཁོ་ནར་སྟོང་པ་ཉིད་དུ་ལྟ་བ་ལ་བཙུད་ན་ཤིན་ཏུ་མགོ་རྨོངས་པར་གྱུར་ཏེ་ཞེས་དང༌། བརྒྱ་པ་ལས། གང་ཞིག་གང་གང་ལ་དགའ་བ། །དེ་ལ་དེ་དེ་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་དང༌། བསོད་ནམས་མ་ཡིན་དང་པོར་བཟློག །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཀུན་རྫོབ་ཀྱི་གནས་ཚུལ་ཇི་ལྟར་ཡིན་པ་དེ་ལ་ངེས་པ་རྙེད་པའི་འོག་ཏུ། དོན་དམ་པའི་བདེན་པ་ལ་འཇུག་དགོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཙམ་གྱིས་ནི་མངོན་པར་མཐོ་བའི་ཁང་བཟངས་སུ་བགྲོད་པའི་ལམ་ཕྱིན་ཅི་མ་ལོག་པར་འབྱུང་ཡང༌། དོན་དམ་པའི་བདེན་པ་བསྟན་པ་མེད་ན། ངེས་པར་ལེགས་པའི་ལམ་གྱི་ཆ་ཙམ་ཡང་ཇི་ལྟ་བ་བཞིན་དུ་མི་རྙེད་པའི་ཕྱིར་དང༌། སྔ་མ་ལ་བརྟེན་ནས་དད་པ་དང་སྙིང་རྗེ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཙམ་ཕྱིན་ཅི་མ་ལོག་པ་འབྱུང་ཡང༌། ཕྱི་མ་དོན་དམ་པའི་བདེན་པ་བསྟན་པ་མེད་ན། བདག་མེད་རྟོགས་པའི་ཤེས་རབ་མི་འབྱུང་ལ། དེ་མེད་པར་ཡང་ཞི་བ་མྱང་ངན་ལས་འདས་པ་མི་འབྱུང་བའི་ཕྱིར་རོ། །སྟོན་ཚུལ་གྱི་རིམ་པ་ཡང་དེ་ཁོ་ན་ལྟར་ཡིན་ཏེ། ཐོག་མར་དོན་དམ་པའི་བདེན་པ་བསྟན་ན་སྣང་ཕྱོགས་ལ་སྐུར་པ་བཏབ་ནས་ངན་སོང་དུ་ལྷུང་བར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། རིན་པོ་ཆེའི་འཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཤེས་པས་མེད་དང་ཡོད་ཞིའི་ཕྱིར། །སྡིག་དང་བསོད་ནམས་བྱ་བ་འདས། །དེ་ཡིས་ངན་སོང་བདེ་འགྲོ་ལས། །དེ་ནི་ཐར་པ་དམ་པར་བཤད། །ཅེས་དང༌། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོ་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་རྟེན་ཐར་བར་འགྱུར། །ཞེས་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་པ་དང༌། མ་བླངས་པའི་ཕན་ཡོན་དང་ཉེས་དམིགས་གསུངས་སོ། །འོ་ན་ཇི་སྐད་དུ། དབུ་མའི་རྒྱན་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །ཞེས་གང་ཟག་དབང་པོ་རྣོན་པོས་དོན་དམ་པའི་བདེན་པ་སྔར་རྟོགས་ནས་ཕྱིས་ཀུན་རྫོབ་ལ་འཇུག་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཐབས་དང་ཤེས་རབ་རྒྱུད་ལ་བསྐྱེད་པའི་རིམ་པའི་རྣམ་གྲངས་གཅིག་བསྟན་པ་ཡིན་གྱི། བདེན་པ་གཉིས་ལ་འཇུག་པའི་ཚུལ་མ་ཡིན་ཏེ། ཀུན་རྫོབ་རྟོགས་པ་སྔོན་དུ་མ་སོང་བའི་སྟོང་ཉིད་ནི་མུ་སྟེགས་ཀྱི་སྟོང་ཉིད་དང་ཁྱད་པར་མེད་པའི་ཕྱིར་དང༌། དེ་སྔོན་དུ་མ་སོང་བའི་དེས་ནི་ཉན་ཐོས་ཀྱི་ཆད་པའི་མྱ་འདས་སུ་ཡང་བགྲོད་པར་མི་ནུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཐ་སྙད་ལ་ནི་མ་རྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་བའི་ཀུན་རྫོབ་ཀྱི་བདེན་པའི་སློབ་ཚུལ་དེ་ལ་མ་བསླབ་པར་དོན་དམ་པའི་བདེན་པ་ལ་སློབ་པའི་ཚུལ་དུ་མ་ཞིག་སྔོན་གངས་ཅན་གྱི་ལྗོངས་སུ་བྱུང་བ་དེ་ལ་ནི་ལམ་ཅིག་ཅར་བ་དང༌། དཀར་པོ་ཆིག་ཐུབ་དང༌། ཨ་ཏི་ཡོ་ག་ལ་སོགས་པའི་མིང་གིས་བཏགས་སོ། །དེ་ནས་དོན་དམ་པའི་བདེན་པ་ལ་སློབ་པའི་རིམ་པ་ནི་གཉིས་ཏེ། གཞུང་ཕྱི་མོ་དང༌། རང་རྒྱུད་ཀྱི་གཞུང་ལས་འབྱུང་བ་དང༌། ཟླ་བའི་ཞབས་ཀྱི་གཞུང་ལས་འབྱུང་བའོ། །དང་པོ་ལ། བདེན་འཛིན་གྱི་སྤྲོས་པ་བཅད་པའི་སྒོ་ནས་དོན་དམ་པའི་བདེན་པ་ལ་འཇུག་པའི་སྦྱོར་བ་དང༌། བདེན་མེད་ཀྱི་སྤྲོས་པ་ཡང་བཅད་པའི་སྒོ་ནས་དོན་དམ་པའི་བདེན་པ་དངོས་ལ་འཇུག་པའོ། །དེ་སྐད་དུ་ཡང༌། བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་སོགས་གོང་དུ་རྒྱས་པར་དྲངས་པ་རྣམས་སོ། །དེ་ཡང་དང་པོ་སྦྱོར་བའི་དུས་སུ། སྣང་ཙམ་གྱི་ཆ་མི་འགོག་ཀྱང༌། ཀུན་རྫོབ་ཀྱི་བདེན་པའི་ཆ་གང་དང་གང་ཡིན་པ་དེ་ཐམས་ཅད་མེད་པ་ཁོ་ན་ཡིན་ནོ། །ཞེས་སྒྲུབ་ཅིང་ཁས་ལེན་པར་བྱེད་པ་ཡིན་ནོ། །དེ་ཙམ་གྱིས་ཆད་པའི་ལྟ་བར་མི་འགྱུར་ཏེ། སྣང་ཙམ་གྱི་ཆ་དེ་ནི་འདིར་མ་ཟད་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོར་ཡང་མི་འགོག་པའི་ཕྱིར་དང༌། འདིར་བཀག་པའི་བདེན་པའི་ཆ་དེ་སྔར་ཚད་མས་གྲུབ་པར་ཁས་མ་བླངས་པའི་ཕྱིར། དེ་ལྟ་ན་ཡང་སྟོང་པ་ལ་མཚན་མར་བལྟ་བའི་ལྟ་བ་ཡིན་པས་ལྟ་བ་གོ་ཆོད་པོ་མ་ཡིན་ལ། ལྟ་བ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ནི་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ཡིན་ཞིང༌། དེ་ལ་བརྟེན་པའི་རྗེས་དཔག་ནི་ལྟ་བ་དེ་རྟོགས་པའི་ཡུལ་ཅན་གྱི་བློ་ཡིན་ནོ། །རིམ་པ་གཉིས་པོ་དོན་དམ་པའི་བདེན་པ་དངོས་ལ་འཇུག་པའི་སྐབས་སུ་ནི། རིགས་པ་སྔ་མས་བསྒྲུབས་པའི་བདེན་མེད་དེ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བ་ཡིན་ནོ། །དེ་ལྟ་ན་ཡང༌། འདི་ཆད་པའི་ལྟ་བར་མི་འགྲོ་སྟེ། དེར་འཇོག་པ་ལ་ནི་མེད་པར་ཞེན་པ་ཞིག་དགོས་པ་ལས། འདིར་ནི། དེ་ཡང་འགོག་པའི་ཕྱིར། དེ་སྒྲུབ་བྱེད་ཀྱི་རིགས་པ་ནི། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་དང༌། འདུས་བྱས་རབ་ཏུ་མ་གྲུབ་པས། །ཞེས་སོགས་ལྟ་བུ་ཡིན་ལ། དེ་ལ་བརྟེན་པའི་རིགས་ཤེས་ཀྱང་སྤྲོས་བྲལ་རྟོགས་པའི་ཆ་ནས་འཇོག་གི རྗེས་དཔག་གི་ཆ་ནས་མི་འཇོག་སྟེ། དེའི་ཆ་ནས་མཚན་འཛིན་གྱི་བློ་ཡིན་པའི་ཕྱིར། གཉིས་པ་ནི། ཟླ་བའི་གཞུང་དུ་ནི། བདེན་མེད་ཀྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་ཟུར་དུ་མི་བཞུགས་པ་ལྟར་མི་དགོས་པ་ཡིན་ཏེ། དང་པོར་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་དུས་སུ་བདེན་ཡོད་བཀག་པ་ཡིན་གྱི་བདེན་མེད་མ་བསྒྲུབས་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་ཇི་ལྟར་ཁས་ལེན་པའི་ས་མཚམས་ལ། རྟེན་གྱི་གང་ཟག་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པ་ཅིག་གི་དབང་དུ་བྱས་ནས་བཤད་ན་གོ་བདེ་བས་འདི་ལྟར་གང་ཟག་དེས་ཇི་སྲིད་དབུ་མའི་རིགས་པས་མི་དཔྱོད་པ་དེ་སྲིད་དུ་ཀུན་རྫོབ་ཀྱི་བདེན་པ་འདི་འཇིག་རྟེན་ན་ཡོད་མེད་ཇི་ལྟར་གྲགས་པ་དེ་ཉིད་ཁས་ལེན་པ་ཡིན་ལ། ཆོས་གཅིག་དཔྱད་གཞིར་བཟུང་ནས་རིགས་པས་དཔྱོད་པ་བྱེད་པ་དེའི་ཚེ་ནི། གང་དཔྱད་གཞིར་བཟུང་བ་དེ་ཉིད་ཡོད་པ་མ་ཡིན་པར་མ་ཟད་ཆོས་ཅན་ཐམས་ཅད་དེ་དང་རིགས་པ་མཚུངས་པས་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡོད་པར་ཁས་མི་ལེན་ནོ། །ཞེས་མདོར་བསྟན་ནས་དེ་ཉིད་རྒྱས་པར་འཆད་པ་ལ། དང་པོར་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པའི་ཚུལ། བར་དུ་དོན་དམ་པའི་བདེན་པ་ཁས་ལེན་པའི་འཐད་པ། ཐ་མར་ཁས་ལེན་ཅི་ཡང་མེད་པའི་རིགས་པ་བཤད་པའོ། །དང་པོ་ནི། ཐོག་མར་འཇིག་རྟེན་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བཤད་ན། དབུ་མ་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་ཐ་སྙད་བྱས་པ་ནི་གཉིས་ཏེ། ལྷན་ཅིག་སྐྱེས་པའི་བློ་ལ་སྣང་བ་དང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་བློ་ལ་སྣང་བའོ། །དེ་གཉིས་པོ་ལ་དབུ་མ་པ་རང་གི་ལུགས་ཀྱིས་ནི། ཡང་ལོག་གི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། དེ་གཉིས་ཀ་ཡང་ལོག་པར་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། གཉིས་ཀ་ཡང་ཡོད་པ་མ་ཡིན་བཞིན་དུ་སྣང་བའི་ཕྱིར། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་བཞིན་ནོ། །འོ་ན་དེ་གཉིས་ལ་འཇིག་རྟེན་པས་ཐ་སྙད་དུ་བྱ་བ་གང་ཞེ་ན། འཇིག་རྟེན་རང་ལུགས་ཀྱི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཞེས་བྱ་བ་དང༌། ཡང་དག་པ་དང་ཕྱིན་ཅི་ལོག་ཅེས་བྱ་བའི་མིང་གིས་འདོགས་པ་ཡིན་གྱི། ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ནི་འཇིག་རྟེན་གྱིས་འདོགས་པ་མ་ཡིན་ཏེ། འཇིག་རྟེན་པས་ནི་ཅིག་ཤོས་ཡང་དག་པར་འདོད་ཀྱང༌། ཀུན་རྫོབ་ཏུ་མི་འདོད་པའི་ཕྱིར། བདེན་པ་དང་མི་སླུ་བར་ཁས་ལེན་པའི་ཕྱིར། དེས་ན་འཇུག་འགྲེལ་དུ་མདོ་དྲངས་པ་ལས། འཇིག་རྟེན་ནི་ང་དང་རྩོད་པ་བྱེད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་རྩོད་པར་མི་བྱེད་དེ། འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ཉིད་ང་ཡང་ཡོད་པར་འདོད་དོ། །འཇིག་རྟེན་ན་གང་མེད་པར་འདོད་པ་དེ་ཉིད་ཡང་མེད་པར་འདོད་དོ། །ཞེས་བཤད་པ་ལྟར་དབུ་མ་པ་རང་ཉིད་ཀྱི་ཐ་སྙད་སྦྱར་བ་ཡང་དག་པའི་ཀུན་རྫོབ་འཇིག་རྟེན་པ་རང་ཉིད་ཀྱིས་ཐ་སྙད་སྦྱར་བ་དོན་དམ་པའི་བདེན་པ་རྣམས་ནི། ཇི་སྲིད་རིགས་པས་མི་དཔྱོད་པ་དེ་སྲིད་དུ་ཡོད་པར་ཁས་ལེན་པ་ཡིན་ཏེ། འཇིག་རྟེན་ན་ཡོད་པར་གྲགས་པའི་ཕྱིར། དབུ་མ་པས་ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་སྦྱར་ཞིང༌། འཇིག་རྟེན་པས་ཀུན་རྫོབ་ཀྱི་བདེན་པར་བཞག་པ་རྣམས་ནི། རིགས་པས་མི་དཔྱོད་པའི་ཚེ་ཡང་ཡོད་པར་ཁས་མི་ལེན་ཏེ། འཇིག་རྟེན་ན་ཡོད་པར་མ་གྲགས་པའི་ཕྱིར་རོ། །ཞར་ལ་འདི་ཤེས་དགོས་ཏེ། ཇི་སྐད་དུ། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །ཞེས་པ་ནས། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་པ་དེར། མུ་སྟེགས་པས་བཏགས་པའི་བདག་ལ་སོགས་པ་གྲུབ་མཐའ་ངན་པས་བཏགས་པ་ཐམས་ཅད་འཇིག་རྟེན་ན་ཡོད་པ་མ་ཡིན་པར་བཤད་མོད། འཇིག་རྟེན་པས་མེད་པར་ནི་མ་གྲུབ་སྟེ། དེ་འཇིག་རྟེན་ལ་ལྐོག་ཏུ་གྱུར་པའི་ཕྱིར་དང༌། འཇིག་རྟེན་གྱིས་དེ་མེད་པར་གྲུབ་ན། དེ་མེད་པར་སྒྲུབ་པའི་ཕྱིར་དུ་དོན་དམ་དཔྱོད་བྱེད་ཀྱི་གཏན་ཚིགས་བརྒྱ་ཕྲག་བཀོད་པ་རྣམས་དོན་མེད་པར་འགྱུར་རོ། །ཅིག་ཤོས་ལ་ཡང་མཚུངས་སོ་ཞེ་ན། དེ་ཡོད་པ་ནི་མ་ཡིན་ཏེ། འཇིག་རྟེན་གྱི་ཚད་མས་མ་དམིགས་པའི་ཕྱིར། ལུགས་དེ་ལ་དེ་དག་མེད་པ་ཡང་མ་ཡིན་ཏེ། འཇིག་རྟེན་ན་དེ་མེད་པར་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཇི་ལྟར་མེད་ཅེ་ན། དེ་མེད་པར་དམིགས་བྱེད་ཀྱི་ཚད་མ་སྐྱེ་བ་ནི། བསྟན་བཅོས་ཁོ་ན་ལ་རག་ལས་པའི་ཕྱིར། དེའི་ཕྱིར་ལུགས་འདི་ལ་ཡང་ཡོད་པ་མ་ཡིན་ན་མེད་པའི་ཁྱབ་པ་ནི་སྣང་རུང་གི་ཕྱོགས་ལ་ཡིན་གྱི་སྣང་མི་རུང་གི་ཕྱོགས་ལ་ནི་ཁྱབ་པ་ཤིན་ཏུ་འཁྲུལ་ལོ། །གལ་ཏེ་དེའི་ལུགས་ལ་དེ་མེད་དེ། དེ་དེའི་ལུགས་ཀྱི་ཚད་མས་མ་དམིགས་པའི་ཕྱིར་སྙམ་ན་ནི། ཇི་སྐད་དུ། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པའི་རིགས་པ་ཕྱིན་ཅི་ལོག་ཏུ་འདོན་དགོས་པར་འགྱུར་རོ། །དེ་ལྟར་བཤད་པ་ན་གཞུང་ལས་བདག་རྟག་པ་དང་མཐའ་བཞིའི་སྐྱེ་བ་ལྟ་བུ་འཇིག་རྟེན་གྱི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཞེས་པ་ཤས་ཆེར་འབྱུང་ལ་འགྱུར་གྱི་ཁྱད་པར་བདེ་མ་བདེ་ལས། ཇི་སྐད་དུ། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་འབྱུང་བ་དེ་ཡང་དེ་ཡོད་པ་མ་ཡིན་པ་ལ་བསམས་པའོ། །དེ་ལས་གཞན་དུ་ན་གཞན་སྐྱེ་མེད་པ་དེ་འཇིག་རྟེན་གྱི་དོན་དམ་བདེན་པར་འགྱུར་ཏེ། དེ་དེའི་ཚད་མས་གྲུབ་པའི་ཕྱིར་རོ། །དེ་ཡང་དེ་ལྟ་ན་དབུ་མའི་ལུགས་ཀྱི་དོན་དམ་བདེན་པ་དང་འཇིག་རྟེན་གྱི་ལུགས་ཀྱི་དོན་དམ་པའི་གཞི་མཐུན་གྲུབ་པར་ཐལ་ལོ། །དེ་ལྟར་ན་ལུགས་འདི་ལ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མཐོང་བ་བརྫུན་པ་ལ་ཇི་ལྟར་སྣང་བ་བཞིན་དུ་ཡོད་པར་ཁས་བླངས་པ་ལ་ནི་ཡང་དག་པའི་ལྟ་བར་བཤད་པས་རྟག་པའི་ལྟ་བ་མི་འགྱུར་ལ། དེ་དག་མེད་པར་ཞེན་པའི་བློ་ནི་ཆད་པའི་ལྟ་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་བློས་གྲུབ་པའི་དོན་ལ་སྐུར་པ་བཏབ་པའི་ཕྱིར་རོ། །ཞར་ལ་འདི་ཤེས་དགོས་ཏེ། རྒྱང་ཕན་གྱིས་དོན་གང་ལ་སྐུར་པ་བཏབ་པའི་སྐྱེ་བ་སྔ་མ་དང་འཇིག་རྟེན་ཕ་རོལ་ལྟ་བུ་ནི་འཇིག་རྟེན་གྱི་ལུགས་ལ་མེད་པ་མ་ཡིན་ཞིང་དེ་མེད་པ་ལོག་པའི་ཀུན་རྫོབ་ཡིན་ཡང༌། དེས་དེ་ཡོད་པར་བཞག་ནུས་པ་མ་ཡིན་ཏེ། དེ་དེའི་ཚད་མས་མ་གྲུབ་པའི་ཕྱིར། ཇི་ལྟར་ཞེ་ན་དེ་ཡོད་པར་འགྲུབ་པ་ནི་བསྟན་བཅོས་ལ་གྲགས་པའི་རིགས་པ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པ་དང༌། ཐམས་ཅད་མཁྱེན་པ་ཡོད་པ་སོགས་འཇིག་རྟེན་རང་ལུགས་ཀྱི་ཚད་མས་མ་གྲུབ་ཀྱང་བསྟན་བཅོས་ལ་གྲགས་པའི་རིགས་པས་འཇིག་རྟེན་གྱི་བློ་ཀུན་རྫོབ་པའི་ངོར་ཡོད་པར་འཇོག་ནུས་པའི་ཕྱིར་ན། གཅིག་ལོག་པའི་ཀུན་རྫོབ་དང་ཅིག་ཤོས་འཇིག་རྟེན་གྱི་དོན་དམ་བདེན་པར་རྣམ་པར་གཞག་གོ །དོན་དེ་དག་ཀྱང་ཇི་སྐད་དུ། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱས་ཏེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་གསུངས་ཤིང༌། དེའི་ཤུགས་བསྟན་འཆད་པ་ན། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱས་ཏེ། །ཞེས་དང༌། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱས་ཏེ། །ཞེས་དང༌། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱས་ཏེ། །ཞེས་རྒྱས་པར་སྦྱར་ནས་གསུངས་པས། ཐམས་ཅད་མཁྱེན་པ་ཡོད་མེད་དང་འཇིག་རྟེན་ཕ་རོལ་ཡོད་མེད་ལྟ་བུ་འཇིག་རྟེན་ཉིད་ཀྱི་དབང་དུ་བྱས་པའི་དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཏུ་བཤད་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལས། ཡང་རྣལ་འབྱོར་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་མི་རྟག་པ་དང་སྟོང་བདག་མེད་ལ་སོགས་པ་རྣལ་འབྱོར་པའི་ཀུན་རྫོབ་ཏུ་བཤད་པ་དེ་དག འཇིག་རྟེན་གྱི་ཚད་མས་ཡོད་པར་མ་གྲུབ་ཀྱང༌། མཚན་འཛིན་གྱི་བློའི་ཡུལ་དུ་སོང་བའི་ཆ་ནས་སྤྱིར་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཡིན་པ་དང༌། ལོག་པའི་ཀུན་རྫོབ་མ་ཡིན་པའི་ཕྱིར། འཇིག་རྟེན་གྱི་ལུགས་འདིར་ཡང་ཡོད་པར་བཞག་གོ །དེ་ཡང་བདག་དང་གཞན་གྱི་སྐྱེ་བ་ལ་སོགས་པ་འགོག་བྱེད་གྱི་གཏན་ཚིགས་འཇིག་རྟེན་ཉིད་ལ་གྲགས་པ་ཡིན་ཡང༌། དེས་དེ་ཇི་ལྟར་འགོག་པའི་ཚུལ་ནི། བསྟན་བཅོས་ཁོ་ན་ལ་རག་ལས་པ་ཡིན་ཏེ། འཇིག་རྟེན་ན་དེས་དེ་འགག་པའི་ཚུལ་མ་གྲགས་པའི་ཕྱིར། ཞེས་བྱ་བའི་ཁྱད་པར་འདི་ཤེས་དགོས་སོ། །ཡང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ། མེ་ལ་སོགས་པ་འཇིག་རྟེན་རང་ལ་གྲགས་པའི་ཆོས་རྣམས་བདེན་པས་སྟོང་ངོ་ཞེས་དང༌། རང་བཞིན་གྱིས་སྟོང་ངོ་ཞེས་ནི་ཁས་བླངས་བར་མི་བྱ་སྟེ། དེ་ལྟར་ཁས་བླངས་ན་བདེན་པ་དང་པོ་ལས་ཉམས་པར་འགྱུར་བའི་ཕྱིར། ཇི་ལྟར་ཞེ་ན། མེའི་རང་བཞིན་ཁས་ལེན་པ་དང༌། དེ་དེས་སྟོང་པར་ཁས་ལེན་པ་འགལ་བ་བཞིན་ནོ། །དེ་འགལ་བ་ཡིན་ཏེ། དེ་རང་བཞིན་གྱིས་སྟོང་པའི་གོ་བ་ནི། གནས་ཚུལ་སེམས་པའི་རིགས་པས་བསམས་པ་དེའི་ཚེ། ཚ་བ་མེའི་རང་བཞིན་དུ་མ་གྲུབ་པ་དེ་ཡིན་ལ། ཚ་བ་མེའི་རང་བཞིན་དུ་མ་གྲུབ་ན་མེ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཉམས་པར་འགྱུར་རོ། །དེ་ལྟར་བཤད་པ་ན་གང་དག་མེ་ཐ་སྙད་དུ་ཡང་རང་བཞིན་གྱིས་སྟོང་པ་དང༌། རང་གི་ངོ་བོ་དང་རང་གི་མཚན་ཉིད་ཀྱིས་སྟོང་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་མེའི་ཐ་སྙད་ཀྱི་བདེན་པ་ལས་ཉམས་པར་གོར་མ་ཆག་ལ། རྣམ་པར་དཔྱད་དགོས་པའི་གཞི་འདི་ལྟར་མེ་ལ་སོགས་པ་ཐ་སྙད་དུ་ཡང་བདེན་པར་མ་གྲུབ་བོ་ཞེས་ཟེར་བ་འདི་ཡང༌། ཐ་སྙད་བདེན་པའི་འཇོག་ལུགས་མ་ཡིན་པར་གསལ་ཏེ། དེ་དེར་མ་གྲུབ་ན། ཀུན་རྫོབ་ཏུ་ཡང་མི་བདེན་པར་འགྱུར་ལ། དེར་མི་བདེན་ན་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་ཡིན། ཞེས་བསམ་དགོས་པ་ཡིན་ཏེ། དེ་སྐད་དུ། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེ་བརྗོད་པར་བྱ་མིན་ཏེ། །གནས་མ་ཡིན་པར་སྦྱར་བའི་སྨན། །དུག་ཏུ་འགྱུར་བ་མ་ཡིན་ནམ། །ཞེས་བརྒྱ་པ་ལས་གསུངས་སོ། །དེ་དག་གིས་ནི་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་ཁས་ལེན་པའི་ཚུལ་བཤད་པ་ཡིན་ནོ། །གཉིས་པ་དོན་དམ་པའི་བདེན་པ་ཁས་ལེན་པའི་ཚུལ་ལ་གཉིས་ཏེ། གཞུང་ཕྱི་མོ་དང་རང་རྒྱུད་ཀྱི་གཞུང་ལས་ཇི་ལྟར་འབྱུང་བའི་ཚུལ། ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཟུར་ཙམ་བསྟན་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་འཇིག་རྟེན་ལུགས་ཀྱི་དོན་དམ་པའི་བདེན་པ་ཞེས་བྱ་བའམ། དབུ་མ་པ་ཐ་སྙད་སྦྱར་བ་ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་དེ་ཉིད་འཇིག་རྟེན་རང་ལ་གྲགས་པའི་ཚད་མས་གཏན་ལ་ཕེབས་པ་སྔོན་དུ་སོང་ནས། དེའི་འོག་ཏུ་དོན་དམ་པ་ཁས་ལེན་པ་ལ་འཇུག་པར་བྱའོ། །རིགས་པ་གང་གིས་ཤེ་ན། གཞུང་རྩ་བ་ལས་འབྱུང་བ། བར་དུ་བདག་བཟློག་པའི་རིགས་པ་ཞེས་བྱ་བ་དང༌། རང་རྒྱུད་ཀྱི་གཞུང་ལས་འབྱུང་བ། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་དེ་ལ་བརྟེན་ནས་སོ། །ཇི་ལྟར་ཁས་ལེན་ན། འདི་ལ་གཉིས་ཏེ། འདིར་ཀུན་རྫོབ་ཀྱི་བདེན་པ་ཁས་མི་ལེན་པའི་འཐད་པ་དང༌། དོན་དམ་པའི་བདེན་པ་ཁས་ལེན་དགོས་པའི་འཐད་པའོ། །དང་པོ་ལ། ལུང་དང་རིགས་པ་གཉིས་ལས། དང་པོ་ལ། རྩ་བའི་ལུང་དང་ཁྱད་པར་ཟླ་བའི་ཞབས་ཀྱི་ལུང་ངོ༌། །དང་པོ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་རྟེན། །ཞེས་འབྱུང་བ་ལྟར། དབུ་མའི་བསྟན་བཅོས་སུ་ལུགས་རྣམ་པ་གཉིས་བཞག་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་ལུགས་དང༌། དོན་དམ་པའི་བདེན་པ་འཇོག་པའི་ལུགས་སོ། །ལུགས་དང་པོ་དེ་རྟེན་གྱི་གང་ཟག་དབུ་མ་པས་ངེས་པར་ཁས་ལེན་དགོས་པ་ཡིན་མོད། སྤྱིར་དབུ་མའི་རང་ལུགས་དང༌། བྱེ་བྲག་ཐུན་མོང་མ་ཡིན་པའི་རང་ལུགས་མ་ཡིན་ཏེ། འཇོག་ལུགས་དེ་ཚད་མས་གཞག་པ་མ་ཡིན་གྱི། མཐོང་བ་བརྫུན་པས་བཞག་པའི་ཕྱིར་དང༌། འཇིག་རྟེན་དང་ཐུན་མོང་གི་ལུགས་ཡིན་པའི་ཕྱིར། དེའི་ཕྱིར་དབུ་མ་པའི་ཐུན་མོང་མ་ཡིན་པའི་རང་ལུགས་ནི་གཉིས་པ་ཁོ་ནའོ། །དེ་ལྟར་ཤེས་པར་བྱས་ནས་དབུ་མའི་རང་ལུགས་འཇོག་པ་ན། སྐབས་དེ་དང་དེ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ནི་ཅུང་ཟད་ཀྱང་ཁས་ལེན་པ་མ་ཡིན་ཏེ། དེ་དག་དབུ་མའི་རང་ལུགས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། གལ་ཏེ་གྲུབ་ན་རྣལ་འབྱོར་པའི་མངོན་སུམ་དང༌། དབུ་མའི་གཏན་ཚིགས་ལ་བརྟེན་པའི་རྗེས་སུ་དཔག་པ་གང་རུང་གིས་གྲུབ་པར་འགྱུར་རོ། །འདི་སྒྲུབ་པ་ལ་ཐོག་མར་རྩ་བའི་ལུང་ནི། རིགས་པ་དྲུག་ཅུ་པ་ལས། དགོས་པའི་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་ཀུན་རྫོབ་ཀྱི་བདེན་པ་གསུངས་པའི་དགོས་པ་དང༌། ཡང་དེ་ཉིད་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་བྲལ་འགྱུར་ན། །ལོག་པར་རྣམ་བཏགས་མ་ཡིན་ནམ། །ཞེས་པ་དགོངས་གཞི་དང༌། ཡང་ཇི་སྐད་དུ། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པས་སུ་ཞིག་རྟོགས་མི་བྱེད། །ཅེས་གསུངས་སོ། །གཞུང་འདི་དག་གིས་ཀུན་རྫོབ་ཀྱི་བདེན་པ་བདེན་པར་གྲུབ་པ་ཙམ་ཞིག་བཀག་པ་ཡིན་མོད་ཀྱི། ཀུན་རྫོབ་ཀྱི་བདེན་པ་ཡོད་པ་ནི་བཀག་པ་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཡོད་པ་མ་ཡིན་པར་མ་བསྒྲུབས་ན། ཀུན་རྫོབ་བདེན་མེད་དུ་མི་འགྲུབ་པའི་ཕྱིར་དང༌། ཁྱེད་འདོད་པ་དེ་ལྟ་ན། ཀུན་རྫོབ་མི་བདེན་པ་དང༌། མྱ་ངན་ལས་འདས་པ་བདེན་པའི་ཕྱེ་བསལ་ཡང་མི་རིགས་ཏེ། གཉིས་ཀ་མི་བདེན་པར་མཚུངས་པའི་ཕྱིར་རོ། །དེ་ལྟར་ན། ཀུན་རྫོབ་མི་བདེན་ལ། མྱ་ངན་ལས་འདས་པ་བདེན་ཞེས་བྱ་བ་འདི་ནི་བར་དུ་བདག་བཟློག་པའི་རིགས་པ་དང༌། བདེན་འཛིན་གྱི་སྤྲོས་པ་གཅོད་པ་དང༌། དོན་དམ་པའི་བདེན་པ་ཡོད་པར་སྒྲུབ་པའི་སྐབས་སུ་ཡིན་གྱི། རང་ལུགས་མཐར་ཐུག་པའི་སྐབས་སུ་ནི་མ་ཡིན་ཏེ། དེའི་ཚེ་མྱ་ངན་ལས་འདས་པ་ཡང་བརྫུན་པར་འཆད་པའི་ཕྱིར་རོ། །དེ་སྐད་དུ་དེ་ཉིད་ལས། ཡང་དག་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པ་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམས་སེམས་མེད། །ཅེས་གསུངས་ཤིང༌། དེའི་འགྲེལ་པར། ཟླ་བའི་ཞབས་ཀྱིས་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་གསུངས་པ་ཡིན་ནོ། །གཉིས་པ་འགྲེལ་པའི་ལུང་ལ། ཟླ་བའི་ཞབས་ཀྱི་ལུང་དང༌། ལེགས་ལྡན་འབྱེད་ཀྱི་ལུང་ཟུར་ཙམ་དྲང་བའོ། །དང་པོ་ཇི་སྐད་དུ། ཚིག་གསལ་ལས། འཇིག་རྟེན་པའི་ཐ་སྙད་ལ་དཔྱད་པ་ཞིབ་མོར་བཅུག་པ་འདིས་ཅི་ཞིག་བྱ། ཞེས་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲ་སྟེ། ཀུན་རྫོབ་ཕྱིན་ཅི་ལོག་ཙམ་གྱི་བདག་གི་ངོ་བོ་ཡོད་པར་རྙེད་པ་ཐར་པ་འདོད་པ་རྣམས་ཀྱི་ཐར་པ་འདྲེན་པར་བྱེད་པའི་དགེ་བའི་རྩ་བ་བསོག་པའི་རྒྱུར་འགྱུར་བ་འདི་ནི། དེ་ཁོ་ན་ཉིད་མ་རྟོགས་པ་དེ་སྲིད་དུ་གནས་པར་འགྱུར་མོད། ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། འཇུག་པ་ལས། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་དང༌། ཇི་ལྟར་ཁྱོད་ཉིད་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བ་བྱེད། །ཅེས་དང༌། དེའི་འགྲེལ་པར། ཡོད་པ་མ་ཡིན་ཡང༌། འཇིག་རྟེན་ཁོ་ན་ལས་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་བོ་ཁོ་ནར་བརྗོད་པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་བཟློག་པའི་ཐབས་ཡིན་པའི་ཕྱིར་རོ། །ཞེས་དང༌། གཞན་ལ་རགས་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཁས་ཀྱང་འཇིག་རྟེན་ཁོ་ནས་བླངས་པ་ཡིན་ཏེ། ཞེས་དང༌། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཞེས་པའི་འགྲེལ་པར། ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པར་བྱ་བའི་ཕྱིར་ཤིན་ཏུ་ཚེགས་ཆེ་བར་གནས་པར་འགྱུར་གྱི་ཁྱོད་ཀྱིས་འཇིག་རྟེན་གྱི་ཀུན་རྫོབ་སོལ་ཅིག གལ་ཏེ་ཁྱོད་ལ་འཇིག་རྟེན་གྱིས་གནོད་པར་མི་འགྱུར་ན། ངས་ཀྱང་ཁྱོད་ལ་སྟོངས་འདབ་པར་བྱའོ་ཞེས་དང༌། གལ་ཏེ་ཁྱོད་རྒྱལ་ན་ནི་ཁོ་བོ་ཅག་འདོད་པ་ཉིད་ཡིན་པས་ཁྱོད་ལ་བརྟེན་པར་བྱའོ། །ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན་ནི། དེའི་ཚེ་སྟོབས་དང་ལྡན་པའི་འཇིག་རྟེན་ཉིད་ལ་བདག་བརྟེན་པར་བྱའོ། །ཞེས་གསུངས་སོ། །ལུང་འདིའི་དོན་ལ་མི་ཤེས་པ་དག་གིས་བསམས་པ་ན། རང་ལུགས་ལ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་བསྟན་ནོ་སྙམ་དུ་སེམས་པ་དེ་ཡང་མ་གོ་བ་ཡིན་ཏེ། ལུང་འདིས་ནི་དེ་ཡོད་པ་འཇིག་རྟེན་གྱི་ལུགས་དང༌། ཡོད་པ་མ་ཡིན་པ་དབུ་མ་པའི་ལུགས་སུ་བཤད་ནས། ཐོག་མར་འཇིག་རྟེན་ལ་བརྟེན་པ་དང༌། དེའི་འོག་ཏུ་རང་ལུགས་ལ་འཇུག་པར་བཤད་པའི་ཕྱིར་དང༌། ཐོག་མར་དེ་ལ་བརྟེན་པ་དེ་ཡང་དེ་བཟློག་པའི་ཐབས་ཉིད་ཡིན་ཏེ། ཇི་སྐད་དུ། ཐམས་ཅད་ཡང་དག་ཡང་དག་མིན། །ཞེས་སོགས་ཀྱི་རྩ་འགྲེལ་ལས་འབྱུང་བ་བཞིན་ནོ། །དེ་བས་ན་སྐབས་འདིར་དོན་དམ་པའི་བདེན་པ་གཅིག་པུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། ཅི་སྟེ་དེ་ལྟར་མི་འདོད་ན་ནི། བདེན་པ་གཉིས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ། འདི་བདེན་མོད་ཀྱི་དོན་དམ་པར་ནི་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་བསྟན་པ་ནི་འདི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར་བདག་དང་གཞན་ལ་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱི་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་འདི་དང་དྲངས་མ་ཐག་པའི་རིགས་པ་དྲུག་ཅུ་པའི་ལུང་གཉིས་ཀས། དོན་དམ་པའི་བདེན་པའི་འཇོག་ཚུལ་རང་ལུགས་ལ་ཁས་ལེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་གྱི་ལུགས་ཡིན་པ་གསལ་བར་གསུངས་ལ། འཇིག་རྟེན་གྱི་རང་ལུགས་གང་ཡིན་པ་དེ་ཉིད་དབུ་མའི་ཡང་ལུགས་ཡིན་ནོ་ཞེས་སྨྲ་བ་ནི་རྣམ་པར་འཁྱམས་སོ། །དེ་ལྟར་བཤད་པ་དེ་ལ་ཕྱིས་ཀྱི་གངས་ཅན་པ་དག འདི་སྙམ་དུ་སེམས་པར་འགྱུར་ཏེ། དབུ་མའི་རང་ལུགས་འཇོག་པ་དེའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ཡོད་པ་མ་ཡིན་པར་ཁས་ལེན་ན། དགེ་བ་བཅུ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མེད་པར་འགྱུར་ཞིང༌། དེ་མེད་པས་ངན་སོང་དང་མཐོ་རིས་ཀྱི་གནས་ཀྱང་མེད་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང༌། དེས་གསུངས་པའི་དམ་པའི་ཆོས་དང༌། དེ་འཛིན་པ་དང་སྒྲུབ་པར་བྱེད་པའི་དགེ་འདུན་དག་ཀྱང་མེད་པར་འགྱུར་རོ་སྙམ་ན། འདིའི་ལན་ནི་ཇི་སྲིད་མཚན་མར་འཛིན་པའི་བློ་མ་སྤངས་པ་དེ་སྲིད་དུ། དེ་དང་དེ་ཡོད་ཅིང༌། དེ་དང་དེ་ལ་བླང་དོར་བྱ་བ་ཡང་ཡིན་ལ། དེའི་ཚེ་ཡང་གནས་ཚུལ་ལ་སེམས་པའི་རིགས་པས་མ་བསམས་པར་བླང་དོར་དུ་བྱ་དགོས་པ་ཡིན་ཏེ། དེས་དེ་ལྟར་བསམས་པའི་ཚེ་ནི་ཀུན་རྫོབ་ཀྱི་ཆོས་ཅི་ཡང་མ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། དབུ་མ་འཇུག་པར། དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང༌། །དགེ་མི་དགེ་མེད་བློ་ཅན་མཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་སོ། །དེ་ལྟ་བུའི་ཀླན་ཀ་ལན་དང་བཅས་པ་དེ་ཡང༌། ཟླ་བའི་ཞབས་ཉིད་ཀྱིས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཚིག་གསལ་ལས། ཆོས་ཐམས་ཅད་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་སློབ་དཔོན་གྱིས་འདི་བརྩམས་པ་ཡིན་ན་དེ་ལྟར་ན་ནི་གང་བརྫུན་པ་དེ་ནི་ཡོད་པ་མ་ཡིན་པས། མི་དགེ་བའི་ལས་དག་མེད་པར་འགྱུར་ལ། དེ་མེད་པས་ངན་འགྲོ་དག་མེད་པར་འགྱུར་ཞིང༌། དགེ་བ་དང་བདེ་འགྲོ་དག་ཀྱང་མེད་པར་འགྱུར་རོ། །བདེ་འགྲོ་དང་ངན་འགྲོ་མེད་པའི་ཕྱིར་འཁོར་བ་ཡང་ཡོད་པ་མ་ཡིན་པས་རྩོམས་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། བཤད་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་འདི་བདེན་པར་མངོན་པར་ཞེན་པའི་འཇིག་རྟེན་པའི་གཉེན་པོ་ཉིད་དུ་ཁོ་བོ་ཅག་གིས་དངོས་པོ་རྣམས་བརྫུན་པའི་དོན་དུ་བསྟན་གྱི། གང་ཞིག་བརྫུན་པ་འམ་བརྫུན་པ་མ་ཡིན་པར་འགྱུར་བ་འཕགས་པ་རྣམས་ཀྱིས་ནི་ཅུང་ཟད་ཀྱང་གཟིགས་པ་མ་ཡིན་ནོ། །གཞན་ཡང་གང་གིས་ཆོས་ཐམས་ཅད་བརྫུན་པའི་དོན་ཅན་ཉིད་དུ་ཡོངས་སུ་མཁྱེན་པ་དེ་ལ་ཅི། ལས་ཡོད་ཅིང་འཁོར་བ་ཡོད་དམ། འདིས་ནི་ཆོས་འགའ་ཡང་ཡོད་པ་ཉིད་དམ་མེད་པ་ཉིད་དུ་དམིགས་པ་ཡང་མ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །ཡང་གངས་ཅན་པ་ཕྱི་མ་དག འདི་སྙམ་དུ་སེམས་པར་འགྱུར་ཏེ། རང་ལུགས་ལ་བདེན་པ་དང་པོ་ཁས་མི་ལེན་ན། དབུ་མའི་བསྟན་བཅོས་སུ་དེའི་རྣམ་གཞག་བྱས་པས་ཅི་ཞིག་བྱ་སྙམ་པའི་ཀླན་ཀ་ལན་དང་བཅས་པ་དེ་ཡང་ཟླ་བའི་ཞབས་ཀྱིས་གསལ་བར་གསུངས་ཏེ། ཇི་སྐད་དུ། ཚིགས་གསལ་ལས། གང་ཡོངས་སུ་སྤང་བར་བྱ་བ་ཡིན་པ་དེ་བསྟན་པས་ཅི་ཞིག་བྱ་ཞེ་ན་བརྗོད་པར་བྱ་སྟེ། དེ་ནི་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང་དོན་དམ་པ་མ་རྟོགས་པར་ཡང༌། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ། །ཞེས་གསུངས་སོ། །གཉིས་པ་ལེགས་ལྡན་འབྱེད་ཀྱི་ལུང་དྲང་བ་ནི། ཇི་སྐད་དུ། ཤེས་རབ་སྒྲོན་མ་ལས། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །ཞེས་པའི་ཕྱོགས་སྔ་བཀོད་ནས་དེའི་ལན་དུ་ཀུན་རྫོབ་ཏུ་གསུངས་པ་རྟགས་སུ་འགོད་དམ། དོན་དམ་དུ་གསུངས་པ་རྟགས་སུ་འགོད། ཅེས་པའི་བརྟགས་པ་གཉིས་བྱས་ནས། དང་པོ་ལྟར་ན་རྒོལ་བ་གཞན་ལ་མ་གྲུབ། གཉིས་པ་ལྟར་ན་དབུ་མ་པ་ལ་མ་གྲུབ་པར་གསུངས་ལ། དེ་ལྟར་བཤད་པ་དེ་ཡང་དོན་དམ་ལ་དཔྱོད་པའི་སྐབས་སུ་ཆོས་ཅན་ཀུན་རྫོབ་པ་ཁས་མི་ལེན་པར་ལེགས་ལྡན་འབྱེད་ཀྱིས་བཞེད་དགོས་པའི་ཤེས་བྱེད་ཟླ་བས་དྲངས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང༌། སྐབས་འདིར་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་ཞལ་གྱིས་མི་བཞེད་དེ། ཇི་སྐད་དུ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱོད་པ་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་དང༌། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ཉིད་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །ཞེས་གསུངས་ཏེ། འདི་དག་གི་དོན་ནི་འོག་ནས་འཆད་དོ། །དེ་ལྟར་བཤད་ཟིན་ནས་ཀུན་རྫོབ་ཀྱི་བདེན་པ་རང་ལུགས་ལ་ཡོད་པ་མ་ཡིན་པའི་རིགས་པ་བཤད་པར་བྱ་སྟེ། མིག་སོགས་ཐ་སྙད་དུ་ཡོད་པར་གསུངས་མོད། དེར་ཡོད་པས་རང་ལུགས་ལ་ཡོད་པའི་གོ་མི་ཆོད་དེ། ཐ་སྙད་ཅེས་བྱ་བ་ནི་མཚན་མར་འཛིན་པའི་རྟོག་པ་དང༌། དེས་ཀུན་ནས་བླངས་པའི་བརྗོད་པ་ལ་བྱ་བ་ཡིན་ལ། དེའི་ངོར་ཡོད་པས་ཡོད་པའི་གོ་ཆོད་ན་གང་ཟག་དང་ཆོས་ཀྱི་བདག་ཀྱང་ཡོད་པ་ཉིད་དུ་ཧ་ཅང་ཐལ་བ་དང༌། ཀུན་རྫོབ་ཏུ་བདེན་པས་བདེན་པའི་གོ་ཆོད་པར་འགྱུར་བ་དང༌། མཐོང་བ་བརྫུན་པ་དང་ཚད་མའི་གཞི་མཐུན་ཡོད་པར་འགྱུར་བ་དང༌། འཇིག་རྟེན་གྱི་གནོད་པས་འཇིགས་ནས་ཁས་ལེན་དགོས་ན་འཇིག་རྟེན་པས་བདེན་པར་ཁས་ལེན་པ་དེ་དག་དབུ་མ་པས་ཀྱང་བདེན་པར་ཁས་ལེན་དགོས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི་ཡང་དག་པའི་ཀུན་རྫོབ་ཏུ་བཤད་པ་དེ་རྣམས་ཀྱིས་མ་ངེས་པར་འགྱུར་རོ། །དེ་ནས་ཟླ་བའི་ཞབས་ཀྱི་ལུང་དང་མཐུན་པའི་རིགས་པ་ལྔ་བརྗོད་པར་བྱ་སྟེ། དེ་ཡང་འདི་ལྟར། གང་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་དེ་ཡིན་ན། དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་འཇིག་རྟེན་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་དེ་ཡིན་ན། དེའི་རང་ལུགས་ལ་ཡོད་པ་མ་ཡིན་དགོས་པ་བཞིན། འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་བླངས་པའི་ཆོས་རྣམས་མཐའ་དག་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་རིགས་པའི་རྣམ་གྲངས་དང་པོའོ། །གཉིས་པ་ནི། དབུ་མ་པ་ལ་གྲགས་པའི་ཀུན་རྫོབ་ཡིན་ན་རང་ལུགས་ལ་བདེན་པ་ཞེས་བྱ་བའི་སྒྲ་མི་སྦྱོར་བས་ཁྱབ། དཔེར་ན་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་དེ་ཡིན་ན། དེའི་ལུགས་ལ་བདེན་པ་ཞེས་བྱ་བའི་སྒྲ་མི་སྦྱོར་བས་ཁྱབ་པ་བཞིན། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ལ་དབུ་མ་པས་ཀུན་རྫོབ་ཙམ་པོ་ཞེས་བྱ་བ་ཡིན་ལ། དེའི་ཕྱིར་བདེན་པ་ཞེས་བྱ་བའི་སྒྲ་རང་ལུགས་ལ་མི་སྦྱོར་རོ། །ཞེས་བྱ་བ་འདི་ནི་རིགས་པ་གཉིས་པའོ། །གསུམ་པ་ནི། འཇིག་རྟེན་དང་འཕགས་པ་གང་རུང་ལ་གྲགས་པའི་ཀུན་རྫོབ་ཡིན་ན། དེ་ལ་དབུ་མ་པས་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་བྱ་བའི་སྒྲ་སྦྱོར་བས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་ངོར་ཟླ་གཉིས་བདེན་པར་འཇོག་པ་བཞིན། མི་ཤེས་གཉིད་ཀྱིས་རབ་སྐྱོད། ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་ལོག་པའི་ཀུན་རྫོབ་ཏུ་གྲགས་པ་དེ་དང༌། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་སྐབས་ནས་བསྟན་པའི་ཡང་དག་ཀུན་རྫོབ་ཏུ་གྲགས་པ་དེ་གཉིས་ལ་སོ་སོར་འཇིག་རྟེན་དང་འཕགས་པའི་ཀུན་རྫོབ་ཅེས་བྱ། དེ་གཉིས་ཀ་ལ་དབུ་མ་པས་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་རིགས་པ་གསུམ་པའོ། །སྐབས་འདི་དག་ཏུ་དབུ་མའི་རང་ལུགས་ཀྱི་ཐ་སྙད་དུ་ཡོད་པ་དང༌། དབུ་མ་པས་འཇིག་རྟེན་ཀྱི་ཐ་སྙད་དུ་ཡོད་པར་འདོད་པ་གཉིས་ལ་ཁྱད་དབྱེ་དགོས་པ་ཡིན་ཏེ། དཔེར་ན་དབུ་མའི་ཐ་སྙད་ལ་གང་ཟག་གི་བདག་མེད་པ་དང༌། དབུ་མ་པས་འཇིག་རྟེན་གྱི་ཐ་སྙད་ལ་གང་ཟག་གི་བདག་ཡོད་པར་བཤད་པ་བཞིན་ནོ། །འདིར་བོད་ཀྱི་སློབ་དཔོན་རྣམས་ཀྱིས་འཇིག་རྟེན་པས་ལོག་པའི་ཀུན་རྫོབ་ལ་བདེན་པའི་སྒྲ་མི་སྦྱོར་བ་དང༌། དབུ་མ་པས་དེ་ལ་དེའི་སྒྲ་སྦྱོར་བའི་ཁྱད་པར་མ་ཕྱེད་པས་ནོངས་སོ། །རིགས་པ་བཞི་པ་ནི། གང་དབུ་མའི་རང་ལུགས་ལ་ཡོད་པ་ཡིན་ན། རང་ལུགས་ལ་བདེན་པ་དང་མི་སླུ་བ་ཡིན་པས་ཁྱབ། དཔེར་ན་མྱ་ངན་ལས་འདས་པ་བཞིན། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་སྐབས་སུ་དོན་དམ་པའི་བདེན་པ་ཡོད་པའི་ཐ་སྙད་བཏགས་སོ། །དེའི་ཚེ་ཀུན་རྫོབ་ནི་ཡོད་པ་མ་ཡིན་ཏེ། བརྫུན་པའི་ཕྱིར་ཞེས་བྱ་བ་ནི་རིགས་པ་བཞི་པའོ། །ལྔ་པ་ནི། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཡིན་ན་ཐ་སྙད་དུ་ཡང་ཡོད་པས་མ་ཁྱབ་སྟེ། དཔེར་ན་མུ་སྟེགས་ཀྱི་བརྟགས་པའི་གང་ཟག་གི་བདག་བཞིན་ནོ་ཞེས་བྱ་བ་ནི་རིགས་པ་ལྔ་པའོ། །རིགས་པ་དེས་ནི་ཀུན་རྫོབ་བདེན་པ་ཡིན་ན་དབུ་མའི་ལུགས་ལ་ཡོད་པས་ཁྱབ་པ་ལྟ་ཅི་སྨོས། འཇིག་རྟེན་གྱི་ལུགས་ལ་ཡང་ཡོད་པས་མ་ཁྱབ་པར་བསྟན་ལ། སླར་ཡང་དག་ཀུན་རྫོབ་རང་ལུགས་ལ་ཡོད་པ་མ་ཡིན་པའི་ཤེས་བྱེད་ལྔ་པ་ནི། གང་འཇིག་རྟེན་པས་རང་བཞིན་དུ་ཁས་བླངས་པ་དེ་ཡིན་ན་དབུ་མའི་རང་ལུགས་ལ་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་བཞིན། ཚ་བ་མེའི་རང་བཞིན་ཡིན་པ་དེ་འཇིག་རྟེན་པས་ཁས་བླངས་ཀྱང༌། དབུ་མ་པས་དེ་ཉིད་འབད་ནས་འགོག་པ་ཡིན་ནོ། །ཞེས་བྱ་བ་དེ་ཡང་རིགས་པ་ལྔ་པའོ། །འདི་ལ་གཞན་དག་གིས་བསམས་པ་ནི། ཚ་བ་མེའི་རང་བཞིན་ཡིན་པ་དེ་འཇིག་རྟེན་པ་དང་དབུ་མ་པ་གཉིས་ཀས་ཁས་ལེན་དགོས་པ་ཡིན་ཏེ། དེ་དེའི་ཀུན་རྫོབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ཞེས་འཆད་པ་དེ་དག་གིས་ནི་རང་བཞིན་བརྟག་པའི་གཞུང་འཆད་མ་ཤེས་པ་ཡིན་ནོ། །འོ་ན་ཇི་ལྟར་འཆད་ཅེ་ན་འཇིག་རྟེན་པས་ནི་ཚ་བ་མེའི་རང་བཞིན་དང༌། ཆུའི་རང་བཞིན་མ་ཡིན་པར་ཁས་བླངས་སོ། །དེ་ལྟར་ཁས་ལེན་པའི་རྒྱུ་མཚན་ཡང༌། ཚ་བ་ནི་མེ་ལ་གསར་དུ་བཅོས་པ་མ་ཡིན་ལ། ཆུ་ལ་གསར་དུ་བཅོས་པའི་རྒྱུ་མཚན་གྱིས་སོ། །དེ་བཞིན་དུ་དངོས་པོར་སྨྲ་བས་ཀྱང་དེ་དེའི་རང་བཞིན་ཡིན་པའི་འཐད་པ་བཀོད་ནས་དེར་ཁས་ལེན་པ་ལ་དབུ་མ་པས་ཚ་བ་ཆོས་ཅན། མེའི་རང་བཞིན་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། ཞེས་པའི་རིགས་པས་བཀག་ནས་དེའི་རང་བཞིན་མེད་པ་ཉིད་དེའི་རང་བཞིན་མ་ཡིན་ནོ། །ཞེས་འདིར་འཆད་ལ་མཐར་ནི་དེ་ཡང་དེའི་རང་བཞིན་ཡིན་པ་འགོག་པ་ཡིན་ཏེ། དཔེར་ན་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་སྔར་བཤད་ནས་དེའི་རྗེས་སུ་རང་བཞིན་སྟོང་པ་ཉིད་གསུངས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་འགྲེལ་པ་ཚིག་གསལ་ལས། གལ་ཏེ་སྒྲོ་བཏགས་པ་ལས་དེ་ཡོད་ཅེས་བརྗོད་ན། དེ་ཇི་འདྲ་བ་ཞིག་ཡིན་ཞེ་ན། དེ་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཉིད་ཡིན་ནོ། །དེ་ནས་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོའོ། །དེ་ཡང་གང་ཞེ་ན་རང་བཞིན་ནོ། །དེ་ཡང་གང་ཞེ་ན་སྟོང་པ་ཉིད་དོ། །དེ་ཡང་གང་ཞེ་ན་རང་བཞིན་མེད་པའོ། །དེ་ཡང་གང་ཞེ་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་ཀྱང་གང་ཞེ་ན། འགྱུར་བ་མེད་པ་དང་བཅོས་མ་མ་ཡིན་པའི་ཕྱིར་དང༌། གཞན་ལ་ལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པ་རྣམས་ཀྱི་རང་བཞིན་དུ་བརྗོད་དོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན་གཞན་དག་གི་བསམ་པ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མེ་ལ་སོགས་པའི་དོན་དམ་པའི་རང་བཞིན་བཀག་པ་ཡིན་གྱི། ཀུན་རྫོབ་ཀྱི་རང་བཞིན་ནི་བཀག་པ་མ་ཡིན་ནོ། །སྙམ་དུ་རྟོག་པར་བྱེད་པ་དེ་ཡང་བསལ་བ་ཡིན་ཏེ། དེ་ལས་བཟློག་སྟེ་ཁས་ལེན་དགོས་པའི་ཕྱིར། དེ་ཡང་འདི་ལྟར། མེ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། ཞེས་པ་ནི། དབུ་མའི་རིགས་པ་ཡིན་ལ། དེའི་དུས་ཀྱི་དགག་བྱར་གྱུར་པའི་རང་བཞིན་དེ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་མེ་ཡི་རང་བཞིན་དུ་བཟུང་ཞིང་སྒྲོ་འདོགས་པའི་ཞེན་སྟངས་ཀྱི་གཟུང་བྱ་དེ་ཉིད་ལ་བྱ་ལ། དེ་ཉིད་ལ་མེའི་ཀུན་རྫོབ་ཀྱི་རང་བཞིན་ཞེས་བྱ་བ་ཡིན་ཏེ་བློ་ཀུན་རྫོབ་པས་དེའི་རང་བཞིན་དུ་བཟུང་བའི་ཕྱིར། མདོར་ན་བློ་ཀུན་རྫོབ་པས་ཆོས་གང་དང་གང་གི་རང་བཞིན་དུ་བཟུང་བ་དེ་དང་དེའི་རང་བཞིན་དུ་ཡོད་པ་མ་ཡིན་པར་དབུ་མའི་རིགས་པས་བསྒྲུབས་ནས་འོ་ན་དེའི་རང་བཞིན་ཅི་ཞེ་ན། དེའི་ཀུན་རྫོབ་ཀྱི་རང་བཞིན་མེད་པ་ཉིད་དེའི་རང་བཞིན་ཡིན་ནོ། །ཞེས་བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ན་དེ་ལྟར་ཁས་ལེན་དགོས་པ་ཡིན་ནོ། །དེ་བཞིན་དུ་བདེན་པར་མེད་དེ། ཞེས་དང༌། ངོ་བོ་ཉིད་མེད་དེ་ཞེས་བསྒྲུབ་བྱའི་ཆོས་སུ་བྱེད་པ་དེའི་ཚེ་ཡང༌། ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཀྱི་ངོ་བོ་ཉིད་འགོག་པ་ཡིན་ཏེ། དེ་ལས་གཞན་དུ་སྔར་ཀུན་རྫོབ་ཀྱི་རང་བཞིན་མ་བཀག་པར་དོན་དམ་པའི་བདེན་པ་དང༌། དོན་དམ་པའི་ངོ་བོ་ཉིད་བཀག་ན་འགོག་མི་ནུས་པ་དང་རང་སྒྲུབ་བྱེད་ཀྱི་རིགས་པས་རང་འགོག་ན་ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །དོན་དམ་པར་མེད་དེ་ཞེས་པ་ཡང་འཇིག་རྟེན་ལུགས་ཀྱི་དོན་དམ་ལ་བྱ་བ་ཡིན་གྱི། དབུ་མའི་ལུགས་ཀྱི་དོན་དམ་ལ་བྱ་བ་མ་ཡིན་ཏེ། དངོས་པོར་སྨྲ་བ་ལ་སོགས་པ་གཞན་གྱི་བུམ་པ་ལ་སོགས་པའི་ཀུན་རྫོབ་ཀྱི་དངོས་པོ་རྣམས། དབུ་མ་པས་འདོད་པའི་དོན་དམ་དེའི་ངོར་ཡོད་པར་ཁས་མ་བླངས་པའི་ཕྱིར་དང༌། ལྷན་ཅིག་སྐྱེས་པའི་བློ་འཁྲུལ་པ་འདི་ཉིད་དོན་དམ་པའི་ཡུལ་ཅན་དུ་བཟུང་ནས་དེའི་ངོར་ཡོད་པར་ཁས་བླངས་པ་དེ་འགོག་པའི་དབང་དུ་བྱས་ནས་དོན་དམ་པར་མེད་དེ། དེར་ཡོད་ན་གནས་ཚུལ་ལ་སེམས་པའི་རིགས་པའི་ངོར་ཡོད་དགོས་པ་ལས་དེར་མེད་པའི་ཕྱིར། ཞེས་རྣམ་པར་བཤད་ནས། འོ་ན་དོན་དམ་པར་ཡོད་པ་གང་ཞིག་ཡིན་ཞེས་འདྲི་ན། འཇིག་རྟེན་གྱིས་ཁས་བླངས་པའི་དོན་དམ་དུ་མེད་པ་དེ་ཉིད་དོན་དམ་དུ་ཡོད་པ་ཡིན་ནོ་ཞེས་རྗེས་ཀྱི་ཤེས་པས་སྒྲོ་བཏགས་ནས་བརྗོད་པ་འདི་ཡང༌། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པའི་ཚེ་ནའོ། །མདོར་ན་བོད་ཕྱི་མ་དག བུམ་སོགས་བདེན་པར་མེད་པ་དང༌། དོན་དམ་པར་མེད་པ་དང༌། རང་བཞིན་གྱིས་མེད་པ་དང༌། ངོ་བོ་ཉིད་ཀྱིས་མེད་པ་སོགས་ནི་ཁས་ལེན་པར་བྱེད་ཅིང་དེ་ལ་ཅིར་ཡང་མི་སེམས་ལ། ཀུན་རྫོབ་ཀྱི་བདེན་པ་རང་ལུགས་ལ་ཁས་མ་བླངས་ན་ཉེས་པ་ཆེན་པོ་མང་པོ་ཡོད་པ་ལྟར་འཛིན་པ་ནི་ཚིག་ཐ་དད་འདོན་པ་ཙམ་དུ་ཟད་ཀྱི་དོན་ལ་རྣམ་པར་མ་བརྟགས་པ་ཡིན་ཏེ། དབུ་མའི་རང་ལུགས་ལ་ཡོད་ན་དེའི་ཚད་མས་དམིགས་དགོས། དེས་དམིགས་ན་མངོན་སུམ་མམ་རྗེས་དཔག་གང་རུང་གིས་དམིགས་པ་ལས་མི་འདའ་བས་བུམ་སོགས་ཀུན་རྫོབ་ཀྱི་བདེན་པ་རྣམས་རིག་ཤེས་རྗེས་དཔག་གམ། དེས་དྲངས་པའི་རྣལ་འབྱོར་མངོན་སུམ་གྱིས་དམིགས་པ་གང་རུང་དུ་འགྱུར་ལ། དེ་ལྟར་ན་དབུ་མ་པས་ཁས་བླངས་པའི་རང་བཞིན་དང་བདེན་པ་དང༌། དོན་དམ་པར་ཡོད་པ་རྣམས་སུ་འགྱུར་ལ། དེ་ལྟ་ན་དོན་དམ་པའི་བདེན་པར་ཐལ་བ་ཡིན་ནོ། །དེའི་ཕྱིར་དབུ་མའི་རང་ལུགས་འཇོག་པའི་སྐབས་འདིར་ཀུན་རྫོབ་ཀྱི་བདེན་པ་ཁས་མི་ལེན་པ་དང༌། འཇིག་རྟེན་པས་དོན་དམ་དུ་ཁས་ལེན་པའི་ཀུན་རྫོབ་དེ་ཉིད་དོན་དམ་པའི་བདེན་པ་མ་ཡིན་པ་གཉིས་དོན་གཅིག་ལ་འདུ་བ་ཡིན་ན། དེ་ལྟར་ཟླ་བའི་ཞབས་ཀྱི་ལུང་ལ་བརྟེན་པའི་རིགས་པས་ཀུན་རྫོབ་ཀྱི་བདེན་པ་ཚད་མས་མི་འགྲུབ་པའི་ཚུལ་བཤད་ཟིན་ནས། ཞི་འཚོ་ཡབ་སྲས་ཀྱི་བཞེད་པ་ཡང་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་འཇོག་པ་དེའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ཞལ་གྱིས་མ་བཞེས་པ་ཡིན་ཏེ། དེ་དག་གི་བཞེད་པ་ལ་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ལ་ཞུགས་པའི་རིམ་པས་ངེས་དོན་གྱི་རྒྱ་མཚོ་ཆེན་པོར་འཇུག་པ་ཡིན་ལ། དེའི་ཚེ་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་ལ་སླེབ་པ་ན། ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་ཁེགས་ཤིང༌། རྣམ་བརྫུན་པའི་གྲུབ་པའི་མཐར་ཞུགས་པ་ན་དོན་སྣང་གི་ཤེས་པ་ཡང་ཁེགས་ལ། དེ་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའ་ལ་ཞུགས་པ་ན། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་རང་ལུགས་ཀྱི་ཚད་མས་གྲུབ་པ་ཁེགས་པའི་ཕྱིར། དེ་ནས་དེ་དག་ལ་རྩོད་པ་སྤང་བ་ནི། འོ་ན་སྐབས་འདིར་ཀུན་རྫོབ་ཀྱི་བདེན་པ་ཁས་མི་ལེན་ན། དོན་དམ་པའི་བདེན་པ་ཡང་ཁས་མི་ལེན་པར་འགྱུར་ཏེ། ཁྱེད་ཀྱིས་ནི་དེ་ཡང་ཀུན་རྫོབ་ཀྱི་བདེན་པར་འདོད་པའི་ཕྱིར་སྙམ་པའི་དོགས་པ་འདི་ངེས་པར་སྐྱེའོ། །དེའི་ལན་ནི་སྐབས་འདིར་དེ་དེར་ཁས་མི་ལེན་ཏེ། འདི་ནི་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་སྐབས་ཡིན་པའི་ཕྱིར། དེའི་འོག་ཏུ་བདེན་མེད་ཀྱི་སྤྲོས་པ་གཅོད་པ་དེའི་ཚེ་ནི། དེ་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་ཞིང༌། དེ་ཡོད་པར་ཁས་མི་ལེན་པའི་ཚུལ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །ཡང་རྩོད་པ་གཉིས་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས་དེ་ལྟར་ཡིན་དུ་ཆུག་མོད། རང་རྒྱུད་པས་ཀུན་རྫོབ་ཀྱི་དངོས་པོར་རང་ལུགས་ལ་ཁས་མི་ལེན་ན། ཆོས་ཅན་མཐུན་སྣང་གི་ཚད་མས་གྲུབ་པ་ཁས་ལེན་པ་དང་འགལ་ལོ་སྙམ་པའི་དོགས་པ་འདི་ཡང་སྐྱེའོ། །དེའི་ལན་ནི་སྔར་བཤད་ཟིན་པ་ལྟར་རྟགས་དཔེ་དང་ཆོས་ཅན་མཐུན་སྣང་གི་ཚད་མ་ནི། འཇིག་རྟེན་ཉིད་དང་དངོས་པོར་སྨྲ་བ་ལ་སོགས་པ་ཐུན་མོང་དུ་གྲགས་པའི་ཚད་མ་ཉིད་ཡིན་གྱི། དབུ་མ་པའི་ཐུན་མོང་མ་ཡིན་པའི་ཚད་མ་ནི་མ་ཡིན་ཏེ། རང་གི་ཐུན་མོང་མ་ཡིན་པའི་ཚད་མ་ནི་རྒོལ་བ་གཞན་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེའི་ཚེ་གཞན་དང་ཐུན་མོང་པའི་ཚད་མ་དེ་ཡང༌། རྟགས་དཔེ་གཞི་གསུམ་དང་ཁྱབ་འབྲེལ་ལ་སོགས་པ་ཀུན་རྫོབ་ལ་ལྟོས་པའི་ཚད་མ་ཡིན་པས་སྐབས་དེར་ཚད་མའི་གོ་ཆོད་ལ། རང་ལུགས་ཀྱི་ཚད་མ་མ་ཡིན་ཏེ། དོན་དམ་པའི་བདེན་པ་མི་འཇལ་བའི་ཕྱིར། དེ་ལྟ་ན་ཡང་དེ་ཙམ་གྱིས་རང་རྒྱུད་ཀྱི་གོ་ཆོད་པར་སློབ་དཔོན་ལེགས་ལྡན་འབྱེད་འདོད་ལ། ཚུལ་གསུམ་རང་ལུགས་ཀྱི་ཚད་མས་མ་གྲུབ་ན། རང་རྒྱུད་ཀྱི་གོ་མི་ཆོད་པར་ཟླ་བས་བཞེད་པ་ནི་ཐལ་རང་གི་ཁྱད་པར་གཅིག་ཡིན་ནོ། །གཉིས་པ་དོན་དམ་པའི་བདེན་པ་ཁས་ལེན་པའི་ཚུལ་ལ། མཚན་གཞི་ངོས་བཟུང་བ། དེ་ལ་ཐ་སྙད་འདོགས་པའི་ཚེ་དོན་དམ་པའི་བདེན་པ་ཁས་ལེན་པའི་འཐད་པའོ། །དང་པོ་ནི་སྐབས་འདིར། དགག་བྱ་བདེན་གྲུབ་བཀག་ཙམ་གྱི་མེད་པར་དགག་པ་དེ་ཉིད་དོ། །དེའི་ཁྱད་པར་ཡང་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་ལ་བརྟེན་པའི་ཤེས་པས་སོ། །འདི་ལ་ནི་མཚན་མའི་སྤྲོས་པ་གཞན་དང་གཞན་རྣམ་པར་བཅད་པ་ཡང་སྲིད་མོད། དེ་ལྟར་བཅད་པ་དེ་མེད་དུ་མི་རུང་བའི་ཡན་ལག་མ་ཡིན་ཏེ། བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བ་གང་ཡིན་པ་དེའི་དངོས་ཀྱི་འགལ་ཟླ་རྣམ་པར་བཅད་ཙམ་དེ་ཉིད་འདིར་གཙོ་བོ་ཡིན་པའི་ཕྱིར། འདི་ཡང་ཐེག་དམན་དང་ཐུན་མོང་བའི་དོན་དམ་པའི་བདེན་པ་ཡིན་ཏེ། འདི་ཙམ་ཞིག་ནི་ཉན་ཐོས་ཀྱི་མཐོང་ལམ་དུ་ཡང་མངོན་སུམ་དུ་མཐོང་བས་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་ལ། བདེན་མེད་དུ་ཞེན་པའི་མཚན་འཛིན་དང་བཅས་ཤིང་སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་པས་མཐོང་སྤངས་ཤེས་སྒྲིབ་སྤོང་མ་ནུས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་སྤྱིར་བདེན་པ་ཞེས་བྱ་སྟེ། མི་བསླུ་བ་ཡིན་པའི་ཕྱིར། རང་བཞིན་ཞེས་ཀྱང་བྱ་སྟེ། བུམ་པ་བདེན་སྟོང་དེ་བུམ་པའི་རང་བཞིན་དུ་འཕགས་པས་གཟིགས་པའི་ཕྱིར་རོ། །དེའི་ཕྱིར་ངོ་བོ་ཉིད་ཅེས་ཀྱང་བྱའོ། །དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ། དོན་དམ་པ་མཚན་ཉིད་པ་ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་དང༌། རྗེས་མཐུན་པ་རིགས་ཤེས་རྗེས་དཔག་གཉིས་ལས་དང་པོའི་ངོར་མི་བདེན་ཡང་གཉིས་པའི་ངོར་བདེན་པའི་ཕྱིར། དེ་ཡང་འདི་ལྟར། བདེན་པ་ཞེས་བྱ་བའི་སྒྲ་ནི་མི་བསླུ་བ་ལ་འཇུག་ལ། དེའི་མཚན་གཞི་ནི་གཉིས་ཁོ་ན་སྟེ། ཀུན་རྫོབ་ཏུ་བདེན་པ་དང༌། དོན་དམ་དུ་བདེན་པའོ། །དང་པོ་ནི། བདེན་འཛིན་གྱི་ངོར་བདེན་པ་ཡིན་ལ། གཉིས་པ་ནི། རིགས་ཤེས་ཀྱི་ངོར་བདེན་པའོ། །དང་པོ་ནི་དེའི་ངོར་བདེན་པར་གྲུབ་པ་ལ་བྱ་ལ། གཉིས་པ་ནི་དེའི་ངོར་བདེན་པར་མ་གྲུབ་པ་ལ་རྗེས་ཀྱི་ཤེས་པས་བདེན་པར་བཟུང་བ་ལ་བྱའོ། །དེ་ཡང་བདེན་པར་གྲུབ་པ་ཉིད་ལ་བདེན་པའི་སྒྲ་སྦྱོར་བ་ནི་འཇིག་རྟེན་གྱི་ལུགས་ཡིན་ལ། བདེན་མེད་ལ་བདེན་པའི་སྒྲ་སྦྱོར་བ་ནི་འཕགས་པའི་ལུགས་སོ། །འོ་ན་བདེན་པ་དེ་གཉིས་ལས་གང་ཞིག་ཁས་ལེན་ཞེ་ན། དབུ་མའི་རིགས་པས་ཅུང་ཟད་ཀྱང་མི་དཔྱོད་པ་དེའི་ཚེ་ནི། དང་པོའི་དབང་དུ་བྱས་ནས་བདེན་པར་འཇོག་ལ། དེས་རྣམ་པར་དཔྱོད་པའི་ཚེ་ན་ཕྱི་མ་ཉིད་དབང་བཙན་པ་ཡིན་ཏེ། ཀུན་རྫོབ་ཀྱི་རང་བཞིན་བཀག་ནས་དོན་དམ་པའི་རང་བཞིན་ཁྱད་པར་གསུམ་ལྡན་རང་བཞིན་དུ་ཁས་ལེན་པར་བཤད་པའི་ཕྱིར་དང༌། སྔ་མ་ཀུན་རྫོབ་ཀྱི་རང་བཞིན། དེས་དབུ་མའི་དཔྱད་པ་མ་བཟོད་པས་ཞི་གནས་རང་གི་ཡུལ་ཅན་གྱི་བློ་དེ་བསླུས་པའི་ཕྱིར་རོ། །འོ་ན་བདེན་མེད་དེས་ཀྱང་སླུ་བར་འགྱུར་ཏེ། དེས་ཀྱང་རིགས་པ་ཕྱི་མའི་དཔྱད་པ་མི་བཟོད་པའི་ཕྱིར་སྙམ་ན། དེས་དེ་ལ་དཔྱད་པའི་ཚེ་མི་བདེན་པ་དང་བསླུ་བ་ཡིན་ཡང་དེས་དེ་ལ་མི་དཔྱོད་པ་དེ་སྲིད་དུ། མི་སླུ་བ་དང་བདེན་པ་ཡིན་ཏེ། དཔེར་ན་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་དེ་ལ་ཇི་སྲིད་དབུ་མའི་རིགས་པས་མི་དཔྱོད་པ་དེ་སྲིད་དུ་བདེན་པར་འཇོག་པ་བཞིན་ནོ། །འོ་ན་གལ་ཏེ་བདེན་མེད་ཆོས་ཅན། བདེན་གྲུབ་ཏུ་ཐལ། བདེན་པ་ཡིན་པའི་ཕྱིར་སྙམ་ན། དེའི་ལན་ལ་གཉིས་ཏེ། གཞན་དང་མཐུན་པའི་ལན་གདབ་པ་དང༌། རང་གི་ཐུན་མོང་མ་ཡིན་པའི་ལན་གདབ་པའོ། །དང་པོ་ནི། འདི་སོ་སོར་རྣམ་པར་འབྱེད་དགོས་ཏེ། འཇིག་རྟེན་གྱི་ལྷན་སྐྱེས་ཀྱི་བདེན་གྲུབ་འཇོག་ལུགས་དང༌། དབུ་མའི་བདེན་གྲུབ་འཇོག་ལུགས་སོ་སོར་ཕྱེད་དགོས་པས་སོ། །དེ་ཡང་ཇི་ལྟར་ཞེ་ན། འཇིག་རྟེན་ན་ནི་བདེན་པ་དང་བདེན་པར་གྲུབ་པ་ལ། ཁྱད་པར་མེད་ཅིང་གང་བརྫུན་པ་ཐམས་ཅད་ཀུན་རྫོབ་དང༌། བདེན་པ་ཐམས་ཅད་དོན་དམ་པར་འཇོག་ལ། གང་དོན་དམ་པའི་བདེན་པ་ཡིན་པ་དེ་བདེན་གྲུབ་ཏུ་འཇོག་པ་ནི། འཇིག་རྟེན་ནས་རྣལ་འབྱོར་སྤྱོད་པའི་བར་ཐམས་ཅད་མཐུན་ནོ། །དབུ་མ་པས་ནི་རིགས་པས་དཔྱད་བཟོད་ན་བདེན་གྲུབ་དང༌། མི་བཟོད་ན་བདེན་མེད་དུ་འཇོག་པ་ཡིན་ལ། དེའི་ཚེ་བདེན་པར་གྲུབ་ན་བདེན་པས་ཁྱབ་ཀྱང༌། ཅིག་ཤོས་ལ་མ་ཁྱབ་སྟེ། དེ་ཡིན་ན་རིགས་པའི་དཔྱད་པ་བཟོད་པས་མ་ཁྱབ་པའི་ཕྱིར། འོ་ན་བདེན་པ་ཡང་མ་ཡིན་པར་ཐལ། རིགས་པས་དཔྱད་མི་བཟོད་པའི་ཕྱིར་སྙམ་ན། དེ་ལ་རིགས་པས་དཔྱོད་པའི་ངོར་ནི་མི་བདེན་པ་ཡང་འདོད་ལ། ཀུན་རྫོབ་ཀྱི་བདེན་གྲུབ་བཀག་ཟིན་ཅིང༌། དེ་བཀག་པའི་བདེན་མེད་ལ་མི་དཔྱོད་པ་དེ་སྲིད་དུ་ནི་བདེན་པར་ཁས་ལེན་ནོ། །འོ་ན་དེ་བདེན་གྲུབ་ཏུ་ཡང་ཁས་ལེན་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཁྱབ་བྱེད་བདེན་གྲུབ་བཀག་ཟིན་པའི་ཕྱིར་རོ། །འོ་ན་སྔ་མ་ཡང་དེར་ཐལ། ཁྱབ་བྱེད་བདེན་པ་ཁེགས་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་བཀག་ནས་དོན་དམ་གྱི་བདེན་པ་འབད་ནས་བསྒྲུབས་པའི་ཕྱིར། འོ་ན་སྔ་མ་ཡང་གཏན་ཚིགས་མ་གྲུབ་སྟེ། ཅིག་ཤོས་བཀག་ནས་དོན་དམ་པའི་བདེན་པ་འབད་པས་བསྒྲུབས་པའི་ཕྱིར་ཞེ་ན། དོན་དམ་པའི་བདེན་པ་འབད་ནས་སྒྲུབ་མི་ནུས་པར་ཐལ། ཁྱབ་བྱེད་བདེན་པ་ཁེགས་པའི་ཕྱིར། ཞེས་བརྗོད་ན་ཁྱོད་ལ་འཁོར་གསུམ་དངོས་འགལ་དུ་འགྱུར་ལ་ཁྱེད་ཀྱིས་ཁོ་བོ་ཅག་ལ། དོན་དམ་པའི་བདེན་པ་མི་འགྲུབ་པར་ཐལ། ཁྱབ་བྱེད་བདེན་གྲུབ་ཁེགས་པའི་ཕྱིར། ཞེས་འཕངས་ན་ནི། རྩ་བའི་རྩོད་གཞི་ཉིད་དུ་སླེབ་པས་ཁྱབ་པ་མ་ངེས་པ་ཡིན་ནོ། །ཞེས་དེ་ལྟར་བཤད་ན། གངས་ཅན་པ་ཕྱི་མ་དག་དང་མཐུན་པར་འགྱུར་རོ། །གཉིས་པ་ནི། ཁོ་བོ་ཅག་དོན་དམ་བདེན་པའི་མཚན་གཞིར་གང་བཟུང་བ་དེ་དག་མཐར་དོན་དམ་པའི་བདེན་པ་ཡིན་པ་འགོག་པའི་ཕྱོགས་འདི་ལ་ནི། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་སྐབས་འདིར། དེ་དང་དེ་བདེན་པ་དང་དེར་གྲུབ་པ་དང་རང་བཞིན་དང་དེར་གྲུབ་པ་དང༌། དོན་དམ་པ་དང་དེར་གྲུབ་པ་གང་དུ་ཁས་བླངས་ཀྱང་ཆོག་པ་ཡིན་ཏེ། བུམ་པ་བདེན་མེད་ལྟ་བུ་དེ་བུམ་པ་དཔྱད་གཞིར་བཟུང་ནས་དཔྱད་པའི་འབྲས་བུ་ཡིན་ཡང་ཁོ་རང་ཉིད་དཔྱད་གཞིར་བཟུང་ནས་མི་དཔྱོད་པ་དེ་སྲིད་དུ་དེ་ཡུལ་དུ་བྱེད་པའི་རྗེས་ཀྱི་ཤེས་བརྗོད་ཀྱི་ངོར། རིགས་པས་དཔྱད་བཟོད་ལྟ་བུར་སྣང་བའི་ཕྱིར། འོ་ན་རིགས་པ་ཐུག་མེད་དུ་ཐལ་བ་དང༌། དཔྱད་མི་བཟོད་པའི་ཆོས་མི་སྲིད་པར་འགྱུར་རོ་ཞེ་ན། ཇི་སྲིད་སྤྲོད་པ་མཐའ་དག་དང་བྲལ་བའི་སྤྲོས་བྲལ་སྒྲུབ་མ་ནུས་པ་དེ་སྲིད་དུ་ནི་རིགས་པ་ཐུག་མེད་ཡིན་པར་འདོད་ལ། དེ་གྲུབ་ཟིན་པའི་འོག་རོལ་དུ་ནི་རིགས་པ་ཐུག་མེད་མ་ཡིན་ཏེ། དེའི་ཚེ་ནི་བརྗོད་དུ་མེད་པས་ཅི་ཡང་མི་སྨྲ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ན། བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་སྐབས་འདིར། བདེན་པ་དང་རང་བཞིན་དང་དེ་ཁོ་ན་ཉིད་དང་དོན་དམ་པ་རྣམས་ཡོད་དོ་ཞེས་ཁས་ལེན་པ་འདི་ནི། རང་རྒྱུད་པ་རྣམས་སུ་མ་ཟད་སློབ་དཔོན་ཟླ་བའི་ཞབས་ཀྱི་བཞེད་པ་ཡང་དྲི་མ་མེད་པ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། གང་ཕྱིར་དེའི་རང་བཞིན་དེ་ཡིན་ཕྱིར། །ཞེས་པའི་འགྲེལ་པར་ཅི་སློབ་དཔོན་གྱིས་བསྟན་བཅོས་ལས་ཁྱད་པར་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་རྒྱས་པར་གསུངས་པས། ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཞེས་པ་ནས་གལ་ཏེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཞེས་གསུངས་ཤིང་དེའི་ཤེས་བྱེད་དུ་མདོ་དྲངས་པ་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པར་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ཞིང༌། དེ་བཞིན་གཤེགས་པ་རྣམས་འབྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དོན་དམ་པ་ལ་མཁས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ལ་རྩོད་པ་སྤང་བ་དང༌། དེས་གྲུབ་པའི་དོན་ཏེ་རྣམ་པ་གཉིས་བཤད་པར་བྱ་བ་ལས་དང་པོ་ནི། འོ་ན་སྐབས་འདིར་བདེན་མེད་ལ་སོགས་པ་ཡོད་པར་ཁས་ལེན་ན། ཟླ་བའི་ཞབས་ཀྱིས། དབུ་མའི་གཏན་ཚིགས་དག་གིས་བདེན་ཡོད་འགོག་པ་ཡིན་གྱི་བདེན་མེད་མི་སྒྲུབ་བོ་ཞེས་ཡང་དང་ཡང་དུ་བཤད་ནས་དེ་ཉིད་ཟླ་བའི་ཞབས་ཀྱིས་རང་རྒྱུད་མི་བཞེད་པའི་ཤེས་བྱེད་ཀྱི་རྩ་བར་བཤད་པ་དང་འདི་འགལ་ལོ་སྙམ་ན། དེའི་ལན་ནི་འདི་ཡིན་ཏེ། གཏན་ཚིགས་ཀྱིས་སྤྲོས་པ་གཅོད་པ་དེའི་ཚེ་དེ་ལྟར་ཡིན་ཡང༌། རྗེས་ཀྱི་ཤེས་བརྗོད་ཀྱིས་ཐ་སྙད་འདོགས་པ་དེའི་ཚེ་རིམ་པ་གཉིས་འབྱུང་སྟེ། དབང་པོ་རྣོན་པོ་ལ་སྤྲོས་མེད་ཀྱི་ཤེས་པ་རང་ཤུགས་ཀྱིས་འཆར་བ་དང༌། དབང་པོ་རྟུལ་པོ་ལ་དོན་དམ་པའི་བདེན་པ་ངེས་པའི་ངེས་ཤེས་ཙམ་ཞིག་སྐྱེ་ཡང༌། སྤྲོས་པ་མཐའ་དག་དང་བྲལ་བའི་ངེས་ཤེས་འདྲེན་མ་ནུས་པས། སྤྲོས་བྲལ་རྟགས་ཀྱིས་སྒྲུབ་དགོས་པ་གཉིས་ལས། འདི་ཕྱི་མའི་དབང་དུ་བྱས་པའོ། །གཉིས་པ་གྲུབ་དོན་ནི། དང་པོར་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པའི་ཚེ། འཇིག་རྟེན་ན་གྲགས་པའི་དོན་དམ་པའི་བདེན་པ་རྣམས་འཇིག་རྟེན་གྱིས་ཇི་ལྟར་ཁས་ལེན་པ་བཞིན་དུ་ཁས་བླངས་པས་ཀུན་རྫོབ་ཀྱི་དངོས་པོ་རྣམས། བདེན་གྲུབ་ཡིན་པའི་ཐ་སྙད་ཁས་བླངས་སམ་མ་བླངས་ཀྱང་རུང་སྟེ། བདེན་གྲུབ་ཀྱི་དོན་ཁས་བླངས། དེའི་འོག་ཏུ་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པས་བདེན་གྲུབ་བཀག་ནས་བདེན་མེད་ཁས་བླངས་པ་དེའི་ཚེ། སྔར་ཁས་བླངས་པའི་ཆོས་ཅན་ཀུན་རྫོབ་པའི་སྟེང་དུ། བདེན་གྲུབ་ཁེགས་ཀྱང་ཆོས་ཉིད་དོན་དམ་པའི་སྟེང་དུ་བདེན་གྲུབ་ཀྱི་ཐ་སྙད་ཁས་བླངས་སམ་མ་བླངས་ཀྱང་རུང་སྟེ། དེའི་སྟེང་དུ་བདེན་པར་གྲུབ་པའི་དོན་ཁས་བླངས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། དང་པོ་དབུ་མའི་ལྟ་བ་མ་སྐྱེས་པའི་ཚེ། འཇིག་རྟེན་ལ་གྲགས་པའི་དངོས་པོ་རྣམས་ཀྱི་སྟེང་དུ་བདེན་ཡོད་མ་བཀག་ཅིང་བདེན་པར་ཁས་བླངས་པ་དེའི་འོག་ཏུ་རིག་ཤེས་རྗེས་དཔག་སྐྱེས་པ་དེའི་ཚེ་འཕགས་པ་ལ་གྲགས་པའི་ཆོས་ཉིད་དོན་དམ་པ་དེའི་སྟེང་དུ་བདེན་ཡོད་མ་བཀག་ཅིང༌། དོན་དམ་པའི་བདེན་པ་བསྒྲུབས་པའི་ཕྱིར་རོ། །འོ་ན་འདིར་ཁྱབ་བྱེད་བདེན་གྲུབ་བཀག་ཟིན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཆོས་ཅན་ཀུན་རྫོབ་པའི་སྟེང་དུ་ཀུན་རྫོབ་ཀྱི་བདེན་གྲུབ་བཀག་ཀྱང༌། ཆོས་ཅན་དོན་དམ་པའི་སྟེང་དུ་དོན་དམ་པའི་བདེན་གྲུབ་མ་བཀག་པའི་ཕྱིར། དཔེར་ན་ནང་སྟོང་པ་ཉིད་སྟོན་པའི་རིགས་པས་མིག་ཉིད་མིག་གི་རང་བཞིན་ཡིན་པ་བཀག་ཀྱང༌། དེ་དེས་སྟོང་པ་དེ་དེའི་རང་བཞིན་ཡིན་པ་མ་བཀག་པ་བཞིན་ནོ། །དེ་སྐད་དུ་ཡང༌། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །ཞེས་གསུངས་སོ། །དེ་ལྟར་བྱས་ན་དང་པོར་ཀུན་རྫོབ་ཀྱི་རང་བཞིན་དང་བདེན་གྲུབ་ཁས་བླངས། ཕྱིས་ཀུན་རྫོབ་ཀྱི་རང་བཞིན་མེད་པ་ཉིད་དོན་དམ་པའི་རང་བཞིན་དང་བདེན་པར་ཁས་བླངས་སོ། །དེ་ལྟར་བཤད་པ་དེ་ཡང་དབུ་མའི་ལྟ་བ་མ་སྐྱེས་པ་དག་རིམ་པར་འཇུག་པའི་དབང་དུ་བྱས་ལ། སྐྱེས་པ་དག་གིས་ནི་རྗེས་ཐོབ་ཏུ་ཀུན་རྫོབ་ཁས་བླངས་པའི་ཚེ་དེ་ལ་དམིགས་པའི་མཚན་འཛིན་དང༌། དོན་དམ་པར་ཁས་བླངས་པའི་ཚེ་དེ་ལ་དམིགས་པའི་བདེན་འཛིན་གྱི་བློ་མི་སྐྱེ་ཡང༌། དོན་དམ་ལ་དམིགས་པའི་མཚན་འཛིན་གྱི་བློ་སྐྱེ་ཞིང༌། སྤྲོས་བྲལ་དུ་གཏན་ལ་ཕབ་པའི་ཚེ་མཚན་མེད་ཀྱི་བློ་སྐྱེ་བ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལ་བོད་ཕྱི་མ་དག འདི་སྐད་ཅེས་འདོན་པར་འགྱུར་ཏེ། བདེན་པར་གྲུབ་པའི་ཆོས་ཞེས་བྱ་བ་ནི་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་ཡང་ཁས་མི་ལེན་པ་དེ་དབུ་མའི་རང་ལུགས་ཡིན་པ་ལ། ཁྱོད་ཀྱིས་ནི་དོན་དམ་པའི་བདེན་པ་བདེན་གྲུབ་ཏུ་ཁས་བླངས་པས་ལུགས་དེ་ལས་ཉམས་སོ་ཞེས་རྒོལ་བ་དང༌། ཡང་འདི་སྐད་ཅེས་དོན་དམ་པའི་བདེན་པ་བདེན་གྲུབ་ཏུ་ཁས་ལེན་ན། གཞན་སྟོང་སྨྲ་བ་དག་གི་ལུགས་ལ་གནས་པ་ཟླ་བ་གྲགས་པའི་ཞབས་ཀྱི་རིང་ལུགས་ལས་ཉམས་པར་འགྱུར་རོ་ཞེས་རྒོལ་བར་འགྱུར་རོ། །འདི་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་གདབ། གཉིས་པའི་ལན་གདབ་པའོ། །དང་པོ་ལ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི་དབུ་མ་ཐལ་འགྱུར་བར་ཁས་ལེན་པའི་སོ་སོ་སྐྱེ་བོ་ཁྱོད་ཀྱང་ལུགས་དེ་ལས་ཉམས་པར་འགྱུར་ཏེ། ཀུན་རྫོབ་ཏུ་བདེན་གྲུབ་ཁས་བླངས་པའི་ཕྱིར་རོ། །དེར་དེ་ཁས་མ་བླངས་སོ་ཞེ་ན། འོ་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་གྱི་ཤེས་པ་ལ་བདེན་གྲུབ་ཏུ་སྣང་བ་དེ་འཇིག་རྟེན་པས་བདེན་གྲུབ་ཏུ་ཁས་ལེན་ནམ་མི་ལེན། མི་ལེན་ན་ནི་ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབས་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་དང༌། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན། ཞེས་བཤད་པ་དང་འགལ་ལོ། །གལ་ཏེ་གཞུང་དེས་དེ་དང་དེ་བདེན་པར་བཤད་ཀྱི་བདེན་གྲུབ་ཏུ་མ་བཤད་དོ་སྙམ་ན། བདེན་འཛིན་གྱི་ངོར་བདེན་པ་ལ་དེའི་ངོར་བདེན་གྲུབ་མ་ཡིན་པའི་ཁྱད་པར་སུས་ཀྱང་འཆད་པར་མི་ནུས་སོ། །དེས་དེ་ཁས་ལེན་ནོ་ཞེ་ན། འོ་ན་ཁྱོད་ཀྱིས་ཀྱང་ཀུན་རྫོབ་ཏུ་བདེན་གྲུབ་ཁས་བླངས་པར་ཐལ། འཇིག་རྟེན་པས་དེར་དེ་ཁས་བླངས་པ་གང་ཞིག དེས་ཁས་བླངས་པ་གང་ཡིན་པ་དེ་ཉིད་དབུ་མ་ཐལ་འགྱུར་བར་ཁས་འཆེ་བ་ཁྱོད་ཀྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ་ཁས་ལེན་དགོས་པའི་ཕྱིར། དེ་དགོས་པ་ཇི་ལྟར་ཞེ་ན། འཇུག་འགྲེལ་དུ་མདོ་དྲངས་པ་ལས། འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་ང་ཡང་ཡོད་པར་འདོད་དོ། །ཞེས་བྱ་བའི་ལུང་གིས་དོན་གང་ཞིག་བསྒྲུབས་པ་ཡིན་ཞེས་རྣམ་པར་རྟོག་ཅིང་དཔྱོད་དགོས་པ་ཡིན་ནོ། །གལ་ཏེ་ཀུན་རྫོབ་ཏུ་བདེན་གྲུབ་ཁས་བླངས་མོད་དེ་ཙམ་གྱིས་དབུ་མའི་ལུགས་ལས་ཉམས་པར་མི་འགྱུར་ཏེ། དེ་ལྟར་ཁས་ལེན་པ་དེ་ཀུན་རྫོབ་འཇིག་རྟེན་གྱི་ལུགས་ཡིན་གྱི། འཕགས་པ་རྣམས་ཀྱི་རང་ལུགས་མཐར་ཐུག་པ་མ་ཡིན་པའི་ཕྱིར་ཞེ་ན། རྣམ་པར་དཔྱོད་པ་དང་ལྡན་པ་དག་གིས་དེ་སྐད་དུ་སྨྲ་བར་རིགས་ལ། དེའི་ཚེ་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། བར་དུ་བདག་བཟློག་པའི་རིགས་པ་འཆད་པ་དེའི་ཚེ་རྗེས་ཀྱི་ཤེས་པས་བདེན་སྟོང་དོན་དམ་པའི་བདེན་པ་དང་བདེན་གྲུབ་ཏུ་ཁས་བླངས་མོད། དེ་ཙམ་གྱིས་དབུ་མའི་ལུགས་ལས་ཉམས་པར་མི་འགྱུར་ཏེ། དེ་ལྟར་ཁས་ལེན་པ་དེ་ཀུན་རྫོབ་ཀྱི་བདེན་པའི་འཇོག་ལུགས་ཡིན་གྱི། དབུ་མའི་རང་ལུགས་མཐར་ཐུག་མ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། བདེན་སྟོང་རང་ལྡོག་ནས་འདིར་དོན་དམ་པའི་བདེན་པར་ཁས་ལེན་ཡང༌། དེ་ཡོད་མེད་དང་དེ་དོན་དམ་པའི་བདེན་པར་གྲུབ་པ་སོགས་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར་དང༌། དེ་དང་དེ་ཡིན་པ་དེ་ཡང་མཐར་བདེན་མེད་ཀྱི་སྤྲོས་པ་གཅོད་བྱེད་ཀྱི་རིགས་པས་བཀག་ནས། སྤྲོས་བྲལ་དུ་གཏན་ལ་འབེབས་དགོས་པའི་ཕྱིར། གཉིས་པ་རྣལ་མའི་ལན་ནི། བུམ་པ་ཀུན་རྫོབ་ཀྱི་བདེན་པས་སྟོང་པ་དེ་བར་འདིར་བདེན་གྲུབ་ཏུ་ཁས་ལེན་དགོས་པ་ཡིན་ཏེ། དེ་འདིར་ཁྱད་པར་གསུམ་ལྡན་གྱི་རང་བཞི་དུ་ཁས་ལེན་དགོས་པའི་ཕྱིར། དེའི་འབྲེལ་ཡང༌། ཇི་སྐད་དུ་རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་ལ། གཞན་ལ་མ་ལྟོས་པའི་ངོ་བོ་དེ་བདག་དང་བདེན་གྲུབ་ཀྱི་དོན་དུ་ཟླ་བས་འཆད་པའི་ཕྱིར། དེ་སྐད་དུ། ཡང་བརྒྱ་པའི་འགྲེལ་པར། དེ་ལ་བདག་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཞེས་གསུངས་ལ། དེ་ལྟར་གསུངས་པ་དེས་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་རང་བཞིན་དེ་དངོས་པོ་བདེན་གྲུབ་ཀྱི་དོན་དུ་གསལ་བར་བཤད་པས། དངོས་མེད་རྣམས་ཀྱི་གཞན་ལ་རག་མ་ལས་པའི་རང་བཞིན་ཡང་དངོས་མེད་ཀྱི་བདག་དང་བདེན་གྲུབ་ཀྱི་དོན་དུ་འཆད་དགོས་པར་གྲུབ་པའི་ཕྱིར་རང་བཞིན་ཁྱད་པར་གསུམ་ལྡན་འདི་ཡང་ཟླ་བས་དབུ་མ་པའི་རང་ལུགས་མཐར་ཐུག་འཇོག་པའི་ཚེ་ཞལ་གྱིས་བཞེས་པ་མ་ཡིན་ཏེ། རང་བཞིན་སྟོང་པ་ཉིད་བསྟན་པའི་སྒོ་ནས་རང་བཞིན་དེ་ཡང་སྟོང་ཉིད་དུ་གཏན་ལ་འབེབས་པའི་ཕྱིར། འདིར་སྟོང་གཞིའི་ཆོས་ཅན་དུ་འཛིན་རྒྱུའི་རང་བཞིན་དེ་ཡང་ཀུན་རྫོབ་ཀྱི་རང་བཞིན་ལ་བྱ་བ་མ་ཡིན་གྱི། དོན་དམ་པའི་རང་བཞིན་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་སྙད། །ཅེས་བཤད་པས་སོ། །རྒོལ་བ་གཉིས་པའི་ལན་ནི། བར་འདིར་རང་བཞིན་བདེན་ཡོད་དུ་ཁས་བླངས་པས། ཟླ་བའི་ཞབས་ཀྱི་ལུགས་ལས་ཉམས་པ་དང༌། གཞན་སྟོང་གི་ལུགས་ཁས་བླངས་པའི་ཉེས་པར་མི་འགྱུར་བའི་ཀླན་ཀ་ལན་དང་བཅས་པ་ནི་ཟླ་བའི་ཞབས་ཀྱིས་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ་འཇུག་འགྲེལ་ལས། འདིར་སྨྲས་པ་ཀྱེ་མ་ལ་གང་ཞིག་དངོས་པོ་ཅུང་ཟད་ཀྱང་མི་འདོད་ཅིང༌། གློ་བུར་དུ་བཅོས་མ་མིན་པ་དང༌། གཞན་ལ་ལྟོས་པ་མེད་པའི་རང་བཞིན་ཡང་འདོད་པ་ཁྱོད་ནི་ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ་ཞེ་ན། བརྗོད་པར་བྱ་སྟེ། ཁྱོད་ཀྱིས་བསྟན་བཅོས་ཀྱིས་དགོངས་པ་མ་རིག་པ་ཞིག་སྟེ། འདིའི་དགོངས་པ་ནི་གལ་ཏེ་མིག་ལ་སོགས་པ་རྣམས་ནི་རང་གི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་བྱིས་པའི་སྐྱེ་བོས་བཟུང་བར་བྱ་བ་གང་ཡིན་པ་དེ་ཉིད་རྣམས་ཀྱི་རང་བཞིན་ཡིན་ན་ནི། རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པའི་ཕྱིར་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར། དེ་བལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་ལྡན་པར་འགྱུར་རོ། །དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོས་མ་མ་ཡིན་པ་ཉིད་དང༌། གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །གང་ཞིག་བྱིས་པའི་སྐྱེ་བོས་བལྟ་བར་བྱ་བ་མ་ཡིན་པ་དེ་ཉིད་ནི་རང་བཞིན་དུ་རིགས་ལ། དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང༌། དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བ་འདི་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་གསུངས་པ་དེ་ལས་ནི་རང་བཞིན་ཁྱད་པར་གསུམ་ལྡན་ཞལ་གྱིས་བཞེས་པ་དེ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་གྱི། དོན་དམ་པའི་དབང་དུ་བྱས་པ་མ་ཡིན་ནོ། །ཞེས་འབྱུང་ལ། དེ་ཡང་རང་བཞིན་དེ་ཉིད་འདིར་དོན་དམ་པའི་བདེན་པ་ཡིན་ཡང༌། སྐབས་གཞན་དུ་ཀུན་རྫོབ་ཀྱི་བདེན་པར་འགྱུར་བ་དང༌། རང་བཞིན་དེ་ཡོད་པ་དང༌། དོན་དམ་པའི་བདེན་པ་ཡིན་པ་སོགས་ནི་འདི་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཟུར་ཙམ་བརྗོད་པ་ལ། གོང་དུ་བཤད་པའི་རིམ་པ་གསུམ་པོ་དེ་ཡང་གཞུང་ཕྱི་མོའི་དབུ་མ་དང༌། རང་རྒྱུད་ཀྱི་གཞུང་ན་གསལ་བར་བཞུགས་ཀྱང༌། ཟླ་བ་གྲགས་པའི་གཞུང་ན་གསལ་བར་བཞུགས་པ་མི་སྣང་ལ། དེ་ལྟ་ན་ཡང་ཟླ་བའི་ཞབས་ཀྱིས་དེ་ལྟར་མི་བཞེད་དོ། །ཞེས་ཁ་ཚོན་བཅད་པར་ནུས་པ་མ་ཡིན་ཏེ། དེ་ལྟ་ན་གཞུང་རྩ་བ་དང་འགལ་བའི་ཕྱིར་དང༌། ཟླ་བ་ཉིད་ཀྱི་གཞུང་ལས་ཀྱང་མདོ་ལས་འབྱུང་པའི་རིམ་པ་བཞིན་དུ་ཐོག་མར་ཕྱི་ནང་གི་དངོས་པོ་རྣམས་སྟོང་པ་ཉིད་དུ་བསྟན་ནས། དེའི་འོག་ཏུ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དུ་གཏན་ལ་ཕབ་པའི་ཕྱིར་རོ། །ཡང་དེ་ལྟ་བུའི་རིམ་པ་བཞེད་དོ་ཞེས་ཀྱང་ཁ་ཚོན་བཅད་པར་མི་ནུས་ཏེ། དང་པོ་ཀུན་རྫོབ་ཀྱི་དངོས་པོ་བདེན་ཡོད་འགོག་པའི་དུས་ཉིད་ནས་བདེན་ཡོད་འགོག་པ་ཡིན་གྱི། བདེན་མེད་སྒྲུབ་པར་མི་བཞེད་པའི་ཕྱིར་རོ། །དེ་ལྟར་ན་ཅིག་ཤོས་བཀག་ནས་གཅིག་མ་བསྒྲུབས་པ་དེའི་ཚེ་ན། རིགས་ཤེས་དེས་དྲངས་པའི་རྗེས་ཀྱི་ཤེས་པ་ལ་བདེན་མེད་དུ་ཞེན་པ་ཡང་མི་སྐྱེ་ན་ནི། རིགས་པ་ཕྱི་མ་རྣམས་དགོས་པ་མེད་ལ་རིགས་ཤེས་དེས་བདེན་མེད་ངེས་པའི་ངས་ཤེས་དྲངས་ན་ནི་དེའི་ཚེ་རིགས་པ་ཕྱི་མ་རྣམས་ཀྱིས་ངེས་པར་དགག་དགོས་པ་ཡིན་ཏེ། བདེན་མེད་དུ་ཞེན་པའི་བློ་འདི་ནི་སེམས་རྒྱུད་ལ་ཡུན་རིང་དུ་ཞེན་ཞིང་ཞུགས་ན་གསོར་མི་རུང་བའི་དུག་ཉིད་དུ་འགྱུར་བར་སྨན་པ་ཆེན་པོ་རྒྱལ་བ་བཅོམ་ལྡན་འདས་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །རང་རྒྱུད་ཀྱི་ཚུལ་ལ་ནི། རིམ་པ་གསུམ་པའི་རིགས་པ་ལ་བརྟེན་ནས་རིམ་པ་གཉིས་པར་བསྟན་པའི་ཞེན་བློ་དེ་ངེས་པར་བཟློག་དགོས་པ་ཡིན་ཏེ། རིམ་པ་གཉིས་པ་དེར་བདེན་མེད་འབད་ནས་བསྒྲུབས་པའི་ཕྱིར་རོ། །དེ་ཡང་བདེན་མེད་དང་བདག་མེད་ཀྱི་དོན་སྒྲུབ་པར་བྱེད་པའི་རིགས་པ་རྣམས་ཀྱིས་ནི་མེད་པར་དགག་པ་ཉིད་བསྒྲུབ་བྱའི་ཆོས་སུ་བྱས་ནས་རྟགས་ཀྱིས་བསྒྲུབས་ལ། དེ་ཉིད་རིགས་ཤེས་ཀྱི་དངོས་ཀྱི་གཞལ་བྱ་དང་ལྟ་བའི་ཡུལ་དུ་འཇོག་ལ། ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཀྱིས་ནི་བདེན་པར་མེད་པ་དང༌། བདེན་མེད་ཀྱི་ཡུལ་ཅན་གྱི་ཤེས་བརྗོད་རྣམས་ཀྱང་འབད་ནས་སྒྲུབ་པར་རང་རྒྱུད་ཀྱི་གཞུང་ལས་འབྱུང་བའི་ཕྱིར་རོ། །མདོར་ན་ཟླ་བའི་ཞབས་ཀྱི་ལུགས་འདི་ནི་གདུལ་བྱ་དབང་པོ་རྣོན་པོས་ཆོས་ཅན་གཅིག་གི་སྟེང་དུ་མཐའ་བྲལ་གཏན་ལ་ཕེབས་པ་ན། རིགས་པ་གཞན་ལ་མ་ལྟོས་པར་ཆོས་ཐམས་ཅད་ཀྱི་མཐའ་བྲལ་གོ་བར་ནུས་པའི་གང་ཟག་ལ་སྤྲོས་པ་ཅིག་ཅར་དུ་གཅོད་པའི་དབང་དུ་བྱས་པ་ཡིན་ལ། རང་རྒྱུད་ཀྱི་གཞུང་ལས་འབྱུང་བ་ནི། དབང་བརྟུལ་རིམ་གྱིས་བཀྲི་བའི་དབང་དུ་བྱས་པ་ཡིན་ལ། འདི་ཉིད་གཞུང་རྩ་བ་དང་མཐུན་ཞིང༌། ཟླ་བའི་ཞབས་ཀྱི་རིགས་པ་དང་ཡང་མི་འགལ་བས་གོང་དུ་བཤད་པའི་རིམ་པ་འདི་ལ་བརྟེན་ནས་དབུ་མའི་ལྟ་བ་བསྐྱེད་པར་བྱའོ། །གསུམ་པ་མཐར་ཁས་ལེན་གང་ཡང་མེད་པའི་འཐད་པ་བཤད་པ་ལ་གསུམ་སྟེ། སྟོང་པ་ཉིད་དུ་ཞེན་པའི་བློ་འགོག་དགོས་པའི་རྒྱུ་མཚན། དེ་འགོག་བྱེད་ཀྱི་རིགས་པ། དེ་བཀག་པའི་རྗེས་ཐོབ་ཏུ་ཤེས་བརྗོད་ཀྱི་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ་ལོ། །དང་པོ་ནི་དེ་ལྟར་ཀུན་རྫོབ་ཀྱི་རང་བཞིན་རིགས་པས་སུན་དབྱུང་ནས་དོན་དམ་པའི་རང་བཞིན་འབད་པས་བསྒྲུབ་པ་དེ་ལྟ་ན། ཅི་དོན་དམ་པའི་རང་བཞིན་དེ་ཡོད་པ་ཡིན་ནམ། ཡོད་པ་དེ་ལྟ་ན་ནི་དེ་ལ་དེར་ཞེན་པའི་བློ་དེ་ཉིད་ཀྱང་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར། བློ་དེའི་རྒྱུན་རིགས་པ་གཞན་གྱིས་མ་བཀག་པར་གོམས་པར་བྱས་པས་མཚན་མར་འཛིན་པའི་ཚོགས་མཐའ་དག་ལས་གྲོལ་བ་ཡིན་ནམ་ཞེ་ན། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་ལྷག་པའི་ལྷ་དག་གིས་རྗེས་སུ་བཟུང་བས་དབུ་མའི་ལྟ་བ་ལུང་སྟོན་པར་བྱེད་པ་དེ་དག་གིས་ནི་དེ་ཁོ་ན་ལྟར་ཁས་ལེན་ནོ། །ཁོ་བོ་ཅག་ནི་དེ་ལྟར་མི་འཆད་དེ། ཀུན་རྫོབ་ཀྱི་དངོས་པོ་བདེན་པས་སྟོང་པ་དེ་དོན་དམ་པའི་བདེན་པར་གསུངས་པའི་དགོངས་གཞི་ནི། སྟོང་པ་ཉིད་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་བློ་ངོར། དེ་དོན་དམ་པའི་བདེན་པར་སྣང་བ་ལ་དགོངས། དགོས་པ་ནི་ཀུན་རྫོབ་ཀྱི་དངོས་པོ་ལ་བདེན་པར་ཞེན་པ་བཟློག་པའི་དོན་དུའོ། །དངོས་ལ་གནོད་བྱེད་ནི། ཇི་སྐད་དུ། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་པའི་གཞུང་གིས་བསྟན་པའི་རིགས་པ་རྣམས་སོ། །གཞན་ཡང༌། ཇི་སྐད་དུ། ཟླ་བའི་ཞབས་ཀྱི་ལུང་དུ་མདོ་དྲངས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་དང༌། རྩ་བ་ལས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་དང༌། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་དང༌། ཡང་དེ་ཉིད་ལས། ཡང་དག་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམས་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམས་སེམས་མེད། །ཅེས་གསུངས་པ་དང༌། སློབ་དཔོན་འཕགས་པ་ཉིད་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། རྟོག་པ་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་དང༌། རིན་པོ་ཆེའི་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང༌། ཇི་སྐད་དུ། བཅོམ་ལྡན་འདས་མ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྦྱར་ནས་གསུངས་པ་དང༌། ཀཱ་མ་ལ་ཤཱི་ལས། སྒོམ་རིམ་དུ་མདོ་དྲངས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་དྲུད་པ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་བསྲེགས་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་བསྲེག་པར་བྱེད་དོ། །ཞེས་གསུངས་པ་དང༌། མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང༌། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་བདེན་སྟོང་གཏན་ལ་འབེབས་བྱེད་ཀྱི་རིགས་པས་གཏན་ལ་ཕབ་པའི་དོན་གང་ཡིན་པ་དེ་ལ་དེ་ཉིད་དུ་ཞེན་པའི་བློ་དེ་ནི་བཏགས་འཛིན་གྱི་རྟོག་པ་ཞེས་བྱ་བའི་མིང་ཅན་ཤེས་བྱའི་སྒྲིབ་པ་རྣམས་ཀྱི་ནང་ནས་ཆེས་ཤིན་ཏུ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་གསུངས་སོ། །དེ་དག་གི་སྐབས་སུ་འདི་སྐད་ཅེས་བདེན་པར་ཞེན་པ་ཞེས་བྱ་བའི་ཞིབ་ཆ་སྦྱོར་དགོས་པ་ཡིན་པའི་ཕྱིར། སྒྲ་ཇི་བཞིན་པ་དེ་ལྟར་དུ་བཟུང་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་བའི་གེགས་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ཟེར་བར་སྣང་ངོ༌། །དེ་སྐད་ཟེར་བ་དེ་ཡང་རྗེ་བཙུན་གྱིས་མངོན་པར་རྟོག་པའི་རྒྱན་དུ་གསལ་བར་བཀག་པ་ཡིན་ཏེ། ཇི་སྐད་དུ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་བཏགས་འཛིན་རྟོག་པ་འཕགས་པ་ཁོ་ནའི་རྟེན་ཅན་དུ་བཤད་ལ། ཁྱེད་ལྟར་ན་བཏགས་པ་ཙམ་དུ་བདེན་པར་ཞེན་པའི་བློ་འཕགས་པ་ཁོ་ནའི་རྟེན་ཅན་དུ་འགྱུར་བས་དེ་ཡང་རིགས་པ་མ་ཡིན་ཏེ། སྟོང་ཉིད་མ་རྟོགས་པའི་འཕགས་པ་ལ་ནི་དེ་སྐབས་ཀྱི་བཏགས་འཛིན་རྟོག་པ་དེ་འོང་དོན་མེད་ལ། དེ་རྟོགས་པའི་འཕགས་པས་ནི་སྟོང་ཉིད་ལ་བདེན་པར་འཛིན་ན། ཐེག་དམན་འཕགས་པའམ་ཐེག་ཆེན་འཕགས་པ་གང་གིས་འཛིན། དང་པོ་ལྟར་ན། ཁྱེད་དེ་ཉོན་མོངས་པའི་སྒྲིབ་པར་འདོད་པ་དང་འགལ། གཉིས་པ་ལྟར་ན། གཞུང་དེ་མཐོང་སྤངས་འཆད་པའི་སྐབས་ཡིན་པས་མི་རིགས་སོ། །འོ་ན་ཇི་སྐད་དུ། འཇུག་པ་ལས། དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་བའི། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླ་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམ་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེའི་ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། གསང་བ་འདུས་པའི་རྒྱུད་ལས། དངོས་པོ་མེད་པ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པ། །སྒོམ་པ་དམིགས་སུ་མེད་པ་འོ། །ཞེས་དང༌། དཔལ་ཁ་སྦྱོར་གྱི་རྒྱུད་ལས། སྟོང་པ་སྒོམ་པར་མི་བྱ་ཞིང༌། །སྟོང་མིན་སྒོམ་པར་མི་བྱ་སྟེ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་ན། སྟོང་པ་ཉིད་ལ་སོགས་པར་ཞེན་པའི་ཚུལ་གྱིས་བསྒོམ་པར་བྱ་བ་མ་ཡིན་ནོ། །གཉིས་པ་ནི། འཇུག་པ་ལས་གསུངས་པ་དེ་ནི་བར་དུ་བདག་བཟློག་པའི་རིགས་པ་ཞེས་བྱ་བ་དེ་ཉིད་ཡིན་ལ། སྤྱོད་འཇུག་ལས་གསུངས་པ་དེ་ནི། སྤྲོས་བྲལ་གཏན་ལ་འབེབས་པའི་གང་ཟག་གིས་གང་དུ་ཡང་མི་སྒོམ་པ་ལ་སྟོང་ཉིད་སྒོམ་པ་ཞེས་མིང་དུ་བཏགས་པ་དེ་ཉིད་ཡིན་ནོ། །གཉིས་པ་འགོག་བྱེད་ཀྱི་རིགས་པ་ལ། དགག་བྱ་སྟོང་ཉིད་ངོས་བཟུང༌། དེ་ཀུན་རྫོབ་ཏུ་བདེན་པ་ལ་དོན་དམ་དུ་བདེན་པར་བཟུང་བའི་ཚུལ། དེ་དོན་དམ་དུ་བདེན་པ་འགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། སྤྱིར་སྟོང་ཉིད་ཅེས་བྱ་བའི་སྒྲ་འཇུག་པ་ནི་གཉིས་ཏེ། རིགས་པས་གཏན་ལ་མ་ཕབ་པའི་སྟོང་ཉིད་དང༌། དེས་ཕབ་པའི་སྟོང་ཉིད་དོ། །དང་པོ་ནི་བུམ་པ་ཆུས་སྟོང་པ་ལྟ་བུའོ། །གཉིས་པ་ལ་ཡང༌། གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ལྟ་བུ་གཞན་སྟོང་དང༌། བུམ་སོགས་རང་གི་ངོ་བོས་སྟོང་པ་ལྟ་བུ་རང་སྟོང་གཉིས་ཏེ། དེ་ལྟར་རྣམ་པ་གསུམ་ལས། དང་པོ་གཉིས་འདིར་སྟོང་ཉིད་གོ་ཆོད་པོ་མ་ཡིན་ལ། གསུམ་པ་ལ་ཡང༌། བདེན་གྲུབ་ཀྱི་སྤྲོས་པ་ཉི་ཚེ་བ་བཀག་པ་རྣམ་གྲངས་པའི་སྟོང་ཉིད་དང༌། སྤྲོས་པ་མཐའ་དག་བཀག་པ་རྣམ་གྲངས་པ་མ་ཡིན་པའི་སྟོང་ཉིད་གཉིས་ལས། དེ་གཉིས་གང་ཡིན་ཀྱང་རུང༌། རྟོག་པ་ལ་སྟོང་ཉིད་ཀྱི་མཚན་མ་འཆར་རྒྱུ་ཞིག་བྱུང་ན། དེ་ཉིད་མཚན་མེད་ཀྱི་སྤྲོས་པ་གཅོད་པའི་སྐབས་འདིར་དགག་བྱར་བཟུང་བ་ཡིན་ནོ། །དེ་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་འགོག་དགོས་པའི་རྒྱུ་མཚན་ཡང༌། ཀུན་རྫོབ་ཀྱི་བདེན་པ་ཡིན་པ་ལ་ཐུག་ལ། གཉིས་པ་དེ་ཀུན་རྫོབ་བདེན་པ་ལ་དོན་དམ་བདེན་པར་བཟུང་བའི་ཚུལ་ལ་གསུམ་སྟེ། ཐལ་འགྱུར་གྱི་གཞུང་ལ་བརྟེན་ནས་དེ་དེར་སྒྲུབ། རང་རྒྱུད་ཀྱི་གཞུང་ལ་བརྟེན་ནས་དེ་དེར་སྒྲུབ། ཞི་བ་ལྷའི་ལུང་ལ་བརྟེན་ནས་དེ་དེར་སྒྲུབ་པའོ། །དང་པོ་ནི། ཇི་སྐད་དུ། རིགས་པ་དྲུག་ཅུ་པར། ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམས་སེམས་མེད། །ཅེས་པའི་འགྲེལ་པར། ཟླ་བས་ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ། དེ་དེ་བཞིན་ཏེ་འཁོར་བར་ཡོངས་སུ་རྟོག་པ་ཡོད་ན། མྱ་ངན་ལས་འདས་པར་ཡོངས་སུ་རྟོག་སྟེ། དེ་གཉིས་ཀ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །ཞེས་པ་ནས། དེ་བས་ན་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་ཡོངས་སུ་བཏགས་པ་ཡིན་ནོ། །གལ་ཏེ་དེ་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ་ཞེས། ཇི་སྐད་དུ་བཤད་ན། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་བསླུ་བའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཀྱིས་དོན་དམ་པའི་བདེན་པ་ཞེས་བཤད་དོ། །འཕགས་པ་དོན་དམ་པ་གཟིགས་པ་ལ་གནས་པ་རྣམས་ནི། འཁོར་བའམ་མྱ་ངན་ལས་འདས་པ་མི་དམིགས་ཏེ། དེའི་ཕྱིར་ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་བྱ་བར་གྲུབ་བོ། །ཞེས་པ་ནས། གལ་ཏེ་མྱ་ངན་ལས་འདས་པ་ཅི་ཡང་མེད་པ་ཞིག་ཡིན་ན། འཕགས་པ་རྣམས་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་རྣམ་པར་བཞག་པ་དེ་ཇི་ལྟ་བུ་ཞེ་ན། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་སོ། །སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས་ཐ་སྙད་ཀྱི་བདེན་པ་དང་སྦྱར་ནས། མྱ་ངན་ལས་འདས་པ་ཞེས་རྣམ་པར་བཞག་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་རང་གི་ངོ་བོ་གྲུབ་པ་ནི་གང་ཡང་མེད་པར་ཤེས་པར་བྱའོ་ཞེས་གསུངས་སོ། །སྐབས་འདིར། མྱ་ངན་ལས་འདས་པ་ཐ་སྙད་དུ་ཀུན་རྫོབ་བདེན་པ་ཡིན་པ་དང༌། རང་ལུགས་ལ་ཡོད་པ་མ་ཡིན་པར་གསུངས་པ་དེའི་དུས་ཀྱི་མྱ་ངན་ལས་འདས་པ་དེ་ཡང༌། རང་བཞིན་གྱི་མྱ་ངན་ལས་འདས་པ་དང༌། འབྲས་དུས་ཀྱི་མྱ་ངན་ལས་འདས་པ་གཉིས་ཀ་ལ་འཆད་དགོས་པ་ནི་སྐབས་སྟོབས་ཀྱིས་ཤེས་ལ། མཚན་གཞི་གཅིག་ཉིད་འདིར་ཀུན་རྫོབ་ཀྱི་བདེན་པར་བཤད་པ་དང༌། གོང་དུ་དོན་དམ་པའི་བདེན་པར་བཤད་པ་གཉིས་ཀ་མི་འགལ་བ་ནི། འཇུག་འགྲེལ་དུ། སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་འཕགས་པ་སྣང་བཅས་ཀྱི་ཀུན་རྫོབ་དང༌། དེའི་དོན་དམ་དེ་སངས་རྒྱས་ཀྱི་ཀུན་རྫོབ་ཏུ་བཤད་པ་ལྟ་བུ་དང༌། ཡེ་ཤེས་སྙིང་པོས་མདོ་དྲངས་པ་ལས། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །ཅེས་པ་བཞིན་ནོ། །གཉིས་པ་རང་རྒྱུད་ཀྱི་གཞུང་གིས། སྟོང་ཉིད་ཀུན་རྫོབ་ཏུ་སྒྲུབ་པ་ནི། ཇི་སྐད་དུ། བདེན་པ་གཉིས་རྣམ་པར་འབྱེད་པ་ལས། བཏགས་པའི་རང་གི་ངོ་བོ་ནི། །བཀག་པས་བཏགས་མིན་ཇི་ལྟར་འགྱུར། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། དགག་བྱ་བཏགས་པ་ཡིན་དུ་ཟིན་ན། བཀག་པ་ཡང་བཏགས་པ་ཉིད་དུ་འགྱུར་ཏེ། མོ་གཤམ་གྱི་བུའི་སྔོ་སངས་ཉིད་ལ་སོགས་པ་བཀག་པ་བཞིན་ནོ། །ཞེས་གསུངས་སོ། །འདིའི་དོན་ལ་བོད་ཕྱི་མ་དག རེ་འགའ་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པའི་མྱུ་གུ་ལྟ་བུ་ལ་འཆད་པ་དང༌། རེས་འགའ་མཚན་འཛིན་གྱི་ཡུལ་དུ་སོང་བའི་ཆ་ནས་འཆད་ཅིང༌། དེའི་རང་ལྡོག་ནས་དེར་འཆད་མ་ནུས་པས་གཞུང་གི་སྐབས་ལས་རིང་དུ་གོལ་བ་ཡིན་ནོ། །འོ་ན་དེའི་སྐབས་ཀྱི་འཕྲོས་ལ་ཇི་ལྟར་ཡོད་ཅེ་ན། བཤད་པ། ཇི་སྐད་དུ། དངོས་ཙམ་བརྟེན་ནས་གང་སྐྱེས་ཏེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཞེས་སྐྱེ་བ་ཙམ་དེ་ཡང་དག་པའི་ཀུན་རྫོབ་དང༌། འཇིག་རྟེན་གྱི་དོན་དམ་བདེན་པར་བཤད་དོ། །ཇི་སྐད་དུ། ཡང་དག་མ་ཡིན་ཀུན་བཏགས་ཡིན། །ཞེས་ཡང་དག་པའི་སྐྱེ་སོགས་དེ་ལོག་པའི་ཀུན་རྫོབ་ཏུ་བཤད་པ་དེ་གྲུབ་མཐས་སྒྲོ་བཏགས་པའི་རྒྱུ་མཚན་གྱིས་ལོག་པའི་ཀུན་རྫོབ་ཡིན་ན། རྡོ་རྗེ་གཟེགས་མ་ལ་སོགས་པའི་གཏན་ཚིགས་ཀྱིས་ཡང་དག་པའི་སྐྱེས་སོགས་བཀག་པ་ཡང་ལོག་པའི་ཀུན་རྫོབ་ཏུ་ཐལ། གྲུབ་མཐའ་སྨྲ་བས་སྒྲོ་བཏགས་པའི་ཕྱིར་སྙམ་དུ་དོགས་པ་ལ། ཇི་སྐད་དུ། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དངོས་པོ་བཀག་པའི་གཏན་ཚིགས་ཀྱིས། །ཡང་དག་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །དཔྱད་ན་ཀུན་རྫོབ་ཁོ་ན་འོ། །དེ་ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །བཏགས་པའི་རང་གི་ངོ་བོ་ནི། །ཞེས་སོགས་སྦྲེལ་ནས་གསུངས་སོ། །དེ་དག་གི་དོན་ཡང༌། མྱུ་གུ་དཔྱད་གཞིར་བཟུང་ནས་དཔྱོད་པའི་རིགས་པ་ལ་ལྟོས་ནས་ནི། མྱུ་གུ་སྐྱེ་མེད་དེ་དོན་དམ་པའི་བདེན་པ་ཡིན་ཡང༌། སྐྱེ་མེད་དེ་ཉིད་དཔྱད་གཞིར་བཟུང་ནས་དཔྱོད་པའི་རིགས་པ་ལ་ལྟོས་ནས། ཀུན་རྫོབ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ལ། ཡང་དག་པ་དང་ཀུན་རྫོབ་གཉིས་ཀའི་གཞི་མཐུན་དུ་བཤད་པ་ནི། བློ་སྔ་མ་ལ་ལྟོས་པའི་དོན་དམ་དང༌། ཕྱི་མ་ལ་ལྟོས་པའི་ཀུན་རྫོབ་ཡིན་པར་འགྱུར་བ་ལ་འཆད་པ་ཡིན་ཏེ། དཔེར་ན་འཇིག་རྟེན་གྱི་དོན་དམ་བདེན་པ་ལ་འཕགས་པའི་ཡང་དག་ཀུན་རྫོབ་ཏུ་འཇོག་པ་བཞིན་ནོ། །ཡང་རང་རྒྱུད་ཀྱི་གཞུང་གཞན་ལས་ཀྱང་དེ་དེར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། དབུ་མའི་རྒྱན་རང་གི་འགྲེལ་པ་དང་བཅས་པ་ལས། སྐྱེ་བ་མེད་པ་ལ་སོགས་པ་ཡང༌། ཡང་དག་པའི་ཀུན་རྫོབ་ཏུ་རྟོགས་པ་ཡིན་དུ་ཟིན་ཡང༌། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་ངེས་པའི་དོན་ཞེས་བྱ། །ཡང་དག་ཏུ་ནི་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །དོན་དམ་པ་ནི་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་ཞི་བ་ལྷའི་ལུང་གིས་དེ་དེར་སྒྲུབ་པ་ནི། ཇི་སྐད་དུ། ཤེས་རབ་ཀྱི་ལེའུ་ལས། གལ་ཏེ་ཚད་མ་ཚད་མིན་ན། །དེས་གཞལ་བརྫུན་པར་མི་འགྱུར་རམ། །དེ་ཉིད་དུ་ནི་སྟོང་པ་ཉིད། །སྒོམ་པ་དེ་ཕྱིར་མི་འཐད་འགྱུར། །ཞེས་ཕྱོགས་སྔ་མ་བསུ་ནས། ཐལ་བ་དང་པོ་ལ་འདོད་ལན་འདེབས་པ་ནི། ཇི་སྐད་དུ། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡིས་དངོས་མེད་གསལ་བར་བརྫུན། །དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་གསུངས་ལ། དེ་དག་གི་དོན་ཡང༌། ཀུན་རྫོབ་ཀྱི་དངོས་པོ་རྣམས་མི་བདེན་པའི་རྟགས་ཀྱིས་ཀུན་རྫོབ་མི་བདེན་པ་དེ་ཉིད་ཀྱང་བརྫུན་པར་བཤད་དོ། །དེ་ལྟར་བདེན་མེད་ཀྱི་སྤྲོས་པ་ཡང་འགོག་པའི་སྐབས་སུ་སྟོང་པ་ཉིད་དེ་མྱ་ངན་ལས་འདས་པ་སོགས་ཀུན་རྫོབ་ཀྱི་བདེན་པ་དང་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པར་བཤད་པ་ལ། གངས་ཅན་དུ་ཕྱིས་བྱོན་པའི་བཤེས་གཉེན་རྣམ་དཔྱོད་གཟུ་བོར་མི་གནས་པ་དག་ན་རེ། བདེན་པའི་སྒྲ་མི་བསླུ་བ་ལ་འཇུག་པ་དང༌། དོན་དམ་པའི་བདེན་པ་བརྫུན་པ་ཡིན་ནོ། །ཞེས་སྨྲ་བ་ནི། དངོས་འགལ་གྱི་ཕུང་པོ་ཆེན་པོ་ཡིན་ཏེ། བརྫུན་པའི་དོན་བསླུ་བ་ཡིན་པས། དེ་འདྲ་བའི་བདེན་བརྫུན་གཉིས་དངོས་སུ་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་རྫུན་པ་ཡིན་ན། ཚིག་གསལ་ལས། གང་ཞིག་བདེན་པ་དེ་ནི་མི་བསླུ་བའི་ཆོས་ཅན་ཡིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་བཞིན། ཞེས་གསུངས་པ་དང་འགལ་ལོ་ཞེས་ཡི་གེར་བྲིས་སོ། །འདིའི་ལན་ལ་གཉིས་ཏེ། རིགས་པ་དང་མི་འགལ་བ་དང༌། ལུང་དང་མི་འགལ་བའོ། །དང་པོ་ནི། འདི་འདྲ་བའི་རིགས་པ་འཕན་པ་ནི། འཕེན་པ་པོ་རང་ཉིད་ངོ་ཚ་བའི་གནས་ཡིན་ཏེ། རིགས་པ་འདི་ལ་ཆོས་ཅན་དང༌། ཐལ་ཆོས་སོགས་ཀྱི་འཆང་བཟུང་ཅི་ཡང་མི་སྣང་བའི་ཕྱིར་དང༌། དེ་མ་ཐག་ཏུ་འཕེན་པ་པོ་རང་ཉིད་ལ་ཕྱིར་བཟློག་པའི་ཕྱིར་དང༌། གཞན་ལ་ཁས་ལེན་མེད་པའི་ཕྱིར་རོ། །དང་པོ་ནི། ཐལ་བ་ཇི་ལྟར་འཕངས་པ་ལས་དངོས་འགལ་གྱི་ཕུང་པོ་ཆེན་པོ་འབྱུང་བའི་ཚུལ་དེ་ཁྱོད་ཀྱིས་སྟོན་ཤིག འདི་ལྟར་མྱ་ངན་ལས་འདས་པ་ཆོས་ཅན། བརྫུན་པ་མ་ཡིན་པར་ཐལ། བདེན་པའི་ཕྱིར། ཁྱབ་པ་ཡོད་དེ། བདེན་བརྫུན་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། མི་བསླུ་བ་ཡིན་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་དངོས་འགལ་དུ་འགྱུར་རོ། །ཞེས་ཟེར་བ་ལས་འོས་གཞན་མེད་དོ། །ཁྱེད་ཀྱིས་ཐལ་བ་འདི་གང་ལ་འཕངས་པའི་ཁོ་བོ་ཅག་གི་རྗེ་བཙུན་དམ་པ་སྔོན་བྱོན་པ་དེ་དག་ལ་ནི། འཇུག་པ་མ་ཡིན་ཏེ། དེ་དག་གིས་སྟོང་ཉིད་སོགས་མི་བསླུ་བར་ཁས་ལེན་པ་དེའི་ཚེ་བརྫུན་པར་ཁས་མི་ལེན། བརྫུན་པར་ཞལ་གྱིས་བཞེས་པའི་ཚེ་ཅིག་ཤོས་སུ་ཞལ་གྱིས་མི་བཞེས་པའི་ཕྱིར། ཇི་ལྟར་ཞེ་ན། སྤྱིར་དབུ་མའི་རིགས་པ་ལ་བདེན་འཛིན་གྱི་བརྟགས་པ་འགོག་པའི་རིགས་པ་དང༌། རྣལ་འབྱོར་པའི་བློས་བརྟགས་པ་འགོག་པའི་རིགས་པའོ། །རིགས་པ་དང་པོ་ལ་ལྟོས་ནས་སྟོང་ཉིད་དོན་དམ་དུ་བཞག་ལ། རིགས་པ་གཉིས་པ་ལ་ལྟོས་ནས་ནི་སྟོང་ཉིད་ཀྱང་བརྫུན་པར་གྲུབ་སྟེ་ཞེས་གསུངས་ལ། དེ་ཉིད་ཁྱེད་རང་གིས་ཀྱང་ཕྱོགས་སྔ་མར་བྲིས་པས་ཁས་ལེན་མེད་པར་ཤེས་བཞིན་དུ་ཐལ་བ་འཕེན་པ་ནི། རིགས་པས་ཤིན་ཏུ་འཕོངས་པའི་རྒྱུ་ལས་འབྱུང་བའི་ཕྱིར་རོ། །འོ་ན་ཐལ་བ་དེ་ཕྱིར་བཟློག་པའི་ཚུལ་ཇི་ལྟར་ཞེ་ན། ཁྱེད་ཀྱིས་འདི་སྐད་དུ། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་མི་འབྱེད་པའི་ཤེས་བྱེད་དུ་ཀུན་རྫོབ་ཡིན་ན་ཐ་སྙད་དུ་ཡང་བརྫུན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཐ་སྙད་དུ་བདེན་གྲུབ་ཡིན་པར་ཐལ་ལོ། །ཁྱབ་སྟེ། བདེན་བརྫུན་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །ཞེས་སྔ་མ་དེའི་དེ་མ་ཐག་ཏུ་ཡེ་གེར་བྲིས་སོ། །དེ་ལྟར་བྲིས་མོད་དེ་ལས་ཅིར་འགྱུར་ཞེ་ན། འོ་ན་སྟོང་ཉིད་དང་མྱང་འདས་ཆོས་ཅན། བདེན་གྲུབ་ཏུ་ཐལ། བརྫུན་པ་མ་ཡིན་པའི་ཕྱིར། གསུམ་ཅར་དངོས་འགལ་ལོ། །དངོས་འགལ་གྱི་ཕུང་པོ་མི་ཟད་པ་ནི་དེ་ཡིན་གྱི། གཞན་དེ་ནི་མ་ཡིན་ནོ། །གཉིས་པ་ལུང་དང་མི་འགལ་བ་ནི་འདུ་བྱེད་བརྟག་པའི་རབ་ཏུ་བྱེད་པར་མྱ་ངན་ལས་འདས་པ་བདེན་པར་གསུངས་པ་དེ་ནི་འདུ་བྱེད་སོགས་ཀུན་རྫོབ་ཀྱི་དངོས་པོ་རྣམས་བདེན་པར་བཀག་ནས། དེ་ལྟར་མི་བདེན་པ་དེ་ཉིད་བདེན་པ་དང་མི་བསླུ་བར་བསྒྲུབས་པའི་སྐབས་ཡིན་གྱི་མཐར་ཐུག་གི་སྤྲོས་བྲལ་འཆད་པའི་སྐབས་མ་ཡིན་ཏེ། དཔེར་ན་འཇུག་འགྲེལ་དུ། རང་བཞིན་ཁྱད་པར་གསུམ་ལྡན་དོན་དམ་པར་ཡོད་པའི་ཤེས་བྱེད་དང༌། དེ་མེད་པ་ལ་གནོད་བྱེད་བཤད་པ་བཞིན་ནོ། །ཡང་རིགས་པས་འཕོངས་པའི་རྣམ་འགྱུར་འདི་སྐད་དུ་སྨྲ་སྟེ། སྟོང་ཉིད་ཆོས་ཅན། ཁྱོད་བསླུ་བའི་ཆོས་ཡིན་པར་ཐལ། ཁྱོད་ཆོས་གང་ཞིག་མི་བསླུ་བ་མ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན། ཐ་སྙད་དུ་ཡོད་ཅིང༌། བདེན་པར་མ་གྲུབ་པ་ལ་བརྫུན་པས་ཁྱབ་པར་བུད། འདོད་ན། དངོས་སུ་འགལ། རྟགས་ཟུར་དང་པོ་དངོས། མི་བསླུ་བ་ཡིན་ན་བརྫུན་པ་ཡིན་པ་བུད་ཅེས་ཡི་གེར་བྲིས་སོ། །འདི་ལ་ནི། སུན་འབྱིན་གྱི་གནས་ལ་ཅུང་ཟད་བློ་ཁ་ཕྱོགས་པ་དག་གིས་ཀྱང་ཤིན་ཏུ་ཁྲེལ་པར་འགྱུར་ཏེ། འདི་ལྟར་ཐོག་མར་ཁྱབ་པ་ཚད་སྒྲུབ་ནུས་པ་ཞིག ཁྱབ་པ་ཡེ་མེད་པ་གཅིག་གི་སྟེང་དུ་བསྒྲིགས། བསྒྲིགས་ཡུལ་གྱི་ཁྱབ་པ་དེ་ཡང་སྒྲིབ་པ་པོ་རང་ཉིད་ཀྱིས་ཁས་བླངས། འབྲེལ་མེད་ཀྱི་ཐལ་རོ་མང་པོ་འཕངས་པའི་གྲུབ་འབྲས་ལ་མི་བསླུ་ན་བརྫུན་པ་བུད་ཅེས་ཁས་ལེན་མེད་པའི་ཁྱབ་པ་སྔ་རྒོལ་ལ་གནོད་པ་ཅིར་ཡང་མི་འགྱུར་བ་ཞིག་ཕུད་ནས། དེའི་སྨྲེ་སྔགས་སུ་སྨྲས་པ་ནི། གང་ཞིག་ཟླ་བ་འགོག་པའི་ཟོལ་སྦྱོར་གྱིས། །ཞེས་སོགས་ཤླཽ་ཀ་གསུམ་འདོན་ནོ། །ཡང་འདི་སྐད་དུ། ཆོས་ཉིད་ཀུན་རྫོབ་ཏུ་སྨྲས་ནས་སླར་ཡང་སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་སྣང་མེད་དུ་སྨྲ་བའང་དྲན་པ། རྣལ་དུ་མ་བཞག་པ་ཡིན་ནོ། །ཞེས་ཀྱང་བྲིས་སོ། །འོ་ན་འདི་སྐད་དུ་སྨྲ་བ་པོ་ཁྱེད་ཀྱིས་ཀྱང་དྲན་པ་རྣལ་དུ་མ་བཞག་པར་ཐལ་བའམ། ལེགས་ལྡན་འབྱེད་ལ་སོགས་པའི་རང་རྒྱུད་པ་ཆེན་པོ་རྣམས་ཀྱིས་ཀྱང་དེ་ལྟར་དུ་ཐལ་བར་འགྱུར་ཏེ། དེ་དག་གིས་ཀྱང་གང་ཟག་གི་བདག་མེད་ཀུན་རྫོབ་ཀྱི་བདེན་པར་སྨྲས་ནས་སླར་ཡང་དེ་ཉིད་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་སྣང་མེད་དུ་སྨྲ་བའི་ཕྱིར་རོ། །འདིར་སྨྲས་པ། སྔོན་གྱི་དམ་པའི་གཤེགས་ཤུལ་ཉམས་དགའ་བ། །ལོག་པར་སྟོན་པའི་རང་བཟོས་འགེབས་འདོད་ནས། །གཞན་ཟེར་འཁྱོག་པོའི་རླུང་དམར་ལ་བརྟེན་པའི། །ཕྲག་དོག་ཚུབ་མའི་ཁང་པར་གནས་པ་འགའ། །གཞན་ལ་སྨོད་པའི་ཚིག་དང་ལྕེ་བདེ་ཡང༌། །གཞན་ཟེར་བྱེ་མའི་ཐང་ཆེན་མ་གཏོགས་པ་དང༌། །རང་གི་རྣམ་དཔྱད་རིགས་པའི་ལམ་ཚོལ་ཚེ། །སྒྱུ་མའི་རང་བཞིན་བསྟན་པ་ངོ་མཚར་ཏོ། །དེ་ལྟར་བདེན་མེད་ཀྱི་སྤྲོས་པ་འགོག་པའི་དགག་བྱ་ངོས་བཟུང་ནས། དེ་འགོག་བྱེད་ཀྱི་རིགས་པ་བཤད་པ་ནི། ཇི་སྐད་དུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང༌། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་དང༌། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་དང༌། བརྒྱ་པ་ལས། སྟོང་མིན་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་གཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །ཞེས་གསུངས་པ་དང༌། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་བཀག་མེད་གསལ། །ཞེས་དང༌། བཏགས་པའི་རང་གི་ངོ་བོ་ནི། །བཀག་པས་བཏགས་མིན་ཇི་ལྟར་འགྱུར། །ཞེས་དང༌། ཤེས་རབ་ལེའུ་ལས། དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །ཞེས་དང༌། དབུ་མའི་རྒྱན་ལས། སྐྱེ་བ་ལ་སོགས་པ་བཀག་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཡུལ་མེད་པ་ལ་དགག་པའི་སྒྲ། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་དག་གི་དོན་ནི། ཆོས་ཅན་ཀུན་རྫོབ་པའི་དངོས་པོ་རྣམས་ཆོས་ཅན། ཁྱོད་ཀྱི་སྟེང་དུ་དགག་བྱ་ཀུན་རྫོབ་ཀྱི་བདེན་གྲུབ་བཀག་པའི་བདེན་མེད་དེ་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་ཀུན་རྫོབ་ཀྱི་བདེན་གྲུབ་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་མེད་ན་དེའི་ཤི་བ་མེད་པ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །གཞུང་འདི་དག་གི་དོན་ལ་གངས་ཅན་པ་ཕྱི་མ་གཞན་དག ཁྱབ་བྱེད་བདེན་གྲུབ་བཀག་པའི་རྟགས་ཀྱིས་ཁྱབ་བྱ་སྟོང་ཉིད་བདེན་གྲུབ་འགོག་པ་ཡིན་ནོ་ཞེས་ཟེར་བ་ནི་ཤིན་ཏུ་ནོར་བ་ཡིན་ཏེ། དེ་ལྟ་ན་གཏན་ཚིགས་དེ་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་ཐལ་བའི་ཕྱིར། དཔེར་ན་ཁྱབ་བྱེད་དངོས་པོ་ཁེགས་ན། ཁྱབ་བྱ་བུམ་པའི་དངོས་པོ་ཁེགས་ཟིན་པ་བཞིན། སྟོང་ཉིད་བདེན་གྲུབ་འགོག་པའི་སྔ་རོལ་དུ་ཁྱབ་བྱེད་བདེན་གྲུབ་སྤྱིར་ཁེགས་པའི་རིགས་པ་སྔོན་དུ་སོང་བ་ཡང་མ་ཡིན་ཏེ། གཅིག་དུ་བྲལ་ལ་སོགས་པའི་རྟགས་ཀྱིས་བུམ་སོགས་ཀུན་རྫོབ་པའི་དངོས་པོ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་སྔོན་དུ་སོང་ཡང༌། རིགས་པ་དེ་ཙམ་གྱིས་སྤྱིར་བདེན་གྲུབ་མཐའ་དག་མ་ཁེགས་པའི་རྒོལ་བའི་ངོར། རིགས་པ་འདིས་སྟོང་ཉིད་བདེན་གྲུབ་འགོག་དགོས་པ་ཡིན་པའི་ཕྱིར། མདོར་ན། འདི་ལྟར་གོ་བར་བྱ་སྟེ། དང་པོར་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པས་ནི་སྤྱིར་ཀུན་རྫོབ་དང༌། བྱེ་བྲག་ཏུ་དངོས་པོ་དཔྱད་གཞིར་བཟུང་ནས་དེའི་སྟེང་དུ་དགག་བྱ་ཀུན་རྫོབ་ཀྱི་བདེན་གྲུབ་འགོག་པར་བྱེད་དོ། །གཉིས་པ་བདེན་མེད་ཀྱི་སྤྲོས་པ་གཅོད་པའི་སྐབས་སུ་ནི། ཆོས་ཅན་ཀུན་རྫོབ་ཀྱི་སྟེང་གི་བདེན་མེད་དེ་ཉིད་དཔྱད་གཞིར་བཟུང་ནས། དེའི་སྟེང་དུ་དགག་བྱ་དོན་དམ་པའི་བདེན་པར་གྲུབ་པ་ཉིད་འགོག་པར་བྱེད་དོ། །དེ་ལྟར་བུམ་སོགས་ཀྱི་སྟེང་དུ། ཀུན་རྫོབ་ཀྱི་བདེན་གྲུབ་བཀག་པས་ནི། བུམ་སོགས་ཡོད་པ་མ་ཡིན་པར་བཤད་དོ། །དེའི་སྟེང་དུ་དོན་དམ་པའི་བདེན་གྲུབ་བཀག་པས་ནི། བུམ་སོགས་མེད་པ་མ་ཡིན་པར་བཤད་དོ། །ཆོས་ཅན་དེའི་སྟེང་དུ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གཉིས། རིགས་ཤེས་ཀྱི་ངོར་ཁེགས་ཀྱང་རིགས་པས་མ་དཔྱད་པའི་ཚེ་རྣམ་ཤེས་ཀྱི་ངོར་སྣང་ཙམ་གྱི་ངོ་བོ་འདོར་མ་ནུས་པ་དེ་ལ་སྣང་ལ་རང་བཞིན་མེད་པ་ཞེས་དང༌། སྣང་སྟོང་ཟུང་དུ་འཇུག་པ་དང༌། བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱ་བའི་མིང་གིས་བཏགས་སོ། །དེ་ལྟར་ཡོད་མེད་ཀྱི་མཐའ་གཉིས་ཁེགས་པ་ན་མཐའ་གཞན་གཉིས་ནི་ཟུར་དུ་མ་བཀག་ཀྱང་ཁེགས་ཏེ། སྔར་བཀག་པའི་ཡོད་མེད་གཉིས་པོ་འཇིག་རྟེན་པའི་བློ་ངོར་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །དེ་ཡང་འདིར་མེ་ལ་སོགས་པ་ཀུན་རྫོབ་པའི་དངོས་པོ་ཞིག་ཁྱད་གཞིར་བཟུང་ནས་ཡོད་པ་མ་ཡིན་ཞེས་བརྗོད་པའི་ཚེ། ཀུན་རྫོབ་ཀྱི་རང་བཞིན་ཚ་བ་ལྟ་བུ་དེ་མེའི་རང་བཞིན་དུ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་དུའོ། །མེད་པ་མ་ཡིན་ཞེས་བརྗོད་པའི་ཚེ། ཀུན་རྫོབ་ཀྱི་རང་བཞིན་དུ་མེད་པ་དེ་ཉིད་ཀྱང་དེའི་རང་བཞིན་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་མེ་རང་བཞིན་གྱིས་མེད་པ་ལྟ་བུ་ཞིག་ཁྱད་གཞིར་བཟུང་ནས་ཡོད་པ་མ་ཡིན་ཞེས་བརྗོད་པའི་ཚེ། དོན་དམ་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏེ། འདི་ནི་ཐ་མར་ལྟ་བ་ཀུན་བཟློག་པའི་རིགས་པས་བཤད་པ་ཡིན་ནོ། །ཡང་དེ་མེད་པ་མ་ཡིན་ཞེས་བརྗོད་པའི་ཚེ། ཀུན་རྫོབ་ཀྱི་རང་བཞིན་དུ་མེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནི་བསོད་ནམས་མ་ཡིན་པ་དང་པོར་བཟློག་པའི་རིམ་པས་བསྟན་པ་ཡིན་ནོ། །ཡང་ན་ནི་ཆོས་ཐམས་ཅད་ཀྱི་སྟེང་དུ་དོན་དམ་པར་ཡོད་པ་མ་ཡིན། ཐ་སྙད་དུ་མེད་པ་མ་ཡིན་ཞེས་བྱ་བ་ནི་བར་དུ་བདག་བཟློག་པ་དང༌། ཐ་མར་ལྟ་བ་ཀུན་བཟློག་པའི་རིམ་པ་གཉིས་ཀྱིས་བསྟན་ལ། དེ་ལྟར་བསྟན་པ་དེ་ལ་མཉམ་གཞག་ཏུ་སྤྲོས་པའི་ཚོགས་ཐམས་ཅད་ལས་གྲོལ་བ་དང༌། རྗེས་ཐོབ་ཏུ་བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱའོ། །དེ་ལྟར་བཤད་པ་འདི་དང༌། གཞན་དག་བུམ་སོགས་ཐ་སྙད་དུ་ཡོད་དོན་དམ་པར་མེད་ཅེས་ཟེར་བ་འདི་གཉིས་ཤིན་ཏུ་མ་འདྲེས་པར་བྱ་དགོས་ཏེ། རྟོག་གེའི་བག་ཆགས་གོམས་པའི་དབང་གིས་འདྲེས་པ་ཤ་སྟག་ཏུ་མཐོང་ངོ༌། །གསུམ་པ་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚུལ་ལ་གཉིས་ལས། དང་པོར་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ། མཉམ་བཞག་ཏུ་སྤྲོས་པ་གཅོད་པའི་དུས་སུ་ནི། སྤྲོས་པའི་མཚན་མ་ཅི་ཡང་ཁས་མི་ལེན་པ་ཟླ་བ་གྲགས་པའི་ལུགས་དང༌། བདེན་སྟོང་བཀག་ཤུལ་དུ་བདེན་མེད་ཁས་ལེན་པ་རང་རྒྱུད་པའི་ལུགས་སོ། །རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚེ་ནི། དོན་དམ་བདེན་པའི་མཚན་ཉིད་དང་མཚན་གཞི་རྣམས་ཇི་ལྟ་བ་བཞིན་དུ་ཁས་ལེན་ཞིང་མྱུ་གུ་ལྟ་བུའི་སྟེང་དུ་བདེན་མེད་སྒྲུབ་པར་འདོད་པ་དང༌། མི་འདོད་པའི་ལུགས་གཉིས་ཡོད་ཀྱང༌། བདེན་ཡོད་འགོག་པའི་སྐབས་ཡིན་གྱི། བདེན་མེད་འགོག་པའི་སྐབས་མ་ཡིན་པ་གཉིས་ཀ་མཐུན། བདེན་ཡོད་བཀག་ན་བདེན་མེད་དུ་འགྲོ་མི་འགྲོའི་ལུགས་གཉིས་ཡོད་ཀྱང༌། བདེན་མེད་བཀག་ན་བདེན་ཡོད་དུ་ཁས་ལེན་དགོས་སོ། །མྱུ་གུ་ལ་སོགས་པ་ཀུན་རྫོབ་བདེན་པར་བཤད་པ་རྣམས་ཡོད་པ་མ་ཡིན་པར་ཁས་ལེན་ཞིང༌། མེད་པར་ཁས་ལེན་པ་དང༌། མི་ལེན་པའི་ལུགས་གཉིས་ལས་དང་པོ་རང་རྒྱུད་པའི་ལུགས་དང༌། ཕྱི་མ་ཐལ་འགྱུར་བའི་ལུགས་ཡིན་ལ། ལུགས་འདི་ལ་ཡང་མེད་པར་ཁས་མི་ལེན་པ་ཙམ་ཡིན་གྱི་མེད་པ་ལ་གནོད་བྱེད་ཀྱི་རིགས་པ་མི་འཆད་པས་མེད་པར་ཁས་མ་བླངས་ཀྱང་ཡོད་པར་མི་འགྱུར་རོ། །ཡང་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་མི་ཆོད། དོན་དམ་དུ་ཡོད་པ་མ་ཡིན་པ་དང༌། མེད་པས་ཡོད་པ་མ་ཡིན་པའི་གོ་ཆོད། འདིར་ཡོད་ན་སྤྱིར་བདེན་པ་དང༌། བྱེ་བྲག་ཏུ་དོན་དམ་པའི་བདེན་པ་ཡིན་པས་ཁྱབ། དེ་དང་དེ་ཡིན་ན་བདེན་པར་གྲུབ་པས་ཁྱབ་ཀྱང༌། རིགས་པས་དཔྱད་བཟོད་པས་མ་ཁྱབ་སྟེ། དཔེར་ན་མདོ་སྡེ་པས་རྡུལ་ཕྲ་རབ་བདེན་གྲུབ་ཏུ་འདོད་ཀྱང༌། རིགས་པས་དཔྱད་བཟོད་དུ་ཁས་ལེན་པའི་ངེས་པ་མེད་པ་བཞིན། དེ་བས་ན་དོན་དམ་པའི་བདེན་པ་དང་སྟོང་ཉིད་སོགས་ཁས་ལེན་པའི་ཤེས་བརྗོད་ཀྱི་ངོར་དེ་དང་དེ་ལ་རིགས་པའི་དཔྱད་པ་ཅུང་ཟད་ཀྱང་མ་བྱས་པར་ཁས་ལེན་དགོས་པ་ཡིན་ཏེ། དཔྱད་ན་ཁས་ལེན་རྒྱུ་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར། ཁས་ལེན་པ་དེའི་ཚེ་སྟོང་ཉིད་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་དུ་བདེན་པ་གཉིས་ཀ་ཡིན་མོད། ཀུན་རྫོབ་དང་ཀུན་རྫོབ་ཀྱི་བདེན་པ་ནི་གང་དུ་ཡང་ཁས་མི་ལེན་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །སྟོང་ཉིད་དང་མྱང་འདས་སོགས་དོན་དམ་བདེན་པར་ཁས་ལེན་པ་འདི་ཡང༌། སྤྲོས་བྲལ་གོ་ཆོད་པོ་མངོན་སུམ་དུ་མ་རྟོགས་པའི་སོ་སོ་སྐྱེ་བོ་དང༌། ཉན་རང་འཕགས་པའི་དབང་དུ་བྱས་པ་ཡིན་ཏེ། སྐབས་འདིར་ནི་ཀུན་རྫོབ་ཀྱི་བདེན་ཡོད་ཁེགས་ལ། དོན་དམ་གྱི་བདེན་ཡོད་མ་ཁེགས་པའི་དབང་དུ་བྱས་པའི་ཕྱིར། དེ་སྐད་དུ་ཡང༌། ཡང་དག་མ་མཐོང་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །ཡང་དག་མཐོང་པས་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་གསུངས་སོ། །གཉིས་པ་ཐ་མར་ལྟ་བ་ཀུན་བཟློག་པའི་རྗེས་ཀྱི་ཤེས་པས་འདོགས་ཚུལ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང༌། དོན་དམ་གྱི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་རྣམས་ཀུན་རྫོབ་ཏུ་འཇོག་ཚུལ་དང༌། གཉིས་སུ་ཕྱེ་བའི་དོན་དམ་པའི་བདེན་པ་རྣམས་ཀྱང་ཀུན་རྫོབ་བདེན་པར་ཐ་སྙད་འདོགས་ཚུལ་ལོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་ཟིན་པ་དེ་ཡིན་ནོ། །གཉིས་པ་ནི་བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་སྐབས་སུ། དོན་དམ་བདེན་པའི་མཚན་ཉིད་དང་མཚན་གཞིར་གཞུང་ལུགས་ལས་བཤད་པ་དང༌། བཤད་པ་བཞིན་འཆད་ཉན་བྱེད་པའི་རྟོག་པ་ལ་ཤར་བ་དང༌། ཤར་ནས་དེ་དང་དེར་ཐ་སྙད་བཏགས་པ་དེ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྒྲ་དང་རྟོག་པས་ཐ་སྙད་བྱས་པ་ཡིན་པའི་ཕྱིར། གང་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་དེ་ཐམས་ཅད་ཡོད་མ་ཡིན་ཏེ། དེ་ཐམས་ཅད་མཐོང་བ་བརྫུན་པས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། འོ་ན་སྤྲོས་པ་ཕྱོགས་གཅིག་བཀག་པའི་བདེན་སྟོང་ཉིད་མྱ་ངན་ལས་འདས་པ་ལྟ་བུ་རང་རྒྱུད་ཀྱི་གཞུང་ལས་མཐུན་པའི་དོན་དམ་དང༌། ཡང་དག་ཀུན་རྫོབ་ཏུ་བཤད་པ་ལྟར་དེ་དང་དེར་འཇོག་པ་རིགས་མོད། སྤྲོས་པ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཉིད་མཐར་ཐུག་པ་དེ་ཡང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་ནམ་ཞེ་ན། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཤེས་བརྗོད་ཀྱིས་ཐ་སྙད་བྱས་པའི་ཕྱིར། དེ་སྐད་དུ་ཡང༌། ཐལ་རང་གི་སློབ་དཔོན་དག་གིས་མཐུན་པར་ཁུངས་སུ་དྲངས་པའི་མདོ་ལས། དོན་དམ་པའི་བདེན་པ་ལ་ནི་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལྟ་ཅི་སྨོས། ཞེས་གསུངས་སོ། །འོ་ན་དོན་དམ་བདེན་པའི་མཚན་གཞི་དེ་ཅི་ཞེ་ན། དེ་ནི་ཁོ་བོས་བརྗོད་པར་མི་ནུས་ཏེ་འཕགས་པ་རྣམས་ཀྱིས་བརྗོད་པར་མ་ནུས་པའི་ཕྱིར་རོ། །ཇི་སྐད་དུ་ཡང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་དང༌། བདེན་གཉིས་རྣམ་འབྱེད་ཀྱི་འགྲེལ་པར་མདོ་དྲངས་པ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གིས་ནི་རང་རང་གིས་བསྟན་པ་བཤད་ཟིན་ན་ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་མཛོད་ཅིག དེ་ནས་ལི་ཙ་བྱི་ཅིའང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་གང་ལ། ཡི་གེ་དང་སྐད་དང་རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་སྒོ་ལ་འཇུག་པས་ཏེ། ལེགས་སོ་ལེགས་སོ་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །ཞེས་ཁུངས་སུ་དྲངས་ནས་དེའི་དོན་ཚིགས་སུ་བཅད་ནས་སྨྲས་པ་ནི། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུངས་བཞུགས། །གཉིས་པོ་དག་ལ་དབེན་པའི་དངོས། །གཞན་དབང་དངོས་པོ་ཡང་དག་ན། །དྲིས་ན་ཅི་ཕྱིར་རྒྱལ་བའི་སྲས། །དེ་ནི་མི་གསུང་བཞུགས་པར་འགྱུར། །བརྡ་ཤེས་རིགས་པ་ཤེས་པ་ཡི། །སྐྱེ་བོ་དག་ནི་ཇི་ལྟར་ཡང༌། །རང་གིས་རྟོགས་པ་རྗོད་བྱེད་དེ། །དེ་བས་མི་གསུང་མི་རིགས་སོ། །དེ་ལྟ་མིན་ན་སྒྲ་རྣམས་ཀྱི། །རང་གི་མཚན་ཉིད་མཐར་ཕྱིན་ཉིད། །རིགས་པར་སྨྲ་བས་གང་བརྗོད་དེ། །ཇི་ལྟར་རིགས་པ་གསལ་བར་སྨྲོས། །གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད། །དེ་ཡི་ཕྱིར་ན་དྲིས་ཀྱང་དོན། །མི་གསུང་བཞུགས་པར་རྒྱ་ཆེར་བཤད། །ཅེས་གསུངས་པ་དང༌། ཚིག་གསལ་ལས། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅི་ཡང་མི་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་བདེན་གཉིས་རྣམ་འབྱེད་ཀྱི་འགྲེལ་པར་དོན་དམ་པ་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ཏེ། ཚིག་ཐ་མ་ཁོ་ནས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་མི་བསླུ་མིན་ཕྱིར་ཏེ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དང༌། ཤེས་བྱ་ལ་བདེན་པ་གཉིས་སུ་ཕྱེ་བའི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་འབྱེད་པ་དེ་ཡང་སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་འཇོག་པར་རིགས་པ་དྲུག་ཅུ་པ་ལས་གསུངས་སོ། །འོ་ན་དེའི་མཚན་གཞི་བརྗོད་པར་མི་ནུས་ན་མེད་པར་ཁས་ལེན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཐེག་པ་ཆེན་པོའི་འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་མཉམ་གཞག་ཡེ་ཤེས་ཀྱི་ཉམས་སུ་མྱོང་བར་བྱ་བའི་དེ་ཁོ་ན་ཉིད་དེ་ཡང་མེད་པ་མ་ཡིན་ལ་དེ་དང་དེ་ཡིན་ན། དེའི་མཚན་གཞི་ཡིན་དགོས་པའི་ཕྱིར། འོ་ན་དེ་ཉིད་ཅི་ཞེ་ན། དེ་ཡང་དག་ཏུ་གཟུང་བར་ནུས་པ་མ་ཡིན་ཏེ། བརྗོད་པ་དང་བྲལ་བའི་ཕྱིར་རོ། །འོ་ན་ཡོད་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པར་འགྱུར་ཏེ། ཅིག་ཤོས་ཀྱི་མཚན་གཞིར་གཟུང་བར་མ་ནུས་པའི་ཕྱིར་ཞེ་ན། མ་ངེས་པ་ཡིན་ཏེ། འདི་ལྟར་ཁྱོད་ཀྱི་ལུགས་ལ་ཡོད་ན་མདུན་གྱི་ཀ་གཟུགས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་མ་ཡིན་དགོས་པར་འགྱུར་ཏེ། དེ་གཟུང་བར་མི་ནུས་པའི་ཕྱིར། འོ་ན་ཅི་ཞེ་ན། ཡོད་ན་དོན་དམ་པའི་བདེན་པ་ཡིན་དགོས་ཏེ། ཡོད་ན་དབུ་མ་པ་ལ་གྲགས་པའི་ཚད་མས་གྲུབ་དགོས། ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ནི་དེས་གྲུབ་པར་འགལ་བའི་ཕྱིར། དེ་ལྟ་ཡིན་ན་ཡང་དོན་དམ་པའི་བདེན་པ་ཡིན་ན་ཡོད་དགོས་པ་མ་ཡིན་ཏེ། དེ་ཡིན་ན་ཡོད་མེད་སོགས་ཀྱི་མཐའ་དང་བྲལ་དགོས་པའི་ཕྱིར། འོ་ན་དོན་དམ་པའི་བདེན་པ་ཆོས་ཅན། ཡོད་མེད་ཀྱི་མཐའ་དང་བྲལ་བ་མ་ཡིན་པར་ཐལ། ཡོད་པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་སྙམ་ན། ཁྱབ་པ་འགལ་བ་དང༌། རྩ་བར་རྟགས་མ་གྲུབ་པ་ཡིན་ནོ། །འདོད་ན། དོན་དམ་པའི་བདེན་པ་ཡོད་པ་མ་ཡིན་ན། ཡོད་ན་དོན་དམ་པའི་བདེན་པར་འགལ་ལོ་ཞེས་ཀྱང་བརྗོད་པ་མི་ནུས་ཏེ། དོན་དམ་པའི་བདེན་པ་ཡིན་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འགལ་ཡང༌། དོན་དམ་པའི་བདེན་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་བཞིན་ནོ། །མདོར་ན་བརྗོད་བྲལ་གྱི་ཐ་སྙད་འདོགས་པའི་སྐབས་འདིར། གང་དོན་དམ་པའི་བདེན་པ་ཡིན་ན་དོན་གང་དུ་ཡང་བརྗོད་པར་མི་ནུས་པས་ཁྱབ་ཀྱང༌། གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། རང་གི་ཡུལ་ཅན་གྱི་ཀུན་རྫོབ་དེའི་ངོར་སྤྲོས་པའི་མཐའ་གང་རུང་གཅིག་ཏུ་བརྗོད་དགོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་འཇོག་པ་ནི་བརྗོད་བཅས་ཀྱི་སྒོ་ནས་འཇོག་པ་ཡིན་གྱི། བརྗོད་བྲལ་གྱི་སྒོ་ནས་འཇོག་པ་མ་ཡིན་པའི་ཕྱིར། དེ་ལྟར་ཡིན་པ་དེའི་ཕྱིར། གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ཀུན་རྫོབ་ཏུ་ཡོད་པས་ཁྱབ་ཀྱང༌། རང་ལུགས་ལ་ཡོད་པ་མ་ཡིན་དགོས་པ་ཡིན་ཏེ། རག་ལུགས་ཀྱི་ཚད་མ་གང་གིས་ཀྱང་མ་དམིགས་དགོས་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཀྱི་བདེན་པར་བཤད་པ་གང་ཡིན་པ་དེ་རྣམས་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པ་མ་ཡིན་པར་ཐལ། སྤྲོས་པའི་མཐའ་གང་དུ་ཡང་ཁས་མི་ལེན་པའི་ཕྱིར་སྙམ་ན་ནི། ཁྱབ་པ་འགལ་བ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པའི་གོ་དོན་ནི། ལྷན་ཅིག་སྐྱེས་པའི་བློ་འཁྲུལ་པ་ལ་སྣང་ཞིང༌། སྣང་བ་ལྟར་ཡོད་པ་མ་ཡིན་པ་ལ་འཆད་པའི་ཕྱིར། དེའི་ཕྱིར་ཐལ་བ་དེ་ལྟར་འཕེན་པ་ནི། འཇིག་རྟེན་གྱི་ངོར་དེར་ཁས་མི་ལེན་པར་ཐལ། དབུ་མའི་ལུགས་ལ་དེར་ཁས་མི་ལེན་པའི་ཕྱིར་ཟེར་བ་ཉིད་དུ་སོང་བ་ཡིན་ནོ། །གཉིས་པ་དོན་དམ་བདེན་པའི་དབང་དུ་བྱས་པའི་ཐ་སྙད་འཇོག་ཚུལ་ནི། སྤྱིར་རིགས་པས་མ་དཔྱད་པར་ནི་མྱུ་གུ་སྐྱེ་ཞེས་དང༌། འབྲས་ཆན་ཟ་ཞེས་དང༌། སྐྱེད་མོས་ཚལ་དུ་འགྲོ་ཞེས་ཁས་ལེན་ལ། དེ་ལྟར་ཁས་ལེན་པ་དེ་ནི་དབུ་མའི་རང་ལུགས་མ་ཡིན་ཏེ། འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་བཞག་པའི་ཕྱིར། འོ་ན་མྱུ་གུ་མཐའ་བཞི་པོ་གང་ལས་སྐྱེ་ཞེས་དང༌། ཟོས་ཟིན་པ་ཟ་འམ། ཟོས་མ་ཟིན་པ་ཟ་བ་ཞེས་དང༌། སོང་ཟིན་པའི་ལམ་ལ་འགྲོ་འམ། མ་སོང་བའི་ལམ་ལ་འགྲོ་འམ། གོམ་བཞིན་པའི་ལམ་ལ་འགྲོ་ཞེས་རྣམ་པར་དཔྱོད་པ་ནི་དབུ་མའི་རིགས་པ་ཡིན་ལ། དེའི་ཚེ་ན་སྐྱེ་བ་དང་ཟ་བ་དང་འགྲོ་བ་སོགས་ཁས་མི་ལེན་ཏེ། དེ་ལྟར་དཔྱད་པའི་ཚེ་ན་སྐྱེ་བ་སོགས་མ་དམིགས་པའི་ཕྱིར། འོ་ན་དེའི་ཚེ་ན་དེ་དང་དེ་མི་སྐྱེ་བ་དང༌། མི་ཟ་བ་དང་མི་འགྲོ་བ་སོགས་ཡིན་པར་ཁས་ལེན་པ་ཡིན་ནམ་ཞེ་ན། དེ་ཡང་ཁས་མི་ལེན་ཏེ། དེ་དང་དེའི་འགལ་ཟླ་སྐྱེ་བ་སོགས་ཡོད་ན། དེའི་གཉེན་པོ་མི་སྐྱེ་བ་སོགས་ཁས་ལེན་པར་རིགས་ན་ཡང༌། འགལ་ཟླ་སྐྱེ་སོགས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་དཔྱད་པའི་ཚེ། མྱུ་གུ་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རིགས་པས་བཙལ་བ་ན་གང་དུ་ཡང་མི་རྙེད་པའི་ཕྱིར་རོ། །དེ་ལྟར་དཔྱད་པའི་ཚེ་དེ་མེད་པ་ཡང་མ་ཡིན་ཏེ། དེའི་འགལ་ཟླ་ཡོད་ན་གཉེན་པོ་མེད་པ་ཞེས་བྱ་བ་དེ་རིགས་ན་ཡང༌། དེ་མེད་པའི་ཕྱིར་གཅིག་ཤོས་ཀྱང་མེད་དོ། །དེ་ལྟར་དཔྱད་པ་དེའི་ཚེ་ན་མྱུ་གུ་ལྟ་བུ་དེ་ཡོད་མེད་གཉིས་ཀ་མ་ཡིན་ཏེ། རེ་རེ་ནས་བཀག་པའི་ཕྱིར་རོ། །གཉིས་ཀ་མ་ཡིན་པ་ཡང་མ་ཡིན་ཏེ། འགལ་ཟླ་ཡོད་མེད་གཉིས་ཀ་ཞེས་བྱ་བ་གཅིག་ཡོད་ན། དེའི་གཉེན་པོ་གཅིག་ཤོས་དེ་ཡོད་པར་རིགས་ན་ཡང༌། དེ་མེད་པའི་ཕྱིར་དེ་ཡང་མེད་དོ། །དེ་ལྟར་མྱུ་གུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འགྱུར་པ་དེའི་ཚེ་ན། དེ་འདྲ་བའི་སྤྲོས་པ་དེ་ཡང་དེར་འཛིན་པའི་རྟོག་པ་དང༌། དེ་བརྗོད་པའི་ཐ་སྙད་ཀྱི་ངོར་ཡོད་པ་ནི། སྤྲོས་བྲལ་དེ་ཀུན་རྫོབ་བདེན་པར་འཇོག་པའི་ལུགས་ཡིན་ལ། དབུ་མའི་རིགས་པས་དཔྱད་པ་ཞུགས་པའི་ཚེ་ན་ནི་དེ་ཡང་ཡོད་པ་མ་ཡིན་ཏེ། དེའི་འགལ་ཟླ་སྤྲོས་པ་མེད་པའི་ཕྱིར། དེ་བཞིན་དུ་སྦྱར་བས་མཐའ་བཞི་ཀ་དང་བྲལ་ལོ། །དེ་ལྟར་ན་ཆོས་ཅན་མྱུ་གུ་དང་དེའི་ཆོས་ཉིད་སྤྲོས་བྲལ་གཉིས་ཀ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། འཕྲལ་ཕུགས་ཀྱི་འཁྲུལ་རྒྱུས་འཁྲུལ་པར་བྱས་པའི་བློ་ལ་སྣང་ཞིང་སྣང་བ་ལྟར་ཡོད་མེད་དཔྱོད་པའི་རིགས་པས་དཔྱད་ན་མ་རྙེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་བརྒྱད་སྟོང་འགྲེལ་ཆེན་ལས། རྣམ་པར་དཔྱད་པའི་དཔུང་མི་བཟོད་པའི་ཕྱིར་ཀུན་རྫོབ་བོ། །ཞེས་གསུངས། མི་བཟོད་ཀྱང་མཐོང་བ་བརྫུན་པའི་ཡུལ་དུ་འགྱུར་བའི་གོ་སྐབས་མི་སྲིད་ན་ནི་ཀུན་རྫོབ་བདེན་པར་བཞག་མི་ནུས་སོ། །ཞེས་བྱ་བ་ནི་འདིར་ངེས་པར་བཟུང་བ་ཡིན་ནོ། །དེ་ལྟར་ན་སྒྲ་རྟོག་གི་ཡུལ་དུ་གང་བྱས་པ་འདི་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེའི་ཚེ་དེ་ཐམས་ཅད་ཡུལ་ཅན་གྱི་སྒྲ་དང་རྟོག་པའི་ངོར་སྤྲོས་པའི་མཐའ་གང་རུང་གཅིག་ལས་མ་འདས་པ་ཡིན་ཏེ། དེ་དང་དེ་སྒྲ་རྟོག་གི་ཡུལ་ན་འདུག་པ་དེའི་ཚེ། དེ་དང་དེ་དཔྱད་གཞིར་བཟུང་ནས་དབུ་མའི་རིགས་པས་མི་དཔྱོད་པའི་སྐབས་ཡིན་པའི་ཕྱིར། དེ་དང་དེ་དཔྱད་གཞིར་བཟུང་ནས་དཔྱོད་པ་དེའི་ཚེ་ནི། དེ་དང་དེ་སྤྲོས་པའི་མཐའ་གང་དུ་ཡང་ཁས་མི་ལེན་ཞིང༌། དམ་མི་འཆའ་བས་དེའི་ཚེ་ན། ཁས་ལེན་དང༌། དམ་བཅའ་ཅི་ཡང་ཡོད་པ་མ་ཡིན་ནོ། །དོན་དེ་ལ་དགོངས་ནས། ཇི་སྐད་དུ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང༌། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱི་འགའ་ཞིག་དམིགས་ན་ནི། །སྒྲུབ་པ་འམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་གོང་དུ་བཤད་པ་དེ་ལྟ་བུའི་ཁྱད་པར་ཞིབ་མོར་མ་ཕྱེ་བར། བོད་ལ་ལ་དག་གིས་དབུ་མ་པ་དག་ལ་ཁས་ལེན་དང་དམ་བཅའ་གང་ཡང་མེད་དོ་ཞེས་ཟེར་ཞིང༌། གཞན་དག་གིས་དེ་སུན་འབྱིན་པའི་ཐལ་འགྱུར་གྱི་ཕྲེང་བ་དུ་མ་ཞིག་འཕེན་པར་བྱེད་པ་དེ་དག་ནི། ཇི་སྐད་དུ། རིགས་པ་མཁྱེན་པས། ལྟར་སྣང་བཅས་སོགས་བཀོད་པ་དང༌། །ལན་ནི་འབྲེལ་མེད་བཞད་གད་དེ། །ཞེས་གསུངས་པ་ཉིད་དང་མཚུངས་པ་ཡིན་ཏེ། དམ་བཅའ་འཇོག་པ་པོ་འགའ་ཞིག་གིས་ནི་བདེན་པ་གཉིས་ཀྱི་འཇོག་མཚམས་དང༌། བདེན་འཛིན་གྱི་སྤྲོས་པ་གཅོད་པ་དང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་རིམ་པ་གཉིས་ཡོད་པའི་ཤན་མ་ཕྱེད་ཅིང༌། ལྟ་བས་སྤྲོས་པ་གཅོད་པ་དང༌། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་རིམ་པ་མི་ཤེས་པར། སྤྱིར་དམ་བཅའ་དང་ཁས་ལེན་མེད་དོ་ཞེས་སྨྲ་ཞིང༌། འགའ་ཞིག་གིས་དེ་ལྟ་བུའི་ཤན་ཕྱེད་ནས། སྨྲས་ཀྱང་སུན་འབྱིན་པ་པོ་འགའ་ཞིག་གི་ཕྱོགས་སྔ་མའི་ནམ་མ་ལངས་པར། དགག་པའི་ཉི་མ་འཆར་བར་བྱས་པའི་ཕྱིར་རོ། །དེ་ལྟར་ན་བོད་ཕྱི་མ་དག་གི་འདོད་པ་དྲིས་ནས་འགོག་པ་གཉིས་ཏེ། རྣམ་དག་ལུང་ལ་བརྟེན་ནས་གཞན་གྱི་འདོད་པ་འགོག་ཅིང་རང་གི་འདོད་པ་སྒྲུབ་པ། གཞན་གྱི་འཕངས་པའི་ཐལ་བ་རྣམས་རང་ལ་མི་འཇུག་ཅིང༌། འཕེན་པ་དེ་ཉིད་ལ་འཇུག་པའོ། །དང་པོ་ནི། ཇི་སྐད་དུ། ཡེ་ཤེས་ཀྱི་སྙིང་པོ་ཀུན་ལས་བཏུས་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཅེས་གསུངས་པ་དེའི་དོན་ཅི་ཞེས་བོད་ཕྱི་མ་རྣམས་ལ་དྲིའོ། །དེའི་དོན་ལ་མཐུན་པར་འདི་སྐད་ཅེས་སྨྲ་སྟེ། བདེན་པར་ཡོད་པ་ཡང་མ་ཡིན། ཐ་སྙད་དུ་མེད་པ་ཡང་མ་ཡིན། ཞེས་སོགས་སུ་ཁས་ལེན་པར་བྱེད་པ་ཡིན་གྱི། སྒྲ་ཇི་བཞིན་པར་ཁས་བླངས་ན། དངོས་འགལ་གྱི་ཕུང་པོ་མི་ཟད་པས་ནོན་པར་འགྱུར་རོ། །ཞེས་ཟེར་བ་དང༌། ཁ་ཅིག་ནི། ཡོད་པར་ཡང་ཞེན་པ་མ་ཡིན་ཞེས་སོགས་སུ་འཆད་པ་དང༌། རྣམ་དཔྱོད་མི་བསྲུན་པ་གཞན་དག་ནི། ཡོད་པ་ཡང་བདེན་པ་མ་ཡིན། མེད་པ་ཡང་བདེན་པ་མ་ཡིན། ཞེས་སོགས་སུ་འཆད་པ་མཐའ་བྲལ་གྱི་དོན་ཡིན་ཞེས་ཟེར་རོ། །ལུགས་དེ་གསུམ་གང་ལྟར་ན་ཡང༌། སྤྱིར་ཆོས་ཐམས་ཅད་ཡོད་པ་དང༌། དོན་དམ་པར་མེད་པ་ཉིད་དུ་ཁས་ལེན་པ་དེ་མཐའ་བྲལ་གྱི་དོན་ཉིད་དུ་འཆད་པ་ཡིན་ནོ། །དེ་ནི་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། རིན་པོ་ཆེའི་འཕྲེང་བ་ལས། འཇིག་རྟེན་ཡོད་པའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་རྟེན་ཐར་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །ཡོད་དང་མེད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་དེ་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །གང་དག་དོན་གྱིས་མེད་ཉིད་དུ། །དམ་མི་འཆའ་ཞིང་མི་དཔྱོད་ལ། །བྱང་ཆུབ་རྟེན་ཕྱིར་སེམས་མེད་པ། །དེ་དག་ཇི་ལྟར་མེད་པར་བཤད། །གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲས་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་པ་འདི་དང་ཁྱེད་ཀྱི་འདོད་པ་དེ་འགལ་ལོ། །ཇི་ལྟར་ཞེ་ན། ཇི་སྐད་དུ་བཤད་པའི་ལུང་དེར་ནི་ཡོད་པ་སུན་པ་ན། མེད་པར་ཁས་ལེན་དགོས། མེད་པ་སུན་ཕྱུང་བ་ན་ཡོད་པར་ཁས་ལེན་དགོས་ཞེས་པའི་ཕྱོགས་སྔ་མ་བཞག་ནས། གཅིག་སུན་དབྱུང་བས་ཅིག་ཤོས་ཁས་ལེན་དགོས་པ་དེ་ཕྱི་རོལ་པ་ལ་ཡོད་པ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་འཛིན་པ་དག་ལ་ཉེས་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བཤད་ལ། ཁྱེད་ཅག་གིས་ནི་དེར་བཤད་པའི་ཕྱོགས་སྔ་མ་དེ་ཁས་བླངས་པའི་ཕྱིར། གང་ཡང་ཁྱེད་ལྟར་ན། བདེན་པར་ཡོད་པ་སུན་ཕྱུང་བ་ན་ཐ་སྙད་དུ་མེད་པ་ཁས་ལེན་དགོས་སོ། །ཐ་སྙད་དུ་མེད་པ་སུན་ཕྱུང་ན་བདེན་པར་ཡོད་པ་ཁས་ལེན་དགོས་སོ། །ཞེས་ཟེར་བ་ཕྱོགས་སྔ་མའི་དོན་དུ་འཆད་དགོས་ལ། དེ་ལ་ལན་འདེབས་པ་ན། ཐ་སྙད་དུ་ཡོད་པ་དང༌། བདེན་པར་མེད་པ་གཉིས་དོན་གཅིག་ལ་འདུ་བའི་ལན་འབྱུང་བར་རིགས་པ་ལས། དེ་ལྟར་མ་བཏབ་པར་གཉིས་ཀ་ཁས་མི་ལེན་པའི་ལན་བཏབ་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་དང༌། གྲངས་ཅན་སོགས་ཀྱིས་སྐབས་འདིའི་ཅིག་ཤོས་བཀག་ན་གཞན་དེ་ཁས་ལེན་དགོས་པར་བཤད་ལ། ཁྱེད་འདོད་པའི་འཆད་ལུགས་དེ་ལྟར་བཤད་ན། དེ་ཡང་དགོས་པ་མ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། གྲངས་ཅན་གྱིས་ནི་རྣམ་འགྱུར་རྣམས་དོན་དམ་པར་ཡོད་པ་མ་ཡིན་ཞིང༌། ཐ་སྙད་དུ་ཡོད་པར་ཁས་ལེན་པ་དེ་རྩ་བའི་གྲུབ་མཐའ་ཡིན་པར་བཤད་ལ། དེ་ལྟར་ན་སངས་རྒྱས་པས་དེ་སུན་འབྱིན་པའི་ཚེ། རྣམ་འགྱུར་རྣམས་ཆོས་ཅན། ཐ་སྙད་དུ་ཡང་མེད་པར་ཐལ། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་ཞེས་སུན་འབྱིན་པར་ནུས་དགོས་པ་ལས། དེ་ཡང་ནུས་པ་མ་ཡིན་པའི་ཕྱིར། དེ་དེའི་རྩ་བའི་འདོད་པ་ཡིན་པར་གང་ལས་ཤེས་ཞེ་ན། དབུ་མ་རྒྱན་གྱི་རང་འགྲེལ་ལས། དྲང་སྲོང་ཆེན་པོ་སེར་སྐྱས་སྨྲས་པ། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་དེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོབ། །ཅེས་ཟེར་རོ། །ཞེས་འབྱུང་ངོ༌། །དེ་ལ་འདི་སྙམ་དུ། བདེན་པར་མེད་ན། ཐ་སྙད་དུ་མེད་པ་དང༌། དེར་ཡོད་ན་ཅིག་ཤོས་སུ་ཡོད་དགོས་སོ་ཞེས། དངོས་པོར་སྨྲ་བ་རྣམས་ཀྱིས་ངེས་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། དབུ་མ་འཇུག་པ་ལས། བུམ་སོགས་འདི་དག་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །ཞེས་གསུངས་པས་སོ་སྙམ་ན། དེ་སྐད་དུ་འདོན་པ་དེ་ནི་རང་སྡེ་དངོས་པོར་སྨྲ་བ་འགའ་ཞིག་དག་ཡིན་གྱི། ཕྱི་རོལ་དག་ཐམས་ཅད་ཀྱིས་མ་ཡིན་ཏེ། ཇི་སྐད་དུ་དབུ་མ་རྒྱན་གྱི་འགྲེལ་པ་ལས། རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས། །རྨི་ལམ་སྒྱུ་མ་ཅི་འདྲ་དང༌། །དྲི་ཟའི་གྲོང་ཁྱེར་ཅི་འདྲར་མཐོང༌། །དེ་ལྟར་འཇིག་རྟེན་འདི་དག་མཐོང༌། །ཞེས་འཇིག་རྟེན་གྱི་དངོས་པོ་སྣང་ལ་རང་བཞིན་མེད་པར་ཁས་ལེན་པ་ནི་རིག་བྱེད་མཐའ་པ་ལ་ཡང་ཡོད་པར་བཤད་པའི་ཕྱིར། རང་སྡེ་དངོས་པོར་སྨྲ་བ་མཐའ་དག་ལ་ཡང༌། དེ་ལྟར་ཁས་ལེན་པའི་ངེས་པ་མེད་དེ། དཔེར་ན་རྣལ་འབྱོར་སྤྱོད་པ་པས། ཀུན་བཏགས་དོན་དམ་དུ་མེད་པ་དང་ཐ་སྙད་དུ་ཤེས་བྱ་ཡིན་པ་གཉིས་ཀ་དུས་གཅིག་ཏུ་ཁས་བླངས་པ་བཞིན་ནོ། །དེས་དེ་ཐ་སྙད་དུ་ཡོད་པར་འདོད་ཀྱང་ཐ་སྙད་ཀྱི་བདེན་པར་མི་འདོད་པའི་ཚུལ་དེ་ཡང་ཞར་ལ་གཟུང་བར་བྱའོ། །མདོར་ན་ཀླུ་སྒྲུབ་ཞབས་ཀྱིས་ཆོས་ཐམས་ཅད་སྤྲོས་པའི་མཐའ་བྲལ་དུ་བཤད་པ་ལ། བདེན་པར་ཡོད་པ་མ་ཡིན་ན་ཐ་སྙད་དུ་ཡོད་དགོས་སོ་ཞེས་བྱ་བའི་དངོས་པོར་སྨྲ་བའི་དོགས་པ་བསུ་ནས། དེ་ལ་ལན་འདེབས་པའི་ཁུར་གྱིས་ལན་དུ་མར་ངལ་བར་མཛད་པ་ནི། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཕྲིན་ལས་སུ་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞིག་མཛད་པ་ཡིན་ཞེ་ན། སྤྱིར་ཡོད་པ་མ་ཡིན་ན་མེད་དགོས་ཏེ། དེ་གཉིས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི་རྟོག་གེ་སྨྲ་བ་ཀུན་གྱི་སྤྱི་ལུགས་ཡིན་ལ། དེ་ཉིད་སུན་འབྱིན་པ་ན་དངོས་འགལ་གཅིག་བཀག་པ་ན་ཅིག་ཤོས་ཁས་ལེན་དགོས་པ་དེ་ནི་རྟོག་གེ་པ་ཀུན་གྱིས་ཁོངས་སུ་ཆུད་པས་ཟབ་མོ་མ་ཡིན་ལ། དངོས་འགལ་གྱི་མཐའ་གཉིས་པོ་གང་དུ་ཡང་ཁས་མི་ལེན་པ་ནི། དེས་མི་ཤེས་པའི་ཕྱིར་ཟབ་མོ་ཡིན་ལ། ཟབ་མོ་དེ་ཉིད་དམ་པའི་ཆོས་ཀྱི་བདུད་རྩི་ཡིན་ནོ། །ཞེས་འཆད་པ་འདི་ནི་སློབ་དཔོན་དེའི་ཕྲིན་ལས་སུ་མཛད་པ་ཡིན་ནོ། །མདོར་ན་ཁྱེད་ཅག་གིས་བཤད་པའི་མཐའ་བྲལ་གྱི་ཚུལ་འདི་ནི་ཕྱི་རོལ་པ་དང༌། ཉན་ཐོས་སྡེ་པ་རྣམས་དང་སེམས་ཙམ་པ་རྣམས་དང་ཐུན་མོང་བ་ཡིན་ནོ། །ཕྱི་རོལ་པས་སྤྲོས་བྲལ་ཇི་ལྟར་ཁས་ལེན་ཞེ་ན། ཇི་སྐད་དུ། རྒྱན་གྱི་འགྲེལ་པ་ལས། རིག་བྱེད་མཐར་ཕྱིན་གྲུབ་རྣམས་ཀྱིས། །སྤྲོས་པ་ཉེར་ཞི་གཉིས་མེད་པའི། །རྣམ་པར་མི་རྟོག་འདི་མཐོང་ངོ༌། །ཞེས་བཤད་པ་ཡིན་ནོ། །ཉན་ཐོས་སྡེ་པས་ཀྱང༌། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་སོགས་རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་སྤྱིར་ཡོད་པ་དང་བདེན་པར་མེད་པ་ཉིད་དུ་བཤད་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བས་ཀྱང༌། གཟུང་འཛིན་ཀུན་བཏགས་གཉིས་བདེན་པར་མེད་པ་དང༌། ཐ་སྙད་དུ་ཡོད་པར་ཁས་ལེན་པ་ཡིན་ནོ། །དེ་ལྟར་ཁས་ལེན་མོད་དེ་ལས་ཅིར་འགྱུར་ཞེ་ན། འོ་ན་གྲུབ་མཐའ་སྨྲ་བ་དེ་དང་དེ་དག་གིས་ཆོས་ཅན་ཚད་མས་གྲུབ་པ་རེ་རེའི་སྟེང་དུ། དབུ་མ་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐར་བཤད་པའི་མཐའ་བྲལ་གྱི་ཚུལ་དེ་ཁས་ལེན་པ་དང༌། ཚད་མས་རྟོགས་པར་ཐལ། དེས་དེའི་སྟེང་དུ་བདེན་ཡོད་དང༌། ཐ་སྙད་དུ་མེད་པ་རེ་རེ་ནས་དང༌། གཉིས་ཀ་དང༌། གཉིས་མ་ཡིན་གྱི་ཚུལ་དེ་ཚད་མས་རྟོགས་པའི་ཕྱིར་རོ། །འོ་ན་རང་ལུགས་ཀྱི་མཐའ་བྲལ་གྱི་གོ་བ་གང་ཞེ་ན། དཔེར་ན་མེ་ཚ་བའི་རང་བཞིན་དུ་ཡོད་པ་ནི་ཡོད་པ་ཞེས་བྱ་བའི་མཐའ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་མངོན་པར་ཞེན་པ་རྣམས་ཀྱིའོ། །ཆོས་ཅན་མེ་དེ་ཚ་བའི་རང་བཞིན་དུ་མེད་དོ་ཞེས་བྱ་བ་ནི། མེད་པ་ཞེས་བྱ་བའི་མཐའ་སྟེ། དོན་དམ་པའི་བདེན་པར་མངོན་པར་ཞེན་པ་རྣམས་ཀྱིའོ། །དེ་གཉིས་གང་དུ་ཡང་མི་འཛིན་པ་ནི། དབུ་མའི་ལམ་ཞེས་བྱ་བ་ཡིན་ཏེ། བདེན་པ་གཉིས་པོ་གང་དུ་ཡང་མངོན་པར་མི་ཞེན་པ་རྣམས་ཀྱིའོ། །དེ་ལྟར་ན་བདེན་པ་གཉིས་པོ་གང་དུ་ཡང་མངོན་པར་ཞེན་པ་བཟློག་དགོས་པ་ཡིན་ཏེ། ཇི་སྐད་དུ། རིན་པོ་ཆེ་ཕྲེང་བ་ལས། བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་བརྫུན་པ་མིན་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་འགྱུར་ན། །དེ་ནི་གཉིས་ཀ་དོན་དུ་མིན། །དེ་བལྟས་དམ་པའི་དོན་དུ་ནི། །འཇིག་རྟེན་འདི་ནི་བདེན་བརྫུན་འདས། །དེ་ཉིད་ཕྱིར་ན་ཡང་དག་ཏུ། །ཡོད་ཅེས་མེད་ཅེས་ཞལ་མི་བཞེས། །གང་ཞིག་དེ་ལྟར་རྣམ་ཀུན་ཏུ། །ཡོད་མིན་དེ་ནི་ཀུན་མཁྱེན་གྱིས། །མཐའ་ཡོད་མཐའ་མེད་གཉིས་ཀ་དང༌། །གཉིས་ཀ་མིན་ཞེས་ཇི་ལྟར་བསྟན། །ཞེས་གསུངས་སོ། །འཆད་པ་པོ་གཞན་དག་གི་ལྟར་ན་ནི་བདག་མེད་དུ་བདེན་པར་ལྟ་བ་ལས་བཟློག་ཅེས་དང༌། བརྫུན་པར་བདེན་པ་ལས་འདས་ཞེས་འཆད་ལ། དེ་ལྟ་ན་བདག་ཏུ་བདེན་པ་དང་བརྫུན་པར་བདེན་པ་གཉིས་ཀྱང་བདག་དང་བདེན་པའི་ནང་དུ་འདུས་པའི་ཕྱིར། མཐའ་ལོགས་པར་འཆད་པ་སློབ་དཔོན་གྱིས་མ་མཁྱེན་པར་འགྱུར་རོ། །མཐའ་ཡོད་དང་མཐའ་མེད་ཀྱི་འཆད་ཚུལ་ཡང་མཐའ་བདེན་པར་ཡོད་པ་མ་ཡིན། མཐའ་གཏན་མེད་པ་མ་ཡིན་ཞེས་འཆད་དགོས་པས་ཐེག་པ་ཆེ་ཆུང་གི་གསུང་རབ་མཐའ་དག་ལས་ཕྱིན་ཅི་ལོག་ཏུ་འགྱུར་བར་ངེས་སོ། །གཞན་ཡང་ཁྱེད་ཀྱི་ཕྱོགས་ལ། འདི་ལྟ་སྟེ། ཇི་སྐད་དུ། ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཞེས་པའི་གཞུང་གིས་བསྟན་པའི་ཡོད་པ་དེ་ནི་དབུ་མ་པར་ཁས་འཆེ་བ་ཁྱེད་ཀྱིས་ཀྱང་ཁས་བླངས་ཏེ། དགེ་སྡིག་གི་ཆོས་རྣམས་སྤྱིར་ཡོད་པ་དང༌། དེ་དག་ལ་བླང་དོར་ཇི་ལྟ་བ་བཞིན་དུ་བྱེད་པ་དེ་དབུ་མའི་རང་ལུགས་ཡིན་པར་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་མོད་དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་ན་ནི། ཀླུ་སྒྲུབ་ཞབས་ཀྱིས་དོར་བའི་མཐའ་གཅིག་ཁས་བླངས་པར་འགྱུར་རོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཞེས་པའི་དོན་ཡང་ཁྱེད་ཀྱིས་ལེགས་པར་མ་བཤད་དེ། དུས་གསུམ་དང་མཚུངས་ལྡན་དུ་བྱུང་བའི་སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་དང༌། དགེ་བའི་རྩ་བ་གསུམ་དང་མཚུངས་ལྡན་དུ་བྱུང་བའི་སྲོག་གཅོད་པ་སྤོང་བའི་ལས་སོགས་ཐ་སྙད་དུ་ཡང་མེད་པར་འདོད་པ་ལ་དེའི་དོན་དུ་བཤད་པའི་ཕྱིར། དེར་བཤད་པའི་རྒྱུ་མཚན་གྱིས་ཅིག་ཤོས་མ་བཤད་པའི་རྒྱུ་མཚན་ཅི་ཞེ་ན། ཆད་ལྟ་ངོས་མ་ཟིན་པ་དང༌། དེ་འདྲ་ཁས་ལེན་པའི་མཚན་གཞི་མི་རྙེད་པའོ། །དང་པོ་ནི། ཇི་སྐད་དུ། སྔོན་འབྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པའི་དོན་ལ་རྣམ་པར་བརྟགས་པས་ཤེས་པར་འགྱུར་ལ། གཉིས་པ་ནི། འཇིག་རྟེན་རྒྱང་ཕན་པ་ལ་ཡང༌། ཁྱེད་ཀྱིས་བཤད་པའི་ཆད་པའི་ལྟ་བ་དེ་ཡོད་པ་མ་ཡིན་ཏེ། དེས་ཀྱང་མངོན་སུམ་གྱིས་གྲུབ་པའི་དོན་ལ་མི་བསྙོན་པའི་ཕྱིར་དང༌། མེད་པའི་སྒྲུབ་བྱེད་ཀྱང་མཐོང་བ་ལ་འཆད་པའི་ཕྱིར། འོ་ན་མེད་པའི་ལྟ་བ་དེ་གང༌། དེ་སུ་ལ་ཡོད་ཅེ་ན། དང་པོ་ནི་ལས་དེ་དང་དེས་རྣམ་སྨིན་ཡིད་དུ་འོང་བ་དང༌། མི་འོང་བ་གང་ཡང་མི་འབྱིན་ནོ་ཞེས་བྱ་བ་དེ་ཡིན་ལ། དེ་དང་འཇིག་རྟེན་ཕ་རོལ་མེད་དོ་ཞེས་དམ་བཅའ་བ་ནི་དོན་གཅིག་ལ་འདུ་བ་ཡིན་ཞིང༌། དེའི་ལོག་ཕྱོགས་སུ་ཞེན་པ་ནི་ཡོད་པར་ལྟ་བའོ། །གཉིས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་རྣམ་པར་བསླད་པའི་འཇིག་རྟེན་ཐ་མལ་པ་དག་ལ་རང་ཆས་སུ་ཡོད་ཅིང༌། ཀུན་བཏགས་ཀྱི་མ་རིག་པས་བསླད་པའི་འཇིག་རྟེན་རྒྱང་ཕན་ལྟ་བུ་ལ་གྲུབ་མཐའི་དབང་གིས་རྣམ་པར་ཞུགས་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་རྣམས་ལ་ནི་གྲུབ་མཐའ་འོག་མ་གསུམ་ལ་གྲགས་པའི་གྲུབ་མཐའི་དབང་གིས་ནི་མེད་པའི་ལྟ་བ་འདི་སྐྱེ་བ་ཤས་ཆུང་ལ། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ལ་ཐོས་བསམ་གྱིས་ཤེས་རབ་འཇུག་ཚུལ་ཉེས་ན་ལྟ་བ་འདི་སྐྱེ་ཞིང༌། དེའི་དབང་གིས་དམྱལ་བར་སྐྱེ་བ་ཡིན་ཏེ། ཇི་སྐད་དུ། རིན་པོ་ཆེའི་ཕྲེང་བ་ལས། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པ་ལྟ་བ་ཡིས། །མི་གཙང་དེར་ནི་བྱིང་བར་འགྱུར། །གཞན་ཡང་དེ་ནི་ལོག་བཟུང་ནས། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུངས་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་གཙུག་འགྲོ། །ཞེས་གསུངས་པའི་ཕྱིར། དེ་ནས་གཞུང་གཞན་ལ་བརྟེན་ནས་ཀྱང༌། མཐའ་བྲལ་གྱི་ཚུལ་དེ་ལྟར་དུ་ཤེས་པར་བྱ་སྟེ། ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་པ་ཡང༌། །བཟློག་པར་བྱ་བ་མཉན་པར་གྱིས། །ཞེས་གསུངས་པ་དང༌། དེའི་འགྲེལ་པར། ཡོད་པ་བཟློག་པ་ནི་དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ནི་བདེན་པའི་མཆོག་གཅིག་པུའོ། །ཞེས་དང༌། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱིས་དོན་ལ་རྣམ་པར་སྒོམ། །ཞེས་སོགས་རྒྱ་ཆེར་གསུངས་ལ། དེ་ལྟར་གསུངས་པའི་གཞུང་གི་འཕྲོས་ལ་བལྟས་ན། མེད་པར་ལྟ་བའི་གཉེན་པོར་ཆོས་མངོན་པ་ལས་ཀུན་རྫོབ་ཀྱི་བདེན་པ་གསུངས་སོ། །དེར་ཞེན་པའི་གཉེན་པོར་འཁོར་ལོ་བར་པ་ལས་བར་དུ་བདག་བཟློག་པའི་གཉེན་པོར་དོན་དམ་པའི་བདེན་པ་གསུངས་སོ། །དེར་ཞེན་པའི་གཉེན་པོར་ཡང་འཁོར་ལོ་ཐ་མར་སྤྲོས་པ་དང་བྲལ་བར་གསུངས་སོ། །ཞེས་འཆད་པའི་དོན་དུ་མཐོང་ངོ༌། །གཞན་ཡང༌། ཇི་སྐད་དུ། བརྒྱ་པ་ལས། གཅིག་ཡོད་གཅིག་མེད་ཅེས་བྱ་བ། །དེ་ཉིད་མ་ཡིན་འཇིག་རྟེན་པའང་མིན། །དེས་ན་འདི་ཡོད་འདི་མེད་ཅེས། །བརྗོད་པ་ཉིད་དུ་ནུས་མ་ཡིན། །ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་མི་ནུས་སོ། །ཞེས་གསུངས་པ་དང༌། ཐ་སྙད་དུ་ཡོད་པས་ཡོད་པའི་གོ་མི་ཆོད་པར་ཡང་གསུངས་ཏེ། དེ་ཉིད་ལས། གལ་ཏེ་ཐམས་ཅད་འཇིག་རྟེན་པས། །བརྗོད་པས་འཇིག་རྟེན་པ་ཡོད་ན། །དངོས་གང་དེ་ཉིད་དུ་ཡོད་པ། །དེ་ནི་འཇིག་རྟེན་པར་ཅིས་འགྱུར། །ཞེས་གསུངས་པ་དང༌། འཇུག་པ་ལས་ཀྱང༌། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་རྒྱས་པར་གསུངས་པས་སོ། །དེའི་ཕྱིར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བསྒྲུབས་པའི་གྲུབ་དོན་ལ། དཔྱད་གཞི་དེ་ཉིད་ཡོད་པར་གྲུབ་པ་ནི་སྤྱིར་དབུ་མའི་ལུགས་དང་བྱེ་བྲག་ཟླ་བའི་ལུགས་མ་ཡིན་ཏེ། མཐའ་བྲལ་སྒྲུབ་པའི་གཏན་ཚིགས་ཀྱིས་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་བྱས་པར་འགྱུར་བ་དང༌། དེ་རྟོགས་པའི་མངོན་སུམ་གྱིས་ཀུན་རྫོབ་ཀྱི་བདེན་པ་དངོས་ཀྱི་གཞལ་བྱར་བྱས་པ་ཉིད་དུ་ཁས་བླངས་པས་སོ། །མཐའ་བྲལ་གྱི་ཚུལ་འདི་རང་རྒྱུད་པས་ཁས་མི་ལེན་ནོ། །ཞེས་ཀྱང་བསམ་པར་མི་བྱ་སྟེ། དབུ་མ་རྒྱན་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང༌། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་དང༌། དེའི་རང་འགྲེལ་དུ། གང་གི་ཕྱོགས་ལ་ཡོད་པ་དང༌། །མེད་དང་ཡོད་མེད་ཡོད་མིན་ལ། །དེ་ལ་ཀླན་ཀ་བྱ་བར་ནི། །ཡུན་རིང་དུ་ཡང་བརྗོད་མི་ནུས། །ཞེས་དང༌། ལང་ཀར་གཤེགས་པའི་ལུང་དྲངས་ནས་ཡོད་མིན་མེད་མིན་གྱི་ཚུལ་དེ་ཉིད་གསལ་བར་བཤད་པའི་ཕྱིར་རོ། །གཉིས་པ་རིགས་པའི་གནོད་བྱེད་འཕེན་པ་པོ་དེ་ཉིད་ལ་འཇུག་པར་བཤད་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། གཞན་དག་གིས་བྲིས་པའི་ཡི་གེ་ལས་འདི་ལྟར་འབྱུང་སྟེ། མྱུ་གུ་དེ་ཡོད་པ་མ་ཡིན་ཞེས་སྨྲས་པས་མེད་པར་སྨྲས་ཞིང༌། མེད་པ་མ་ཡིན་ནོ་ཞེས་སྨྲས་པས་ཡོད་པར་སྨྲས་པས་ཁས་བླངས་དངོས་སུ་འགལ་ལ། དེ་བཞིན་དུ་ཡོད་མེད་གཉིས་ཀ་མ་ཡིན་པར་སྨྲས་ན། སླར་ཡང་གཉིས་ཀ་མ་ཡིན་པ་མ་ཡིན་ཞེས་སྨྲས་པས་དངོས་སུ་འགལ་ལོ། །གལ་ཏེ་དེ་དག་དངོས་འགལ་མ་ཡིན་ཏེ། ཐལ་འགྱུར་བའི་ལུགས་ལ་དགག་པ་གཉིས་ཀྱི་རྣལ་མ་མི་གོ་བས་སོ་ཞེ་ན། འོ་ན་ཕན་ཚུན་སྤངས་པའི་དངོས་འགལ་མི་སྲིད་པར་ཐལ། ཡོད་པ་རྣམ་པར་དཔྱད་པས་མེད་པ་གོ་མི་ནུས་པའི་ཕྱིར། མ་གྲུབ་ན་དགག་པ་གཉིས་ཀྱི་རྣལ་མ་མི་གོ་བ་བུད། འདོད་ན། ཐལ་འགྱུར་བས་དངོས་སྨྲ་བ་ལ་ཁས་བླངས་ནང་འགལ་བསྟན་ནས་འགོག་པ་བུད། ཅེས་སོགས་བྱུང་རྒྱལ་དུ་སྨྲ་བའི་ཚིག་མང་པོས་སྔོན་གྱི་བོད་མཁས་པ་རྣམས་སུན་འབྱིན་པར་བྱེད་ཅིང༌། དེ་རང་ཉིད་ཀྱི་མཐའ་བྲལ་གྱི་འཆད་ལུགས་ནི། ཡོད་པ་ཡང་བདེན་པ་མ་ཡིན། མེད་པ་ཡང་བདེན་པ་མ་ཡིན། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ཡང་བདེན་པ་མ་ཡིན་ནོ། །ཞེས་སྨྲས་ན་ཁོ་བོ་ཅག་ལ་རྒུད་པ་ཅི་ཡང་མི་འབྱུང་ངོ༌། །ཞེས་ཟེར་རོ། །གཉིས་པ་ལ་དེ་སྐད་དུ་སྨྲ་བ་དེ་དག་ནི། བྱིས་པ་རྣམས་བསླུ་བར་བྱེད་པའི་ཆོས་སུ་སྣང་གི རྣམ་པར་དཔྱོད་པ་དང་ལྡན་པ་རྣམས་ཀྱིས་བརྒལ་ཞིང་བརྟག་པའི་འོས་སུ་གྱུར་པ་མ་ཡིན་ཡང་ལུགས་དེ་ལ་མངོན་པར་ཞེན་པ་དག་ལ་དེའི་དེ་ཁོ་ན་ཉིད་བསྟེན་པར་བྱ་བའི་ཕྱིར། འདི་སྐད་ཅེས་བྱ་བ་ལ་གཉིས་ཏེ། གཞན་ཕྱོགས་སུན་འབྱིན་པའི་ཚུལ་མི་འཐད་པ་དང༌། རང་ལུགས་འཇོག་པའི་ཚུལ་མི་འཐད་པའོ། །དང་པོ་ལ། ཚིག་མི་འཐད་པ་དང༌། དོན་མི་འཐད་པའོ། །དང་པོ་ནི། མྱུ་གུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་ངག་ཏུ་ཡང་སྨྲ་ཞིང༌། ཡོད་པ་དང་མེད་པར་མི་སྨྲ་བའི་རྒོལ་བ་དེ་ཆོས་ཅན། མྱུ་གུ་དེ་མེད་པར་སྨྲས་པར་ཐལ། དེ་ཡོད་པ་མ་ཡིན་པར་སྨྲས་པའི་ཕྱིར། ཡང་དེ་ཆོས་ཅན། དེ་ཡོད་པར་སྨྲས་པར་ཐལ། དེ་མེད་པ་མ་ཡིན་པར་སྨྲས་པའི་ཕྱིར། ཆོས་ཅན་དེ་མ་གྲུབ་བོ་སྙམ་ན་ནི། ཁྱོད་ཀྱི་རྒོལ་བ་གང་ལ་དངོས་འགལ་གྱི་ཚོགས་མི་ཟད་པ་ཕུད་པའི་ཡུལ་གྱི་རྒོལ་བ་དེ་སྟོན་ཞིག གཞན་ཡང་ཡོད་མེད་གང་རུང་ཆོས་ཅན། མྱུ་གུ་དང་གང་ཟག་གི་བདག་དེ་ཁྱོད་མ་ཡིན་པར་སྨྲ་ཞིང༌། ཡིན་པར་མི་སྨྲ་བའི་རྒོལ་བ་ཡོད་དེ། ཁྱོད་དང་ཁྱོད་མིན་དངོས་འགལ་ཡིན་པའི་ཕྱིར། དེ་ལྟར་སྨྲ་བ་ཡོད་མོད་དེ་ལས་ཅིར་འགྱུར་ཞེ་ན། འོ་ན་དེ་དེ་ལྟར་སྨྲ་བའི་རྒོལ་བ་དེ་ཆོས་ཅན། ཡོད་མེད་གང་རུང་མི་སྨྲ་བ་མ་ཡིན་པར་ཐལ། དེ་ཡོད་མེད་གང་རུང་དུ་སྨྲས་པའི་ཕྱིར། ཐལ་བ་དང་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ་བོ། །རྟགས་ཇི་ལྟར་ཞེ་ན། དེ་ཆོས་ཅན། དེར་སྨྲས་པར་ཐལ། དེ་ཡོད་པར་ཡང་སྨྲས། མེད་པར་ཡང་སྨྲས་པའི་ཕྱིར། རྟགས་ཇི་ལྟར་ཁས་བླངས་ཤེ་ན། དེ་ཆོས་ཅན། དེ་མེད་པར་སྨྲས་པར་ཐལ། དེ་ཡོད་པ་མ་ཡིན་ཞེས་སྨྲས་པའི་ཕྱིར། ཡང་དེ་ཆོས་ཅན། དེ་ཡོད་པར་སྨྲས་པར་ཐལ། དེ་མེད་པ་མ་ཡིན་ཞེས་སྨྲས་པའི་ཕྱིར། ཐལ་བ་སྔ་ཕྱི་གཉིས་ཀྱི་འཁོར་གསུམ་དངོས་སུ་ཁས་བླངས་སོ། །མདོར་ན་དེ་སྐད་དུ་སྨྲ་བ་ཁྱོད་ཀྱིས་ནི་རྟོག་གེ་གཞིར་བྱས་པ་ལ་ཡང༌། སྨྲས་པ་དང་གོ་བའི་ཁྱད་པར་མ་ཕྱེད་པས་ནོངས་པ་ཡིན་ཏེ། འདི་ལྟར་རིགས་པ་ཅན་པས་སྲོག་ལྡན་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མེད་པར་ཁས་བླངས་པའི་ཚེ་དངོས་འགལ་ཁས་བླངས་པར་འགྱུར་བ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས་ནས་ངག་ཏུ་སྨྲ་ཞིང༌། སྒྲ་རྟག་པར་ཡང་སྨྲ་བའི་རྒོལ་བ་དེས། སྒྲ་རྟག་མི་རྟག་གཉིས་ཀ་སྨྲས་པར་འགྱུར་རོ། །དགག་པ་གཉིས་ཀྱི་རྣལ་མ་གོ་བའི་ཤེས་བྱེད་ཀྱིས་ཡོད་པ་མ་ཡིན་ན་མེད་དགོས་པར་སྨྲ་བ་ནི་དྲན་པ་རང་བཞིན་དུ་གནས་པ་མ་ཡིན་ཏེ། ཡོད་པ་དགག་པ་མ་ཡིན་པའི་ཕྱིར། ཡང་དངོས་འགལ་མི་སྲིད་ན། དངོས་སྨྲ་བ་ལ་ཁས་བླངས་ནང་འགལ་སྟོན་པ་བུད་ཅེས་ཟེར་བ་ནི་ཅིར་ཡང་མི་རུང་སྟེ། དབུ་མ་པས་དངོས་འགལ་གྱི་རྣམ་གཞག་ཁས་ལེན་པའི་ཤེས་བྱེད་དུ་དངོས་སྨྲ་བས་དངོས་འགལ་ཁས་ལེན་པ་བཀོད་པས་སོ། །སྤྱིར་དབུ་མ་པས་མཐའ་བྲལ་གྱི་ཐ་སྙད་བྱེད་པའི་ཚེ་ཡང་ཡོད་མེད་དངོས་འགལ་དུ་ཁས་མི་ལེན་པ་ཡང་མ་ཡིན་ཏེ། ཡོད་ན་མེད་པར་འགལ་བ་དང་མེད་ན་ཡོད་པར་འགལ་བ་དང༌། ཡོད་མེད་གཉིས་ལ་གཉིས་ཡིན་དང་གཉིས་མིན་གྱི་ཕུང་གསུམ་མི་སྲིད་པར་སྨྲ་བའི་ཕྱིར་རོ། །དེ་ཙམ་གྱི་ཡོད་པ་མ་ཡིན་ན་མེད་དགོས་པར་མི་འགྱུར་ཏེ། གཉིས་མིན་གྱི་ཕུང་གསུམ་མི་སྲིད་པར་ཁས་བླངས་པ་དང༌། གཉིས་མིན་དུ་ཁས་བླངས་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་མི་འཐད་པ་ལ་གཉིས་ཏེ། སུན་འབྱིན་དེ་རྟོག་གེའི་ལུགས་ལ་མི་འཐད་པ་དང༌། གསུང་རབ་སྤྱིའི་ལུགས་ལ་མི་རུང་ཞིང་དབུ་མའི་ལུགས་ལ་ཡང་མི་རུང་བར་བསྟན་པའོ། །དང་པོ་ནི། སུན་འབྱིན་དེ་ལྟར་འཕེན་པ་དེ་ནི་རྟོག་གེའི་ལུགས་ལ་ཡང་རུང་བ་མ་ཡིན་ཏེ། ཇི་སྐད་དུ། འགལ་དང་དེ་ནི་ཐབས་བཅས་པ། །གྲུབ་དང་བཀག་པ་མེད་པར་ནི། །དགག་ལ་ཚད་མ་གང་ཡིན་དེ། །རིགས་པའི་རྗེས་འབྲང་ཅན་མིན་ཏེ། །སྨྲ་ལ་སོགས་པས་ཀུན་མཁྱེན་དང༌། །འཇིག་རྟེན་གཞན་སོགས་མེད་སྒྲུབ་བཞིན། །ཞེས་སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་དང༌། སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་གཉིས་ཀྱིས་ཆོས་གཅིག་ཡོད་པ་བཀག་ཤུལ་དུ་མེད་པ་ཡིན་པར་སྒྲུབ་ནུས་ཀྱང༌། དེ་ལས་གཞན་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལྟ་བུས་ཆོས་གཅིག་ཡོད་ངེས་འགོག་ནུས་ཀྱང་མེད་ངེས་སུ་སྒྲུབ་མི་ནུས་པར་བཤད་པའི་ཕྱིར། ཇི་སྐད་དུ། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མེད་ཤེས་འབྲས་བུ་ཅན། །ཞེས་དགག་བྱ་སྣང་དུ་རུང་བའི་ཚེ་མེད་ངེས་སྒྲུབ་ནུས་པ་དང༌། དེ་སྣང་དུ་མི་རུང་བའི་ཚེ་མེད་ངེས་སྒྲུབ་མི་ནུས་པར་བཤད་པ་ཡིན་ནོ། །དེ་ལྟར་ན་དབུ་ཚད་གང་དུ་ཡང་དེ་མེད་དོ། །ཞེས་བརྗོད་པའི་ཚེ་ཡོད་པ་བཀག་ཙམ་གྱི་མེད་དགག་ལ་གོ་བས་སྤྲོས་པའི་མཐའ་གཅིག་ཏུ་སོང་བའི་ངེས་པ་མེད་ལ། མེད་པ་ཡིན་ནོ་ཞེས་བརྗོད་པའི་ཚེ་དེའི་ཡུལ་ཅན་གྱི་ཤེས་བརྗོད་འཕངས་པས་མ་ཡིན་པར་དགག་པ་གོ་བའི་ཕྱིར་སྤྲོས་པའི་མཐའ་ཁོ་ནར་སོང་བའོ། །དེ་ལྟ་མོད་ཀྱི་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ནི་རྟོག་གེའི་ལུགས་ཡིན་ཏེ། ཇི་སྐད་དུ། བཀག་པ་འགོག་པར་བྱེད་པ་ནི། །སྒྲུབ་པ་ལས་གཞན་ཅི་འདྲ་ཞིག །ཅེས་གསུངས་པས་སོ། །ལུགས་དེ་ལ་ཡང༌། མེད་ངེས་བཀག་པས་ཡོད་ངེས་སུ་འགྱུར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་དོན། །ཡོད་མེད་ངེས་པ་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ཡོད་ངེས་དང་མེད་ངེས་ནི་ལྷན་ཅིག་མི་གནས་པའི་དངོས་འགལ་ཡིན་ཡང༌། ཕན་ཚུན་སྤངས་པའི་དངོས་འགལ་མ་ཡིན་པའི་རྒྱུ་མཚན་གྱིས་གཉིས་མིན་གྱི་ཕུང་པོ་གསུམ་པ་སྲིད་པའི་ཕྱིར་དང༌། ཡོད་མེད་གཉིས་ནི་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པས་དོན་སྟེང་ན་གཉིས་མིན་གྱི་ཕུང་གསུམ་མི་སྲིད་ཀྱང༌། བློ་ངོར་གཉིས་མིན་གྱི་ཕུང་གསུམ་སྲིད་པའི་ཕྱིར་རོ། །གཞན་ཡང༌། སྒྲ་མི་རྟག་པ་སྒྲུབ་པ་སྐབས་སུ་བབ་པའི་ཕྱི་རྒོལ་དེ་ཆོས་ཅན། སྒྲ་མི་རྟག་པར་སྨྲས་པར་ཐལ། རྟག་པ་མ་ཡིན་པར་སྨྲས་པའི་ཕྱིར། ཡང་རྟག་པར་སྨྲས་པར་ཐལ། མི་རྟག་པ་མ་ཡིན་པར་སྨྲས་པའི་ཕྱིར། ཁྱབ་པ་ཁས་བླངས། རྟག་ཚད་མས་གྲུབ་བོ། །ཅི་སྟེ་རྒོལ་བ་དེས། དེ་དེ་གཉིས་གང་རུང་དུ་ཡང་མི་སྨྲའོ་སྙམ་ན། འོ་ན་དབུ་མ་པས། མྱུ་གུ་ཡོད་མེད་གང་རུང་དུ་ཡང་མི་སྨྲ་བ་ལ་ཉེས་པ་ཅི་ཞིག་ཡོད་ཁྱེད་ཀྱིས་སྟོན་ཅིག་དང༌། གང་བསྟན་པ་དེ་ཉིད་སྔ་མ་དེ་ལ་མཚུངས་པས། འགལ་བའི་ཁུར་ཆེན་པོས་ནོན་པར་འགྱུར་རོ། །དེ་ལྟར་སྨྲ་བ་ལ་ཉེས་པ་མེད་ན་ནི་རྩ་བའི་རྩོད་གཞི་གང་ཡིན་སྟོན་ཅིག གཉིས་པ་ནི། སྤྱིར་གསུང་རབ་ལས། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞིའི་རྣམ་གཞག་གསུངས་པ་མི་འཐད་པར་འགྱུར་ཏེ། བདག་དང་འཇིག་རྟེན་རྟག་མི་རྟག་དང༌། མཐའ་དང་ལྡན་མི་ལྡན་གང་དུ་ཡང་ལུང་བསྟན་པར་ནུས་པའི་ཕྱིར་རོ། །ཆོས་གཅིག་མེད་པ་མ་ཡིན་ན། ཡོད་པ་ཡིན་དགོས་ཏེ། ཡོད་མེད་དངོས་འགལ་ཡིན་པའི་ཕྱིར་ཟེར་བ་འདི་ནི་དབུ་མའི་ལུགས་ལ་ཤིན་ཏུ་རུང་བ་མ་ཡིན་ཏེ། འདི་ལྟར་དོན་དམ་ལ་དཔྱོད་པའི་སྐབས་གཞིར་བྱས་པ་ལ་མྱུ་གུ་མ་སྐྱེས་པ་མི་སྐྱེ་སྐྱེས་པ་སྐྱེ་དགོས་པར་ཐལ། སྐྱེ་མ་སྐྱེས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། སོང་བ་ལ་འགྲོ་བ་མེད་ན་མ་སོང་བ་ལ་འགྲོ་བ་ཡོད་དགོས་པར་ཐལ། སོང་མ་སོང་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། དེ་བཞིན་དུ་འདུས་བྱས་མ་གྲུབ་ན་འདུས་མ་བྱས་གྲུབ་དགོས་པར་ཐལ་བ་དང༌། དངོས་པོ་མ་གྲུབ་ན་དངོས་མེད་གྲུབ་དགོས་པར་ཐལ་བ་དང༌། མི་སྟོང་པ་མེད་ན་སྟོང་པ་ཡོད་དགོས་པར་ཐལ་བ་དང༌། བཅིངས་པ་མི་གྲོལ་ན་མ་བཅིངས་པ་གྲོལ་དགོས་པར་ཐལ་བ་སོགས་ལ་འདོད་དགོས་པས་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་ཁས་ལེན་དགོས་པར་འགྱུར་རོ། །དེས་ན་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་ལ་ནི། མྱུ་གུ་ལྟ་བུ་ཡོད་པ་མ་ཡིན་ན་མེད་པ་མ་ཡིན་ནོ་ཞེས་སྨྲ་དགོས་པ་ཡིན་ཏེ། ཆོས་གཅིག་མེད་པར་ཁས་ལེན་ནུས་པ་ལ་དེའི་འགལ་ཟླ་ཡོད་པ་ཞེས་བྱ་བ་ཞིག་ཡོད་དགོས་པའི་ཕྱིར། གཉིས་པ་རང་ལུགས་འཇོག་ཚུལ་མི་འཐད་པ་ལ། རིགས་པས་མི་འཐད་པ་དང༌། ཁས་བླངས་ནང་འགལ་བས་མི་འཐད་པའོ། །དང་པོ་ནི། འདི་སྐད་དུ། ཡོད་པ་ཡང་བདེན་པ་མ་ཡིན། མེད་པ་ལ་ཡང་བདེན་པ་མ་ཡིན་པ་སོགས་སུ་སྨྲ་བའི་གྲུབ་མཐའ་དེ་དབུ་མ་པའི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་ཡིན་པར་ཐལ། ཇི་སྐད་དུ། རྫེ་བཙུན་སྤྱན་རས་གཟིགས་དང༌། སློབ་དཔོན་ཨརྻ་དེ་ཝས་མཛད་པའི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡི་རིག །ཅེས་པའི་གཞུང་གིས་བསྟན་པའི་མཐའ་བྲལ་གྱི་གོ་དོན་དེ་ཁྱེད་ཀྱིས་བཤད་པ་དེ་ལྟར་དུ་འཆད་རིགས་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། མཐའ་བྲལ་གྱི་ཚུལ་དེ་འདྲ་དེ་ཁས་མི་ལེན་པའི་རང་སྡེ་གྲུབ་མཐའ་སྨྲ་བ་ནི་སུ་ཡང་མེད་པའི་ཕྱིར་དང༌། དེ་འདྲ་ཁས་ལེན་པའི་གཞན་གྱི་སྡེ་པ་ཡང་དུ་མ་སྣང་བའི་ཕྱིར། གཞན་ཡང་མེད་པ་བདེན་ནོ་ཞེས་བྱ་བའི་མཐར་འཛིན་འདི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་རྟོག་པ་གཉིས་ལས་གང་དུ་རུང་རྟེན་གྱི་གང་ཟག་སུ་ལ་ཡོད་ཅེས་རྣམ་པར་བརྟགས་ན་འཇིག་པ་དང༌། མཐའ་བྲལ་གྱི་ཚུལ་དེའང་དེ་ནི་བདེན་གྲུབ་ཀྱི་མཐའ་དང་བྲལ་བ་གཅིག་པུའི་ནང་དུ་འདུས་པས་མཐའ་བྲལ་གྱི་ཚུལ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །གཞན་ཡང་ཡོད་པ་མི་བདེན་ཞེས་སོགས་སྨྲ་བ་དེའི་ཚེ་ན། ཡོད་པ་དང་མེད་པ་སོགས་ཁྱད་གཞིར་བཟུང་བ་ཡིན་ནམ། ཁྱད་ཆོས་སུ་བཟུང་བ་ཡིན། དང་པོ་ལྟར་ན། ཁྱད་གཞིར་ཡོད་མེད་སོགས་བཞི་པོའི་སྟེང་དུ་འགོག་རྒྱུའི་མཐའ་བཞི་པོ་དེ་གང་ཡིན་བྱས་ནས་དྲིས་ན་ཁྱེད་ལ་སྟོན་རྒྱུ་ཡོད་པ་མ་ཡིན་ཏེ། བདེན་གྲུབ་ཀྱི་མཐའ་གཅིག་པུ་ལས་གཞན་ངོས་འཛིན་རྒྱུ་ཁྱེད་ལ་མེད་པའི་ཕྱིར། གཉིས་པ་ལྟར་ན། ཁྱད་ཆོས་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་བཞི་པོ་གཞི་གང་གི་སྟེང་དུ་འགོག་པར་བྱེད་པའི་ཁྱད་པར་གྱི་གཞི་འདི་ལྟ་བུའོ། །ཞེས་ཁྱེད་ལ་སྟོན་རྒྱུ་ཡོད་པ་མ་ཡིན་ཏེ། མཐར་ཐུག་གི་སྤྲོས་པ་དཔྱོད་པའི་ཚེ་ཆོས་ཐམས་ཅད་ཡོད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ཁས་བླངས་ནང་འགལ་བ་ནི། གོང་དུ་ཕྱོགས་སྔ་མར་དྲངས་པའི་མཐའ་བྲལ་གྱི་འཆད་ཚུལ་གསུམ་ཀ་ལ་བརྗོད་པར་བྱ་བ་ལས། རེ་ཤིག་དང་པོར་ལུགས་གསུམ་པ་འདི་ལ་འདི་སྐད་ཅེས། ཡོད་མེད་ལ་སོགས་པའི་མཐའ་བཞི་ཀ་ཆོས་ཅན། བརྫུན་པར་ཐལ། བདེན་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་པར་ཐལ། བདེན་བརྫུན་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། འཁོར་གསུམ་ཀ་ཡི་གེར་བྲིས་ཏེ་ཁས་བླངས་པ་ཡིན་ནོ། །རྩ་བར་འདོད་ན། ཇི་ལྟར་ཁས་བླངས་པའི་ཚུལ་ནི། བུམ་པ་ཡོད་པ་དེ་བརྫུན་པ་ཡིན་ན། བུམ་པ་མེད་པ་དེ་བརྫུན་པ་མ་ཡིན་དགོས་པར་ཐལ། བུམ་པ་ཡོད་མེད་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས་སོ། །སྤྲོས་པའི་མཐའ་བཞི་ཀ་བརྫུན་པ་ཡིན་ན་མྱ་ངན་ལས་འདས་པ་ཡང་ཅིའི་ཕྱིར་བརྫུན་པ་མ་ཡིན་ཞེས་དྲིའོ། །འདིའི་མཐའ་བཞི་པོ་ནི་ཀུན་རྫོབ་བདེན་པ་དང་མེད་ངེས་གང་རུང་ལས་མ་འདས་སོ། །ཞེ་ན། འོ་ན་མཐའ་བྲལ་གྱི་ཚུལ་དེ་ཉིད་ཉི་ཚེ་བར་འགྱུར་ཏེ། དོན་དམ་པའི་བདེན་པ་བདེན་པར་གྲུབ་པའི་མཐའ་དེ་འདིར་མ་བཀག་པའི་ཕྱིར་རོ། །འཆད་ཚུལ་བར་པ་ལ་འདི་ལྟར། མྱུ་གུ་ལྟ་བུ་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བར་ཁས་ལེན་མ་ནུས་པར་དེ་དང་དེར་ཞེན་པ་མ་ཡིན། ཞེས་ཟེར་བར་སྣང་བས། འོ་ན་མྱུ་གུ་ཡོད་པར་ཞེན་པའི་བློ་དེ་འཛིན་སྟངས་དོན་ལ་མཐུན་པར་ཐལ། མྱུ་གུ་ཡོད་པའི་ཕྱིར། འདོད་ན། མྱུ་གུ་མེད་པར་ཞེན་པའི་བློ་དེ་དེ་དང་མི་མཐུན་པར་ཐལ། དེ་ཡོད་པའི་ཕྱིར། དེ་ཡང་འདོད་ན། ཁས་བླངས་ནང་འགལ་བའི་ཚུལ་རིམ་པ་ལྟར། འཛིན་སྟངས་དོན་དང་མཐུན་པའི་རྟོག་པ་དང༌། མི་མཐུན་པའི་རྟོག་པ་གཉིས་ཀ་འགོག་རིགས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། མྱུ་གུ་ཡོད་པ་དང༌། མེད་པ་རེ་རེ་ནས་འགོག་པ་ལ་སྐྱོན་ཅི་ཞིག་མཐོང་ནས་མི་འགོག་པ་ཡིན་ཞེས་དྲིའོ། །ལུགས་དང་པོ་ལ་འདི་ལྟར་འོ་ན་མྱུ་གུ་སོགས་བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པ་གཉིས་ཀ་ཡིན་པར་འགྱུར་ཏེ། གཉིས་ཀ་མ་ཡིན་པ་མ་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས་སོ། །དེ་ལྟར་ན་འཆད་ཚུལ་གསུམ་པོ་དེ་མཐའ་བྲལ་གྱི་འཆད་ཚུལ་གོ་ཆོད་པོ་མ་ཡིན་ཡང༌། ཚིག་དེ་དང་དེ་སྐད་དུ་སྨྲ་བ་དེ་ཁོ་བོ་ཅག་ཀྱང་མི་འདོན་པ་ནི་མ་ཡིན་ནོ། །ཡང་ཁ་ཅིག་འདི་སྐད་དུ་ཟེར་ཏེ། མྱུ་གུ་ཆོས་ཅན། ཡོད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར་ཞེས་ཟེར་བ་ལ་ནི་ཁྱབ་པ་འགལ་བའི་ལན་འདེབས་པ་ཡིན་ནོ། །མེད་པར་ཐལ། ཡོད་པ་མ་ཡིན་པའི་ཕྱིར། ཞེས་ཟེར་བ་ལ་ནི་རྣམ་པར་ཕྱེ་ནས་ལན་གདབ་བར་བྱ་སྟེ། ཡོད་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ལ་བསམས་ན་ནི། འདོད་པས་ཆོག་ལ། ཡོད་པ་བཀག་ཤུལ་དུ་མེད་པར་སྒྲུབ་པར་བསམ་པ་དང༌། མེད་པ་ཡིན་པར་ཐལ་ཞེས་ཟེར་བ་ལ་ནི་ཁྱབ་པ་འགལ་བའི་ལན་གདབ་པར་བྱའོ། །དེའི་རྒྱུ་མཚན་ཡང༌། མྱུ་གུ་ལྟ་བུ་མེད་པར་འཇོག་པ་ལ་དེའི་འགལ་ཟླ་ཡོད་པ་ལ་ངེས་པར་ལྟོས་པའི་ཕྱིར་དང༌། འགལ་ཟླ་ལ་མ་ལྟོས་པར་གྲུབ་ན་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པར་འགྱུར་བས་སོ། །འོ་ན་མྱུ་གུ་ཆོས་ཅན། བདེན་པར་མེད་པ་ཡིན་པར་ཐལ། བདེན་པར་མེད་པའི་ཕྱིར་ཞེས་དང༌། སྤྲོས་བྲལ་ཡིན་པར་ཐལ། སྤྲོས་པ་དང་བྲལ་བའི་ཕྱིར། ཞེས་ཟེར་བ་ལ་ཡང་ཁྱབ་པ་འགལ་བ་ཡིན་ཏེ། བདེན་མེད་ཡིན་པར་འཇོག་པ་ལ་འགལ་ཟླ་བདེན་པ་ཡོད་དགོས་པའི་ཕྱིར། ཇི་སྐད་དུ། བདེན་པ་གཞན་དུ་གྱུར་པ་ནི། །བདེན་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་འདོན་དགོས་པས་སོ། །དེ་འདྲ་དེ་ནི་དངོས་པོར་སྨྲ་བ་དང་མཐུན་པའི་ཁྱབ་པ་ཡང་མ་ཡིན་ཏེ། དེའི་ཐད་དུ་ཡང་འདི་ལྟར། ནམ་མཁའ་ཆོས་ཅན། མ་འོངས་པ་ཡིན་པར་ཐལ། མ་འོངས་པའི་ཕྱིར། མ་རིག་པ་ཡིན་པར་ཐལ། མ་རིག་པའི་ཕྱིར། ལྷ་མ་ཡིན་དང་མི་མ་ཡིན་པར་ཐལ། དེ་དང་དེ་མ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ནི་ཚིག་ཡིན་ལ། དོན་གྱི་དབང་དུ་བྱས་ན་མེ་མེད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོ་དུ་མེད་དུ་རྟོགས་པའི་རྗེས་དཔག་རྒྱུད་ལ་ལྡན་བཞིན་པའི་རྒོལ་བ་དེའི་ངོར་མཚན་མོའི་རྒྱ་མཚོ་ཆོས་ཅན། དུ་བ་མེད་པ་ཡིན་པར་ཐལ། དུ་བ་མེད་པའི་ཕྱིར། འདོད་ན་ནི་རྗེས་དཔག་དེས་དེར་དུ་བ་མེད་པ་ཡིན་པ་དེ་ཉིད་དུ་ངེས་པར་ཐལ་བར་འགྱུར་ལ། དེ་ཡང་འདོད་ན། རྒྱུ་མ་དམིགས་པའི་གཏན་ཚིགས་དེ་འདྲ་དེ་གཞི་དེར་རང་གི་དགག་བྱའི་ཆོས་མེད་པར་ངེས་པའི་ངེས་ཤེས་ཀྱི་འབྲས་བུ་ཅན་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། མེ་མེད་པ་ཆོས་ཅན། དེར་དེ་སྒྲུབ་པའི་རང་བཞིན་མ་དམིགས་པའི་གཏན་ཚིགས་སུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་ཅན་རྗེས་དཔག་དེ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ། རང་གི་དགག་བྱའི་ཆོས་མེད་པར་ངེས་པའི་ངེས་ཤེས་ཀྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །མདོར་ན་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱིས་རང་གི་དགག་བྱ་ཡོད་པ་འགོག་ཀྱང་མེད་པ་མི་སྒྲུབ་པ་དང༌། སྣང་རུང་མ་དམིགས་པའི་གཏན་ཚིགས་གཞན་རྣམས་ཀྱིས་དགག་བྱ་ཡོད་པ་བཀག་ཤུལ་དུ་མེད་ཙམ་སྒྲུབ་པར་ནུས་ཀྱང་མེད་ངེས་སྒྲུབ་མི་ནུས་པ་དང༌། སྣང་རུང་གི་རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱིས། མེད་ངེས་ཀྱང་སྒྲུབ་ནུས་པར་བཤད་པའི་ཁྱད་པར་ཞིབ་པོ་འདི་དག་རྟོག་གེ་ལས་འབྱུང་བ་ཡིན་ལ། ལུགས་འདིར་ཡང་སྤྲོས་པའི་མཐར་འཛིན་རྒྱུའི་མེད་པ་ཞེས་བྱ་བ་དེ་ཡང་མ་ཡིན་པར་དགག་པ་ལ་འཆད་དགོས་པ་ཡིན་ཏེ། དེ་བཀག་པ་མེད་དགག་ཏུ་འཆད་དགོས་པའི་ཕྱིར་རོ། །ཡང་ལན་འདི་ལྟར་ཡང་གདབ་པར་བྱ་སྟེ། སྤྲོས་པ་དང་བྲལ་ན་སྤྲོས་བྲལ་ཡིན་པས་ཁྱབ་པ་ཆོས་ཅན། ཡོད་པ་མ་ཡིན་ཏེ། སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། སྤྲོས་པའི་མཐའ་དང་བྲལ་བའི་ཕྱིར་རོ། །ཁྱབ་པ་འདི་ཡང་དེ་བཞིན་ནོ། །འདིའི་གཏན་ཚིགས་ཀྱང་གྲུབ་པ་དང་མ་གྲུབ་པ་གང་དུ་ཡང་ཁས་མི་ལེན་ཏེ། མཐའ་དང་བྲལ་བའི་ཕྱིར་རོ། །འོ་ན་དེ་ལྟ་བུའི་གཏན་ཚིགས་བཀོད་པས་ཅི་ཞིག་བྱ་སྙམ་ན། རྟགས་དང་ཁྱབ་པ་རྒོལ་བ་ཕ་རོལ་པོའི་བློ་ངོར་གྲུབ་པར་བྱས་ནས། ཆོས་ཅན་གྱི་སྟེང་དུ་ཡོད་མེད་ལ་སོགས་པའི་མཐའ་དེ་དང་དེ་སེལ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །སྐབས་འདིར་གཞན་སྡེ་གཞུང་ལུགས་ཀྱི། །རལ་པ་མཐུག་པོས་གཉའ་ཁེབས་ནས། །མུ་ཅོར་སྨྲ་བའི་རིགས་པ་ཡི། །གད་མོས་ས་གསུམ་འདར་ཞེས་ཟེར། །འོ་ན་གཞུང་ལུགས་ལམ་དུ་ནི། །རྣམ་དཔྱོད་གོམ་པ་མི་འདོར་བར། །རིགས་མིན་སྨྲ་བའི་གད་རྒྱངས་ཀྱིས། །ས་ཆེན་བཞི་པོ་མི་འདར་ཅི། །དེ་དག་གིས་གནས་ཚུལ་སེམས་པ་ལ་ཞུགས་པ་མཐར་ཐུག་པའི་ཚེ། ངེས་དོན་ལས་བརྩམས་པའི་ཁས་ལེན་ཅི་ཡང་མི་བྱེད་པ་ལ་སྤྲོས་བྲལ་ཁས་ལེན་པའི་མིང་གིས་འདོགས་པ་ཞེས་བྱ་བའི་ཚུལ་དེ་བཤད་ཟིན་ནས། གསུམ་པ་ཟུང་འཇུག་ལ་འཇུག་པའི་སྒོ་བཤད་པ་ལ་གཉིས་ཏེ། བདེན་གཉིས་ཟུང་འཇུག་གི་ངོ་བོ་ངོས་བཟུང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་དགག་པའོ། །དང་པོ་ནི་འདི་སྙམ་དུ་དོགས་པར་འགྱུར་ཏེ། དབུ་མའི་རང་ལུགས་ལ་ཀུན་རྫོབ་ཀྱི་ཆོས་རྣམས་ཚད་མས་མི་འགྲུབ་པར་ཡང་ཡང་བཤད་པ། འོ་ན། སྣང་སྟོང་ཟུང་དུ་འཇུག་པ་དང༌། བདེན་གཉིས་ཟུང་དུ་འཇུག་པ་དེ་དབུ་མའི་རང་ལུགས་མ་ཡིན་པར་འགྱུར་ལ། དེ་ལྟར་ན་ཇི་སྐད་དུ། རྟེན་ཅིང་འབྲེལ་འབྱུང་མ་གཏོག་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང༌། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་འགལ་བ་མ་ཡིན་ཏེ། ཆོས་ཅན་མྱུ་གུ་ལྟ་བུ་གཅིག་དཔྱད་གཞིར་བཟུང་ནས་གཅིག་དང་དུ་མ་གང་དུ་ཡོད་དཔྱོད་པའི་ཚེ། ཆོས་ཅན་མྱུ་གུ་ལྟ་བུ་དེ་ཡོད་པར་ཁས་ལེན་པ་མ་ཡིན་ཏེ། དེར་བླངས་ན་མྱུ་གུ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །ཆོས་ཅན་མྱུ་གུ་ལྟ་བུ་དེ་ཀུན་རྫོབ་ཏུ་ཁས་བླངས་ནས་བླང་དོར་བྱེད་པ་དེའི་ཚེ། དེ་ལ་རིགས་པས་དཔྱོད་པ་མ་ཡིན་ཏེ། དེ་ལྟར་དཔྱད་ན་ཀུན་རྫོབ་ངོས་འཛིན་རྒྱུ་མི་རྙེད་པའི་ཕྱིར། དེ་ལྟར་ན་ཡང་བདེན་པ་གཉིས་ཡ་བྲལ་བར་མི་འགྱུར་ཏེ། མྱུ་གུར་སྣང་བའི་དུས་དང༌། དེ་ཀུན་རྫོབ་ཏུ་ཡོད་པར་འཇོག་པའི་དུས་དེ་ཉིད་དུ་གཅིག་དང་དུ་མ་ལ་སོགས་པའི་ངོ་བོས་སྟོང་པ་ཡིན་གྱི་མྱུ་གུའི་སྣང་བ་དེ་རིགས་པས་བཤིག་ནས་སྟོང་པ་གསར་དུ་བཟོས་པ་མ་ཡིན་ཡང༌། མྱུ་གུ་གཅིག་དང་དུ་མ་ལ་སོགས་པའི་ངོ་བོས་སྟོང་པ་དེ། མ་རིག་པས་བཀབ་ནས་མྱུ་གུའི་སྣང་ཆ་དེ་གསར་དུ་བཟོས་པ་མ་ཡིན་གྱི། སྣང་བའི་དུས་དེ་ཉིད་དུ་སྟོང༌། སྟོང་བའི་དུས་དེ་ཉིད་དུ་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་གསུངས་སོ། །འོ་ན་སྣང་ན་སྟོང་པར་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ལྟར་བསམ་པ་དེ་ནི་སྟོང་པའི་དོན་ཐ་སྙད་དུ་ཡང་མེད་པ་ལ་བཟུང་བ་ཡིན་པས་ཉེས་པ་བྱེད་པའི་ཕྱིར། འོ་ན་སྟོང་པའི་དོན་ཅི་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའོ། །དེའི་དོན་ཡང་སྣང་ལ་རང་བཞིན་མེད་པའོ། །རང་བཞིན་མེད་པའི་དོན་ཡང་སྣང་བ་དེ་ཉིད་ཐ་སྙད་དུ་ཡང་མེད་པ་ལ་ཟེར་བ་མ་ཡིན་གྱི། སྣང་བ་དེའི་སྟེང་ན་བྱིས་པས་རང་བཞིན་དུ་བཟུང་བ་གང་ཡིན་པ་དེ་འཕགས་པའི་རིགས་པས་དཔྱད་པ་ན་མ་རྙེད་པའོ། །གལ་ཏེ་སྣང་སྟོང་ཟུང་དུ་འཇུག་པ་དེ་ལྟ་ན། སྣང་ངོར་སྟོང་པ་ཡོད་པ་དང༌། སྟོང་པ་ཉིད་ལ་དམིགས་པའི་ལྟ་བའི་ངོར་སྣང་བ་ཡོད་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འཕགས་པ་སློབ་པའི་རྗེས་ཐོབ་ཏུ་སྣང་བ་དང་སྟོང་པ་ཡུལ་དུ་བྱེད་པའི་བློ་གཉིས་ཅིག་ཅར་དུ་འབྱུང་ཡང༌། སྣང་བ་དམིགས་པའི་བློ་ནི་རྣམ་པར་ཤེས་པ་ཡིན་གྱི། ཡེ་ཤེས་མ་ཡིན། སྟོང་པ་དམིགས་པའི་བློ་ནི། ཡེ་ཤེས་ཡིན་གྱི་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར། དེ་ཡང་སྣང་བ་དམིགས་པ་ནི་མ་རིག་པས་བསླད་པའི་ཆ་ནས་ཡིན་ལ། སྟོང་པ་དམིགས་པ་ནི་དེ་དང་བྲལ་བའི་ཆ་ནས་ཡིན་པའི་ཕྱིར། དཔེར་ན་སྐྲ་ཤད་དུ་སྣང་བ་དང་དེས་སྟོང་པ་གཉིས་ཟུང་དུ་འཇུག་པ་ཡིན་ཡང་གཅིག་དམིགས་པའི་བློས་ཅིག་ཤོས་མ་དམིགས་པ་བཞིན་ནོ། །དེ་ལྟར་ན་ཡུལ་སྣང་སྟོང་ཟུང་དུ་འཇུག་པ་བཞིན་དུ། ཡུལ་ཅན་ལྟ་སྤྱོད་ཟུང་དུ་འབྲེལ་དགོས་པ་ཡིན་ཏེ། ལྟ་བས་ནི་སྟོང་པ་དམིགས་ཀྱང༌། སྣང་བ་མ་དམིགས། སྤྱོད་པས་ནི་སྣང་བ་དམིགས་ཀྱང་སྟོང་པ་ཡུལ་དུ་མི་བྱེད། དེ་གཉིས་ཟུང་དུ་འབྲེལ་པའི་ཚེ། ལྟ་བས་ཞེན་པ་འགོག་ཅིང༌། སྤྱོད་པས་བླང་དོར་གྱི་གནས་ལ་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྣང་བས་ལས་ལམ་མི་འདོར་ཞིང༌། །སྟོང་པས་མངོན་ཞེན་མི་སྐྱེ་བ། །དབྱེར་མེད་ཟུང་འཇུག་དབུ་མའི་ལམ། །མ་ནོར་མཆོག་འདི་སྒྲུབ་པ་དཀོན། །ཞེས་བོད་ཀྱི་སློབ་དཔོན་རྣམས་གསུང་ངོ༌། །གཉིས་པ་གཞན་གྱིས་བརྟགས་པའི་མཐའ་དགག་པ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། མྱུ་གུ་ལ་སོགས་པའི་ཆོས་ཅན་ཀུན་རྫོབ་པ་རྣམས་ཐ་སྙད་དུ་ཡོད་ཅིང་དོན་དམ་པར་མེད་དོ། །ཞེས་བྱ་བ་འདི་དབུ་མ་པ་རྣམས་ཀྱི་གྲུབ་པའི་མཐའོ་ཞེས་མཐུན་པར་སྨྲའོ། །འདི་མི་འཐད་པ་ལ་གཉིས་ཏེ། དངོས་དང༌། གྲུབ་དོན་གཞན་བསྟན་པའོ། །དང་པོ་ནི་དེ་ལྟར་ཁས་ལེན་པ་དེ་ནི་བདེན་པ་གཉིས་ཀའི་འཇོག་མཚམས་ལས་ཉམས་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ཆོས་དེ་དང་དེ་དོན་དམ་པར་མེད་དོ་ཞེས་རིགས་པས་དཔྱད་ན། ཆོས་དེ་དང་དེའི་ཀུན་རྫོབ་ཀྱི་བདེན་པའི་འཇོག་ཚུལ་ལས་ཉམས། དོན་དམ་པའི་བདེན་པ་འཇོག་པའི་ཚེ། ཆོས་དེ་དང་དེ་ལ་རིགས་པས་དཔྱོད་པའི་ངོར། ཆོས་དེ་དང་དེ་ཡོད་པར་ཁས་བླངས་ན་བདེན་གྲུབ་ཁས་བླངས་པར་སོང་བས་བདེན་མེད་ལས་ཉམས་པའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ནི། ཐ་སྙད་དུ་ཡོད་ཅེས་བྱ་བ་འདི་ཉིད་ཁས་ལེན་ལ། དོན་དམ་པའི་བདེན་པ་འཇོག་པའི་ཚེ་ནི། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གཅིག་པུ་སྨྲ་དགོས་པ་ཡིན་ནོ། །གཞན་ཡང་འདི་ལྟར། དེ་སྐད་དུ་སྨྲ་བ་དེ། བར་དུ་བདག་བཟློག་པའི་རིགས་པ་འཆད་པ་ཕན་ཆད་ལ་བྱར་རུང་ཡང༌། དབུ་མའི་མཐར་ཐུག་གི་ལུགས་མ་ཡིན་ཏེ། སྤྲོས་པའི་མཐའ་ཁས་བླངས་པའི་ཕྱིར་རོ། །ཡང་གངས་ཅན་པ་དག་མཐུན་པར་སྨྲ་བའི་གྲུབ་མཐའ། ཐ་སྙད་དུ་ཡོད་ན་ཡོད་དགོས་ལ། དོན་དམ་དུ་མེད་ན་མེད་མི་དགོས་སོ་ཞེས་སྨྲ་བ་འདི་ཡང་ནོར་བ་ཡིན་ཏེ། དེ་ལས་གོ་བཟློག་ནས་སྨྲ་དགོས་པའི་ཕྱིར། དེའི་འཐད་པ་ཡང་དོན་དམ་དུ་མེད་པ་ཞེས་བྱ་བ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཏན་ལ་ཕབ་པའི་གྲུབ་དོན་ཞིག་ལ་ཟེར་བ་ཡིན་ལ། ཐ་སྙད་དུ་ཡོད་པ་ཞེས་བྱ་བ་ནི་རྟོག་པ་འཁྲུལ་པས་ཡོད་པར་སྒྲོ་བཏགས་པ་ཞིག་ལ་འཆད་དགོས་པའི་ཕྱིར་དང༌། ཐ་སྙད་དུ་ཡོད་པའི་དོན་ཇི་ལྟར་མཐོ་ཡང་འཇིག་རྟེན་གྱི་ཚད་མས་གྲུབ་པ་ལ་འཆད་དགོས་ལ། དེ་ཡང་ལུགས་འདི་ལ་ཚད་མ་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་དོན་ལ་གཉིས་ཏེ། དེ་ལྟར་ཤེས་ན་རྟག་ཆད་ཀྱི་ལྟ་བ་ངོས་འཛིན་སླ་བ་དང༌། དེ་རང་གི་ངང་གིས་འདོར་ནུས་པའོ། །དང་པོ་ལ། ཀུན་རྫོབ་ལ་ལྟོས་པའི་རྟག་ཆད་ཀྱི་ལྟ་བ་དང༌། དོན་དམ་ལ་ལྟོས་པའི་དེའོ། །དང་པོ་ནི། ལས་རྒྱུ་འབྲས་ལ་སོགས་པ་ཀུན་རྫོབ་ཀྱི་ཆོས་རྣམས་བདེན་པར་ཡོད་པར་ལྟ་བ་དང༌། ཐ་སྙད་དུའང་མེད་པར་ལྟ་བའོ། །དེ་གཉིས་ལའང་ཀུན་བཏགས་དང༌། ལྷན་སྐྱེས་ཀྱི་དབྱེ་བས་གཉིས་གཉིས་སོ། །དེ་དག་ལའང༌། གང་ཟག་ལ་རྟག་ཆད་དུ་ལྟ་བ་དང༌། ཆོས་ལ་རྟག་ཆད་དུ་ལྟ་བའི་དབྱེ་བས་གཉིས་གཉིས་སུ་འགྱུར་ཞིང༌། དང་པོ་གང་ཟག་ལ་རྟག་ཆད་དུ་ལྟ་བའི་གཉེན་པོར་གྱུར་པའི་དབུ་མ་ནི་ཉན་ཐོས་སྡེ་པ་དག་ལའང་ཡོད་ལ། གཉིས་པའི་གཉེན་པོར་གྱུར་པའི་དབུ་མ་ནི་ཐེག་པ་ཆེན་པོ་པ་དག་ཁོ་ན་ལ་ཉེ་བར་གནས་སོ། །དང་པོ་ནི་བདག་རྟག་པར་ལྟ་བ་དང༌། ཕུང་པོ་ཆད་ནས་བདག་ཀྱང་ཆད་པར་འདོད་པའི་ལྟ་བ་ནི་མཐའ་ཡིན་ལ། ཕུང་པོའི་སྟེང་ན་བདག་རྫས་སུ་མེད་ཅིང༌། དེ་དེར་བཏགས་པ་ཙམ་དུ་བལྟ་བའི་ཤེས་རབ་དེ་ལ་ནི། མཐར་འཛིན་ལྟ་བའི་གཉེན་པོར་གྱུར་པའི་དབུ་མ་ཞེས་བྱ་ལ། དེ་ནི་རང་སྡེ་ཐམས་ཅད་ཀྱི་ཐུན་མོང་བའོ། །གཉིས་པ་ཆོས་ལ་མཐར་འཛིན་ནི་རྣལ་འབྱོར་སྤྱོད་པ་ལྟར་ན་ཕྱི་རོལ་གྱི་དོན་དང་གཟུང་འཛིན་རྫས་གཞན་ཡོད་པར་ལྟ་བ་ནི་རྟག་པའི་ལྟ་བའོ། །དོན་སྣང་གི་ཤེས་པ་ཀུན་རྫོབ་ཏུ་ཡང་མི་བདེན་པ་དང༌། གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་ཡང་མི་བདེན་པར་ལྟ་བ་ནི་ཆད་པའི་ལྟ་བའོ། །དེའི་གཉེན་པོར་གྱུར་པའི་དབུ་མ་ནི། གཟུང་འཛིན་ཀུན་བཏགས་སོགས་ཀུན་རྫོབ་ཏུ་ཡང་མི་བདེན་ཞིང༌། གཞན་དབང་ཀུན་རྫོབ་ཏུ་བདེན་པ་དང༌། ཡོངས་གྲུབ་དོན་དམ་དུ་ཡང་བདེན་པར་ལྟ་བའི་ཤེས་རབ་ལ་འཆད་པ་ཡིན་ཏེ། ཇི་སྐད་དུ། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དབུ་མ་པ་ལྟར་ན། ཀུན་རྫོབ་ལ་ལྟོས་པའི་རྟག་ཆད་ཀྱི་ལྟ་བ་ཀུན་བརྟགས་རྣམས་ནི་འཇིག་རྟེན་ཉིད་ཀྱི་ལྟ་བས་འདོར་ནུས་ཏེ། དེ་དག་འཇིག་རྟེན་གྱི་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། ཀུན་རྫོབ་ལ་མཐར་ལྟ་བ་ལྷན་ཅིག་སྐྱེས་པ་རྣམས་ནི་ཇི་སྲིད་ངོ་བོ་ཉིད་མེད་པར་སྨྲ་བའི་ལྟ་བ་འདི་མ་རྟོགས་པ་དེ་སྲིད་དུ་སེལ་ནུས་པ་མ་ཡིན་ཏེ། མཐའ་གཉིས་སེལ་བའི་དབུ་མ་ནི་འདི་ཙམ་དུ་ངེས་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་རྣམས་པར་འཇོག་པ་དེའི་ཚེ་ནི། མཐའ་ལྷན་སྐྱེས་འདི་གཉིས་སེལ་དགོས་པ་ཡང་མ་ཡིན་ཏེ། དེ་བསལ་ན་ཐ་སྙད་ཀྱི་བདེན་པ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདིར་བསལ་བྱ་ནི། དོན་དམ་ལ་ལྟོས་པའི་མཐའ་གཉིས་དང༌། དེ་སེལ་བྱེད་ནི་དབུ་མའི་ལྟ་བ་ཁོ་ནའོ། །གཉིས་པ་དོན་དམ་ལ་ལྟ་བའི་མཐའ་གཉིས་ངོས་འཛིན་པར་སླ་བ་ནི། དབུ་མ་པ་རང་གི་ལུགས་ལ། ཡོད་པ་ཞེས་བྱ་བའི་ཆོས་གཅིག་ཁས་བླངས་ན། དེ་རྟག་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་མེད་པར་སོང་བའི་དུས་གཅིག་ནམ་ཡང་མི་སྲིད་དགོས་པའི་ཕྱིར་དང༌། སྤྱིར་ཡོད་པའི་ཆོས་གཅིག་ལ་དབུ་མའི་རིགས་པས་དཔྱད་པ་བྱས་པའི་ཚེ་མེད་པར་སོང་བ་སྲིད་ན། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བའི་ཕྱིར། དེ་ལྟར་ན་ཆོས་འགའ་ཞིག་དབུ་མའི་རིགས་པ་ལ་བརྟེན་པའི་ཚད་མས་གྲུབ་པར་ལྟ་བའི་ཤེས་རབ་དེ་ལ་རྟག་པའི་ལྟ་བ་ཞེས་བྱ་སྟེ། ཆོས་འགའ་ཞིག་གྲུབ་མཐའ་སྨྲ་བ་རང་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་ཡོད་པར་ཞེན་པའི་ཤེས་འཆལ་ཡིན་པའི་ཕྱིར། དཔེར་ན་བདེན་སྟོང་ཡོད་པར་ཞེན་པའི་བློ་བཞིན་ནོ། །འོ་ན་བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་ཚེ་འདི་ཁས་བླངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ། དེ་ལྟར་ཁས་ལེན་པར་བཤད་ཀྱང༌། དེ་དབུ་མའི་གྲུབ་མཐའ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཙམ་གྱིས་བཏགས་པའི་ཕྱིར་རོ། འོ་ན་འཇིག་རྟེན་ལ་གྲགས་པའི་བློ་ལྷན་སྐྱེས་ཀྱིས་མིག་སོགས་ཡོད་པར་ཞེན་པའི་རྟོག་པ་འདི་ཡང་རྟག་པའི་ལྟ་བར་ཁས་ལེན་ནམ་ཞེ་ན། དེར་ཁས་ལེན་པ་ཡིན་ཏེ། མཐར་ལྟ་ལྷན་སྐྱེས་ཞེས་བྱ་བར་གྲགས་པ་དེ་དེ་ལས་རིགས་གཞན་མ་ཡིན་པའི་ཕྱིར། དེ་ལྟར་རྟག་པའི་ལྟ་བ་ངོས་བཟུང་ནས་ཆད་པར་ལྟ་བ་ནི། འཇིག་རྟེན་རང་ཁ་བ་དང་དངོས་པོར་སྨྲ་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་སུ་ཡི་ལུགས་ལ་ཡིན་ཀྱང་རུང་སྟེ། ཚད་མས་གྲུབ་པའི་ཆོས་ཞིག་རིགས་པས་དཔྱད་པའི་སྒོ་ནས་སམ། འཇིག་རྒྱུ་དོན་གཞན་ལ་ལྟོས་སམ་མ་ལྟོས་པར་ཡིན་ཡང་རུང་སྟེ། ཕྱིས་མེད་པར་སོང་བ་ཡིན་ན། དེ་ལ་ཆད་པ་ཞེས་བྱ་སྟེ། དཔེར་ན་ཆུ་བོའི་རྒྱུན་ཆད་པ་བཞིན་ནོ། །དེ་ལྟར་ལྟ་བའི་ཤེར་འཆལ་དེ་ལ་ཆད་པའི་ལྟ་བ་ཞེས་བྱ་སྟེ། སྔོན་ཡོད་པ་ཞིག་ཕྱིས་མེད་པར་ཞེན་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པའི་ཕྱིར། དབུ་མ་པས་རང་ལུགས་གཏན་ལ་འབེབས་པ་ན། ཆོས་ཐམས་ཅད་ཡོད་པ་མ་ཡིན་པར་ལྟ་བ་ནི་དོན་དེ་ལ་ལྟོས་པའི་ཆད་པའི་ལྟ་བ་མ་ཡིན་ཏེ། སྔར་ཡོད་པར་ཁས་བླངས་པའི་ཕྱིར། རི་བོང་གི་རྭ་མེད་པར་ལྟ་བ་བཞིན་ནོ། །ཡང་དབུ་མའི་རང་ལུགས་གཏན་ལ་འབེབས་པ་ན། ལྟ་བས་སྤྲོས་པ་གཅོད་པའི་ཚེ་ཆོས་ཐམས་ཅད་མེད་པར་ལྟ་བ་མི་སྲིད་ལ་ཤེས་བརྗོད་ཀྱིས་ཐ་སྙད་འདོགས་པའི་ཚེ། དེ་ཐམས་ཅད་ཀུན་རྫོབ་ཏུ་མེད་པར་སྨྲ་ན་ནི། འཇིག་རྟེན་གྱི་མངོན་སུམ་ལ་བསྙོན་པ་ཡིན་པས་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། འཇིག་རྟེན་ཉིད་ཀྱིས་སེལ་ནུས་ལ། དོན་དམ་དུ་མེད་པ་ཡིན་པར་སྨྲ་ན་ནི། མ་ཡིན་དགག་པའི་ཡུལ་ཅན་གྱི་ཚད་མས་གྲུབ་པར་ཞེན་པ་ཡིན་པས་རྟག་པའི་ལྟ་བ་ཡིན་ཏེ། དོན་དམ་བདེན་པར་ཞེན་པའི་བློ་བཞིན་ནོ། །དེ་སྐད་དུ་ཡང༌། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པས་སོ། །འདི་ལ་ཁ་ཅིག་ན་རེ། རྒྱང་ཕན་གྱིས་ལས་རྒྱུ་འབྲས་མེད་པར་ལྟ་བ་ཡང་ཆད་པའི་ལྟ་བ་མ་ཡིན་པར་འགྱུར་ཏེ། སྔར་ཡོད་པར་ཁས་མ་བླངས་པའི་ཕྱིར་ཞེས་ཟེར་བ་ནི་བདེན་པ་གཉིས་ལ་ལྟོས་པའི་མཐར་ལྟ་བའི་ཁྱད་པར་ཞིབ་ཏུ་མ་བཤད་པའི་ཀླན་ཀ་ཡིན་ཏེ། གྲུབ་མཐའ་སྨྲ་བ་རང་ལ་དོན་དམ་ལ་ལྟོས་པའི་ཆད་ལྟར་འགྱུར་བ་ལ་བཤད་མ་ཐག་པ་དེ་ལྟ་བུ་ཞིག་དགོས་པ་ཡིན་པས་ན། དེས་དེར་ལྟ་བ་དེ་དོན་དམ་ལ་ལྟོས་པའི་ཆད་ལྟ་མ་ཡིན་ཡང་དེ་ཆད་ལྟར་སོང་བ་ཡིན་ཏེ། སྤྱིར་འཇིག་རྟེན་ལ་གྲགས་པའི་ཚད་མས་གྲུབ་པའི་དོན་ཞིག་ལ་སྐུར་པ་བཏབ་པའི་ཕྱིར་དང༌། འཇིག་རྟེན་ལ་གྲགས་པའི་དོན་འཇིག་རྟེན་ཉིད་ཀྱིས་བསལ་བའི་ཕྱིར། གཉིས་པ་ནི་དབུ་མ་པ་རང་གི་ལུགས་ལ་ནི། རྟག་ཆད་དུ་ལྟ་བའི་ཤེས་རབ་ཀྱིས་ནམ་ཡང་རེག་པར་མི་འགྱུར་ཏེ། ཡོད་པའི་ཆོས་གང་ཡང་ཁས་མ་བླངས་ལ། དེའི་རྒྱུ་མཚན་གྱིས་དེ་ཉིད་ཕྱིས་མེད་པར་སོང་བ་ཡང་མི་སྲིད་པའི་ཕྱིར། དེ་སྐད་དུ་ཡང་འཇུག་པ་ལས། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །ཞེས་དང༌། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཡོད་མ་ཡིན་དེ་ཕྱིར་ཡང༌། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་དང༌། རྩ་བ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང༌། དངོས་པོར་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་སོ། །དེའི་ཕྱིར་ཕྱི་རོལ་པ་ནས་རྣལ་འབྱོར་སྤྱོད་པའི་བར་དངོས་པོར་སྨྲ་བ་ཐམས་ཅད་ཀྱིས་ནི་སྣང་ཕྱོགས་ཁས་བླངས་པས་ཆད་མཐའ་སེལ། སྟོང་ཕྱོགས་ཁས་བླངས་པས་རྟག་མཐའ་སེལ་བར་མཐུན་ཡང༌། འདིར་ནི་དོན་དམ་ལ་དཔྱོད་པའི་སྐབས་སུ་ཡོད་པའི་ཆོས་ཞེས་བྱ་བ་ཅུང་ཟད་ཁས་མ་བླངས་པ་དེ་གཅིག་བུས་མཐའ་གཉིས་ཀ་སེལ་བར་ནུས་པ་ཡིན་གྱི་རྣལ་འབྱོར་སྤྱོད་པ་པ་མན་ཆད་ཀྱིས་ཆོས་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་དེས་ནི་མཐའ་གཉིས་ཀྱི་ཆ་ཤས་ཙམ་ཡང་སེལ་ནུས་པ་མ་ཡིན་ཏེ། མཐའ་གཉིས་པོ་དེ་ཉིད་ཁས་བླངས་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ཏེ། ཚིག་གསལ་ལས། ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པའི་ཕྱིར་རབ་རིབ་མེད་པ་རྣམས་ལྟར་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲ་མོད་ཀྱི། དེ་སྐད་སྨྲས་པ་ནི་ཁོ་བོ་ཅག་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །ཞེས་དང༌། དབུ་མའི་ལྟ་བ་ཁོ་ན་ལ་ཡོད་པ་དང་མེད་པ་ཉིད་དུ་ལྟ་བར་ཐལ་བ་མེད་པ་ཡིན་གྱི། རྣམ་པར་ཤེས་པ་སྨྲ་བའི་ལྟ་བ་ལ་སོགས་པ་དག་ལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདིར་སྨྲས་པ། བློ་ཆེན་མང་པོའི་བློ་མཚོའི་ཆུ་གཏེར་དབུས་ཀྱི་བཅུད། །ལུང་རིགས་བཤོག་བརླབས་བདར་བའི་འཇིགས་མེད་དཔའ་བོ་ཡིས། །རྣམ་དཔྱོད་ཁ་སྒོར་ངང་གིས་འདུས་པའི་བདུད་རྩི་འདི། །དེ་རིང་བློ་གསལ་མང་པོའི་མགྲིན་པར་སྦྱིན་ནོ་ཀྱེ། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་མཛོད་ཅེས་བྱ་བ་ལས། བདེན་པ་གཉིས་ཀྱི་ཁང་བཟང་ཆེན་པོར་འཇུག་པའི་རྣམ་པར་ཐར་པའི་སྒོ་དབྱེ་བ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply