ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལས་དོན་དམ་པའི་བདེན་པ་རྣམ་པར་བཤད་པ་ལས་འཕྲོས་པའི་དོན་ཚན་སོ་སོ་ལ་མཁས་པར་བྱ་བའི་ལེའུ་དྲུག་པ།

༼བ༽༄༅། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལས་དོན་དམ་པའི་བདེན་པ་རྣམ་པར་བཤད་པ་ལས་འཕྲོས་པའི་དོན་ཚན་སོ་སོ་ལ་མཁས་པར་བྱ་བའི་ལེའུ་དྲུག་པ་བཞུགས་སོ།།

བློ་མཚོའི་ཆུ་གཏེར་འཛིན་པ་གཞན་དག་གི །རྣམ་དཔྱོད་པདྨོའི་འཕྲེང་བས་མ་བཟུང་བའི། །དཔལ་ལྡན་ཟླ་བའི་ལེགས་བཤད་བདུད་རྩིའི་འོད། །གང་གིས་ལེན་པ་དེ་ལ་ཕྱག་བགྱི་འོ། །ཞེས་མཆོད་པར་བརྗོད་ནས། གཉིས་པ་དོན་དམ་པའི་བདེན་པ་ལས་འཕྲོས་པའི་དོན་བཤད་པ་ལ་བཞི་སྟེ། རང་རྒྱུད་པས་བདག་མེད་དང་པོ་གཉིས་ཀུན་རྫོབ་ཀྱི་བདེན་པར་འདོད་དོ་ཞེས་ཟེར་བ་དེ་དེའི་ལུགས་མ་ཡིན་པར་བསྟན། གང་ཟག་རང་བཞིན་གྱིས་མ་གྲུབ་པ་གང་ཟག་གི་བདག་མེད་ཀྱི་དོན་དུ་འདོད་པ་ཐལ་འགྱུར་བའི་ལུགས་མ་ཡིན་པར་བསྟན། དོན་དམ་བདེན་པའི་མཚན་གཞི་མེད་དགག་ཁོ་ནར་འདོད་པ་དབུ་མ་པ་ཀུན་གྱི་སྤྱི་ལུགས་སུ་འདོད་པ་དགག ཟླ་བའི་ཞབས་ཀྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཤད་པའི་དགོངས་པ་འཆད་ཚུལ་གཞན་དུ་འདོད་པ་དགག་པའོ། །དང་པོ་ནི་གངས་ཅན་པ་ཕྱི་མ་དག་ན་རེ། དབུ་མ་རང་རྒྱུད་པ་དག་གི་ལྟར་ན། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་ལ། དེ་ཡང་དོན་དམ་པའི་བདེན་པར་ཁས་མི་ལེན་ཏེ། ཆོས་ཉིད་མ་ཡིན་པའི་ཕྱིར་དང༌། དེ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་ཤེས་སྒྲིབ་ཀྱི་ས་བོན་དྲུངས་འབྱིན་པར་མི་ནུས་པའི་ཕྱིར་དང༌། བདག་མེད་ཙམ་དོན་དམ་པའི་བདེན་པ་ཡིན་ན། འཕགས་པ་ལ་དོན་དམ་བདེན་པ་རྟོགས་པས་ཁྱབ་པར་འགྱུར་ལ། དེ་ལྟར་ན། དེ་ལ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་འགྱུར་རོ། །དེ་བཞིན་དུ་གཟུང་བ་ཆོས་ཀྱི་བདག་མེད་པ་ཞེས་བྱ་བའི་དོན་ནི། གཟུང་འཛིན་རྫས་གཞན་གྱི་སྟོང་པ་དེ་ཉིད་ཡིན་ལ། དེ་ཡང་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེ་རྟོགས་པ་ཙམ་གྱིས་ཆོས་ཀྱི་བདག་མེད་གོ་ཆོད་པོ་རྟོགས་པར་བཞག་མི་ནུས་པའི་ཕྱིར་དང༌། གཞན་དུ་ན། རང་རྒྱལ་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་ཐལ་བའི་ཕྱིར་རོ། །མདོར་ན། བདག་མེད་ཙམ་ལྡོག་ནས་དོན་དམ་པའི་བདེན་པར་འདོད་པ་དང༌། ཀུན་རྫོབ་ཀྱི་བདེན་པར་འདོད་པ་ནི། ཐལ་རང་གི་ཁྱད་པར་གཅིག་ཡིན་ནོ་ཞེས་ཟེར་ཞིང༌། དེ་སྐད་དུ་སྨྲ་བ་དེ་དག་གི་རྗེས་སུ་འབྲང་བ་ལ། འགོག་པའི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཟེར་བ་དང༌། དོན་དམ་པའི་བདེན་པར་ཁས་ལེན་དགོས་སོ་ཞེས་ཟེར་བ་དག་སྣང་ངོ༌། །འདི་སུན་དབྱུང་བ་ལ་བཞི་སྟེ། ལུང་དང་འགལ་བ། རིགས་པ་དང་འགལ་བ། ཁས་བླངས་ནས་འགལ་བ། ཞར་ལ་གང་ཟག་དང་གཟུང་བ་ཆོས་ཀྱི་བདག་མེད་ཀྱི་གོ་དོན་འཆད་ཚུལ་ལ་དཔྱད་པའོ། །དང་པོ་ནི། དབུ་མ་རང་རྒྱུད་པ་ལྟ་ཞོག གང་ཟག་གི་བདག་མེད་ཀུན་རྫོབ་བདེན་པར་ཁས་ལེན་པའི་རང་སྡེ་སུ་ཡང་ཡོད་པ་མ་ཡིན་ཏེ། གང་ཟག་གི་བདག་མེད་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སོ་སོའི་གཞུང་ནས་འབྱུང་བའི་དོན་དམ་པའི་མཚན་ཉིད་ནི་དེ་ལ་ལེགས་པར་ཞུགས་པའི་ཕྱིར་དང༌། གྲུབ་མཐའ་སྨྲ་བ་སུས་ཀྱང་གང་ཟག་གི་བདག་མེད་ཡོད་པར་ཁས་བླངས་ནས་དེ་ཀུན་རྫོབ་ཀྱི་བདེན་པར་འཆད་པ་སུ་ཡང་མི་སྣང་བའི་ཕྱིར་རོ། །བྱེ་བྲག་ཏུ་གཟུང་བ་ཆོས་ཀྱི་བདག་མེད་སྟོན་པའི་གཞུང་ནི་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་ན་རྒྱས་པར་བཞུགས་པ་ཡིན་ལ། དེར་ནི་དེ་ཁོ་ན་ལ་དོན་དམ་བདེན་པའི་གཙོ་བོར་གསུངས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡི་གཞན། །ཞེས་པའི་གཞུང་གིས་བསྟན་པའི་དོན་དམ་བདེན་པའི་མཚན་ཉིད་དེ་ཡང༌། དེ་ལ་ཚང་བའི་ཕྱིར་དང༌། དོན་དམ་དོན་བྱེད་ནུས་པ་གང༌། །ཞེས་པའི་གཞུང་གིས་བསྟན་པའི་དོན་དམ་བདེན་པའི་མཚན་ཉིད་དེ་ཡང་དེ་ལ་ཚང་བར་མདོ་སེམས་གཉིས་ཀྱིས་འདོད་པའི་ཕྱིར་དང༌། མངོན་པ་ཀུན་ལས་བཏུས་སོགས་ལས། དོན་དམ་བདེན་པའི་མཚན་ཉིད་དུ་བཤད་པའི་རྣམ་དག་གི་དམིགས་པ་ཞེས་འབྱུང་བ་དེ་ཡང་དེ་ལ་ཚང་བའི་ཕྱིར་དང༌། བྱེ་བྲག་ཏུ་ཡེ་ཤེས་སྙིང་པོའི་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་སོགས་རྩ་འགྲེལ་གྱི་གནས་སྐབས་ནས་འབྱུང་བའི་དེའི་མཚན་ཉིད་ཀྱང་དེ་ལ་ལེགས་པར་ཚང་བའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ནི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཉམ་བཞག་ཡེ་ཤེས་དེ་བློ་ཀུན་རྫོབ་པ་ཡིན་པར་ཐལ་བ་དང༌། ཡུལ་ཅན་དོན་དམ་པ་མ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟར་ན་གནས་ཚུལ་གྱི་དོན་མཐོང་བ་ལ་སྒྲིབ་བྱེད་ཡིན་པར་འགྱུར་བ་དང༌། མཐོང་བ་བརྫུན་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཀུན་རྫོབ་ཀྱི་བདེན་པ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བར་ཆད་མེད་ལམ་གྱིས་སྒྲིབ་པའི་ས་བོན་འཇོམས་ནུས་པ་སྲིད་པར་འགྱུར་ལ། དེ་ལྟ་ན་འཇིག་རྟེན་པའི་ལམ་གྱིས་ཀྱང་དེའི་ས་བོན་འཇོམས་ནུས་པ་སྲིད་པར་འགྱུར་རོ། །མདོར་ན་གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། དེ་དངོས་ཡུལ་དུ་བྱེད་པའི་བློས་སྒྲིབ་པའི་ས་བོན་སྤོང་མི་ནུས་པས་ཁྱབ། དཔེར་ན་ཚུལ་རོལ་མཐོང་བའི་ཤེས་པ་བཞིན། བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པ་དངོས་ཡུལ་དུ་བྱེད་པར་ཁས་བླངས་སོ། །ཞེས་བྱ་བ་འདི་ནི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་རོ། །གཞན་ཡང་དོན་དམ་པའི་བདེན་པ་ལ་ཆོས་དབྱིངས་ཀྱིས་ཁྱབ་པ་ནི། རང་རྒྱུད་པ་ལྟ་ཞོག་ཐལ་འགྱུར་བས་ཀྱང་འདོད་པ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་སའི་དོན་དམ་པའི་སྐུ་དང༌། ཆོས་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་བའི་ཡེ་ཤེས་ལ་མ་ཁྱབ་པ་དང་གཟུང་བ་ཆོས་ཀྱི་བདག་མེད་ལ་མ་ཁྱབ་པ་དང༌། སྤྲོས་པ་ཕྱོགས་རེ་བ་བཀག་པའི་བདེན་སྟོང་ལ་མ་ཁྱབ་པ་དང༌། གང་ཟག་གི་བདག་མེད་ནི་ཆོས་ཉིད་དུ་ཐལ་འགྱུར་བས་ཀྱང་མི་འདོད་པའི་ཕྱིར་རོ། །དེ་ལྟར་བདག་མེད་དང་པོ་གཉིས་ཀུན་རྫོབ་ཀྱི་བདེན་པ་ཡིན་པ་བཀག་ནས་དོན་དམ་པའི་བདེན་པར་བསྒྲུབས་པ་འདི་ཡང༌། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་ཡིན་གྱི། ཐ་མར་ལྟ་བ་ཀུན་བཟློག་པའི་རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ་ནི། ཆོས་ཀྱི་བདག་མེད་གཉིས་ཀྱང་དོན་དམ་པའི་བདེན་པར་མི་འདོད་པས་སྐབས་སོ་སོར་ཕྱེ་ནས་བཤད་པར་བྱ་བ་ཡིན་ནོ། །གསུམ་པ་ཁས་བླངས་དང་འགལ་བ་ལ་གསུམ་སྟེ། བདག་མེད་དང་པོ་གཉིས་ཀུན་རྫོབ་བདེན་པར་ཁས་ལེན་པ་ལ་ནང་འགལ་བརྗོད་པ་དང༌། འགོག་བདེན་ཀུན་རྫོབ་བདེན་པར་ཁས་ལེན་པ་ལ་ནང་འགལ་བརྗོད་པ་དང༌། དེ་དོན་དམ་བདེན་པར་ཁས་ལེན་པ་ལ་ནང་འགལ་བརྗོད་པའོ། །དང་པོ་ནི། འདི་ལྟར་བདག་མེད་དང་པོ་གཉིས་ཆོས་ཅན། དོན་དམ་བདེན་པར་ཐལ། ཁྱེད་ཅག་གིས་རང་རྒྱུད་པའི་སྐབས་སུ་དོན་དམ་བདེན་པའི་མཚན་ཉིད་དུ་ཁས་བླངས་པ་དེ་དག་ཞུགས་པའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་དུ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་རྣམ་པར་རྟོགས་པར་བྱ་བ་མ་ཡིན་པ་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་ནོ་ཞེས་ཁས་བླངས་པས་སོ། །གཞན་ཡང༌། བདག་མེད་གཉིས་མངོན་སུམ་དུ་རྟོགས་པའི་ཐེག་དམན་གྱི་མཉམ་བཞག་ཡེ་ཤེས་དེ་དག་ཆོས་ཅན། གཉིས་སྣང་ཅན་གྱི་ཤེས་པར་ཐལ། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཁྱེད་ཀྱིས་ཇི་སྐད་དུ། ཀུན་རྫོབ་བདེན་པའི་མཚན་ཉིད་རང་མངོན་སུམ་དུ་རྟོགས་པའི་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་རིགས་སུ་གནས་པ་ཞེས་ཁས་བླངས་པས་སོ། །གཞན་ཡང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། དོན་དམ་པའི་བདེན་པ་མངོན་སུམ་དུ་མ་རྟོགས་པར་ཐལ། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་ཡང་གྲུབ་པའི་མཐར་ཁས་བླངས་ཤིང༌། འདོད་ན་ནི། སློབ་དཔོན་སེང་གེ་བཟང་པོའི་ལུང་གིས་བསལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པ་དང༌། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་དང༌། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །ཞེས་པའི་འགྲེལ་པར། མངོན་པ་ནས་གསུངས་པའི་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་མཐོང་བ་དང་སྒོམ་པའི་ལམ་གྱིས་ཤེས་ཕྱིན་ནས་གསུངས་པའི་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཚུལ་གོ་རིམ་བཞིན་སྦྱར་ནས་གསལ་བར་གསུངས་པའི་ཕྱིར་རོ། །གང་ཡང་ཁྱེད་ཀྱི་ལྟར་ན་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དང༌། བདེན་མེད་མངོན་སུམ་དུ་རྟོགས་པའི་དེ་འདྲའི་བཟོད་པ་གཉིས་རིམ་ཅན་དུ་སྐྱེའམ་ཅིག་ཅར་དུ་སྐྱེ་ཞེས་རྣམ་པར་བརྟགས་ན་ཁས་བླངས་པ་དང་འགལ་བ་དང༌། ཚད་མས་བསལ་བ་དུ་མ་ཞིག་ཁྱོད་ཀྱིས་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ནི། འགོག་པའི་བདེན་པ་གང་ཡིན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ངོ་བོ་ཉིད་ཀྱི་སྐུ་ཡང་དེར་ཐལ་བར་འགྱུར་ཏེ། དེ་ཡང་འགོག་པའི་བདེན་པར་ཁྱོད་ཀྱིས་འདོད་པས་སོ། །གཞན་ཡང༌། ཇི་སྐད་དུ། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་སྐབས་ནས་བསྟན་པའི་སྟོང་ཉིད་བཅུ་དྲུག་པོ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། དོན་དམ་པའི་བདེན་པ་མངོན་སུམ་དུ་མ་རྟོགས་པར་ཐལ། འགོག་བདེན་མངོན་སུམ་དུ་རྟོགས་པའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང༌། འདོད་ན་ནི། དེ་སྐབས་ཀྱི་སྟོང་ཉིད་བཅུ་དྲུག་པོ་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཐལ་བར་འགྱུར་རོ། །གསུམ་པ་ནི། གང་དག་དོན་དམ་པའི་བདེན་པ་ལ་ཆོས་ཉིད་ཀྱིས་ཁྱབ་པས་ཁས་ལེན་ཞིང༌། དགག་བྱ་གང་བཀག་པའི་སྒོ་ནས། དོན་དམ་བདེན་པར་འཇོག་ནུས་པའི་དགག་བྱ་དེ་བདེན་གྲུབ་ཁོ་ན་ལ་ངོས་འཛིན་པ་རང་རྒྱུད་པའི་ལུགས་སུ་འཆད་བཞིན་དུ། འགོག་བདེན་དོན་དམ་པའི་བདེན་པར་ཁས་ལེན་པ་རང་རྒྱུད་པའི་ལུགས་སུ་འཆད་པ་དེ་དག་ནི། འགལ་བའི་ཁུར་ཆེན་པོས་ནོན་པར་གདོན་མི་ཟ་བ་ཡིན་ནོ། །དེ་ཡང་འདི་ལྟར། འཕགས་པ་ཡིན་ན་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་འགྱུར་ཏེ། དེ་ཡིན་ན། འགོག་བདེན་རྟོགས་དགོས་ལ། དེ་རྟོགས་ན་ཆོས་ཉིད་རྟོགས་དགོས་པར་ཁས་བླངས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་མ་རྟོགས་པའི་འཕགས་པ་མི་སྲིད་པའི་ཕྱིར་རོ། །རྩ་བར་འདོད་ན་ནི། སློབ་དཔོན་ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའི་ལུགས་ལ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པས་ཁྱབ་པར་བཞེད་དོ་ཞེས་ཟེར་བ་དང་དངོས་སུ་འགལ་ལོ། །དེ་ཁོ་ནར་མ་ཟད་འགོག་པའི་བདེན་པ་ཆོས་ཅན། དགག་བྱ་གང་ཞིག་བཀག་པས་ཁྱོད་དོན་དམ་བདེན་པར་འཇོག་པའི་དགག་བྱ་དེ་ཤེས་བྱ་ལ་སྲིད་པ་མ་ཡིན་པར་ཐལ། ཁྱོད་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་འདོད་ན། ཆོས་གང་དང་གང་ཞིག་འགོག་བདེན་དུ་འཇོག་པ་དེ་དགག་བྱ་བདེན་གྲུབ་བཀག་པའི་ཆ་ནས་སམ། དགག་བྱ་གློ་བུར་གྱི་དྲི་མ་བཀག་པའི་ཆ་ནས་དེར་འཇོག་པ་ཡིན། དང་པོ་ལྟར་ན་ནི་ཤེས་བྱ་ཐམས་ཅད་དམ། ཡང་ན་ཆོས་ཉིད་ཐམས་ཅད་འགོག་པའི་བདེན་པར་ཐལ་བ་བཟློག་མི་ནུས་ལ། གཉིས་པ་ལྟར་ན་ནི། འགོག་བདེན་གྱི་དགག་བྱ་ཤེས་བྱ་ལ་མི་སྲིད་པ་ཉམས་སོ། །བཞི་པ་ལ་དབུ་མ་རང་རྒྱུད་པ་དང༌། སེམས་ཙམ་པས་གང་ཟག་གི་མཚན་གཞི་འཛིན་ཚུལ་ལ་ལོག་པར་རྟོག་པ་དགག་པ་དང༌། གཟུགས་སྒྲ་སོགས་ཚད་གྲུབ་ཏུ་ཁས་ལེན་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་ཁས་ལེན་པ་ནང་འགལ་དུ་བསྟན་པའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། རྟོག་གེ་འབར་བ་ལས་འདི་ལྟར་ཁོ་བོ་ཅག་ཀྱང་རྣམ་པར་ཤེས་པ་ལས་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་པ་དག་ལ་ཉེ་བར་འདོགས་པའི་ཕྱིར། ཞེས་བཤད་པས་སོ། །ཡང༌། སེམས་ཙམ་པ་ཕལ་ཆེ་བ་དག་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་གང་ཟག་གི་མཚན་གཞིར་ཁས་ལེན་ཏེ། ཉོན་ཡིད་འཁོར་བཅས་ཀྱིས་དེ་ལ་དམིགས་ནས་ངར་འཛིན་པའི་ཕྱིར། ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། འདི་ལྟར་འདོད་པ་རང་རྒྱུད་པའི་ལུགས་མ་ཡིན་པར་བསྟན་པ་དང༌། སེམས་ཙམ་པའི་འདོད་པ་ཡང་དེ་མ་ཡིན་པར་བསྟན་པའོ། །དང་པོ་ནི། འོ་ན་ལུགས་དེ་གཞིར་བྱས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཐལ་བར་འགྱུར་ཏེ། གང་ཟག་ཡིན་པའི་ཕྱིར། ཁྱབ་པ་མ་ངེས་ན། ཆོས་མངོན་པ་ལས་གསུངས་པའི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རྣམ་པར་གཞག་པ་ཐམས་ཅད་འཆོལ་བར་འགྱུར་ཞིང༌། རྣམ་ཤེས་ཕུང་པོ་གང་ཟག་གི་མཚན་གཞིར་འདོད་པ་འདི་ནི་སྔོན་ཆད་ཆོས་ལས་འབྱུང་བ་མེད་དོ། །གཞན་ཡང་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པ་དངོས་ནི་དེས་འཕངས་པའི་གང་ཟག་དང་ས་དེ་བསྡུས་ཀྱི་ཕུང་པོ་ལ་བྱེད་དགོས་པར་ཆོས་མངོན་པ་ལས་རྒྱས་པར་འབྱུང་ལ། དེ་ལྟར་ཡིན་པ་དེའི་ཚེ་ནི་འདོད་པ་ཁམས་ཀྱི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། འདོད་པའི་སས་བསྡུས་ཀྱི་འགྲོ་བ་མ་ཡིན་ཏེ། དེར་འཕེན་བྱེད་ཀྱི་ལས་ཀྱིས་འཕངས་པའི་རྣམ་སྨིན་དངོས་མ་ཡིན་པའི་ཕྱིར། དེ་མ་ཡིན་ཏེ། ཁྱོད་ཡིན་དུ་འགྱུར་པའི་མི་དགེ་བ་དང་དགེ་བའི་སེམས་དུ་མ་གྲུབ་པའི་ཕྱིར་རོ། །ཡང་མཐོང་ལམ་པའི་ཡིད་ཀྱི་རྣམ་པར་ཤེས་པ་མཐོང་ལམ་པའི་མཚན་གཞི་དང༌། རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་ཤེས་པ་དེའི་མཚན་གཞིར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་ནི། ལམ་དང་གང་ཟག་འཆོལ་བར་འགྱུར་བ་དང༌། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སེམས་ཅན་ལ་སྣང་བ་དེ་རྣམས་ཡེ་ཤེས་ཀྱི་སྐུ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་སངས་རྒྱས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་འདོད་པའི་སས་བསྡུས་ཀྱི་འགྲོ་བ་ཡིན་ན། ཟག་མེད་ཀྱི་ལམ་དངོས་སུ་སྐྱེ་བའི་རྟེན་དུ་མི་རུང་དགོས་པར་འགྱུར་ཏེ། འདོད་པའི་སས་བསྡུས་ཀྱི་འགྲོ་བ་ཡིན་ན། ས་དེས་བསྡུས་ཀྱི་ཡིད་ཀྱི་རྣམ་ཤེས་ཡིན་དགོས། དེ་ཡིན་ན་ཟག་མེད་ལམ་གྱི་དངོས་རྟེན་དུ་མི་རུང་བས་ཁྱབ་པའི་ཕྱིར་རོ། །ཡང་འདོད་པའི་རྟེན་ཅན་གྱི་མཐོང་ལམ་པའི་རྒྱུད་ཀྱི་ཡིད་ཀྱི་ཤེས་པ་ཟག་མེད་ཀྱི་ལམ་གྱི་ངོ་བོར་སྐྱེས་པ་དེའི་ཚེ་འདོད་པའི་འགྲོ་བ་བཏང་བར་འགྱུར་ཏེ། དེས་བསྡུས་ཀྱི་ཡིད་ཀྱི་རྣམ་ཤེས་བཏང་བའི་ཕྱིར་རོ། །འདོད་ན་ནི། འདོད་པའི་ལུས་རྟེན་བོར་བར་འགྱུར་རོ། །ཡང་བྱང་སེམས་མཐོང་ལམ་པའི་ཡིད་ཀྱི་ཤེས་པ་ཟག་མེད་ཀྱི་ལམ་གྱི་ངོ་བོར་སྐྱེས་པ་དེའི་ཚེ་དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། བྱང་སེམས་མཐོང་ལམ་པ་ལ་ལྟོས་པའི་ང་དང་གང་ཟག་དང་བདག་རྣམས་སུ་ཐལ། ཁྱོད་དེ་ལ་ལྟོས་པའི་གང་ཟག་གི་མཚན་གཞི་ཡིན། ཁྱོད་ལས་གཞན་དུ་གྱུར་པའི་དེའི་མཚན་གཞི་མ་དམིགས་པའི་ཕྱིར། འདོད་ན་ནི། དེ་ཆོས་ཅན། དེའི་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་ཐལ། དེ་ལ་ལྟོས་པའི་ང་དང་བདག་ཡིན་པའི་ཕྱིར། ཁྱབ་པ་འདི་ཡང་ཁྱེད་ཀྱི་གྲུབ་པའི་མཐའ་ཡིན་ལ། འདོད་པར་ནུས་པ་མ་ཡིན་ཏེ། ངར་འཛིན་ལྷན་སྐྱེས་ཀྱིས་ཟག་མེད་ཀྱི་ལམ་ལ་དམིགས་ནས་ངར་འཛིན་པ་ཞེས་བྱ་བ་འདི་ནི་ཆོས་འདི་པ་དག་ཉིད་ཀྱི་ཁོངས་སུ་མི་གཏོགས་པའི་ཕྱིར་རོ། །གཞན་ཡང༌། གཟུགས་མེད་ཁམས་སུ་སྐྱེས་པའི་ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་སྒོམ་ལམ་ཟག་མེད་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ་སྒོམ་ལམ་པ་དེའི་ང་ཙམ་དང་གང་ཟག་མེད་པར་འགྱུར་ཏེ། དེའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟག་མེད་ཀྱི་ངོ་བོར་སྐྱེས། དེ་ལས་མ་གཏོགས་པའི་དེའི་མཚན་གཞི་མེད་པའི་ཕྱིར། གལ་ཏེ་དེ་ཉིད་དེའི་མཚན་གཞིའོ་ཞེ་ན། དེ་ཆོས་ཅན། གཟུགས་མེད་ཀྱི་སེམས་ཅན་གྱི་མཚན་གཞི་མ་ཡིན་ཏེ། ཟག་མེད་སྒོམ་ལམ་ཡིན་པའི་ཕྱིར། གཞན་ཡང༌། ཇི་སྐད་དུ། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་བྱ་བའི་གནས་སྐབས་ལྔ་པོ་དེ་དག་ཏུ་གང་ཟག་གི་མཚན་གཞི་འཛིན་རྒྱུ་མེད་པར་འགྱུར་ཏེ། དེ་དག་ན་ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར། ཅི་སྟེ་དེ་ན་མངོན་གྱུར་དུ་མེད་པ་ཡིན་གྱི། དབང་དང་ལྡན་པར་ཡོད་དོ་སྙམ་ན། དེ་ལྟ་ན་ཡང་གནས་སྐབས་དེ་དག་ན་གང་ཟག་མངོན་གྱུར་དུ་མེད་པར་ཐལ་བ་བཟློག་ཏུ་མེད་དོ། །མདོར་ན་ཁྱེད་ཅག་གིས་ངར་འཛིན་ལྷན་སྐྱེས་ཀྱིས་གང་ལ་དམིགས་ནས་ངར་བཟུང་བའི་དམིགས་པ་དེ་ཡིན་ན། ང་དང་བདག་དང་གང་ཟག་རྣམས་ཡིན་པས་ཁྱབ་པ་དེ་སེམས་ཙམ་པ་ཡན་ཆད་ཀྱི་ཐུན་མོང་གི་གྲུབ་པའི་མཐར་ཁས་བླངས་པས་ཤིན་ཏུ་ནོངས་པ་ཡིན་ཏེ། དེ་ལྟ་ན་ངར་འཛིན་ལྷན་སྐྱེས་འཛིན་སྟངས་ལ་མ་འཁྲུལ་བར་ཐལ་བའི་ཕྱིར་དང༌། ཇི་སྐད་དུ། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །ཞེས་པའི་གཞུང་གིས་གང་བཀག་པ་དེ་ཉིད་ཁྱེད་ཀྱིས་སེམས་ཙམ་པ་དང་རང་རྒྱུད་པའི་གྲུབ་པའི་མཐར་ཁས་བླངས་པའི་ཕྱིར། གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡིད་ཀྱི་རྣམ་ཤེས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་ནོ་ཞེས་ཟེར་བ་དང༌། དེ་གང་ཟག་གི་མཚན་གཞིར་ཁས་ལེན་ནོ་ཞེས་ཟེར་བ་ནི། དེའི་གྲུབ་མཐའ་འཇོག་མ་ཤེས་པ་ཡིན་ཏེ། གང་ཟག་བཏགས་པ་ཙམ་དུ་ཁས་མི་ལེན་པའི་རང་སྡེ་སུ་ཡང་མེད་པའི་ཕྱིར། འོ་ན་རྟོག་གེ་འབར་བའི་ལུང་འདིའི་དོན་ནི་གང༌། ལུགས་དེ་ལ་གང་ཟག་གི་མཚན་གཞི་ནི་ཅི་ཞེ་ན། བཤད་པ་དབུ་མ་པ་ཁོ་བོ་ཅག་ཀྱང་ཐ་སྙད་དེ་ངར་འཛིན་པའི་བློ་ལྷན་སྐྱེས་ཀྱི་ངོར། རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་སྦྱོར་ཏེ། དེས་ཡང་སྲིད་ལེན་པ་རྒྱུ་མཚན་དུ་བྱས་ནས་བདག་ཡིན་ནོ་སྙམ་དུ་བཟུང་བའི་ཕྱིར། འོ་ན་དེས་ཇི་ལྟར་བཟུང་བའི་བདག་དེ་ཡོད་པ་ཡིན་ནམ་ཞེ་ན། ལུས་དང་དབང་པོ་ཚོགས་པ་ན་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་པ་ཡིན་ནོ། །ཞེས་པ་ནི་ལུང་དེའི་དོན་ནོ། །གང་ཟག་གི་མཚན་གཞི་ནི། ངར་འཛིན་ལྷན་སྐྱེས་ཀྱི་ལུས་དང་དབང་པོ་ཚོགས་པ་ན་གང་ཟག་དང་ང་ཙམ་ཞིག་ཡོད་པར་སྒྲོ་བཏགས་པའི་བཏགས་ཡོད་དེ་ཉིད་དོ། །སྒྲོ་འདོགས་པའི་རྒྱུ་མཚན་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པའོ། །མདོར་ན་རྟོག་གེ་ལ་འབར་བའི་གཞུང་དེས་ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་དུ་གྱུར་པའི་བདག་ཡོད་པ་འགོག་པ་ཡིན་གྱི། རྣམ་པར་ཤེས་པ་ནི་བདག་ཏུ་སྟོན་པ་མ་ཡིན་ཏེ། དཔེར་ན་མདོ་ལས། དགེ་སྦྱོང་ངམ་བྲམ་ཟེ་གང་དག བདག་གོ་སྙམ་དུ་ལྟ་བ་གང་ཡིན་པ་དེ་ནི། ཕུང་པོ་ལྔ་པོ་དག་ལ་རྗེས་སུ་ལྟ་བ་སྟེ། ཞེས་གསུངས་པ་དེས་ཕུང་པོ་ལྔ་བདག་ཏུ་མི་སྟོན་པ་བཞིན་ནོ། །གཉིས་པ་ནི། སེམས་ཙམ་པས་ཀུན་གཞིའི་རྣམ་པར་ཤེས་པ་གང་ཟག་ཏུ་འདོད་པ་ཡིན་ཏེ། ཉོན་ཡིད་ཀྱི་དམིགས་པར་ཁས་ལེན་པའི་ཕྱིར་ཟེར་བ་འདི་ཡང་རྣམ་པར་དག་པ་མ་ཡིན་ཏེ། ལུགས་དེ་ལ་ཉོན་ཡིད་ཀྱི་འཛིན་སྟངས་མ་འཁྲུལ་བར་ཐལ་བ་དང༌། འགྲོ་བ་རྣམས་ཤི་བ་མི་སྲིད་པར་ཐལ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཤི་བ་སྲིད་ན་འཁོར་བའི་གནས་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུན་ཆད་ཅིང་འཇུག་པ་སྲིད་པར་ཐལ་བ་དང༌། གང་ཟག་གི་བདག་ཡོད་པར་ཐལ་བ་དང༌། གང་ཟག་གི་མཚན་གཞི་རྫས་སུ་གྲུབ་པར་ཐལ་བ་དང༌། སངས་རྒྱས་ཀྱི་སར་གང་ཟག་གི་མཚན་གཞི་ཆད་པར་ཐལ་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོར་ཐལ་བ་དང༌། མཐོ་རིས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པས་བདེ་བ་མྱོང་བར་ཐལ་བ་དང༌། ངན་སོང་གི་ཀུན་གཞིའི་རྣམ་པར་ཤེས་པས་སྡུག་བསྔལ་མྱོང་བར་ཐལ་བ་དང༌། མཐོང་ལམ་པའི་རྒྱུད་ཀྱི་ཀུན་གཞི་མཐོང་ལམ་པའི་མཚན་གཞིར་ཁས་ལེན་ན། དེ་ཟག་མེད་ཀྱི་ལམ་གྱི་དངོས་རྟེན་དུ་རུང་བར་ཐལ་བ་དང༌། རྣལ་འབྱོར་སྤྱོད་པ་བས། ཀུན་གཞི་བདེན་མེད་དུ་ཁས་མི་ལེན་པར་ཐལ་བ་དང༌། ཆོས་ཐམས་ཅད་བདག་མེད་དུ་ཁས་མི་ལེན་པའི་རང་སྡེ་དངོས་སྨྲ་བ་ཡོད་པར་ཐལ་བ་དང༌། དངོས་སྨྲ་བས་ཐ་སྙད་ཀྱི་བདེན་པ་རང་ལུགས་ཀྱི་རིགས་པས་འཇོག་པ་མ་ཡིན་པར་ཐལ་བ་དང༌། ཐ་སྙད་དུ་བདག་ཁས་ལེན་པའི་རང་སྡེ་ཡིན་ན། ཐ་སྙད་ཀྱི་བདེན་པ་འཇིག་རྟེན་ན་གྲགས་པ་བཞིན་དུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ཡིན་མི་དགོས་པར་ཐལ་བ་རྣམས་གདོན་མི་ཟ་བར་འཇུག་པ་ནི་རིགས་པ་དང་འགལ་བ་ཡིན་ནོ། །ལུང་དང་འགལ་བ་ནི་ཇི་སྐད་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པའི་ལུང་དོན་གྱི་ལོག་ཕྱོགས་ཉིད་རྣལ་འབྱོར་སྤྱོད་པ་པས་ཁས་བླངས་པར་ཐལ་བ་དང༌། རྣལ་འབྱོར་སྤྱོད་པ་པ་དེ་ཀུན་གཞི་སྟོན་པའི་སྣོད་དུ་གྱུར་པའི་གདུལ་བྱ་མ་ཡིན་པར་འགྱུར་ཏེ། དེས་ཀུན་གཞི་བདག་ཏུ་སྟོན་པའི་གྲུབ་པའི་མཐའ་འཆའ་བར་བྱེད་པའི་ཕྱིར། གཞན་ཡང་མངོན་པ་ཀུན་ལས་བཏུས་དང༌། གཏན་ལ་དབབ་པ་བསྡུ་བ་ལས། ཐ་སྙད་དུ་ཡང་བདག་ཡོད་པ་འགོག་པའི་རིགས་པ་རྒྱས་པར་གསུངས་པ་རྣམས་དང་འགལ་ལོ། །གཞན་ཡང་སེམས་ཙམ་པ་ཆོས་ཅན། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་དང་མང་པོས་བཀུར་བའི་སྡེ་པ་གང་རུང་ཡིན་པར་ཐལ། ངར་འཛིན་ལྷན་སྐྱེས་ཀྱིས་གང་ལ་དམིགས་ནས་བདག་ཏུ་བཟུང་བའི་འཛིན་སྟངས་དེ་ཉིད་དོན་དམ་མཐུན་པར་རིགས་པའི་སྟོབས་ཀྱིས་གྲུབ་པའི་མཐའ་སྨྲ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ལུགས་འདི་ལ་ཀུན་གཞི་ལས་མ་གཏོགས་པའི་གང་ཟག་གི་མཚན་གཞི་ཡོད་དམ་མེད། ཡོད་ན་ཡོད་པའི་རང་བཞིན་ཇི་ལྟར་མི་སྟོན། མེད་ན་མི་དགེ་བ་ཤས་ཆེན་པོ་རང་རྒྱུད་ལ་ཡོད་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་མི་དགེ་བ་མེད་པར་ཐལ། ཁྱོད་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། ཡང་དགེ་བ་དང་ཟག་པ་མེད་པའི་ཡེ་ཤེས་རང་རྒྱུད་ལ་ལྡན་པའི་ཉན་ཐོས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་དང་དེ་མེད་པར་ཐལ། ཁྱོད་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། ཡང་ཉན་ཐོས་སྒོམ་ལམ་པ་ཆོས་ཅན། ཉོན་ཡིད་ཀྱི་དམིགས་པར་ཐལ། ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། དེ་དེར་ཁས་མ་བླངས་སོ་ཞེ་ན་ནི། གང་ཟག་དེའི་མཚན་གཞི་ཡང་ཡིན། དེའི་ཀུན་གཞིའི་རྣམ་ཤེས་ཀྱང་མ་ཡིན་པའི་གཞི་མཐུན་ཞིག་ཁས་བླངས་པས་གྲུབ་པའི་མཐའ་གཏིང་ནས་ཉམས་སོ། །གཞན་ཡང༌། ཚུར་མཐོང་ལྷ་སྦྱིན་ཆོས་ཅན་དུ་བཟུང་ནས་ཀུན་གཞིའི་རྣམ་ཤེས་མ་ཡིན་པའི་ལུང་དང་རིགས་པ་རྣམས་ནི་ཤེས་པར་སླ་བས་རྣམ་པར་སྤྲོས་པ་དེ་ཙམ་གྱིས་ཆོག་གོ །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་དག་ཏུ། །སྔོན་རབས་བྱོན་པའི་མཁས་ཤིང་གྲུབ་དེ་དག །རིགས་པར་གཤེགས་པའི་ལམ་དུ་མི་འཇུག་པར། །ལོག་པའི་ལམ་དུ་འཇུག་དེ་ཅི་ཞིག་སེམས། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་ཕྱི་དོན་ཚད་གྲུབ་ཏུ་ཁས་ལེན་པ་ན་གཟུང་བ་ཆོས་ཀྱི་བདག་མེད་མི་འགྲུབ་པར་བསྟན་པ་ནི། བོད་ཕྱི་མ་དག་ན་རེ། སློབ་དཔོན་ལེགས་ལྡན་འབྱེད་དང་ཟླ་བའི་ཞབས་ཀྱིས་ནི་ཕྱི་རོལ་གྱི་དོན་ཚད་མས་གྲུབ་པར་བཞེད་ཅིང༌། ཞི་འཚོ་ཡབ་སྲས་ཀྱིས་ནི། ཕྱི་རོལ་གྱི་དོན་མི་བཞེད་ཀྱང༌། གཟུགས་སྒྲ་ལ་སོགས་པ་ཚད་གྲུབ་ཏུ་བཞེད་པ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ཚད་མས་གྲུབ་ན་གཟུང་བ་ཆོས་ཀྱི་བདག་མེད་ཚད་མས་མི་འགྲུབ་པའི་ཚུལ་དང༌། གཟུགས་སྒྲ་སོགས་ཚད་མས་གྲུབ་ན་དེ་མི་འགྲུབ་པའི་ཚུལ་ལོ། །དང་པོ་ནི། འོ་ན་ལུགས་དེ་གཞིར་བྱས་པ་ལ། གཟུང་འཛིན་རྫས་གཞན་ཡོད་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་ཕྱིར་རོ། །འདོད་པ་དེ་ལྟ་ན། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་མ་ཡིན་པར་འགྱུར་ལ། དེ་ཡང་འདོད་ན། ཆོས་ཀྱི་བདག་མེད་ཇི་ལྟར་འགྲུབ་རྩ་བ་ལ་ཁྱབ་པ་མ་ངེས་ན་ནི། ཕྱི་རོལ་གྱི་དོན་ཤེས་པའི་བདག་ཉིད་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་ཡང་དེ་ལྟར་བེམས་རིག་གཉིས་ངོ་བོ་གཅིག་པ་དང༌། ལུས་སེམས་ངོ་བོ་གཅིག་ཏུ་ཁས་ལེན་དགོས་པ་ལ་སོགས་པའི་གྲུབ་མཐའི་ཐ་ཆད་དེ་ཉིད་འདིར་འོངས་པར་འགྱུར་རོ། །མདོར་ན་ཕྱི་རོལ་གྱི་དོན་ཚད་མས་གྲུབ་པ་ཁས་ལེན་བཞིན་དུ། བདག་མེད་གསུམ་གྱིས་ཟླས་ཕྱེ་བའི་གཟུང་བ་ཆོས་ཀྱི་བདག་མེད་རིགས་པས་ཇི་ལྟར་གྲུབ་པའི་ཚུལ་ཁྱེད་ཀྱིས་བསྟན་པར་བྱ་དགོས་ཏེ། ཚད་ལྡན་གྱི་གཞུང་ལས། དེ་སྒྲུབ་བྱེད་ཀྱི་རིགས་པར་བཤད་པའི་ལྷན་ཅིག་དམིགས་ངེས་དང༌། གསལ་ཞིང་རིག་པའི་གཏན་ཚིགས་དང༌། འཁྲུལ་གཞི་གཅིག་ལ་དུ་མར་སྣང་བའི་གཏན་ཚིགས་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྣང་རུང་མ་དམིགས་པའི་གཏན་ཚིགས་རྣམས་ནི། ཕྱི་རོལ་གྱི་དོན་ཚད་གྲུབ་ཏུ་སྨྲ་བའི་ཕྱོགས་ལ་བཤད་དུ་མི་རུང་བའི་ཕྱིར་དང༌། བྱམས་པའི་ཆོས་བར་པ་དང༌། ཐོག་མེད་ཀྱི་གཞུང་དང༌། ཆོས་ཀྱི་གྲགས་པའི་གཞུང་ལས་བཤད་པའི་གཟུང་བ་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་ལས་མ་གཏོགས་པའི་དེ་སྒྲུབ་བྱེད་ཀྱི་རིགས་པ་ཁུངས་ཐུབ་ཀྱང་རྙེད་པར་དཀའ་བའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་བདེན་པར་མེད་པ་དེ་ཉིད་གཟུང་བ་ཆོས་ཀྱི་བདག་མེད་པའི་དོན་ནོ་སྙམ་ན་དེ་ལྟར་འཆད་པ་དེ་ནི་བདག་མེད་གསུམ་གྱི་ཟླས་ཕྱེ་བའི་བདག་མེད་གསུམ་པའི་ངོས་འཛིན་ཡིན་གྱི། གཞུང་གང་དུ་བདག་མེད་གསུམ་གྱི་རྣམ་གཞག་འཆད་པ་ན། བདག་མེད་གཉིས་པའི་གོ་དོན་ཁྱེད་ཀྱི་དེ་ལྟར་འཆད་པའི་ཚད་ཐུབ་ཀྱི་ལུང་མེད་དེ། དེ་ལ་འདི་སྙམ་དུ་བདག་མེད་གསུམ་གྱི་རྣམ་གཞག་འཆད་པ་དེ་མངོན་པར་རྟོགས་པའི་རྒྱན་རྗེས་འབྲང་དང་བཅས་པའི་ལུགས་ཡིན་གྱི། ཁྱེད་ལྟར་ན་ལེགས་ལྡན་འབྱེད་དང་ཟླ་བའི་ཞབས་ཀྱི་གཞུང་ན་དེ་ལྟར་ཕྱེ་བ་མེད་པས། ལུགས་དེར་ཕྱི་རོལ་གྱི་དོན་ཁས་བླངས་ཀྱང་སྐྱོན་མ་ཡིན་ནོ་སྙམ་ན། འོ་ན་ཁྱེད་ཅག་རྒྱན་གྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་བ་དེའི་ཚེ། བདག་མེད་གཉིས་པའི་གོ་དོན་ཇི་ལྟར་འཆད། དེར་ཡང་སྔ་མ་ལྟར་འཆད་ན། ཉན་རང་དགྲ་བཅོམ་གཉིས་ལ་ཕྱི་རོལ་གྱི་དོན་བདེན་པར་འཛིན་པའི་བདེན་འཛིན་སྤངས་མ་སྤངས་ཀྱི་ཁྱད་པར་ཡོད་པར་ཁྱེད་ཀྱིས་ཁས་བླངས་པས་གྲུབ་པའི་མཐའ་ཉམས་སོ། །དེ་ལྟར་ཁས་ལེན་མི་དགོས་སོ་སྙམ་ན། ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་སོགས་དང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་པར་ཉན་རང་གཉིས་ལ་བདག་མེད་རྟོགས་ཚུལ་དང༌། སྒྲིབ་པ་སྤངས་ཚུལ་གྱི་ཁྱད་པར་བཤད་པ་དེ་ཉིད་ཀྱི་དགོངས་པ་ཁྱེད་ཀྱིས་འཆད་མི་ཤེས་པ་ཡིན་ནོ། །གཉིས་པ་ནི། ལུགས་དེ་དང་དེ་ལ་གཟུགས་སྒྲ་སོགས་ཚད་མས་གྲུབ་པར་ཁས་ལེན་ན། གཟུགས་སྒྲ་སོགས་འཛིན་པའི་རྟོག་མེད་ཀྱི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུ་དང་བྲལ་བ་ལ་དེར་སྣང་བ་དེ་ཉིད་དེ་དང་དེར་འཇོག་པ་ཡིན་ནོ། །དེ་དང་དེའི་སྔ་ལོགས་ན་དེ་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་གྱུར་པའི་དེ་དང་དེ་ཡོད་པར་ཁས་ལེན་པ་ཡིན། དང་པོ་ལྟར་ན། དེར་སྣང་གི་ཤེས་པ་གཟུགས་སྒྲ་སོགས་ཀྱི་མཚན་གཞིར་ཁས་ལེན་པ་རིགས་ན་དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད་དེ་འདི་ལྟར་གཟུགས་སྒྲ་སོགས་འཛིན་པའི་དབང་ཤེས་མ་འཁྲུལ་བ་ལ་དེ་དང་དེར་སྣང་བ་དེ་ཉིད་ཆོས་ཅན། གཟུགས་སྒྲ་སོགས་དངོས་མ་ཡིན་ཏེ། མིག་ཤེས་ཀྱི་གཟུང་བྱ་དང་ཉན་ཤེས་ཀྱི་ཉན་བྱ་མ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཕྱི་རོལ་གྱི་དོན་དང་གཟུང་འཛིན་རྫས་གཞན་ཁས་བླངས་པར་འགྱུར་ཏེ། གཟུགས་འཛིན་མིག་ཤེས་ལ་གཟུགས་ཀྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུར་གྱུར་པའི་གཟུགས་ཡོད་པའི་ཕྱིར་ཞེས་བྱ་བའི་ལུང་དང་རིགས་པ་དེ་དག་ཁྱེད་ཅག་གིས་བཟློག་པར་མི་ནུས་སོ། །གཉིས་པ་གང་ཟག་རང་བཞིན་གྱིས་མ་གྲུབ་པ་བདག་མེད་དང་པོའི་དོན་དུ་འདོད་པ་མི་འཐད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། བདག་མེད་གཉིས་པོའི་ཁྱད་པར་ཆོས་ཅན་གྱི་སྒོ་ནས་འབྱེད་པ་ཡིན་གྱི། དགག་བྱ་བདག་གཉིས་ཀྱི་ངོས་འཛིན་ལུགས་དང༌། དེ་བཀག་པའི་བདག་མེད་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་ནི་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་ཆོས་ཡིན་ཏེ། ཤེས་བྱ་ཐམས་ཅད་བསྡུ་ན་ཆོས་དང་གང་ཟག་གཉིས་སུ་འདུས་པ་ལས། གཞི་ཆོས་ཅན་གང་ཟག་གི་སྟེང་དུ་རང་བཞིན་གྱིས་གྲུབ་པ་བཀག་ཙམ་དེ་ཉིད་གང་ཟག་གི་བདག་མེད་ཀྱི་དོན་དང་གཞི་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ལ་རང་བཞིན་གྱིས་གྲུབ་པ་བཀག་ཙམ་དེ་ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་པ་ནི། ཇི་སྐད་དུ། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་ཡིན་པས་སོ། །ཞེས་འཆད་པར་བྱེད་དོ། །གཉིས་པ་ལ་གསུམ་སྟེ། དེ་ལྟར་འཆད་པ་དེ་ལུང་དང་འགལ་བ། རིགས་པ་དང་འགལ་བ། ཁས་བླངས་ནང་འགལ་བའོ། །དང་པོ་ནི། དེ་ལྟར་འཆད་པ་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་ཏེ། ཟླ་བའི་ཞབས་ཀྱིས་གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པ་ན། གང་ཟག་ཆོས་ཅན་དུ་བཞག་ནས་དེ་བདེན་མེད་དུ་སྒྲུབ་པའི་རིགས་པ་བཤད་པའི་སྐབས་གཅིག་ཀྱང་མི་སྣང་བའི་ཕྱིར་དང༌། བདག་མེད་གཉིས་ཀྱི་གོ་དོན་ནི། ཆོས་ཅན་གྱི་སྒོ་ནས་འབྱེད་པ་ཙམ་མ་གཏོགས། དགག་བྱའི་བདག་འགོག་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ན། བདག་མེད་གཉིས་སྒྲུབ་བྱེད་ཀྱི་རིགས་པ་སོ་སོ་བ་ཐ་དད་དུ་འཆད་པ་ལ་དགོས་ནུས་མེད་པའི་ཕྱིར་དང༌། ཆོས་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་གང་ཟག་བདེན་མེད་དུ་མི་འགྲུབ་པར་བདག་ཕུང་གཅིག་དང་ཐ་དད་དུ་བརྟགས་པ་སོགས་ཀྱི་སྒོ་ནས། གང་ཟག་བདེན་མེད་དུ་སྒྲུབ་དགོས་ན་ཤེས་བྱའི་ཁྱད་པར་རེ་རེ་ནས་བདེན་མེད་དུ་སྒྲུབ་དགོས་པར་ཧ་ཅང་ཐལ་བའི་ཕྱིར། དབུ་མ་འཇུག་པར། ཐོག་མར་གདགས་གཞི་ཕུང་པོ་རང་བཞིན་མེད་པར་བསྒྲུབས་ཟིན་ནས། དེའི་འོག་ཏུ་ཆོས་ཅན་ཕུང་པོའི་སྟེང་དུ་དགག་བྱ་བདག་མེད་པར་སྒྲུབ་བྱེད་ཀྱི་རིགས་པ་རྣམས་རྒྱས་པར་བཤད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། འདི་ལྟར། གདགས་གཞི་ཕུང་པོའི་སྟེང་དུ། འདོགས་བྱེད་ངར་འཛིན་ལྷན་སྐྱེས་ཀྱིས་བརྟགས་པའི་དངོས་པོ་ང་དང་གང་ཟག་དང་བདག་ཅེས་བྱ་བའི་མིང་གི་རྣམ་གྲངས་ཅན་དེ་གཞི་ཕུང་པོ་དང་གཅིག་ཐ་དད་དང་རྟེན་བརྟེན་པ་དང་ལྡན་པ་ཞེས་བྱ་བ་གང་དུ་ཡོད་ཅེས་དཔྱོད་པའི་རིགས་པས་གང་དུ་ཡང་མ་རྙེད་པ་དེ་དང༌། ཡང་ཇི་སྐད་དུ། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་བཏགས་དོན་ཚོལ་བྱེད་ཀྱི་རིགས་པ་རྣམ་པ་བདུན་གྱིས་བཙལ་བ་ན་གང་དུ་ཡང་མ་རྙེད་པ་དེ་ཉིད་ལ་གང་ཟག་གི་བདག་མེད་ཀྱི་དོན་དུ་གསལ་བར་འཆད་པ་ནི། གཞུང་བཀླགས་པ་ཙམ་གྱིས་གོ་བར་འགྱུར་བས་ལུང་རྣམས་ནི་འདིར་མ་བྲིས་སོ། །མདོར་ན་གང་ཟག་ཆོས་ཅན་དུ་བྱས་ནས། དེ་རང་བཞིན་གྱིས་མ་གྲུབ་པ་གང་ཟག་གི་བདག་མེད་ཀྱི་དོན་དུ་འཆད་པ་དབུ་མ་འཇུག་པའི་གཞུང་གི་དགོངས་པར་སོང་བའམ། གང་ཟག་དང་ང་ཙམ་དང་བདག་ཅེས་བྱ་བ་དེ་དགག་པར་བྱས་ནས། དེ་ཕུང་པོའི་སྟེང་དུ་མེད་པ་དེ་གང་ཟག་གི་བདག་མེད་ཀྱི་དོན་དུ་འཆད་པ་གཞུང་དེའི་དགོངས་པར་སོང་བ་ཡིན་ཞེས་དཔྱད་པར་བྱ་ལ། དེ་ལྟར་དཔྱད་པའི་ཚེ་ན། ཕྱི་མ་ཉིད་གཞུང་གི་དགོངས་པ་ཡིན་ནོ། །ཞེས་གདོན་མི་ཟ་བ་ཉིད་དུ་ངེས་པར་འགྱུར་ཏེ། གཞུང་དེར་གང་ཟག་གི་བདག་འགོག་པའི་ཤེས་བྱེད་ཀྱི་དཔེ་འཆད་པ་ན། ཤིང་རྟ་ཆོས་ཅན་དུ་བཟུང་ནས་རང་བཞིན་གྱིས་མེད་པར་བསྒྲུབས་པ་མ་ཡིན་གྱི་ཆོས་ཅན་ཤིང་རྟའི་ཡན་ལག་རྣམས་ཀྱི་སྟེང་དུ་དགག་བྱ་ཤིང་རྟ་ཇི་ལྟར་ཡོད་པའི་ཚུལ་གྱིས་བརྟགས་ནས་དེ་ཡོད་པ་བཀག་པའི་ཕྱིར་རོ། །དེ་ལས་གཞན་དུ་ན་ཤིང་རྟ་དང་བདག་ཡོད་མེད་ཀྱི་ཚུལ་མཚུངས་པར་བཤད་པའི་ལུང་གི་དོན་འཆད་པར་མི་ནུས་སོ། །གཉིས་པ་རིགས་པ་དང་འགལ་བ་ནི། དེའི་དོན་དེ་ལྟར་ཡིན་ན་གང་ཟག་གི་བདག་མེད་བསྒོམས་པ་མཐར་ཐུག་པ་དེའི་ཚེ་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་ས་བོན་དྲུང་ནས་ཕྱུང་བར་འགྱུར་ལ། དེ་ལྟ་ན་དེའི་ཚེ་བདེན་འཛིན་མ་ལུས་པའི་ས་བོན་སྤངས་པར་འགྱུར་བས། ཐེག་དམན་དགྲ་བཅོམ་པས་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམས་པའི་ངལ་བ་བྱེད་པ་ལ་མ་ལྟོས་པར་ཤེས་བྱའི་སྒྲིབ་པ་སྤངས་པར་ཧ་ཅང་ཐལ་ལོ། །གསུམ་པ་ཁས་བླངས་ནང་འགལ་བ་ནི། འོ་ན་ང་ཡི་བ་ཞེས་བྱ་བ་དེ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་དུས་ཀྱི་གཉིས་ལས་གང་ཡིན། ཆོས་ཡིན་ན། དེ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་དེ་ཆོས་ཀྱི་བདག་འཛིན་དུ་འགྱུར་ལ། དེ་ཡང་དེ་ལྟ་ན་འདི་ལྟར། ལྷ་སྦྱིན་གྱི་རྒྱུད་ཀྱི་ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། འཇིག་ཚོགས་ལ་ལྟ་བ་མ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ལ་འཁོར་གསུམ་དངོས་འགལ་དུ་སོང་བ་ཡིན་ནོ། །གཉིས་པ་ལྟར་ན། གང་ཟག་གཅིག་གི་ང་ཡི་བ་ང་ཡིན་པར་ཁས་བླངས་ནས། དེའི་རྒྱུད་ཀྱི་ང་མང་པོར་ཐལ་བ་སོགས་དེ་ལས་མི་རིགས་པ་གཞན་ཅི་ཞིག་ཡོད། གཞན་ཡང་ནང་འགལ་བ་འདི་ལྟར། དེའི་རྒྱུད་ཀྱི་དེ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དེ་གང་ཟག་གི་བདག་འཛིན་ཡིན་པར་ཐལ། དེ་གང་ཟག་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ལ་འཁོར་གསུམ་དངོས་འགལ་དུ་སོང་བ་ཡིན་ནོ། །དེ་ཡང་ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་མེད་པ་མ་ཡིན་ཏེ། དེ་ལྟར་ཞེན་པའི་བློ་དེ་འཇིག་ཚོགས་ལ་ལྟ་བ་ཡིན་ལ། གང་ཟག་གི་བདག་ཏུ་འཛིན་པ་མ་ཡིན་པའི་མུ་ཞེས་ཡི་གེར་བྲིས་པའི་ཕྱིར་རོ། །ཡང་དེ་འདྲ་དེ་ཆོས་དང་གང་ཟག་གཉིས་ལས་གང་རུང་མ་ཡིན་པར་ཁས་ལེན་ན་ནི། དེ་ཡོད་པར་ཁས་ལེན་པ་དང་འགལ་ལོ། །དེ་ལྟར་བཤད་པ་ན་གང་ཟག་གི་བདག་མེད་ཀྱི་གོ་དོན་དེ་ལྟ་ཡིན་པ་དེའི་ཕྱིར། གང་ཟག་གི་བདག་མེད་ཆོས་ཉིད་དུ་ཁས་མི་ལེན་ཀྱང༌། དོན་དམ་པའི་བདེན་པར་གྲུབ་པའོ། །གསུམ་པ་དོན་དམ་བདེན་པའི་མཚན་གཞི་མེད་དགག་ཁོ་ནར་འདོད་པ་དབུ་མའི་སྤྱི་ལུགས་མ་ཡིན་པར་བསྟན་པ་ལ། ཕྱོགས་སྔ་མ་ནི། བོད་སྔ་མ་དང་ཕྱི་མ་ཕལ་ཆེ་བ་དག་ན་རེ། གང་དོན་དམ་པའི་བདེན་པ་ཡིན་ན། དགག་བྱ་གང་དང་གང་ཡིན་པ་དེ་བཀག་ཙམ་གྱི་མེད་པར་དགག་པ་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། བོད་ཕྱི་མ་དག་གི་མྱང་འདས་ཀྱི་འདོད་ཚུལ་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གཉིས་ཏེ། དེ་ལ་དེས་ཁྱབ་པ་དབུ་མའི་སྤྱི་ལུགས་མ་ཡིན་པར་བསྟན། བྱེ་བྲག་ཏུ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་མ་ཡིན་པར་བསྟན་པའོ། །དང་པོ་ནི་འདི་ལྟར། དེ་ལྟར་འཆད་པ་དེ་དབུ་མའི་སྤྱི་ལུགས་མ་ཡིན་ཏེ། རྗེ་བཙུན་མ་ཕམ་པས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ལུས་སུ་བཤད་པའི་རྡོ་རྗེ་བདུན་པོ་དེ། བཀའ་འཁོར་ལོ་ཕྱི་མའི་བསྟན་བྱའི་གཙོ་བོ་དང་དོན་དམ་པའི་བདེན་པར་བཤད་ལ། དེ་ཡང་མེད་དགག་གི་ཆ་ནས་འཆད་མི་ནུས་པའི་ཕྱིར་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ཞེས་བྱ་བའི་བསྟོད་ཡུལ་དེ་ཡང༌། དོན་དམ་པའི་བདེན་པར་འཇོག་དགོས་ལ། དེ་ཡང་མེད་དགག་གི་ཆ་ནས་འཆད་མི་ནུས་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཀྱི་དོན་དམ་པ་ཆོས་ཀྱི་སྐུ་དང་མི་གནས་པའི་མྱ་ངན་ལས་འདས་པ་ཡང་དོན་དམ་པའི་བདེན་པར་འཆད་དགོས་ཤིང༌། དེ་གཉིས་ཀ་ཡང་མེད་པར་དགག་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ཞེས་མདོར་བསྟན་ནས་དེ་ཉིད་རྒྱས་པར་འཆད་པ་ལ་གཉིས་ཏེ། བསྟན་བཅོས་དེ་ཉིད་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་དོན་རྡོ་རྗེ་ལྟ་བུ་དེ་ཉིད་དོན་དམ་པའི་བདེན་པར་སྒྲུབ། མཐར་ཐུག་གི་ཆོས་སྐུ་དང་མི་གནས་པའི་མྱང་འདས་དེར་སྒྲུབ་པའོ། །དང་པོ་ནི་བསྟན་བཅོས་དེ་གཉིས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་རྡོ་རྗེ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་བ་དེ་ཉིད་ལ་བཤད་ལ། དེ་ཡང་དོན་དམ་པའི་བདེན་པ་ཡིན་པའི་རྒྱུ་མཚན་གྱིས་རྡོ་རྗེར་འཇོག་དགོས་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ནི་མདོ་སྔགས་ཀྱི་སྐབས་གང་དུ་ཡང༌། རྡོ་རྗེའི་མཚན་ཉིད་དང་སྒྲ་བཤད་ཚང་བ་མི་སྲིད་པའི་ཕྱིར་རོ། །དེ་ཡང་འདི་ལྟར། རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་དོན་རྣམ་པ་བདུན་པོ་དེ་ནི་དོན་དམ་པའི་བདེན་པ་ཁོ་ནར་ངེས་ཏེ། བསྟན་བཅོས་དེས་དོན་དམ་པའི་བདེན་པ་ཁོ་ན་བསྟན་བྱའི་གཙོ་བོར་སྟོན་པའི་ཕྱིར། དེ་སྐད་དུ་ཡང༌། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་དང་དེའི་འགྲེལ་པར། དེ་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་ན། བརྗོད་དུ་མེད་པའི་རང་བཞིན་སོ་སོ་རང་གིས་རིག་པར་བྱ་བའི་དོན་རྡོ་རྗེ་ལྟ་བུར་རིག་པར་བྱའོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་དོན་དང་ཆོས་དང་དགེ་འདུན་གྱི་དོན་དང༌། ཁམས་ཀྱི་དོན་དང༌། བྱང་ཆུབ་དང་ཡོན་ཏན་དང༌། འཕྲིན་ལས་ཀྱི་དོན་ཏེ། འདི་ནི་དོན་ཞེས་བྱའོ་ཞེས་དོན་བདུན་ཀ་ཡང་བརྗོད་དུ་མེད་པའི་རང་བཞིན་དང༌། འཕགས་པ་ཆེན་པོ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བྱར་བཤད་པའི་ཕྱིར་རོ། །དེ་ཡང་དཀོན་མཆོག་གསུམ་ནི་དོན་དམ་པའི་སྐྱབས་གསུམ་པོ་ཁོ་ན་ལ་འཆད་པ་ཡིན་ཏེ། དེ་ཉིད་ཀྱི་ཐད་ཀྱི་འགྲེལ་པ་ལས། རྡོ་རྗེའི་གནས་གཏན་ལ་འབེབས་པ་དེ་ཡང་རྒྱས་པར་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་རྡོ་རྗེའི་གནས་གསུམ་པོ་འདི་ནི། ལྷག་པའི་བསམ་པ་བསྟན་པའི་ལེའུའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །སྐབས་དེར་བཤད་པའི་དགེ་འདུན་དེ་ཡང༌། ཀུན་རྫོབ་པའི་དགེ་འདུན་གྱི་གང་ཟག་གང་ལ་འདོགས་པའི་གཞིར་གྱུར་པའི་དོན་དམ་པའི་དགེ་འདུན་ལ་བྱེད་པ་ཡིན་ལ། དེའི་མཚན་གཞི་ཡང་ས་བཅུའི་མཉམ་བཞག་ཡེ་ཤེས་ལ་བྱེད་པར་སློབ་དཔོན་སྔ་མ་རྣམས་འཆད་ལ། དེ་ཡང་དོན་དམ་པའི་བདེན་པར་བཤད་མ་ནུས་ན་ཀུན་རྫོབ་ཀྱི་བདེན་པར་འཆད་དགོས་ལ། དེ་ལྟ་ན་ནི། རྡོ་རྗེར་འཆད་མི་ནུས་ཤིང༌། ཡུལ་ཅན་གྱི་དོན་དམ་པ་ཞེས་བྱ་བ་དེ་ཡང་འཆད་མི་ནུས་སོ། །དེའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ནི། གནས་ཚུལ་མཐོང་བ་ལ་སྒྲིབ་བྱེད་ཡིན་དགོས་ལ། ཡུལ་ཅན་གྱི་དོན་དམ་པ་ཡིན་ན་ནི། གནས་ཚུལ་མངོན་སུམ་དུ་མཐོང་དགོས་པའི་ཕྱིར་དང༌། ཡུལ་ཅན་གྱི་དོན་དམ་པ་རྣམས་ཀུན་རྫོབ་གོ་ཆོད་པོར་འདོད་ན་ནི། དེའི་ཡུལ་དུ་གྱུར་པའི་སྟོང་པ་ཉིད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་ཡོན་ཏན་དང་འཕྲིན་ལས་ཀྱང༌། ཆོས་ཀྱི་སྐུ་དང་དབྱེར་མི་ཕྱེད་པའི་དེ་དང་དེ་ལ་བྱ་བ་ཡིན་གྱི། སེམས་ཅན་གྱི་རྣམ་རིག་ལ་སྣང་བ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འདིར་མི་འཆད་དོ། །དེ་སྐད་དུ་ཡང༌། འགྲེལ་པར་མདོ་དྲངས་པ་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་པ་འདི་ནི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཞེས་དང༌། གངྒཱའི་ཀླུང་གི་བྱེ་མ་རྙེད་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་རྣམ་པར་དབྱེ་བ་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ། །ཞེས་སོགས་ཀྱི་མདོ་དྲངས་ནས་བཤད་པ་དང༌། འདིར་བསྟན་གྱི་དགེ་འདུན་ཡང་ཉན་རང་དང་སོ་སོ་སྐྱེ་བོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཤེས་བྱེད་ཀྱི་མདོ་དྲངས་ནས་བཤད་པས། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ལ་འཆད་པའི་གོ་སྐབས་མེད་དོ། །འདིར་བསྟན་གྱི་བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་གྱི་དྲི་བཅས་དེ་བཞིན་ཉིད་དོན་དམ་པའི་བདེན་པར་འཆད་དོ་ཞེས་པའི་མིང་ཙམ་ཞིག་ཀུན་ལ་མཐུན་པར་སྣང་ཡང༌། དེ་བཞིན་ཉིད་དེ་མ་ཡིན་པར་དགག་པའི་སྒོ་ནས་འཆད་པའི་ཚུལ་མ་ཤེས་པར་སྣང་བས་དེ་ཡང་བཤད་པར་བྱ་སྟེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པའི་སྔ་འགྲེལ་དུ་དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན། ཞེས་མཚམས་སྦྱར་ནས་དེ་ཉིད་ངོས་འཛིན་པ་ན། ཇི་སྐད་དུ། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་གསུངས་པ་དེའི་འགྲེལ་པར། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་ལྷག་མར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་གསུངས་པ་དེའི་དོན་ནི། དགག་གཞི་སེམས་ཀྱི་སྟེང་དུ་དགག་བྱ་གློ་བུར་གྱི་དྲི་མ་རང་བཞིན་གྱིས་ཡོད་པ་བཀག་པའི་ཤུལ་དུ་ཆོས་གཞན་སྟོབས་སོགས་ཀྱི་ཡོན་ཏན་རྣམས་ཀྱི་ངོ་བོ་དབྱེར་མེད་པའི་ཚུལ་དུ་ཡོད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ལ་བདེ་བར་གཤེགས་པའི་སྙིང་པོ་ཞེས་བཤད་པ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་ཆོས་སྐུ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཡང་དོན་དམ་པའི་བདེན་པར་འཆད་དགོས་པ་ཡིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་པར་ཕྱི་རབས་པ་དག་གི་བློ་ངོར་གྲུབ་ལ། དེ་དང་སངས་རྒྱས་ཀྱི་ཆོས་སྐུ་ནི་དོན་གཅིག་ལ་འདུ་བའི་ཕྱིར། དེ་ཡང་འགྲེལ་པར་མདོ་དྲངས་པ་ལས། མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡི་ཚིག་བླ་དྭགས་སོ། །ཞེས་དང༌། རྩ་བར་ཡང༌། གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །དེ་ནི་འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །ཞེས་བཞི་པོ་དེ་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་པའི་ཕྱིར་དང༌། ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དོན་དམ་པའི་བདེན་པ་ཡིན་པར་ནི་ཀུན་མཐུན་ལ། དེ་སྐུ་གསུམ་གྱི་ཟླས་ཕྱེ་བའི་ཆོས་སྐུ་དང་དོན་གཅིག་ལ་འདུ་བར་ནི་རྗེ་བཙུན་གྱིས་གསུངས་ཤིང༌། དེ་ཡང་མེད་པར་དགག་པ་ཁོ་ན་ལ་མི་འཆད་ཀྱི། སྤངས་རྟོགས་དབྱེར་མེད་པ་དང༌། སྟོབས་སོགས་ཡོན་ཏན་རྣམས་དང་དབྱེར་མེད་པའི་སྐུ་ལ་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །ཅེས་པ་ནས། གཞལ་མེད་གངྒཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །ཞེས་དང༌། དེའི་རྒྱས་བཤད་དུ། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །ཅེས་པ་ནས། ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །ཞེས་རྒྱས་པར་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་མེད་དགག་ཁོ་ནར་འདོད་ན་ནི། དེ་དང་དེ་ཆོས་ཅན། མཐར་ཐུག་གི་སྐབས་གནས་མ་ཡིན་པར་ཐལ། མེད་པར་དགག་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། མེད་ཕྱིར། །གཏན་གྱི་སྐབས་མཆོག་མ་ཡིན་ནོ། །ཞེས་གསུངས་ལ། དེའི་འགྲེལ་པར་མེད་པར་ནི་སྐྱབས་སམ་སྐྱབས་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ་ཞེས་གསུངས་ཞིང༌། སྐབས་དེར་འགོག་བདེན་ལ་མེད་པའི་སྒྲ་སྦྱོར་བ་དེ་ཡང༌། མེད་པར་དགག་པ་ལ་འཆད་དགོས་པའི་ཕྱིར་དང༌། ཆོས་སྐུ་དོན་དམ་པའི་སྐྱབས་ཡིན་པའི་ཤེས་བྱེད་དུ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་སྒྲུབ་པ་རྟགས་སུ་བཀོད་ཅིང་དོན་དམ་པའི་སྐྱབས་ཤེས་པ་ཡང་དོན་དམ་བདེན་པ་ལ་དགོངས་པ་ཡིན་ཏེ། དེའི་ཐད་ཀྱི་འགྲེལ་པར། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། ཞེས་གསུངས་པའི་ཕྱིར་རོ། །མདོར་ན། སློབ་དཔོན་སེང་གེ་བཟང་པོས། སྤངས་པ་དང་ཡེ་ཤེས་སོ་སོར་ཕྱེ་བའི་སྐབས་ཅུང་ཟད་གཅིག་མ་གཏོགས། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་དང༌། ཆོས་སྐུ་དོན་གཅིག་ཏུ་འཆད་པ་ནི། རྗེ་བཙུན་བྱམས་པའི་གཞུང་དང༌། དེའི་འགྲེལ་བྱེད་ཚད་ལྡན་ཀུན་གྱི་སྤྱི་ལུགས་ཡིན་ལ། དེའི་ཚེ་ཆོས་ཀྱི་སྐུ་ཡིན་ན། མེད་དགག་ཏུ་འགལ་བར་ཁས་ལེན་དགོས་པ་ཡིན་ཏེ་དེ་དང་མེད་དགག་གི་གཞི་མཐུན་བཤད་པའི་གོ་སྐབས་གཅིག་ཀྱང་མི་སྣང་བའི་ཕྱིར་དང༌། དེ་འདྲའི་གཞི་མཐུན་ཁས་བླངས་ན། ཆོས་སྐུའི་མཚན་ཉིད་ལྟ་ཞོག སྒྲ་བཤད་པ་ཙམ་ཡང་མ་ཤེས་པས་ནོངས་པའི་ཕྱིར། དེ་ཡང་ཇི་སྐད་དུ། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །བསམ་ཡས་ཡོན་ཏན་ཀུན་རྟེན་ཕྱིར། །རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་ཀྱི་སྐུ། །ཞེས་བཤད་པས་སོ། །མདོར་ན། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་དོན་དམ་པའི་བདེན་པར་བཤད་དགོས་པ་འདི་ནི། རྗེ་བཙུན་བྱམས་པའི་གཞུང་ལུགས་བླ་ན་མེད་པ་ཡིན་ཏེ། རྒྱུད་བླ་མར། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་སྒྲུབ་པའི་སྐབས་དེར། ཇི་སྐད་དུ། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །བསམ་མེད་བརྗོད་དུ་མེད་ཕྱིར་ཏེ། །བརྗོད་མེད་དོན་དམ་ཡིན་ཕྱིར་རོ། །དོན་དམ་བརྟག་བྱ་མིན་ཕྱིར་ཏེ། །བརྟག་མིན་རྗེས་དཔག་བྱ་མིན་ཕྱིར། །དཔག་མིན་བླ་ན་མེད་པའི་ཕྱིར། །བླ་ན་མེད་པ་མ་བསྡུས་ཕྱིར། །མ་བསྡུས་གནས་པ་མེད་ཕྱིར་ཏེ། །ཡོན་ཏན་སྐྱོན་རྟོག་མེད་ཕྱིར་རོ། །ཞེས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་ན། ལུགས་འདི་ལ་ནི་དོན་དམ་པའི་བདེན་པ་མཐར་ཐུག་པ་ནི། མ་ཡིན་པར་དགག་པ་ཁོ་ནའི་སྟེང་ནས་བཤད་དོ། །འོ་ན་ལུགས་འདི་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང༌། དོན་དམ་པའི་བདེན་པར་འགྱུར་ཏེ། ཇི་སྐད་དུ། རྒྱུ་ལྔ་དག་གིས་ཕྲ་བའི་ཕྱིར། །ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་གྱིས་མི་ཁྱབ་པའོ། །ཞེས་བཤད་པས་སོ་སྙམ་ན། གཞུང་དེའི་དོན་ནི། གཟུགས་སྐུ་ལ་གནས་ཚུལ་དང༌། སྣང་ཚུལ་གཉིས་ལས། དང་པོ་དོན་དམ་པའི་བདེན་པར་སྟོན་པ་ཡིན་ཏེ། དེ་ཡི་དངོས་མིན་ཕྱིར། ཞེས་པ་རགས་པར་སྣང་ཡང༌། རགས་པ་དེའི་དངོས་པོ་མ་ཡིན་ཕྱིར། ཞེས་པ་ཡིན་ལ། དེའི་གནས་ཚུལ་ཕྲ་མོ་ཞེས་བྱ་བ་དེ་དང༌། ཆོས་ཀྱི་སྐུ་ནི་དོན་གཅིག་ལ་འདུས་པ་ཡིན་ནོ། །འོ་ན་འཁོར་ལོ་བར་པར། དོན་དམ་པའི་བདེན་པ་མེད་དགག་གི་ཆ་ནས་བཤད་པ་དང༌། འཁོར་ལོ་ཐ་མར་དོན་དམ་པའི་བདེན་པ་མ་ཡིན་པར་དགག་པའི་ཆ་ནས་བཤད་པ་འགལ་ལོ་སྙམ་པ་དང༌། མི་འགལ་ན་དེ་ལྟར་བཤད་པའི་ཚུལ་གཉིས་པོའི་རྒྱུ་མཚན་དང་དགོས་པའི་ཁྱད་པར་ཅི་ཞིག་ཡོད་སྙམ་དུ་དོགས་པའི་དྲི་བ་དང༌། ལན་གཉིས་ཀ་རྗེ་བཙུན་ཉིད་ཀྱིས་གསལ་བར་གསུངས་ཏེ། ཇི་སྐད་དུ། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང༌། །ཞེས་པ་ནི་དྲི་བ་ཡིན་ལ། དེའི་དོན་ནི། ཤེར་ཕྱིན་གྱིས་མདོར། སྟོང་པ་ཉིད་ཀྱི་གོ་བ་མེད་དགག་ཁོ་ནར་བཤད་པ་དང༌། འདིར་བདེ་བར་གཤེགས་པའི་སྙིང་པོ་མ་ཡིན་དགག་ཏུ་བཤད་པ་འགལ་ཞེས་པའོ། །དེའི་ལན་ནི། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་བཤད་པ་དེ་ནི། བཀའ་ཐ་མར་སྙིང་པོ་མ་ཡིན་དགག་ཏུ་གསུངས་པའི་དགོས་པ་འཆད་དོ། །ཡང་དེ་ཉིད་ཀྱི་འཕྲོས་ལས། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡི། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་རྒྱུ་མ་སྤྲུལ་པ་བཞིན། །སྔར་ནི་དེ་ལྟར་རྣམ་གཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་གསུངས་སོ། །དེའི་དོན་ནི། འཁོར་ལོ་བར་པར་ཆོས་རྣམས་ཀྱི་ཆོས་ཉིད་མེད་དགག་ཁོ་ནར་བསྟན་པའི་དགོངས་པ་བཤད་པའོ། །མདོར་ན་འཁོར་ལོ་བར་པར་སྡུག་ཀུན་སྤངས་ཙམ་གྱི་མེད་པར་དགག་པ་ལ། ཆོས་དབྱིངས་དང་མྱང་འདས་སུ་བཤད་པ་དང༌། འཁོར་ལོ་ཐ་མར་དེ་སྤངས་པས་ཁྱད་པར་དུ་བྱས་པའི་མ་ཡིན་པར་དགག་པ་ལ། དེ་དང་དེར་བཤད་པའི་རྒྱུ་མཚན་དང་དགོས་པ་ནི། སྔ་མ་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་ཕྱིར་ཡིན་ལ། ཕྱི་མ་ནི་ཉེས་པ་ལྔ་སྤོང་བའི་ཕྱིར་ཡིན་ནོ། །ཞེས་བྱ་བ་འདི་ནི་གཞུང་འདིའི་འཆད་ཚུལ་སྔར་བཤད་པ་ལས་གཞན་གཉིས་པ་ཡིན་ནོ། །གཞན་ཡང་གཞུང་འདིར་བཤད་པའི་དོན་དམ་བདེན་པའི་མཐར་ཐུག་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བ་དེ་ཡིན་ལ། དེ་ཡང་མ་ཡིན་པར་དགག་པ་ཁོ་ནའི་ཆ་ནས་བཤད་པ་ཡིན་ཏེ། མངའ་བདག་རྒྱལ་པོའི་གཟུགས་རི་མོར་འདྲི་བའི་དཔེའི་སྒོ་ནས་བསྟན་ལ། དེ་ཡང་སྟོང་པ་ཉིད་རས་གཞི་དང་འདྲ་བ་དང༌། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་རི་མོ་མཁན་དང་འདྲ་བ་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམས་རྒྱལ་པོའི་གཟུགས་དང་འདྲ་བ་དང༌། དེ་ལྟ་བུའི་ཡོན་ཏན་དང་དབྱེར་མེད་པའི་སྟོང་པ་ཉིད་དེ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བཤད་དོ། །གཉིས་པ་དོན་དམ་པའི་བདེན་པ་མེད་དགག་ཁོ་ནར་འཆད་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ཡིན་པར་བསྟན་པ་ལ་གཉིས་ཏེ། གཞུང་རྩ་བའི་དགོངས་པ་མ་ཡིན་པ་དང༌། དགོངས་འགྲེལ་མཁན་པོའི་དགོངས་པ་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པའི་དགོངས་པ་མ་ཡིན་པ་དང༌། ཆོས་དབྱིངས་བསྟོད་པའི་དགོངས་པ་མ་ཡིན་པའོ། །དང་པོ་ནི། ཇི་སྐད་དུ། དེ་ཕྱིར་གཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་ལ། དེའི་དོན་ཡང་ཇི་སྐད་དུ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། །སུ་ལ་བསྟན་ཡང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་འདུག་པར་བྱ། །ཞེས་གསུངས་པ་དེ་ཉིད་བཀོད་པ་ཡིན་ལ། སྐབས་དེར་ཡང་དོན་དམ་པའི་བདེན་པ་ཁྱད་པར་ལྔ་ལྡན་དུ་བཤད་ལ། དེ་ལྟར་བཤད་པའི་འོད་གསལ་བ་དེ་ཡང༌། སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་དེ་ལ་འཆད་དགོས་པ་ཡིན་གྱི། སྐབས་གཞན་དུ། སྟོང་པ་ཉིད་ལ་འོད་གསལ་དུ་བཤད་པ་དེ་དང་དོན་གཅིག་པ་མ་ཡིན་ཏེ། དེ་ལྟ་ན་ཁྱད་ཆོས་གསུམ་པ་སྤྲོས་བྲལ་དང་བཟློས་པའི་ཕྱིར། གཞན་ཡང་ཀླུ་སྒྲུབ་ཀྱི་གཞུང་དུ། དོན་དམ་བདེན་པའི་མཚན་གཞི་ངོས་འཛིན་པ་དེ་སྲིད་དུ། མྱ་ངན་ལས་འདས་པ་ཁོ་ན་དེའི་མཚན་གཞིའི་གཙོ་བོར་བཤད་ལ། དེ་ཡང་མེད་དགག་ཁོ་ན་ལ་འཆད་པ་ནི། རིགས་པ་དྲུག་ཅུ་པའི་གཞུང་གིས་གསལ་བར་བཀག་པ་ཡིན་ནོ། །ཇི་ལྟར་ཞེ་ན། གཞན་ལུགས་འགོག་ཚུལ་དང༌། རང་ལུགས་འཇོག་ཚུལ་གཉིས་ཀྱི་སྒོ་ནས་སོ། །དང་པོ་ནི། དེ་ཉིད་ལས། རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཤེས་པས་མ་ཡིན་ན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཅེས་པ་དེ་ཇི་ལྟ་བུ། །ཞེས་མྱང་འདས་མེད་དགག་ཏུ་འདོད་པ་ལ། རིགས་པ་དང་འགལ་བ་དང༌། ལུང་དང་འགལ་བ་གཉིས་གསུངས་སོ། །དང་པོ་ནི། འདུས་བྱས་རང་བཞིན་གྱིས་མེད་པར་ཤེས་པའི་ཡེ་ཤེས་དང་ཟུང་དུ་མི་འཇུག་པའི་སྤངས་པ་མེད་དགག་དེ་ཁོ་ན་མྱང་འདས་ཡིན་ན། དེ་མངོན་དུ་བྱས་པའི་གང་ཟག་མི་སྲིད་པར་འགྱུར་ཏེ། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་སྐུ་ཚེའི་འདུ་བྱེད་མ་བཏང་གི་བར་དུ་ནི། དེ་མངོན་དུ་མ་བྱས་བཏང་ནས་ནི། དེ་མངོན་དུ་བྱེད་པ་པོ་མེད་པའི་ཕྱིར། རྟགས་གཉིས་ཀ་ནི། དེ་མེད་དགག་ཏུ་འདོད་པས་ཁས་བླངས་པ་ཡིན་ནོ། །ཞེས་འཆད་པ་ནི་རྐང་པ་དང་པོ་གསུམ་མོ། །གཉིས་པ་ལུང་དང་འགལ་བ་ནི། ཇི་སྐད་དུ། མདོ་ལས། གང་སྐྱེ་བ་ཟད་དོ་བྱ་བ་བྱས་སོ། །དངོས་པོ་ཟད་དོ་ཞིག་གོ །ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཞེས་ཟད་ཤེས་མངོན་དུ་བྱས་པ་ལ་མྱང་འདས་མངོན་དུ་བྱས་པའི་དོན་དུ་བཤད་པ་དེ་མི་འཐད་པར་འགྱུར་ཏེ། དེ་ལྟར་ཤེས་པ་དེ་མྱང་འདས་སུ་མི་འདོད་པར་དེའི་དོན་མེད་དགག་ཁོ་ན་ལ་འཆད་པའི་ཕྱིར། ཞེས་སྟོན་པ་ནི་རྐང་པ་བཞི་པའོ། །གཉིས་པ་རང་ལུགས་བཞག་པ་ནི། ཇི་སྐད་དུ། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །དེའི་དོན་ཡང༌། དེ་ཉིད་ཀྱི་འགྲེལ་པར། ཟླ་བའི་ཞབས་ཀྱི་སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད། ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས། ཐ་སྙད་ཀྱི་བདེན་པ་དང་སྦྱར་ནས་མྱ་ངན་ལས་འདས་པ་ཞེས་རྣམ་པར་བཞག་སྟེ། ཞེས་གསུངས་པ་ཡིན་ནོ། །འདིའི་སྤྲོས་པ་རྒྱས་པ་ནི། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ཆོས་དབྱིངས་བསྟོད་པའི་ལུགས་མ་ཡིན་པ་ནི། གཞུང་དེར་བཤད་པའི་གཞི་དུས་ཀྱི་ཆོས་དབྱིངས་དང༌། འབྲས་དུས་ཀྱི་ཆོས་སྐུ་གཉིས་ཀ་ཡང༌། མྱོང་བ་གསལ་རིག་གི་ཆ་ནས་བཤད་ལ། དེ་ཡང་དོན་དམ་པའི་བདེན་པར་འཇོག་དགོས་པ་ཡིན་ཏེ། གཞན་དུ་བསྟན་བཅོས་དེ་ཀུན་རྫོབ་ཀྱི་བདེན་པ་བསྟན་བྱའི་གཙོ་བོར་བྱས་པ་ཉིད་དུ་ཧ་ཅང་ཐལ་ལོ། །དེ་ལྟར་བཤད་པའི་རྒྱུ་མཚན་ཅི་ཞེ་ན། ཇི་སྐད་དུ། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་དྲི་མས་མ་དག་པའི་ཚེ་སེམས་ཅན་གྱི་ཆོས་དབྱིངས་དང༌། དེ་རྣམ་པར་དག་པའི་ཚེ་ཆོས་ཀྱི་སྐུ་ཞེས་བྱ་བའི་མིང་གིས་འདོགས་པར་བཤད་པ་དང༌། འོ་མའི་ནང་གི་མར་གྱི་དཔེ་དང༌། བུམ་པའི་ནང་གི་མར་མེའི་འོད་ཀྱི་དཔེ་དང༌། རྡོའི་ནང་ན་གནས་པའི་བཻ་ཌཱུརྻའི་དཔེ་དང༌། སའི་ནང་ན་ཡོད་པའི་གསེར་གྱི་དཔེ་དང༌། སྦུན་པའི་ནང་ན་ཡོད་པའི་ས་བོན་གྱི་དཔེ་དང༌། ཆུ་ཤིང་གི་འབྲས་བུ་མངར་པོའི་དཔེ་དང༌། སྤྲིན་ལ་སོགས་པའི་སྒྲིབ་བྱེད་ཀྱིས་བསྒྲིབས་པའི་ཉི་ཟླའི་དཔེ་དང༌། སའི་དཀྱིལ་ན་ཡོད་པའི་ཆུ་དྲི་མ་མེད་པའི་དཔེ་དང༌། རྡོ་རྒྱུས་ཀྱི་གོས་དྲི་མ་ཅན་མེས་སྲེག་པའི་དཔེ་དང༌། སེམས་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་དཔེ་དོན་དུ་སྦྱར་ནས། དེ་དྲི་མས་དག་པའི་ཚེ་ཆོས་དབྱིངས་དང༌། དེ་དེའི་ཕྱོགས་གཅིག་གམ་མ་ལུས་པས་དག་པའི་ཚེ། ཆོས་ཀྱི་སྐུའི་མིང་འདོགས་པར་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། སེམས་ཅན་གྱི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་དང༌། དཔེ་དེ་དག་དཔེ་དོན་སྦྱར་ནས་འཆད་པ་ཡིན་གྱི། སེམས་རང་བཞིན་གྱིས་འོད་གསལ་བ་དང་སྦྱོར་བ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་དུ་བ་ཁུག་སྣ་དང༌། །སྒྲ་ཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་འོད་གསལ་བ་ཡིས་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་བ་ཡིན་ནོ། །ཞེས་དང༌། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པ་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱིས་གཞི་དུས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ། སེམས་ཀྱི་ཆོས་དབྱིངས་དང༌། གཞི་དུས་ཀྱི་ཡེ་ཤེས་དང༌། གཞི་དུས་ཀྱི་སངས་རྒྱས་དང༌། ཆོས་ཀྱི་སྐུ་ཞེས་བྱ་བའི་རྣམ་གཞག་གསལ་བར་གསུངས་པ་ཡིན་གྱི། བདེན་སྟོང་མེད་དགག་གི་ཆ་ལ་འཆད་ན། སེམས་ཅན་ཀུན་ལ་ངེས་གནས་པ། །ཞེས་པའི་ངེས་བཟུང་གི་ཁྱད་པར་འབྱུང་མི་རིགས་པ་དང༌། ཤེས་བྱ་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་ཆོས་ཀྱི་སྐུར་གནས་གྱུར་པ་ཉིད་དུ་ཧ་ཅང་ཐལ་བ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡང་ཆོས་ཀྱི་དབྱིངས་སུ་བཞེད་པ་ཡིན་ཏེ། བསྟན་བཅོས་འདིར། སངས་རྒྱས་དང་སེམས་ཅན་གཉིས་ཀའི་ཆོས་དབྱིངས་ལ། ཆོས་དབྱིངས་ཤེས་གཅིག་ཏུ་བསྡུས་ནས། དེ་ལ་བསྟོད་པ་མཛད་པའི་སྐབས་ཡིན་པའི་ཕྱིར་དེ་ཁོ་ནར་མ་ཟད་སངས་རྒྱས་ཀྱི་གཟུགས་སྐུ་ཡང་ཆོས་དབྱིངས་སུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། མགོན་པོ་དེ་ཡི་གཟུགས་ཀྱི་སྐུས། །བསྐལ་པ་མང་པོར་བཞུགས་ནས་ཀྱང༌། །གདུལ་བྱ་རྣམས་ནི་འདུལ་བའི་ཕྱིར། །དབྱིངས་ཉིད་ཐ་དད་གྱུར་པ་ལགས། །ཞེས་གསུངས་པས་སོ། །མདོར་ན་སེམས་ཅན་གྱི་རྒྱུད་ཀྱི་ཤེས་པ་ལ། གཉིས་སྣང་གི་ཆ་དང༌། གཉིས་མེད་ཀྱི་གསལ་ཆ་གཉིས་ལས། དང་པོ་ལ་རྣམ་ཤེས་དང༌། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞིང༌། གཉིས་པ་ལ་ཡེ་ཤེས་དོན་དམ་པའི་བདེན་པ་ཞེས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ན། །ཡེ་ཤེས་ལུས་འདིར་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པས་ནི་འདོར་བར་བྱེད། །ཅེས་གསུངས་པས་སོ། །འོ་ན་ཆོས་སྐུ་མཚན་ཉིད་པ་དེ་ཡང༌། སེམས་ཅན་གྱི་རྒྱུད་ལ་བཞུགས་པར་འདོད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །འོ་ན་དེ་ཡོད་པའི་ས་མཚམས་གང་ནས་འཛིན་ཞེ་ན། དེ་ཉིད་ལས། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་ཆེན་མོས་རྣམས་ལའང༌། །སངས་རྒྱས་སྐུ་ནི་ཅུང་ཞིག་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་དགོངས་འགྲེལ་མཁན་པོའི་དགོངས་པ་མ་ཡིན་པ་ནི། སངས་རྒྱས་ཀྱི་ས་ནས་དེས་བསྡུས་པའི་ཀུན་རྫོབ་བདེན་པ་ཡོད་པ་ནི། སློབ་དཔོན་ཟླ་བའི་ཞབས་ཀྱི་བཞེད་པ་མ་ཡིན་ཏེ། ཇི་སྐད་དུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་རྩ་འགྲེལ་གྱི་དོན་ལས་གསལ་བ་ཡིན་ནོ། །ཇི་ལྟར་ཞེ་ན་ལུང་དང་རིགས་པ་ལས་སོ། །དང་པོ་ནི། འདི་ལྟར། སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་ཡིན་ན། ཀུན་རྫོབ་ཀྱི་བདེན་པ་མ་ཡིན་དགོས་ཏེ། དེ་ཡིན་ན། ཆོས་སྐུ་ཡིན་དགོས་ལ། དེ་ཡིན་ན། ཀུན་རྫོབ་ཀྱི་བདེན་པ་མ་ཡིན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། འདི་ཉིད་ཀྱི་འགྲེལ་པར། ཤེར་ཕྱིན་སུམ་བརྒྱ་པའི་ལུང་དྲངས་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་དྲངས་ལ། དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་བློ་ཀུན་རྫོབ་པས་དངོས་སུ་ཤེས་པར་མི་ནུས་པའི་དོན་ཡིན་ལ། དེས་དངོས་སུ་མི་ཤེས་ན་ཀུན་རྫོབ་ཀྱི་བདེན་པར་འགལ་བའི་ཕྱིར་དང༌། སངས་རྒྱས་ཀྱི་སས་བསྡུས་པའི་བློ་ཀུན་རྫོབ་པ་ཡང་ཡོད་པ་མ་ཡིན་ཏེ། ས་དེས་བསྡུས་ཀྱི་སེམས་དང་སེམས་ལས་བྱུང་བ་མེད་པར་འདིའི་ཐད་ཀྱི་འགྲེལ་པ་ཉིད་དུ་ལན་དུ་མར་གསུངས་པའི་ཕྱིར་རོ། །རིགས་པ་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་ཡོད་པ་མ་ཡིན་ཏེ། དེར་དེའི་འཇོག་བྱེད་ཀྱི་རྒྱུ་མཐོང་བ་བརྫུན་པ་ཟད་པར་སྤངས་པའི་ཕྱིར་དང༌། སྐྱེད་བྱེད་ཀྱི་རྒྱུ་མ་རིག་པ་ཟད་པར་སྤངས་པའི་ཕྱིར་དང༌། ཡུལ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པས་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཞི་བར་བཤད་པ་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡུལ་ཅན་དང་བཅས་པའི་དབང་དུ་མཛད་པར་གསལ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ནི་ཟླ་བའི་ཞབས་ཀྱིས་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བཤད་པ་དེ་གཅིག་ཀྱང་ཚང་བ་མེད་ལ་དོན་དམ་པའི་བདེན་པའི་མཚན་ཉིད་དུ་གང་བཤད་པ་དེ་ཐམས་ཅད་ལྷག་མ་མ་ལུས་པར་དེ་ལ་ཚང་བའི་ཕྱིར་དང༌། འཇུག་འགྲེལ་ལས། སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང༌། དེ་ཡང་སླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོར་རང་གིས་རིག་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་དང༌། ཚིག་གསལ་ལས། དོན་དམ་པ་ལ་དེའི་བདེན་པས་ཁྱབ་པར་གསུངས་ཤིང༌། ཡེ་ཤེས་ཀྱི་སྐུ་ནི་དོན་དམ་པར་འཆད་དགོས་པའི་ཕྱིར། དེ་ལ་དེས་ཁྱབ་པར་བཤད་པ་ཡང་ཡིན་ཏེ། དེ་ཉིད་ལས་དོན་ཡང་དེ་ཡིན་ལ། དམ་པ་ཡང་ཡིན་པས་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་བཤད་པས་སོ། །གལ་ཏེ་དེ་ལྟ་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་བཞག་ཡེ་ཤེས་རྣམས་ཀྱང་དོན་དམ་པའི་བདེན་པར་ཐལ་བ་མ་ཡིན་ནམ་སྙམ་ན། དེ་ཡང་འདིར་འདོད་དགོས་པ་ཡིན་ཏེ། དོན་དམ་པ་དངོས་ཡིན་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ཡིན་ན། དོན་དམ་མཚན་ཉིད་པ་དེར་འགལ་བའི་ཕྱིར་དང༌། དོན་དམ་དུ་འདོད་པའི་ཡུལ་སྟོང་པ་ཉིད་དེ་དང་ཆུ་ལ་ཆུ་བཞག་པ་བཞིན་དུ། དབྱེར་མེད་དུ་འདྲེས་པར་ཁས་ལེན་བཞིན་དུ། དོན་དམ་པའི་བདེན་པ་ཡིན་མིན་གྱི་དབྱེ་བ་སོ་སོར་མེད་པའི་ཕྱིར་རོ། །དེ་གཉིས་ཐ་དད་དུ་ཡོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དེ་གཉིས་ཐ་དད་དུ་གཟིགས་དགོས་པ་ལས། མ་གཟིགས་པའི་ཕྱིར་ན། དེ་གཉིས་ལ་དོན་དམ་པའི་བདེན་པ་ཡིན་མིན་གྱི་དབྱེ་བ་མེད་དོ། །དེ་གཉིས་དེར་གཟིགས་པ་ཡང་མ་ཡིན་ཏེ། དེས་དེ་གཉིས་ངོ་བོ་ཐ་དད་དུ་ཡང་མ་གཟིགས། ལྡོག་པ་ཐ་དད་དུ་ཡང་མ་གཟིགས་པའི་ཕྱིར། དང་པོ་མ་གྲུབ་ན། ངོ་བོ་ཐ་དད་དུ་འགྱུར་ཞིང༌། རྟགས་གཉིས་པ་ཡང་མ་གྲུབ་པ་མ་ཡིན་ཏེ། ལྡོག་པ་གཞན་སེལ་ཡུལ་དུ་བྱེད་པའི་སངས་རྒྱས་ཀྱི་བློ་མི་སྲིད་པའི་ཕྱིར། དེ་ལྟར་ཤེས་པ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཞལ་བྱ་དངོས་ནི། ཡེ་ཤེས་དེ་ཉིད་ཡིན་གྱི། སྟོང་པ་ཉིད་ཅེས་བྱ་བ་གཞན་སེལ་དང༌། ལྡོག་པ་མེད་དགག་གི་ཆར་གྱུར་པ་དེ་ཉིད་དེའི་དངོས་ཀྱི་གཞལ་བྱ་མ་ཡིན་ཏེ། དངོས་མེད་དངོས་སུ་འཇལ་བའི་མངོན་སུམ་ནི། ཕྱོགས་གླང་ཡབ་སྲས་ཀྱིས་མི་བཞེད་པ་ལྟར། ཟླ་བའི་ཞབས་ཀྱིས་ཀྱང་མི་བཞེད་པའི་ཕྱིར་རོ། །རིགས་པ་དྲུག་ཅུ་པར། འདི་ནི་སུ་ལ་མངོན་སུམ་འགྱུར། །ཞེས་པའི་འགྲེལ་པར། དངོས་པོ་མེད་པ་ནི་མངོན་སུམ་གྱིས་ཤེས་པས་རིག་པར་ཡང་མི་རུང་སྟེ། ཞེས་གསུངས་པས་སོ། །དེ་ཀུན་རྫོབ་བདེན་པར་འདོད་པའི་བོད་ཕྱི་མ་དག་ལ་ནི་ནང་འགལ་བ་འདི་ལྟར་ཡང་འབྱུང་སྟེ། འོ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་དེས་ཀུན་རྫོབ་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། དེས་དེ་མངོན་སུམ་དུ་རྟོགས་པ་གང་ཞིག་དེ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཅི་སྟེ་རང་རིག་པར་མི་འདོད་དོ་ཞེ་ན། འོ་ན་དེ་འཛིན་རྣམ་མ་ཡིན་པར་འགྱུར་ལ། དེ་ལྟ་ན། དེ་ཆོས་ཅན། ཁ་ནང་ཁོ་ནར་ཕྱོགས་པའི་མངོན་སུམ་མ་ཡིན་པར་ཐལ་ལོ། །ཞེས་པའི་ཐལ་བ་འདི་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །དེ་ལྟར་ཐལ་བ་ལས་ཡེ་ཤེས་དེ་ཆོས་ཅན། དོན་དམ་པའི་བདེན་པ་ཡིན་ཏེ། སྟོང་ཉིད་དངོས་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱི་དངོས་ཀྱི་གཞལ་བྱ་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཡེ་ཤེས་དེ་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། གལ་ཏེ་འདི་སྙམ་དུ། ཡུལ་ཅན་ཡེ་ཤེས་དང་ཡུལ་སྟོང་ཉིད་གཉིས་པོ་ཆོས་ཅན། ཐ་དད་ཡིན་ཏེ། ལྡོག་པ་ཐ་དད་ཡིན་པའི་ཕྱིར། དེ་ཡིན་ཏེ་རང་རང་ཚིག་གིས་ཟིན་པར་བརྗོད་པའི་སྒྲ་གཉིས་ཀྱི་དངོས་ཀྱི་གོ་བྱ་ཡིན་པའི་ཕྱིར་སྙམ་ན། འོ་ན་ཀ་བའི་ཆོས་ཉིད་དང་བུམ་པའི་ཆོས་ཉིད་གཉིས་པོ་ཆོས་ཅན། དེར་ཐལ། སྒྲུབ་བྱེད་དེ་དག་རིམ་པར་ཞུགས་པའི་ཕྱིར། དེ་ཡང་དེ་ལྟ་ན་ཆོས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ལ་དབྱེ་བ་ཡོད་པར་འགྱུར་ཞིང༌། དེ་ཡང་དེ་ལྟ་ན། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་དང༌། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་དང༌། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཡིན། །ཞེས་དང༌། མདོར་ན་ཆོས་ཀྱི་དབྱིངས་ཐམས་ཅད་དབྱེར་མེད་གཅིག་ཁོ་ན་ཡིན་པ་དང༌། གཅིག་པོ་དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྟོན་པའི་ཚད་ལྡན་གྱི་གཞུང་ཐམས་ཅད་དང་འགལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱས་པ་དང་མི་རྟག་པ་ལ་སོགས་པ་ཇི་སྙེད་པ་རྣམས་ཐ་དད་པ་མེད་པར་འགྱུར་ཏེ། རང་བཞིན་ཐ་དད་པ་མེད་ཅིང་ལྡོག་པ་ཐ་དད་པས་དེའི་གོ་མི་ཆོད་པའི་ཕྱིར་ཞེ་ན། དེས་དེའི་གོ་ཆོད་པར་བཤད་པ་དེ་ནི། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པའི་དབང་དུ་བྱས་པ་ཡིན་གྱི། དོན་དམ་པའི་བདེན་པ་ལ་ནི། ལྡོག་པ་ཐ་དད་པ་ཞེས་བྱ་བའི་རྣམ་གཞག་མི་བཞེད་པ་ནི། དབུ་མ་པ་ཀུན་གྱི་སྤྱི་ལུགས་ཡིན་ཏེ། ཇི་སྐད་དུ། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །བཅད་དུ་མེད་པས་དག་པར་བརྗོད། །ཅེས་རང་བཞིན་རྣམ་དག་གི་ཆོས་ཉིད་དང༌། གློ་བུར་རྣམ་དག་གི་ཆོས་ཉིད་གཉིས། ལྡོག་པ་ཐ་དད་དུ་བཅད་དུ་མེད་པར་བཤད་པའི་ཕྱིར་དང༌། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པ་རྩ་འགྲེལ་དུ། དཔེ་ཆོས་སྐུ་དང༌། དོན་ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་བར་ཆད་མེད་ལམ་གཉིས་ཀ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་དུ་བཤད་པ་དང༌། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་དང༌། དམ་པའི་དོན་དུ་བཟོད་མ་ཡིན། །ཞེས་པའི་འགྲེལ་པར་སྒོམ་ལམ་མཉམ་བཞག་ཡེ་ཤེས་སྟོང་ཉིད་དང་ཆོས་ཉིད་ཀྱི་ངོ་བོར་བཤད་པའི་ཕྱིར། དེས་ཀྱང་དེ་དོན་དམ་པའི་བདེན་པར་གྲུབ་བོ། །འཇུག་པ་ལས་ཀྱང༌། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །ཞེས་དང༌། དེའི་འགྲེལ་པར། དཔེར་ན་བུམ་པ་དང་མཁར་གཞོང་ལ་སོགས་པ་ཐ་དད་ཀྱང༌། དེར་གཏོགས་པའི་ནམ་མཁའ་ལ་ཐ་དད་པ་མེད་པ་དེ་བཞིན་དུ། གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ཀྱང༌། དེར་གཏོགས་པའི་དེ་ཁོ་ན་ཉིད་ལ་ཐ་དད་པ་མེད་པས། དེ་ཁོ་ན་ཉིད་ནི་རོ་གཅིག་ཁོ་ནར་ཤེས་པར་བྱའོ། །ཞེས་གསུངས་སོ། །གལ་ཏེ་འོ་ན། ཡེ་ཤེས་དེ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་ཐལ། དེ་ཁྱོད་ཀྱི་གཞལ་བྱ་དངོས་མ་ཡིན་པའི་ཕྱིར་སྙམ་ན། དེ་ལྟར་དོགས་པ་དེ་ཡང་སྔོན་ཉིད་ནས་བསལ་ཟིན་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། དེའི་ཕྱིར་བཏགས་པ་ལས། དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་གཞག་གི དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལས་གཞན་དུ་ན། ཡུལ་ཅན་རྣམ་མཁྱེན་དང་ཡུལ་སྟོང་ཉིད་གཉིས་ཀ་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཐ་དད་དུ་སྣང་བར་ཐལ། སངས་རྒྱས་རང་སྣང་གི་དབང་དུ་བྱས་པའི་ཡེ་ཤེས་ལ་སྣང་བ་གང་ཞིག ཐ་དད་ཡིན་པའི་ཕྱིར། འདོད་ན། ངོ་བོ་ཐ་དད་དུ་ཐལ། འདོད་པ་དེའི་ཕྱིར། ཞེས་བྱ་བའི་ཐལ་བ་གཉིས་ཀ་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །ཁོ་བོ་ཅག་གི་ཕྱོགས་ལ་ནི་བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་སྣང་ལ་སྣང་བར་མི་འདོད་དེ། དེ་ལྟར་སྣང་བའི་རྒྱུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཕྱིར་རོ། །གཉིས་པ་བོད་ཕྱི་རབས་པ་དག་གིས་མྱང་འདས་ཀྱི་འདོད་ཚུལ་མི་འཐད་པ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་མཐའ་དགག་པ་དང༌། རང་གི་འདོད་པ་བསམ་པའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ལ། མྱང་འདས་ཀྱི་འཇོག་ཚུལ་ནི་ཕུང་པོ་ལྔ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མངོན་སུམ་དུ་མཐོང་བ་དེའི་ཚེ། དེའི་ངོ་བོ་ན་ཕུང་པོ་མེད་པས། ཕུང་པོ་འདི་མ་ལུས་པར་སྤངས་པ་ཞེས་མདོ་ལས་མྱང་འདས་ཀྱི་ངོས་འཛིན་གསུངས་པ་དེའི་དོན་ནི་དེ་ཉིད་ཡིན་པར་བཞེད་དོ། །དེས་ན་ཐེག་དམན་གྱིས་ཉོན་མོངས་ཟད་པར་སྤངས་པའི་ཚེ། མཉམ་བཞག་གི་ངོ་ན་ཕུང་པོའི་སྣང་བ་ལྷག་མ་མེད་པར་ནུབ་པའི་འགོག་པ་ནི། དེའི་ལྷག་མེད་ཀྱི་མྱང་འདས་དང༌། དེའི་སྣང་བ་མ་ནུབ་པའི་རྗེས་ཐོབ་ཀྱི་ཚེ། དེའི་ལྷག་བཅས་ཀྱི་མྱང་འདས་སུ་བཞེད་དོ། །ཞེས་ཟེར་རོ། །འདི་ནི་རིགས་པ་མ་ཡིན་ཏེ། ཕུང་པོ་ཟད་པར་སྤངས་པའི་དོན་དེ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གི་ངོ་ན། ཕུང་པོའི་སྣང་བ་ནུབ་པ་ལ་འཇོག་ན། ཉན་ཐོས་ཀྱི་མཐོང་ལམ་ནས་ཀྱང་དེ་སྤངས་པའི་མྱང་འདས་མངོན་དུ་བྱས་པར་ཐལ་བ་ལས་དེ་ལྟར་ཡང་ཁྱེད་ཀྱིས་མི་འདོད་པའི་ཕྱིར་དང༌། སྡུག་བསྔལ་གྱི་ཕུང་པོ་སྤངས་པ་ལ་དེའི་རྒྱུ་ཉོན་མོངས་སྤངས་པ་སྔོན་དུ་འགྲོ་མི་དགོས་པར་ཐལ་བའི་ཕྱིར་དང༌། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་རྗེས་སུ་ལྷག་བཅས་ཀྱི་མྱང་འདས་མངོན་དུ་བྱེད་པར་ཐལ་བའི་ཕྱིར་དང༌། ལྷག་མེད་ཀྱི་དུས་སུ་སྡུག་བསྔལ་གྱི་ཕུང་པོ་མ་ལུས་པར་སྤངས་པའི་སྤངས་པ་དེ་སླར་བཟློག་པར་ཐལ་བའི་ཕྱིར་དང༌། ལྷག་བཅས་དང་ལྷག་མེད་ཀྱི་གོ་དོན་དེ་ལྟར་འཆད་པའི་ལུང་གི་ཁུངས་མེད་པའི་ཕྱིར་དང༌། ཇི་སྲིད་མྱང་འདས་གཉིས་ཀྱི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ། ལས་ཉོན་གྱི་ཕུང་པོའི་རྒྱུན་ཟད་མ་ཟད་ལ་འཆད་དགོས་པ་ཡིན་པའི་ཕྱིར་དང༌། ཁྱེད་ཀྱིས་འཆད་ཚུལ་ལྟར་ན། ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་རྗེས་སུ་སྡུག་བསྔལ་གྱི་ཕུང་པོའི་རྒྱུན་འབྱུང་བར་ཁས་ལེན་དགོས་ལ། དེ་ལྟ་ན་རིགས་པ་དྲུག་ཅུ་པའི་འགྲེལ་པར། མདོ་ལས་གསུངས་པའི་མྱང་འདས་ཀྱི་དོན་འགྲེལ་པ་ན། སྡུག་བསྔལ་འདི་མ་ལུས་པ་སྤངས་པ་ཞེས་པ་ནས་ནུབ་པར་གྱུར་པ་ཞེས་བྱ་བའི་བར་གསུངས་པ་དེ། ད་ལྟར་གྱི་སྡུག་བསྔལ་གྱི་དབང་དུ་བྱས་པ་དང༌། མདོ་ལས། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གསུངས་པ་དེ། མ་འོངས་པའི་ཕུང་པོའི་དབང་དུ་བྱས་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །མདོར་ན་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་གཞུང་དུ་འདོད་པ་དེ་དག་ན་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་གཉིས་ཀྱི་རྣམ་པར་གཞག་པ་བཤད་པ་མེད་བཞིན་དུ་ཁྱེད་ཀྱིས་བཤད་པས་འཆད་མི་དགོས་པ་བཤད་པའི་ཉེས་པ་དང༌། རང་བཞིན་གྱི་མྱ་ངན་ལས་འདས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་བཤད་པ་ཁོ་ན་གཞུང་དེ་དག་ཏུ་བཤད་པ་ལ་ཁྱེད་ཀྱིས་མ་བཤད་པས་འཆད་དགོས་པ་མ་བཤད་པའི་ཉེས་པ་ཆེན་པོ་གཉིས་ཀྱིས་ནི་ལེགས་བཤད་དུ་རློམ་པ་དེ་དག་མ་རུངས་པར་བྱས་པ་ཡིན་ནོ། །གཉིས་པ་རང་གི་འདོད་པ་བསམ་པ་ལ་གསུམ་སྟེ། ཐེག་པ་ཐུན་མོང་ལ་གྲགས་པའི་མྱང་འདས་གཉིས་ཀྱི་མཚན་གཞི་ངོས་བཟུང༌། ཐེག་པ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་མྱང་འདས་ཀྱི་རྣམ་པར་གཞག་པ་འཁྲུལ་མེད་དུ་བསྟན་པ། དེས་དེའི་ལུགས་ཀྱི་འགོག་བདེན་ཀྱང་བདེ་བླག་ཏུ་རྟོགས་པའོ། །དང་པོ་ནི། ཉོན་མོངས་མ་ལུས་པ་སྤངས་ཤིང༌། དེའི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་བ་དང་བྲལ་བའོ། །དེ་ཡང་དང་པོར་ལྷག་བཅས་ཀྱི་ཚེ། ཉོན་མོངས་པ་དང་སྡུག་བསྔལ་མ་འོངས་པ་སྤངས་ཀྱང༌། ལས་ཉོན་སྔ་མའི་རྣམ་སྨིན་གྱི་ཕུང་པོ་དང་མ་བྲལ་བས་ཡོངས་སུ་རྫོགས་པའི་མྱང་འདས་མ་ཡིན་ལ། གཉིས་པའི་ཚེ་ན། དེ་དང་བྲལ་བས་མཐར་ཐུག་པའི་མྱང་འདས་སོ། །དེ་ལའང་འདོད་ཚུལ་གཉིས་ཏེ། ཉན་ཐོས་སྡེ་པ་ལྟར་ན། དུས་དེར་རྣམ་པར་ཤེས་པའི་ཚོགས་དྲུག་ཀ་འགགས་པས། རིག་པ་རྒྱུན་ཆད་དུ་འདོད་པ་དང༌། རྣལ་འབྱོར་སྤྱོད་པ་བ་ལྟར་ན། དེའི་ཚེ་རྣམ་པར་ཤེས་པའི་ཚོགས་བདུན་འགགས་ཀྱང༌། ཀུན་གཞིའི་སྟེང་གི་གསལ་ཆ་མ་འགགས་པས། རིག་པ་རྒྱུན་མ་ཆད་པར་འདོད་པའི་ལུགས་གཉིས་སོ། །ལུགས་དེ་ལ་གསལ་ཆ་དེ་ཡང་སྤང་བྱ་དང་བྲལ་ཙམ་གྱི་ཆ་དང་ལྡན་པའི་དབྱིངས་རིག་ཙམ་ཡིན་གྱི། ཤེས་རབ་དང་སྙོམས་པར་འཇུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འཆད་པ་ནི་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ། གཏན་ལ་དབབ་པ་བསྡུ་བ་ལས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་མཚན་མ་མེད་པའི་དབྱིངས་འབའ་ཞིག་ཡིད་ལ་བྱེད་ཅིང༌། རིམ་གྱིས་འགོག་པ་ལ་སྙོམས་པར་འཇུག་ལ། འཇུག་པའི་རྣམ་པར་ཤེས་པ་འགོག་པར་བྱེད་ཅིང༌། དེའི་འོག་ཏུ་ཀུན་གཞིའི་རྣམ་པར་ཤེས་པའི་གནས་སྤོང་བར་བྱེད་དེ། དེ་ན་འདུས་མ་བྱས་པའི་དབྱིངས་རྣམ་པར་དག་པ་དྲི་མ་མེད་པ་འབའ་ཞིག་ལུས་སོ། །དབྱིངས་དེ་ནི་ལྷ་ལ་སོགས་པ་གང་གི་ཡང་གྲངས་སུ་མི་འགྲོ་སྟེ། འདི་ལྟར་དབྱིངས་དེ་ནི་གྲུབ་པ་རྣམས་ཀྱི་སོ་སོར་རང་གིས་རིག་པ་དང་མཐུན་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ལ། སྤྱིར་བཤད་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། རིགས་ཚོགས་ཀྱི་དགོངས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཇི་སྲིད་ཆོས་བདེན་པར་མེད་པ་མ་རྟོགས་པ་དེ་སྲིད་དུ་མྱང་འདས་མཚན་ཉིད་པ་ཡོད་པར་མི་བཞེད་དེ། ཇི་སྐད་དུ། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་དང༌། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་སོགས་དང༌། རིགས་པ་དྲུག་ཅུ་པར། དེ་ཉིད་མ་མཐོང་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །སྲིད་པ་དང་ནི་མྱ་ངན་འདས། །དེ་གཉིས་ཡོད་པ་མ་ཡིན་ནོ། །ཞེས་སོགས་དང༌། ཞི་བ་ལྷས། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ནི་ཐེག་དམན་ལ་མྱང་འདས་མེད་པ་ཡང་གསལ་བར་བཤད་དེ། ཇི་སྐད་དུ། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །ཞེས་གསུངས་པས་སོ། །ཟླ་བའི་ཞབས་ཀྱིས་ནི། ཐེག་དམན་ལ་མྱང་འདས་མཚན་ཉིད་པ་ཡོད་མེད་གང་གི་ཡང་གསལ་ཆ་དངོས་སུ་མ་བཤད་ལ། ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་པ་དང༌། ཤཱ་རིའི་བུས་མྱང་འདས་མངོན་དུ་བྱས་པའི་བཤད་པ་མཛད་པ་ལྟར་ན། དེ་ལ་ཡོད་པའི་ཕྱོགས་ལ་ཅུང་ཟད་ཉེ་བར་མངོན་ནོ། །གཉིས་པ་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ལས་འབྱུང་བའི་མྱང་འདས་ནི་གཉིས་ཏེ། ཡུལ་རང་བཞིན་གྱིས་མྱང་འདས་དང༌། ཡུལ་ཅན་མི་གནས་པའི་མྱང་འདས་སོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། སྤངས་པ་མེད་པ་ཐོབ་པ་མེད། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་གསུངས་སོ། །གཉིས་པ་ནི། སྤྲོས་བྲལ་དེ་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་བྱ་བ་ཡིན་ཏེ། རིགས་པ་དྲུག་ཅུ་པར། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། ཟླ་བའི་ཞབས་ཀྱི་སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པར་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས་ཐ་སྙད་ཀྱི་བདེན་པ་དང་སྦྱར་ན་མྱ་ངན་ལས་འདས་པ་ཞེས་རྣམ་པར་གཞག་སྟེ། ཞེས་གསུངས་སོ། །འོ་ན་མྱང་འདས་དེ་མངོན་དུ་བྱས་པའི་ས་མཚམས་གང་ནས་བཞག་ཅེ་ན། ཇི་སྐད་དུ། དེ་ཉིད་ལས། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་དང༌། དེའི་འགྲེལ་པར། ཚེ་འདི་ཉིད་ལ་རྣལ་འབྱོར་པ་དེའི་ཆོས་ཐམས་ཅད་མི་དམིགས་པའི་ཡེ་ཤེས་ཀྱི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ། །བྱ་བ་བྱས་པ་ཉིད་ཁོ་ན་བྱ་བ་བྱས་པ་ཉིད་ཅེས་བྱའོ། །ལུང་དག་ལས། དགེ་སློང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་གསུངས་པ་དང༌། འཕགས་པ་ཤཱ་རིའི་བུས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ཏེ། མདོ་འདི་བཤད་དོ་ཞེས་འབྱུང་བ་དེ་ཉིད་དེའི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཡིན་པར་བལྟའོ། །སྐྱེ་བ་ཟད་དོ་ཚངས་པ་སྤྱོད་པ་བསྙེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་གསུངས་པ་དེ་ཡང༌། བྱ་བ་བྱས་པ་འདི་ཉིད་ཡིན་པར་རིག་པར་བྱ་སྟེ། ཞེས་གསུངས་སོ། །དེ་ལྟར་བཤད་པ་ན། ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པ་ན་མྱང་འདས་མངོན་དུ་བྱས་པ་དང༌། ལས་དང་ཉོན་མོངས་པས་འཕངས་པའི་རྣམ་སྨིན་དུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དང༌། དེ་འཕེན་བྱེད་ཀྱི་ཉོན་མོངས་ཟད་པ་རྣམས་མཐོང་ལམ་གྱི་གནས་སྐབས་ཁོ་ནར་འབྱུང་ཞིང༌། མྱང་འདས་དེ་མཐོང་བ་དང༌། སངས་རྒྱས་མཐོང་བ་ཡང་དོན་གཅིག་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཤེས་དེ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་དང༌། དེའི་འགྲེལ་པར། ཆོས་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེ་དང་སངས་རྒྱས་བཅོམ་ལྡན་འདས་ཐ་མི་དད་པས། དེ་མཐོང་བས་སངས་རྒྱས་མཐོང་བ་ཡིན་ནོ། །དེ་བས་ན་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །ཞེས་མཐོང་ལམ་གྱི་རྗེས་སུ་མྱང་འདས་སྔར་མ་མཐོང་གསར་མཐོང་དང༌། དེ་སྔར་མ་ཐོབ་གསར་ཐོབ་ཀྱི་རྣམ་པར་གཞག་པ་མེད་པར་གསུངས་སོ། །དེ་ཡང་ཡུལ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་འཆད་དགོས་པ་ཡིན་གྱི། ཡུལ་ཅན་མི་གནས་པའི་མྱང་འདས་ནི་ས་དང་པོ་ནས། སངས་རྒྱས་ཀྱི་སའི་བར་ལ་སྔར་མེད་གསར་ཐོབ་རེ་རེ་ཡོད་པར་བཤད་དགོས་ཏེ། དཔེར་ན་གློ་བུར་དྲི་བྲལ་གྱི་ཆོས་སྐུ་བཞིན་ནོ། །དེ་ལྟར་ཤེས་པ་ན་སྲིད་ཞི་མཉམ་ཉིད་དང༌། འཁོར་འདས་དབྱེར་མེད་ཅེས་བྱ་བའི་དོན་ལ་ངེས་པ་རྙེད་པར་འགྱུར་བ་ཡིན་གྱི། མྱང་འདས་ཀྱི་འཇོག་མཚམས་སྤངས་པ་ཁོ་ནའི་ཆ་ནས་འཇོག་པ་དག་གིས་ནི་དེའི་དོན་ཤེས་པར་མི་འགྱུར་རོ། །འོ་ན་དེའི་ཚེ་མྱང་འདས་མཚན་ཉིད་པར་འཇོག་པ་དེ་ཡུལ་དང་ཡུལ་ཅན་གཉིས་ལས་གང་ཞིག་ལ་བྱ་སྙམ་ན། སྐབས་སོ་སོར་དབྱེ་དགོས་ཏེ། གཞིའི་གནས་སྐབས་སུ་རང་བཞིན་གྱི་མྱ་ངན་ལས་འདས་པ་གཙོ་ཆེ་ལ། ལམ་དང་འབྲས་བུའི་གནས་སྐབས་སུ་ནི། མི་གནས་པའི་མྱ་ངན་ལས་འདས་པ་གཙོ་ཆེ་བར་བཞག་དགོས་པའི་ཕྱིར། དཔེར་ན་རང་བཞིན་དང༌། ལམ་དང༌། འབྲས་བུའི་ཤེར་ཕྱིན་གྱི་འཇོག་ཚུལ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་བཤད་པ་ན་ལུགས་འདི་ལ་མྱ་ངན་ལས་འདས་པ་ནི་གསུམ་སྟེ། གཞིའི་མྱང་འདས་ཞེས་བྱ་བ་ཆོས་རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་དང༌། ལམ་དུས་ཀྱི་མྱང་འདས་ཞེས་བྱ་བ་སྟོང་ཉིད་དེ་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་དང༌། འབྲས་དུས་ཀྱི་མྱང་འདས་ཞེས་བྱ་བ་ཆོས་ཀྱི་སྐུའི་ཡེ་ཤེས་སོ། །དེ་ལ་མྱ་ངན་ཞེས་བྱ་བ་ནི་མཚན་མར་འཛིན་པའི་སྤྲོས་པ་ལ་བྱ་ལ། དེ་ལས་འདས་པའི་ཚུལ་ནི་གཉིས་ཏེ། དེ་བཀག་ཙམ་གྱི་མེད་པར་དགག་པ་དང༌། དེ་བཀག་པས་ཁྱད་པར་དུ་བྱས་པའི་ཡུལ་ཅན་ཡེ་ཤེས་སོ། །དང་པོ་ནི། ཆོས་ཐམས་ཅད་ལ་ཁྱབ་པར་ཡོད་ཀྱང༌། དེ་མངོན་དུ་བྱས་པའི་ཚད་ནི། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ས་མཚམས་གང་ནས་རྒྱུད་ལ་སྐྱེས་པ་དེ་ནས་བཟུང་སྟེ། མྱ་ངན་ལས་འདས་པ་མངོན་དུ་བྱས་པ་ཞེས་བྱ་ཞིང༌། དེའི་སྐད་ཅིག་ཕྱི་ལོགས་སུ་ཡང་སྲིད་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དེའི་ཚེ། ཐར་པ་ཐོབ་པ་ཞེས་ཀྱང་བྱ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་འདི་སྐྱེ་བ་དང་འགག་པ་མི་དམིགས་པའི་ཡེ་ཤེས་ཀྱི་དུས་ན། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་གསུངས་པས་སོ། །དེ་ལྟ་ན་ཡང་མཐར་ཐུག་གི་མྱང་འདས་མངོན་དུ་བྱས་པ་ནི་མ་ཡིན་ཏེ། མཐར་ཐུག་གི་མྱང་འདས་ནི་མཚན་འཛིན་གྱི་ས་བོན་མ་ལུས་པར་སྤངས་པའི་ཆོས་སྐུ་ལ་བཞེད་པའི་ཕྱིར། དེ་སྐད་དུ་ཡང༌། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད་ཅེས་གསུངས་པས་སོ། །མཐར་ཐུག་གི་མྱང་འདས་འདི་ཡང་ཇི་སྐད་དུ། འཕགས་པའི་བདེན་པ་དོན་དམ་མྱ་ངན་འདས། །ཞེས་དོན་དམ་པའི་བདེན་པར་གསུངས་པ་ལ་རྩོད་པ་མེད་ལ། དེ་ཡང་མེད་དགག་ཁོ་ན་ལ་འཆད་པ་ནི་རྗེ་བཙུན་གྱི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང༌། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་དང་དེའི་འགྲེལ་པར། ཤེས་རབ་གང་དང༌། ཡེ་ཤེས་གང་དང༌། རྣམ་པར་གྲོལ་བ་གང་གིས་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང༌། དབྱེ་བ་མེད་པའི་མཚན་ཉིད་ཀྱིས་མྱ་ངན་ལས་འདས་པའི་དབྱིངས་དེ་མཚོན་པར་བྱེད་པ་དེ་དག་ནི་ཉི་མ་དང་ཆོས་མཐུན་པ་རྣམ་པ་བཞི་བསྟན་ཏེ། ཞེས་ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། དེ་གཉིས་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བའི་སེམས་རང་བཞིན་གྱིས་འོད་གསལ་བ་དང༌། དེ་གསུམ་ཀ་ཡང་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང༌། དབྱེར་མེད་པའི་ཆ་དེ་ལ་མྱ་ངན་ལས་འདས་པ་ཞེས་བཤད་པའི་ཕྱིར་དང༌། ཇི་སྐད་དུ། རྣམ་པ་ཐམས་ཅད་གྲངས་མེད་པ། །བསམ་མེད་དྲི་མེད་ཡོན་ཏན་དང༌། །དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་བ་གང་དེ་དེ་བཞིན་གཤེགས། །ཞེས་དང༌། སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང༌། མྱ་ངན་ལས་འདས་པ་གཉིས་དོན་གཅིག་ལ་འདུ་བའི་ཚུལ་ལན་གཅིག་མ་ཡིན་པར་བཤད་པས་སོ། །དེ་ལྟ་ན་ཡང་རྒྱུད་བླ་མ་རྩ་འགྲེལ་གྱི་ལུགས་འདིར་ནི། ཐེག་པ་དམན་པ་ལྟ་ཞོག ཐེག་ཆེན་གྱི་སློབ་ལམ་ན་ཡང་མྱ་ངན་ལས་འདས་པ་མངོན་དུ་བྱས་པར་ཡོད་པ་མི་བཞེད་པས། ཀླུ་སྒྲུབ་ཞབས་ཀྱི་མྱང་འདས་ཀྱི་བཞེད་ཚུལ་ཟླ་བའི་ཞབས་ཀྱིས་བཀྲལ་བ་དང་མི་འདྲ་བའི་ཁྱད་པར་ནི་དེ་ཡིན་ནོ། །འོ་ན་ཅི་ལུགས་འདི་ལ་མྱང་འདས་གཉིས་ཀྱི་རྣམ་པར་གཞག་པ་མི་བཞེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། བཤད་པ་ཚིག་གསལ་ལས། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་ནི། །མྱ་ངན་ལས་འདས་པ་ཉོན་མོངས་པ་བཟློག་པའི་མཚན་ཉིད་ཅན་ནི། ཕུང་པོ་བཟློག་པའི་མཚན་ཉིད་ཅན་འདོད་པ་མ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་དུ་སྨྲ་བ་རྣམས་ལ་ཀླན་ཀ་འདིར་མི་འགྱུར་བ་ཉིད་དོ། །གལ་ཏེ་སྟོང་པ་ཉིད་དུ་སྨྲ་བ་རྣམས་མྱ་ངན་ལས་འདས་པ་ཕུང་པོ་རྣམས་སམ། ཉོན་མོངས་པ་ལོག་པའི་མཚན་ཉིད་ཅན་མི་འདོད་ན། གང་ཞིག་འདོད་ཅེ་ན། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་དེ་ནི་མྱ་ངན་ལས་འདས་པར་བཤད་དོ། །ཞེས་དང༌། ཇི་སྐད་དུ། ཆོས་དབྱིངས་བསྟོད་པ་ལས་ཀྱང༌། ལྷག་བཅས་མྱ་ངན་འདས་པ་རྣམས། །ལྷག་མེད་མྱ་ངན་འདས་པའང་འདོད། །འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །ཞེས་གློ་བུར་གྱི་དྲི་མ་ཕྱོགས་གཅིག་གམ་མཐའ་དག་དང་བྲལ་བའི་སེམས་རང་བཞིན་གྱི་འོད་གསལ་བ་ལ་མྱང་འདས་སུ་བཤད་པ་ཡིན་ནོ། །དེ་ལྟ་ན་ཡང༌། ལུགས་འདིར་མྱང་འདས་གཉིས་ཀྱི་རྣམ་པར་གཞག་པ་གནས་སྐབས་གང་དུ་ཡང་མི་བཞེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་ལ་འཇུག་པའི་སྒོར། ཕུང་པོར་བཅས་པའི་མྱ་ངན་འདས། །གཟུགས་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོར་མེད་པའི་མྱ་ངན་འདས། །ཆོས་ཀྱི་སྐུ་ལ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་ལུགས་འདིར། ཐེག་དམན་དགྲ་བཅོམ་པ་ལ་མྱ་ངན་ལས་འདས་པ་གང་ཞིག་ཡོད་ཅེ་ན། སློབ་དཔོན་ཞི་བ་ལྷ་དང་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་ནི། དེ་ལ་དེ་ཡོད་པར་མི་བཞེད་ལ། ཟླ་བའི་ཞབས་ཀྱིས་ནི་ཉན་རང་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་ཡོད་པར་བཞེད་ན། དེ་ལ་དེ་ཡོད་པར་བཞེད་ཅིང༌། དེ་མངོན་དུ་བྱས་པའི་ས་མཚམས་ཀྱང༌། ཉན་ཐོས་ཀྱི་མཐོང་ལམ་ནས་བཞག་པར་མི་ནུས་མོད། དེ་ལ་དེ་རྟོགས་པ་བཞེད་མི་བཞེད་ནི་དཔྱད་པའི་གནས་སོ། །འོན་ཀྱང་རེ་ཞིག་དཔྱད་པ་བོར་ནས། བདེན་མེད་མངོན་སུམ་དུ་རྟོགས་པ་ཙམ་གྱིས་མྱང་འདས་མངོན་དུ་བྱས་པར་ཐ་སྙད་བྱས་ན་རྣམ་གཞག་འཇོག་བདེ་བ་ཡིན་ཏེ། འཇུག་འགྲེལ་དུ། རིན་ཆེན་ཕྲེང་བའི་ལུང་དྲངས་ནས་ཉན་ཐོས་ཀྱི་སྡེ་སྣོད་ལས་མྱང་འདས་སུ་བཤད་པ་དེ་དང༌། ཐེག་པ་ཆེན་པོ་ལས་རང་བཞིན་སྐྱེ་མེད་དུ་བཤད་པ་གཉིས་པོ་དོན་གཅིག་པར་བསྒྲུབས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པ་གྱིས། །ཞེས་དང༌། རྒྱུ་མེད་པ་ཡིས་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདས། །ཞེས་པའི་ལུང་ཁུངས་སུ་དྲངས་ནས། ཉན་རང་ལ་ཆོས་རང་བཞིན་གྱིས་མེད་པར་རྟོགས་པ་ཡོད་པར་བསྒྲུབས་པ་ཡིན་ནོ། །དེ་ལྟར་བཤད་པ་ན་ཉན་རང་འཕགས་པའི་རྒྱུད་ཀྱི་ཆོས་རང་བཞིན་མེད་པར་རྟོགས་པའི་མཉམ་བཞག་ཡེ་ཤེས་དེ་ཉིད་ཁོ་རང་གི་ཡུལ་ཆོས་ཉིད་དང་དབྱེར་མེད་པའི་ཆ་དེ་ལ་མྱང་འདས་སུ་འཇོག་ལ། དེ་ལ་ལྷག་བཅས་དང་ལྷག་མེད་ཀྱི་དབྱེ་བ་ཡོད་པ་མ་ཡིན་ཏེ། རྟེན་གྱི་གང་ཟག་དེས་སྐུ་ཚེའི་འདུ་བྱེད་བཏང་མ་བཏང་ལས་མྱང་འདས་རང་གི་ངོ་བོ་ལ་ལྷག་བཅས་དང་ལྷག་མེད་དུ་འཇོག་མི་ནུས་པའི་ཕྱིར། དེའི་ཕྱིར་མྱང་འདས་རང་གི་ངོ་བོ་ལ་སྡུག་བསྔལ་གྱི་ཕུང་པོ་དང་བཅས་མ་བཅས་ཀྱི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། བརྒྱ་པ་ལས། མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་དགྲ་བཅོམ་པས་སྐུ་ཚེའི་འདུ་བྱེད་བཏང་མ་བཏང་ལས་ལྷག་མེད་དུ་བཞག་པར་མི་ནུས་སོ། །སངས་རྒྱས་ཀྱི་སྐུ་གཉིས་ལ་དེའི་ཐ་སྙད་བྱས་པ་ལ་ནི། མཚུངས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་གནས་ཚུལ་ལ་ཆོས་ཀྱི་སྐུ་ཉིད་ཡིན་པས་མྱང་འདས་དངོས་ཡིན་ལ། ཐེག་དམན་དགྲ་བཅོམ་པའི་གཟུགས་ནི་དེ་མ་ཡིན་པའི་ཕྱིར་རོ། །གསུམ་པ་དེས་འགོག་པའི་བདེན་པ་ཡང་མཚོན་ནུས་པ་ནི། མྱ་ངན་ལས་འདས་པ་དབྱིངས་རིག་དབྱེར་མེད་ཀྱི་ཆ་ལ་འཇོག་པར་གྲུབ་པ་ན། འགོག་པའི་བདེན་པ་ཡང་དེ་ལ་འཇོག་པར་གྲུབ་སྟེ། དགྲ་བཅོམ་པའི་རྒྱུད་ཀྱི་འགོག་པའི་བདེན་པ་རྣམས་ནི་དེའི་བྱེ་བྲག་ཡིན་པའི་ཕྱིར་དང༌། སྤང་བྱ་སྤངས་ཙམ་གྱི་མེད་དགག་གི་ཆ་ལ་འགོག་པར་བཤད་ན། རིགས་པ་དྲུག་ཅུ་པའི་གཞུང་གིས་བཀག་པའི་ཕྱོགས་སྔ་མ་དེ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཉན་ཐོས་སྡེ་པའི་འགོག་པའི་འདོད་ཚུལ་དང༌། ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་བྱར་བཤད་པ་དང་འགལ་བའི་ཕྱིར་རོ། །དེའི་ཕྱོགས་སྔ་མ་ཡིན་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཤེས་པ་མ་ཡིན་ན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཅེས་པ་དེ་ཇི་ལྟ་བུ། །ཞེས་པའི་གཞུང་གིས་བཀག་པ་དེ་ཉིད་ཁས་བླངས་པས་སོ། །དེ་ལྟར་བཤད་པ་ལ་འདི་སྙམ་དུ་དོགས་པར་འགྱུར་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་བར་ཆད་མེད་ལམ་དེ་ཡང་དོན་དམ་པའི་བདེན་པར་ཁས་བླངས་པས། འཇུག་འགྲེལ་དུ། བདེན་པ་གསུམ་ཀུན་རྫོབ་ཀྱི་བདེན་པ་དང༌། འགོག་པའི་བདེན་པ་གཅིག་པུ་དོན་དམ་པའི་བདེན་པར་བཤད་པ་དང་འགལ་ལོ་སྙམ་པའོ། །དེའི་ལན་ལ་རྣལ་མ་དང༌། མགོ་མཚུངས་གཉིས་ལས། དང་པོ་ནི། ལམ་གྱི་བདེན་པ་ལ་གཉིས་ཏེ། དོན་དམ་པ་ཡིན་པ་དང༌། མ་ཡིན་པའོ། །དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་རྣམས་སོ། །གཉིས་པ་ནི། དེ་ལས་གཞན་ཐབས་ཀྱི་ཆར་གྱུར་བ་རྣམས་དང་ཤེས་རབ་ཀྱི་ཆ་ཡིན་ཡང་ཀུན་རྫོབ་ཀྱི་རྣམ་པ་ཅན་རྣམས་སོ། །དེ་ལྟར་གྲུབ་མོད། དེ་ལས་ཅིར་འགྱུར་ཞེ་ན། དེ་ཉིད་དོན་དམ་པའི་བདེན་པར་ཡང་གྲུབ་སྟེ། ཟླ་བའི་ཞབས་ཀྱིས། དོན་དམ་པ་དང༌། དེའི་བདེན་པ་ལ་ཁྱད་པར་མི་བཞེད་པའི་ཕྱིར་དང༌། གཞན་དུ་ན་ཀུན་རྫོབ་དང་དོན་དམ་གྱི་གཞི་མཐུན་སྲིད་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ཀུན་རྫོབ་ཡིན་དགོས་ལ། དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་ནི་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། དེ་དེར་འཇོག་བྱེད་ཀྱི་ཡུལ་ཅན་ཀུན་རྫོབ་པ་དེ་གང་ཞིག་ཡིན། ཞེས་དྲིས་ན་ཁྱེད་ལ་སྟོན་རྒྱུ་ཡོད་པ་མ་ཡིན་ཏེ། དེར་འཇོག་བྱེད་ཀྱི་ཡུལ་ཅན་ཀུན་རྫོབ་དེ་ལ་ཟླ་བའི་ཞབས་ཀྱིས་སོ་སོ་སྐྱེ་བོའི་རྒྱུད་ཀྱི་བདེན་འཛིན་དང༌། འཕགས་པ་སྣང་བཅས་ཀྱི་གཉིས་སྣང་འཁྲུལ་པའི་ཆ་གཅིག་སྟེ། གཉིས་ལས་གཞན་མ་བཤད་ལ། དེ་དག་ནི་འདི་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་མཐོང་བ་བརྫུན་པས་རྙེད་པའི་ཆ་གཅིག་རྙེད་པར་འགྱུར་ཏེ། དངོས་པོ་ཐམས་ཅད་ལ་དེའི་ཆ་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་བཤད་པས་སོ། །གལ་ཏེ་དེ་སྐད་གསུངས་པ་དེ་སོ་སོ་སྐྱེ་བོ་དང་ཐུན་མོང་དུ་སྣང་བའི་དངོས་པོ་ཀུན་ལ་དགོངས་པ་ཡིན་ནོ། །ཞེ་ན། འོ་ན་སྔ་མ་ཡང་ཀུན་རྫོབ་པར་གྱུར་པའི་ལམ་གྱི་བདེན་པ་ལ་དགོངས་སོ། །ཀུན་རྫོབ་བདེན་པར་བཤད་པའི་ལམ་བདེན་དེའི་ནང་དུ་མ་འདུས་པའི་ལམ་གྱི་བདེན་པ་གཞན་མེད་དོ། །ཞེ་ན། འོ་ན་སྔ་མ་དེའི་ནང་དུ་མ་འདུས་པའི་དངོས་པོ་མེད་དོ། །ཡོད་དེ་སངས་རྒྱས་སའི་དངོས་པོའོ་ཞེ་ན། སྔ་མ་ཡང་ཡོད་དེ། འཇུག་འགྲེལ་ལས། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། །དེ་བཞིན་དུ་བདེན་པ་གཞན་ཅུང་ཟད་གཅིག་ཡོད་པ་དེ་ཡང༌། ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་སོ། །ཅི་བདེན་པ་བཞི་ལས་ཐ་དད་པ་གཞན་ཡང་ཡོད་དམ་ཞེ་ན། ཞེས་མཚམས་སྦྱར་ནས། བདེན་པ་བཅུ་གཅིག་བཤད་པ་ལས། ལམ་ཤེས་ལ་འཇུག་པའི་བདེན་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པ་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པའི་བདེན་པ་ཞེས་བྱ་བ་གསུམ་བཤད་ནས། གསུམ་པོ་དེ་སྔར་ཀུན་རྫོབ་བདེན་པར་བཤད་པའི་ལམ་བདེན་དེའི་ཁོངས་སུ་མི་འདུ་བར་བཤད་པའི་ཕྱིར་རོ། །བཞི་པ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ཀྱི་རྣམ་གཞག་ཇི་ལྟར་འཆད་པའི་ཚུལ་ལ། ཟླ་བའི་ཞབས་ཀྱི་བཞེད་ཚུལ་ལ་ལོག་པར་རྟོག་པ་དགག མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་དགོངས་པས་དེ་ལ་དེ་ཡོད་པར་འདོད་པ་དགག རྒྱུད་བླ་མ་རྩ་འགྲེལ་གྱི་དགོངས་པས་དེ་ལ་དེ་ཡོད་པར་འདོད་པ་དགག བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དགོངས་པས་དེ་ལ་དེ་ཡོད་པར་འདོད་པ་དགག་པའོ། །དང་པོ་ནི། གངས་ཅན་པ་ཕྱི་མ་དག་ན་རེ། སློབ་དཔོན་ཟླ་བས་ལུང་གསུམ་དང༌། རིགས་པ་བདུན་གྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་པ་ལས། རིགས་པ་དང་པོ་ནི། ས་དང་པོ་ལ་གནས་པའི་བྱང་སེམས་ཆོས་ཅན། ཁྱོད་ཀྱིས་འཇིག་རྟེན་གྱི་ཆགས་བྲལ་རྣམས་བློས་ཟིལ་གྱིས་གནོན་ནུས་ལ། ཉན་རང་དགྲ་བཅོམ་པ་དེར་གནོན་མི་ནུས་པའི་ཁྱད་པར་མི་འཐད་པར་ཐལ། ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་གང་ཞིག དེ་གཉིས་ཀས་དེ་མ་རྟོགས་པར་མཚུངས་པའི་ཕྱིར། རིགས་པ་གཉིས་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པར་མ་སྤངས་པར་ཐལ། ཉོན་མོངས་ཀྱི་རྩ་བ་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་རྒྱུད་ལ་མ་སྐྱེས་པའི་ཕྱིར། དཔེར་ན་ཕྱི་རོལ་པའི་དྲང་སྲོང་བཞིན། རིགས་པ་གསུམ་པ་ནི། ཉན་རང་དགྲ་བཅོམ་པ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་མ་རྟོགས་པར་ཐལ། གང་ཟག་དང་གང་ཟག་ཏུ་གདགས་པའི་གཞི་ཕུང་པོ་ལ་ལོག་པར་ཞུགས་པའི་བློ་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་རྒྱུད་ལ་མ་སྐྱེས་པའི་ཕྱིར་ཞེས་པའོ། །དེ་ཉིད་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་སྒྲུབ་པ་ནི། རིན་ཆེན་ཕྲེང་བ་ལས། ཇི་སྲིད་པ་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི། །རྒྱུ་ཅན་དེ་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཞེས་གསུངས་སོ། །དེའི་དོན་ནི། བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་རྒྱུད་ལ་མ་སྐྱེས་པར་ཡོད་པ་དེ་སྲིད་དུ་ངར་འཛིན་ལྷན་སྐྱེས་མ་ཉམས་པར་ཡོད། དེ་ཡོད་ན་དེའི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་ཞེས་སྟོན་པ་ཡིན་གྱི། གང་ཟག་དེའི་རྒྱུད་ལ་ཕུང་པོ་ལ་བདེན་འཛིན་ཡོད་ན། ངར་འཛིན་ཡོད་པས་ཁྱབ། དེ་ཡོད་ན་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པས་ཁྱབ་ཅེས་སྟོན་པ་ནི་མ་ཡིན་ནོ། །འོ་ན་སློབ་དཔོན་འདིའི་ལུགས་ཀྱི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་ཆོས་ཀྱི་བདག་མེད་རྫོགས་པར་བསྟན་མ་བསྟན་དང༌། དེ་རྫོགས་པར་སྒོམ་མ་སྒོམ་གྱི་ཁྱད་པར་གང་ཡིན་སྙམ་ན། ཆོས་ཅན་ཐམས་ཅད་དང་ཉི་ཚེ་བའི་གཏན་ལ་ཕབ་ནས་སྒོམ་མ་སྒོམ་གྱི་དོན་མ་ཡིན་ཏེ། གཞི་གྲུབ་པ་གཅིག་གསར་དུ་བདེན་མེད་དུ་རིགས་པ་ཡང་དག་ལ་བརྟེན་ནས་ཚད་མས་ངེས་ན། ཆོས་གཞན་གང་གི་སྟེང་དུའང་རིགས་པ་དེ་ཉིད་ལ་བརྟེན་ནས་བདག་མེད་དུ་ངེས་ནུས་པའི་ཕྱིར་རོ། །དེས་ན་ཐེག་ཆེན་པས་ནི་རྩ་ཤེས་ལས་གསུངས་པ་ལྟར། གཞི་གཅིག་གི་སྟེང་དུ་ཡང༌། རིགས་པ་མི་འདྲ་བའི་སྒོ་དུ་མ་ནས་དེ་ཁོ་ན་ཉིད་ལ་བློ་གྲོས་ཤིན་ཏུ་རྒྱས་པར་བྱེད་ལ། ཐེག་དམན་གྱིས་ནི་རིགས་པ་མདོར་བསྡུས་པ་གཅིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་པར་བྱས་ནས། དེ་ལས་གཞན་པའི་རིགས་པས་དེ་ཁོ་ན་ཉིད་ལ་བློ་གྲོས་རྒྱས་པར་མི་བྱེད་པ་ནི། ཆོས་ཀྱི་བདག་མེད་རྒྱས་བསྡུས་དང༌། རྫོགས་པར་སྒོམ་མི་སྒོམ་གྱི་ཁྱད་པར་ཡིན་ནོ། །ཞེས་ཡི་གེར་བྲིས་སོ། །དེ་དག་ལ་བརྒལ་ཞིང་བརྟག་པར་བྱ་བ་ལ་གཉིས་ཏེ། གཞན་གྱི་འདོད་པ་སུན་ཕྱུང་བ་དང༌། རང་གི་ལུགས་བཞག་པ་གཉིས་སྤེལ་ཏེ་བརྗོད་པར་བྱའོ། །དེ་ཡང་འདི་ལྟར་རིགས་པ་གསུམ་གྱི་འཆད་ཚུལ་ལ་སྐྱོན་ཆགས་པ་དང༌། ལུང་བདུན་གྱི་འཆད་ཚུལ་ལ་སྐྱོན་ཆགས་པ་དང༌། ཆོས་ཀྱི་བདག་མེད་རྒྱས་བསྡུས་ཀྱི་དོན་འཆད་ཚུལ་ལ་སྐྱོན་ཆགས་པའོ། །དང་པོ་ལ། ཚིག་ལ་སྐྱོན་ཆགས་ཚུལ། དོན་ལ་སྐྱོན་ཆགས་ཚུལ། རང་ལུགས་སྐྱོན་མེད་བཞག་པའོ། །དང་པོ་ནི། རིགས་པ་དང་པོ་ལ་བྱང་སེམས་ས་དང་པོ་བ་ཉིད་ཀྱིས་མ་ངེས་སོ། །གལ་ཏེ་རྟགས་གཉིས་པ་མ་གྲུབ་ན། དེ་གཉིས་ཀས་དེ་མ་རྟོགས་པར་མཚུངས་ཏེ། དེ་གཉིས་ཀས་དེ་མ་རྟོགས་པའི་ཕྱིར་རོ། །རིགས་པ་གཉིས་པ་ལ་ཡང༌། རྫོགས་པའི་སངས་རྒྱས་ཀྱི་སྤངས་པ་མཐར་ཐུག་གི་ངོ་བོར་གྱུར་པའི་ངོ་བོ་ཉིད་སྐུས་མ་ངེས་སོ། །རིགས་པ་གསུམ་པ་ལ། ངོ་བོ་ཉིད་སྐུ་དང༌། ཉན་ཐོས་སྦྱོར་ལམ་པ་དང༌། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་སྦྱོར་ལམ་པ་རྣམས་ཀྱིས་མ་ངེས་ཤིང༌། རིགས་པ་སྔ་ཕྱི་གཉིས་ཀ་ལ། ཐེག་ཆེན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་གྱིས་མ་ངེས་ཏེ། དེ་དང་དེའི་རྒྱུད་ཅེས་བྱ་བའི་ཐ་སྙད་གསུང་རབ་ལས་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རིགས་པ་གསུམ་གྱི་ཆོས་ཅན་དུ་བྱང་སེམས་ས་དང་པོ་བ་ཁོ་ན་དམིགས་ཀྱིས་བསལ་ནས་འཛིན་པའི་རྒྱུ་མཚན་ཅི་ཡིན། འགྲེལ་པ་ལས་སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ཞེས་བཤད་པས་སོ་སྙམ་དུ་བསམ་པ་ཡིན་མོད། དེ་ལྟར་རིགས་པ་མ་ཡིན་ཏེ། དེ་ལྟར་བཤད་པ་དེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ལ་འཆད་དགོས་པར་མདོ་སྡེ་ས་བཅུ་པ་ཉིད་ལས་གསལ་བའི་ཕྱིར་དང༌། ཇི་སྐད་དུ། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང༌། །ཞེས་པའི་སྐབས་ནས་འབྱུང་བའི་བྱང་སེམས་དེ་དང་འདི་དོན་གཅིག་ལ། དེ་ཡང་བྱང་སེམས་ལས་དང་པོ་པ་ལ་འཆད་པར་མདོ་དེ་ཉིད་ན་གསལ་ལ། ཡང་ཁྱེད་ཅག་གི་ཉན་རང་དགྲ་བཅོམ་པ་དང༌། བྱང་སེམས་ས་དང་པོ་བ་གཉིས་དངོས་པོའི་གནས་ལུགས་རྟོགས་ཚུལ་ལ་ཁྱད་པར་མེད་པ་དང༌། དེ་ལྟར་རྟོགས་ནས་བསྒོམས་པའི་སྟོབས་ཀྱིས་སྒྲིབ་པ་སྤངས་ཚུལ་ལ་ཉན་རང་ལྷག་པར་འདོད་པ་དག་ནི་རིགས་པ་མ་ཡིན་ཏེ། ཉན་རང་དགྲ་བཅོམ་པས་སྤྲོས་པ་མཐའ་དག་དང་བྲལ་བའི་གནས་ལུགས་མངོན་སུམ་དུ་མ་རྟོགས་ལ། ཅིག་ཤོས་ཀྱིས་དེ་རྟོགས་པའི་ཕྱིར་དང༌། ཉན་རང་གིས་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་མ་བསྒོམས་ལ། ཅིག་ཤོས་ཀྱིས་དེ་བསྒོམས་པའི་ཕྱིར་དང༌། ཉན་རང་དགྲ་བཅོམ་པས་ནི་མཐོང་སྤངས་ཤེས་སྒྲིབ་མ་སྤངས་ལ། ཅིག་ཤོས་ཀྱིས་ནི་ལམ་རྗེས་ཤེས་མངོན་དུ་བྱས་པའི་ཚེ་དེ་སྤངས་པའི་ཕྱིར་དང༌། དེས་དེ་མ་སྤངས་ན་ནི། མངོན་པར་རྟོགས་པའི་རྒྱུན་གྱི་དགོངས་པ་ཐལ་འགྱུར་དུ་གནས་པ་དང་འགལ་ལོ། །དེ་གཉིས་ལ་དབུ་མའི་ལྟ་བ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡང་ཡོད་པ་ཡིན་ཏེ། དབུ་མ་པ་ཡིན་མ་ཡིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །གཞན་དུ་ན། དེ་ཡང་ཐེག་པ་ཆེན་པོ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དབུ་མ་པ་ཡིན་པའི་ཕྱིར་རོ། །གཞན་ཡང་དེས་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་མ་ཡིན་ཏེ། འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པའི་ཕྱིར་དང༌། དེའི་སློབ་ལམ་དུ་ཉོན་མོངས་པའི་སྒྲིབ་པ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་དང༌། རང་གཞན་མཉམ་པ་ཉིད་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་རང་ཉིད་ཞི་བ་དོན་དུ་གཉེར་བའི་ཕྱིར་དང༌། དེས་བདེན་མེད་རྟོགས་ཀྱང༌། བདེན་མེད་ལ་མཚན་མར་འཛིན་པའི་བློ་མངོན་གྱུར་ཙམ་ཡང་མི་འགོག་པའི་ཕྱིར། རྗེ་བཙུན་གྱིས། བཏགས་འཛིན་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་པར་གསུངས་པ་ཡང་དོན་དེ་ལ་དགོངས་པའི་ཕྱིར་དང༌། ཉེར་ལེན་གྱི་ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པ་ལ་གདགས་གཞི་ཕུང་པོ་བདེན་མེད་དུ་རྟོགས་དགོས་ཀྱང༌། བདེན་མེད་དེ་ཉིད་བདེན་མེད་དུ་རྟོགས་མི་དགོས་པའི་རྒྱུ་མཚན་གྱིས་ཉན་རང་རྣམས་སྤྲོས་བྲལ་རྟོགས་པའི་ལྟ་བ་དོན་དུ་མི་གཉེར་བའི་ཕྱིར་རོ། །ཡང༌། རིགས་པ་གཉིས་པ་འཕེན་ཚུལ་དེ་ཡང་དག་པ་མ་ཡིན་ཏེ། རིགས་པ་དེ་དག་གང་ལ་འཕངས་པའི་སྔ་རྒོལ་དེས་ཐལ་བ་དེའི་གཏན་ཚིགས་ཁས་མ་བླངས་པའི་ཕྱིར། གཞན་དུ་ན་སློབ་དཔོན་ལེགས་ལྡན་འབྱེད་འདིའི་ཕྱོགས་སྔ་མ་ཡིན་པར་ཁྱེད་ཀྱིས་ཁས་བླངས་པས། སློབ་དཔོན་དེའི་ལུགས་ལ་ཉན་རང་དགྲ་བཅོམ་པས་ཉོན་སྒྲིབ་མ་སྤངས་པར་ཁས་བླངས་པ་ཡིན་པར་འགྱུར་ཏེ། དེའི་རྒྱུད་ལ་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་མ་སྐྱེས་པར་སློབ་དཔོན་དེས་ཁས་བླངས་པའི་ཕྱིར། འདོད་ན། རིག་པ་བར་པ་དེའི་ཐལ་ཆོས་ལ་བསལ་བ་ཇི་ལྟར་ཡོད་ཁྱེད་ཀྱིས་སྟོན་ཅིག ཡང༌། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པ་སྤངས་པར་ཐལ། ཞེས་འཛིན་པ་དེ་ཐེག་པ་ཐུན་མོང་ལ་གྲགས་པའི་ཉོན་མོངས་ལ་ཟེར་བ་ཡིན་ནམ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཉོན་མོངས་ཀྱི་འཆད་ལུགས་གཅིག་ཡོད་པར་ཁྱེད་ཅག་འདོད་པས་དེ་ཡང་དེར་འདུས་པ་ཡིན། དང་པོ་ལྟར་ན། རྩ་ཁྱབ་དེ་ལ་ཁྱབ་འབྲེལ་མེད་པར་ཁྱེད་ཀྱིས་ཁས་ལེན་དགོས་ཏེ། སྟོང་པ་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་མངོན་སུམ་དུ་རྟོགས་པ་དང༌། དེའི་རྒྱུན་གོམས་པ་དང༌། དེ་ལྟར་གོམས་པས་མངོན་པ་ལ་གྲགས་པའི་ཉོན་མོངས་པ་མཐའ་དག་གི་ས་བོན་མགོ་གནོན་པར་ནུས་སོ། །ཞེས་ཁྱེད་ཀྱིས་ཡི་གེར་བྲིས་པའི་ཕྱིར་དང༌། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའི་ཕྱོགས་ལ་ཉོན་མོངས་ཀྱི་གཉེན་པོར་བདེན་མེད་རྟོགས་དགོས་པ་དང༌། དེ་དེར་མི་འདོད་པའི་ཕྱོགས་ལ་དེ་མི་དགོས་པ་ནི། ཁྱེད་ཀྱི་རྩ་བའི་འདོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ནི། ཐལ་འགྱུར་དེ་ལྟར་སྣང་བ་འབའ་ཞིག་ཏུ་འགྱུར་ཏེ། རང་གང་ལ་འཕངས་པའི་རྒོལ་བ་དེའི་ངོར། ཐལ་ཆོས་ལ་ཚད་མ་དང་ཁས་བླངས་ཀྱི་བསལ་བ་གང་ཡང་སྟོན་རྒྱུ་མི་རྙེད་པའི་ཕྱིར་རོ། །ཡང་རིགས་པ་གསུམ་པ་འཕེན་ཚུལ་དེ་ཡང་ཡང་དག་པ་མ་ཡིན་ཏེ། རྟགས་ཁས་མ་བླངས་པའི་ཕྱིར་དང༌། ཁྱབ་འབྲེལ་མེད་པའམ། ཐལ་ཆོས་ལ་བསལ་བ་སྟོན་རྒྱུ་མེད་པ་གང་རུང་ལས་མ་འདས་པའི་ཕྱིར། ཇི་ལྟར་ཞེ་ན། གང་ཟག་གི་བདག་མེད་མ་རྟོགས་པར་ཐལ་ཞེས་པ་ཕྱོགས་སྔ་མས་འདོད་པའི་གང་ཟག་གི་བདག་མེད་ལ་བསམས་ནས་སམ། གང་ཟག་རང་བཞིན་གྱིས་མ་གྲུབ་པ་ལ་བསམས་ནས་དེ་ལྟར་འཕེན་པ་ཡིན། དང་པོ་ལྟར་ན་ནི། ཁྱབ་པ་རྒོལ་བའི་བློ་ངོར་མ་ངེས་པ་ཡིན་ཏེ། གདགས་གཞི་ཕུང་པོ་བདེན་མེད་དུ་མ་གྲུབ་ཀྱང་དེ་ལ་བཏགས་པའི་གདགས་ཆོས་བདེན་མེད་དུ་འདོད་པ་ནི་རང་སྡེ་དངོས་སྨྲ་བ་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཐལ་ཆོས་ལ་ཚད་མའི་བསལ་བ་སྟོན་རྒྱུ་མེད་པར་ཁྱེད་ཀྱིས་ཁས་ལེན་དགོས་ཏེ། འདིའི་ཕྱོགས་སྔ་མ་སྨྲ་བ་པོ་ལེགས་ལྡན་འབྱེད་ཡིན་པ་དང༌། དེས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་འདོད་དོ་ཞེས་ཁྱེད་ཀྱིས་སྨྲས་པའི་ཕྱིར། གཞན་ཡང༌། ས་བདུན་པར་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པའི་ཤེས་བྱེད་ཅི་ཡིན། གལ་ཏེ། ཇི་སྐད་དུ། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང༌། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང༌། །ཞེས་བཤད་པ་ལྟར་འགོག་པ་ཡང་དག་པའི་མཐའ་ལ་སྐད་ཅིག་མ་རེ་རེས་འཇུག་ལྡང་ནུས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། རིགས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འོ་ན་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཉན་རང་བློའི་སྟོབས་ཀྱིས་གནོན་ནུས་པའི་ཤེས་བྱེད་དེ་མེད་པར་འགྱུར་ཏེ། ཁྱེད་ཀྱི་འདོད་པ་བཤད་མ་ཐག་པ་དེ་ནི་དེ་ལ་མེད། དེ་ལས་གཞན་པ་ཡང་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་ནི། མདོ་སྡེ་ས་བཅུ་པར་དེས་དེ་གནོན་པའི་ཤེས་བྱེད་དུ་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པ་ཞེས་གསུངས་ལ། དེའི་གོ་དོན་ཁྱེད་ཀྱིས་བཤད་པ་དེ་ལས་གཞན་དུ་འཆད་རིགས་པར་འགྱུར་རོ། །དེའི་རྒྱུ་མཚན་ཡང༌། ས་བརྒྱད་པ་མན་ཆད་དུ། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པ་ཞེས་བྱ་བ་དེ་མ་ཚང་བར་འགྱུར་ཏེ། དེར་སྐད་ཅིག་རེ་རེས་འགོག་པ་ལ་འཇུག་ལྡང་བྱེད་པ་དེ་མེད་པའི་ཕྱིར་དང༌། དེ་ལས་གཞན་ཡོད་ན་ཁྱེད་ཀྱིས་སྟོན་དགོས་པའི་ཕྱིར། གཞན་ཡང་ས་བདུན་པར། སྐད་ཅིག་རེ་རེ་ཁོ་ནས་འགོག་པ་ལ་འཇུག་ལྡང་བྱེད་ནུས་ཞེས་པ་ཡང་མདོ་དང་གཞུང་གི་དགོངས་པ་མ་ཡིན་ཏེ། དེ་ལྟར་སྟོན་པའི་ལུང་མེད་པའི་ཕྱིར་དང༌། རིགས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འབད་རྩོལ་ལ་མ་ལྟོས་པར་སྐད་ཅིག་རེ་རེས་འགོག་པ་ལ་སྙོམས་པར་འཇུག་ཅིང༌། ཞུགས་པའི་འོག་ཏུ་རྒྱལ་བས་སློང་བ་སོགས་ལ་མི་ལྟོས་པར་ལྡང་ནུས་པ་དེ་ས་བདུན་པའི་ཡོན་ཏན་དུ་བཤད་པ་ཡིན་གྱི། སྐད་ཅིག་མ་གཅིག་གི་སྟེང་དུ་འགོག་པ་ལ་འཇུག་ལྡང་དུས་གཅིག་འོང་བའི་བཤད་པ་མེད་པའི་ཕྱིར་དང༌། ཁྱེད་ཀྱིས་ལྟར་ན། མོས་སྤྱོད་ཀྱི་གནས་སྐབས་ནས་ཉན་རང་བློའི་སྟོབས་ཀྱིས་གནོན་ནུས་པར་འགྱུར་ཏེ། སྟོང་ཉིད་རྟོགས་པའི་ལྟ་བ་ལ་སྐད་ཅིག་རེ་རེ་ཙམ་ལས་མཉམ་པར་འཇོག་མི་ནུས་པ་ནི་གནས་སྐབས་དེ་དག་ན་ཡང་ཡོད་པའི་ཕྱིར། དེ་བས་ན་མདོ་དང་གཞུང་གི་དོན་ནི། ས་དྲུག་པར་འགོག་པ་ཐོབ། བདུན་པར་དེ་ལ་སྙོམས་པར་འཇུག དེ་ཡང་འབད་རྩོལ་ལ་མི་ལྟོས་པར་སྐད་ཅིག་གིས་འཇུག་ནུས། དེར་སློང་མི་དགོས་པར་ལྡང་ནུས་པས་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དོགས་པ་མེད། དེའི་ཤེས་བྱེད་ཀྱང༌། ས་བདུན་པར་བདེན་འཛིན་དང་ཉོན་སྒྲིབ་མ་ལུས་པར་མ་སྤངས་པས། ཉོན་མོངས་པ་ཆགས་སོགས་ཀྱིས་དྲངས་པའི་མཚན་འཛིན་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བར་དུ་གཅོད་པ་འབྱུང་བ་ལ་ཐུག་པ་ཡིན་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག བྱང་ཆུབ་སེམས་དཔའ་ས་དྲུག་པ་ཡན་ཆད་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པ་ནི། སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་ཞེས་ནི་མི་བྱའོ། །ཞེས་གསུངས་པས་སོ། །ས་བརྒྱད་པར་ནི། མཚན་འཛིན་གྱི་ས་བོན་མ་སྤངས་ཀྱང་མཚན་འཛིན་མངོན་འགྱུར་བ་འབྱུང་བའི་གོ་སྐབས་མེད་པས། འགོག་པ་ལས་སློང་དགོས་པ་ཡིན་ནོ། །གསུམ་པ་རང་གི་ལུགས་ལ་གཉིས། ས་བདུན་པ་མན་ཆད་དུ་ཉན་རང་ཟིལ་གྱིས་གནོན་མི་ནུས་པའི་ཤེས་བྱེད་དང༌། བདུན་པར་དེ་གནོན་ནུས་པའི་ཤེས་བྱེད་དོ། །དང་པོ་ནི། མདོ་སྡེ་ས་བཅུ་པར། ས་དང་པོ་ནས་དྲུག་པའི་བར་གྱི་བྱང་ཆུབ་སེམས་དཔས་ཉན་རང་བློས་གནོན་མི་ནུས་པའི་ཤེས་བྱེད་ནི། གཉིས་ཀས་སྤྲོས་བྲལ་རྟོགས་པར་མཚུངས་པ་ཙམ་ལ་བྱེད་པ་མ་ཡིན་ཏེ། ཡིན་ན་ས་བདུན་པ་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཉན་རང་རྣམས་ལ་ཉོན་སྒྲིབ་མ་ལུས་པའི་ས་བོན་སྤོང་བའི་བར་ཆད་མེད་ལམ་དང་དེ་སྤངས་པའི་རྣམ་གྲོལ་ལམ་ཡོད་ལ། དམན་ལམ་སྔོན་དུ་མ་སོང་བའི་ས་དྲུག་པ་མན་ཆད་ན་དེ་དང་དེ་མེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེའི་གཉེན་པོ་ཡང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་ལ། དེ་རྒྱུད་ལ་སྐྱེ་བ་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་སྔོན་དུ་མ་སོང་བའི་དེ་རྟོགས་པ་ནི་འཇིག་རྟེན་པའི་ཆགས་བྲལ་རྣམས་ལ་ཡང་ཡོད་པའི་ཕྱིར། །ཇི་ལྟར་ཞེ་ན། འདོད་པའི་སས་བསྡུས་ཀྱི་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱང༌། དེ་ལ་སྐྱོན་ཅན་དུ་བལྟས་ཏེ། བསྒོམས་པས་འདོད་པའི་སས་བསྡུས་ཀྱི་ངར་འཛིན་དང་བྲལ་ནས་ཁམས་གོང་མར་སྐྱེ་བ་མཐོང་བའི་ཕྱིར་རོ། །གཉིས་པ་ནི། ས་བདུན་པར་དེ་སྤོང་བའི་བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་ཀ་ཐོབ་པའི་ཆ་ནས་ཉན་རང་དང་མཚུངས་པ་ལ་ས་བདུན་གྱི་ངོས་སྐལ་དུ་གྱུར་པའི་ཤེས་སྒྲིབ་ཀྱི་གཉེན་པོ་ཐོབ་པས་ལྷག་དང་བཅས་པའི་ཕྱིར། དོན་དེ་ལ་དགོངས་ནས་ཇི་སྐད་དུ། ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་སོ། །དེར་ཡང་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམས་པའི་ཞོར་ལ། ཉོན་སྒྲིབ་ཀྱི་ས་བོན་སྤངས་པ་ཡིན་གྱི། དེའི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་བསྒོམས་པ་ནི་མ་ཡིན་ཏེ། གཞན་དུ་ན། བྱང་ཆུབ་སེམས་དཔས་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བར་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟར་བཤད་ཟིན་ནས། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་མ་རྟོགས་པ་ལ་གནོད་བྱེད་ཀྱི་རིགས་པ་གསུམ་ནི་འདི་ལྟ་སྟེ། ཉན་རང་དགྲ་བཅོམ་པ་ཆོས་ཅན། ས་དྲུག་པ་མན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔས། བློས་ཟིལ་གྱིས་གནོན་ནུས་པར་འགྱུར་ཏེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དཔེར་ན་འཇིག་རྟེན་པའི་ཆགས་བྲལ་གྱིས་བདེན་མེད་མ་རྟོགས་པས་སྤང་བྱའི་ས་བོན་སྤོང་བའི་བློའི་རྩལ་མེད་པ་བཞིན་ནོ། །རྟགས་ཁས་བླངས། ཁྱབ་པ་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ། འདོད་ན། མདོ་སྡེ་ས་བཅུ་པ་དང་འགལ། ཞེས་འཆད་པ་ནི། ཇི་སྐད་དུ། དེ་ལྟ་མ་ཡིན་ན། དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར། དེ་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་སོ། །རིགས་པ་གཉིས་པ་ནི། དེ་ཆོས་ཅན་ཁམས་གསུམ་གྱི་ཕྲ་རྒྱས་ཀྱི་ས་བོན་མ་སྤངས་པར་ཐལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། དཔེར་ན་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པའི་བྱང་ཆུབ་སེམས་དཔའ་བཞིན། རིགས་པ་གསུམ་པ་ནི། དེ་ཆོས་ཅན། གང་ཟག་གི་བདག་མེད་མ་རྟོགས་པར་ཐལ། གདགས་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། དཔེར་ན་ཤིང་རྟའི་ཡན་ལག་མ་ཚིག་ན་ཤིང་རྟ་མི་འཚིག་པ་བཞིན། རིགས་པ་གསུམ་པོ་འདི་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་ཁྱབ་པ་བསྒྲུབས་པ་ཡིན་ཏེ། འདི་ལྟར་དེ་མ་རྟོགས་ན། དེས་ཟིལ་གྱིས་གནོན་དགོས་ཏེ། དེ་མ་རྟོགས་ན། བློ་ཤེས་རབ་ཀྱིས་ཉོན་སྒྲིབ་མ་སྤངས་དགོས་པའི་ཕྱིར་དེ་དགོས་ཏེ། དེ་མ་རྟོགས་ན་གང་ཟག་གི་བདག་མེད་ཀྱང་མ་རྟོགས་དགོས་པའི་ཕྱིར། ཁྱབ་པ་གསུམ་པ་འདི་སྒྲུབ་པ་ལ། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །ཞེས་སོགས་ཀྱི་ལུང་འདྲེན་པར་མཛད་པ་ཡིན་ནོ། །དེའི་ཕྱིར་རིགས་པ་གསུམ་པོ་འདིའི་ཁྱབ་པ་མ་ངེས་པ་དང༌། ཐལ་ཆོས་ལ་ཚད་མའི་བསལ་བ་སྟོན་རྒྱུ་མེད་པའི་སྐྱོན་ལས་གྲོལ་བ་ཡིན་ནོ། །གཉིས་པ་ལུང་དོན་འཆད་ཚུལ་དགག་པ་ལ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་རྐང་པ་གཉིས་པོ་འདིའི་དོན་སྒྲ་ཇི་བཞིན་པ་ཉིད་དུ་ཁས་མི་ལེན་པ་ནི་མ་ཤེས་པ་ཡིན་ཏེ། དེར་ཁས་མི་ལེན་ན་ལུང་དེས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་ཤེས་བྱེད་དུ་ཅི་ཡང་མི་ཕན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཕུང་པོར་བདེན་འཛིན་རང་རྒྱུད་ལ་ཡོད་པ་ཡང་ཡིན། ངར་འཛིན་རང་རྒྱུད་ལ་མེད་པ་ཡང་ཡིན་པའི་གཞི་མཐུན་ཁས་བླངས་པས་ཆོག་པར་འདུག་པའི་ཕྱིར། དེ་དེར་ཁས་བླངས་ན་དེ་ལ་ཕན་པ་ཡིན་ཏེ། དེའི་རྒྱུད་ལ་དེ་ཡོད་ན་ངར་འཛིན་ཡོད་དགོས་པ་ལས། ངར་འཛིན་མེད་པའི་ཕྱིར་དེ་ཡང་མེད་དོ་ཞེས་བཤད་པས་ཆོག་པའི་ཕྱིར། ཡང་ཁྱེད་ཀྱིས་ངར་འཛིན་ལྷན་སྐྱེས་མ་ཉམས་པར་རྒྱུད་ལ་ཡོད་ན། དེའི་དབང་གིས་ལས་བསགས། འཁོར་བར་སྐྱེ་བ་ལེན་ནོ། །ཞེས་ཟེར་བ་ཡང་ནོར་བ་ཡིན་ཏེ། སོ་སོ་སྐྱེ་བོ་མཐོང་ཆོས་ཞི་མི་སྲིད་པར་ཐལ་བའི་ཕྱིར་རོ། །དེས་ན་ལུང་དེའི་དོན་ནི། འཁོར་བར་འཁོར་བའི་རྒྱུ་ནི་ལས་དང་ཉོན་མོངས་པ་གཉིས་ཡིན། དེའི་རྩ་བ་ཡང་བདེན་འཛིན་ཡིན་པའི་ཕྱིར། ཇི་སྲིད་བདེན་མེད་མ་རྟོགས་པ་དེ་སྲིད་དུ། ངར་འཛིན་སྤོང་མི་ནུས། དེ་མ་སྤངས་པ་དེ་སྲིད་དུ། འཁོར་བ་སྤངས་པའི་ཐར་པ་མི་ཐོབ་ཅེས་པའི་དོན་ཏོ། །འདིར་བདེན་འཛིན་སྤངས་དགོས་པ་ནི་མ་ཡིན་ཏེ། ལུང་དེའི་ཕྲོ་ཉིད་ནས། དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུའང་མ་མཐོང་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་གསུངས་པ་ཡིན་གྱི། བདེན་འཛིན་པ་ནི་ཟད་པར་འགྱུར། །ཞེས་མ་གསུངས་པའི་ཕྱིར་དང༌། བདེན་མེད་མངོན་སུམ་དུ་རྟོགས་པ་དེའི་རྒྱུད་ལ་བདེན་འཛིན་ཡོད་པ་མ་ཡིན་ཡང༌། དེ་སྤངས་དགོས་པ་ནི་མ་ཡིན་ཏེ། དེ་སྤོང་བ་ལ་དེའི་གཉེན་པོར་དེ་ཆེད་དུ་གཉེར་ནས་བསྒོམས་དགོས་ལ། ཉན་རང་ལ་དེ་མེད་པའི་ཕྱིར། དེ་ལྟར་ཞིབ་མོར་དཔྱད་ན་ལུང་འདི་དང་རིགས་པ་དང་པོ་གཉིས་ནི། ཉན་རང་དགྲ་བཅོམ་པས་བདེན་མེད་རྟོགས་པའི་ཤེས་བྱེད་དུ་འབྲེལ་གྱི། ཉན་རང་སློབ་པ་ལ་མི་འབྲེལ་བར་སྣང་བས་སོ་སོར་ཕྱེད་པར་བྱའོ། །ཡང་གང་དག སྐབས་འདིའི་ཕྱོགས་སྔ་སྨྲ་བ་པོ་སློབ་དཔོན་ལེགས་ལྡན་འབྱེད་ཡིན་ནོ། །ཞེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། འདིའི་ཕྱོགས་སྔ་སྨྲ་བ་ནི། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་རྣལ་འབྱོར་སྤྱོད་པའི་གཞུང་དང་མཐུན་པར་འཆད་པ་དེ་དག་འགོག་པའི་སྐབས་ཡིན་པའི་ཕྱིར་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཀྱང༌། ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པ་མེད་དོ་ཞེས་མི་གསུང་བའི་ཕྱིར། ཐེག་དམན་གྱི་སྡེ་སྣོད་དུ། ཤེས་སྒྲིབ་སྤོང་བའི་གཉེན་པོ་བསྟན་ཡང༌། དེ་ཉན་རང་ལ་ཡོད་པའི་ཁྱབ་པ་ལེགས་ལྡན་འབྱེད་མི་བཞེད་པའི་ཕྱིར་དང༌། ཐེག་པ་དམན་པའི་སྡེ་སྣོད་ལས། ཐེག་པ་ཆེན་པོའི་དབང་དུ་བྱས་པའི་ལམ་གྱི་རིམ་པ་བསྟན་པར་སློབ་དཔོན་འདིས་ཀྱང་བཞེད་པའི་ཕྱིར། འོ་ན་འཇུག་འགྲེལ་དུ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་བསྟན་ན། ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ། །སྙམ་དུ་སེམས་པ་དེ་ཡང༌། འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཞེས་ཕྱོགས་སྔ་བསླངས་པ་དང་མཐུན་པར་ཤེས་རབ་སྒྲོན་མར་དེ་ལྟ་ཡིན་ན་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་བཤད་པ་དང་མཐུན་ནོ། །ཞེས་ཟེར་རོ། །དེ་ཡང་མ་ཡིན་ཏེ། ཤེས་རབ་སྒྲོན་མར་ནི། ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་ཐམས་ཅད་བདག་མེད་པའི་དོན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་བཤད་ན་དེ་བསྟན་པ་དོན་མེད་པར་འགྱུར་ཞེས་བཤད་ལ། དེ་ནི་དེ་ཁོ་ན་ལྟར་ངེས་པ་ཡིན་ཏེ། དེར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ན། དེར་ཆོས་ཀྱི་བདག་མེད་རྒྱས་པ་བསྟན་དགོས་ལ། དེ་ལྟ་ན་དེ་བསྟན་པ་དོན་མེད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འཇུག་འགྲེལ་དུ་འབྱུང་བ་དེ་ནི། རྣལ་འབྱོར་སྤྱོད་པ་བ་དག་ཕྱོགས་སྔ་མར་བྱས་པ་ཡིན་ཏེ། རྣམ་བཤད་རིགས་པ་དང༌། མངོན་པ་ཀུན་ལས་བཏུས་ལས་ཇི་སྐད་དུ་འབྱུང་བ་བཞིན་ནོ། །ཡང་འཇུག་འགྲེལ་དུ་ཉན་ཐོས་ལ་བསྟན་པའི་མདོ་དག་ལས་ཉན་ཐོས་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཞེས་སོགས་དྲངས་པའི་དོན་ཡང་ཉོན་སྒྲིབ་ཀྱི་གཉེན་པོར་ཕུང་པོ་ལྔ་རང་བཞིན་གྱིས་མེད་པར་རྟོགས་པའི་བར་ཆད་མེད་ལམ་སྒོམ་དགོས་སོ་ཞེས་འཆད་པ་ཡང་ལུང་དེའི་དོན་མ་ཡིན་ཏེ། དེའི་དོན་ནི། ཕུང་པོའི་སྟེང་དུ་གང་ཟག་གི་བདག་མེད་པར་རྟོགས་པ་ལ་ཕུང་པོ་རང་བཞིན་མེད་པ་རྟོགས་པ་སྔོན་དུ་འགྲོ་དགོས་ཞེས་བྱ་བའི་དོན་ཡིན་པའི་ཕྱིར། ཡང་མཚན་མ་མེད་པ་མ་རྟོགས་པར། ཞེས་སོགས་ཀྱི་དོན་ཡང་ཉོན་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་བསྡུས་པ་ཙམ་ཞིག་ཉན་ཐོས་ཀྱི་སྡེ་སྣོད་ལས་བསྟན་ནོ་ཞེས་འཆད་པ་ཡང་ལུང་དེའི་དོན་མ་ཡིན་ཏེ། དེའི་དོན་ནི་སྤྱིར་བདེན་མེད་མ་རྟོགས་ན་ཐར་པ་མི་ཐོབ་པ་དང༌། བདེན་མེད་རྒྱས་པ་མ་རྟོགས་ན་ཐེག་ཆེན་གྱི་ཐར་པ་མི་ཐོབ་ཅེས་བྱ་བ་ཡིན་པའི་ཕྱིར། མདོར་ན་ཉོན་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་སྒོམ་དགོས་སོ་ཞེས་བྱ་བ་དེ་ནི་ཟླ་བའི་གཞུང་ན་མེད་དོ། །ཡང་ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་གསུངས་པའི་དོན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་གི་དོན། འདུས་བྱས་ཀུན་རྫོབ་ཀྱི་སྣང་བ་ཟད་པ་དང༌། དེ་རང་བཞིན་གྱིས་སྐྱེ་བ་མེད་པ་གཉིས་དོན་གཅིག་པ་ཡིན་ནོ། །ཞེས་འཆད་པ་ཡང་དོན་མ་ཡིན་ཏེ། གཞུང་འདི་ཐེག་པ་ཆེན་པོ་བཀར་སྒྲུབ་པའི་གཞུང་ཡིན་ལ། དེ་དེར་སྒྲུབ་དགོས་པའི་ངོར། ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པ་དེ་ཉིད་བསྒྲུབ་བྱ་ཡིན་པའི་ཕྱིར་དང༌། ལུང་དེའི་དོན་ནི། ཉན་ཐོས་ཀྱི་སྡེ་སྣོད་དུ་སྡུག་ཀུན་འགག་པ་ལ་མྱང་འདས་སུ་བཤད་པ་དང༌། ཐེག་པ་ཆེན་པོར་དེ་རང་བཞིན་གྱིས་སྐྱེ་བ་མེད་པ་ལ་མྱང་འདས་སུ་བཤད་པ་གཉིས་དོན་གཅིག་ཅེས་བྱ་བར་འཆད་དགོས་པའི་ཕྱིར། དེའི་དོན་ཡང་དེ་རང་བཞིན་གྱིས་གྲུབ་ན་དེ་དང་དེ་སྤངས་པ་མི་འབྱུང་བ་ལ་དགོངས་པའོ། །གསུམ་པ་ཆོས་ཀྱི་བདག་མེད་རྒྱས་བསྡུས་ཀྱི་གོ་དོན་འཆད་ལུགས་མི་འཐད་པ་ནི། ཆོས་ཀྱི་བདག་མེད་རྒྱས་པའི་གོ་དོན་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པ་དང༌། བསྡུས་པའི་གོ་དོན་རིགས་པ་བསྡུས་པ་ལ་འཆད་པ་ནི་ཆེས་མི་རིགས་ཏེ། དེ་ལྟར་འཆད་པ་དེ་ནི་སྒྲུབ་བྱེད་རྒྱས་བསྡུས་སུ་སོང་གི་བསྒྲུབ་བྱ་རྒྱས་བསྡུས་སུ་སོང་བ་ཅི་ཡང་མེད་པའི་ཕྱིར་དང༌། སྒྲུབ་བྱེད་གོ་ཆོད་པོ་གཅིག་ཁོ་ནས། མྱུ་གུ་བདེན་སྟོང་དུ་རྟོགས་པ་དང༌། སྒྲུབ་བྱེད་མང་པོས་དེ་བདེན་སྟོང་དུ་རྟོགས་པ་གཉིས་ལ་མྱུ་གུ་བདེན་སྟོང་ལ་བློ་རྒྱས་མི་རྒྱས་ཀྱི་ཁྱད་པར་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་ན་སྒྲུབ་བྱེད་གཅིག་པོ་དེ་གོ་ཆོད་པོ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཡང་ཆོས་ཅན་གཅིག་པོ་བདེན་མེད་དུ་གཏན་ལ་ཕེབས་ན། རིགས་པ་དེ་ཉིད་ཀྱིས་ཆོས་ཅན་ཐམས་ཅད་བདེན་མེད་དུ་གཏན་ལ་ཕེབས་ནུས་པའི་རྒྱུ་མཚན་གྱིས། ཉན་ཐོས་ཀྱི་སྡེ་སྣོད་དུ་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་བོ་ཞེས་དང༌། ཉན་ཐོས་འཕགས་པས་དེ་ལྟར་རྟོགས་པའི་བར་ཆད་མེད་ལམ་སྒོམ་མོ། །ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། དེ་ལྟ་ཡིན་ན་དོན་སྨྲ་བ་གཉིས་ཀྱི་གཞུང་དུ། རགས་པ་བདེན་མེད་དུ་བསྟན་པ་དང༌། སེམས་ཙམ་རྣམ་བདེན་པའི་གཞུང་དུ། ཕྱི་རོལ་གྱི་དོན་བདེན་མེད་དུ་བསྟན་པ་དང༌། རྣམ་བརྫུན་པའི་གཞུང་དུ། གཟུང་རྣམ་བདེན་མེད་དུ་བསྟན་པ་དེ་ཡང་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པར་ཐལ་བ་དང༌། དེ་དང་དེ་བདེན་མེད་དུ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་བདག་མེད་རྒྱས་པར་གཏན་ལ་ཕེབས་པར་ཐལ་བ་དང༌། དངོས་པོར་སྨྲ་བ་དེ་དག་གིས་ཆོས་ཀྱི་བདག་མེད་རྒྱས་པར་སྒོམ་པ་དེ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས། དངོས་སྨྲ་བའི་གཞུང་དུ་བསྟན་པའི་བདེན་མེད་དང༌། ཐེག་ཆེན་དུ་བསྟན་པའི་བདེན་མེད་གཉིས་དོན་མི་གཅིག་པས་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་དོ་ཞེ་ན། འདིའི་ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་ཉན་ཐོས་ཀྱི་སྡེ་སྣོད་དུ་བསྟན་པའི་ཆོས་ཀྱི་བདག་མེད་དང༌། ཐེག་པ་ཆེན་པོར་བསྟན་པའི་དེ་གཉིས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་དོ། །གལ་ཏེ་དེ་ཡོད་པ་མ་ཡིན་ཏེ། དེ་གཉིས་ཀ་ཡང་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གོ་ཆོད་པོ་ཡིན་ནོ་ཞེ་ན། འོ་ན་སྔ་མ་ཡང་དེ་ཡིན་ནོ། །གལ་ཏེ་མ་ཡིན་ཏེ། དངོས་སྨྲ་བའི་གཞུང་དུ་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་གོ་ཆོད་པོ་མ་བསྟན་པའི་ཕྱིར་རོ་ཞེ་ན། འོ་ན་ཅིག་ཤོས་ཀྱང་མ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དུ་དེ་སྒྲུབ་བྱེད་ཀྱི་རིགས་པ་གོ་ཆོད་པོ་མ་བསྟན་པའི་ཕྱིར། གཉིས་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་དུ་བཤད་པའི་ཕྱི་དོན་དང་གཟུང་རྣམ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་དང༌། དབུ་མ་པས་དེ་དང་དེ་དག་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་ལ་ནི་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། དེ་དང་དེ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་དབུ་སེམས་གཉིས་ཀས་ཐུན་མོང་དུ་མཛད་པ་ཡིན་གྱི། དབུ་མ་པ་ལ་དེ་དག་དེར་སྒྲུབ་བྱེད་ཀྱི་རིགས་པ་ལྷག་པོ་མེད་པའི་ཕྱིར། དཔེར་ན། ཉི་ཤུ་པར། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཞེས་སོགས་ཀྱི་རྡུལ་ཕྲན་བདེན་མེད་དུ་སྒྲུབ་པའི་རིགས་པ་བཤད་པ་དེ་དང༌། དབུ་མ་རྒྱན་དུ། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །ཞེས་སོགས་ཀྱིས་དེ་དེར་སྒྲུབ་པའི་རིགས་པ་བཤད་པ་གཉིས་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཅི་ཡང་མ་དམིགས་པ་བཞིན་ནོ། །དེ་ལྟར་གཞན་གྱི་འདོད་པ་བཀག་ནས། རང་གི་ལུགས་ནི་འདི་ཡིན་ཏེ། ཆོས་ཀྱི་བདག་མེད་བསྡུས་པ་ཞེས་བྱ་བ་ནི་ཆོས་ཅན་རེ་རེའི་སྟེང་དུ་བདག་མེད་གཏན་ལ་འབེབས་པ་དང༌། དེ་ལྟར་གཏན་ལ་ཕབ་ནས། སྒོམ་པ་ལ་བྱ་ཞིང༌། དེ་རྒྱས་པར་བསྟན་པ་དང་སྒོམ་པ་ཞེས་བྱ་བ་ནི། ཆོས་ཅན་མཐའ་དག་གི་སྟེང་དུ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་དང༌། དེ་ལྟར་གཏན་ལ་ཕབ་ནས་སྒོམ་པ་ལ་བྱ་བ་ཡིན་ནོ། །དེ་ནི་གང་དུ་གཏན་ལ་འབེབས་པའི་གཞི་ཆོས་ཅན་རྒྱས་བསྡུས་ཀྱི་དབང་དུ་བྱས་པའོ། །གཏན་ལ་དབབ་བྱ་བདག་མེད་ཉིད་ལ་ཡང་རྒྱས་བསྡུས་སུ་སྟོན་ཚུལ་དང་སྒོམ་ཚུལ་གྱི་ཁྱད་པར་འདི་ལྟར་འབྱུང་སྟེ། དམན་པའི་སྡེ་སྣོད་དུ་ནི། ཆོས་ཅན་ཕུང་པོ་ལྔའི་སྟེང་དུ། དགག་བྱ་བདེན་གྲུབ་བཀག་ཀྱང༌། བདེན་མེད་ལ་སོགས་པ་སྤྲོས་པའི་མཐའ་གཞན་རྣམས་མ་བཀག་ལ། ཐེག་པ་ཆེན་པོར་ནི། སྤྲོས་པའི་མཐའ་བཞི་ཀ་བཀག་པས་བདག་མེད་རྒྱས་པར་བསྟན་པ་དང༌། དེ་ལྟར་རྟོགས་ནས་སྒོམ་པ་ལ་རྒྱས་པ་བསྒོམ་པ་ཞེས་བྱའོ། །དེ་ལྟར་བཤད་པ་ན། ཉན་རང་ལ་བདེན་མེད་མངོན་སུམ་དུ་རྟོགས་པ་ཡོད་ཀྱང༌། སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་མེད་ལ། དེ་མེད་པའི་རྒྱུ་མཚན་གྱིས་བདེན་འཛིན་མ་ལུས་པ་ལྟ་ཞོག ངོས་སྐལ་གྱི་སྤང་བྱ་བདེན་འཛིན་གྱི་ས་བོན་སྤངས་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ཡང་ཉན་ཐོས་ཀྱི་མཐོང་ལམ་དུ་རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་མེད་ན་དེའི་སྟེང་དུ་གང་ཟག་གི་བདག་མེད་པར་རྟོགས་པ་མི་འབྱུང་བས་དེས་དེ་མངོན་སུམ་དུ་རྟོགས་པ་ཡིན་ཡང་དེས་བདེན་འཛིན་དེའི་ས་བོན་སྤངས་པ་ནི་མ་ཡིན་ཏེ། དེས་དེ་ལ་མཚན་མར་འཛིན་པའི་མཚན་འཛིན་མ་སྤངས་པའི་ཕྱིར། འོ་ན་དེས་འཇིག་ལྟ་དང་མཚུངས་ལྡན་གྱི་བདེན་འཛིན་མ་སྤངས་པར་འགྱུར་ལ། དེ་ལྟ་ན་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་མ་སྤངས་པར་འགྱུར་ཏེ། དེས་ཉོན་མོངས་པ་ཅན་གྱི་མ་རིག་པ་མ་སྤངས་པའི་ཕྱིར། དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པས་ཀྱང༌། ཉོན་མོངས་པ་ཅན་གྱི་མ་རིག་པ་མཐའ་དག་མ་སྤངས་པར་འགྱུར་ཏེ། རང་རྒྱུད་ཀྱི་འཇིག་ལྟ་དང་མཚུངས་ལྡན་གྱི་བདེན་འཛིན་མཐའ་དག་མ་སྤངས་པའི་ཕྱིར་སྙམ་ན། ཉན་ཐོས་དགྲ་བཅོམ་པས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ནི་མ་ལུས་པ་སྤངས་པ་ཡིན་ཏེ། དེས་བདེན་འཛིན་དང་མཚུངས་ལྡན་དུ་བྱུང་བའི་ངར་འཛིན་མ་ལུས་པར་སྤངས་པའི་ཕྱིར། དེ་བཞིན་དུ་དེས་ངར་འཛིན་དང་མཚུངས་ལྡན་དུ་བྱུང་བའི་བདེན་འཛིན་གྱི་སྟེང་གི་ཆགས་སོགས་ཉོན་མོངས་ཀྱི་ཉེས་པ་སྐྱེད་པའི་ས་བོན་གྱི་ཆ་དེ་ཡང་སྤངས་པ་ཡིན་ཏེ། དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། སྔ་མ་དེ་སྤོང་བ་ལ་བདེན་མེད་མངོན་སུམ་དུ་རྟོགས་མི་དགོས་ཀྱང༌། འདི་སྤོང་བ་ལ་བདེན་མེད་མངོན་སུམ་དུ་རྟོགས་དགོས་པ་ཡིན་ཏེ། དེ་མ་རྟོགས་ན་བདེན་འཛིན་གྱི་སྟེང་གི་ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་པའི་ཕྱིར། ཡང་ངར་འཛིན་དང་མཚུངས་པར་ལྡན་པའི་བདེན་འཛིན་དེའི་སྟེང་གི་ཤེས་སྒྲིབ་ཀྱི་ཆ་ནི་སྤངས་པ་མ་ཡིན་ཏེ། དེའི་གཉེན་པོ་སྤྲོས་བྲལ་རྟོགས་པའི་བློ་རྒྱུད་ལ་མ་སྐྱེས་པའི་ཕྱིར། དེ་ལྟར་ཞིབ་མོར་ཕྱེ་ན། ངར་འཛིན་དང་མཚུངས་པར་ལྡན་པའི་བདེན་འཛིན་དེ་ལ། ཉོན་མོངས་པ་ཅན་ཡིན་མིན་གཉིས་ཡོད་ཀྱང༌། ཐ་སྙད་ཟོར་ཡང་བའི་ཕྱིར་དུ་ཉན་ཐོས་མཐོང་ལམ་པས་དེ་ཀུན་བཏགས་སྤངས་པ་དང༌། དགྲ་བཅོམ་པས་དེ་ལྷན་སྐྱེས་སྤངས་པ་ཞེས་བྱའོ། །དེ་ལྟར་བཤད་པ་འདི་ཡང་ཉོན་ཡིད་ལ་དཔྱད་པ་བོར་བའི་དབང་དུ་བྱས་པ་ཡིན་ལ། དེ་ཁས་ལེན་པའི་དབང་དུ་བྱས་ན་ནི། ཡིད་ཀྱི་རྣམ་ཤེས་འཁོར་དུ་བྱུང་བའི་འཇིག་ལྟ་དང་མཚུངས་པར་ལྡན་པའི་བདེན་འཛིན་ལ་འཆད་དགོས་ལ། དེ་ཡང་ཉན་ཐོས་ཀྱི་མཐོང་ལམ་ནས་སྤངས་བ་མ་ཡིན་ཡང༌། དེ་ཡན་ཆད་དུ་མངོན་དུ་མི་འགྱུར་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི་སློབ་དཔོན་ཟླ་བ་གྲགས་པས། གང་ཟག་རང་བཞིན་མེད་པ་གང་ཟག་གི་བདག་མེད་ཀྱི་དོན་དུ་བཞེད་པའི་རྒྱུ་མཚན་གྱིས་ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་ཡང་དག་པ་མ་ཡིན་ཏེ། གང་ཟག་དང་ཤིང་རྟ་དང་བུམ་པ་ལ་སོགས་པ་བཏགས་ཡོད་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་པར་ནི། རང་སྡེ་དངོས་པོར་སྨྲ་བ་མཐའ་དག་གིས་འདོད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །ཞེས་མང་བཀུར་བའི་འདོད་པ་བཤད་པ་དང༌། འདས་མ་འོངས་དང༌། ནམ་མཁའ་དང༌། སོ་སོར་བརྟགས་པའི་འགོག་པ་དང༌། གང་ཟག་རྣམས་བཏགས་པ་ཙམ་ཡིན་པར་སྟོན་པའི་མདོ་དེ། རང་སྡེ་དངོས་པོར་སྨྲ་བ་མཐའ་དག་ལ་གྲུབ་ཟིན་པར་ཟླ་བའི་ཞབས་ཀྱིས་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཆོས་ཀྱི་བདག་མེད་རྟོགས་པ་སྔོན་དུ་མ་སོང་བར་གང་ཟག་གི་བདག་མེད་མི་རྟོགས་པའི་རྒྱུ་མཚན་གྱིས་དེ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་བོ་ཞེས་བྱ་བ་ནི། ཟླ་བའི་ཞབས་ཀྱི་བཞེད་པ་དྲི་མ་མེད་པའོ། །གཉིས་པ་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱིས་དགོངས་པས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འཆད་པའི་ལུགས་མི་འཐད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། གཞན་དག་ན་རེ། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་བརྟེན་ཆོས་ཐེག་པ་གསུམ་ཀ་རྟེན་ཆོས་དབྱིངས་ལ་བརྟེན་པར་བཤད་བརྟེན་པའི་དོན་ཡང་དམིགས་པ་ལ་འཆད་དགོས་ཏེ། བསྐྱེད་བྱ་སྐྱེད་བྱེད་དུ་གྱུར་པའི་རྟེན་བརྟེན་པ་ནི། འདིར་མ་ཡིན་པའི་ཕྱིར། དེ་ལ་དམིགས་ན་དེ་རྟོགས་དགོས་པ་ཡིན་ཏེ། དེ་ལ་དམིགས་ན་བདེན་སྟོང་ལ་དམིགས་དགོས། དེ་ལ་དམིགས་ན་དེ་རྟོགས་དགོས་པའི་ཕྱིར་རོ། །གཞན་ཡང༌། ཉི་སྣང་དང་འགྲེལ་ཆེན་གཉིས་ཀ་ལས། ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་བརྗོད་དོ། །ཞེས་གསུངས་ལ། དེའི་དོན་ནི་རབ་ཏུ་ཕྱེ་ཞེས་པ་བཤད་པའི་གཞིའོ། །གང་ན་འཕགས་པའི་གང་ཟག་ཐམས་ཅད་ནིའོ། །གང་ལས་ན། སོ་སོ་སྐྱེ་བོ་ཐམས་ཅད་ལས་སོ། །གང་གིས་ན་འདུས་མ་བྱས་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པའི་སྒོ་ནས་སོ། །ཞེས་པ་སྟེ་དེ་ལྟ་མ་ཡིན་པར་ཆོས་དབྱིངས་ཡོད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ལ་འཆད་ན། གཞི་མ་གྲུབ་དག་ལས་རབ་ཏུ་ཕྱེ་བར་ཟད་ཀྱི་གཞི་གྲུབ་གང་ལས་ཀྱང་དབྱེ་བར་མི་ནུས་སོ། །འོ་ན་ཇི་སྐད་དུ། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་སོགས་གསུངས་པ་ཇི་ལྟར་དྲང་ཞེ་ན། འདི་ལྟར། རྒྱན་དུ་ཐེག་དམན་གྱི་ལམ་གྱི་རྣམ་གཞག་གསུངས་པ་ཐམས་ཅད་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་ཡིན་ལ། རྗེས་སུ་གཟུང་རྒྱུའི་ཐེག་དམན་ལ་ཡང༌། ཟབ་མོའི་སྣོད་དུ་གྱུར་མ་གྱུར་གཉིས་སུ་ཡོད་ཅིང༌། ཕྱི་མ་ཆེས་མང་པས་ཕལ་ཆེར་དེའི་ལམ་མང་དུ་གསུངས་སོ། །དེ་ལྟ་ན་ཡང༌། རྒྱན་རྩ་བའི་དགོངས་པ་ནི། ཐལ་འགྱུར་དུ་གནས་པ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། རྩ་བའི་དགོངས་པ་འཆད་ཚུལ་མི་འཐད་པ་དང༌། འགྲེལ་པའི་དགོངས་པ་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ནས་གསུངས་པའི་ཉན་རང་གི་ལམ་གྱི་རྣམ་པར་གཞག་པ་དེ་དག་ཀྱང༌། ཟབ་མོའི་སྣོད་དུ་མ་གྱུར་པ་རྣམས་རྗེས་སུ་གཟུང་བའི་ཕྱིར་ཡིན་གྱི། མཐར་ཐུག་གི་དགོངས་པ་ཐལ་འགྱུར་དུ་གནས་སོ་ཞེས་བརྗོད་ན་སྐྱོན་ཅི་ཡོད། སློབ་དཔོན་ལེགས་ལྡན་འབྱེད་སོགས་རང་རྒྱུད་པ་རྣམས་ཀྱིས། དེ་ལྟར་བཤད་པ་དེ་ཡང༌། དེ་དང་དེའི་ཕྱིར་ཡིན་གྱི། མཐར་ཐུག་གི་དགོངས་པ་ཐལ་འགྱུར་དུ་གནས་སོ། །ཞེས་བརྗོད་ན་ཅིས་འགོག གཞན་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དུའང༌། ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་རྣམ་གཞག་མང་དུ་གསུང་རིགས་པར་ཐལ། ཟབ་མོའི་སྣོད་དུ་མ་གྱུར་པའི་ཐེག་དམན་གྱི་རིགས་ཅན་ཆེས་ཤིན་ཏུ་མང་བའི་ཕྱིར། གཞན་ཡང༌། མངོན་པར་རྟོགས་པའི་རྒྱན་ལས། ཐེག་ཆེན་གྱི་ལམ་གྱི་རྣམ་གཞག་གསུངས་པ་རྣམས་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་ཐལ་བར་འགྱུར་ཏེ། དེ་ལས་ཐེག་དམན་གྱི་ལམ་གྱི་རྣམ་གཞག་གསུངས་པ་རྣམས་དེ་ཉིད་ཡིན་པའི་ཕྱིར། འདོད་ན། མངོན་པར་རྟོགས་པའི་རྒྱན་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་ཁས་བླངས་པས། རྒྱན་གྱིས་ཡུམ་གྱི་མདོའི་དྲང་ངེས་འབྱེད་མི་ནུས་པར་ཐལ་བ་དང༌། མངོན་པར་རྟོགས་པའི་རྒྱན་སྤྱིར་དྲང་དོན་དུ་འགྲེལ་པའི་འགྲེལ་མཛད་དུ་ཡང་བྱོན་པ་མེད་ཅིང༌། བྱེ་བྲག་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འགྲེལ་པའི་དབུ་མ་པ་ཁྱེད་ཅག་ལས་གཞན་སུ་ཡང་བྱོན་པ་མེད་དོ། །ཞེས་སྤྱིར་བསྟན་ནས། རྒྱན་གྱི་དགོངས་པ་ཐལ་འགྱུར་དུ་མི་གནས་པར་སྒྲུབ་པ་ལ་གསུམ་སྟེ། ལུང་དང༌། རིགས་པ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། སྤྱིར་དབུ་མའི་ལུགས་ཀྱི་ཐལ་འགྱུར་དང་རང་རྒྱུད་ཅེས་བྱ་བ་རང་བཞིན་ཡོད་པ་འགོག་པའི་ཐལ་བ་དང༌། རང་བཞིན་མེད་པ་སྒྲུབ་པའི་གཏན་ཚིགས་ལ་ཟེར་བ་ཡིན་ལ། རྒྱན་གྱི་དགོངས་པ་ལ་ནི་གཉིས་ཀ་ཡོད་ཀྱི། ཐལ་འགྱུར་ཁོ་ནར་མ་ངེས་པའི་ཕྱིར། རང་རྒྱུད་ཇི་ལྟར་ཡོད་ཅེ་ན། ཇི་སྐད་དུ། དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་དང༌། གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད། ཅེས་དང༌། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་དང༌། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་དང༌། གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་དང༌། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་འདོད། །ཅེས་སོགས་རྒྱ་ཆེར་འབྱུང་བས་སོ། །ཐལ་འགྱུར་ཇི་ལྟར་ཡོད་ཅེ་ན། ཇི་སྐད་དུ། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་དང༌། གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། །ཞེས་པར་ཐལ་འགྱུར་གྱིས་བདེན་གྲུབ་འགོག་པར་མཛད་དོ། །གཉིས་པ་རིགས་པས་མི་འཐད་པ་ནི། རྒྱན་གྱི་དགོངས་པ་དབུ་མ་ཐལ་འགྱུར་བའི་ལུགས་སུ་གནས་སོ་ཞེས་ཟེར་བ་དང༌། རྒྱུད་བླ་མའི་དགོངས་པ་ཐོགས་མེད་ཞབས་ཀྱིས་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་ཡང་དག་པ་མ་ཡིན་ཏེ། སྤྱིར་དབུ་མ་ཐལ་རང་ཞེས་བྱ་བ་ནི། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་ཚུལ་མི་འདྲ་བ་སོ་སོ་ཁོ་ན་ལ་ཐ་སྙད་བཏགས་པ་ཡིན་པའི་ཕྱིར་དང༌། རྗེ་བཙུན་མ་ཕམ་པས། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་མ་མཛད་པའི་ཕྱིར་དང༌། ཐོགས་མེད་ཞབས་ཀྱིས་ཀྱང༌། ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་པ་ན། ཐལ་རང་གཉིས་ཀ་དང་མི་མཐུན་པའི་སྲོལ་གཞན་དུ་འགྲེལ་པར་བཤད་པའི་ཕྱིར་དང༌། རྗེ་བཙུན་གྱི་གཞུང་གཉིས་དང་ཐོགས་མེད་ཀྱི་གཞུང་ན། དབུ་མ་ཐལ་འགྱུར་བའི་གྲུབ་མཐར་གྲགས་པ་དེ་དག་གཅིག་ཀྱང་མི་སྣང་བའི་ཕྱིར་རོ། །གསུམ་པ་ནི། རྒྱན་གྱི་དགོངས་པ་ཐལ་འགྱུར་དུ་གནས་ན། རྒྱན་ལས་བདེན་འཛིན་ལ་ཤེས་སྒྲིབ་ཀྱིས་ཁྱབ་པར་གསུངས་པ་དང༌། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་གསུངས་པ་དང༌། ཕྱིར་མི་ལྡོག་པའི་གཏན་ཚིགས་གསུངས་པ་རྣམས་མི་འཐད་པར་འགྱུར་ཏེ། དེ་དང་དེའི་ལོག་ཕྱོགས་རྣམས་ཐལ་འགྱུར་བའི་གྲུབ་མཐར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་འཕགས་སེང་གི་དགོངས་པ་འཆད་ཚུལ་མི་འཐད་པ་ལ་གསུམ་སྟེ། བརྟེན་པའི་དོན་དམིགས་པ་ལ་འཆད་པ་མི་འཐད། དམིགས་ན་རྟོགས་དགོས་པའི་ཁྱབ་པ་འཁྲུལ། ཆོས་དབྱིངས་རིགས་སུ་འཇོག་པའི་ཤེས་བྱེད་འཁྲུལ་པའི་ཚུལ་ལོ། །དང་པོ་ནི་འདིར་བརྟེན་པའི་དོན་ནི། ས་གཞི་ལ་བརྟེན་ནས་ལོ་ཐོག་སྐྱེས་ཞེས་པ་ལྟ་བུ་རྒྱུ་འབྲས་ཀྱི་ཚུལ་ངེས་པར་འཆད་པ་འཕགས་སེང་གི་དགོངས་པ་ཡིན་ཏེ། ཇི་སྐད་དུ་ཉི་སྣང་ལས། ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རང་བཞིན་དུ་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ། །ཞེས་སྟོན་པར་བྱེད་དོ། །ཞེས་དང༌། དོན་གསལ་ལས། ཆོས་ཀྱི་དབྱིངས་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་རིགས་ཉིད་དུ་ཐ་སྙད་འདོགས་སོ། །ཞེས་དང༌། འགྲེལ་ཆེན་ལས། ཆོས་ཀྱི་དབྱིངས་ལ་རིགས་ཞེས་བྱ་སྟེ། དེ་ལས་ཡོན་ཏན་དེ་དག་སྐྱེས་ཞིང་འབྱུང་བ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་བའི་ཕྱིར། དོན་དེ་དག་ཀྱང༌། ཇི་སྐད་དུ། དབུས་མཐའ་ལས། འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་དང༌། མདོ་སྡེའི་རྒྱན་ལས། རིགས་ཀྱི་སྒྲ་དོན་འཆད་པ་ན། ཇི་སྐད་དུ། ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་དང༌། དེའི་དོན་ནི། ཉི་སྣང་དུ། ངེས་པའི་ཚིག་ནི། ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་དང༌། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟ་ན། འདིར་བརྟེན་པའི་དོན་ནི་དམིགས་པ་ལ་འཆད་ཀྱི་རྒྱུ་ལ་མི་འཆད་དོ་ཞེས་ཟེར་བ་དེ་ནི་རང་བཟོ་ཁོ་ནའོ། །ཁྱེད་ཀྱི་འཆད་ཚུལ་དེའི་ཚིག་ལ་ཡང་སྐྱོན་ཆགས་ཏེ། དམིགས་པ་ཡིན་ན་སྐྱེད་བྱེད་མ་ཡིན་པའི་ཁྱབ་པ་དོན་གྱིས་ཁས་བླངས་པའི་ཕྱིར། དེ་ལྟ་ན་ནི་དམིགས་པའི་རྐྱེན་མི་སྲིད་པར་འགྱུར་རོ། །མདོར་ན་སྐབས་འདིའི་དམིགས་པ་དང༌། བརྟེན་དོན་གཅིག་ཏུ་འདོད་པ་ནི་འཕགས་སེང་གཉིས་ཀས་ཕྱོགས་སྔ་མར་བྱས་ནས་བཀག་པ་ཡིན་ཏེ། འགྲེལ་ཆེན་དང་ཉི་སྣང་གཉིས་ཀ་ལས། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་པས། གཉིས་ཀར་ཡང་གཉིས་ཀ་མ་བཀག་པ་དེ་བས་ན། བརྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་ཡིན་ནོ། །ཞེས་གསལ་བར་གསུངས་པའི་ཕྱིར་དང༌། ཆོས་དབྱིངས་ཁོ་ན་ཐེག་ཆེན་སྒྲུབ་པའི་བརྟེན་དང༌། དམིགས་པ་གཉིས་ཀ་ཡིན་པར་ཁྱེད་ཅག་གིས་འདོད་པ་དེ་ནི་རྩ་བའི་དགོངས་པ་མ་ཡིན་ཏེ། ཇི་སྐད་དུ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །དམིགས་པ་དག་དང་ཞེས་བརྟེན་དང་དམིགས་པ་སོ་སོར་ཕྱེ་བའི་ཕྱིར་དང༌། ཆོས་དབྱིངས་ཁོ་ན་ཐེག་ཆེན་སྒྲུབ་པའི་དམིགས་པར་འཆད་པ་ལ། འཕགས་སེང་གཉིས་ཀས། དམིགས་པ་དག་པ་གོང་དུ་འགྲོར་མེད་པའི་སྐྱོན་བརྗོད་པར་མཛད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་དབྱིངས་ལ་དམིགས་ན་ཆོས་དབྱིངས་རྟོགས་དགོས་པ་འདི་ཡང༌། འཕགས་སེང་གཉིས་ཀས་གསལ་བར་བཀག་པ་ཡིན་ཏེ། དེ་ཡང་འདི་ལྟར་ཁྱེད་ལྟར་ན། ཤེས་པ་ཡིན་ན་བདེན་སྟོང་རྟོགས་པས་ཁྱབ་པར་ཐལ། དེ་ཡིན་ན་དེ་ལ་དམིགས་པས་ཁྱབ་པའི་ཕྱིར། དེ་སྐད་དུ་ཡང༌། འགྲེལ་ཆེན་ལས། གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དམིགས་པ་ཡིན་ཏེ། དཔེར་ན་རྨི་ལམ་དུ་རྟ་ལ་སོགས་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པ་ལྟ་བུའོ། །རྩོད་པའི་གནས་སུ་གྱུར་པ་རྣམ་པར་མི་རྟོག་པའི་ཡིད་འདི་ཡང་ཤེས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་དང༌། ཉི་སྣང་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དེ་ལ་ནི་དམིགས་པ་དེར་འགྱུར་བ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་ཤེས་པ་རྟ་ལ་སོགས་པའི་རང་བཞིན་གྱིས་སྟོང་པ་ལ་དམིགས་པར་འགྱུར་བ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་སྟོང་པ་དེ་ཡང་ཁོ་བོ་ཅག་བདེན་སྟོང་སྒྱུ་མ་ལྟ་བུ་ལ་འདོད་ཀྱང༌། ཁྱེད་ཅག་སྣང་སྟོང་མེད་དགག་ནམ་མཁའ་ལྟ་བུ་ལ་འཆད་པར་གྲུབ་པའི་མཐའ་ཉིད་དུ་ཁས་བླངས་པས་ལུང་དེས་ཁྱེད་ལ་གནོད་པ་ཡིན་ནོ། །དེར་མ་ཟད་རིགས་པ་དང་འགལ་བ་ནི། ཆོས་དབྱིངས་ལ་དམིགས་ནས་བདེན་པར་འཛིན་པའི་བློས་ཆོས་དབྱིངས་རྟོགས་པར་ཐལ་བ་དང༌། སྤྲོས་བྲལ་ལ་དམིགས་ནས་བདེན་པར་འཛིན་པའི་བློས་ཀྱང་དེ་རྟོགས་པར་ཐལ་ལོ། །དེས་དེ་ལ་མ་དམིགས་ན་ནི། དེ་དང་དེའི་འགལ་ཟླ་ཡེ་ཤེས་གཉིས་པོ་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་རྣམ་པ་ཅན་མ་ཡིན་པར་འགྱུར་རོ། །གཞན་ཡང་རྟོགས་ཡེ་ཆོས་སྐུ་བདེན་སྟོང་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཀྱང་དེ་རྟོགས་པར་འགྱུར་ཏེ། དེ་ལ་དམིགས་པའི་ཕྱིར་རོ། །འདོད་ན་ནི། རྗེས་སུ་དཔག་པའི་ཚད་མ་ཉིད་དུ་ཐལ་བར་འགྱུར་ཏེ། གཞལ་བྱ་ལྐོག་གྱུར་གསར་དུ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར་རོ། །ཁས་བླངས་འགལ་བ་ནི། ཐེག་ཆེན་གྱི་སྒྲུབ་པས་ཆོས་ཐམས་ཅད་རྟོགས་པར་འགྱུར་བ་དང༌། མྱུ་གུ་བདེན་སྟོང་དུ་རྟོགས་པའི་སློབ་པའི་རྣལ་འབྱོར་མངོན་སུམ་གྱིས་ཀྱང་མྱུ་གུ་རྟོགས་པར་ཐལ་ལོ། །དེ་ཡང་འདོད་ན། གཉིས་སྣང་དང་བཅས་པའི་ཚུལ་གྱིས་སམ། དེ་ནུབ་པའི་ཚུལ་གྱིས་ཞེས་བརྟག་པར་བྱའོ། །དང་པོ་ལྟར་ན་ནི་ཀུན་རྫོབ་དངོས་ཡུལ་དུ་བྱེད་པར་འགྱུར་ལ། གཉིས་པ་ལྟར་ན། དེ་དང་དེ་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་བཞག་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པའི་ཕྱིར། ཞེས་འཕངས་ན་རིགས་པ་དེ་དག་ཁྱེད་ཀྱིས་ཁས་བླངས་པས་བཟློག་པར་མི་ནུས་སོ། །གསུམ་པ་ནི། ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་འཇོག་པའི་ཤེས་བྱེད་དུ། ལུང་དེ་ལྟར་དྲངས་པ་མ་ཡིན་ཏེ། ཡི་གེའི་དོན་མ་ཡིན་པ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་དང་འགལ་བས་སོ། །དང་པོ་ནི། ཁྱེད་ཀྱིས་དེ་ལྟར་བཤད་པ་དེ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་གོ་ལོག་པ་ཡིན་ཏེ། འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཤེས་བྱེད་དུ་ཆོས་ཀྱི་དབྱིངས་དེ་གསུམ་ཀའི་རིགས་ཡིན་པ་འགོད་པ་ནི་འགྲེལ་པ་གཉིས་ཀའི་དགོངས་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། ཉི་སྣང་ལས། ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་བརྗོད་དོ། །ཞེས་དང༌། འགྲེལ་ཆེན་ལས་ཀྱང༌། དོན་དེ་ཉིད་སྒྲུབ་དོན་དུ་བཤད་ཀྱི། སྒྲུབ་བྱེད་དུ་བཤད་པ་མེད་པའི་ཕྱིར། གཉིས་པ་རིགས་པས་མི་འཐད་པ་ནི། འོ་ན་ཆོས་དབྱིངས་ཐེག་པ་གསུམ་ཀའི་རིགས་སུ་སྒྲུབ་དགོས་པའི་རྒོལ་བ་སུའི་ངོར་ཡིན། དབུ་མ་པ་ལས་མ་གཏོགས་པའི་རྒོལ་བ་གཞན་ཞིག་ལས་འོས་མེད་པས། དེའི་ངོར་ནི་ཁྱེད་ཀྱིས་འདོད་པའི་སྒྲུབ་བྱེད་དེ་ཡང་དག་མ་ཡིན་ཏེ། མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་བཀོད་པའི་ཕྱིར་རོ། །གཞན་དུ་ན་རང་སྡེ་དངོས་སྨྲ་བས་ཀྱང༌། ཐེག་དམན་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཁས་ལེན་པར་འགྱུར་རོ། །ཁོ་བོ་ཅག་ལྟར་ན་ནི་རྣལ་འབྱོར་སྤྱོད་པ་པས། རང་བཞིན་གནས་རིགས་དངོས་པོར་ཁས་ལེན་པ་བསལ་ནས། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་རང་བཞིན་གནས་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་འགོད་པ་ཡིན་ལ། རྒྱུའི་དོན་ཡང་དངོས་པོ་ལ་བྱ་བ་མ་ཡིན་གྱི། ཆོས་ཀྱི་དབྱིངས་ལ་བྱ་བྱེད་རུང་བ་ལ་བྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་གསུངས་པ་ལྟར་རོ། །ཡང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་ཞེས་བྱ་བའི་དོན་ཡང༌། ཆོས་དབྱིངས་ཀྱིས་འཕགས་པའི་ཡོན་ཏན་ཐམས་ཅད་སྐྱེ་བོའི་གོ་སྐབས་ཕྱེ་བ་ལ་འཆད་དགོས་པ་ཡིན་ཏེ། དཔེར་ན་ནམ་མཁས་གཟུགས་ཅན་སྐྱེ་བའི་གོ་སྐབས་ཕྱེ་བ་བཞིན་ནོ། །གཞན་ཡང༌། རིགས་ཡིན་པའི་ཤེས་བྱེད་དུ། རྒྱུ་ཡིན་པ་འབྲེལ་པ་ཡིན་གྱི། དེས་རྟོགས་པའི་ཕྱིར་ཞེས་བཀོད་ན། འགྲེལ་གང་ཡང་རྩི་རྒྱུ་མེད་དོ། །ཡང་རྒྱུ་ལ་ཆོས་མངོན་པ་ལས་གཉིས་གསུངས་ཏེ། འབྲས་བུ་འཛིན་པ་དང༌། འབྱིན་པའོ། །གཉིས་པ་ལ་དངོས་པོ་ཁྱབ་ཀྱང༌། དང་པོ་ལ་མ་ཁྱབ་སྟེ། ཆོས་ཀྱི་ཁམས་བཞིན་ནོ། །ཡང་རྟོག་གེ་ལས། རྒྱུ་ལ་གཉིས་བཤད་དེ། སྐྱེད་བྱེད་ཀྱི་རྒྱུ་དང༌། འཇོག་བྱེད་ཀྱི་རྒྱུའོ། །དང་པོ་ལ་དངོས་པོས་ཁྱབ་ཀྱང༌། གཉིས་པ་ལ་དངོས་པོས་མ་ཁྱབ་སྟེ། བློའི་ཡུལ་དུ་བྱ་རུང་བཞིན་ནོ། །འདིར་བཤད་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ཡིན་ལ། སྐབས་དེར་ཆོས་ནི་མྱ་ངན་ལས་འདས་པ་ལ་བྱ་བ་ཡིན་ཞིང༌། དབྱིངས་དང་བྱིངས་དང་ཁམས་གསུམ་པོ་སྐད་དོད་གཅིག་ལ་འགྱུར་གྱི་ཁྱད་པར་ཡིན་པས། གསུམ་ཀ་ཡང་རྒྱུའི་དོན་ཏོ། །དེ་ཡང་འབྲས་བུ་སྐྱེད་པས་མ་ཡིན་གྱི། འཛིན་པས་དེར་བཞག་པ་ཡིན་ཏེ། དྲི་མས་རྣམ་པར་དག་པ་ན་དེར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་འདི་ཡིན་ནོ། །མདོར་ན། རྒྱན་རྩ་བ་དང༌། འཕགས་སེང་གི་འགྲེལ་པ་གང་ན་ཡང༌། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་བཤད་པ་གསལ་བར་ཐོན་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །འོ་ན་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་གི་སྐབས་སུ་ཉི་སྣང་དུ། ཤཱ་རིའི་བུ་ལ་སོགས་པའི་ཉན་ཐོས་དགྲ་བཅོམ་པ་བྱེ་མ་སྙེད་ཀྱིས་སེམས་དང་པོ་སྐྱེད་པའི་བྱང་སེམས་ཀྱི་ཤེས་རབ་ཀྱི་ཆར་ཡང་མི་ཕོད་པར་མདོ་ལས་གསུངས་པའི་འཕྲོས་དོན་འཆད་པ་ན། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། ཤེས་རབ་ཐ་མི་དད་པ་མ་ཡིན་ནམ་སྙམ་པས་ཁྱད་པར་མེད་པར་ཞུས་པ་ནི་བཅོམ་ལྡན་འདས་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པའོ། །ཞེས་མཚམས་སྦྱར་ནས་དེའི་ལན་དུ། སེམས་བསྐྱེད་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས། ཁྱད་པར་དུ་འཕགས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི། སེམས་དང་པོ་སྐྱེད་པའི་བྱང་ཆུབ་སེམས་དཔས་གང་ཟག་གི་བདག་མེད་པ་ཙམ་ཡང་མངོན་སུམ་དུ་མ་རྟོགས་པའི་རྒྱུ་མཚན་གྱིས། ཐབས་ཀྱི་ཆ་ནས་དེས་དེའི་ཆར་ཡང་མི་ཕོད་པར་གསུངས་པའོ། །དེ་ལྟར་འཆད་པ་སྐབས་སུ་བབ་པ་ཡང་ཡིན་ཏེ། མདོ་དེ་དང་དེ་སྐབས་དེར་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཐབས་ཀྱི་ཁྱད་པར་འཆད་པའི་མདོ་ཡིན་པའི་ཕྱིར་དང༌། གང་ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ་དེ་ཡང༌། རགས་པ་བརྡ་ལས་བྱུང་བའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ལ་འཆད་པར་ཉི་སྣང་ལས་གསལ་བའི་ཕྱིར། དེ་ལྟར་ན་སྐབས་དེར་ཐབས་ལ་ཤེས་རབ་ཀྱི་མིང་གིས་བསྟན་ནས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ལ་སོགས་པ་གསུངས་སོ། །དེ་དག་ཇི་ལྟར་ཡིན་པའི་ཚུལ་ཡང༌། དེ་སྐབས་ཀྱི་མདོ་དང་གཞུང་གི་དོན་ལ་རྣམ་པར་བརྟགས་པས་ཤེས་པར་འགྱུར་རོ། །གསུམ་པ་ལ་གཞན་དག་ན་རེ། ཐེག་པ་ཆེན་པོ་རྒྱུད་བླ་མ་རྩ་འགྲེལ་གྱི་དགོངས་པ་ལ་ཡང༌། དེ་དག་གིས་རྟོགས་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་དད་པས་རྟོགས་བྱར་བཤད་ལ། །དེ་དེས་རྟོགས་ན་རྟོགས་དགོས་པའི་ཕྱིར། དེའི་དོན་ཡང་ཆོས་ཀྱི་རྗེས་སུ་འབྲང་བ་མ་ཡིན་པར། དད་པའི་རྗེས་སུ་འབྲང་ནས་རིམ་གྱིས་རྟོགས་བྱ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང༌། འདོད་ཆེན་ཉན་ཐོས་མུ་སྟེགས་དང༌། །ཞེས་པའི་འགྲེལ་པར། ཐར་པ་ཚོལ་བའི་ཐབས་མ་ཡིན་པ་ལ་ཞུགས་པ་རྣམ་པ་གསུམ་བཤད་པའི་སྐབས་སུ། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ཞེས་གསུངས་སོ། །དེའི་དོན་ཡང༌། དེ་ལ་བདེན་པར་ལྟ་བ་ཡིན་ཞིང༌། དེས་མཚོན་ནས་བདེན་ཞེན་ཅན་ཐར་པ་ཚོལ་བ་མཐའ་དག་ཐར་པའི་ཐབས་མ་ཡིན་པ་ལ་ཞུགས་པར་བསྟན་པས། ཉན་རང་ལ་བདག་མེད་རྟོགས་པ་ཡོད་པར་དོན་གྱིས་གྲུབ་སྟེ། གཞུང་དེའི་དེ་མ་ཐག་ཏུ་ཐབས་ལ་ཞུགས་པ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་མཐུན་པ་ཡང་དག་པར་ངེས་པ་ཉིད་དུ་ཞུགས་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང་མཐུན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང༌། རྒྱུད་བླ་མའི་འགྲེལ་པར། བྱིས་པ་རྣམས་ཀྱིས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉོན་མོངས་པ་འདི་ཐམས་ཅད་ཀྱང་ཁམས་གཅིག་ཡང་དག་པ་ཇི་ལྟ་བ་བཞིན། མ་ཤེས་པ་ལས་རབ་ཏུ་འཇུག་གོ །ཞེས་བདེན་མེད་མ་རྟོགས་ན་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པར་བཤད་པ་འདིས་ཀྱང་དེ་ལ་དེ་ཡོད་པར་གྲུབ་བོ། །ཡང་འགྲེལ་པར་མདོ་དྲངས་པ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ །དེ་མི་འཇུག་པ་དེ་ལ་ནི། ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་འགའ་ཡང་མེད་དོ། །དེ་མེད་པ་དེ་ནི་མ་རིག་པ་ཀུན་ནས་སློང་བ་མི་བྱེད་དོ། །དེ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ། །ཞེས་པ་དེ་ནི་བདེན་འཛིན་ལྷན་སྐྱེས་ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པའི་ཚུལ་ལ། དཔལ་ལྡན་ཟླ་བ་དང་ཁྱད་པར་ཅུང་ཟད་མེད་དོ། །དེའི་ཕྱིར་འགྲེལ་པར་འདིས་ནི། ཐལ་འགྱུར་བའི་གྲུབ་མཐའ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། རྒྱུ་མཚན་གཞན་རྣམས་ནི་མང་པས་འཇིགས་ཏེ་མ་བྲིས་སོ། །ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། རྩ་འགྲེལ་གྱི་དགོངས་པ་དེ་ལྟར་མ་ཡིན་པའི་ཤེས་བྱེད་དང༌། ཡིན་པ་ལ་གནོད་བྱེད་དོ། །དང་པོ་ནི། ཇི་སྐད་དུ། ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པའི་འགྲེལ་པར། ཉན་ཐོས་དང་རང་སངས་རྒྱས་རྣམས་བདེ་བར་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཤད་པ་དེའི་དོན་གང་ཡིན། དེ་ལ་དེས་ཁྱབ་པ་ཡིན་ནམ། དེ་འདྲའི་གཞི་མཐུན་ཞིག་ཡོད་པ་ཡིན། དང་པོ་ལྟར་ན་ནི། ཉན་ཐོས་དགྲ་བཅོམ་པ་སོགས་ཀྱིས་མ་ངེས་པ་འཕངས་པས་དངོས་སུ་འགལ་ལ། གཉིས་པ་ལྟར་ན། དེ་འདྲའི་གཞི་མཐུན་དེ་ཉན་རང་འཕགས་པ་ལ་ཡོད་དམ་སོ་སོ་སྐྱེ་བོ་ལ་ཡོད། དང་པོ་ལྟར་ན། དངོས་སུ་འགལ་ལ། གཉིས་པ་ལྟར་ན། འགྲེལ་པར་དེ་མཐོང་བ་ལ་མིག་དང་མི་ལྡན་པའི་གང་ཟག་བཞི་གང་ཞེ་ན། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཞེས་བཞིར་ཕྱེ་བ་དེ་མི་འཐད་པར་འགྱུར་ཏེ། སོ་སོ་སྐྱེ་བོའི་ནང་དུ་མ་འདུས་པའི་དེ་སྐབས་ཀྱི་ཉན་རང་མེད་པར་འདོད་དགོས་པའི་ཕྱིར། འོ་ན་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཡང་སོ་སོ་སྐྱེ་བོར་མི་འདོད་དམ་ཞེ་ན། མི་འདོད་དེ། དེ་ནི་སྟོང་པ་ཉིད་ལན་གཅིག་མངོན་སུམ་དུ་རྟོགས་ཀྱང༌། དེ་ལས་སེམས་རྣམ་པར་གཡེངས་པ་ལ་བཤད་པའི་ཕྱིར་རོ། །དེ་ཡང་མ་དག་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་འབྱུང་བའོ། །དེ་ལས་གཞན་དུ་ན། སོ་སོ་སྐྱེ་བོ་དང་ཞེས་པ་ལས་ལོགས་སུ་བཤད་པ་ལ་དགོས་པ་མེད་དོ། །གཞན་ཡང་ཉན་རང་གིས་དད་པའི་སྒོ་ནས་བདེ་གཤེགས་སྙིང་པོ་རིམ་གྱིས་རྟོགས་ན། དེས་རྟོགས་པའི་དུས་དེར་ཐེག་དམན་འཕགས་པ་ཡིན་ནམ། ཐེག་ཆེན་འཕགས་པ་ཡིན། དང་པོ་ལྟར་ན། དེ་དུས་ཀྱི་དེ་ཆོས་ཅན། བདེ་གཤེགས་སྙིང་པོ་མངོན་སུམ་དུ་མ་རྟོགས་ཏེ། ཐེག་པ་དམན་པའི་གང་ཟག་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ནི། འགྲེལ་པར་མདོ་དྲངས་པ་ལས། ཤཱ་རིའི་བུ་དོན་འདི་ནི་རེ་ཤིག་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང༌། རང་གི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ། བལྟ་བའམ་བརྟགས་པར་མི་ནུས་ན། བྱིས་པ་སོ་སོ་སྐྱེ་བོ་དག་གི་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཞེས་གསུངས་ལ། དེར་ཐམས་ཅད་ཅེས་བྱ་བའི་ཚིག་གི་ཟུར་ཕྱིན་པར་གསུངས་པའི་ཕྱིར་དང༌། ཤེས་པ་པོ་གསུམ་པོ་དེ་ཉན་རང་གི་ཐོས་བསམ་སྒོམ་གསུམ་དང་རིམ་པ་བཞིན་སྦྱོར་དགོས་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ལ་དད་པས་ཤེས་པའི་དོན་ཡང༌། ཉན་རང་དག་དེ་བཞིན་གཤེགས་པས་ཆོས་བསྟན་པ་ལས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ། བདེ་བར་གཤེགས་པའི་སྙིང་པོ་རྟོགས་པ་ལ་འཆད་པ་ཡི་གེའི་དོན་ལ་ཞུགས་པའི་ཕྱིར། གཞན་ཡང་ཉན་རང་འཕགས་པ་ལ་བདེ་བར་གཤེགས་པའི་སྙིང་པོ་མངོན་སུམ་དུ་རྟོགས་པ་ཡོད་པ་རྩ་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། རྩ་བར་དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །ཞེས་དང༌། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཅེས་དང༌། དེའི་འགྲེལ་པར་མདོ་དྲངས་པ་ལས། གང་གི་ཕྱིར་ལྷ་མོ་ཆོས་འདི་ནི་རྟོགས་པར་དཀའ་བ་དེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་དཀའ་བ་དང༌། སེམས་དེ་ཉིད་ཀྱིས་ཉེ་བར་ཉོན་མོངས་པ་རྟོགས་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི། ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ། ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི། ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཞེས་འབྱུང་ལ། དེའི་དོན་ནི། ཉན་རང་གིས་རང་ལམ་དུ་དེ་མ་རྟོགས་ལ། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་རྟོགས་དགོས་པར་གསུངས་པའི་ཕྱིར་དང༌། ཡང་ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །ཞེས་པའི་འགྲེལ་པར། ཐེག་པ་ཆེན་པོ་ལ་ཡང་དག་པར་རབ་ཏུ་གནས་པའི་སེམས་སྒྲིབ་པ་མེད་པ་མ་གཏོགས་གཞན་སེམས་ཅན་རྣམ་པ་བཞི་པོ་འདི་ལྟ་སྟེ། འདོད་ཆེན་པ་དང༌། མུ་སྟེགས་པ་དང༌། ཉན་ཐོས་པ་དང༌། རང་སངས་རྒྱས་ཏེ་དེ་དག་ལ་ནི་དེ་བཞིན་གཤེགས་པའི་ཁམས་མི་རྟོགས་པ་དང༌། མངོན་སུམ་དུ་བྱེད་པར་མི་འགྱུར་བའི་སྒྲིབ་པ་བཞི་པོ་འདི་དག་ཡང་དག་པར་གནས་སོ་ཞེས་གསུངས་པའི་ཕྱིར་དང༌། ཡང༌། རང་བྱུང་རྣམས་ཀྱིས་དོན་དམ་དེ། །ཞེས་པའི་འགྲེལ་པར། མདོར་བསྡུ་ན། གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་གཞག་པ་ཡིན་ཏེ་བཞི་གང་ཞེ་ན། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ། ཞེས་དང༌། ཉན་རང་གིས་དེ་མི་མཐོང་བའི་ཤེས་བྱེད་དུ་མདོ་དྲངས་པ་ལས། མཆོག་ཏུ་རྟག་པ་དང་བདེ་བ་དང་བདག་དང༌། སྡུག་པའི་མཚན་ཉིད་ཀྱི་ཁམས་དེ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པའི་འགྲེལ་པར། དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་མེད་པར་ནི། རྣམ་པར་རྟོག་པ་མེད་པའི་དབྱིངས་རྟོགས་ཤིང་མངོན་དུ་བྱ་བར་མི་ནུས་སོ། །འདི་ལ་དགོངས་ནས་གསུངས་པ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ཡེ་ཤེས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་མཐོང་བ་རྟོགས་པའོ། །ཞེས་རྒྱས་པར་གསུངས་སོ། །ཞེས་འབྱུང་བས་སོ། །དེ་ལྟར་བཤད་པ་དེ་དག་ནི། ཉན་རང་ལ་དྲི་བཅས་དེ་བཞིན་ཉིད་རྟོགས་པ་མེད་པའི་ཤེས་བྱེད་དུ་བཀོད་པ་ཡིན་ལ། བདེ་བར་གཤེགས་པའི་སྙིང་པོ་མཚན་ཉིད་པ་ཡོངས་སུ་རྫོགས་པར་མཐོང་བ་ནི་སངས་རྒྱས་ཁོ་ན་དང༌། ཆ་ཤས་གཅིག་མཐོང་བ་ནི། ས་དང་པོ་ནས་ཡོད་པར་བཞེད་པ་འཕགས་པ་ཐོགས་མེད་ཀྱི་དགོངས་པ་དྲི་མ་མེད་པ་ཡིན་ཏེ། ཇི་སྐད་དུ། འགྲེལ་པ་དེ་ཉིད་ལས། འདིར་གང་གིས་ན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས། དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ༌། །ཞེས་གསུངས་པས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་ནི་ཀུན་མཐོང་བར་འདོད་དོ། །དེ་སྐད་དུ་ཡང༌། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་གསུངས་སོ། །སྨྲས་པ་གལ་ཏེ། དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པའི་འཕགས་པ་མཆོག་རྣམས་ཀྱི་ཡང་ཡུལ་མ་ཡིན་ན། ཁམས་འདི་བལྟ་བར་དཀའ་བ་དེས་ན། བྱིས་པ་སོ་སོ་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདིས་ནི་ཅི་ཞིག་བྱ་ཞེ་ན། ཞེས་སོགས་རྒྱས་པར་གསུངས་པ་ལས་བསལ་བར་ཤེས་པ་ཡིན་ནོ། །དེ་ལྟར་སྒྲུབ་བྱེད་བཤད་ནས། གཉིས་པ་གནོད་བྱེད་ལ་ཕྱོགས་སྔ་མས་ཤེས་བྱེད་དུ་དྲངས་པའི་ལུང་དེ་དག་དེ་ཉིད་ལ་གནོད་བྱེད་དུ་བསྟན་པ་དང༌། གནོད་བྱེད་ཀྱི་རིགས་པ་གཞན་ཡང་བསྟན་པའོ། །དང་པོ་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཐར་པའི་ཐབས་ལ་ཞུགས་པར་བཤད་པས་དེས་བདེན་སྟོང་རྟོགས་པར་བསྟན་པ་ཡིན་ནོ་ཞེས་འཆད་པ་དེ་དག་ནི། རང་གི་དམ་བཅའ་ལ་གནོད་བྱེད་དུ་འགྱུར་བའི་ལུང་ཤེས་བྱེད་དུ་དྲངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཆོས་ལ་ཁོང་ཁྲོ་ཞེས་པའི་འགྲེལ་པར། སེམས་ཅན་གྱི་ཚོགས་ཐམས་ཅད་སྲིད་པ་འདོད་པ་དང༌། སྲིད་བྲལ་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པ་གསུམ་དུ་བསྡུས་ནས། དང་པོ་འདོད་ཆེན་པ་དང༌། བར་པ་མུ་སྟེགས་པ་དང་ཉན་རང་རྣམས་ལ་བྱ་བ་དང༌། གསུམ་པ་འཁོར་འདས་གཉིས་ཀ་རང་བཞིན་མེད་པར་རྟོགས་པ་ལ་བཤད་པའི་ཕྱིར། དེ་ལྟར་ན་ཉན་རང་སློབ་པ་ཆོས་ཅན། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པར་ཐལ། ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། འདོད་ན། འདིར་བསྟན་གྱི་སྲིད་པ་དང་སྲིད་བྲལ་གཉིས་ཀ་མི་འདོད་པའི་གང་ཟག་དེར་ཐལ། འདིར་བསྟན་གྱི་སེམས་ཅན་གྱི་ཚོགས་གསུམ་པོ་གང་རུང་གང་ཞིག་འདོད་པའི་ཕྱིར་རོ། །གཞན་ཡང༌། སྐབས་འདིའི་འགྲེལ་པར། ཉན་རང་གཉིས་ལ་ཐབས་ལ་ཞུགས་པ་ཞེས་བཤད་ལ། དེ་ནི་སྲིད་བྲལ་གྱི་ཐབས་ལ་ཞུགས་པ་ལ་དགོངས་པ་ཡིན་ལ། ཐར་པ་ཞེས་མ་གསུངས་ཤིང༌། རྩ་འགྲེལ་གྱི་དགོངས་པ་མ་ཡིན་ཏེ། ཐེག་དམན་ལ་ཐར་པ་དང་མྱང་འདས་ཡོད་པར་མི་བཞེད་པའི་ཕྱིར་ཏེ། ཇི་སྐད་དུ། དབྱེར་མེད་མཚན་ཉིད་ཐར་པ་སྟེ། །ཐར་པ་གང་དེ་དེ་བཞིན་གཤེགས། །ཞེས་དང༌། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །ཞེས་པ་རྩ་འགྲེལ་ལས་ཤིན་ཏུ་གསལ་བ་འདིས་ཀྱང་ཉན་རང་ལ་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ་མེད་པར་གྲུབ་སྟེ། དེ་ཡོད་ན་གནས་སྐབས་ཀྱི་མི་གནས་པའི་མྱང་འདས་དང་མཐར་ཐུག་གི་མྱང་འདས་གཉིས་ཀ་ཡོད་དགོས་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བ་བཞིན་ནོ། །ཡང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་ལས་ལས་ཉོན་འབྱུང་བ་དང༌། སྐྱེ་མེད་མངོན་སུམ་དུ་རྟོགས་པས་དེ་དག་འགོག་ནུས་པར་བཤད་པའི་ལུང་དྲངས་པ་དེ་ཡང༌། ཉན་རང་ལ་དེ་ཡོད་པའི་ཤེས་བྱེད་དུ་མ་འབྲེལ་ཏེ། ལུང་དེ་དག་ནི་ཆོས་དཀོན་མཆོག་སྟོན་པའི་སྐབས་ཀྱི་འགོག་བདེན་འཆད་པའི་སྐབས་ཀྱི་འགྲེལ་པ་ཡིན་ལ། འགོག་བདེན་དེ་ཡང་ཉན་རང་ལ་ཡོད་པ་མ་ཡིན་པར་འཆད་པ་འགྲེལ་པའི་དགོངས་པ་ཡིན་པའི་ཕྱིར། གཞན་དུ་དེ་ལ་དེ་ཡོད་ན། དེ་དགེ་འདུན་དཀོན་མཆོག་ཏུ་འགྱུར་རོ། །དེ་ཡང་ཐེག་དམན་ལ་བདེ་བར་གཤེགས་པའི་སྙིང་པོ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་བའི་ལམ་གྱི་བདེན་པ་མེད། དེ་མེད་པས་དེ་ཐོབ་པའི་འགོག་པའི་བདེན་པ་མེད། དེ་མེད་པས་ཐེག་དམན་ལ་འདིར་བསྟན་གྱི་ཆོས་དང་དགེ་འདུན་གཉིས་ཀ་མ་བཞག་ལ། དམན་པའི་འགོག་ལམ་གཉིས་ནི། ཇི་སྐད་དུ། སླུ་བའི་ཆོས་ཅན་ཕྱིར། །ཞེས་དང༌། མེད་ཕྱིར་ཞེས་པའི་མཚན་ཉིད་ཅན་དུ་བཤད་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། ཐེག་དམན་གྱི་འགོག་པ་ནི་སྡུག་ཀུན་དང་བྲལ་བ་ཙམ་གྱི་མེད་པར་དགག་པ་ཡིན་གྱི། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་མ་ཡིན། ཅིག་ཤོས་ཀྱི་ནི་དེ་ལས་བཟློག་པ་ཡིན། ཐེག་དམན་གྱི་ལམ་ནི་རྟག་སོགས་ཀྱི་གཉེན་པོར་གྱུར་པས་མི་རྟག་པ་སོགས་ཀྱི་རྣམ་པ་ཅན་ཡིན་ལ་དེ་ཡང་དོར་བྱ་ཡིན་པས་སླུ་བའི་ཆོས་ཅན་ཡིན། ཐེག་ཆེན་གྱི་ལམ་ནི་རྟག་སོགས་ཀྱི་རྣམ་པ་ཅན་ཡིན་པས་མི་སླུ་བའི་ཆོས་ཅན་དུ་བཤད་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཐེག་དམན་འཕགས་པས་བདེ་བར་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བ་ལ་ལུང་ལ་བརྟེན་པའི་རིགས་པས་གནོད་པ་དང༌། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པ་ཐལ་འགྱུར་དུ་གནས་པ་ལ་ཁས་བླངས་དང་འགལ་གྱིས་གནོད་པའོ། །དང་པོ་ནི། བསྟན་ཆོས་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་དོན་བདུན་པོ་གང་རུང་ཡིན་ན། སྙིང་པོ་བལྟ་བ་ལ་མིག་དང་མི་ལྡན་པའི་གང་ཟག་བཞི་པོ་དེའི་མངོན་སུམ་གྱི་སྤྱོད་ཡུལ་དུ་འགལ་བ་མ་ཡིན་པར་ཐལ་བ་དང༌། ཉན་རང་འཕགས་པ་རྣམས་འདིར་གཏན་གྱི་དགེ་འདུན་དཀོན་མཆོག་དུ་ཐལ་བ་དང༌། ཐེག་དམན་ལ་མྱང་འདས་དང་འགོག་བདེན་མཚན་ཉིད་པ་ཡོད་པར་ཐལ་བ་དང༌། ཉན་ཐོས་མཐོང་ལམ་པས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་བཞི་པོ་སྤངས་པར་ཐལ་བ་དང༌། ཉན་ཐོས་དགྲ་བཅོམ་པས་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བར་ཐལ་བ་དང༌། དེ་འདོད་ན། འདིའི་སྐབས་ཀྱི་རིག་པའི་ཡོན་ཏན་གཉིས་དང་ལྡན་པར་ཐལ་བ་དང༌། འདིའི་སྐབས་ཀྱི་ཇི་སྙེད་པ་རིག་པའི་ཡོན་ཏན་དང་ལྡན་ན། དེའི་ངོ་སྐལ་གྱི་ཐོགས་པའི་སྒྲིབ་པ་ལས་ཀྱང་གྲོལ་བར་ཐལ་བ་དང༌། དེས་སྙིང་པོ་མངོན་སུམ་དུ་མཐོང་ན། དེས་སྙིང་པོའི་དྲི་མ་སྦྱོང་བྱེད་ཀྱི་གཉེན་པོ་ཐོབ་པར་ཐལ་བ་དང༌། དེ་འདོད་ན། ཆོས་མོས་ལ་སོགས་པ་བཞི་ཐོབ་པར་ཐལ་བ་དང༌། དེས་སྤྲོས་བྲལ་མངོན་སུམ་དུ་རྟོགས་ན་བདག་དམ་པ་དང་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་ཐལ་བ་དང༌། ཉན་ཐོས་སློབ་པས་དེ་གཉིས་ཐོབ་ན། དགྲ་བཅོམ་པའི་དུས་གཙང་བ་དང་བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་ཐལ་བ་དང༌། འཕགས་པ་ཐོགས་མེད་ཀྱིས་སྙིང་པོ་མཐོང་བའི་མ་མཐའི་ས་མཚམས་ས་དང་པོ་ནས་བཤད་པ་རྣམས་མི་རིགས་པར་འགྱུར་རོ། །གཉིས་པ་ནི། གཞུང་འདི་རྩ་འགྲེལ་གྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པས་དབུ་མའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བ་དང༌། ཁྱད་པར་མེད་དོ་ཞེས་ཟེར་བ་དང༌། གཞུང་འདིར། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་བདེན་འཛིན་གང་ཡིན་ཤེས་སྒྲིབ་ཏུ་བཤད་པ་དང༌། ས་དང་པོ་ནས་ངོས་སྐལ་གྱི་ཐོགས་པའི་སྒྲིབ་པ་ལས་གྲོལ་བར་བཤད་པ་དང༌། སོ་སོར་རང་གིས་རིག་པའི་མངོན་སུམ་ལན་དུ་མར་བཤད་པ་དང༌། དད་པ་ཉིད་ཀྱི་རྟོགས་བྱ་ཡིན། །ཞེས་དེ་བཞིན་གཤེགས་པ་ལ་དམིགས་པའི་སེམས་བསྐྱེད་མ་ཐོབ་པ་དེ་སྲིད་དུ་སྙིང་པོ་མི་རྟོགས་པར་བཤད་པ་དང༌། ཀུན་གཞི་སྒྲུབ་བྱེད་ཀྱི་ལུང་དེ་ཉིད་འགྲེལ་པར་དྲངས་ནས་འཐད་ལྡན་དུ་བཤད་པ་དང༌། ཐེག་དམན་ལ་མྱང་འདས་མེད་པར་བཤད་པ་དང༌། འགྲེལ་པར་དོན་དམ་པའི་བདེན་པ་མ་ཡིན་དགག་ཏུ་བཤད་པ་རྣམས་འགལ་བ་ཡིན་ཏེ། དེ་དང་དེ་དག་ལས་བཟློག་ནས་ཁས་ལེན་པ་དེ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐར་ཁྱེད་ཅག་འཆད་པའི་ཕྱིར། ཁོ་བོ་ཅག་གིས་ནི། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པ་སློབ་དཔོན་ཟླ་བ་གྲགས་པ་དང་མཐུན་པར་འཆད་པའི་ཤེས་བྱེད་ཀྱི་ཁུངས་གང་ནས་བཙལ་ཀྱང་མ་རྙེད་པས་འཇིགས་ཏེ་མ་བྲིས་སོ། །བཞི་པ་སྤྱོད་འཇུག་གི་དགོངས་པ་འཆད་ཚུལ་མི་འཐད་པ་ལ་གཉིས་ཏེ། ཕྱོགས་སྔ་བརྗོད་པ་དང༌། དེ་སུན་ཕྱུང་བའོ། །དང་པོ་ནི། གཞན་དག་ན་རེ། སྤྱོད་འཇུག་ལས། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་པ་ནི་ཕྱོགས་སྔ་མའོ། །དེའི་ལན་ནི། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་པའོ། །འདི་ཡང་བྱང་ཆུབ་ཙམ་ལ་འཆད་དགོས་པ་ཡིན་ཏེ། འགྲེལ་ཆེན་དུ། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པ་དང༌། རྒྱུན་དུ་ཞུགས་པ་ནས་རང་རྒྱལ་གྱི་བར་རྣམས་ཤེར་ཕྱིན་ལ་བརྟེན་ནས་ཐོབ་པར་གསུངས་པ་དྲངས་པ་ལྟར་ཡིན་ནོ། །ཡང་བདག་མེད་མ་རྟོགས་ན་དོན་དམ་པའི་དགེ་སློང་དང༌། མྱང་འདས་གཉིས་ཀ་མི་ཐོབ་པར་སྟོན་པ་ནི། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་གསུངས་སོ། །གལ་ཏེ་མི་རྟག་ལ་སོགས་བཅུ་དྲུག་བསྒོམས་པས་ཉོན་མོངས་པ་ལ་སོགས་པ་སྤངས་ཏེ་ཞེས་ཕྱོགས་སྔ་བརྗོད་པ་ནི། ཉོན་མོངས་སྤངས་པས་གྲོལ་བ་ན། །ཞེས་པའོ། །འོ་ན་ལམ་དེས་མགོ་མནན་པ་ཙམ་གྱིས་གྲོལ་བར་ཐལ། དེས་གྲོལ་བ་གང་ཞིག བདེན་མེད་མ་རྟོགས་པར་སྤང་བྱའི་ས་བོན་སྤོང་མི་ནུས་པའི་ཕྱིར་ཞེས་སྟོན་པ་ནི། དེ་ཡི་དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་པའོ། །འདོད་མི་ནུས་ཏེ། དེའི་ཚེ་ཉོན་མོངས་མངོན་འགྱུར་རེ་ཤིག་མེད་ཀྱང༌། ལས་ཀྱིས་ཡང་སྲིད་ཕྱི་མ་འཕེན་པའི་ནུས་པ་མཐོང་བའི་ཕྱིར། ཞེས་སྟོན་པ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པའོ། །གལ་ཏེ་རྟགས་མ་གྲུབ་སྟེ། རེ་ཤིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །ཞེས་པའོ། །དེའི་ལན་སྟོན་པ་ནི། སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་པའོ། །དེའི་དོན་ནི། སྟོང་ཉིད་མ་རྟོགས་ན་སྲེད་པ་འགོག་མི་ནུས་ཏེ། དེ་མ་རྟོགས་ན་དེའི་རྐྱེན་གྱིས་ཚོར་བ་བདེ་སྡུག་འདྲེན་པའི་ཕྱིར་ཞེས་པའོ། །དེ་ནས་རང་ལུགས་ཀྱི་ཚོར་བ་བཟློག་ལུགས་ནི། གང་ཚེ་ཚོར་བ་པོ་འགའ་མེད་ཅིང༌། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་བཟློག་མི་འགྱུར། །ཞེས་པའོ། །དེས་ན་སྟོང་ཉིད་མ་རྟོགས་པར་མི་རྟག་སོགས་བསྒོམས་པས་ཉོན་མོངས་མངོན་འགྱུར་རེ་ཤིག་མགོ་མནན་ཡང༌། སླར་སྐྱེ་བའི་ཚུལ་དཔེ་དང་བཅས་པ་ནི། དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དེ་བས་སྟོང་ཉིད་བསྒོམ་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པ་སོགས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་འཇོག་ཚུལ་ལ། རྒྱལ་སྲས་ཞི་བ་ལྷ་དང༌། ཟླ་བ་གྲགས་པ་དགོངས་པ་གཅིག་དང་དབྱངས་གཅིག་གོ་ཞེས་ཤེས་པར་བྱའོ། །ཞེས་བྱ་བ་ཡི་གེར་བྲིས་སོ། །གཉིས་པ་དེ་སུན་འབྱིན་པ་ལ་གཉིས་ཏེ། གཞན་ལུགས་ཀྱི་གཞུང་དོན་འཆད་ཚུལ་མི་འཐད་པ་དང༌། རང་ལུགས་ཀྱི་གཞུང་དོན་འཆད་ཚུལ་ལོ། །དང་པོ་ལ་བཞི་སྟེ། བདེན་པ་སོགས་ཚིགས་བཅད་དང་པོའི་འཆད་ཚུལ་མི་འཐད། བསྟན་རྩ་སོགས་ཚིགས་བཅད་གཉིས་པའི་འཆད་ཚུལ་མི་འཐད། ཉོན་མོངས་སོགས་ཚིགས་བཅད་གསུམ་པའི་འཆད་ཚུལ་མི་འཐད། རེ་ཤིག་ཉེར་ལེན་ཞེས་པ་མན་གྱི་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། སྟོང་ཉིད་མ་རྟོགས་པར་བྱང་ཆུབ་གསུམ་ཀ་མི་ཐོབ་པར་གསུངས་པའི་ཤེར་ཕྱིན་གྱི་ལུང་འདྲེན་པ་གཞུང་གི་དགོངས་པ་མ་ཡིན་ཏེ། ཤེར་ཕྱིན་གྱི་མདོ་ལས་དེ་ལྟར་གསུངས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན། མངོན་པར་རྟོགས་པའི་རྒྱན་དུའང་དེ་ལྟར་གསུངས་རིགས་པ་ལས་དེ་ལས་བཟློག་སྟེ་གསུངས་པའི་ཕྱིར་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསླབ་པར་བྱའོ། །ཞེས་སོགས་ནི། ཐེག་པ་གསུམ་ཅར་ཐོབ་པའི་རྒྱུ། །ཞེས་པའི་གཞུང་གི་བཤད་བྱའི་མདོ་ཡིན་ལ། དེར་ནི་རྟོགས་རིགས་གསུམ་དང་རིགས་ཅན་གསུམ་གྱི་ཤེར་ཕྱིན་གསུམ་པོ་གོ་རིམ་བཞིན་དུ་སྦྱོར་བར་བཤད་པའི་ཕྱིར་དང༌། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲམ་ངོགས་མི་མཐོང་བཞིན། །ཞེས་པའི་ལུང་དེས་སྟོང་ཉིད་མ་རྟོགས་པར་ཐེག་པ་གསུམ་ཀའི་བྱང་ཆུབ་མི་ཐོབ་པའི་ཤེས་བྱེད་དུ་འདྲེན་པ་ཡང་འབྲེལ་པ་ཡིན་ཏེ། མདོ་དེ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱི་བཤད་བྱའི་མདོ་ཡིན་ཞིང༌། དེའི་དོན་ཡང་གང་ཟག་གི་བདག་མེད་རྟོགས་པའི་བཟོད་པ་ལ་མ་བརྟེན་པར་དེ་དག་མི་ཐོབ་པར་འཆད་པའི་དོན་ཡིན་པའི་ཕྱིར་དང༌། སྟོང་ཉིད་མ་རྟོགས་ན་དམན་པའི་བྱང་ཆུབ་ཀྱང་མི་ཐོབ་ཅེས་བསྟན་ན། ཉན་ཐོས་ཀྱི་སྡེ་སྣོད་ལས་དམན་པའི་བྱང་ཆུབ་ཐོབ་པའི་ལམ་མ་བསྟན་ཞེས་པའམ། ཡང་ན་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་མ་བསྟན་ཞེས་པ་གང་རུང་ལས་མ་འདས་ལ། དེ་གཉིས་གང་ལྟར་ན་ཡང༌། ལུགས་འདི་ཟླ་བ་གྲགས་པ་དང་མཐུན་པར་འཆད་པ་དང་འགལ་ལ། གཞན་ཡང་ཁྱེད་ལྟར་ན། སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་པའི་རྩོད་པ་དེའི་ལན་དུ་སྟོང་ཉིད་མ་རྟོགས་པར་དམན་པའི་བྱང་ཆུབ་ཀྱང་ཐོབ་མི་ནུས་སོ་ཞེས་བྱ་བ་དེ་ཙམ་ཞིག་གིས་ཆོག་པ་ལ། བར་དེར་ཐེག་པ་ཆེན་པོ་བཀར་སྒྲུབ་པའི་ངལ་བ་དེ་ཙམ་གྱིས་ཅི་ཞིག་བྱ། གཉིས་པ་ནི། བསྟན་རྩ་སོགས་ཀྱི་གཞུང་དོན་འཆད་ཚུལ་དེ་ལྟར་མ་ཡིན་ཏེ། སྟོང་ཉིད་མ་རྟོགས་པར་དམན་པའི་མྱང་འདས་གཉིས་པོ་མི་ཐོབ་ཅེས་པ་དེ་ཙམ་ཞིག་ནི་ཉན་ཐོས་སྡེ་པའི་ངོར་བསྒྲུབ་བྱ་ཡིན་པས་སྟོང་ཉིད་མཐོང་བས་ཅི་ཞིག་བྱ། ཞེས་པའི་རྩོད་པ་དེ་སེལ་ནུས་ཀྱི་སྒྲུབ་བྱེད་དུ་མི་རིགས་པའི་ཕྱིར་རོ། །གསུམ་པ་ནི། ཉོན་མོངས་སྤངས་པས། ཞེས་སོགས་ཀྱི་གཞུང་དོན་འཆད་ཚུལ་ཡང་དེ་ལྟར་མ་ཡིན་ཏེ། མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་བར་ཆད་མེད་ལམ་གྱི་ཉོན་མོངས་པའི་ས་བོན་སྤོང་མི་ནུས་པར་ཉན་ཐོས་སྡེ་པས་མི་འདོད་པའི་ཕྱིར་དང༌། འདོད་དུ་ཆུག་ཀྱང༌། དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་འཕངས་པ་ལ་ནུས་པ་གང་ཡང་མི་སྣང་བའི་ཕྱིར་དང༌། ཉོན་མོངས་སྤངས་པས་གྲོལ་བར་ཁས་ལེན་ན་སྤངས་མ་ཐག་ཏུ་གྲོལ་བར་ཁས་ལེན་པ་ལས་འོས་མེད་པའི་ཕྱིར། ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པའི་གཞུང་གི་འཆད་ཚུལ་ཡང་དེ་ལྟ་མ་ཡིན་ཏེ། ཉན་ཐོས་སྡེ་པའི་ངོར་ཉན་རང་དགྲ་བཅོམ་པས་ཡང་སྲིད་འཕེན་འགྲུབ་ཀྱི་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་ཞེས་པ་བསྒྲུབ་བྱ་ཡིན་གྱི། སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་དང༌། སྤྱིར་ཡང་ཆོས་མངོན་པ་ལས་འབྱུང་བའི་གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱིས་སྲིད་པའི་རྩེ་མོ་ལ་ཆགས་བྲལ་བྱས་པའི་སྤངས་པ་སླར་བཟློག་པའི་བཤད་པ་ཐེག་པ་ཆེ་ཆུང་གི་ཆོས་ལས་མི་འབྱུང་བའི་ཕྱིར་དང༌། གཞན་ཡང་ཁྱེད་ཀྱིས་བཤད་པ་འདི་ལྟར་ན། སྲིད་རྩེ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་མཐོང་ལམ་པ་སྲིད་པར་ཐལ་བ་དང༌། དེ་སྲིད་ན་དེ་འདྲ་དེ་ཞུགས་གནས་ཀྱི་གང་ཟག་བརྒྱད་ལས་གང་ཡིན་བརྟགས་ན་འཇིག་པ་དང༌། དགྲ་བཅོམ་པ་ལ་ཆགས་བྲལ་སྔོན་སོང་སྲིད་པར་ཐལ་བ་དང༌། དེ་ཙམ་གྱིས་ཆགས་བྲལ་སྔོན་སོང་གི་གོ་མི་ཆོད་ན། ཆགས་བྲལ་སྔོན་སོང་གི་རྣམ་གཞག་མི་སྲིད་པར་ཐལ་བ་དང༌། ཆོས་མངོན་པ་ནས་དགྲ་བཅོམ་པ་དང་ཕྱིར་མི་འོང་དུ་བཤད་པ་དེ་རྣམས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་ཐལ་བ་དང༌། ཆོས་མངོན་པ་ལས་བཤད་པའི་མཐོང་སྤངས་སྤངས་པའི་སྤངས་པ་སླར་བཟློག་སྲིད་པར་ཐལ་བ་དང༌། འཇིག་རྟེན་པའི་ལམ་དང་བདེན་པའི་རྟེན་ཅན་གྱི་གཞི་མཐུན་སྲིད་པར་ཐལ་བ་དང༌། སྲིད་པའི་རྩེ་མོ་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོ་སྲིད་པར་ཐལ་བ་དང༌། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་རྒྱུད་ལ་ལྡན་པའི་སོ་སོ་སྐྱེ་བོ་སྲིད་པར་ཐལ་བ་རྣམས་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གལ་ཏེ་ཐལ་བ་དེ་གང་ལ་འཇུག་པའི་དམ་བཅའ་དེ་ཁོ་བོ་ཅག་གིས་ཁས་མ་བླངས་སོ་སྙམ་ན། དེ་ཡང་ངེས་པར་བླངས་པ་ཡིན་ཏེ། ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པའི་གཞུང་དོན་ཁྱེད་ཅག་གིས་ཇི་སྐད་བཤད་པ་དེ་ལས། དོན་དེ་ཉིད་གྲུབ་པར་མ་ཟད་ཀྱི། ཁྱེད་ཀྱིས་སྐབས་གཞན་དུ་འདི་སྐད་ཅེས། སྟོང་པ་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་གཏན་ལ་ཕེབས་པ་དང༌། དེ་ལྟར་བསྒོམས་པས་དོན་དེ་ཉིད་མངོན་སུམ་དུ་གསར་དུ་མཐོང་བ་དང༌། མཐོང་ཟིན་གོམས་པར་བྱས་པས་སྲིད་པའི་རྩེ་མོ་ལ་ཆགས་བྲལ་བྱེད་ནུས་པ་ཡོད་པར་ནི། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པས་གྲུབ་བོ། །ཞེས་ཡི་གེར་བྲིས་པའི་ཕྱིར་རོ། །བཞི་པ་ནི། རེ་ཤིག་ཉེར་ལེན་སྲེད་པ་ནི། །ཞེས་སོགས་ཀྱི་གཞུང་དོན་འཆད་ཚུལ་ཡང་དེ་ལྟར་མི་རིགས་ཏེ། ལུང་རིགས་ཀྱིས་མི་འཐད་པ་དང༌། ཁས་བླངས་ནང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཆོས་མངོན་པ་ལས་འབྱུང་བའི་ཉན་རང་དགྲ་བཅོམ་པ་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་དབང་གིས་ཉན་རང་དགྲ་བཅོམ་པ་འཁོར་བར་སྐྱེ་བ་ལེན་པར་འཆད་པ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་ལུགས་གང་ནས་ཀྱང་མི་འབྱུང་བའི་ཕྱིར་དང༌། འདིའི་སྐབས་ནས་འབྱུང་བའི་སྲེད་པ་དང་མ་རིག་པ་གཉིས་ཀ་ཡང༌། སྒྲ་ཟིན་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མིང་གིས་བསྟན་ཡང༌། གནས་ཚོད་ལ་ཉོན་མོངས་པ་ཅན་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཉིས་པ་ཁས་བླངས་ནང་འགལ་བ་ནི། འདིར་ཉན་ཐོས་སྡེ་པས་དགྲ་བཅོམ་པར་མི་འདོད་པའི་ཉན་ཐོས་དེའི་རྒྱུད་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་ན་དེ་བདེན་འཛིན་ལ་འཆད་པ་ལས་འོས་མེད་པས་བདེན་འཛིན་གང་ཡིན་ཉོན་མོངས་པ་ཅན་གྱི་མ་རིག་པར་འཆད་པ་རྒྱལ་སྲས་ཞི་བ་ལྷའི་གྲུབ་པའི་མཐར་འདོད་པ་དང་འགལ་ལོ། །ཡང་དེའི་རྒྱུད་ལ་སྲེད་པ་འདོད་ཆགས་ཡོད་ན། ཁམས་གསུམ་གྱི་སས་བསྡུས་པ་ནི་འོང་དོན་མེད་པས། ངར་འཛིན་དང་མཚུངས་ལྡན་དུ་བྱུང་བའི་དེ་མེད་པར་གྲུབ་ལ་དེ་གྲུབ་པ་ན། བདེན་འཛིན་དང་མཚུངས་ལྡན་དུ་བྱུང་བའི་སྲེད་པ་ལས་འོས་མེད་པས་དེ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པར་འདོད་ན། སྔ་མ་བཞིན་དུ་ཁས་བླངས་ནང་འགལ་ལོ། །དེ་ལ་འདི་སྐད་ཅེས། སྐབས་འདིའི་ཉོན་མོངས་པ་ཅན་ཡིན་མིན་དེ་ཐལ་འགྱུར་བ་རང་ལུགས་ཀྱི་དེ་དང་དེ་མ་ཡིན་གྱི་མངོན་པ་ལ་གྲགས་པ་དེ་ཉིད་ཐད་སོར་བཞག་པ་ཡིན་ནོ། །ཞེས་ཟེར་བར་སྣང་བས། དེ་ཡང་རིགས་པ་མ་ཡིན་ཏེ། མངོན་པ་ལ་གྲགས་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་སྲེད་པས། ཡང་སྲིད་འཕེན་འགྲུབ་ཀྱི་ལས་གསོག་པ་ནི། བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་དང༌། སྤྱིར་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པས་སྡུག་བསྔལ་གྱི་ཕུང་པོའི་འཕེན་འགྲུབ་ཀྱི་རྒྱུ་བྱེད་པ་ནི། ཐེག་པ་གོང་འོག་གི་ཆོས་གང་ན་ཡང་མེད་པའི་ཕྱིར་རོ། །ཡང༌། སྟོང་པ་ཉིད་དང་བྲལ་བའི་སེམས། །ཞེས་སོགས་ཀྱི་མངོན་པ་ལ་གྲགས་པའི་ཆགས་བྲལ་དེ་ལ་ཡིད་བརྟན་དུ་མི་རུང་བའི་སྒྲུབ་བྱེད་ཀྱི་རྟགས་དང༌། ཤེས་བྱེད་ཀྱི་དཔེ་བསྟན་པ་དེ་ཡང་གཞུང་གི་དོན་མ་ཡིན་ཏེ། གཞུང་དེས་ནི་ཉན་ཐོས་སྡེ་པས་ལྷག་མེད་དུ་འདོད་པའི་དབྱིངས་དེ་ལས་སླར་ཡང་མཚན་འཛིན་གྱི་རྣམ་པར་རྟོག་པ་འབྱུང་བའི་རྟགས་དང་དཔེ་འཆད་པ་ཡིན་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་བཞག་པ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། བདེན་པ་མཐོང་བས་སོ། །གཉིས་པ་ལ་གཉིས་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་དགོས་པའི་སྒྲུབ་བྱེད་དང༌། མི་དགོས་པ་ལ་གནོད་བྱེད་དོ། །དང་པོ་ལ། ལུང་གི་སྒྲུབ་བྱེད་དང༌། ལུང་དེ་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ལ་གནོད་བྱེད་དོ། །དང་པོ་ནི་གྲོལ་བ་ཐོབ་པ་ལ་སྟོང་ཉིད་རྟོགས་པའི་ལམ་དགོས་ཏེ། དེ་མེད་ན་རྫོགས་པའི་བྱང་ཆུབ་མི་འབྱུང་བར་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཕྱིར། ཞེས་འཆད་པ་ནི། གང་ཕྱིར་ལུང་ལ་ཞེས་སོགས་སོ། །འདི་བྱང་ཆུབ་ཙམ་ལ་སྦྱར་ཡང་འགལ་བ་མེད་དེ། ལུགས་འདིར་ཐེག་དམན་ལ་བྱང་ཆུབ་མཚན་ཉིད་པ་མི་བཞེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་ལྟར་སྟོན་པའི་ཐེག་པ་ཆེན་པོ་ཉིད་བཀའ་མ་ཡིན་ནོ་ཞེ་ན། དེ་འགོག་པ་ལ་གཉིས་ཏེ། དེ་བཀའ་མ་ཡིན་ན་ཉན་ཐོས་ཀྱི་བསྟན་པ་བཀར་མི་འགྱུར་བ་དང༌། ཐེག་པ་ཆེན་པོ་དེ་བཀའ་མ་ཡིན་ན་ཉན་ཐོས་ཀྱི་བསྟན་པ་སྡུད་པ་པོ་འོད་སྲུངས་ཆེན་པོ་སོགས་སངས་རྒྱས་ཀྱི་བཀའ་སྡུད་པ་པོར་མི་འགྲུབ་པའོ། །དང་པོ་ནི། གལ་ཏེ་ཐེག་ཆེན་མ་གྲུབ་ན། །ཞེས་སོགས་སོ། །གཉིས་པ་ནི། ཆེན་པོ་ཞེས་བྱ་བ་དུས་ཕྱིས་བསྟན་པ་ལ་གནོད་པའི་བདུད་ཀྱི་བྱས་སོ་ཞེས་དང༌། ཀླུ་སྒྲུབ་ལ་སོགས་པའི་སྙན་ངག་མཁན་གྱིས་བྱས་སོ་ཞེས་ཟེར་བ་དེ་ལྟ་ན། འོ་ན་ཉན་ཐོས་ཀྱི་བསྟན་པའི་རྩ་བ་སྡུད་པ་པོ་ནི། ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དགྲ་བཅོམ་པ་ཉིད་ཡིན་པར་བཤད་ན་དགེ་སློང་དེ་ཉིད་ཀྱང་བསྟན་པ་སྡུད་པ་པོ་ཡིན་པར་དཀའ་བས་གནས་ཏེ། སྔ་མ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཞེས་སྟོན་པ་ནི། བསྟན་རྩ་དགེ་སློང་ཉིད་ཡིན་ན། །ཞེས་སོགས་སོ། །དེ་ཡང་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་མ་གསུངས་ན། ཉན་ཐོས་ཀྱི་བསྟན་པ་བཀའ་བསྡུ་བ་པོས་མ་བསྡུས་པ་མཚུངས་ཞེས་པའོ། །གཉིས་པ་གནོད་བྱེད་ལ། སྟོང་ཉིད་རྟོགས་པའི་ལམ་མེད་ན། སྤྱིར་མྱང་འདས་མི་འཐད་པར་ཐལ་བ་དང༌། དེ་མེད་ཀྱང་དེ་འཐད་པའི་ལན་དགག་པ་དང༌། དེས་ན་མྱང་འདས་དང་རྫོགས་བྱང་ཐོབ་པར་འདོད་པས་སྟོང་ཉིད་སྒོམ་དགོས་པར་གདམས་པའོ། །དང་པོ་ནི། དེ་མེད་ན་མྱ་ངན་ལས་འདས་པ་མེད་དགོས་ཏེ། མྱང་འདས་ཡིན་ན་མཚན་འཛིན་གྱི་རྟོག་པ་ཉེ་བར་ཞི་བས་ཁྱབ་པའི་ཕྱིར། ཞེས་སྟོན་པ་ནི། སེམས་ནི་ཞེས་སོགས་སོ། །དེ་ཡང་སྟོང་པ་ཉིད་མེད་ན། ཡུལ་རང་བཞིན་གྱི་མྱང་འདས་དང༌། ཡུལ་ཅན་མི་གནས་པའི་མྱང་འདས་གཉིས་ཀ་མི་འཐད་ཅེས་བྱ་བའི་དོན་ཡིན་གྱི་བོད་སྔ་མ་ཁ་ཅིག བསྟན་རྩ་ཞེས་སོགས་ལྷག་བཅས་ཀྱི་མྱང་འདས་དང༌། སེམས་ནི་ཞེས་སོགས་ལྷག་མེད་ཀྱི་མྱང་འདས་ལ་སྦྱོར་བ་ནི་སྐབས་ཀྱི་དོན་མ་ཡིན་ཞིང༌། འགྲེལ་མཛད་ཁུངས་ཐུབ་ཀྱི་ལུང་མེད་དོ། །གཉིས་པ་ནི། ཉན་ཐོས་སྡེ་པ་ན་རེ། ཀླུ་སྒྲུབ་ཀྱི་གཞུང་ལས། སྟོང་པ་ཉིད་ལ་རང་བཞིན་གྱིས་མྱང་འདས་དང༌། དེའི་ཡུལ་ཅན་ལ་མི་གནས་པའི་མྱང་འདས་སུ་འཆད་པ་དེ་ལྟར་དུ་མི་འདོད་ཀྱི། གང་ཟག་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱིས་ཁམས་གསུམ་གྱི་ཉོན་མོངས་སྤངས་པའི་འགོག་པ་མངོན་དུ་བྱས་པ་དེའི་ཚེ། མྱ་ངན་ལས་འདས་པ་ཐོབ་པར་ཁས་ལེན་པ་ཡིན་ནོ། །ཞེས་འཆད་པ་ནི་ཉོན་མོངས་སྤངས་པས་ཞེས་པའོ། །འོ་ན་དམན་པའི་ལྷག་བཅས་ཀྱི་དགྲ་བཅོམ་པ་མངོན་དུ་བྱས་མ་ཐག་ཏུ་གྲོལ་བར་འགྱུར་ཏེ། དེར་ཉོན་མོངས་ཟད་པའི་འགོག་པ་མངོན་དུ་བྱས་པའི་ཕྱིར། ཞེས་སྟོན་པ་ནི། དེ་མ་ཐག་ཏུ་དེར་འགྱུར་རོ། །ཞེས་པའོ། །འདོད་དོ་ཞེ་ན། དེ་ཆོས་ཅན། ཉོན་མོངས་སྤངས་ཀྱང་མྱང་འདས་མངོན་དུ་བྱས་པ་མ་ཡིན་ཏེ། ལས་ཀྱི་ནུས་པས་ཏེ། རྣམ་སྨིན་གྱི་སྡུག་བསྔལ་མཐོང་བའི་ཕྱིར། ཞེས་སྟོན་པ་ནི། ཉོན་མོངས་མེད་ཀྱང་ཞེས་སོགས་སོ། །དེ་ལ་ཉན་ཐོས་སྡེ་པ་ན་རེ། ལྷག་བཅས་ཀྱི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ལས་ཉོན་སྔ་མས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་ཡང༌། མྱང་འདས་མངོན་དུ་བྱས་པ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་ཕྱི་མ་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་སྲེད་པ་སྤངས་པའི་ཕྱིར། ཞེས་སྟོན་པ་ནི། རེ་ཤིག་ཅེས་སོགས་སོ། །དེ་སུན་འབྱིན་པ་ནི། དེ་ཆོས་ཅན། མྱང་འདས་མངོན་དུ་བྱས་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་སྲེད་པའི་དབང་གིས་ཟད་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་མ་སྤངས་པའི་ཕྱིར། ཞེས་སྟོན་པ་ནི། སྲེད་འདི་ཞེས་སོགས་སོ། །མདོར་ན། དམན་པའི་ལྷག་མེད་ཀྱི་མྱང་འདས་ཆོས་ཅན། མྱང་འདས་མཚན་ཉིད་པ་མ་ཡིན་ཏེ། གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོབ་པའི་ཕྱིར། ཞེས་པའོ། །འདིར་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡོད་པར་ཉན་ཐོས་སྡེ་པས་ཁས་ལེན་ཡང༌། དེའི་རྒྱུད་ལ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ཡོད་པར་ཁས་མི་ལེན་པས་དེ་ལ་དེ་ཡོད་པར་སྒྲུབ་པ་ནི། དེ་ཆོས་ཅན། མ་འོངས་པའི་ཕུང་པོ་ལ་སྲེད་པའི་སྲེད་པ་རང་རྒྱུད་ལ་འབྱུང་དུ་རུང་སྟེ། དེ་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། དེ་ཚང་སྟེ་དམིགས་སྐྱེན་ཟག་བཅས་ཀྱི་ཚོར་བ་དང༌། དེ་མ་ཐག་རྐྱེན་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་ཡོད་པའི་ཕྱིར་རོ། །ཞེས་སྟོན་པ་ནི། ཚོར་བའི་རྐྱེན་གྱི་ཞེས་སོགས་སོ། །མདོར་ན་དམན་པའི་ལྷག་མེད་ཀྱི་མྱང་འདས་ཆོས་ཅན། མྱང་འདས་གོ་ཆོ་པོ་མ་ཡིན་ཏེ། གཉེན་པོའི་སྟོབས་ཀྱིས་མཚན་འཛིན་གྱི་རྣམ་པར་རྟོག་པ་དང་མ་བྲལ་བའི་ཕྱིར། ཞེས་སྟོན་པ་ནི། དམིགས་པ་དང་ནི་བཅས་པའི་སེམས། །ཞེས་སོགས་སོ། །གསུམ་པ་ནི། མྱ་ངན་ལས་འདས་པ་དང༌། བྱང་ཆུབ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ཆོས་ཅན། སྟོང་ཉིད་རྟོགས་པའི་ལམ་སྒོམ་དགོས་ཏེ། གནས་སྐབས་སུ་འཁོར་བར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་དེ་དགོས། མཐར་ཐུག་མྱང་འདས་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལའང་དེ་དགོས་པའི་ཕྱིར། ཞེས་པའི་རྟགས་གཉིས་རིམ་པ་བཞིན་དུ་སྒྲུབ་པ་ནི། རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཞེས་སོགས་དང༌། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །ཅེས་གསུངས་སོ། །དེ་ལྟར་ན། ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་དེའི་སྲེད་པ་དྲུང་འབྱིན་པའི་ནུས་པ་མེད་པ་དེའི་ཕྱིར། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་དེ་དང་དེ་དྲུང་འབྱིན་པར་བྱེད་དགོས་པ་ཡིན་ནོ། །ཞེས་སྟོན་པ་ནི། གང་ཚེ་ཚོར་པོ་འགའ་མེད་ཅིང༌། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་བཟློག་མི་འགྱུར། །ཞེས་སོགས་གསུངས་པ་ཡིན་ནོ། །མདོར་ན་ཁོ་བོ་ཅག་གིས་ནི། བསྟན་ཆོས་མཛད་པ་འདི་དང༌། ཟླ་བའི་ཞབས་ཀྱིས་དགོངས་པ་གཉིས་གཅིག་དང་ཐ་དད་ནི་ལྐོག་ཏུ་གྱུར་ལ། དབྱངས་མི་གཅིག་པར་ནི་མངོན་སུམ་གྱིས་འགྲུབ་པ་ཡིན་ནོ། །རྒྱལ་བའི་སྲས་པོ་ཞི་བ་ལྷའི་གསུང་གི་བདུད་རྩིའི་ཐིགས་པ་ཆ་ཤས་ཙམ་ཞིག་གང་གི་ཡིད་ལ་ཉེ་བར་སིམ་ན་སྲིད་པ་དང་ཞི་བའི་རྒུད་པ་མཐའ་དག་ལས་ཉེ་བར་གྲོལ་བར་འགྱུར་བའི་ལུང་གི་དོན་ལ། བོད་ཕྱི་རབས་པ་དག་གིས་རང་གི་འདོད་པས་བརྟགས་པའི་གྲུབ་པའི་མཐའ་ཆུང་ངུ་འགའ་ཞིག་སྒྲིབ་པའི་ཕྱིར་དུ་ཕྱིན་ཅི་ལོག་ཁོ་ནར་བཤད་ལ། བོད་སྔ་མ་དག་གིས་ནི། གཞུང་གི་ཚིག་ཟུར་ཕྱིན་པ་མ་བཤད་པས་གཞུང་དོན་ཇི་ལྟར་ཡིན་པའི་ཚུལ་འཆད་པ་པོ་ཕྱི་མ་རྣམས་ཀྱིས་ཤེས་པར་མ་ནུས་ལ། མ་བཤད་པ་དང༌། ལོག་པར་བཤད་པ་དང་ཧ་ཅང་བཤད་ཆེས་པའི་ཉེས་པ་སྤངས་ནས་ཕྱི་མའི་སྐྱེ་བོ་དག་ལ་ལེགས་པར་བཤད་པའི་གཏམ་དུ་བྱ་བ་ནི། འདིར་བཤད་མ་ཐག་པ་དེ་ཁོ་ན་ཡིན་ནོ་ཞེས་ཤེས་པར་བྱའོ། །འདིར་སྨྲས་པ། རྣམ་དཔྱོད་ཆུ་མཚོའི་ལག་པས་མ་བཏང་བའི། །ལེགས་བཤད་ཀུ་མུད་གསར་པའི་དོ་ཤལ་དང༌། །སྙན་གྲགས་སྒེག་མོའི་འཛུམ་ཕྲེང་བརྒྱ་ཕྲག་གི །ཀུན་དགའ་གསར་བས་ཐུབ་བསྟན་དགེ་བར་མཛོད། །ཅེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། དོན་དམ་པའི་བདེན་པ་རྣམ་པར་བཤད་པ་ལས་འཕྲོས་པའི་དོན་ཚན་སོ་སོ་ལ་མཁས་པར་བྱ་བའི་ལེའུ་སྟེ་དྲུག་པའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*