ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས། ལྟ་བའི་གནས་མཐའ་དག་ལ་མཁས་པར་བྱ་བའི་ལེའུ་སྟེ་དགུ་པ།

༼བ༽༄༅། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས། ལྟ་བའི་གནས་མཐའ་དག་ལ་མཁས་པར་བྱ་བའི་ལེའུ་སྟེ་དགུ་པའོ།།

ངེས་དོན་གསུང་མཛད་སྟོན་པའི་གསུང་རབ་ཀུན། །མཐར་འཛིན་སྲོལ་དུ་ནམ་ཡང་མི་འདྲེན་པར། །མཐའ་བྲལ་དབུ་མའི་ལམ་དུ་འདྲེན་མཁས་པའི། །རྒྱལ་བ་གཉིས་པ་དེ་ལ་ཕྱག་བགྱི་འོ། །ངག་གི་དབང་པོའི་ཚེམས་དཀར་གཞོན་ནུ་ལས། །དལ་བུར་འབབ་པའི་བདུད་རྩིའི་སྤུ་ཕྲེང་ནི། །ཉེ་བར་སིམ་པའི་རྣམ་དཔྱོད་ཟློས་གར་མཁན། །ཐུབ་བསྟན་འདབ་བརྒྱའི་ཚལ་དུ་རོལ་ཞིང་རྩེ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུམ་པ་རིགས་པ་དེས་གཏན་ལ་ཕབ་པའི་དབུ་མའི་ལྟ་བ་ངོས་བཟུང་སྟེ་གྲུབ་དོན་བསྟན་པ་ཞེས་བྱ་བ་དེ་འཆད་པ་ལ། དོན་གསུམ་སྟེ། གྲུབ་མཐའ་སྨྲ་བ་སོ་སོའི་ལྟ་བའི་ཁྱད་པར་ངོས་བཟུང༌། དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བཤད། དེ་ལ་རྩོད་པ་སྤངས་ཏེ་རང་སྟོང་དང་གཞན་སྟོང་གི་དོན་ཇི་ལྟར་ཡིན་པའི་ཚུལ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྟག་ཆད་ཀྱི་ལྟ་བ་ངོས་བཟུང༌། དེ་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སོ་སོའི་ལྟ་བའི་ཁྱད་པར་མ་འདྲེས་པར་བཤད། དེ་དག་ལས་དབུ་མའི་ལྟ་བ་གང་ཡིན་བསམ་པའོ། །དང་པོ་ནི། གངས་ཅན་པ་ཕྱི་མ་དག་ན་རེ། རང་བཞིན་གྱིས་ཡོད་པར་ཞེན་པའི་ལྟ་བ་ཐམས་ཅད་རྟག་པའི་ལྟ་བ་དང༌། ཆོས་གང་ཞིག་ཐ་སྙད་དུ་ཡང་མེད་པར་ཞེན་པའི་ལྟ་བ་གང་ཡིན་པ་དེ་ཐམས་ཅད་ནི་ཆད་པའི་ལྟ་བ་ཞེས་བྱ་སྟེ། ཇི་སྐད་དུ། བསྟན་བཅོས་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱ་འོ། །ཞེས་གསུངས་པས་སོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྟག་ཆད་ཀྱི་ལྟ་བ་ངོས་འཛིན་པའི་སྐབས་མ་ཤེས་པ་དང༌། རྟག་ཆད་ཀྱི་ལྟ་བ་རང་གི་ངོ་བོ་ངོས་འཛིན་ཚུལ་འཁྲུལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འདི་ལྟར། རྒྱལ་བས་དང་པོར་བསོད་ནམས་མ་ཡིན་པ་བཟློག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་རྟག་པའི་ལྟ་བ་བསྟན་པར་འགྱུར་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་གྱིས་ཡོད་པར་བསྟན་པའི་ཕྱིར་རོ། །དབུ་མ་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པ་དེའི་ཚེ་ཡང་རྟག་པའི་ལྟ་བ་ཁས་བླངས་པར་འགྱུར་ཏེ། འཇིག་རྟེན་ན་གྲགས་པའི་དོན་དམ་པའི་བདེན་པ་རྣམས་དེ་ལ་ཇི་ལྟར་གྲགས་པ་བཞིན་དུ་ཁས་བླངས་པའི་ཕྱིར་རོ། །ཡང་སྟོན་པས་བར་དུ་བདག་བཟློག་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མར་ལྟ་བ་ཀུན་བཟློག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ན་ཆད་པའི་ལྟ་བ་བསྟན་པར་འགྱུར་ཏེ། དེའི་ཚེ་འཇིག་རྟེན་ལ་གྲགས་པའི་ཆོས་རྣམས་འཕགས་པའི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །ཡང་དབུ་མ་པས། དོན་དམ་པའི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ། ཆད་པའི་ལྟ་བ་ཁས་བླངས་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པར་བཤད་པ་དེ་རྣམས་རང་ལུགས་ལ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པའི་ཚུལ་གསལ་བར་གཏན་ལ་འབེབས་པའི་ཕྱིར་རོ། །དེ་དག་ལ་འདོད་པར་ནུས་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ན། ལས་འབྲས་དང༌། དེའི་རྟེན་དུ་གྱུར་པའི་གང་ཟག་དང༌། བདག་ཡོད་པར་ལྟ་བ་ལ་ཡང་དག་པའི་ལྟ་བ་དང༌། དེའི་ལོག་ཕྱོགས་ལ་ལོག་པའི་ལྟ་བར་བཤད་པའི་ཕྱིར་དང་བར་དུ་བདག་བཟློག་པའི་འཁོར་ལོ་དང༌། རིགས་པ་དབང་བཙན་པར་བྱས་པ་དེའི་ཚེ། ལས་འབྲས་དང་གང་ཟག་སོགས་མེད་པར་ལྟ་བ་ལ་ཡང་དག་པའི་ལྟ་བ་དང༌། དེའི་ལོག་ཕྱོགས་ལ་ལོག་པའི་ལྟ་བར་བཤད་པའི་ཕྱིར་དང༌། ཐ་མར་སྤྲོས་པ་ཐམས་ཅད་བཟློག་པ་དེའི་ཚེ་ནི། སྔ་མ་གཉིས་ཀ་ཡང་ལོག་པའི་ལྟ་བ་དང༌། སྤྲོས་པ་མཐའ་དག་དང་བྲལ་བའི་ལྟ་བ་ལ་ཡང་དག་པའི་ལྟ་བར་འཆད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རིན་ཆེན་ཕྲེང་བ་ལས། མདོར་ན་མེད་པར་ལྟ་བ་ཉིད། །དེ་ནི་ལོག་པར་ལྟ་ཞེས་བཤད། །མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་པས་ཡོད་དང་མེད་ཞིའི་ཕྱིར། །སྡིག་དང་བསོད་ནམས་བྱ་བ་འདས། །དེ་ཡིས་ངན་སོང་བདེ་འགྲོ་ལས། །དེ་ནི་ཐར་པ་དམ་པར་བཤད། །སྐྱེ་བ་རྒྱུ་དང་བཅས་མཐོང་བས། །མེད་པ་ཉིད་ལ་འདས་པ་ཡིན། །འགོག་པ་རྒྱུ་དང་བཅས་མཐོང་བས། །ཞེས་དང༌། རིགས་པ་དྲུག་ཅུ་པར། ང་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །དེ་ཡི་འོག་ཏུ་དབེན་པ་འོ། །ཞེས་གསུངས་པ་དེའི་དོན་ལ་བརྟགས་པ་ན། ངེས་དོན་གྱི་ཁང་བཟངས་སུ་འཇུག་པའི་ཐོག་མར་ཤེས་བྱ་ཇི་སྙེད་པ་མཐའ་དག་སྤྱིར་ཡོད་པ་དང༌། ཁྱད་པར་དུ་དེ་དང་དེ་འཛིན་པའི་ལྷན་ཅིག་སྐྱེས་པའི་རྟོག་པ་ལ་ཇི་ལྟར་སྣང་ཞིང་གྲགས་པ་བཞིན་དུ་བསྟན་དགོས་པ་དང༌། དེ་མ་བསྟན་པར་ཐོག་མ་ཉིད་ནས་དབུ་མའི་ལྟ་བ་བསྟན་ན་དོན་དུ་མི་འགྱུར་བར་བཤད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། རྣམ་པར་དབེན་དོན་མི་ཤེས་ལ། །ཐོས་པ་ཙམ་ལ་འཇུག་བྱེད་ཅིང༌། །གང་རྣམས་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཐ་ཤལ་དེ་དག་རླག །ལས་ཀྱི་འབྲས་བུ་ཡོད་པ་དང༌། །འགྲོ་བ་རྣམས་ཀྱང་ཤིན་ཏུ་བརྗོད། །དེ་ཡི་རང་བཞིན་ཡོངས་ཤེས་དང༌། །སྐྱེ་བ་མེད་པ་དག་ཀྱང་བསྟན། །དགོས་པའི་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུང་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་ནི་དགོས་པའི་དབང་གིས་གསུངས། །ཞེས་དང༌། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཏེ། །ཞེས་གསུངས་པ་ལས་ནི་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པའི་ཚུལ་ངེས་ཟིན་པའི་འོག་ཏུ་ནི། སྔར་ཁས་བླངས་པ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁས་ལེན་དགོས་པ་དང༌། ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པ་མ་ཡིན་པ་དང༌། དེ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེ་དོན་དམ་པའི་བདེན་པར་ཁས་ལེན་པའི་ཚུལ་ངེས་ཟིན་པའི་འོག་ཏུ་ནི། སྔར་བཤད་པ་དེ་ལྟ་བུའི་ཡོད་མེད་ཀྱི་སྤྲོས་པ་ཇི་སྙེད་པ་དེ་དག་ཀྱང༌། ཁས་བླང་བྱ་མ་ཡིན་པར་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཇི་སྲིད་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པ་དེ་སྲིད་དུ། ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་ལྟ་བའི་ཤེས་རབ་དེ་ལ་རྟག་པའི་ལྟ་བར་མི་བཞག་སྟེ། དེ་ལྟར་བཞག་ན། དེར་ལྟ་བ་དེ་ཉིད་མཐར་འཛིན་གྱི་ལྟ་བར་གོ་ནས་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། ཟླ་བའི་ཞབས་ཀྱིས། སྐྱེ་བོ་བློ་གྲོས་མ་བྱང་བ་དག་ཐོག་མ་ཁོ་ནར་སྟོང་པ་ཉིད་དུ་ལྟ་བ་ལ་བཙུད་ན། ཤིན་ཏུ་མགོ་རྨོངས་པར་འགྱུར་ཏེ། དེ་བས་ན་འཕགས་པ་རྣམས་ཐོག་མ་ཁོ་ནར་སྟོང་པ་ཉིད་མི་སྟོན་ཏོ། །ཞེས་གསུངས་སོ། །ཡང་ཇི་སྲིད་བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་ནས། རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པ་དེའི་ཚེ་ན། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་རང་བཞིན་གྱིས་གྲུབ་པར་ལྟ་བ་དེ་རྟག་པའི་ལྟ་བར་བཞག་ནུས་ཀྱང༌། མྱ་ངན་ལས་འདས་པ་བདེན་པར་ལྟ་བའི་ཤེས་རབ་དེ་དེར་བཞག་ནུས་པ་མ་ཡིན་ཏེ། དེར་བཞག་ན་དེ་འདྲ་དེ་རྟག་པའི་ལྟ་བར་གོ་ནས་དོན་དམ་པའི་བདེན་པ་ཁས་ལེན་པ་ལས་ཉམས་པའི་ཕྱིར་རོ། །དེ་དེར་ཁས་མ་བླངས་ན་ཉེས་པ་ཅི་ཞིག་ཡོད་སྙམ་ན། དེ་ཁས་མ་བླངས་ན་འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པ་རྣམས་བརྫུན་པའི་དོན་ཅན་དུ་གོ་བར་མི་འགྱུར་བའི་ཉེས་པ་འབྱུང་སྟེ། ཇི་སྐད་དུ། དྲུག་ཅུ་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། མྱ་ངན་ལས་འདས་པ་འདི་ནི་མི་སླུ་བའི་ཆོས་ཅན་བདེན་པའི་ཕྱོགས་གཅིག་བུའོ། །ཞེས་གསུངས་ཏེ། ལུང་འདི་ལས་ནི། ཤེས་རབ་ཅན་སུ་ཞིག་ཕུང་པོ་ལ་སོགས་པ་བརྫུན་པའི་དོན་དུ་ཁོང་དུ་ཆུད་པར་མི་འགྱུར། ཞེས་གསུངས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་ངོ་བོ་སོ་སོ་ངེས་ཟིན་པའི་འོག་ཏུ་ནི། ཆོས་གང་རང་བཞིན་གྱིས་གྲུབ་པར་ཞེན་པ་ལྟ་ཅི་སྨོས། ཡོད་པ་ཙམ་དུ་ཞེན་པའི་རྟོག་པ་དེ་ཡང་མཐར་འཛིན་པའི་ལྟ་བ་ཉིད་ལས་མ་འདས་ཏེ། ཇི་སྲིད་ཡོད་པར་ཞེན་པ་དེ་སྲིད་དུ་ནི་རྟག་པར་འཛིན་པ་ཡིན་ལ། ཡོད་པ་དེ་ཉིད་ནམ་ཞིག་གི་ཚེ། རྒྱུན་ཆད་ནས་མེད་པར་སོང་བར་ཁས་ལེན་པ་དེའི་ཚེ་ཆད་པའི་ལྟ་བ་ཁས་བླངས་པར་སོང་བའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་དུས་དེར་ནི། སྤྲོས་པའི་མཐའ་གང་ཁས་བླངས་ཀྱང་རྟག་ཆད་ཀྱི་ལྟ་བ་ལས་མ་འདས་སོ། །མདོར་ན་ཀུན་རྫོབ་ཀྱི་བདེན་པ་ཙམ་དང་ཐབས་ཀྱི་ཆ་རྐྱང་པ་ཁས་བླངས་ནས་སྤྱོད་པ་ལ་འཇུག་པ་དེའི་ཚེ་ནི། རང་བཞིན་གྱིས་གྲུབ་པར་ཞེན་པའི་ཤེས་རབ་དེ་ལ་རྟག་པའི་ལྟ་བར་མི་འཇོག་ཅིང༌། དེའི་འོག་ཏུ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ཁས་བླངས་ནས་བདེན་འཛིན་གྱི་སྤྲོས་པ་གཅོད་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་ཆོས་གང་ཡང་མེད་པར་ཞེན་པའི་བློ་དེ་ཡང་ཆད་པའི་ལྟ་བར་འཇོག་མི་ནུས་པ་དེའི་ཕྱིར། དེ་དག་སྐབས་དེ་དང་དེར་ཡང་དག་པའི་ལྟ་བ་ཡིན་ཏེ། ལྟ་བ་དེ་དག་སྐབས་དེ་དང་དེར་རང་གི་བསལ་བྱར་གྱུར་པའི་ཕྱིན་ཅི་ལོག་གི་ལྟ་བ་དེ་དང་དེའི་གཉེན་པོར་གྱུར་པའི་ལྟ་བ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འོ་ན་ལུགས་འདི་ལ་དུས་ནམ་གྱི་ཚེ་དང༌། གནས་སྐབས་གང་དུ་རྟག་ཆད་ཀྱི་ལྟ་བ་ངོས་བཟུང་ནས་དེ་སུན་འབྱིན་པར་བྱེད་པ་ཡིན་ཞེ་ན། གནས་སྐབས་ནི་དོན་དམ་པའི་བདེན་པ་ལ་ཞུགས་ནས་ལྟ་བས་སྤྲོས་པ་གཅོད་པའི་སྐབས་སུའོ། །དུས་ནི་བར་དུ་བདེན་འཛིན་གྱི་སྤྲོས་པ་གཅོད་པ་དང༌། ཐ་མར་བདེན་མེད་ཀྱི་སྤྲོས་པ་དང༌། སྤྲོས་བྲལ་གྱི་སྤྲོས་པ་ཡང་གཅོད་པ་དེའི་ཚེ་ནའོ། །ཞེས་བྱ་བ་འདི་ཡང་གྲུབ་པའི་དོན་ནོ། །འོ་ན་གཞན་གྱིས་སྨྲས་པའི་རྟག་ཆད་ཀྱི་ལྟ་བ་ངོས་འཛིན་འཁྲུལ་པའི་ཚུལ་ཇི་ལྟར་ཞེ་ན། རང་བཞིན་གྱིས་གྲུབ་པ་དང༌། ཐ་སྙད་དུ་མེད་པ་གཉིས་ཀ་ཡང་དབུ་མའི་བསྟན་བཅོས་སུ་སྐབས་དེ་དང་དེར། ཁས་ལེན་དགོས་པའི་གནས་སྐབས་སོ་སོ་ཐ་དད་པ་དུ་མ་མཐོང་བའི་རྒྱུ་མཚན་ལས་དང༌། ཁྱེད་རྟག་ཆད་ཀྱི་ལྟ་བར་འདོད་པ་དེའི་ལོག་ཕྱོགས་སུ་གྱུར་པའི་ཆོས་ཐམས་ཅད་དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པ་ཞེས་བྱ་བ་དེ། དབུ་མའི་རང་ལུགས་མཐར་ཐུག་མ་ཡིན་པར་གོང་དུ་བསྒྲུབས་ཟིན་པའི་རྒྱུ་མཚན་ལས་དང༌། མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པར་ཁས་ལེན་པ་དེའི་ཚེ། དེ་བདེན་པར་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པར་ཁས་ལེན་དགོས་ཤིང༌། དེ་ཉིད་སྐབས་དེར་ཡང་དག་པའི་ལྟ་བ་ཡིན་པའི་རྒྱུ་མཚན་ལས་དང༌། མདོར་ན་བར་དུ་བདེན་འཛིན་གྱི་སྤྲོས་པ་གཅོད་པ་དེའི་ཚེ་རྟག་ལྟའི་ངོས་འཛིན་རྒྱ་ཆེས་པ་དང༌། ཐ་མར་སྤྲོས་པ་ཀུན་ཟློག་པ་དེའི་ཚེ་ནི། རྟག་ལྟའི་ངོས་འཛིན་རྒྱ་ཆུང་པའི་རྒྱུ་མཚན་ལས་སོ། །ཆད་པའི་ལྟ་བ་ངོས་མ་ཟིན་པའི་ཚུལ་ཡང་འདི་ལྟར་ཆོས་གང་ཞིག་མེད་དོ་ཞེས་ཁས་བླངས་པ་ཙམ་གྱིས་ཆད་པའི་ལྟ་བ་ཞེས་བྱ་བ་དེར་འགྱུར་བའི་ངེས་པ་ཡོད་པ་མ་ཡིན་ཏེ། སྤྱིར་ཆད་པའི་ལྟ་བ་ཞེས་བྱ་བ་དེར་འཇོག་པ་ལ། སྔར་དོན་གང་ཞིག་ཚད་མས་གྲུབ་པར་ཁས་བླངས་ནས་དེ་ཉིད་ཕྱིས་མེད་པར་ཁས་བླངས་ན་ཆད་པའི་ལྟ་བར་འགྱུར་བ་ཡིན་གྱི། སྔར་དེ་ལྟར་ཁས་ལེན་མ་མྱོང་བར་དང་པོ་ནས་དོན་དེ་དང་དེ་མེད་པར་ཁས་བླངས་པ་ལ་ནི། ཆད་པའི་ལྟ་བར་འཇོག་པ་མ་ཡིན་པའི་ཕྱིར། དཔེར་ན་མོ་བཤམ་གྱི་བུ་མེད་པར་ལྟ་བ་བཞིན་ནོ། །གལ་ཏེ་འདི་སྙམ་དུ། རྒོལ་བ་དེས་དོན་དེ་ཡོད་པར་ཁས་མ་བླངས་ཀྱང༌། སྤྱིར་ཚད་མས་གྲུབ་པའི་དོན་ཞིག་རྒོལ་བ་དེས་མེད་པར་ཁས་བླངས་ན་ཆད་པའི་ལྟ་བར་འཇོག་པ་ཡིན་ནོ། །སྙམ་ན་དེ་ཡང་མ་ཡིན་ཏེ། དེ་ལྟ་ན་རྒྱང་འཕན་གྱིས་སྐྱེ་བ་སྔ་ཕྱི་དང༌། བདེན་པ་བཞི་མེད་དོ་ཞེས་སྐུར་པ་འདེབས་པ་དེ་ཡང་ཆད་པའི་ལྟ་བ་ཁས་བླངས་པ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ཡང་འདོད་ནུས་པ་མ་ཡིན་ཏེ། གཞན་དུ་ན་ལྟ་བ་ལྔ་ཡི་རྣམ་དབྱེ་ཐ་དད་འབྱེད་རྒྱུ་མེད་པར་ཐལ་བའི་ཕྱིར་དང༌། ལོག་པར་ལྟ་བ་ཡང་ཆད་ལྟའི་ནང་དུ་འདུས་པར་ཐལ་བའི་ཕྱིར་རོ། །ཡང་མཐར་སྤྲོས་བྲལ་གྱི་སྤྲོས་པ་ཡང་འགོག་པ་དེའི་ཚེ་ནི། སྟོང་པ་ཉིད་ཀྱང་མེད་དོ་ཞེས་ཁས་བླངས་པ་ཙམ་གྱིས་ཆད་པའི་ལྟ་བར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ན་ཡོད་པ་འགོག་དགོས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མེད་དོ་ཞེས་བརྗོད་པས་ཡོད་ཙམ་འགོག་པ་ཡིན་གྱི། མེད་པར་སྒྲུབ་པ་ནི་མ་ཡིན་ཏེ། སྤྲོས་པ་མཐའ་དག་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཕྱིར་ངོ་བོ་ཉིད་མེད་པར་སྨྲ་བས་བདེན་གཉིས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པར་ངེས་ཟིན་པའི་མཐར་ནི་ཡོད་པ་ཞེས་བྱ་བའི་ཆོས་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་ཡང་ཁས་མི་ལེན་མོད། དེ་ཙམ་གྱིས་ཆད་པའི་ལྟ་བར་འགྱུར་བ་མ་ཡིན་ཏེ། དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་མེད་པར་ཁས་བླངས་པས་ཆད་པའི་ལྟ་བར་མི་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཡང༌། ཚིག་གསལ་ལས། དངོས་པོའི་རང་བཞིན་སྔར་དམིགས་པ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བར་འགྱུར་གྱི། གང་ཞིག་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་ལྟར་གྱུར་ཅིང༌། ཅི་ཡང་མི་དམིགས་པར་མེད་དོ་ཞེས་སྨྲ་ན། ཅི་ཞིག་མེད་པར་སྨྲས་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར། ཞེས་གསུངས་སོ། །དེ་ལྟར་གཞན་གྱི་ལུགས་སུན་ཕྱུང་ནས། གཉིས་པ་རང་གི་ལུགས་བཞག་པ་ལ་གཉིས་ཏེ། བདག་འཛིན་གྱི་སྤྲོས་པ་གཅོད་པའི་དུས་ཀྱི་རྟག་ཆད་ཀྱི་ལྟ་བ་ངོས་བཟུང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་དུས་ཀྱི་རྟག་ཆད་ཀྱི་ལྟ་བ་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། རྟག་པའི་ལྟ་བ་ངོས་བཟུང༌། ཆད་པའི་ལྟ་བ་ངོས་བཟུང་བའོ། །དང་པོ་ནི། འཇིག་རྟེན་གྱི་ཀུན་རྫོབ་བདེན་པར་བཤད་པ་ཇི་སྙེད་པ་དེ་དག་འཕགས་པ་ལ་གྲགས་པའི་ཚད་མས་གྲུབ་པས་ཁས་བླངས་ན། རྟག་པར་འགྱུར་བ་ཡིན་ཏེ། ཚད་མ་དེས་གྲུབ་པའི་དོན་ལ་ཚད་མ་གཞན་གྱིས་ནམ་ཡང་གནོད་པར་མི་ནུས་པའི་ཕྱིར་རོ། །འདིར་འཕགས་པའི་ཚད་མས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། དོན་དམ་པར་གྲུབ་པ་དང་བདེན་པར་གྲུབ་པ་ཞེས་བྱ་བ་རྣམས་སྐབས་འདིར་དོན་གཅིག་ལ་འདུ་བ་ཡིན་ཏེ། སྐབས་འདིར་མཉམ་བཞག་ཏུ་སྤྲོས་པ་གཅོད་པ་དེའི་ཚེ་ནི། ཚད་མས་གྲུབ་པ་ཞེས་བྱ་བའི་ཆོས་ཅུང་ཟད་ཀྱང་ཁས་མི་ལེན་ལ། རྗེས་ཐོབ་ཏུ་ཐ་སྙད་འདོགས་པ་དེའི་ཚེ་ནི། འཕགས་པའི་ཚད་མས་གྲུབ་པ་ལ་དོན་དམ་པར་གྲུབ་པ་དང༌། དོན་དམ་པའི་བདེན་པ་ཞེས་བྱ་བའི་མིང་འདོགས་པ་ཡིན་པའི་ཕྱིར་དང༌། གང་དོན་དམ་པའི་བདེན་པ་ཡིན་ན། དོན་དམ་པའི་བདེན་པ་ཉིད་དུ་གྲུབ་དགོས་པ་ཡིན་ཏེ། དེ་ཡིན་ན་ཡུལ་ཅན་དོན་དམ་པ་དེའི་ངོར་མི་སླུ་བ་ཉིད་དུ་གྲུབ་དགོས་པའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། སྐབས་འདིར་ཀུན་རྫོབ་བདེན་གྲུབ་ཏུ་ཁས་བླངས་ན། རྟག་པར་འགྱུར་བ་ཡིན་གྱི་དོན་དམ་བདེན་གྲུབ་ཏུ་ཁས་བླངས་པ་ཙམ་གྱིས་དེར་འགྱུར་བ་མ་ཡིན་ཏེ། སྐབས་འདིར་ནི་ཀུན་རྫོབ་བདེན་གྲུབ་བཀག་ནས་ཀུན་རྫོབ་བདེན་པས་སྟོང་པ་དེ་དོན་དམ་པའི་བདེན་པ་དང༌། མི་སླུ་བ་དང༌། རང་བཞིན་ཉིད་དུ་འབད་ནས་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་འདི་ངེས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །ཅེས་དང༌། དེའི་འགྲེལ་པར། གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལ་བཟློག་པ་མེད་པས། ནམ་ཡང་མེད་པ་མ་ཡིན་ཏེ། དེ་ལྟར་རང་བཞིན་ཡོད་པ་ཉིད་དུ་ཁས་བླངས་པས་རྟག་པར་ལྟ་བར་འགྱུར་ལ་ཞེས་གསུངས་སོ། །དེ་ལྟར་ན་ཀུན་རྫོབ་ཀྱི་རང་བཞིན་གཞན་དུ་འགྱུར་བར་ཁས་མ་བླངས་ན། དོན་དམ་པའི་བདེན་པ་བཞག་ཏུ་མི་རུང་བས། ཀུན་རྫོབ་ཀྱི་ཆོས་རྣམས་རང་བཞིན་གྱིས་མེད་པར་ཁས་ལེན་ལ། དེ་ལྟ་ན་ཡང་ཆད་པའི་ལྟ་བར་མི་འགྱུར་ཏེ། སྔར་དབུ་མ་པས་ཀུན་རྫོབ་ཁས་བླངས་པ་དེ། འཇིག་རྟེན་གྱི་གྲགས་པ་ཉིད་ལ་བརྟེན་ནས་གཞན་ངོར་ཁས་བླངས་པ་ཡིན་གྱི། རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་མ་བླངས་པའི་ཕྱིར། དོན་དམ་པའི་བདེན་པ་རང་བཞིན་གྱིས་གྲུབ་པར་ལྟ་བ་དེ་ནི་རྟག་པའི་ལྟ་བ་མ་ཡིན་ཏེ། གནས་ལུགས་དང་མཐུན་པར་རྟོགས་པའི་ལྟ་བ་ཡིན་པའི་ཕྱིར། དེ་ཡང་འདིར་དོན་དམ་བདེན་པའི་རང་བཞིན་མེད་པར་ཁས་བླངས་ན་ཆད་པའི་ལྟ་བར་འགྱུར་བ་ཡིན་ཏེ། འདིར་དེའི་རང་བཞིན་ཚད་མས་གྲུབ་པར་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར་དང༌། དོན་དམ་པའི་རང་བཞིན་ཁྱད་པར་གསུམ་ལྡན་དུ་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རབ་ཏུ་བྱེད་པ་འདི་ཉིད་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་རུང་བ་མ་ཡིན་ནོ། །ཞེས་བཤད་པས་སོ། །དེའི་ཕྱིར་དོན་དམ་པའི་བདེན་པ་རང་བཞིན་གྱིས་གྲུབ་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་རང་བཞིན་གྱིས་གྲུབ་པར་ལྟ་བ་ཞེས་བྱ་བ་ལྟ་བ་ཕྱིན་ཅི་ལོག་དེའི་གཉེན་པོར་གྱུར་པའི་ལྟ་བ་ཡིན་པའི་ཕྱིར་རོ། །དེས་ན་སྟོང་པ་ཉིད་ལ་རང་བཞིན་དུ་ཁས་ལེན་པའི་སྐབས་དང༌། སྟོང་ཉིད་རང་བཞིན་མེད་པར་ཁས་བླངས་པའི་སྐབས་གཉིས་སོ་སོར་ཕྱེད་དགོས་ཏེ། དེ་གཉིས་ཀ་སྐབས་གཅིག་ཏུ་ཅིག་ཅར་ཁས་བླངས་ན་ཆད་པའི་ལྟ་བ་ལས་མ་འདས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སྟོང་པ་ཉིད་དེ་རང་བཞིན་དུ་ཚད་མས་གྲུབ་པར་ཁས་བླངས་ནས་དེ་རང་བཞིན་གྱིས་མེད་པར་ཁས་བླངས་ན་རང་བཞིན་གཞན་དུ་འགྱུར་བར་ཁས་བླངས་པ་ཉིད་དུ་སོང་བའི་ཕྱིར། དེ་སྐད་དུ་ཡང༌། རང་བཞིན་ཡོད་པ་ཡིན་ན་ཡང༌། །གཞན་དུ་འགྱུར་བ་ཇི་ལྟར་རུང༌། །ཞེས་གསུངས་སོ། །གལ་ཏེ་འོ་ན། ཇི་སྐད་དུ། རབ་ཏུ་བྱེད་པ་དེ་ཉིད་ལས། གང་དག་རང་བཞིན་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལས། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་རང་བཞིན་དང་དངོས་པོར་མེད་པའི་ཆོས་འགའ་ཞིག་ཀྱང་རང་བཞིན་གྱིས་གྲུབ་པར་བཀག་པ་མ་ཡིན་ནམ། ཇི་ལྟར་ན་དོན་དམ་པའི་བདེན་པ་རང་བཞིན་གྱིས་གྲུབ་པ་མ་བཀག་ཅེ་ན། དེ་ཡང་རང་བཞིན་བརྟག་པའི་རབ་ཏུ་བྱེད་པ་འདིར་ནི་སྟོང་པ་ཉིད་བདེན་གྲུབ་བཀག་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གོང་དུ། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །ཞེས་པར། དངོས་པོ་དང་འདུས་བྱས་ཀྱི་རང་བཞིན་བཀག་པ་ལ་འཕྲོས་ནས། དངོས་པོར་སྨྲ་བ་དག་ན་རེ། དངོས་པོའི་རང་བཞིན་ཡང་དག་དངོས་པོ་དེ་བཀག་པའི་དངོས་མེད་ཡོད་པའི་ཕྱིར། ཞེས་ཟེར་བ་དེའི་ལན་དུ་སྔར་དངོས་པོའི་རང་བཞིན་ཁས་བླངས་ནས་ཕྱིས་དེ་བཀག་པའི་དངོས་མེད་ཁས་བླངས་ན། དངོས་པོའི་རང་བཞིན་ཁས་བླངས་པར་འགྱུར་བ་བདེན་ན་ཡང༌། སྔར་དེ་ཁས་མ་བླངས་པའི་ཕྱིར། དེ་བཀག་པའི་དངོས་མེད་ཀྱང་ཁས་མི་ལེན་ཏོ། །ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་དང༌། དེའི་འགྲེལ་པ་ལས། གལ་ཏེ་དངོས་པོ་ཞེས་བྱ་བ་གང་ཞིག་ཡོད་པར་གྱུར་ན་ནི་དེ་གཞན་དུ་གྱུར་པ་ལས་དངོས་པོ་མེད་པར་འགྱུར་བ་ཞིག་སྟེ། འདི་ལྟར་བུམ་པ་ལ་སོགས་པ་ད་ལྟར་གྱི་གནས་སྐབས་ལས་ཉམས་ཤིང༌། གཞན་དུ་གྱུར་པ་ཐོབ་པ་དག་ནི་འཇིག་རྟེན་ན་དངོས་པོ་མེད་པའི་སྒྲའི་བརྗོད་བྱར་འགྱུར་བ་ཡིན་ནོ། །གང་གི་ཚེ་བུམ་པ་ལ་སོགས་པ་འདི་དག དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པ་དེའི་ཚེ། ཡོད་པ་མ་ཡིན་པའི་རང་བཞིན་ཅན་རྣམས་ལ། གཞན་དུ་འགྱུར་པ་ཉིད་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་བཤད་པ་ན་རང་བཞིན་བརྟག་པའི་རབ་བྱེད་འདིར། དངོས་པོ་ཉིད་གཞིར་བྱས་པའི་རང་བཞིན་དང༌། གཞན་དངོས་འགོག་པར་མཛད་པ་ཡིན་གྱི། དངོས་པོ་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ལ་རང་བཞིན་དུ་ལུང་དང་རིགས་པས་འབད་ནས་སྒྲུབ་པར་མཛད་པ་ཡིན་པས་དེའི་རང་བཞིན་བཀག་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །གཉིས་པ་ཆད་པའི་ལྟ་བ་ངོས་བཟུང་བ་ནི་འདི་ལྟར། ཀུན་རྫོབ་ཀྱི་ཆོས་དེ་དང་དེའི་རང་བཞིན་ནམ་རང་གི་ངོ་བོ་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་བླངས་ནས། ཕྱིས་དེ་ཉིད་མེད་པར་ཁས་བླངས་ན། དེ་ལྟར་ལྟ་བའི་ཤེར་འཆལ་དེ་ལ་ཆད་པའི་ལྟ་བ་ཞེས་བྱ་སྟེ། དཔེར་ན་ཚ་བ་མེའི་རང་བཞིན་དུ་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་བླངས་ནས། ཕྱིས་དབུ་མ་པ་རང་གི་རིགས་པས་དཔྱད་པའི་ཚེ། དེ་དེའི་རང་བཞིན་དུ་མེད་པར་ཁས་བླངས་ན། ཆད་པའི་ལྟ་བར་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཡང༌། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་དང༌། དེའི་འགྲེལ་པར། སྔོན་གནས་པའི་གནས་སྐབས་སུ་དངོས་པོའི་རང་བཞིན་ཁས་བླངས་ནས། ད་ལྟར་ཕྱིས་དེ་ཞིག་ནས། མེད་དོ་ཞེས་ཁས་བླངས་པས་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །ཞེས་གསུངས་སོ། །གོང་གི་དཔེ་དེ་སྒྲུབ་པ་ནི། རང་ལུགས་ཀྱི་ཚད་མ་ཡིན་ངོ་ཤེས་པ་གཅིག་གིས་གྲུབ་པའི་དོན་ཞིག་རང་ལུགས་ཀྱི་ཚད་མ་གཞན་ཞིག་གིས་བརྟགས་ཤིང༌། དཔྱད་པ་ན་སྔོན་སྔ་མ་དེ་ཉིད་ཚད་མ་ཕྱི་མ་དེས་བཤིག་པ་ལྟ་བུར་བྱས་པའི་སྒོ་ནས། ཞིག་ནས་མེད་པར་གྱུར་ན། དེའི་ཚེ་ཆད་པའི་ལྟ་བ་རྒྱུད་ལ་སྐྱེས་པར་འཇོག་དགོས་པ་ཡིན་ཏེ། དེའི་ཚེ་སྟོང་པ་ཉིད་དངོས་པོའི་འཇིག་རྒྱུར་ཁས་བླངས་པའི་ཕྱིར་རོ། །དོན་དེ་ཉིད་ཀྱང་ཇི་སྐད་དུ། གལ་ཏེ་རང་གི་མཚན་ཉིད་རྟེན་གྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་དང༌། དེའི་འགྲེལ་པར། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་དེ། རང་གི་ངོ་བོ་རྒྱུ་དང་རྐྱེན་དག་གིས་བསྐྱེད་ན་ནི། དེ་གང་གི་ཚེ་ན་རྣལ་འབྱོར་པ་འདིས་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པར་མཐོང་ཞིང༌། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེའི་ཚེ། ཇི་ལྟར་ངེས་པ་སྐྱེས་པའི་རང་བཞིན་ལ་སྐུར་པ་བཏབ་པས་སྟོང་པ་ཉིད་རྟོགས་པར་འགྱུར་ཏེ། དེའི་ཕྱིར་ཇི་ལྟར་ཐོབ་ལ་སོགས་པ་བུམ་པ་ལ་སོགས་པ་རྣམས་ཀྱི་འཇིག་པའི་རྒྱུ་ཡིན་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱང་དངོས་པོའི་རང་བཞིན་ལ་སྐུར་པའི་རྒྱུར་འགྱུར་པ་ཞིག་ན། དེ་ནི་རུང་བ་ཡང་མ་ཡིན་ཏེ། ཞེས་གསུངས་སོ། །འོ་ན་དབུ་མ་པས་ཀྱང་ཆད་ལྟ་ཁས་བླངས་པར་འགྱུར་ཏེ། འཕགས་པ་སློབ་པའི་རྗེས་ཐོབ་ཏུ་ཀུན་རྫོབ་ཀྱི་སྣང་བ་ཡོད་པར་ཁས་བླངས་ནས་མཉམ་བཞག་ཏུ་དེ་མེད་པར་ཁས་བླངས་པའི་ཕྱིར་སྙམ་ན། སློབ་པའི་རྗེས་ཐོབ་ཏུ་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་སྣང་བ་འབྱུང་བར་ཁས་བླངས་བ་ཡིན་གྱི། དེར་དེ་ཚད་མས་གྲུབ་པར་ཁས་བླངས་པ་མ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་དང༌། བསྟན་བཅོས་ལས་ཀྱང༌། དངོས་པོ་ཡོད་པར་ཁས་བླངས་ཀྱང༌། །ཆད་པར་མི་འགྱུར་རྟག་མི་འགྱུར། །འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་སྲིད་པ་འཁོར་བ་དང༌། མ་རིག་པའི་ངོར་ཡོད་པར་ཁས་བླངས་པ་ཙམ་གྱིས་རྟག་ཆད་དུ་མི་འགྱུར་བར་བཤད་པའི་ཕྱིར་དང༌། ཚིག་གསལ་ལས། གང་གི་ལྟར་ན་དངོས་པོའི་རང་བཞིན་ཉིད་མི་འཐད་པ་དེ་ལ་ནི། རྟག་པར་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་མ་དམིགས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་འདི་སྙམ་དུ། འདིར་དོན་དམ་པའི་བདེན་པ་ཚད་མས་གྲུབ་པར་ཁས་བླངས་ནས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཞེས་སོགས་ཀྱི་རིགས་པས་དེ་ཡང་རང་བཞིན་གྱིས་གྲུབ་པ་བཀག་པ་དེའི་ཚེ་ཆད་པའི་ལྟ་བར་མི་འགྱུར་བ་ཅི་ཞེ་ན། དེའི་ལན་ནི་འདི་ཡིན་ཏེ། སྐབས་འདིར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་བྱ་བ་དེ་དང༌། དེ་དེར་འགྲུབ་བྱེད་ཀྱི་ཚད་མ་དེ་ཡང་འཕགས་པའི་ཐ་སྙད་དམ། རྣལ་འབྱོར་པའི་ཀུན་རྫོབ་ཅེས་བྱ་བ་དེ་ཉིད་ཡིན་གྱི། དབུ་མ་པ་རང་ལུགས་ཀྱི་ཚད་མས་དེ་དང་དེར་འཇོག་པ་མ་ཡིན་ཏེ། སོ་སོར་རང་གི་རིག་པའི་མཉམ་བཞག་ཡེ་ཤེས་ཀྱིས་དེ་དང་དེར་མ་དམིགས་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང༌། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མྱུ་གུའི་གནས་ཚུལ་ཅི་ཡང་མ་མཐོང་བ་དེ་ལ། རྗེས་ཀྱི་རྟོག་པས་དེའི་གནས་ཚུལ་མཐོང་ངོ་ཞེས་དང༌། དེ་རང་བཞིན་མེད་པ་ཉིད་དེའི་རང་བཞིན་ཡིན་ནོ། །ཞེས་སྒྲོ་འདོགས་པར་བྱེད་པ་ཡིན་ལ། དེ་ལྟར་འདོགས་མཁན་གྱི་རྟོག་པ་དེ་ཡང་བར་དུ་བདག་བཟློག་པའི་སྐབས་སུ། ཐ་སྙད་འདོགས་པའི་ཚེ་ཤེས་བྱེད་ཀྱི་ཚད་མ་ཡིན་ཀྱང༌། ཐ་མར་ལྟ་བ་ཀུན་བཟློག་པའི་ཚེ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པས་རྣམ་པར་བསླད་པའི་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ཞིག་ཡིན་གྱི། རང་ལུགས་ཀྱི་ཚད་མ་དངོས་མ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་བར་འདིར། དེ་ལྟ་བུའི་ཐ་སྙད་དེ་ངེས་པར་ཁས་བླངས་དགོས་པ་ཡིན་ཏེ། རྣལ་འབྱོར་པའི་ཀུན་རྫོབ་ཁོ་ན་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར་དང༌། དེ་ཁས་མ་བླངས་ན་དོན་དམ་པའི་བདེན་པ་རྟོགས་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན། དབུ་མ་པའི་རྟོག་པ་ཀུན་བཏགས་ལ་ཇི་ལྟར་སྣང་བའི་དོན་དེ་ཉིད་གནས་སྐབས་སུ་ཁས་བླངས་ཀྱང༌། དབུ་མའི་རང་ལུགས་སུ་མི་འགྲུབ་སྟེ། དཔེར་ན། འཇིག་རྟེན་གྱི་རྟོག་པ་ལྷན་སྐྱེས་ལ་ཇི་ལྟར་གྲགས་པའི་དོན་དེ་ཉིད་གནས་སྐབས་སུ་ཁས་བླངས་ཀྱང་རང་ལུགས་སུ་མི་འགྲུབ་པ་བཞིན་ནོ། །དེ་བས་ན་རྣལ་འབྱོར་པའི་མངོན་སུམ་གྱིས་མྱུ་གུའི་རང་བཞིན་མ་མཐོང་བ་ཞེས་བྱ་བ་དེ་ནི། དབུ་མའི་གནས་སྐབས་དང་མཐར་ཐུག་གི་གྲུབ་པའི་མཐའ་ཉིད་དུ་ངེས་ལ། དེས་དེའི་རང་བཞིན་མཐོང་ངོ་ཞེས་དང༌། དེ་མེད་པར་མཐོང་ངོ་ཞེས་བྱ་བ་དེ་ནི། གནས་སྐབས་ཀྱི་གྲུབ་པའི་མཐར་བཞག་ཀྱང༌། གྲུབ་པའི་མཐའ་ཡང་དག་པ་མ་ཡིན་ཏེ། དེ་ལྟར་ཁས་བླངས་ན་ལུང་དང་རིགས་པ་གཉིས་དང་འགལ་བའི་ཕྱིར་རོ། །ལུང་ནི་ཇི་སྐད་དུ། ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་རྟེན་ནས་རིག་པ་ཡིན། །ཞེས་དང༌། དྲུག་ཅུ་པའི་འགྲེལ་པར། མྱ་ངན་ལས་འདས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དམ་པའི་བདེན་པ་ཞེས་བཤད་དོ། །ཞེས་གསུངས་སོ། །རིགས་པ་ནི། མྱུ་གུ་རང་བཞིན་མེད་པ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་གྱི་ཡུལ་མཚན་ཉིད་པ་མ་ཡིན་ཏེ། སྤྱི་མཚན་ཡིན་པའི་ཕྱིར་རོ། །རང་ལུགས་ཀྱི་ཚད་མས་མ་གྲུབ་ཀྱང༌། གནས་སྐབས་སུ་ངེས་པར་ཁས་བླངས་དགོས་པ་ནི། ཇི་སྐད་དུ། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །དོན་དེ་ལ་སྔོན་གྱི་སློབ་དཔོན་གཙང་ནས་པ་ལ་སོགས་པ་ཁ་ཅིག་ན་རེ། གང་ཡོད་པར་ལྟ་བ་ཐམས་ཅད་རྟག་པའི་ལྟ་བ་དང༌། མེད་པར་ལྟ་བ་ཐམས་ཅད་ཆད་པའི་ལྟ་བ་ཡིན་པས་དེའི་ཕྱིར་བདེན་གྲུབ་ཏུ་ལྟ་བ་རྟག་པའི་ལྟ་བ་དང༌། བདེན་མེད་དུ་ལྟ་བ་ནི། ཆད་པའི་ལྟ་བ་ཁོ་ན་ཡིན་པས་དབུ་མ་པ་དག་གིས་ཁས་བླངས་པར་མི་བྱའོ། །ཞེས་གསུང་ངོ༌། །དེ་ཡང་མ་ཡིན་ཏེ། བདེན་སྟོང་དུ་ལྟ་བ་ཆད་པའི་ལྟ་བ་ཡིན་ན། བདེན་གྲུབ་ཚད་མས་གྲུབ་པར་ཐལ་བའི་ཕྱིར་དང༌། ཚད་མས་མ་གྲུབ་པའི་དོན་ཞིག་མ་གྲུབ་པར་ཁས་བླངས་པས་ཆད་པའི་ལྟ་བར་འགྱུར་ན། མོ་གཤམ་གྱི་བུ་མེད་པར་ཁས་བླངས་པས་དེར་ཐལ་བའི་ཕྱིར་དང༌། བདེན་མེད་དུ་ཞེན་པའི་ལྟ་བ་དེ། མཐར་འཛིན་གྱི་ལྟ་བ་འཇོག་པའི་སྐབས་ཞིག་ཡོད་པ་དེའི་ཚེ་ཡང༌། རྟག་པའི་ལྟ་བར་འཇོག་དགོས་པ་ཡིན་གྱི། ཆད་པའི་ལྟ་བར་འཇོག་པའི་འཇོག་བྱེད་གང་ཡང་མ་ཚང་བའི་ཕྱིར་དང༌། ཆད་ལྟ་ཡིན་པར་ཟླ་བའི་ཞབས་ཀྱིས་གསལ་བར་བཀག་པའི་ཕྱིར། ཇི་ལྟར་བཀག་ཅེ་ན། ཚིག་གསལ་ལས། གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་ཁས་ལེན་པ་ལ། དངོས་པོར་ལྟ་བ་མེད་པས་རྟག་པའི་ལྟ་བར་མེད་མོད། ཆད་པའི་ལྟ་བར་ཐལ་བ་ནི་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མེད་པར་ལྟ་བར་ནི་མི་འགྱུར་རོ། །འདི་ལྟར་གང་ཞིག་སྔར་དངོས་པོའི་རང་བཞིན་ཁས་བླངས་ནས། ཕྱིས་དེ་བཟློག་པར་བྱེད་པ་ལ་བརྟེན་པ་དེ་ནི། དངོས་པོའི་རང་བཞིན་སྔར་དམིགས་པ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བར་འགྱུར་གྱི། གང་ཞིག་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་དེ་མེད་དོ་ཞེས་སྨྲ་བ་ན། ཅི་ཞིག་གིས་མེད་པར་སྨྲ་བར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར། དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲ་མོད་ཀྱི། དེ་སྐད་སྨྲས་པ་ན་ཁོ་བོ་ཅག་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་མ་ཡིན་ནོ། །ཇི་སྐད་དུ། མདོ་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང༌། གཏི་མུག་དག་དངོས་པོར་གཡར་གྱིས་ཁས་བླངས་ནས། ཕྱིས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དག་དངོས་པོར་ཡོད་པ་མ་ཡིན་ནོ། ཞེས་སྨྲ་བ་དེ་ནི། མེད་པར་འགྱུར་བ་ལགས་སོ། །ཞེས་རྒྱ་ཆེར་འབྱུང་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་སྐབས་འདིར། ཀུན་རྫོབ་ཀྱི་བདེན་པ་ཡོད་པར་ཁས་བླངས་ན། རྟག་ཆད་ཀྱི་ལྟ་བ་གང་རུང་གི་རྒྱུ་ཚོགས་གྲངས་ཚང་བ་ཡིན་ཏེ། དེ་དེར་ཁས་བླངས་ན་དེ་རྟག་མི་རྟག་གང་རུང་དུ་ངེས་པར་ཁས་ལེན་དགོས་པའི་ཕྱིར་རོ། །འཁྲུལ་ངོར་ཡོད་པ་ཁས་བླངས་པ་ཙམ་གྱིས་ནི་དེར་ཁས་ལེན་མི་དགོས་ཏེ། དེ་ལ་དེའི་དཔྱད་པ་མི་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང་བསྟན་བཅོས་ལས། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་བྱ་བ་འདི་གྲུབ་པ་དང༌། གྲུབ་དོན་གཉིས་པ་ནི། བདེན་པ་གཉིས་ཀྱི་ནང་ནས་གཅིག་ཁོ་ན་དོན་དམ་པར་བདེན་པ་ཡིན་ནོ། །ཞེས་སྐབས་འདིར་ཁས་ལེན་དགོས་པ་ཡིན་ཏེ། འཇུག་འགྲེལ་ལས། གཞན་ལས་སྐྱེ་བ་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད། བདེན་པ་གཅིག་ཁོ་ནར་འགྱུར་རོ་ཞེ་ན། འདི་བདེན་མོད་ཀྱི། དོན་དམ་པར་ནི་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་ནི་འདི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསལ་བར་གསུངས་པས། དོན་དམ་པར་བདེན་པ་གཅིག་པུ་ཡོད་པར་ཁས་ལེན་དགོས་སོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་སྤྲོས་པ་ཐམས་ཅད་བཟློག་པའི་དུས་ཀྱི་རྟག་ཆད་ཀྱི་ལྟ་བ་ངོས་བཟུང་ལ་གཉིས་ཏེ། རྟག་པའི་ལྟ་བ་ངོས་བཟུང་བ་དང༌། ཆད་པའི་ལྟ་བ་ངོས་བཟུང་བའོ། །དང་པོ་ནི། ཀུན་རྫོབ་ཀྱི་དངོས་པོ་བདེན་པར་གྲུབ་པ་ཚད་མས་ཁེགས་ཟིན་པ་དེའི་འོག་ཏུ་ནི་དོན་དམ་པའི་བདེན་པ་དང༌། བདེན་སྟོང་དང༌། སྤྲོས་བྲལ་ལྟ་བུ་བདེན་གྲུབ་ཏུ་ཁས་ལེན་པ་ལྟ་ཞོག སྤྱིར་ཡོད་པ་དང་ཚད་མས་གྲུབ་པར་ཁས་བླངས་ན་ཡང༌། རྟག་ཆད་ཀྱི་ལྟ་བར་འགྱུར་བའི་རྒྱུ་ཚོགས་གྲངས་ཚང་བ་ཡིན་ཏེ། དེའི་ཚེ་རྟག་མི་རྟག་གང་རུང་དུ་ཁས་ལེན་ངེས་པར་དགོས་པའི་ཕྱིར་དང༌། དེ་ཡང་རྟག་པར་ཁས་ལེན་དགོས་པས་རྟག་པའི་ལྟ་བ་ཁོ་ནའོ། །འོ་ན་འདིར་སྔར་ཚད་མས་གྲུབ་པར་ཁས་བླངས་པ་མ་ཡིན་ནམ་ཞེ་ན། དེ་ཡང་སྔར་བཤད་མ་ཐག་པ་ལྟར། རྣལ་འབྱོར་པའི་མངོན་སུམ་གྱིས་སྤྲོས་པའི་མཚན་མ་ཅི་ཡང་མ་མཐོང་བ་ལ་དོན་དམ་པའི་བདེན་པ་མཐོང་བ་ཡིན་ནོ། །ཞེས་འཕགས་པའི་ཐ་སྙད་དུ་གྱུར་པའི་བློ་ཀུན་རྫོབ་པ་དེས་སྒྲོ་བཏགས་པ་ཡིན་གྱི། དེ་དེའི་ཡུལ་མཚན་ཉིད་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་དོན་དམ་པའི་བདེན་པ་དངོས་པོར་ཐལ་བའམ། རྣལ་འབྱོར་པའི་མངོན་སུམ་རྟོག་པར་ཐལ་བ་གང་རུང་ལས་མ་འདས་སོ། །དོན་དེ་ཡང་དེ་སྐད་དུ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་གཟུང་བའི་དངོས་པོ་གང་ཡིན་པ་དེ་ཡང༌། སྒྲོ་བཏགས་པ་མེད་པའི་ངོ་བོ་ཡིན་པས། རང་གི་མཚན་ཉིད་ཁོ་ནའོ། །ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་འདོད་པ་བརྗོད་ནས། དེ་སུན་འབྱིན་པ་ན་ཇི་སྐད་དུ། འགྲོན་པོ་ལ་ཆུ་མེད་པར་མངོན་སུམ་དུ་འགྱུར་རོ། །ཞེས་སྨྲས་པ་དེ་བཞིན་དུ། མེད་པ་དང་མི་དམིགས་པ་ཡང་འཇིག་རྟེན་ན་མངོན་སུམ་ཞེས་ཐ་སྙད་འདོགས་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་བདེན་པས་མི་དམིགས་པའི་ཤེས་པ་ལ་མངོན་སུམ་ཞེས་བྱ་བར་འགལ་བ་མེད་དོ། །ཞེས་གསལ་བར་གསུངས་པ་དེའི་དོན་ནི། འཇིག་རྟེན་ན་ཆུ་མ་མཐོང་བ་ལ་ཆུ་མེད་པ་མངོན་སུམ་དུ་མཐོང་ངོ་ཞེས་ཐ་སྙད་འདོགས་པ་དེ་བཞིན་དུ། རྣལ་འབྱོར་པའི་མངོན་སུམ་གྱིས་བདག་དང་བདེན་པ་མ་མཐོང་བ་ལ། བདག་མེད་དང་བདེན་མེད་མངོན་སུམ་དུ་མཐོང་བའི་ཐ་སྙད་འདོགས་པའི་ཚུལ་དཔེ་དོན་དུ་སྦྱར་ནས་བཤད་པ་ཡིན་ནོ། །གཉིས་པ་ཆད་པའི་ལྟ་བ་ངོས་བཟུང་བ་ནི། སྔར་དོན་དམ་པའི་བདེན་པ་སོགས་ཚད་མས་གྲུབ་པར་ཁས་བླངས་ནས། ཕྱིས་དེ་དཔྱད་གཞིར་བཟུང་ནས་དཔྱོད་པའི་རིགས་ངོར། དེ་ཡོད་པ་མ་ཡིན་པར་ཁས་བླངས་ན་ཆད་པའི་ལྟ་བ་ལས་མ་འདས་ཏེ། ཇི་སྐད་དུ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །འོ་ན་དེའི་ཚེ་དེ་ཡོད་པར་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཡོད་པ་མ་ཡིན་པའི་དོན་ཞིག་ཡོད་པ་མ་ཡིན་པར་ཁས་བླངས་པ་ན་ཆད་པའི་ལྟ་བར་འགྱུར་བ་ཅི་ཡང་མ་ཡིན་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ། འོ་ན་བདེན་སྟོང་དང༌། མྱ་ངན་ལས་འདས་པ་དང་དོན་དམ་པའི་བདེན་པ་སོགས་མེད་པར་ཁས་བླངས་པ་དེའི་ཚེ་ན། མཐར་འཛིན་གྱི་ལྟ་བ་མ་ཡིན་པར་འགྱུར་ཏེ། རྟག་པའི་ལྟ་བར་ཡང་མི་འགྱུར་ལ། ཆད་པའི་ལྟ་བར་ཡང་མི་འགྱུར་བའི་ཕྱིར་སྙམ་ན། དེའི་ལན་ནི། དེ་ལྟར་ཁས་ལེན་པའི་ཚུལ་ལ་གཉིས་ཏེ། བདེན་པ་གཉིས་ཀྱི་རྣམ་དབྱེ་མི་ཤེས་པའི་ཕྱི་རོལ་པ་དག་གིས་དེ་ལྟར་ཁས་ལེན་ན་ནི། ལོག་པར་ལྟ་བ་ལས་མ་འདས་ལ། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་སྔར་བཤད་པ་དེ་ལྟ་བུའི་རིམ་པ་ཕྱིན་ཅི་མ་ལོག་པར་ཤེས་པའི་དབུ་མ་བ་དག་གིས་དེ་དག་མེད་པར་ཁས་བླངས་ཀྱང་རྟག་ཆད་ཀྱི་ལྟ་བར་མི་འགྱུར་ཏེ། སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་དུས་དེར་ཡོད་པའི་ཆོས་ཞེས་བྱ་བ་ཅུང་ཟད་ཀྱང་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མཚན་མར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར་སྤང་བྱ་ཁོ་ནའོ། །དོན་དེ་དག་ཀྱང་ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་ཉན་པར་བྱོས། །ཞེས་པས་ཀུན་རྫོབ་ཀྱི་བདེན་པ་ཡོད་པ་མ་ཡིན་པའི་ཚུལ་དང༌། ཡང༌། དེ་ཉིད་མ་མཐོང་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་ཏེ། །དེ་ཉིད་མཐོང་རྣམས་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་པས་མྱ་ངན་ལས་འདས་པ་སོགས་ཀྱང་དོན་དམ་པའི་བདེན་པ་དང་ཡོད་པར་ཁས་མི་ལེན་པའི་ཚུལ་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ་གྲུབ་མཐའ་སྨྲ་བ་སོ་སོའི་ལྟ་བའི་ཁྱད་པར་མ་འདྲེས་པར་བཤད་པ་ལ་གཉིས་ཏེ། མུ་སྟེགས་པ་དག་གིས་རྟག་ཆད་ཀྱི་ལྟ་བ་ཇི་ལྟར་ཁས་བླངས་པའི་ཚུལ། ཆོས་འདི་བ་དག་གིས་རྟག་ཆད་ཀྱི་ལྟ་བ་ཇི་ལྟར་འདོར་བའི་ཚུལ་ལོ། །དང་པོ་ནི། ཕྱི་རོལ་པ་དག་གི་ཐུན་མོང་མ་ཡིན་པའི་ལྟ་བ་ནི་བདག་ཏུ་ལྟ་བ་ཡིན་ལ། དེར་ལྟ་བའི་ཚུལ་ལ་གསུམ་བརྒྱ་དྲུག་ཅུ་རྩ་གསུམ་དུ་བཤད་པ་དང༌། འཇིག་ཚོགས་ལ་ལྟ་བ་ཉི་ཤུར་བཤད་པ་དང༌། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞིར་བཤད་པ་ལས། བསྡུ་ན་རྟག་ཆད་ཀྱི་ལྟ་བ་གཉིས་སུ་འདུས་ཏེ། དེ་ཡང་ཆད་པའི་ལྟ་བ་ཁས་བླངས་པ་ནི་འཇིག་རྟེན་རྒྱང་ཕན་པ་ཡིན་ལ། དེའི་འདོད་པ་ནི། ཇི་ཙམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྤྱོད་དེ་ལ་ལྟོས་པའི་བདག་དང་སྐྱེས་བུ་ནི་ཡོད་ལ། དེ་ཡང་རིགས་འདྲ་སྔ་མ་སྔོན་དུ་སོང་བ་ཡིན་གྱི། རྒྱུ་འབྱུང་བ་ལས་ངོ་བོ་ཉིད་ཀྱིས་བྱུང་བ་དང༌། ཤི་ནས་ལུས་ཐལ་བར་སོང་བ་ན་བདག་ཀྱང་རྒྱུན་ཆད་པར་ཁས་ལེན་པ་ཡིན་ནོ། །འདི་ལ་ཆད་པའི་ལྟ་བ་ཁས་ལེན་པ་ཞེས་བྱ་སྟེ། བདག་ཡོད་པར་ཁས་བླངས་ནས། ཕྱིས་རྒྱུན་ཆད་པར་ཁས་བླངས་པའི་ཕྱིར་རོ། །རྟག་པར་སྨྲ་བ་ནི། གྲངས་ཅན་པ་དང༌། རིག་བྱེད་པ་དང༌། དབང་ཕྱུག་པ་དང༌། གཅེར་བུ་པ་ཞེས་བྱ་བ་རྣམས་སོ། །དང་པོ་གྲངས་ཅན་པས་ནི། ཇི་སྲིད་བདག་དང་གཙོ་བོ་ཐ་དད་དུ་མ་ཤེས་པ་དེ་སྲིད་དུ། འཁོར་བ་པ་ཡིན་ལ། ཐ་དད་དུ་ཤེས་ནས་བདག་རྣམ་འགྱུར་ཀུན་ལ་ལོངས་མི་སྤྱོད་པ་དེའི་ཚེ་གྲོལ་བ་ཐོབ་པ་ཡིན་ནོ་ཞེས་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། རྟོག་གེ་འབར་བ་ལས། བདག་ཀྱང་གཞན་ཡིན་རང་བཞིན་གཞན། །དེ་ལྟར་དེ་ཉིད་མཐོང་བ་ཡི། །བྱེད་དང་བྱ་བ་བཟློག་པ་ན། །སྐྱེས་བུ་གྲོལ་བ་ཡིན་ཞེས་བརྗོད། །ཞེས་བཤད་པས་སོ། །གཉིས་པ་རིག་བྱེད་པ་ལ་ནི། ཚངས་པ་པ་དང༌། ཁྱབ་འཇུག་པ་གཉིས་སོ། །དང་པོ་ལ་གཉིས་ཏེ། ཚངས་པར་སྤྱོད་པ་པ་དང༌། སྒྲའི་ཚངས་པ་པ་ཞེས་བྱ་བ་གཉིས་སོ། །དང་པོས་ནི། སྤྱིར་འཇིག་རྟེན་ཐམས་ཅད་ཚངས་པས་སྐྱེད་པར་འདོད་ཅིང༌། བྱེ་བྲག་ཏུ་བྲམ་ཟེ་ལ་སོགས་པའི་རིགས་བཞི་པོ་དག་ཀྱང་ཚངས་པས་སྐྱེད་ཅིང༌། དེའི་ནང་ནས་ཀྱང་བྲམ་ཟེ་ནི་ཚངས་པའི་ཁ་ལས་སྐྱེས་པ་ཡིན་པས་རིགས་གཞན་ལས་མཆོག་ཏུ་གྱུར་པའོ། །ཞེས་སྨྲ་ལ་སྒྲའི་ཚངས་པ་བ་དག་ནི། སྒྲ་ཡི་རྗེས་འཇུག་མ་གཏོགས་པ། །ཤེས་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །ལྡན་པ་ཉིད་དུ་གནས་པ་ཡིན། །ཞེས་ཚངས་པ་སྒྲའི་རང་བཞིན་དུ་གནས་པ་དང༌། དེ་ལས་བདག་དང་འཇིག་རྟེན་རྣམས་སྐྱེས་པར་འདོད། གཉིས་པ་ཁྱབ་འཇུག་པའི་འདོད་པ་ནི། ཁྱབ་འཇུག་ཉིད་རིག་བྱེད་ཀྱི་ངོ་བོར་གནས་པ་དང༌། བདག་དང་འཇིག་རྟེན་ཐམས་ཅད་ཁྱབ་འཇུག་གི་འཇུག་པ་བཅུ་ལས་བྱུང་བར་འདོད་དོ། །དབང་ཕྱུག་པས་ནི། དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པ་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པར་འདོད་ལ། དེ་ཡང་ཚངས་པ་པ་ལྟར་ན་ཁྲུས་ལ་སོགས་པའི་གཙང་སྦྲ་དང༌། དབང་ཕྱུག་པ་ལྟར་ན་དབང་ཕྱུག་གི་དབང་བསྐུར་བྱས་པས་སྡིག་པ་དག་ནས་འཁོར་བ་ལས་གྲོལ་བར་འདོད་དོ། །དབང་ཕྱུག་པ་ལ་བྱེ་བྲག་པ་དང༌། རིགས་པ་ཅན་པའི་དབྱེ་བས་གཉིས་ཡོད་ཀྱང༌། གཉིས་ཀས་ཐུན་མོང་དུ་འདོད་པ་ནི་བདག་དང་དབང་སོགས་བདག་གི་བ་གཉིས་ཀྱི་འཕྲོ་འདུའི་འབྲེལ་བ་མ་ཆད་པ་དེ་སྲིད་ད་འཁོར་བ་པ་ཡིན་ལ། བདག་སྐྱོན་མེད་དང༌། བདག་ལ་ཆགས་པ་སྐྱོན་བཅས་སུ་བསྒོམས་པས། བདག་དང་བདག་གི་བ་གཉིས་ཀྱི་འཕྲོ་འདུའི་འབྲེལ་པ་ཆད་དེ། བདག་ཡན་གར་དུ་གནས་པ་དེའི་ཚེ་གྲོལ་བ་ཐོབ་པར་འདོད་དོ། །གཅེར་བུ་པ་ནི། སེམས་ཅན་གྱི་ལུས་ཆེ་ཆུང་གི་དབང་གིས་བདག་ཀྱང་ཆེ་ཆུང་འདོད་ཅིང༌། ཐར་པ་ནི། འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་ཁ་དོག་དཀར་བ། དབྱིབས་ནི་གདུགས་བཀན་པ་ལྟ་བུ་ཞིག་ཡོད་ལ། སྡིག་པ་སྤངས་ནས་དེ་ལ་ཐིམ་པར་འདོད། མདོར་བསྡུ་ན་མུ་སྟེགས་ཅན་ཐམས་ཅད། གང་ཟག་གི་བདག་ཏུ་ལྟ་བར་མཐུན་ལ། ནང་ཚན་མི་འདྲ་བའི་ཁྱད་པར་ནི། རྒྱང་ཕན་པ་དག་ནི་མ་ཤི་བར་དུ་བདག་ཤེས་རིག་གི་ངོ་བོར་སྐྱེ་ལ། ཤི་ནས་རྒྱུན་ཆད་པར་འདོད་པས་བདག་ཤེས་པ་དང༌། མི་རྟག་པར་འདོད་དོ། །གྲངས་ཅན་ནི། བདག་ཐོག་མ་དང་ཐ་མའི་མཐའ་མེད་ཅིང༌། རྟག་པ་དང་གཅིག་པུ་དང༌། རིག་པའི་ངོ་བོར་འདོད་དོ། །དབང་ཕྱུག་པ་དང༌། ཁྱབ་འཇུག་དང༌། ཚངས་པ་བ་གསུམ་ནི། བདག་གི་ཐོག་མའི་རྒྱུ་ནི། ལྷ་གསུམ་པོ་དེ་དང་དེ་ཡིན་ལ། ཁྱད་པར་ནི་དབང་ཕྱུག་པ་བདག་དེ་རྒྱུ་དབང་ཕྱུག་ལས་སྐྱེས་ཕྱིན་ཆད་རྟག་པ་དང་བེམས་པོར་འདོད། ཁྱབ་འཇུག་པ་ནི་བདག་ཀུན་ལ་ཁྱབ་པ་དང༌། བློ་ཡི་ངོ་བོ་དང༌། ཁྱབ་འཇུག་གི་རང་བཞིན་དུ་གཅིག་པས་གཅིག་པོར་འདོད་ལ། ཁྱབ་འཇུག་གི་འཇུག་པ་བཅུ་རྫོགས་པ་ན་དུས་བཟློག་པར་འདོད་པས་བདག་མི་རྟག་པར་འདོད་དོ། །ཚངས་པ་བས་ནི། བདག་ཚངས་པ་ལས་བྱུང་བར་འདོད་པ་དང༌། ཚངས་པའི་རང་བཞིན་དུ་འདོད་པ་གཉིས་སོ། །གཅེར་བུ་པ་ནི། བདག་རང་བཞིན་རྟག་ལ་གནས་སྐབས་མི་རྟག་པ་ཡིན་པར་འདོད་དོ། །དེ་ཡང་རང་རང་གི་ལུས་ཀྱི་ཚད་དང་མཉམ་པར་ཁས་ལེན་ནོ། །རིགས་པ་ཅན་པས་ནི། བདག་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འདོད་དོ། །བྱེ་བྲག་པ་དང་གསང་བ་པས་ནི། བདག་ཀུན་དུ་སོང་བར་འདོད་ལ། དེའི་ཁྱད་པར་ཡང་སའི་འོག་མུན་པའི་དཀྱིལ་དུ་སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག་ཅེས་བྱ་བ་འགྲོ་བ་ཐམས་ཅད་ཀྱི་རང་བཞིན་དང༌། བྱེད་པ་པོ་ཡིན་པ་ཞིག་ཡོད་པར་འདོད་དོ། །དེ་ཡང་མདོར་ན་བདག་ཟིན་པ་པོ་དང༌། ལོངས་སྤྱོད་པ་པོ་ཡིན་པར་མུ་སྟེགས་ཐམས་ཅད་ཀྱིས་འདོད་པར་མཐུན་ཀྱང༌། བྱེད་པ་པོར་འདོད་པ་དང་མི་འདོད་པའི་དབྱེ་བས་གཉིས་དང༌། རྟག་པ་དང་མི་རྟག་པར་འདོད་པའི་དབྱེ་བས་གཉིས་དང༌། དངོས་པོ་ཐམས་ཅད་ལ་ཁྱབ་པ་དང༌། མ་ཁྱབ་པར་འདོད་པའི་དབྱེ་བས་གཉིས་དང༌། འཁོར་བ་ལས་གྲོལ་བ་ཡོད་པར་འདོད་པ་དང༌། དེ་ཡོད་པར་མི་འདོད་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་སྐད་དུ་ཡང༌། འཕགས་པ་ལྷས། ལ་ལར་ཀུན་ཏུ་སོང་བ་མཐོང༌། །ལ་ལ་སྐྱེ་བུའི་ལུས་ཙམ་ཞིག །ལ་ལས་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱིས་མེད་ཅེས་མཐོང༌། །ཞེས་དང༌། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བཏགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། ཇི་སྲིད་བདག་ཁས་ལེན་པ་དེ་སྲིད་དུ་བདག་གི་བ་ཁས་ལེན་པའི་ངེས་པ་ཡོད་པ་མ་ཡིན་ཏེ། བྱེ་བྲག་པས་ནི། བདག་གྲོལ་བ་དེའི་ཚེ་ན། བདག་དང༌། བདག་གི་བའི་འབྲེལ་པ་ཆད་པ་དང༌། གྲངས་ཅན་པ་བདག་གྲོལ་པ་དེའི་ཚེ། གཙོ་བོས་རྣམ་འགྱུར་གང་ཡང་མི་སྤྲུལ་ཞིང༌། དེའི་རྒྱུ་མཚན་གྱིས་བདག་ཀྱང་རྣམ་འགྱུར་ཀུན་ལ་ལོངས་མི་སྤྱོད་པར་འདོད་པས་སོ། །དེ་ལྟར་བཤད་པ་དེ་དག་ནི། གྲུབ་པའི་མཐའ་ངན་པས་རྣམ་པར་བཏགས་ནས། བདག་ཇི་ལྟར་ཁས་ལེན་པའི་ཚུལ་བཤད་པ་ཡིན་ལ། དེ་ཐམས་ཅད་ཀྱང་བདག་དང་ཕུང་པོ་རང་བཞིན་དང་གནས་སྐབས་གང་རུང་གི་སྒོ་ནས། རྫས་ཐ་དད་དུ་འདོད་པའི་ལུགས་རྣམ་པར་བཤད་པ་ཡིན་ཅིང༌། དེ་ལྟ་བུའི་བདག་ཁས་ལེན་པ་དང༌། མི་ལེན་པ་ནི། ཆོས་འདི་པ་དང༌། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་དག་གི་ལྟ་བའི་ཁྱད་པར་དུ་འགྱུར་བ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། ཆོས་འདི་པ་དག་ཏུ་མཚོན་པར་བྱེད་པའི་ཆོས་ཀྱི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བའོ། །བཞི་པོ་དེ་ཆོས་གཞན་བདག་ལ་མེད་པའི་ཤེས་བྱེད་ནི། དེ་དག་གིས་འདུས་བྱས་ཀྱི་ཁྱད་པར་འགའ་ཞིག་རྒྱུན་གྱིས་འཇིག་པར་འདོད་ཀྱང༌། སྐད་ཅིག་གིས་འཇིག་པར་ཁས་མི་ལེན་པའི་ཕྱིར་དང༌། སྡུག་བསྔལ་གྱི་སྡུག་བསྔལ་རྣམས་སྡུག་བསྔལ་དུ་ཁས་ལེན་ཀྱང༌། འདུ་བྱེད་ཀྱི་སྡུག་བསྔལ་ཁས་མི་ལེན་པའི་ཕྱིར་དང༌། རྒྱང་ཕན་གྱིས་ཤི་ནས་བདག་མེད་པ་ཁས་ལེན་པ་ལྟ་བུ་མུ་སྟེགས་ཀྱི་ཁྱད་པར་སོ་སོ་བ་དག་ཉི་ཚེ་བའི་བདག་མེད་པ་དང༌། གྲོལ་བ་ཐོབ་པའི་ཚེ་བདག་གི་བ་ཁས་མི་ལེན་པ་ལྟ་བུ། ཉི་ཚེ་བའི་བདག་མེད་འདོད་ཀྱང༌། ཆོས་ཐམས་ཅད་གང་ཟག་གི་བདག་མེད་དུ་ཁས་མི་ལེན་པའི་ཕྱིར་དང༌། མུ་སྟེགས་ཆད་སྨྲ་བ་མ་གཏོགས་མུ་སྟེགས་ཅན་ཕལ་ཆེ་བ་ཐར་པ་ཁས་ལེན་ཀྱང༌། མྱ་ངན་ལས་འདས་པ་ཁས་མི་ལེན་པའི་ཕྱིར། འོ་ན་དེ་ལྟ་ཡིན་པ་དེའི་ཕྱིར། གང་ཟག་གི་བདག་ཁས་ལེན་པའི་ཆོས་འདི་པ་འགའ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཕུང་པོ་ལས་རྫས་ཐ་དད་དུ་གྱུར་པའི་གང་ཟག་གི་བདག་ཁས་ལེན་པའི་ཆོས་འདི་པ་འགའ་ཡང་མེད་མོད། །ཕུང་པོ་ཉིད་གང་ཟག་གི་བདག་ཏུ་ཁས་ལེན་པ་དང༌། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཁས་ལེན་པའི་ཆོས་འདི་པ་ནི། དུ་མ་དག་ཡོད་པར་བཤད་དེ། འཕགས་པ་མང་པོས་བཀུར་བའི་སྡེ་པའི་ནང་ཚན་དེ་དང་དེ་དག་གིས་དེ་ལྟར་དུ་ཁས་ལེན་པ་དབུ་མ་ལ་འཇུག་པའི་འགྲེལ་པ་སོགས་ལས་གསལ་བའི་ཕྱིར། དེ་ལྟ་ན་ཡང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས་བཟུང་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་བར་ལ་གང་ཟག་གི་བདག་ཁས་ལེན་པའི་གྲུབ་པའི་མཐའ་སྨྲ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ངེས་སོ། །དེ་ལྟར་བཤད་པ་ན་གྲུབ་པའི་མཐས་བཏགས་པའི་གང་ཟག་གི་བདག་ཁས་ལེན་པའི་ཚུལ་ནི་གསུམ་དུ་ངེས་པ་ཡིན་ཏེ། ཕྱིའི་མུ་སྟེགས་པ་དག་བདག་ཕུང་ཐ་དད་དུ་ཁས་ལེན་པ་དང༌། ནང་གི་མུ་སྟེགས་པ་དག་བདག་ཕུང་གཅིག་ཏུ་ཁས་ལེན་པ་དང༌། བདག་ཕུང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཁས་ལེན་པའི་དབྱེ་བས་སོ། །འོ་ན་གྲུབ་པའི་མཐས་བཏགས་པའི་བདག་ཁས་ལེན་པ་ནི་དེ་ཙམ་དུ་ངེས་ན། དེ་ལས་གཞན་གང་ཟག་གི་བདག་ཏུ་སྨྲ་བ་འགའ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མེད་པ་མ་ཡིན་ཏེ། དེ་ལས་གཞན་ལྷན་ཅིག་སྐྱེས་པའི་མ་རིག་པས་རྣམ་པར་བཏགས་པའི་གང་ཟག་གི་བདག་ཁས་ལེན་པ་དག་མཐོང་བས་སོ། །འོ་ན་དེ་འདྲ་དེ་གང་ཟག་སུ་ཞིག་གིས། དུས་ཇི་ཙམ་གྱི་བར་དུ་ཁས་ལེན་ཞེ་ན། དེ་ཁས་ལེན་པ་དེ་ལ་ནི། ཆོས་འདི་པ་དང༌། གཞན་ཞེས་བྱ་བའི་དབྱེ་བ་མེད་ཀྱི། ཉོན་མོངས་པ་ཅན་གྱི་མ་རིག་པ་དང་ལྡན་པའི་འགྲུབ་པ་ཐམས་ཅད་ཀྱིས་དུས་ནི་ཇི་སྲིད་མ་རིག་པ་དེའི་འཛིན་སྟངས་དྲུང་མ་ཕྱུང་བ་དེ་སྲིད་དུ། ཚུལ་ནི། རང་རྒྱུད་ཀྱི་ཕུང་པོ་ལ་བརྟེན་ནས། ཕུང་པོ་དེ་ལ་མེད་བཞིན་དུ་ཡོད་པར་འདོགས་པའོ། །དེ་ལྟར་བཏགས་པའི་ངོ་བོ་ནི། ངའོ་སྙམ་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ཉིད་དོ། །འོ་ན་འཇིག་རྟེན་དེ་ཉིད་བདག་དང་གང་ཟག་ཏུ་གྲགས་མོད། གྲུབ་པའི་མཐའ་ཡང་དེ་བདག་ཏུ་ཁས་ལེན་པར་ནུས་སམ་ཞེ་ན། དེ་ནི་ནུས་པ་མ་ཡིན་ཏེ། དེ་ཉིད་བདག་ཏུ་རིགས་པའི་སྒོ་ནས་སྒྲུབ་པ་ནི། ཕྱི་ནང་གི་མུ་སྟེགས་བྱེད་པ་དག་གི་འདོད་པ་ཡིན་ལ། ཆོས་འདི་པ་དག་གིས་ནི་དེ་འདྲ་དེ་བདག་ཏུ་ཁས་ལེན་པ་ལྟ་ཅི་སྨོས། སྤྱིར་ཡོད་པ་ཙམ་ཡང་མ་ཡིན་ནོ། །ཞེས་འདོད་པས་སོ། །དེ་ལྟར་བཤད་པ་ན། བོད་སྔ་ཕྱི་མང་པོ་དག་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱི་ངོས་འཛིན་ཚུལ་ལས་ལོགས་སུ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་བྱ་བའི་དོན་དང༌། ཐ་སྙད་རྣམ་པར་གཞག་ནས་དེ་ཉིད་དབུ་མ་ཐལ་འགྱུར་བས་ཐ་སྙད་དུ་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ལ་ནི། རྣམ་པར་དཔྱད་ན་ཆུ་ཤིང་བཞིན་དུ་སྙིང་པོར་གྱུར་པ་ཅུང་ཟད་ཀྱང་མ་མཐོང་སྟེ། དེ་ལས་ལོགས་སུ་དེ་འདྲ་ངོས་འཛིན་པར་མི་ནུས་པའི་ཕྱིར་དང༌། གལ་ཏེ་ནུས་ན་བཤད་མ་ཐག་གི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ། གང་ཟག་གི་བདག་གི་ངོས་འཛིན་དུ་འཆད་མི་ནུས་པར་ལས་འབྲས་ཀྱི་རྟེན་དུ་བཞག་དགོས་པས། གང་ཟག་གི་བདག་ཇི་ལྟ་བ་བཞིན་དུ་ངོས་འཛིན་མ་ནུས་པས། ཟླ་བའི་ཞབས་ཀྱིས་གང་བཀག་པའི་ཕྱོགས་སྔ་མ་དེ་ཉིད་དུ་སོང་བའི་ཕྱིར་དང༌། ཟླ་བའི་ཞབས་ཀྱིས་ལས་འབྲས་ཀྱི་རྟེན་འཆང་བ་ན། གང་ཟག་གི་བདག་ཉིད་ལ་བཤད་ཀྱི། བདག་ཕུང་པོ་གསུམ་པ་དེ་འདྲའི་བཤད་པ་མེད་དོ། །ཞེས་བྱ་བ་འདི་ངེས་སོ། །དེ་ལྟར་ཕྱི་ནང་གི་གྲུབ་པའི་མཐའ་སྨྲ་བ་དག་གི་གང་ཟག་གི་བདག་དང༌། དེ་མེད་པའི་ལྟ་བ་ཇི་ལྟར་ཁས་ལེན་པའི་ཚུལ་སོ་སོར་བཤད་ཟིན་ནས། ཆོས་ཀྱི་བདག་དང་དེ་མེད་པའི་ཚུལ་གྱི་དོན་དང་ཐ་སྙད་ཇི་ལྟར་ཁས་ལེན་པའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར། རྣལ་འབྱོར་སྤྱོད་པ་བ་མན་ཆད་ཀྱི་ཕྱི་ནང་གི་གཞུང་ལུགས་སྨྲ་བ་མཐའ་དག་ཆོས་ཀྱི་བདག་ཅེས་བྱ་བའི་དོན་དང༌། ཐ་སྙད་གཉིས་ཀ་ཁས་ལེན་པ་ཡིན་ཏེ། བདེན་པར་གྲུབ་པ་ཞེས་བྱ་བའི་དོན་དང༌། ཐ་སྙད་གཉིས་ཀ་གྲུབ་མཐའ་སྨྲ་བ་རང་རང་གི་གཞུང་ལུགས་སུ་རྣམ་པར་གཞག་པའི་སྒོ་ནས་ཁས་ལེན་པའི་ཕྱིར་རོ། །གྲུབ་པའི་མཐའ་ལ་མ་ཞུགས་པའི་འགྲོ་བ་པ་དག་གིས་ནི། ཇི་སྲིད་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པའི་འཛིན་སྟངས་ཀྱི་གཟུང་བྱ་དྲུང་ནས་མ་ཕྱུང་བ་དེ་སྲིད་དུ། བདག་དང་བདེན་པ་ཞེས་བྱ་བའི་ཐ་སྙད་ཁས་ལེན་ནམ་མི་ལེན་ཀྱང་རུང་སྟེ། དེའི་དོན་ཁས་བླངས་པ་ལ་ཁྱད་པར་མེད་དོ། །དེ་ལྟ་ན་ཡང་དེས་གྲུབ་པའི་མཐའ་སོ་སོ་ལ་ཞུགས་པ་དེའི་ཚེ་ནི། གྲུབ་པའི་མཐའ་གོང་འོག་གི་རིམ་པས་ཇི་ལྟར་བཞག་པ་དེ་ཉིད་རང་ལུགས་སུ་ཁས་ལེན་པར་བྱེད་ཀྱི། མ་རིག་པའི་དབང་གིས་ཇི་ལྟར་སྣང་བ་དེ་དག་འཁྲུལ་པའི་དབང་གིས་སྣང་བ་ཡིན་པའི་ཕྱིར། རང་ལུགས་སུ་ཁས་ལེན་པར་མི་བྱེད་དེ། དེ་ཡང་དངོས་པོར་སྨྲ་བ་དག་གིས་ནི། བདེན་པ་གཉིས་ཀ་རང་རང་གི་གྲུབ་པའི་མཐས་འཇོག་པར་བྱེད་ལ། དབུ་མ་པ་དག་གིས་ནི་དོན་དམ་པའི་བདེན་པ་ཁོ་ན་ངེས་འཇོག་གི ཅིག་ཤོས་ངེས་འཇོག་པར་མི་བྱེད་དོ། །ཆོས་ཀྱི་བདག་ཁས་ལེན་པའི་ཚུལ་དེ་ལྟ་ན། ཆོས་ཀྱི་བདག་མེད་ཁས་ལེན་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་བོད་སྔ་ཕྱི་མང་པོ་དག་ན་རེ། ཆོས་ཀྱི་བདག་མེད་པའི་དོན་དེ་དང་ཐ་སྙད་ནི། ཕྱི་རོལ་པ་ལྟ་ཅི་སྨོས། ཆོས་འདི་པ་དག་ལ་ཡང༌། ཐེག་པ་ཆེན་པོ་པ་དག་ཁོ་ན་ལ་ཡོད་ཀྱི། ཉན་ཐོས་སྡེ་པ་དག་ལ་ཡང་ཆ་ཤས་ཙམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་དེ་ལྟར་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། འདི་ལྟར་བདེན་པར་མེད་པ་ཞེས་བྱ་བའི་དོན་ནི། བདེན་པའི་གཅིག་དང་དུ་མ་དང་བྲལ་བ་དེ་ཡིན་ལ། ཆོས་ཅན་ལ་ཡན་ལག་དང༌། ཡན་ལག་ཅན་གཉིས་ལས་ཡན་ལག་རྣམས་བདེན་པའི་གཅིག་དང་བྲལ་བ་ཞེས་བྱ་བ་དེ་དང༌། ཡན་ལག་ཅན་བདེན་པའི་དུ་མ་དང་བྲལ་བ་ཞེས་བྱ་བ་དེ་ནི་མུ་སྟེགས་བྱེ་བྲག་པའི་གྲུབ་པའི་མཐའ་ལ་ཡང་ཡོད་དོ། །རང་བཞིན་གྱིས་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ནི། མཐའ་བཞིའི་སྐྱེ་བ་དང་བྲལ་བ་དེ་ཡིན་ལ། དེ་ལས་རྒྱུ་མེད་དུ་མི་སྐྱེ་བ་ནི་སྤྱོད་པ་བ་དང༌། རྒྱང་ཕན་མ་གཏོགས་པའི་མུ་སྟེགས་གཞན་གྱི་གྲུབ་པའི་མཐའ་ལ་ཡང་ཡོད་ལ། གཞན་ཁོ་ན་ལས་མི་སྐྱེ་བ་ནི། གྲངས་ཅན་གྱི་གྲུབ་པའི་མཐའ་ལ་ཡང་ཡོད་ཅིང༌། བདག་ལས་མི་སྐྱེ་བ་ནི་གྲངས་ཅན་དང༌། གཅེར་བུ་པ་མ་གཏོགས་པའི་མུ་སྟེགས་གཞན་ལ་ཡང་ཡོད་ལ། གཉིས་ཀ་ལས་མི་སྐྱེ་བར་ཁས་ལེན་པའི་གྲུབ་པའི་མཐའ་ཡང་དེ་དང་འདྲ་བའི་ཕྱིར་རོ། །ཡང་དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་རྣམས་རིགས་པས་དཔྱད་མི་བཟོད་དུ་འདོད་པའི་གྲུབ་པའི་མཐའ་ནི་བྱེ་བྲག་ཏུ་སྨྲ་བ་ལ་ཡང་ཡོད་པ་དང༌། མདོ་སེམས་གཉིས་ཀས་རགས་རྒྱུན་བདེན་མེད་དུ་ཁས་ལེན་པ་དང༌། མདོ་སྡེ་པས་སྤྱི་མཚན་བདེན་པར་མེད་པའི་གྲུབ་པའི་མཐའ་ཁས་ལེན་པ་དང༌། ཕྱི་རོལ་གྱི་དོན་བདེན་མེད་དུ་སྒྲུབ་པའི་རིགས་པ་ལ། དབུ་སེམས་གཉིས་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པ་དང༌། གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིགས་པ་ལ། རྣམ་བརྫུན་པ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་དག་ཟབ་མི་ཟབ་ཀྱི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པའི་ཚུལ་རྣམས་ཕྱི་ནང་གི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་རྣམ་པར་བརྟགས་པས་ཤེས་པར་ནུས་པའི་ཕྱིར་རྒྱས་པར་མ་བྲིས་སོ། །དེ་ལྟར་རིགས་པ་ཁོ་ནར་མ་ཟད་ཀྱི་ལུང་ལས་ཀྱང༌། ཕྱི་རོལ་པ་དག་ལ་ཕྱི་རོལ་གྱི་དོན་བཀག་ནས་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་དང༌། ཕྱི་ནང་གི་ཆོས་རྣམས་བདེན་པར་མེད་པ་སྒྱུ་མ་ལྟ་བུར་འཆད་པའི་གྲུབ་པའི་མཐའ་ཇི་ལྟར་ཡོད་པའི་ཚུལ་ཡང་དབུ་མའི་རྒྱན་གྱི་རང་འགྲེལ་དུ། མུ་སྟེགས་དེ་དང་དེའི་གཞུང་དྲངས་ནས། གསལ་བར་བཤད་པ་ཡང་ཡོད་དེ། འདི་ལྟར་བདུད་རྩིའི་ཐིགས་པ་གསང་བ་བསྟན་པ་ལས། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །འདི་ལྟར་སངས་རྒྱས་རྟག་ཏུ་གྲོལ་བ་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟགས་ལ། །ཚངས་པ་མྱ་ངན་མེད་པ་རྟག་གནས་བྱོས། །ཞེས་པ་ཚངས་པ་བདག་གི་དབང་དུ་བྱས་པ་དང༌། མཚན་མོ་ལྔ་པ་ཞེས་བྱ་བའི་རྒྱུད་ལས་འབྱུང་བ། མིང་ཙམ་ལས་ནི་རབ་འདས་ཞིང༌། །དངོས་དང་དངོས་མེད་རྣམ་པར་སྤངས། །འབྱུང་དང་རྡུལ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལ་ཡང་དངོས་ཉིད་མེད། །དངོས་དང་དངོས་མེད་རྣམ་གྲོལ་བ། །གང་དེ་ཤེས་དེས་རིག་བྱེད་རིག །ཅེས་ཁྱབ་འཇུག་པའི་དབང་དུ་བྱས་པ་དང༌། ཞི་བའི་མཛེས་པ་སྦྱར་བ་ཞེས་བྱ་བའི་གཞུང་ལས་འབྱུང་བ་ནི། བུ་གཅིག་ཚངས་པ་མཆོག་ཏུ་བདེན། །རིགས་པའི་དབང་ཕྱུག་མུ་མཐའ་ཡས། །འབའ་ཞིག་ཡོད་པ་ཉིད་སྨྲ་བ། །དེ་ཡང་ཞགས་པར་རབ་ཏུ་བརྗོད། །ཅེས་དང༌། དྲང་སྲོང་ཆེན་པོ་གསེར་སྐྱས་སྨྲས་པ། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་བ་མིན། །མཐོང་བའི་ལམ་དུ་གང་འགྱུར་ཏེ། །སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་དང༌། གསང་བ་པའི་རྗེས་སུ་འབྲང་བ་དག་གི་གཞུང་ལུགས་ལས། བདག་དམ་པ་ནི་གཅིག་པུ་ཁོ་ན་རྣམ་པར་ཤེས་པ་ཙམ་གྱི་རང་བཞིན་ཏེ། ནམ་མཁའ་ཆེན་པོ་དང་འདྲའོ། །ཞེས་བརྗོད་དེ། དེ་ལ་རྣལ་འབྱོར་གོམས་པས་གཉུག་མ་དང་གཉུག་མ་མིན་པའི་མ་རིག་པ་དང་བྲལ་ནས། བུམ་པ་ལ་སོགས་པ་ཆག་ནས་དེའི་ནམ་མཁའ་ནམ་མཁའ་ཆེན་པོར་འདུ་བ་བཞིན། སྲོག་ཀྱང་འདུ་ན་རབ་ཏུ་སྨྲ་བ་དག་གིས་དེ་སྲོག་དང་ཡོན་ཏན་དང༌། འབྱུང་བ་ཉིད་ལ་སོགས་པ་དངོས་པོ་མཐའ་ཡས་པ་རྣམ་པར་བརྟགས་སོ། །འཇིག་རྟེན་འདི་ནི་སྒྱུ་མའི་རང་བཞིན་ཏེ། གཉིས་སུ་མེད་ཀྱང་རྨི་ལམ་རྨིས་པ་ལྟ་བུ་སྣ་ཚོགས་ཀྱི་ངོ་བོར་སྣང་ངོ་ཞེས་དང༌། ཇི་ལྟར་ཐེག་པ་ངེས་རྟོགས་ན། །རྣམ་པར་རྟོག་པ་བཟློག་འགྱུར་ཏེ། །ཐེག་པ་གཅིག་ཉིད་གཉིས་མིན་པ། །དེ་བཞིན་བདག་ཀྱང་ངེས་པ་ཡིན། །སྲོག་ལ་སོགས་པ་མཐའ་ཡས་པའི། །དངོས་པོ་དེ་དག་རྣམ་པར་བརྟགས། །གང་གི་དེ་དག་ཉིད་རྨོངས་པ། །དེ་ནི་ལྷ་དེའི་སྒྱུ་མ་ཡིན། །སྲོག་ཏུ་རིགས་པས་སྲོག་ཅེས་བརྗོད། །འབྱུང་བ་ཡིན་ཞེས་དེ་རིག་རྣམས། །ཡོན་ཏན་རིག་རྣམས་ཡོན་ཏན་མཉམ། །ཡང་དག་ཡིན་ཞེས་དེ་རིས་རྣམས། །གཉིས་མིན་ཡིད་ནི་རྨི་ལམ་ན། །གཉིས་སུ་སྣང་དེ་ཐེ་ཚོམ་མེད། །དེ་བཞིན་གཉིད་ཀྱིས་མ་ལོག་ཚེ། །གཉིས་མིན་གཉིས་སྣང་ཐེ་ཚོམ་མེད། །རྒྱུ་དང་མི་རྒྱུ་གང་ཅིའང་རུང༌། །གཉིས་སུ་སྣང་འདི་ཡིད་ཡིན་ནོ། །ཡིད་ནི་ཡིད་མེད་གྱུར་པ་ན། །གཉིས་སུ་དམིགས་པར་མི་འགྱུར་རོ། །བདག་ནི་བདེན་པར་རྟོགས་གྱུར་བས། །གང་ཚེ་ཀུན་ཏུ་མི་རྟོག་པ། །དེ་ཚེ་ཡིད་ནི་མེད་འགྱུར་ཏེ། །ངོ་བོ་མེད་པས་དེ་འཛིན་མེད། །ཅེས་དང༌། རིག་བྱེད་མཐའ་ལ་ངེས་རྣམས་ཀྱིས། །རྨི་ལམ་སྒྱུ་མ་ཅི་འདྲ་དང༌། །དྲི་ཟའི་གྲོང་ཁྱེར་ཅི་འདྲ་མཐོང༌། །དེ་ལྟར་འཇིག་རྟེན་འདི་དག་མཐོང༌། །འགག་པ་མེད་ཅིང་སྐྱེ་བ་མེད། །བཅིངས་པ་མེད་ཅིང་སྒྲུབ་པ་མེད། །ཐར་འདོད་མེད་ཅིང་ཐར་པ་མེད། །འདི་ནི་དོན་དམ་ཉིད་ཡིན་ནོ། །ཆགས་དང་འཇིག་དང་ཁྲོ་བྲལ་བ། །རིག་བྱེད་མཐར་ཕྱིན་གྲུབ་རྣམས་ཀྱིས། །སྤྲོས་པ་ཉེར་ཞི་གཉིས་མེད་པའི། །རྣམ་པར་མི་རྟོག་འདི་མཐོང་ངོ༌། །ཞེས་བྱ་བ་ལ་སོགས་པའི་གཞུང་ལུགས་ཡོད་པར་བཤད་པ་ཡིན་ནོ། །འོ་ན་ཅི་དེ་དག་ཆོས་ཀྱི་བདག་མེད་གོ་ཆོད་པོ་ཡིན་ནམ་ཞེ་ན། དབུ་མའི་རྒྱན་ལས་ནི། དེ་དག་ཉི་ཚེ་བའི་སྟོང་པ་ཡིན་པར་བཤད་ལ། ངག་དོན་བསྡུས་ན་འདི་ཡིན་ཏེ། དེ་ལྟར་ཕྱི་རོལ་སྣང་བ་སྒྱུ་མ་ལྟ་བུ་ལ་སོགས་པར་བཤད་པ་དེ་དག་ཐམས་ཅད་ཀྱང༌། ནང་གི་བདག་ཁོ་ན་གནས་ལུགས་དོན་དམ་པ་ཉིད་དུ་སྒྲུབ་པའི་ཕྱིར་དུ་སྨྲས་པ་ཡིན་པས། ཡང་དག་པ་མ་ཡིན་ནོ། །ཞེས་པ་ནི་རྒྱན་གྱི་དགོངས་པའོ། །དེ་ལྟར་བཤད་པ་ན། ནང་གི་བྱེད་པའི་སྐྱེས་བུ་མེད་པར་མ་རྟོགས་ཀྱང༌། ཕྱིའི་སྣང་བ་བདེན་པར་མེད་དོ་ཞེས་པའི་ཐ་སྙད་དང༌། དེ་དེར་སྒྲུབ་བྱེད་ཀྱི་རིགས་པ་ཡང༌། སྣང་བ་སེམས་སུ་འཆད་པ་དང༌། ཤེས་བྱེད་ཀྱི་དཔེ་ཡང་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་ལ་སོགས་པ་ཡང་གསལ་བར་བཤད་པས། ཆོས་ཅན་རེ་རེའི་སྟེང་དུ་བདེན་མེད་ཀྱི་དོན་རྟོགས་པ་ཡང་ཡོད་མོད། དེ་དག་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་ཤེས་བྱེད་ནི། གོང་དུ་བཤད་མ་ཐག་པའི་ཆོས་ཀྱི་ཕྱག་རྒྱ་གཞག་པ་མེད་པ་ལ་ཐུག་པ་ཡིན་ནོ། །དོན་དེ་དག་ལ་རྣམ་པར་བསམས་ནས། ཕྱི་སྒྱུ་མ་ལྟ་བུར་ཐོས་བསམ་དང༌། དོན་སྤྱིའི་ཚུལ་གྱིས་སྒོམ་པའི་ཤེས་རབ་ཀྱིས་གཏན་ལ་ཕེབས་པ་སྲིད་ཀྱང༌། ནང་གང་ཟག་བདག་མེད་པ་མངོན་སུམ་དུ་མ་རྟོགས་ན་ཆོས་ཀྱི་བདག་མེད་པ་མངོན་སུམ་དུ་རྟོགས་པ་མི་སྲིད་དོ། །ཞེས་བྱ་བ་འདི་ཡང་དབུ་མ་རང་རྒྱུད་པ་དག་གི་གཞུང་འཆད་པའི་ལུགས་རྣམ་པར་དག་པ་ཡིན་པར་གདོན་མི་ཟའོ། །དེ་ལྟར་གོང་དུ་བཤད་པའི་ཚུལ་འདི་ནི། མུ་སྟེགས་པ་དག་གང་ཟག་ལས་མ་གཏོགས་པའི་ཆོས་ལ་བདག་མེད་པའི་དོན་དང་ཐ་སྙད་རྒྱས་པ་དང༌། བསྡུས་པ་ཅི་རིགས་པ་ཁས་ལེན་ཀྱང༌། གང་ཟག་གི་བདག་ནི་མེད་པར་འཆད་པའི་སྐབས་མི་ཡོང་བར་སྒྱུ་མ་ལྟ་བུར་འཆད་པའི་སྐབས་ཅུང་ཟད་ཀྱང་མི་སྣང་བ་དང༌། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བ་ནམ་ཡང་མི་འདོར་བའི་ཕྱིར་མུ་སྟེགས་ཅན་ཁོ་ནའོ། །གཉིས་པ་དེ་དག་གིས་རྟག་ཆད་ཀྱི་མཐའ་འདོར་བའི་ཚུལ་ལ། ཕྱི་རོལ་པས་མཐའ་གཉིས་འདོར་བའི་ཚུལ་དང༌། ཆོས་འདི་བདག་གིས་མཐའ་གཉིས་འདོར་བའི་ཚུལ་ལོ། །དང་པོ་ནི། ཕྱི་རོལ་པ་དག་ལ་ནི་དོན་དམ་པའི་བདེན་པ་ལས་བརྩམས་པའི་མཐའ་གཉིས་སེལ་བའི་ཚུལ་མ་ནོར་བ་ཡོད་པ་མ་ཡིན་ཏེ། དེ་དག་གིས་གང་ཟག་གི་བདག་འགོག་པའི་རིགས་པ་ནམ་ཡང་མི་བྱེད་པའི་ཕྱིར། དེ་ལྟ་ན་ཡང༌། ཆོས་ཀྱི་བདག་མེད་ལ་མཐའ་གཉིས་སེལ་བའི་ཚུལ་རྗེས་མཐུན་པ་ཙམ་ཞིག་སྣང་སྟེ། དཔེར་ན་གྲངས་ཅན་གྱིས་རྣམ་འགྱུར་ཉི་ཤུ་རྩ་གསུམ་པོ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཁས་ལེན་པ་བཞིན་ནོ། །དེ་ལྟ་མོད་ཀྱི་ཐར་པ་ཁས་ལེན་པའི་མུ་སྟེགས་པ་དག་ལ་ནི། ཀུན་རྫོབ་བདེན་པ་ལ་མཐའ་གཉིས་སེལ་ཚུལ་མཚན་ཉིད་པ་ཡོད་དེ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་དང་འཇིག་རྟེན་པའི་ལམ་ལ་མཐའ་གཉིས་བསལ་ནས། དེ་དག་གི་བླང་དོར་ལ་ཚུལ་བཞིན་དུ་འཇུག་པ་ཡོད་པའི་ཕྱིར། དཔེར་ན་མི་དགེ་བ་བཅུ་དང༌། དེའི་གཉེན་པོ་དགེ་བ་བཅུ་ལ་བླང་དོར་ཚུལ་བཞིན་དུ་བྱེད་པ་དང༌། འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པ་ལ་ཆགས་བྲལ་བྱེད་ནུས་པ་སོགས་བཤད་པ་བཞིན་ནོ། །དེ་ལྟ་ན་ཡང་མུ་སྟེགས་ཀྱི་ལྟ་བ་ལ། དབུ་མར་འཇོག་པའི་གནས་སྐབས་ནི་ཡོད་པ་མ་ཡིན་ཏེ། དེར་འཇོག་པ་དེ་དོན་དམ་ལ་ལྟོས་པའི་མཐའ་གཉིས་ཇི་ལྟར་སེལ་བའི་ཚུལ་ལས་རབ་ཏུ་ཕྱེ་བའི་ཕྱིར་དང༌། ལྟ་བ་ལྔའི་ནང་ནས་མཐར་འཛིན་གྱི་ལྟ་བ་ཞེས་བྱ་བ་དེ། སེལ་བའི་གནས་སྐབས་ནི་མུ་སྟེགས་ཅན་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་འཇིག་ཚོགས་ལ་ལྟ་བས་གང་དུ་བཟུང་བའི་བདག་དེ་རྟག་པའམ། ཆད་པར་འཛིན་པ་གང་རུང་ལས་མ་འདས་པའི་ཕྱིར་དང༌། དེ་ཙམ་ལ་མཐར་འཛིན་པའི་ལྟ་བ་ཞེས་པའི་ཐ་སྙད་འཇོག་པ་ནི། ཆོས་འདི་པ་དག་གི་སྤྱི་ལུགས་ཡིན་པའི་ཕྱིར། དེ་སྐད་དུ་འཇུག་འགྲེལ་ལས། གང་གི་ཕྱིར་ཁྱེད་ཅག་གིས་ནི་བདག་དང་བདག་གི་བའི་རྣམ་པ་ཅན། འཇིག་ཚོགས་ལ་ལྟ་བས་བདག་ཉིད་དུ་གང་བཟུང་བ་དེ་ཉིད་ལ། རྟག་པ་དང་ཆད་པར་འཛིན་པས། མཐར་འཛིན་པའི་ལྟ་བར་རྣམ་པར་གཞག་གོ །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་གནས་སྐབས་ཀྱི་དབུ་མར་འཇོག་པ་ལ། གང་ཟག་གི་བདག་ལ་མཐའ་གཉིས་སེལ་བའི་ཚུལ་མ་ནོར་བ་ཡོད་དགོས་ཤིང༌། མཐར་ཐུག་གི་དབུ་མར་འཇོག་པ་ལ་ཆོས་དང་གང་ཟག་གཉིས་ཀ་ལ་མཐའ་གཉིས་སེལ་བའི་ཚུལ་མ་ནོར་བར་ཡོད་དགོས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་གྲུབ་པའི་མཐའ་གང་ལ་དབུ་མའི་ལྟ་བ་ཡོད་པ་དེ་ལ། སྤང་བྱའི་ས་བོན་དྲུང་ནས་འབྱིན་པའི་གཉེན་པོ་ཡོད་ལ། གང་ལ་སྤང་བྱའི་ས་བོན་སྤངས་པའི་གཉེན་པོ་མེད་པ་དེ་ལ། ཅིག་ཤོས་ཀྱང་མེད་དོ། །ཞེས་བྱ་བ་འདི་ངེས་སོ། །དེ་ཡང་ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། མཐར་འཛིན་པའི་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པའམ་ཆད་པར་རྗེས་སུ་ལྟ་བའི་བཟོད་པ་དང༌། འདོད་པ་དང༌། བློ་གྲོས་དང༌། རྟོག་པ་དང༌། ལྟ་བ་གང་ཡིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས་སོ། །དེ་ལྟར་ན། ཐེག་པ་ཐུན་མོང་གི་སྤྱི་སྐད་ལ། ཆད་པའི་ལྟ་བ་དང༌། སྐུར་པ་འདེབས་པའི་ལྟ་བ་སོ་སོར་ཕྱེད་དགོས་ཏེ། མངོན་པ་ཀུན་ལས་བཏུས་ལས། མཐར་འཛིན་པའི་ལྟ་བ་ཡང་སྒྲོ་འདོགས་ཀྱི་ལྟ་བར་འཆད་པ་དང༌། ལོག་པར་ལྟ་བ་གཅིག་པུ་སྐུར་འདེབས་ཀྱི་ལྟ་བར་འཆད་པའི་ཕྱིར། གཉིས་པ་ཆོས་འདི་པའི་རྟག་ཆད་སྤོང་ཚུལ་ལ་གཉིས་ཏེ། ཉན་ཐོས་སྡེ་པའི་རྟག་ཆད་སྤོང་ཚུལ་དང༌། ཐེག་པ་ཆེན་པོ་པ་དེ་དག་གི་སྤོང་ཚུལ་ལོ། །དང་པོ་ལ། གང་ཟག་གི་བདག་ཁས་ལེན་པའི་ཉན་ཐོས་སྡེ་པའི་ལུགས་དང༌། དེ་ཁས་མི་ལེན་པའི་ཉན་ཐོས་སྡེ་པའི་ལུགས་སོ། །དང་པོ་ནི། མང་པོས་བཀུར་བའི་སྡེ་པ་དག་ན་རེ། གང་ཟག་གི་བདག་ཅེས་བྱ་བའི་འདོད་ཚུལ་ནི་གཉིས་ཏེ། ཕྱི་རོལ་པས་བཏགས་པ་དང༌། སྟོན་པ་སངས་རྒྱས་ཀྱིས་གསུངས་པའོ། །དང་པོ་ནི། ཐ་སྙད་དུ་ཡང་ཡོད་པར་ཁས་མི་ལེན་པས་རྟག་པའི་མཐའ་ལས་གྲོལ་ལ། སྔར་ཡོད་པའི་བདག་ཞིག་ཕྱིས་ཆད་པར་ཁས་མི་ལེན་པའི་ཕྱིར། ཆད་པའི་མཐའ་ལས་ཀྱང་གྲོལ་ལོ། །གཉིས་པ་ལ་ལུགས་གཉིས་ཏེ། ཕུང་པོ་ཉིད་བདག་ཏུ་འདོད་པའི་ལུགས་དང༌། བདག་ཕུང་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་པའི་ལུགས་སོ། །དང་པོ་ནི། སྟོན་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཞེས་སོགས་ཀྱི་ལུང་དེས་ཕུང་པོ་རེ་རེ་བའམ་ལྔ་ཆར་བདག་ཏུ་གསུངས་པའི་ཕྱིར་དེ་ཉིད་དེ་ཡིན་ནོ། །ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་དེ་རྒྱུན་ཆད་ཀྱང༌། བདག་ཆད་པར་ཁས་བླངས་པའི་ལྟ་བར་མི་འགྱུར་ཏེ། ཕྱི་རོལ་པས་བཏགས་པའི་བདག་དེ་སྔར་ཡོད་པར་ཁས་བླངས་ནས། ཕྱིས་ཆད་པར་ཁས་བླངས་ན་ལྟ་བ་དེར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ལེགས་པར་རྟོགས་པའི་ཤེས་རབ་ཀྱིས་ཀྱང་ཕྱི་རོལ་པས་བརྟགས་པའི་བདག་དེ་མེད་པར་རྟོགས་པ་ཙམ་ལ་དེ་རྟོགས་པར་བཞག་པ་ཡིན་གྱི། བདག་ཡིན་ངོ་ཤེས་པ་ཞིག་དེར་རྟོགས་པ་ལས་དེར་བཞག་པ་མ་ཡིན་ནོ། །དེ་ཁོ་ནར་མ་ཟད་ཆོས་ཀྱི་ཕྱག་རྒྱ་བཞིའི་དང་པོ་ཁས་ལེན་པའི་ཚུལ་ཡང༌། ཕྱི་རོལ་པས་བཏགས་པའི་བདག་མེད་པ་ལ་དགོངས་ནས་དེར་བཞག་པ་ཡིན་གྱི། གང་ཟག་གི་བདག་ཡིན་ངོ་ཤེས་པ་ཞིག་མེད་པ་ལ་བསམས་ནས་དེར་བཞག་པ་མ་ཡིན་ནོ། །ཞེས་འཆད་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཕྱིར་བོད་སྔ་མ་ལ་ལ་སྡེ་པ་འདིས་ཕྱག་རྒྱ་དང་པོ་ཁས་མི་ལེན་ནོ། །ཞེས་ཟེར་བ་དེ་ཡང་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་ནི་གནས་མ་བུའི་སྡེ་པ་དག་བདག་ཕུང་གཅིག་ཏུ་ཁས་བླངས་ན། རང་གི་སྡེ་པ་གཞན་ལ་བརྗོད་པའི་སྐྱོན་ཡོད། ཐ་དད་དུ་ཁས་བླངས་ན་ཕྱི་རོལ་པ་ལ་བརྗོད་པའི་སྐྱོན་ཡོད་པས། བདག་ཕུང་གཉིས་པོ་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ཀྱང༌། རྫས་སུ་ནི་ཡོད་པ་ཁོ་ནར་ཁས་ལེན་དགོས་ཏེ། གཞན་དུ་ན་ལས་འབྲས་ཀྱི་འབྲེལ་པ་ཆད་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་མཐར་འཛིན་གྱི་ལྟ་བར་ཐལ་བ་དང༌། ཆོས་ཀྱི་ཕྱག་རྒྱ་དང་འགལ་བར་མི་འགྱུར་ཏེ། ཕྱི་རོལ་པས་བཏགས་པའི་བདག་དང༌། ཉན་ཐོས་སྡེ་པ་གཞན་གྱིས་བཏགས་པའི་བདག་ཡོད་པར་ཁས་མི་ལེན་པའི་ཕྱིར་ཞེས་འཆད་པ་ཡིན་ནོ། །གཉིས་པ་བདག་མེད་པར་ཁས་ལེན་པའི་ཉན་ཐོས་སྡེ་པའི་ལུགས་ལ། བྱེ་མདོ་གཉིས་ཀས་ཐུན་མོང་དུ་འདི་སྐད་ཅེས་འཆད་དེ། བདག་གི་མཚན་ཉིད་ནི་རྟག་པ་དང་གཅིག་པུ་དང༌། རང་དབང་ཅན་ནོ། །དེའི་ཕྱིར་ཐ་སྙད་དུ་ཡང་གང་ཟག་ནི་བདག་ཏུ་ཡོད་པ་མ་ཡིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དེའི་ཕྱིར་བདག་ཡོད་པར་ཁས་བླངས་ན། རྟག་པ་དང་ཆད་པའི་མཐའ་གང་རུང་ལས་མ་འདས་ཏེ། དེ་འདྲའི་བདག་དེ་ཕུང་པོ་ལྷག་མེད་ལྟ་བུ་ནམ་ཞིག་གི་ཚེ་ཆད་པར་ཁས་བླངས་ན། གནས་སྐབས་རྟག་ཅིང་མཐར་ཐུག་ཆད་པར་འདོད་པའི་ལྟ་བ་ཁས་བླངས་པར་འགྱུར་ལ། བདག་དེ་ཆད་པ་མི་སྲིད་པར་ཁས་བླངས་ན་ནི། རྟག་པའི་ལྟ་བ་རྐྱང་པ་ཁས་བླངས་པར་འགྱུར་བའི་ཕྱིར་རོ། །འོ་ན་རང་གི་ལུགས་ལ་ཡང་བདག་བཏགས་པ་ཙམ་དུ་ཡོད་པར་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན། དེར་ལེན་པ་ཡིན་མོད། དེ་ཙམ་གྱིས་ཡོད་པའི་གོ་ཆོད་པ་མ་ཡིན་ཏེ། བཏགས་ཡོད་ཅེས་བྱ་བའི་དོན་ནི། དོན་ལ་མེད་བཞིན་དུ་རྟོག་པས་བཏགས་པ་ལ་འཆད་དགོས་པའི་ཕྱིར། དེ་ལ་ཡང་འདོགས་ཚུལ་གཉིས་ཏེ། གཞི་ཆོས་ཅན་དངོས་པོར་ཡོད་པ་ལ་བརྟེན་ནས་བཏགས་པ་བུམ་པའི་དོན་སྤྱི་ལྟ་བུ་དང༌། དེ་མེད་པ་ལ་དེར་བཏགས་པ་ཐག་པ་ཁྲ་བོའི་གོ་སར་སྦྲུལ་གྱི་དོན་སྤྱི་ལྟ་བུའོ། །དེ་ཡང་དཔེ་སྒྲུབ་པ་ནི། དེའི་གོ་སར་དེ་ཆོས་ཅན། བཏགས་ཡོད་ཡིན་ཏེ། དེ་མེད་བཞིན་དུ་རྟོག་པས་དེར་བཏགས་པའི་ཕྱིར། དེ་ཉིད་དོན་ལ་སྦྱར་བ་ནི། ཕུང་པོའི་གོ་སར་བདག་ཆོས་ཅན། བཏགས་ཡོད་ཡིན་ཏེ། མེད་བཞིན་དུ་ལྷན་ཅིག་སྐྱེས་པའི་རྟོག་པས་སྒྲོ་བཏགས་པའི་ཕྱིར། མདོར་ན་རྟོག་གེའི་བརྡ་ཆད་དང་མཐུན་པའི་ཐ་སྙད་ཀྱིས་བརྗོད་པ་ནི། བདག་གི་དོན་སྤྱི་ཙམ་ལས་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ཏེ། བདག་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་བློ་ཡིན་ན། རྟོག་པ་ཡིན་དགོས་པའི་ཕྱིར་དང༌། བདག་མངོན་གྱུར་ཡིན་པའི་སྐབས་མི་སྲིད་པའི་ཕྱིར། དེ་ལྟར་བཤད་པ་དེ་ལས་ཅིར་འགྱུར་ཞེ་ན། བདག་བཏགས་ཡོད་ཡིན་པའི་དོན་ནི་བདག་གི་དོན་སྤྱི་བཏགས་ཡོད་ཡིན་པའོ། །དེ་ལྟར་ན་དེའི་དོན་སྤྱི་ཡོད་པས་དེ་ཡོད་མི་དགོས་ཏེ་མོ་གཤམ་གྱི་བུའི་གཞན་སེལ་བཞིན་ནོ། །བཏགས་ཡོད་ཀྱི་དོན་དེ་ལྟར་ཡིན་པའི་ཚུལ་ཡང༌། མངོན་པ་ཀུན་ལས་བཏུས་ལས། ཇི་ལྟར་ན་བཏགས་པའི་ཡོད་པ་ཡིན་ཞེས་དྲིས་པའི་ལན་དུ། དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་དང༌། དེ་ལས་གཞན་ལ་ལྟོས་པ་ནི། བཏགས་པའི་ཡོད་པའོ། །ཞེས་གསུངས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། མཛོད་འགྲེལ་ལས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་རྨས་པར་འགྱུར། །བཏགས་པའང་མེད་པར་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མི་བརྗོད་དོ། །ཞེས་གསུངས་ལ། དོན་འདི་ལ་ཐེག་པ་ཆེན་པོ་པ་དག་ཀྱང་མཐུན་པ་ཡིན་ཏེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ལ་གང་ཟག་དང༌། བདག་ཅེས་བྱ་ལ། དེ་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར་ཁས་བླངས་པ་ན། གང་ཟག་ལ་མཐའ་གཉིས་སེལ་བའི་ཚུལ། འབད་མེད་དུ་ལྷུན་གྱིས་གྲུབ་པ་འབྱུང་ལ། དོན་དེ་ལ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནས། དབུ་མ་ཐལ་འགྱུར་བའི་བར་ལ་མི་མཐུན་པ་མེད་དོ་ཞེས་བཤད་ཟིན་པ་དེ་ཉིད་ཡིན་ནོ། །འོ་ན་ཉན་ཐོས་སྡེ་པས་གང་ཟག་ལ་རྟག་ཆད་སྤོང་བའི་ཚུལ་དེ་ལྟ་ན། ཆོས་ལ་རྟག་ཆད་སྤོང་བའི་ཚུལ་ཁས་ལེན་ནམ་ཅི་ཞེ་ན། ཐ་སྙད་གསལ་པོ་མེད་ཀྱང་དོན་ཐོབ་ལ་འདི་ལྟར་འབྱུང་སྟེ། ཆོས་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་ལས། དོན་དམ་པ་ལ་ནི་མཐའ་གཉིས་མི་སེལ་ཏེ། དེ་བདེན་པར་གྲུབ་པར་ཁས་ལེན་པའི་ཕྱིར་དང༌། བདེན་པར་གྲུབ་ཀྱང་སྐད་ཅིག་མར་ཁས་བླངས་པ་ལ། ཆད་པའི་མཐར་ཁས་བླངས་པའི་ནང་འགལ་ཡོད་པར་ཡང་མི་འཇོག་ཅིང༌། སྤྱིར་ཡང་རང་མཚན་ཞིག་པར་ཁས་བླངས་པ་ལ་ཆད་པའི་མཐར་མི་འདོད་ལ། དབུ་མ་པས་གཞལ་བ་ན། བདེན་གྲུབ་ཀྱི་དངོས་པོ་འཇིག་པར་ཁས་བླངས་པ་ནི། ཆད་པའི་མཐའ་བླ་ན་མེད་པའོ། །དེ་ལྟ་ན་ཡང་ཉན་ཐོས་སྡེ་གཉིས་པོས་ཀུན་རྫོབ་ལ་ནི་མཐའ་གཉིས་སེལ་དགོས་ཏེ། བུམ་པ་དང་ཆུ་ལ་སོགས་པའི་རགས་པ་རྣམས་རིགས་པས་དཔྱད་བཟོད་དུ་ཁས་བླངས་ན། རྟག་པའི་མཐའ་དང་དེ་ཉིད་ལ་རིགས་པས་དཔྱད་པ་ན་དེ་འཛིན་གྱི་བློ་འདོར་ནུས་པ་ཞིག་བྱུང་ན། ཆད་པའི་མཐའ་ལས་མ་འདས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རང་གི་གྲུབ་མཐའ་ལ་བདེན་མེད་དུ་ཁས་ལེན་དགོས་པའི་དངོས་པོ་ཞིག་བདེན་པར་གྲུབ་པ་དང༌། དེ་ཉིད་ཕྱིས་ཞིག་པར་ཁས་བླངས་ན། ཆད་པའི་མཐར་འགྱུར་བ་ཡིན་ཏེ། དཔེར་ན་བདག་དང་འཇིག་རྟེན་མི་རྟག་པར་ཁས་བླངས་ན་ཆད་པའི་ལྟ་བར་འགྱུར་བ་བཞིན་ནོ། །དེའི་ཚེ་ཡང་འཇིག་རྟེན་ནི་ཕུང་པོ་ལྔ་ལས་གཞན་མེད་དོ། །དོན་དེ་དག་ཀྱང་ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་བློ་དེ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན་གཞན་དག་ཉན་ཐོས་གཉིས་ཀྱི་རྟག་ཆད་སྤོང་ཚུལ་ལ་གང་ཟག་སྐད་ཅིག་གིས་འཇིག་པས་རྟག་པ་མ་ཡིན། རྒྱུན་ལྡན་དུ་འབྱུང་བས་ཆད་པ་མ་ཡིན་ཞེས་དང༌། ལས་བྱས་མ་ཐག་ཏུ་འཇིག་པས་རྟག་པ་མ་ཡིན། ལས་ཀྱི་ཆུད་མི་ཟ་དང་རྒྱུན་ཁས་ལེན་པས་ཆད་པ་མ་ཡིན། ཞེས་འཆད་པ་དེ་དག་ནི་དཔྱིས་ཕྱིན་པ་མ་ཡིན་ཏེ། རྟག་ཆད་ཀྱི་ལྟ་བ་གང་ལས་འབྱུང་བའི་གཞི་ནི། ཆོས་དེ་དང་དེ་རང་བཞིན་གྱིས་གྲུབ་པར་ཁས་བླངས་པ་ལས་འབྱུང་ངོ་ཞེས་བྱ་བའི་ཚུལ་གྱི་རྟག་ཆད་ཀྱི་ལྟ་བ་གང་ལས་འབྱུང་བའི་རྩ་བ་མཆོད་པའི་ཕྱིར། འོ་ན་ཅི་ཞེ་ན། ཉས་ཐོས་སྡེ་པས་ཀྱང་རྒྱུན་དང༌། ཆུད་མི་ཟ་བ་དང༌། ཐོབ་པ་སོགས་དོན་དམ་པར་མ་གྲུབ་པ་ཉིད་དུ་ཁས་བླངས་པ་དེའི་རྒྱུ་མཚན་གྱིས་ཆོས་ལ་རྟག་ཆད་སེལ་ནུས་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པས། །ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། །ཞེས་ལས་རང་བཞིན་གྱིས་གྲུབ་པ་ལ་དབུ་མ་པ་ལ་སོགས་པའི་རྒོལ་བ་གཞན་གྱིས་བརྩོད་པ་ན། དེའི་ལན་དུ་འདི་སྐད་ཅེས། གང་ཕྱིར་ས་བོན་ལས་རྒྱུན་དང༌། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང༌། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་དང༌། སྟོང་པ་ཉིད་དང་ཆད་མེད་དང༌། །འཁོར་བ་དང་ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །ཞེས་གསུངས་སོ། །ལུགས་འདི་ལ་རྒྱུན་དང་ཆུད་མི་ཟ་བ་རང་བཞིན་གྱིས་མ་གྲུབ་ཀྱང༌། རྫས་སུ་གྲུབ་པར་འདོད་པ་ནི། མི་འགལ་བར་འཆད་པར་འདོད་པ་ཡིན་ཏེ། དཔེར་ན་འདས་པ་དང་མ་འོངས་པའི་དུས་དང༌། ནམ་མཁའ་དང་གང་ཟག་དང༌། མྱ་ངན་ལས་འདས་པ་རྣམས་བཞིན་ནོ། །འོ་ན་ལུགས་འདི་དག་ལ་རགས་པ་དང་རྒྱུན་གྱི་དངོས་པོ་རང་བཞིན་གྱིས་མ་གྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་ཁས་ལེན་ན། དེ་གོམས་པར་བྱས་པས་དེ་མངོན་སུམ་དུ་མཐོང་བ་ཡོད་དམ་ཞེ་ན། བྱེ་མདོ་གཉིས་ཀྱི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཞེས་བྱ་བའི་རྣམ་པར་གཞག་པ་ཞིག་ཁས་བླངས་ནས། དེ་མ་ལུས་པར་སྤངས་པ་སངས་རྒྱས་ལ་ཡོད་ཅིང༌། ཐེག་དམན་ལ་མེད་པར་འཆད་པ་དེའི་ཚེ་ནི། རགས་རྒྱུན་བདེན་པར་འཛིན་པའི་བློ་ཤེས་སྒྲིབ་དང༌། དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཁས་ལེན་དགོས་པ་འདྲ་ཞིང༌། དེར་མ་ཟད་ཀྱི་རིགས་པའི་གཞུང་ལྟར་ན་གཞལ་བྱ་སྤྱི་མཚན་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཡང་ཁས་ལེན་པར་བྱེད་དོ། །དེ་ལྟ་ན་ཡང་དབུ་མ་པས་གཞལ་བ་ན། གྲུབ་མཐའ་སྨྲ་བ་གང་གིས་རགས་རྒྱུན་བདེན་པར་མེད་པའི་དོན་དང༌། ཐ་སྙད་གྲུབ་པའི་མཐའ་ཁས་བླངས་ཀྱང༌། ཇི་སྲིད་རྩོམ་བྱེད་རྡུལ་ཕྲན་དང༌། སྐད་ཅིག་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་པ་དེ་སྲིད་དུ། དེས་བརྩམས་པའི་རིགས་རྒྱུན་བདེན་མེད་དུ་མངོན་སུམ་དུ་རྟོགས་པ་མི་འབྱུང་ཞིང༌། ཇི་སྲིད་དོན་རང་མཚན་དེར་མ་རྟོགས་པ་དེ་སྲིད་དུ། དེ་ལ་བརྟེན་པའི་གཞན་སེལ་དེར་མངོན་སུམ་དུ་རྟོགས་པ་ཡང་མི་འབྱུང་བ་ཡིན་ཏེ། གདགས་གཞི་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་པ་དེ་སྲིད་དུ། གདགས་ཆོས་དེར་མི་རྟོགས་པ་ཞེས་བྱ་བ་དེ་ནི་སློབ་དཔོན་ཟླ་བའི་ཞབས་ཀྱི་གྲུབ་པའི་མཐའ་ཡིན་པས་སོ། །དེའི་ཕྱིར་མུ་སྟེགས་ནས། རང་སྡེ་དོན་སྨྲ་བའི་བར་གྱི་དངོས་པོར་སྨྲ་བ་གང་གིས་ཆོས་ཀྱི་བདག་མེད་པའི་དོན་དང་ཐ་སྙད་གཉིས་ཀ་ཆོས་ཅན་ཉི་ཚེ་བ་སོ་སོའི་སྟེང་དུ་གྲུབ་པའི་མཐར་ཁས་བླངས་ཀྱང༌། གྲུབ་མཐའ་གོང་མ་དག་ཏུ་མ་ཞུགས་པ་དེ་སྲིད་དུ། དེ་དང་དེ་དེར་མངོན་སུམ་དུ་རྟོགས་པ་མི་སྲིད་པས། ཉན་ཐོས་སྡེ་པའི་གྲུབ་པའི་མཐའ་ལ། ཆོས་ཀྱི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་དང༌། དེས་སྤང་བྱ་སྤོང་བའི་ཚུལ་གྱིས་རྣམ་པར་གཞག་པ་གོ་ཆོད་པོ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་དེ་ནི་ཐེག་པ་གོང་མས་ཕྱིར་གཞལ་བའི་ངེས་པའོ། །གཉིས་པ་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་དག་གིས་རྟག་ཆད་སྤོང་ཚུལ་ལ་གཉིས་ལས། དང་པོ་གང་ཟག་ལ་རྟག་ཆད་སྤོང་ཚུལ་ནི། ཉན་ཐོས་སྡེ་གཉིས་དང་ཐུན་མོང་དུ་བཤད་ཟིན་པ་དེ་ཉིད་ཡིན་པས་ལོགས་སུ་འཆད་མི་དགོས་སོ། །གཉིས་པ་ཆོས་ལ་དེ་སྤོང་ཚུལ་ལ་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་ལུགས་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སོ། །དང་པོ་ལ་གཉིས་ཏེ། རྣམ་བདེན་པའི་ལུགས་དང༌། རྣམ་བརྫུན་པའི་ལུགས་སོ། །དང་པོ་ནི། ལུགས་འདི་ལ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་ནང་ནས། ཀུན་བཏགས་ལ་མཐའ་གཉིས་སེལ་བར་མཛད་པ་ཡིན་གྱི། གཞན་དབང་དང་ཡོངས་གྲུབ་ལ་ནི་མ་ཡིན་ཏེ། དེ་གཉིས་བདེན་པར་གྲུབ་པའི་ཕྱིར་རོ། །དེ་ལའང་གཉིས་ཏེ། གང་ཟག་གི་བདག་དང་ཕྱི་རོལ་གྱི་དོན་ལྟ་བུ་རང་དང་སྤྱིའི་མཚན་ཉིད་གཉིས་ཀ་མེད་པ་དང༌། དེ་དང་དེའི་དོན་སྤྱི་ལྟ་བུ་རང་གི་མཚན་ཉིད་མེད་ཀྱང་སྤྱིའི་མཚན་ཉིད་ཡོད་པའོ། །དེ་གཉིས་ཀ་ཡང་ཀུན་བཏགས་མཚན་ཉིད་པར་འཇོག་ལ། དེ་གཉིས་ལས་གང་ཡང་རུང་བ་ཞིག་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་ཆད་ཀྱི་མཐའ་གཉིས་ལས་མ་འདས་ཏེ། དེ་ལྟར་ན་བདག་གཉིས་ཁས་བླངས་པར་འགྱུར་བའི་ཕྱིར། དཔེར་ན་ཕྱི་རོལ་གྱི་དོན་ཁས་བླངས་ན་གཟུང་འཛིན་རྫས་གཞན་ཁས་བླངས་པར་འགྱུར་བ་བཞིན་ནོ། །ལུགས་འདི་ལ་གཞན་དབང་བདེན་གྲུབ་ཏུ་ཁས་ལེན་པ་དེ་ཡང༌། ཀུན་རྫོབ་ཏུ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། གཞན་དུ་ན། དེ་དོན་དམ་བདེན་པར་ཐལ་བའི་ཕྱིར་རོ། །གཉིས་པ་རྣམ་བརྫུན་པའི་ལུགས་ལ། ཀུན་བཏགས་སུ་མ་ཟད་གཞན་དབང་ལ་ཡང་མཐའ་གཉིས་སེལ་དགོས་པ་ཡིན་ཏེ། གཞན་དབང་ཞེས་བྱ་བ་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པའམ། རྟོག་གེའི་བསྟན་བཅོས་ལས་གཟུང་རྣམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་བདེན་པར་གྲུབ་ན། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ལས་མ་འདས་པས་ཆོས་ཀྱི་བདག་ཏུ་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཡོངས་གྲུབ་ལ་ནི། རྟག་ཆད་ཀྱི་མཐའ་གཉིས་སེལ་བར་མི་བྱེད་དེ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཉིད་དོན་དམ་པའི་བདེན་པ་མཐར་ཐུག་པས་བདེན་པར་གྲུབ་པའི་ཕྱིར་རོ། །འོ་ན་ལུགས་འདིར་ཆོས་ཀྱི་བདག་མེད་དུ་བཤད་པ་དེ་དག་དེ་གོ་ཆོད་པོ་དང༌། དེ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་ཡང་ཁས་ལེན་པར་ནུས་སམ་ཞེ་ན། གྲུབ་པའི་མཐའ་འདི་ཉིད་དུ་གནས་ནས་དེ་དང་དེར་ཁས་ལེན་པ་ལས་འོས་གཞན་ཅི་ཡང་མེད་ལ། དེ་ལྟ་མོད་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་གཞལ་བ་ན་ལུགས་མི་འདྲ་བ་གཉིས་འབྱུང་བར་མངོན་ཏེ། ཞི་འཚོ་ཡབ་སྲས་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་ལྟར་ན། ནང་ཤེས་པ་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་པར་དེ་དེར་རྟགས་ལ་བརྟེན་ནས་རྟོགས་པ་ནི་ཤིན་ཏུ་མང་མོད། མངོན་སུམ་དུ་རྟོགས་པའི་ཐེག་པ་ཆེན་པོའི་ལམ་ནི་མི་སྲིད་ལ། དེར་མངོན་སུམ་དུ་རྟོགས་པའི་རང་རྒྱལ་གྱི་མཐོང་བ་དང་སྒོམ་པའི་ལམ་སྲིད་པ་ནི། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བའི་བསྟན་བཅོས་ལས་ཇི་ལྟར་གསུངས་པ་དེ་བཞིན་དུ་འདིར་ཁས་ལེན་པ་ཡིན་ནོ། །དོན་འདི་ལ་བོད་ཀྱི་བསྟན་བཅོས་མཛད་པ་གཞན་དག་ན་རེ། འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་སེམས་ཙམ་གྲུབ་པའི་མཐའ། །མཚུངས་པར་ཤེས་པའི་མཁས་པ་མཚར། །ཞེས་གསུངས་པ་དེ་ལ་ནི། སླར་ཡང་འདི་སྐད་ཅེས་བྱ་སྟེ། སེམས་ཙམ་པ་དང་རང་རྒྱལ་ལ། །འཛིན་པ་བདེན་མེད་རྟོགས་པ་དང༌། །འཛིན་པ་བདེན་གྲུབ་ཁས་བླངས་པའི། །རྣམ་པར་དབྱེ་བའང་དེ་ལས་མཚར། །ཞེས་བརྗོད་པར་བྱའོ། །དེ་ལྟ་ན་ཡང་ལུགས་འདི་ལ། ཐེག་པ་ཆེན་པོའི་མཐོང་ལམ་དུ་འཇུག་པའི་ཚེ། ཕྱི་དོན་བདེན་པར་མེད་པའི་རིགས་པ་རང་རྒྱལ་དང༌། སེམས་ཙམ་པ་ལ་ཡོད་པ་ལས། ལྷག་པ་ཚོལ་དགོས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཇི་སྲིད་ཤེས་པ་བདེན་མེད་དུ་མ་རྟོགས་པ་དེ་སྲིད་དུ། ཐེག་པ་ཆེན་པོའི་མཐོང་ལམ་དུ་འཇུག་མི་ནུས་པའི་རྒྱུ་མཚན་གྱིས་སོ། །ལུགས་གཉིས་པ་སློབ་དཔོན་ཟླ་བའི་ཞབས་ལྟར་ན། ཇི་སྐད་དུ། ཤེས་བྱ་བསལ་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་བཤད་པས་ནང་ཤེས་པ་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་པ་དེ་སྲིད་དུ། ཕྱི་རོལ་གྱི་དོན་དང་དེར་མངོན་སུམ་དུ་རྟོགས་པ་མི་སྲིད་པར་བཞེད་དོ། །དེ་བཞིན་དུ་མྱུ་གུ་བདེན་མེད་དུ་མ་རྟོགས་པར་གཟུགས་བརྙན་བདེན་མེད་དུ་རྟོགས་པའི་ཚུ་རོལ་མཐོང་བའི་མངོན་སུམ་དང༌། རྗེས་དཔག་ནི་ཡོད་པར་ཁས་ལེན་མོད། དེ་མ་རྟོགས་པར་དེ་མངོན་སུམ་དུ་རྟོགས་པའི་འཕགས་ལམ་ནི་ཁས་མི་ལེན་ཏེ། དེ་དེར་མངོན་སུམ་དུ་རྟོགས་པའི་འཕགས་ལམ་སྐྱེ་བ་ལ། དེའི་གདགས་གཞི་གང་ཡིན་པ་དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། དཔེར་ན་གདགས་གཞི་ཕུང་པོ་བདེན་མེད་དུ་མ་རྟོགས་པར་བདག་ཕུང་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་ལྟ་བུ། གང་ཟག་གི་བདག་མེད་པའི་དོན་དང༌། དོན་དེ་ལས་དེའི་ཐ་སྙད་ཀྱང་རྟོགས་པ་སྲིད་མོད། དེ་ལྟ་ན་དེ་མངོན་སུམ་དུ་རྟོགས་པ་ལ་དེའི་གདགས་གཞི་བདེན་མེད་དུ་མངོན་སུམ་དུ་རྟོགས་དགོས་པ་ཟླ་བས་བཞེད་པ་བཞིན་ནོ། །གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བས་རྟག་ཆད་འདོར་བའི་ཚུལ་ནི། རྒྱས་པར་གོང་དུ་བཤད་ཟིན་ལ། མདོར་བསྡུས་པ་ནི། གང་ཡང་རང་བཞིན་གྱིས་གྲུབ་པའི་ཆོས་ཞེས་བྱ་བ་ཅུང་ཟད་གཅིག་ཁས་བླངས་ན། རྟག་ཆད་ཀྱི་མཐའ་གཉིས་ལས་མ་འདས་ཏེ། ཆོས་ཐམས་ཅད་རྟེན་འབྲེལ་དུ་ཁས་བླངས་པ་དེའི་ཚེ། རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལ་བའི་ཕྱིར། དེ་སྐད་དུ་ཡང༌། བསྟན་བཅོས་ལས། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཤིག་དེ་ཉིད་མིན། །དེ་བས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཞེས་གསུངས་སོ། །མཐར་སྤྲོས་པ་ཐམས་ཅད་འགོག་པའི་ཚེ་ནི། རང་བཞིན་གྱིས་ཡོད་པ་ལྟ་ཅི་སྨོས། སྤྱིར་དངོས་པོ་ཡོད་པ་དང༌། དེ་ཉིད་འཇིག་པར་ཁས་བླངས་ན་རྟག་པའི་ལྟ་བ་དང་ཆད་པའི་ལྟ་བ་གཉིས་གང་དུ་འགྱུར་བ་ཡིན་ཏེ། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ཞིག་དོན་དམ་པའི་ཚད་མས་བཤིག་ནས་མེད་པར་སོང་ན། ཆད་པར་སོང་བའི་ཕྱིར་དང༌། ཚད་མ་ཅིག་ཤོས་ཀྱི་གྲུབ་པའི་དོན་དེ་ཚད་མ་གཞན་གྱིས་བཤིག་ཐུབ་པ་མི་སྲིད་ན་ནི། རིགས་པས་དཔྱད་བཟོད་ཁས་བླངས་པས་རྟག་པའི་ལྟ་བ་ལས་མ་འདས་པའི་ཕྱིར། དེ་སྐད་དུ་ཡང༌། བསྟན་བཅོས་ལས། དངོས་པོ་ཡོད་པར་ཁས་བླངས་ན། །ཞེས་སོགས་གསུངས་སོ། །དེ་བཞིན་དུ་ས་མྱུག་གཉིས་པོ་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་ལྟ་ཞོག སྤྱིར་ཐ་དད་པ་ཙམ་དབུ་མའི་ལུགས་སུ་ཁས་བླངས་ན་ཡང༌། ཆད་པའི་ལྟ་བ་ཁས་བླངས་པར་འགྱུར་ཏེ། སྤྱིར་ས་བོན་ཡོད་པ་དང༌། མྱུ་གུའི་དུས་སུ་མེད་པར་ཁས་བླངས་པའི་ཕྱིར། དེ་སྐད་དུ་ཡང༌། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང༌། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ས་མྱུག་གཅིག་དང་ཐ་དད་གང་དུ་ཡང་རང་ལུགས་ལ་ཁས་བླང་བར་བྱ་བ་མ་ཡིན་ནོ། །གསུམ་པ་དེ་དག་ལས་དབུ་མའི་ལྟ་བ་གང་ཡིན་བསམ་པ་ནི། སྤྱིར་གྲུབ་པའི་མཐའ་སྨྲ་བ་དེ་དག་གིས་རྟག་ཆད་ཀྱི་མཐའ་གཉིས་དོར་བ་དེའི་ཚེ། དབུ་མར་འདོད་པ་རིགས་པས་གྲུབ་ལ། བྱེ་བྲག་ཏུ་ཆོས་འདི་པའི་གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་གིས་ནི། རང་རང་གི་བདག་མེད་པའི་ལྟ་བ་དེ་དང་དེ་དབུ་མའི་ལྟ་བར་ཁས་ལེན་པ་ཡིན་ཏེ། དེ་མཐར་འཛིན་གྱི་ལྟ་བ་ལས་གྲོལ་བའི་ལྟ་བར་ཁས་ལེན་པའི་ཕྱིར། འདོད་པ་ཁོ་ནར་མ་ཟད་དེ་ཉིད་གང་ཟག་གི་བདག་མེད་ལ་ལྟོས་པའི་དབུ་མའི་ལྟ་བ་གོ་ཆོད་པོར་ཡང་འཇོག་དགོས་ཏེ། གང་ཟག་གི་བདག་མེད་པའི་དོན་ལ་གྲུབ་མཐའ་སྨྲ་བ་བཞི་པོ་མི་མཐུན་པ་མེད་པའི་ཕྱིར། དེ་ལྟ་ན་ཡང་ཆོས་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་དབུ་མ་པར་མི་བཞག་གོ །བོད་སྔ་མ་དག་གི་གསུང་ལས། གྲུབ་མཐའ་སྨྲ་བ་བཞི་ཀས་ཀྱང་རང་རང་དབུ་མ་པར་འདོད་དོ་ཞེས་གསུངས་པ་ཡང་དགོངས་པ་སྔ་མ་དེ་ཉིད་ཡིན་གྱི། བོད་ཕྱི་མ་འགའ་ཞིག་གི་བསམ་པ་ལ་གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་པར་ཁས་ལེན་ནོ་སྙམ་དུ་སེམས་པ་དེ་ནི་མ་ཤེས་པ་ཡིན་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བས་ཀྱང་བྱེ་བྲག་སྨྲ་བ་ཉིད་དུ་ཁས་ལེན་གྱི། ཚད་ལྡན་གྱི་བཀའ་དང་བསྟན་བཅོས་དག་ལས་གྲུབ་མཐའ་སྨྲ་བ་བཞིར་བཤད་པའི་བཞི་པ་དེར་ཁས་མི་ལེན་པ་དང༌། མདོ་སྡེ་པ་དང་སེམས་ཙམ་རྣམ་བདེན་པས་ཀྱང་དེ་དང་དེ་ཉིད་དུ་ཁས་ལེན་གྱི་བཞི་པ་དེར་ཁས་མི་ལེན་པའི་ཕྱིར། དེ་ལྟར་ན་གྲུབ་མཐའ་བཞི་པོས་རང་རང་སོ་སོ་བ་ཁས་ལེན་ཀྱང༌། རང་རང་ལས་གཞན་དེ་ལྷག་པར་ཁས་མི་ལེན་ཏེ། དཔེར་ན་ཉན་ཐོས་སྡེ་པའི་ངོར་ཐེག་པ་ཆེན་པོ་བཀར་སྒྲུབ་དགོས་པ་དང༌། བྱེ་མདོ་གཉིས་ཀྱང་ནང་ཕན་ཚུན་དུ་ལྟ་བ་ལ་རྩོད་པ་དང༌། དབུ་སེམས་གཉིས་ཀྱང་ཐེག་པ་ཆེན་པོའི་ལྟ་བ་ལ་མི་མཐུན་པར་རྩོད་པ་གནས་སྐབས་དུ་མར་མཐོང་བ་བཞིན་ནོ། །དེ་ལྟ་ན་ཡང་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དང༌། དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས་གྲུབ་མཐའ་སྨྲ་བ་བཞིར་བཤད་པའི་བཞི་པ་དེའི་ངོས་འཛིན་དང༌། ལང་ཀང་གཤེགས་པའི་མདོ་སྡེ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །ཞེས་སེམས་ཙམ་གྲུབ་མཐའི་གོང་རོལ་དུ་ཡོད་པའི་སྣང་མེད་དུ་སྨྲ་བ་དེ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང༌། བདེ་གཤེགས་གཞུང་གི་རབ་དབྱེ་གཉིས་ལས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཞེས་པའི་གཞུང་དེ་དང་དེ་དག་གིས་བསྟན་པའི་དབུ་མ་པ་དེའི་ངོས་འཛིན་ཚུལ་ལ་གཉིས་ཏེ། རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་ལས་འབྱུང་བ་རྗེས་འབྲང་དང་བཅས་པ་དག་གི་འདོད་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་རྗེས་འབྲང་དང་བཅས་པ་དག་གི་འདོད་པའོ། །དང་པོ་ནི། གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་དེའི་ངོས་འཛིན་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའ་སྨྲ་བ་དག་དང༌། ཁྱད་པར་དུ་དབུ་མ་ཐལ་རང་དུ་གྲགས་པའི་གཞུང་ལུགས་དེ་དང་དེར་བཤད་པའི་གྲུབ་མཐའ་སྨྲ་བ་ལ་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣལ་འབྱོར་སྤྱོད་པ་བ་དག་གིས་ངེས་པའི་དོན་དུ་འདོད་པའི་མདོ་དང་རྒྱུད་སྡེ་འགའ་ཞིག་ལས་དབུ་མར་བཤད་པ་ཞིག་ཡོད་པ་དེ་ལ་འཆད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། ཇི་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་འདིའི་ལྟ་བ་དེ་ཇི་ལྟ་བུ། ངོ་བོ་ཉིད་མེད་པར་སྨྲ་བ་དག་དང་ཁྱད་པར་ཅི་ཞེ་ན། དང་པོ་ནི། ཇི་སྐད་དུ། མདོ་སྡེའི་རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ནས། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །ཞེས་གཞན་དབང་སྟོང་གཞིའི་ཆོས་ཅན་དང༌། ཀུན་བཏགས་ནི་གང་གིས་སྟོང་པའི་དགག་བྱ་དང༌། ཡོངས་གྲུབ་ནི་སྟོང་པ་ཉིད་ཀྱི་ངོ་བོའོ། །ངོ་བོ་ཉིད་མེད་པར་སྨྲ་བའི་སྟོང་པ་ཉིད་དང་འདིའི་ཁྱད་པར་ནི། རང་སྟོང་དང་གཞན་སྟོང་གི་ཁྱད་པར་དང༌། བདེན་པར་གྲུབ་པ་དང་མ་གྲུབ་པའི་འཆད་ལུགས་ཀྱི་སྒོ་ནས་རྣམ་པར་འབྱེད་པ་ཡིན་ནོ། །འོ་ན་སེམས་ཙམ་པ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་གང་དུ་ཡང་མ་རྟོགས་པའི་དབུ་མའི་ཚུལ་དེ་ལྟ་བུ་སྟོན་བྱེད་ཀྱི་ཁུངས་ཐུབ་ཀྱི་གཞུང་གང་ཞིག་ཡོད་ཅེ་ན། བཤད་པ་ཇི་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། །ཆོས་ལ་སེམས་པ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱིས་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟག་ཏུ་ཀུན་ལས་མཉམ་པར་སོང་བ་ཡིས། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་གསུངས་པ་དེ་ལས་སྣང་བ་སེམས་ཙམ་དུ་སྟོན་པའི་གྲུབ་པའི་མཐའ་དང༌། སེམས་ཀྱང་བདེན་མེད་དུ་གཏན་ལ་ཕབ་ནས། གཟུང་འཛིན་གྱིས་སྟོང་པར་སྟོན་པའི་གྲུབ་མཐའ་གོང་འོག་གི་རིམ་པ་གཉིས་གསལ་བར་བཤད་པའི་ཕྱིར་དང༌། འདི་ཉིད་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའོ་ཞེས་བསམ་པར་མི་བྱ་སྟེ། མདོ་སྡེའི་རྒྱན་དུ། བཟུང་བ་ཆོས་ཀྱི་བདག་མེད་ལས་གོང་དུ། འཛིན་པ་ཆོས་ཀྱི་བདག་མེད་ཅེས་བྱ་བའི་མིང་ཅན། ཆོས་ཅན་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཉིད་དེ་གསལ་བར་གཏན་ལ་མ་ཕབ་པའི་ཕྱིར་དང༌། མཐར་ཐུག་ཐེག་པ་གཅིག་ཡིན་པ་དགོངས་པ་ཅན་དུ་བཀྲལ་བའི་ཕྱིར་དང༌། ཇི་སྐད་དུ། མེད་དང་ཡོད་ཉིད་གང་ཡིན་དང༌། །ཡོད་དང་མེད་པ་མཉམ་ཉིད་དང༌། །མ་ཞི་ཞི་དང་རྣམ་མི་རྟོག །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་ཡོངས་གྲུབ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང༌། ཀུན་བཏགས་དེར་མེད་པ་དང༌། ཆོས་ཅན་གཞན་དབང་གི་སྟེང་དུ་ཡོད་མེད་མཉམ་པར་བཤད་པའི་ཕྱིར་དང༌། ཇི་སྐད་དུ། རང་དང་རང་གི་མཚན་ཉིད་དུ། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་འཛིན་བཞིན་ཏེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །ཅེས་ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་དགོངས་པ་ཅན་དུ་བཀྲལ་བའི་ཕྱིར་རོ། །འོ་ན་དེ་ལྟར་ཡིན་པ་དེའི་ཚེ། སེམས་ཙམ་གྱི་གྲུབ་པའི་མཐའ་ལས་མ་འདས་སོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། དེའི་གྲུབ་པའི་མཐའ་ལ་ནི་གཞན་དབང་བདེན་པར་གྲུབ་པ་ཁོ་ནར་བཤད་ལ། འདིར་ནི་གཞན་དབང་སྒྱུ་མ་ལྟ་བུར་བཤད་པའི་ཕྱིར། དེ་ཡང་ཇི་སྐད་དུ། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མའི་རྣམ་པ་ཇི་ལྟ་བུར། །དེ་བཞིན་གཉིས་སུ་འཁྲུལ་པར་བརྗོད། །ཅེས་དང༌། དེ་ལ་ཡོད་པ་མེད་མ་ཡིན། །མེད་པ་ཡོད་པ་ཉིད་མ་ཡིན། །སྒྱུ་མ་དག་ལ་སོགས་པ་ལ། །ཡོད་མེད་ཁྱད་པར་མེད་པར་བརྗོད། །ཅེས་གསུངས་སོ། །འོ་ན་སེམས་ཙམ་གྱི་གྲུབ་པའི་མཐའ་ལས་རྣམ་པར་རྒལ་ནས་ངོ་བོ་ཉིད་མེད་པའི་སྨྲ་བའི་ཚུལ་ལ་མ་ཞུགས་པའི་བར་དེར། དབུ་མ་པ་ཞེས་བྱ་བའི་གྲུབ་པའི་མཐའ་ཅི་སྨོས། སྤྱིར་གནས་སྐབས་དེ་ན་གྲུབ་པའི་མཐའ་ལོགས་པ་དེ་འདྲ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན། ཇི་སྐད་དུ། གསང་བའི་བདག་པོས། སངས་རྒྱས་པ་ཡི་བཞི་པ་དང༌། །ཐུབ་པའི་དགོངས་པ་ལྔ་པ་མེད། །ཅེས་དང༌། ཨརྻ་དེ་ཝས། སངས་རྒྱས་ཆོས་ཀྱང་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །ཞེས་གསུངས་པ་དང་འགལ་ལོ། །སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་སེང་གེ་བཟང་པོས། རྣལ་འབྱོར་གྱི་ས་གསུམ་པ་ཞེས་བཤད་པ་དེ། སེམས་ཙམ་གྱི་གྲུབ་མཐའ་ལས་འདས་ཞིང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་ལ་མ་ཞུགས་པའི་བར་དེར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང༌། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཕྱི་རོལ་གྱི་དོན་དུ་མངོན་པར་ཞེན་པ་སྤངས་ཏེ། གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་སེམས་པས། འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་དེ་ཡང་བསལ་ཏེ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས། ཞེས་གསུངས་པ་དེས་སེམས་ཙམ་དུ་ཁས་ལེན་པའི་རྣལ་འབྱོར་གྱི་སའི་གོང་ན་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་ཁས་ལེན་པའི་རྣལ་འབྱོར་གྱི་ས་ཞིག་ཡོད་པར་བཤད་པ་བཞིན་ནོ། །དོན་དེ་ཡང་སློབ་དཔོན་དེས་རང་བཟོར་མཛད་པ་མ་ཡིན་ཏེ། དོན་དེ་ཉིད་ཇི་སྐད་དུ། མདོ་སྡེའི་རྒྱན་ལས། འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །གཟུགས་ཀྱི་རྣམ་པར་རིག་པ་དང༌། །གཟུགས་ཅན་མིན་རྣམས་རིག་པར་འདོད། །མེད་ཕྱིར་ཅིག་ཤོས་ཀྱང་མེད་འགྱུར། །ཞེས་དང༌། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་དང༌། རྣམ་འགྲེལ་མཛད་པས་ཀྱང༌། །དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །ཞེས་གསུངས་པ་དེ་ཉིད་ལས་ཤེས་སོ། །འོ་ན་དབུ་མའི་གྲུབ་པའི་མཐའ་དེ་ལྟར་འཆད་པའི་ལུགས་འདི་ལ། ཇི་སྐད་དུ། མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཅེས་བཤད་པའི་ཚུལ་དེ་ཇི་ལྟར་སྦྱར་དུ་རུང་སྙམ་དུ་སེམས་ན། དེའི་དོན་ལུགས་འདི་ལ་ཇི་ལྟར་སྦྱོར་བའི་ཚུལ། ཡང་ཇི་སྐད་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འཇིག་མེད་འབྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་སོ། །འོ་ན་ལུགས་འདིར་གཉིས་མེད་ཀྱི་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་ལ། གཞུང་དེ་དང་དེར་དབུ་མའི་ལུགས་འཆད་པ་ན། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཞེས་བཤད་པ་དེ་ཇི་ལྟར་འགྲིག་སྙམ་ན། དེ་ཡང་ལེགས་པར་འབྱོར་པ་ཡིན་ཏེ། ལུགས་འདིར་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་ཁས་ལེན་ཀྱང༌། གཟུང་འཛིན་གཉིས་སྣང་གི་རྣམ་པར་ཤེས་པ་བདེན་མེད་དུ་དབུ་མའི་རིགས་པས་གཏན་ལ་འབེབས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྣམ་འགྲེལ་ལས། གང་གིས་དངོས་པོ་རྣམས་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་གསུངས་པ་བཞིན་ནོ། །མདོར་ན་ཐོགས་མེད་སྐུ་མཆེད་དང༌། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དུ། དབུ་མའི་ཚུལ་བཤད་མ་ཐག་པ་འདི་ལས་གཞན་མི་འབྱུང་ཞིང༌། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་ཡང༌། དེ་ལྟར་དུ་གནས་སོ་ཞེས། ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས་བཞེད་དོ་ཞེས་བཞི་བརྒྱ་པའི་འགྲེལ་པར་འབྱུང་ངོ༌། །དོན་དེ་དག་ཀྱང་ཇི་སྐད་དུ། ཤཱནྟི་པས་མཛད་པའི་དབུ་མའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་དང༌། ཇོ་བོ་མར་མེ་མཛད་ཀྱིས། །ཀླུ་སྒྲུབ་དང་ནི་ཐོགས་མེད་ཀྱང༌། །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་རྒྱན་མཁན་པོ་དང༌། སེམས་པ་ཆེན་པོ་ཞི་བ་འཚོ་དང༌། རྔོག་ལོ་ཙཱ་བ་རྣམས་ཀྱིས། ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་མཐར་ཐུག་གི་དགོངས་པ་དབུ་མར་གནས་སོ། །ཞེས་གསུང་པ་དེ་ཡང༌། དབུ་མའི་ཚུལ་ལུགས་བཤད་མ་ཐག་པ་འདི་ལ་དགོངས་པ་དང༌། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་སྔོན་བྱོན་ཟིན་པ་འགའ་ཞིག་གི་གསུང་ལས་བྱམས་ཆོས་བར་པ་གསུམ་གྱི་དགོངས་པའང་དབུ་མར་གནས་སོ། །ཞེས་འཆད་པ་ཡང་དེ་ཉིད་ལ་དགོངས་ཤིང༌། བོད་ཀྱི་སློབ་དཔོན་གཞན་སྟོང་གི་ཚུལ་ལ་གཙོ་བོར་མཛད་པ་དག་གིས། དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་ཞེས་གསུང་བ་ཡང་བཤད་མ་ཐག་པའི་དོན་དེ་དང་དེ་ལ་བསམས་ནས་བཤད་པ་ཡིན་ནོ། །དེ་ལྟ་ན་ཡང་ཁྱད་པར་འདི་དབྱེ་དགོས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་སུ་ནི། སེམས་ཙམ་གྱི་གྲུབ་པའི་མཐའ་ལས་གོང་དུ་འགྲོ་བའི་རིམ་པར་བཤད་ལ། བརྒྱད་སྟོང་པའི་དོན་བསྡུར་ནི། དབུ་མའི་ཚུལ་འདི་གསལ་བར་བཤད་པ་ཡིན་ཏེ། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བཏགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ན་འོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་རྣམས་ཀྱིས་གཞན་བསྟན་མེད། །ཅེས་གསུངས་པ་ཡིན་ནོ། །གནས་འདི་ལ་གངས་ཅན་དུ་ཕྱིས་བྱོན་པའི་སློབ་དཔོན་ཆེན་པོ་ཀུ་མཱ་ར་རྗེས་འབྲང་དང་བཅས་པ་དག་ལ་ལོག་པར་རྟོག་པ་གཉིས་ཞིག་སྣང་སྟེ། དེ་གང་ཞེ་ན། རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའ་ལ་གཞན་དབང་བདེན་མེད་དུ་འཆད་པ་མེད་དོ། །ཞེས་ཟེར་བ་དང༌། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་ཅེས་བྱ་བ་དང༌། ཆོས་ཉིད་དང༌། དོན་དམ་པའི་བདེན་པ་དང༌། འགྱུར་བ་མེད་པའི་ཡོངས་གྲུབ་ཅེས་བྱ་བ་རྣམས་ནི་མེད་དགག་གི་ཆ་ཁོ་ན་ལ་འཆད་པར་བྱེད་དོ། །དེ་དག་ནོར་བ་ཡིན་པའི་རྒྱུ་མཚན་གོང་དུ་རྒྱས་པར་བཤད་ཟིན་པ་དེ་ཉིད་ཀྱིས་རྟོགས་མོད། ལུང་དང་རིགས་པ་མདོར་བསྡུས་པ་ཙམ་ཞིག་གོ་བདེ་བར་བརྗོད་ན། འཕགས་པ་རྣམ་པར་གྲོལ་བའི་སྡེས། རྣལ་འབྱོར་སྤྱོད་པ་བདག་གི་འདོད་པ་བརྗོད་པ་ན། གང་ཡང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན། ཞེས་བཤད་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་པ་དང༌། བརྒྱད་སྟོང་དོན་བསྡུའི་འགྲེལ་པར། རྣལ་འབྱོར་སྤྱོད་པའི་གཞུང་གི་ལུང་དྲངས་པ་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་དང༌། མངོན་པ་ཀུན་ལས་བཏུས་ལས། སྟོང་པ་ཉིད་ཀྱི་མཚན་ཉིད་གང་ཞེ་ན། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི། འདིར་ཡོད་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་པ་ནས། དེ་ལྟར་ན་བདག་མེད་ཀྱི་བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་སྟོང་པ་ཉིད་ཀྱི་འཇོག་མཚམས་གང་འཆད་པ་ཐམས་ཅད་དུ་མ་ཡིན་པར་དགག་པ་ཁོ་ནའི་ཆ་ནས་བཤད་པ་རྣམས་དང་འགལ་བའི་ཕྱིར་དང༌། རིགས་པ་ཡང་མེད་པར་དགག་པ་ནི་ལྡོག་པ་གཞན་སེལ་ཁོ་ན་ཡིན་པས་བདེན་པར་གྲུབ་པ་དང༌། མངོན་སུམ་གྱི་ཡུལ་དུ་འགལ་ཞིང༌། ཚད་མའི་མདོར་ཡང༌། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་བདག་མེད་ཀྱི་འཇོག་མཚམས་རང་མཚན་གྱི་ཆ་ནས་བཤད་ལ། མངོན་པ་ཀུན་ལས་བཏུས་ལས་ཀྱང༌། འགོག་པའི་བདེན་པ་དེ་བཞིན་ཉིད་དུ་བཤད་ཅིང༌། དེ་ཡང་ཡེ་ཤེས་ལས་མ་འདས་སོ། །དེ་ལས་གཞན་དུ་ན། འགོག་པའི་བདེན་པ་སྤྱི་མཚན་དུ་འདོད་པ་དང༌། བདེན་གྲུབ་ཏུ་ཁས་ལེན་པ་འགལ་ལོ། །ཡང་གཞན་དབང་བདེན་པར་གྲུབ་པ་རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐར་ཁས་ལེན་པ་དང༌། བྱམས་ཆོས་བར་བའི་དགོངས་པ་སེམས་ཙམ་དུ་གནས་སོ་ཞེས་ཟེར་བ་དེ་ཡང་མ་ཤེས་པ་ཡིན་ཏེ། ཇི་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། དེ་ལྟར་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུག་གོ །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་ལ་འཇུག་གོ །དོན་ཐམས་ཅད་མི་དམིགས་པ་ལས་ནི། རྣམ་པར་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ །དེ་མི་དམིགས་པ་ལས་ནི། གཉིས་པོ་ཁྱད་པར་མེད་པར་དམིགས་པ་ལ་འཇུག་གོ །ཞེས་སེམས་ཙམ་ལས་འདའ་དགོས་པར་བཤད་པའི་ཕྱིར་དང༌། མདོ་སྡེ་རྒྱན་ལས། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཞེས་གཉིས་སྣང་གི་སྤྲོས་པ་ལས་འདས་པའི་ཡེ་ཤེས་དེ་དེ་ཁོ་ན་ཉིད་དུ་བཤད་ལ། སེམས་ཙམ་གྱི་ཚུལ་ལས་མ་འདས་ན་གཉིས་སྣང་གི་ཤེས་པ་སྤྲོས་པ་དང༌། སྤང་བྱར་འཆད་པའི་སྐབས་མི་སྲིད་པའི་ཕྱིར་རོ། །ལུང་འདི་ལས་ནི་དབུ་མའི་ཚུལ་གྱི་འཆད་ལུགས་འདི་ལ། སྤྲོས་བྲལ་དང་བརྗོད་བྲལ་གྱི་ཐ་སྙད་ཡོད་པ་མ་ཡིན་ནོ་སྙམ་པའི་དོགས་པ་དེ་ཡང་ཞར་ལ་བསལ་བ་ཡིན་ཏེ། ལུང་དེས་ཡོངས་གྲུབ་ལ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་དུ་བཤད་པའི་ཕྱིར་དང༌། མངོན་པ་ཀུན་ལས་བཏུས་ཀྱི་རང་ལུགས་ལ་ཡང་སྤྲོས་བྲལ་དང༌། བརྗོད་བྲལ་གྱི་ཐ་སྙད་གསལ་བར་གསུངས་པ་བཞིན་ནོ། །གཞན་ཡང་གཞན་དབང་བདེན་གྲུབ་ཏུ་ཁས་བླངས་ན། རྗེ་བཙུན་བྱམས་པའི་གཞུང་རྣམ་པ་གསུམ་དང༌། དེའི་དགོངས་པ་འགྲེལ་པའི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་ཇི་ལྟ་བ་བཞིན་འཆད་པར་མི་ནུས་ཤིང༌། རྣམ་བདེན་བརྫུན་གྱི་ཁྱད་པར་ཡང་རང་བཟོ་མ་གཏོགས་གཞུང་དང་མཐུན་པར་ཁྱེད་ཅག་གིས་འཆད་པར་མི་ནུས་པས། ཡང་དག་པ་མ་ཡིན་ནོ། །འོ་ན་ལུགས་འདི་ལ་རྣམ་བདེན་བརྫུན་གྱི་ཁྱད་པར། སེམས་ཙམ་དང་དབུ་མ་གཉིས་ཀྱི་ལྟ་བའི་ཁྱད་པར་གང་ཞེ་ན། ཁྱད་པར་ནི་རྣམ་པ་དུ་མར་བལྟ་སྟེ་རྣམ་ཤེས་བདེན་གྲུབ་ཏུ་ཁས་ལེན་པ་དང༌། དེ་མི་ལེན་པར་ཡེ་ཤེས་བདེན་གྲུབ་ཁས་ལེན་པ་ཞེས་བྱ་བའི་ཁྱད་པར་གཅིག་དང༌། ཕྱི་རོལ་གྱི་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁས་མི་ལེན་པ་འདྲ་ཡང༌། ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁས་ལེན་པ་དང༌། མི་ལེན་པ་ཞེས་བྱ་བའི་ཁྱད་པར་གཅིག་དང༌། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའམ། གཟུང་རྣམ་བདེན་གྲུབ་ཁས་ལེན་པ་དང༌། སྒྱུ་མ་ལྟ་བུར་ཁས་ལེན་པ་ཞེས་བྱ་བའི་ཁྱད་པར་གཅིག་དང༌། སྣང་བ་ཐམས་ཅད་སེམས་སུ་ཁས་ལེན་པ་དང༌། སྣང་བ་ཐམས་ཅད་ཆོས་དབྱིངས་སུ་ཁས་ལེན་པ་ཞེས་བྱ་བའི་ཁྱད་པར་གཅིག་དང༌། མིང་གི་ཁྱད་པར་ཡང་རྣམ་བདེན་པ་དང༌། རྣམ་བརྫུན་པ་ཞེས་བོད་སྔ་མ་ལ་གྲགས་པ་དང༌། རྣལ་འབྱོར་སྤྱོད་པའི་སེམས་ཙམ་པ་དང༌། དབུ་མ་པ་ཞེས་འཕགས་ཡུལ་དུ་གྲགས་པ་རྣམས་སོ། །དེ་དག་ལ་ཅུང་ཟད་གོ་དཀའ་བ་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཁས་ལེན་པ་ཞེས་བྱ་བ་ནི། ཇི་སྐད་དུ་རྒྱན་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །ཞེས་དང༌། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་དེའི་འཆད་ཚུལ་ཡང་ངོ་བོ་ཉིད་མེད་པར་སྨྲ་བས། སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་དགག་ནམ་མཁའ་ལྟ་བུ་ལ་འཆད་ཀྱང༌། དབུ་མའི་ཚུལ་འདིར་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་བརྗོད་ལ། དེ་ཡང་གང་ལ་བྱ་ཞེ་ན། སེམས་ཀྱི་མིང་ཅན་དེ་ལ་གཉིས་ཏེ། ཆོས་ཅན་ཀུན་རྫོབ་པའི་སེམས་དང༌། ཆོས་ཉིད་དོན་དམ་པའི་སེམས་སོ། །གཉིས་པོའི་ཁྱད་པར་ཡང༌། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་ཤེས་དང༌། གཉིས་སུ་མེད་པའི་ཡེ་ཤེས་སོ། །དང་པོ་ནི། འོད་གསལ་དུ་མི་འདོད་དེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་དང༌། ཀུན་རྫོབ་གནས་ལུགས་དང་བདེན་གྲུབ་ཏུ་ཁས་ལེན་པ་ནི། དབུ་མར་མ་ཟད་རང་གི་སྡེ་པ་སུ་ལ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་པར། དབྱིག་གཉེན་ཞབས་ཀྱིས་ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པའི་སེམས་གཞན། གཞན་གྱི་དབང་གི་མཚན་ཉིད་ནི་རང་བཞིན་གྱིས་འོད་བསལ་བར་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ལུགས་འདིར་ཡང་ཀུན་རྫོབ་ཀྱི་བདེན་པ་ནི་རང་ལུགས་ཀྱི་ཚད་མས་ཀུན་ཏུ་མི་འགྲུབ་ཅིང༌། ཆོས་དབྱིངས་ཁོ་ན་རང་ལུགས་ཀྱི་ཚད་མས་ལེགས་པར་འགྲུབ་པ་ལ་དགོངས་ནས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཤེས་བྱ་མེད་པར་གསུངས་སོ། །སློབ་དཔོན་བཟང་པོའི་ཞབས་ཀྱིས་ཀྱང༌། ལུང་འདི་ཁུངས་སུ་མཛད་ནས། དྲི་མ་བདེན་མེད་དུ་སྒྲུབ་པའི་རྣམ་གཞག་མཛད་པ་དེ་ཡང་ལུགས་འདི་དང་ཐུན་མོང་བ་ཡིན་གྱི། ངོ་བོ་ཉིད་མེད་པར་སྨྲ་བའི་ཐུན་མོང་མ་ཡིན་པའི་ལུགས་ཁོ་ན་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཞར་ལ་གྲུབ་པ་ཡིན་ནོ། །འོ་ན་སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁས་མི་ལེན་ནོ། །ཞེས་བྱ་བ་འདི་ལ་ལུང་དུ་བྱ་བ་ཅི་ཞིག་ཡོད། དེས་དེ་དེར་མི་འདོད་ན། དེའི་ལུགས་ཀྱི་ཆོས་ཀྱི་བདག་མེད་རང་མཚན་པ་དེ་གང་ལ་བྱ་ཞེ་ན། ལུང་ནི་ཇི་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་མཛད་པའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། འདིར་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ། ཉིན་མོར་བྱེད་པའི་སྐུ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་འགའ་ཡང་མེད་དོ། །དེ་མེད་པ་ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། འདིས་རྣམ་པར་ཤེས་པར་སྨྲ་བ་རྣམས་རྣམ་པར་ཤེས་པའི་ཆོས་ལ་གནས་པའི་ཕྱིར་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཕྱི་རོལ་དོན་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་རྣམ་པར་ཤེས་པ་ཉིད། དོན་དམ་པའི་བདེན་པར་ཁས་ལེན་པ་ནི་དེའི་ལུགས་ཡིན་ཏེ། ཇི་སྐད་དུ། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཞེས་དང༌། ཡང་དག་མ་ཡིན་ཀུན་རྟོག་ཡོད་ཅེས་པའི་གཞུང་རྐང་པ་གཅིག་གིས་བསྟན་པ་ཡིན་ནོ། །དེ་ཡང་གཟུང་འཛིན་རྫས་གཞན་གྱིས་སྟོང་ཞེས་པ་ཡང༌། ཕྱི་དོན་གྱི་གཟུང་བ་མེད་པ་ལ་བསམས་པ་ཡིན་གྱི། དེར་སྣང་ཤེས་པ་རྫས་སུ་མེད་པ་ནི་ལུགས་དེ་ལ་མ་ཡིན་ནོ། །དེའི་ཕྱིར་ལུགས་དེ་ལ་རྣམ་ཤེས་ལས་མ་གཏོགས་པའི་ཡེ་ཤེས་ཀྱང་ཁས་མི་ལེན་ཏེ། དེ་དེར་གནས་གྱུར་པའི་རྣམ་གཞག་མི་འཆད་པའི་ཕྱིར་རོ། །དེ་ལྟར་ན་གྲུབ་མཐའ་སྨྲ་བ་བཞིའི་ཁྱད་པར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་དང༌། འཕགས་པ་ལྷ་དང༌། བདེ་གཤེགས་གཞུང་གི་རབ་དབྱེ་རྣམས་སུ་གྲུབ་མཐའ་སྨྲ་བ་བཞིའི་ཁྱད་པར་སོ་སོར་ཕྱེ་བ་ནི་འདི་ཡིན་ཏེ། ཇི་སྐད་དུ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་མ་བྱས་གསུམ་སྐད་ཅིག་མ། །དག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློས་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཤེས་པ་རྣམ་བཅས་སྐྱེ་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་བཞིན་ཏེ། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡི་རིག །ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཞེས་གསུངས་པ་དེ་ཉིད་ཐད་སོར་བཞག་ནས་དབུ་སེམས་གཉིས་ཀྱི་ཁྱད་པར་རྗེ་བཙུན་བྱམས་པའི་གཞུང་ལས་ཇི་ལྟར་འབྱུང་བ་དེ་ཉིད་རྒྱས་པར་བཤད་པ་ཡིན་ནོ། །རྣམ་གཞག་ཞིབ་མོ་འདི་དག་མི་ཤེས་པར། རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་དང༌། དེ་དག་གི་དགོངས་པ་འགྲེལ་པར་བྱེད་པའི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་འཆད་པ་ལ། མཁས་པར་རློམ་པ་དེ་དག་ནི། །དམིག་བུས་སྤངས་པའི་ལོང་བས་ལོང་བ་གཞན་ཁྲིད་ནས་ཉམ་ངའི་གཡང་སར་གོམ་པ་ཚམ་ཚོམ་མེད་པར་འདོར་བ་དག་དང་མཚུངས་ལ། ལེགས་པར་བཤད་པ་འདི་ཙམ་ཞིག་གི་སྒྲོན་མེ་གང་གི་ལག་ཏུ་ཐོགས་པའི་བློ་གྲོས་ཀྱི་མིག་ཅན་དེས་ནི། རྗེ་བཙུན་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་པོ་དག་གིས་ངེས་དོན་གྱི་ཁང་བཟང་ཆེན་པོ་གང་ན་འདུག་པའི་ངོ་མཚར་བའི་ཡ་མཚན་གྱི་ལྟད་མོ་མཚར་དུ་དངར་བ་དེ་དག་ཅི་དགར་བལྟ་བ་ལ། ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པར་འགྱུར་རོ། །ཞེས་ཁོ་བོ་སྨྲའོ། །གཉིས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བའི་དབུ་མ་ཇི་ལྟར་ཡིན་པའི་ཚུལ་བཤད་པ་ནི། སྤྱིར་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། དཔལ་ལྡན་ཆོས་སྐྱོང་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་གྱི་ལུགས་དེ་ལྟར་ན། དབུ་མ་ནི་བཤད་མ་ཐག་པ་དེ་ཉིད་ལས་མ་འདས་ལ། སློབ་དཔོན་བདག་ཉིད་ཆེན་པོའི་དེའི་དགོངས་པ་འགྲེལ་པ་ལ་ལུགས་གཞན་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པ་བསྙེངས་བྲལ་ཟླ་བའི་ཞབས་ཀྱིས་བཀྲལ་བ་ལས་འདི་ལྟར་འབྱུང་སྟེ། ཇི་སྐད་དུ། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་དང༌། དེའི་འགྲེལ་པར། འདི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར་བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པ་མི་བརྗོད་པ་དེ་བཞིན་དུ་ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་རྒལ་ལན་དང་བཅས་པར་སྙད་པའི་ལུགས་འདི་ནས་འབྱུང་བ་དེ་ཡང༌། སྟོང་པ་ཉིད་ཀྱི་ཆོས་ལྟར་བཅོས་པ་གཞན་ན་མེད་དོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ། ཞེས་དང༌། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་སྔོན་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་མཐོང་བས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི། ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། བཤད་པ། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་དང༌། བརྒྱ་པའི་འགྲེལ་པ་ལས། དེ་འདི་ད་ལྟའི་སྙན་ངག་མཁན་གྱིས་རྣམ་གཉིས་བྱས། །ད་ལྟ་བདག་གིས་གཅིག་ཏུ་དེ་རྣམས་དབྱེ་བར་བྱ། །སློབ་དཔོན་ཀླུ་སྒྲུབ་སློབ་མར་སྣང་བར་འདོད་གྱུར་པ། །དེ་ཕྱིར་འདི་ཡི་དེ་ཉིད་ཀླུ་སྒྲུབ་ལུགས་ལས་ལུགས་གཞན་ཡིན། །ཞེས་བསྟན་བཅོས་མཛད་པའི་སློབ་དཔོན་དེ་དང་དེ་དག་གིས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་ཇི་ལྟར་བཀྲལ་བ་དེ་དབུ་མའི་ལུགས་མ་ཡིན་པར་བཤད་ནས། ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བཤད་པ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་འཆད་པ་འདི་ཁོ་ན་དབུ་མ་ཡིན་ནོ་ཞེས་འཆད་པར་བྱེད་དོ། །འོ་ན་ལུགས་སྔ་མ་དེ་དབུ་མར་མི་རུང་བའི་རྒྱུ་མཚན་ཅི་ཞེ་ན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཆར་ལས་ཉམས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཀུན་རྫོབ་ཀྱི་བདེན་པའི་མཚན་གཞིར་ནི་ཀུན་བཏགས་དང་གཞན་དང་གཉིས་ཀ་གཟུང་བར་བྱ་བ་ཡིན་པ་ལས། གཞན་དབང་གཅིག་པོ་ཁོ་ན་དེའི་མཚན་གཞིར་ཁས་བླངས་པས། ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པའི་ཕྱིར་དང༌། གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་ཁས་བླངས་པས་དོན་དམ་པའི་བདེན་པ་ལས་ཉམས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཚིག་གསལ་ལས། གང་ཞིག་གཞན་དབང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་ཙམ་ཞིག་ཁས་བླངས་ནས། དེ་ལ་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་མེད་པས། ཡོད་པར་ལྟ་བ་ཉིད་སྤོང་ཞིང༌། གཞན་དབང་གི་དངོས་པོ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་རྒྱུར་གྱུར་པ་ཙམ་ཞིག་ཡོད་པས། མེད་པར་ལྟ་བ་ཉིད་སྤོང་བར་བྱེད་པ་དེའི་ལྟར་ན། ཀུན་བཏགས་པ་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཞན་གྱི་དབང་ཡོད་པའི་ཕྱིར། ཡོད་པ་ཉིད་དང་མེད་པ་ཉིད་དུ་ལྟ་བ་གཉིས་ཀར་ཡང་འགྱུར་བའི་ཕྱིར། མཐའ་གཉིས་སྤངས་པར་ག་ལ་འགྱུར། དེའི་ཕྱིར་དབུ་མའི་ལྟ་བ་ཁོ་ན་ལ་ཡོད་པ་དང་མེད་པ་ཉིད་དུ་ལྟ་བར་ཐལ་བ་མེད་པ་ཡིན་གྱི། རྣམ་པར་ཤེས་པ་སྨྲ་བའི་ལྟ་བ་ལ་སོགས་པ་དག་ལ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཞེས་པ་ནས་དེའི་ཕྱིར་ཐར་པ་འདོད་པ་དག་གིས་ཇི་སྲིད་དངོས་པོ་དང༌། དངོས་པོ་མེད་པར་ལྟ་བ་གཉིས་ཀྱི་གླགས་ཡོད་པ་དེ་སྲིད་དུ་འཁོར་བ་ཡིན་ནོ། །ཞེས་རྟོགས་པར་བྱས་ནས་ལྟ་བ་འདི་གཉིས་བསལ་ཏེ། དབུ་མའི་ལམ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །དེའི་དོན་ཡང་ཀུན་བཏགས་དང་གཞན་དབང་གཉིས་ཀ་འཁྲུལ་ངོར་ཡོད་མཉམ་དང༌། ཚད་མའི་ངོར་མེད་མཉམ་དུ་མཚུངས་པ་ལ། ཡོད་མེད་ཀྱི་ཚུལ་སོ་སོར་ཕྱེ་ན་རྟག་ཆད་ཀྱི་མཐའ་ལས་མ་འདས་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་སོ་ཞེས་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་པ་ལ་སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའི་ཕྱིར་ཡང༌། དོན་དམ་པའི་བདེན་པ་ལས་ཉམས་སོ། །དང་པོ་སྒྲུབ་བྱེད་མེད་པ་ནི། ཇི་སྐད་དུ། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་པའོ། །གཉིས་པ་གནོད་བྱེད་ནི། འོ་ན་གཉིས་མེད་ཀྱི་ཡེ་ཤེས་སྐད་ཅིག་མ་ཅིག་ལ་ཡང༌། སྐྱེ་འཇིག་གནས་གསུམ་གྱི་ཆ་སོ་སོར་ཕྱེ་ནས་དཔྱད་པ་དེའི་ཚེ་ན། དཔྱད་མི་བཟོད་ལ། མི་བཟོད་ཀྱང་བདེན་པར་གྲུབ་ན། ཆད་པའི་ལྟ་བར་སོང་སྟེ། བདེན་པར་གྲུབ་པའི་དོན་ཞིག་ལ་རིགས་པས་བཤིག་པ་ན་འཇིག་པར་ནུས་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་སོ། །ལུང་འདི་དོན་དེའི་ཤེས་བྱེད་དུ་མ་འབྲེལ་བ་མ་ཡིན་ཏེ། ལུང་དེས་ནི་དངོས་པོ་གང་ལ་ཡང་རིགས་པས་རྣམ་པར་དཔྱད་ན་བདེན་གྲུབ་ཀྱི་གནས་མི་རྙེད་པར་བཤད་པའི་ཕྱིར་རོ། །འོ་ན། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དོན་དམ་པའི་བདེན་པ་ལ་མི་དཔྱོད་པར་བཤད་པ་མ་ཡིན་ནམ་ཞེ་ན། ཐ་སྙད་ཀྱི་བདེན་པ་ལ་དཔྱད་ན་དེ་ལས་ཉམས་པ་ཡིན་གྱི། དོན་དམ་པའི་བདེན་པ་ལ་ནི་དེ་ལྟར་དཔྱད་ཀྱང་དེ་ལས་ཉམས་པའི་སྐྱོན་ཡོད་པ་མ་ཡིན་ཏེ། དཔྱད་ན་རྙེད་རྒྱུ་མ་བྱུང་བ་དེ་ཉིད་དོན་དམ་པའི་འཇོག་ཚུལ་བླ་ན་མེད་པ་ཡིན་པའི་ཕྱིར། དེ་ལྟར་ན་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་འབྱུང་བའི་དབུ་མའི་ཚུལ་ལུགས་དེ་ནི་དངོས་པོར་སྨྲ་བའི་ཚུལ་ལུགས་ལས་གཞན་དུ་མ་འདས་པའི་ཕྱིར། དབུ་མ་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཀུན་རྫོབ་ཀྱི་དངོས་པོ་ཀུན་རྫོབ་ཏུ་བདེན་པ་དང༌། དོན་དམ་པའི་དངོས་པོ་དོན་དམ་དུ་བདེན་པ་གཉིས་ཀ་རང་གི་གྲུབ་པའི་མཐས་རྣམ་པར་བརྟགས་ནས་སྨྲས་པའི་ཕྱིར། ཞེས་བྱ་བ་ནི་ཟླ་བའི་ཞབས་ཀྱི་དགོངས་པའོ། །ཞི་འཚོ་ཡབ་སྲས་ལྟར་ན་ནི། སྐུ་མཆེད་གཉིས་ཀྱི་ལུགས་གོང་དུ་བཤད་མ་ཐག་པ་དེ་མཐར་ཐུག་གི་དབུ་མ་དང་ཀླུ་སྒྲུབ་ཞབས་ཀྱི་མཐར་ཐུག་གི་དགོངས་པ་མ་ཡིན་ཡང༌། མཐར་ཐུག་གི་དབུ་མ་དེར་འཇུག་པའི་ཐབས་དང་ལམ་བླ་ན་མེད་པ་ཡིན་ཏེ། དབུ་མའི་ཚུལ་ལུགས་སྔ་མ་དེར་ཞུགས་པ་མཐར་ཕྱིན་པ་ན། གཉིས་མེད་ཀྱི་ཤེས་པ་འབའ་ཞིག་ལས་གཞན་བདེན་པར་གྲུབ་པའི་ལྷག་མ་ཅི་ཡང་མ་ལུས་པས། རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་ཀྱིས་དེ་གཅིག་པུ་ཁོ་ན་བདེན་མེད་དུ་བསྒྲུབས་པ་ན། མཐར་ཐུག་གི་དབུ་མ་དེར་སླེབ་པའི་ཕྱིར། དེ་སྐད་དུ་ཡང༌། དབུ་མའི་རྒྱན་ལས། རྒྱུ་དང་འབྲས་བུར་གྱུར་པ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་མ་ཡིན། །ཞེས་དང༌། དེའི་རང་འགྲེལ་དུ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཚུལ་འདིར་བརྟེན་ནས་དེ་ལ་ཡང༌། །ཤིན་ཏུ་བདག་མེད་ཤེས་པར་བྱ། །སེམས་ཙམ་གྱི་ཚུལ་ལ་བརྟེན་ནས་བདག་དང་བདག་གི་དང༌། གཟུང་བ་དང༌། འཛིན་པ་ལ་སོགས་པ་རང་བཞིན་མེད་པར་ཚད་མ་ཁོ་ནས་རྟོགས་སོ། །མཐའ་ཐམས་ཅད་སྤངས་པའི་དབུ་མའི་ལམ་འདི་རྟོགས་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་རང་བཞིན་མེད་པར་ཤིན་ཏུ་རྟོགས་སོ། །ཞེས་དང༌། རྣལ་འབྱོར་གྱི་ས་བཞི་པ་ལས་ཀྱང༌། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མེད་དོ། །ཞེས་སོགས་རྒྱས་པར་གསུངས་སོ། །སློབ་དཔོན་ཟླ་བའི་ཞབས་ཀྱིས་ནི། ཐ་སྙད་དུ་ཡང་རྣལ་འབྱོར་སྤྱོད་པའི་ཚུལ་འདི་ཞལ་གྱིས་མི་བཞེས་ཏེ། ཇི་སྐད་དུ། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་པ་དང༌། ཐ་སྙད་དུ་ཕྱི་རོལ་གྱི་དོན་མེད་ཅིང་རྣམ་པར་ཤེས་པ་ཡོད་པ་ཞེས་བྱ་བའི་ཐེམ་སྐས་ཀྱི་རིམ་པ་དེ་ལྟ་བུ་མི་བཞེད་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་ཡོད་ཉིད་ན་གཟུགས་མེད་མ་འཛིན་ཅིག །གཟུགས་མེད་ཉིད་ནའང་སེམས་ཡོད་མ་འཛིན་ཅིག །ཅེས་འཆད་པའི་ཕྱིར་རོ། །དེ་ལྟར་གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་པ་ནི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་ཁོ་ནའོ། །ཞེས་བྱ་བ་ནི་དབུ་མ་ཐལ་རང་དུ་སྨྲ་བའི་སློབ་དཔོན་དག་གི་བཞེད་པའོ། །གཉིས་པ་མཐའ་བྲལ་གྱི་ལྟ་བ་ཉིད་རྒྱས་པར་བཤད་པ་ལ། རང་གི་ལུགས་བཞག་པ་དང༌། དེ་ཉིད་གངས་ཅན་དུ་སྔོན་བྱོན་པའི་ཆེན་པོ་དག་གི་བཞེད་པར་སྒྲུབ་པ་དང༌། གངས་ཅན་པ་ཕྱི་མ་དག་གིས་རྣམ་པར་བཏགས་པའི་མཐའ་བསལ་བའོ། །དང་པོ་ལ། གང་ཟག་གི་བདག་མེད་པའི་ལྟ་བ་བཤད། ཆོས་ཀྱི་བདག་མེད་པའི་ལྟ་བ་བཤད་པའོ། །དང་པོ་ལ་མཉམ་བཞག་ཏུ་རྟོགས་པའི་ལྟ་བ་ངོས་བཟུང༌། དེ་རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་ལྟ་བ་ཇི་ལྟར་ཡིན་པའོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་ཟིན་པ་ལྟར། ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱར་གྱུར་པའི་ང་ཙམ་དེ་དང༌། དེ་གང་ལ་འདོགས་པའི་གཞིར་གྱུར་པའི་ཕུང་པོ་དག་ཕན་ཚུན་དུ་གཅིག་དང་ཐ་དད་ལ་སོགས་པ་གང་དུ་གྲུབ་ཚོལ་བྱེད་ཀྱི་རིགས་པ་ལྔའམ་བདུན་གྱིས་རྩལ་བའི་ཚེ་གང་དུ་ཡང་མ་རྙེད་པ་དེའི་ཚེ། དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ལ། དེའི་ཚེ་མཉམ་པར་འཇོག་མཁན་གྱི་བློ་དེ་ཉིད་ལ་ལྟ་བ་ཞེས་བྱའོ། །གཉིས་པ་ནི་མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ། གང་ཟག་གི་བདག་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང༌། དེའི་ཚེ་གང་ཟག་གི་བདག་བཀག་ཙམ་གྱི་མེད་པར་དགག་པ་དེ་ལ། ལྟ་བའི་ཡུལ་དང༌། དེ་ལྟར་ཡིད་ལ་བྱེད་པའི་ཤེས་རབ་རྟོག་བཅས་སམ་རྟོག་མེད་ཀྱི་ངོ་བོར་སྐྱེས་པ་ཞིག་ཡོད་པ་དེ་ལ། ཡུལ་ཅན་ལྟ་བ་ཞེས་ཐ་སྙད་འདོགས་སོ། །དེ་ཡང་དབུ་མ་རང་རྒྱུད་པ་ལྟར་ན། ལྟ་བ་དེ་རྒྱུད་ལ་སྐྱེ་བ་ལ་གདགས་གཞི་ཕུང་པོ་བདེན་མེད་དུ་རྟོགས་པ་སྔོན་དུ་འགྲོ་མི་དགོས་ལ། ཐལ་འགྱུར་བ་ལྟར་ན་དེ་སྔོན་དུ་འགྲོ་དགོས་པ་ནི། ཐལ་རང་གི་ཁྱད་པར་ཡིན་ལ། གཉིས་ཀ་ལྟར་ཡང་མཉམ་གཞག་ཏུ་ཕུང་པོའི་སྟེང་དུ་ང་མ་མཐོང་བ་ཉིད་གང་ཟག་གི་བདག་མེད་པའི་དོན་ཡིན་ལ། རྗེས་ཐོབ་ལ་གཉིས་ཏེ། རྟོག་པ་མེད་པའི་ཤེས་རབ་ཀྱིས་ང་མ་མཐོང་བ་དང༌། ཤེས་རབ་རྟོག་བཅས་ཀྱིས་ང་མེད་པར་མཐོང་བ་གཉིས་ཏེ། དེ་ལྟར་གཉིས་ལས་ལྟ་བ་མཚན་ཉིད་པ་ནི། དང་པོ་ཉིད་ཡིན་ལ། གཉིས་པ་ནི་ལྟ་བ་དངོས་མ་ཡིན་ཏེ། མཚན་མར་འཛིན་པའི་ཕྱིར་རོ། །ཕུང་པོའི་སྟེང་དུ་ང་མ་མཐོང་བ་ཞེས་བྱ་བ་དེ་ལའང༌། མ་མཐོང་བའི་ཚུལ་རྣམ་པ་གཉིས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་སོང་བའི་རྒྱུ་མཚན་གྱིས་མ་མཐོང་བ་དང༌། དེ་སྔོན་དུ་མ་སོང་ཡང་མ་མཐོང་བའོ། །དང་པོ་ནི་ཡང་དག་པའི་ལྟ་བ་དངོས་ཡིན་ལ། གཉིས་པ་བརྒྱལ་བ་དང༌། གཉིད་ཐུག་པོ་ལོག་པ་དང༌། འཆི་བའི་སྲིད་པ་ལ་གནས་པ་ལྟ་བུའི་ཚེ་མ་མཐོང་བ་དང༌། གྲུབ་པའི་མཐའ་ངན་པའི་རྟོག་པ་སྔོན་དུ་བཏང་ནས་གང་ཅི་ཡང་ཡིད་ལ་མི་བྱེད་པ་ནི། དོན་དམ་པ་སྒོམ་པ་ཡིན་ནོ། །ཞེས་བྱ་བའི་ཚུལ་གྱིས་བདག་མ་མཐོང་པ་གཉིས་ལས། དེ་གཉིས་ཀ་ཡང་དག་པའི་ལྟ་བ་མ་ཡིན་ཏེ། བདག་ཏུ་འཛིན་པའི་འཛིན་སྟངས་ལ་ཅུང་ཟད་ཀྱང་མི་གནོད་པའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་བདག་མེད་པའི་ལྟ་བ་ལ་གཉིས་ཏེ། མཉམ་བཞག་ཏུ་སྒོམ་པའི་ལྟ་བ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་ལྟ་བའོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་ཟིན་པ་ལྟར་གཉིས་ཏེ། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་ལྟ་བ་དང༌། བདེན་མེད་ཀྱི་སྤྲོས་པ་ཡང་གཅོད་པའི་ལྟ་བའོ། །དང་པོ་ནི། མྱུ་གུ་ལྟ་བུ་དཔྱད་གཞིར་བཟུང་ནས་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་པ་དང༌། མཐའ་བཞི་པོ་གང་ལས་སྐྱེས་དཔྱོད་པའི་རིགས་པ་དེའི་ངོར་ཅི་ཡང་མ་རྙེད་པ་དེའི་ཚེ། ཅི་ཡང་མ་རྙེད་པ་དེའི་ངང་ལ་མཉམ་པར་འཇོག་པ་ཡིན་ལ། དེ་ལྟར་མཉམ་པར་བཞག་པའི་མཉམ་བཞག་དེའི་ངོ་བོ་ནི་ཡུལ་སྟོང་ཉིད་དང༌། ཡུལ་ཅན་ཡེ་ཤེས་ཀྱི་དབྱེ་བ་སོ་སོ་ཐ་དད་པ་གཉིས་ཡོད་པ་མ་ཡིན་གྱི། སྟོང་པ་ཉིད་དང་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་ལ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་ཞེས་བྱའོ། །དེའི་རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པ་ནི། མཉམ་བཞག་དེ་ལས་ལངས་པ་ན་མྱུ་གུ་ལྟ་བུ་བདེན་པའི་གཅིག་དང་དུ་མ་དང་བྲལ་ལོ་ཞེས་བྱ་བ་དང༌། བདེན་པར་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ལ། དེ་ལ་ཡང་ཡུལ་དང་ཡུལ་ཅན་གཉིས་ཀྱི་སྣང་བ་མི་འཆར་བ་རྟོག་མེད་ཀྱི་ཤེས་རབ་དང༌། གཉིས་ཀྱི་སྣང་བ་འཆར་བ་རྟོག་བཅས་ཀྱིས་ཤེས་རབ་གཉིས་ལས། དང་པོ་ལྟ་བ་དངོས་ཡིན་ལ། གཉིས་པ་ནི་ལྟ་བ་དངོས་མ་ཡིན་ཏེ། མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར། གཉིས་པ་བདེན་མེད་ཀྱི་སྤྲོས་པ་གཅོད་པའི་ལྟ་བ་ལ་ཡང༌། མཉམ་བཞག་དུ་སྒོམ་པའི་ཚུལ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱེད་པའི་རིམ་པའོ། །དང་པོ་ནི། མྱུ་གུ་བདེན་པས་སྟོང་པ་དེ་ལྟ་བུ་དཔྱད་གཞིར་གཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་པ་དེས་དཔྱད་པ་ན། གང་དུ་ཡང་མ་རྙེད་པ་དེའི་ཚེ་དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ལ། དེ་དུས་ཀྱི་ཡུལ་སྤྲོས་བྲལ་དང་གཉིས་སུ་མེད་པའི་མཉམ་བཞག་གི་ཡེ་ཤེས་དེ་ལ། སྤྲོས་བྲལ་དང༌། བརྗོད་བྲལ་གྱི་ལྟ་བ་ཞེས་བྱ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་བཏང་ནས་སྤྲོས་པའི་མཐའ་གང་ཡང་མ་གཟིགས་པའི་ཤེས་རབ་ཡིན་པའི་ཕྱིར། གཉིས་པ་ནི་མཉམ་བཞག་དེས་དྲངས་པའི་རྗེས་ཐོབ་ཏུ་བདེན་པའི་སྤྲོས་པ་དང༌། བདེན་མེད་ཀྱི་སྤྲོས་པ་གང་ཡང་མེད་དོ། །ཞེས་བྱ་བ་ཡིད་ལ་བྱེད་ཅིང༌། ཐ་སྙད་འདོགས་པར་བྱེད་ལ། དེའི་ཚེ་ཡང་དེ་ལྟར་ཡིད་ལ་བྱེད་པའི་ཤེས་རབ་རྟོག་པའི་ངོ་བོར་སྐྱེས་པ་དེ་ནི། ལྟ་བ་དངོས་མ་ཡིན་ཏེ། སྤྲོས་བྲལ་གྱི་མཚན་མ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རྗེས་ཐོབ་ཏུ་དབང་ཤེས་ལ་སྤྲོས་པའི་མཚན་མ་སྣང་ཡང༌། ཡིད་ཀྱི་ཤེས་པས་བདེན་མེད་སྒྱུ་མ་ལྟ་བུ་མངོན་སུམ་དུ་རྟོགས་པའི་སྣང་བཅས་ཀྱི་རྣལ་འབྱོར་མངོན་སུམ་འབྱུང་ལ། དེ་ལྟ་བུ་དེ་ཡང་ལྟ་བ་དངོས་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་བཏང་ནས་སྤྲོས་པའི་མཚན་མ་ཅི་ཡང་མི་འཛིན་པའི་ཤེས་རབ་ཡིན་པའི་ཕྱིར་རོ། །འོ་ན་འདི་ལ་སྒྱུ་མའི་མཚན་མར་འཛིན་པ་ཅུང་ཟད་ཡོད་པ་མ་ཡིན་ནམ་ཞེ་ན། དེའི་ཚེ་སྒྱུ་མའི་མཚན་མར་འཛིན་མཁན་དང༌། ལྟ་བའི་ལྡོག་ཆ་སོ་སོར་ཕྱེད་དགོས་པ་ཡིན་ཏེ། དེའི་ཚེ་སྒྱུ་མའི་མཚན་མ་སྣང་བ་དེ་ནི། དབང་ཤེས་ལ་སྣང་བ་ཡིན་ཀྱང༌། དབང་ཤེས་ཀྱི་ཆ་ནས་ལྟ་བར་མི་འཇོག་ལ། དེའི་ཚེ་ཡིད་ཀྱི་ཤེས་པས་སྤྲོས་པའི་མཚན་མ་གང་དུ་ཡང་མི་རྟོག་པའི་ཆ་ནས་ལྟ་བར་འཇོག་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་དག་ལ་ཡང༌། དངོས་བཏགས་ཀྱི་ཆ་སོ་སོར་ཕྱེ་ན་རྟགས་ལ་བརྟེན་པའི་རིགས་ཤེས་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ལྟ་བུ་ལྟ་བ་རྗེས་མཐུན་པ་དང༌། སྣང་བཅས་དང་སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ལྟ་བུ་བདག་མེད་པའི་ལྟ་བ་མཚན་ཉིད་པ་གཉིས་གཉིས་སུ་དབྱེ་བར་བྱའོ། །ལྟ་བ་རྗེས་མཐུན་པར་བཞག་པ་དེ་དག་ཀྱང་ལྟ་བའི་ཆ་དང༌། མཚན་འཛིན་གྱི་ཆ་མ་འདྲེས་པར་འབྱེད་དགོས་ཏེ། རྟགས་ལ་བརྟེན་ནས་བདེན་སྟོང་དང་སྤྲོས་བྲལ་རྟོགས་པའི་ལྡོག་ཆ་ནས་ལྟ་བར་འཇོག་ལ། དེ་དང་དེར་ཞེན་པའི་ཆ་ནས་སྤང་བྱར་བཞག་དགོས་པའི་ཕྱིར་རོ། །འོ་ན་ལྟ་བ་རྟོགས་པའི་མངོན་སུམ་གྱིས་བདག་མེད་པ་གཉིས་ཀྱི་རང་ལྡོག་ནས་ཡུལ་དུ་མི་བྱེད་པར་བདག་གཉིས་ཀྱི་ངོ་བོ་མ་མཐོང་བ་ལ་བདག་མེད་མཐོང་ངོ་ཞེས་བྱ་བའི་ཐ་སྙད་འདོགས་པ་འདི་ལ། ཚད་མར་གྱུར་པའི་ལུང་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། བཤད་པ་ཇི་སྐད་དུ། རྒྱལ་བ་སྐྱེད་མ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་སྙད་པར་ནུས་མ་ཡིན། །ཞེས་དང༌། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ན་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང༌། ཆོས་ཡང་དག་པར་སྡུད་པ་ལས། ཅི་ཡང་མ་མཐོང་བ་ནི་དོན་དམ་པ་མཐོང་བའོ། །ཞེས་དང༌། འཇུག་འགྲེལ་ལས། རྣམ་པ་དེ་ལྟ་བུའི་རང་བཞིན་མཐོང་བ་མེད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་དེ་དག་གིས་གཟིགས་ཞེ་ན། བདེན་མོད་ཀྱི་འོན་ཀྱང༌། མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དོ། །ཞེས་གསུངས་སོ། །རྒྱན་ལས་ཀྱང༌། མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་གསུངས་པ་དང༌། དེ་སྐད་དུ་བདེན་གཉིས་ཆུང་བ་ལས། འདི་ལྟར་སྣང་བའི་དངོས་པོ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལས་ཤེས་སོ། །དེ་ལ་ཕྱིས་ཀྱི་རྟོག་གེ་པ་དག་ན་རེ། བདག་མེད་པ་གཉིས་དང༌། ཆོས་ཉིད་དང༌། དོན་དམ་པའི་བདེན་པ་སོགས་ཀྱི་རང་ལྡོག་ནས་རྣལ་འབྱོར་མངོན་སུམ་གྱིས་མ་རྟོགས་ན། ལུང་དང་རིགས་པ་དུ་མ་དག་དང་འགལ་བར་འགྱུར་རོ། །ཞེས་མགྲིན་གཅིག་ཏུ་སྨྲ་བར་བྱེད་དོ། །དེ་ཡང་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་དེ་ལྟར་ཁས་བླངས་པ་ལ་འགལ་བ་མེད་མོད། ལྟ་བའི་སྤྲོས་པ་གཅོད་པའི་ཚེ། ཆོས་ཉིད་དང་དོན་དམ་པའི་བདེན་པ་ཞེས་བྱ་བ་ལ་སོགས་པའི་རང་ལྡོག་སོ་སོ་བ་མང་པོ་ཁས་བླངས་ནས། དེ་དང་དེ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་སོ་ཞེས་ཁས་ལེན་པ་ནི། དབུ་མ་པ་དག་གི་ཚུལ་ལུགས་མ་ཡིན་ཏེ། ལུང་དང་རིགས་པ་དང་འགལ་བའི་ཕྱིར་རོ། ཇི་ལྟར་ཞེ་ན། འཇུག་འགྲེལ་དུ་མདོ་དྲངས་པ་ལས། ལྷའི་བུ་དག་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ་ཞེས་དང༌། ཡང་མདོ་དྲངས་པ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས། ཞེས་ཆོས་ཉིད་འཛིན་པའི་རྟོག་པ་ལ་ཤར་བའི་ཆོས་ཉིད་དེ་དོན་དམ་པའི་བདེན་པ་མ་ཡིན་པར་བཤད་པ་དང༌། ཇི་སྐད་དུ། ཇི་ལྟར་སེམས་ནི་རྣམ་པ་ཅན་དུ་འགྱུར་བ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་དང༌། དེའི་རང་འགྲེལ་དུ། དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་གཞག་གི དངོས་སུ་ན་འགའ་ཞིག་གིས་འགའ་ཞིག་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་དང༌། དེའི་ཤེས་བྱེད་ཀྱི་དཔེ་འཆད་པ་ན་ཡང༌། མདོ་སྡེ་པའི་ལུགས་ལ་སྔོ་སྣང་དབང་ཤེས་སྔོན་པོའི་རྣམ་པར་སྐྱེས་པ་ལ། དེ་རྟོགས་པའི་ཐ་སྙད་བྱས་པ་ཡིན་གྱི། དེས་དེ་མངོན་སུམ་དུ་མ་རྟོགས་པ་དཔེར་མཛད་ནས་མངོན་སུམ་གྱིས་ཆོས་ཉིད་ཀྱི་རང་ལྡོག་ནས་དངོས་སུ་མ་རྟོགས་པར་བཤད་པ་དང༌། ཇི་སྐད་དུ། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །ཞེས་གསུངས་སོ། །རིགས་པ་དང་འགལ་བ་ཡང་གོང་དུ་རྒྱས་པར་བཤད་ཟིན་པ་བཞིན་ཆོས་ཉིད་དང༌། སྟོང་ཉིད་དང༌། དོན་དམ་པའི་བདེན་པ་དང༌། གནས་ལུགས་དང་རང་བཞིན་ལ་སོགས་པའི་ལྡོག་པ་ནས་ནི། སྤྱི་དང༌། གཞན་སེལ་དང༌། ལྡོག་པ་དང༌། རྟག་པ་དང༌། དངོས་མེད་ལས་མ་འདས་ལ། དེ་དག་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ནི་སྲིད་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་རྟོག་མེད་པར་སྤྱི་འཛིན་མིན། །ཞེས་གསུངས་པའི་རིགས་པ་དང་འགལ་བའི་ཕྱིར་དང༌། གཞན་ཡང་ཚད་མ་མངོན་སུམ་གཅིག་པུར་འདོད་པའི་ལོག་པར་རྟོག་པ་གང་གིས་ཀྱང་བཟློག་མི་ནུས་པར་འགྱུར་ཏེ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་རིགས་པའི་གཙོ་བོ་ནི། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་ལས་གཞན་ཆོས་ཀྱི་གྲགས་པས་མ་བཤད་ལ། ཁྱེད་ལྟར་ན་རིགས་པ་དེས་ཚད་མ་མངོན་སུམ་གཅིག་པུར་སྨྲ་བའི་ལོག་རྟོག་སེལ་ནུས་པ་མ་ཡིན་ཏེ། སྤྱི་མཚན་ཐམས་ཅད་མངོན་སུམ་གྱིས་འཇལ་བའི་ཕྱིར་རོ། །དེ་ལ་གཞན་དག་ན་རེ། སྟོང་ཉིད་རྟོགས་པའི་མངོན་སུམ་གྱིས་སྟོང་ཉིད་སོགས་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་གཟུང་དགོས་པ་ཡིན་ཏེ། ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། དངོས་ལ་མཁས་པ་རྣམས་ཀྱིས་ནི། །དངོས་པོ་མི་རྟག་སླུ་བའི་ཆོས། །གསོག་དང་སྟོང་པ་བདག་མེད་པ། །རྣམ་པར་དབེན་ཞེས་བྱ་བ་མཐོང༌། །ཞེས་དང༌། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། འཇུག་པ་ལས། དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་ཞིང༌། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་བཤད་པས་སོ། །ཞེས་ཟེར་བ་དག་སྣང་ངོ༌། །དེ་ལྟར་བཤད་པ་དེ་ཡང༌། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་དབང་དུ་བྱས་པ་ཡིན་གྱི། ལྟ་བས་སྤྲོས་པ་གཅོད་པའི་ཚེ་དེ་ལྟར་ཁས་ལེན་པ་མ་ཡིན་ཏེ། ཡུམ་རྒྱས་པ་ལས། གཟུགས་སྟོང་ཞེས་བྱ་བར་བརྗོད་ན་མཚན་མ་ལ་སྤྱོད་དོ་ཞེས་དང༌། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། རིན་པོ་ཆེའི་ཕྲེང་བ་ལས། བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་གསུངས་པ་ཡིན་ནོ། །འོ་ན་རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། མཉམ་བཞག་རྣམ་པ་གཉིས་ཀྱི་དབྱེ་བས་རྗེས་ཐོབ་ཀྱང་རྣམ་པ་གཉིས་ཏེ། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རྗེས་ཐོབ་དང༌། བདེན་མེད་དང་སྤྲོས་བྲལ་གྱི་སྤྲོས་པ་ཡང་གཅོད་པའི་རྗེས་ཐོབ་བོ། །དང་པོའི་སྐབས་སུ་འདི་ལྟར་ཁས་བླངས་པར་བྱ་སྟེ། སྟོང་པ་ཉིད་དང༌། སྤྲོས་བྲལ་དང༌། ཆོས་ཉིད་ལ་སོགས་པ་དོན་དམ་བདེན་པའི་མཚན་གཞི་དང༌། སྤྱིར་ཡོད་པ་དང༌། ཚད་མས་གྲུབ་པ་དང༌། བྱེ་བྲག་ཏུ་རྣལ་འབྱོར་པའི་མངོན་སུམ་གྱིས་དེ་དང་དེ་རྟོགས་པ་དང༌། དེ་དང་དེ་རྟོགས་པའི་བར་ཆད་མེད་ལམ་གྱིས་སྒྲིབ་པའི་ས་བོན་སྤོང་བ་དང༌། ཡེ་ཤེས་ཀྱིས་བདག་ཏུ་མི་བལྟ་ཞིང་བདག་མེད་དུ་བལྟ་བ་ལ་སོགས་པ་ཁས་བླངས་པར་བྱ་སྟེ། ཇི་སྐད་དུ། སྟོང་ངོ་ཞེས་ཀྱང་བརྗོད་བྱ་ཞིང༌། །ཞེས་དང༌། བདག་མེད་ཅེས་ཀྱང་བསྟན་འགྱུར་ལ། །ཞེས་དང༌། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་བཟློག་པར་འགྱུར། །ཞེས་གསུངས་སོ། །རྗེས་ཐོབ་གཉིས་པའི་སྐབས་སུ་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚུལ་ནི་འདི་ལྟར། དེ་དང་དེ་དོན་དམ་བདེན་པའི་མཚན་གཞིར་འཇོག་པ་ལྟ་ཅི་སྨོས་སྤྱིར་ཡོད་པ་དང་ཚད་མས་གྲུབ་པ་ཙམ་དུ་ཡང་ཁས་བླངས་པར་མི་བྱ་སྟེ། དེ་ལྟར་ཁས་ལེན་པ་དང་ངག་ཏུ་བརྗོད་པ་དེ་ནི་མཚན་མར་འཛིན་པའི་རྟོག་པ་སྐྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། འདིར་ནི་སྤྲོས་མེད་ཀྱི་མཚན་མ་ཡང་འགོག་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །ཞེས་དང༌། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་དང༌། བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དང༌། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འོ་ན་རྗེས་ཐོབ་འདིར་ཁས་ལེན་ཅི་ཡང་མེད་པ་ཡིན་ནམ་ཞེ་ན། དེ་ཡང་དོན་དམ་པའི་བདེན་པ་དང༌། ཡུལ་ཅན་ལྟ་བའི་ཆ་ནས་ཁས་ལེན་ཅི་ཡང་ཡོད་པ་མ་ཡིན་ཀྱང༌། སྤྱོད་པའི་ཆ་ནས་ཁས་ལེན་མེད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བརླབས་པོ་ཆེའི་སྤྱོད་པ་མཐའ་དག་ཁས་ལེན་པའི་ཕྱིར་དང༌། འགྲོ་བ་དང་འཆག་པ་ལ་སོགས་པ་འཇིག་རྟེན་གྱི་ཚུལ་དང་མཐུན་པའི་ཁས་ལེན་དག་ཀྱང་ཡོད་པའི་ཕྱིར་རོ། །ཁས་ལེན་དེ་དག་དབུ་མའི་ལྟ་བས་ཟིན་པ་ཡིན་མོད་ཀྱང༌། དེ་དང་དེའི་རང་ལྡོག་ནས་ནི་དབུ་མའི་ལྟ་བ་ཡིན་པ་ཕར་ཞོག དབུ་མའི་རང་ལུགས་སུ་ཡང་ཁས་མི་ལེན་ཏེ། མཚན་འཛིན་གྱི་བློ་ལས་མ་འདས་པའི་ཕྱིར་རོ། །འོ་ན་དུས་དེར་ལྟ་བའི་ཆ་ནས་ཁས་ལེན་ཅི་ཡང་མེད་ན། དེའི་ཆ་ནས་ཅི་ཡང་མི་སྨྲ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་ལུང་དང་རིགས་པ་སྨྲ་དགོས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །ཞེས་གསུངས་པས་སོ། །འོ་ན་ཇི་སྐད་ཅེས་བརྗོད་པར་བྱ་ཞེ་ན། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ལས་བརྩམས་ཏེ་སྨྲ་ན་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་གཏམ་དུ་སྨྲ་བ་ལས་གཞན་མེད་ལ། སྐབས་འདིར་ནི་དོན་དམ་པའི་བདེན་པ་ཡང་རྣལ་འབྱོར་པའི་ཀུན་རྫོབ་ཏུ་འཇོག་དགོས་པ་ཡིན་ཏེ། ཆོས་ཉིད་ལ་སོགས་པ་དེ་དང་དེ་རྣལ་འབྱོར་པའི་མཚན་འཛིན་གྱི་ཡུལ་དུ་བྱས་པའི་ཆ་ནས། དེ་དང་དེའི་ཐ་སྙད་འདོགས་པའི་ཕྱིར། དེས་ན་སྐབས་འདིར་ནི་སྒྲས་གང་དང་གང་བརྗོད་པའི་དོན་དེ་དང་དེ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པས། ཆོས་ཅན་མྱུ་གུ་དང༌། དེའི་ཆོས་ཉིད་སྟོང་ཉིད་དང༌། སྤྲོས་བྲལ་ལ་སོགས་པ་བདེན་པ་གཉིས་ལས་གང་ཡིན་ཞེས་འདྲི་ན། ཀུན་རྫོབ་ཀྱི་བདེན་པའོ། །ཞེས་བརྗོད་པར་བྱའོ། །འོ་ན་ཡོད་པར་འགྱུར་རོ་ཞེ་ན། ཁྱབ་པ་མ་ངེས་པར་མ་ཟད། ཁྱབ་པ་འགལ་བར་འགྱུར་ཏེ། དེ་ཡིན་ན་ཀུན་རྫོབ་ཀྱི་ངོར་ཡོད་དགོས་ཀྱང༌། སྤྱིར་ཡོད་པ་མ་ཡིན་དགོས་པའི་ཕྱིར་རོ། །འོ་ན་མེད་པར་ཁས་ལེན་ནུས་སམ་ཞེ་ན། དེར་ཡང་མི་ལེན་ཏེ། དེ་ཡང་སྤྲོས་པའི་མཐའ་ལས་མ་འདས་པའི་ཕྱིར་རོ། །འོ་ན་མེད་དོ་ཞེས་བརྗོད་པར་ཡང་མི་བྱའམ་ཞེ་ན། དེ་ནི་བརྗོད་འདོད་ཀྱིས་སོ་སོར་འབྱེད་དགོས་ཏེ། ཡོད་པར་བཀག་ཙམ་ཞིག་བརྗོད་པར་འདོད་ནས། མེད་དོ་ཞེས་བརྗོད་པས་འགལ་བ་མེད་ལ། ཡོད་པ་བཀག་ཤུལ་དུ་མེད་པར་སྒྲུབ་པར་འདོད་ནས། དེ་ཞེས་བརྗོད་ན་ནི་སྤྲོས་པའི་མཐའ་ལས་མ་འདས་སོ། །དེ་བཞིན་དུ་མྱུ་གུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པར་ཁས་བླངས་ན་སྤྲོས་པར་འགྱུར་ཡང་སྤྲོས་པ་དང་བྲལ་ལོ་ཞེས་བརྗོད་པ་ཙམ་གྱིས་སྤྲོས་པར་མི་འགྱུར་ཏེ། མ་ཡིན་པར་དགག་པ་དང༌། སྒྲུབ་པ་བརྗོད་པར་མི་འདོད་པའི་ཕྱིར་དང༌། མེད་པར་དགག་པ་ཙམ་ཞིག་བརྗོད་པར་འདོད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཚིག་གསལ་ལས། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར་དངོས་པོ་མེད་པའི་དོན་ནི། རང་བཞིན་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་དོན་དམ་བདེན་པའི་མཚན་གཞི་དང༌། ཆོས་ཉིད་དང༌། སྟོང་པ་ཉིད་ཀྱི་མཚན་གཞི་དང༌། ལྟ་བའི་ཡུལ་གྱི་མཚན་གཞི་ཅི་ཞེ་ན། དེ་ནི་ཁོ་བོས་བརྗོད་པར་མི་ནུས་སོ། །འོ་ན་སྤྲོས་བྲལ་དེ་ཉིད་དོན་དམ་པའི་བདེན་པར་ཁས་ལེན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། དེ་ནི་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཟླ་བའི་ཞབས་ཀྱིས། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ་ཞེས་སོགས་བཤད་པའི་ཕྱིར་རོ། །འོ་ན་དེའི་མཚན་གཞི་གཟུང་བར་མི་ནུས་ན། མོ་གཤམ་གྱི་བུ་དང་མཚུངས་པར་ཁས་ལེན་ནམ་ཞེ་ན། དེར་ཡང་ཁས་ལེན་ནུས་པ་མ་ཡིན་ཏེ། རྣལ་འབྱོར་པའི་ཀུན་རྫོབ་ཀྱི་ཡུལ་དུ་བཞག་དགོས་པའི་ཕྱིར་རོ། །དེའི་ཡུལ་ཡིན་པ་ཙམ་གྱིས་ཡོད་པར་མི་འགྲུབ་སྟེ། ཀུན་རྫོབ་དེ་ཡང་འཁྲུལ་པ་ཡིན་པའི་ཕྱིར་རོ། །བོད་ཕྱི་མ་གང་དག་འདིར་ཡོད་པ་མ་ཡིན་ན། མེད་དགོས་སོ་ཞེས་ཟེར་བ་དེ་ནི། དབུ་མའི་ལྟ་བ་གོ་ཡུལ་དུ་འཆར་བའི་ཕྱོགས་ཙམ་དུ་ཡང་སླེབ་པ་མ་ཡིན་ཏེ། སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་དོན་སྤྱི་མ་ཤར་བར་སྣང་བའི་ཕྱིར་དང༌། ཡོད་པ་བཀག་ཤུལ་དུ་མེད་པ་དང༌། དེ་བཀག་ཤུལ་དུ་ཅིག་ཤོས་སྒྲུབ་ན་མ་ཡིན་དགག་བརྗོད་པར་སོང་བའི་ཕྱིར་དང༌། དགག་པ་གཉིས་པོའི་འཇོག་མཚམས་ཀྱང་རང་བརྗོད་པ་པོའི་བརྗོད་འདོད་ཀྱིས་བྱས་པ་ཡིན་གྱི། དངོས་པོ་ལ་མ་གྲུབ་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་ཁོ་བོས་མྱུ་གུ་ཡོད་པ་བཀག་ཀྱང་མེད་པར་ཁས་བླངས་པ་མ་ཡིན་ཏེ། ཁོ་བོ་ཅག་ལ་ཅིག་ཤོས་བཀག་ཤུལ་དུ་གཞན་འཕེན་པ་བརྗོད་པར་འདོད་པའི་བློ་མེད་པའི་ཕྱིར་དང༌། ཕན་ཚུན་སྤངས་པའི་དངོས་འགལ་གཅིག་བཀག་ཤུལ་དུ། ཅིག་ཤོས་ཁས་ལེན་དགོས་ཞེས་ཟེར་བ་ནི། ཇི་སྲིད་བདེན་པར་གྲུབ་པའི་ཆོས་ཁས་ལེན་པ་དེ་སྲིད་དུ་ཡིན་ལ། སྤྲོས་པ་ཐམས་ཅད་འགོག་པའི་ཚེ་ཡང༌། དེ་ལྟར་ཁས་བླངས་ན། ཀླུ་སྒྲུབ་ཞབས་ཀྱིས་བཀག་པའི་ཕྱོགས་སྔ་མ་ཁས་བླངས་པར་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། རིན་ཆེན་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་རྟེན་ཐར་པར་འགྱུར། །ཞེས་བཤད་ནས་དེ་ལ་གཞན་གྱི་དོགས་པ་སྤངས་པ་ནི། གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་དེ་ནི་མེད་པར་བསླན། །ཞེས་ཕྱོགས་སྔ་མ་བརྗོད་ནས། དེ་འགོག་པ་ནི། དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མ་བསླན། །ཞེས་བཤད་ནས། གལ་ཏེ་ཡོད་མེད་གཉིས་ཀ་བཀག་པ་ན། གཉིས་ཀ་ཁས་བླངས་པར་སོང་ངོ་ཞེས་པ་ནས། དེ་ཉིད་སུན་འབྱིན་པ་ནི། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བྱས་པ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །ཞེས་གསུངས་པ་དེའི་དོན་ནི། དངོས་པོར་སྨྲ་བ་དག་གིས་ཡོད་པར་བཀག་ན་མེད་པར་ཁས་བླངས་པར་སོང་ཞེས་པའི་དོན་ནོ། །དེ་དག་གི་དོན་བསྡུ་བ་ནི། དེ་ཉིད་ལས། དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་བགྱི། །ཞེས་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཀུན་རྫོབ་ཀྱི་བདེན་པ་འཇོག་པ་དང༌། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རྗེས་ཐོབ་ཏུ་ནི་ཡོད་མེད་ཕན་ཚུན་སྤངས་པའི་དངོས་འགལ་གཉིས་ལས། གང་རུང་གཅིག་བཀག་ཤུལ་དུ་ཅིག་ཤོས་ཁས་ལེན་དགོས་པ་ཡིན་ཏེ། དཔེར་ན་ཆོས་ཉིད་དོན་དམ་པའི་བདེན་པར་ཁས་བླངས་པ་དེའི་ཚེ། དེ་ཡོད་པར་ཁས་བླངས་དགོས་པ་བཞིན་ནོ། །སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་དུས་འདི་ལ་དགོངས་ནས། ཇི་སྐད་དུ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་གསུངས་སོ། །འོ་ན་སྤྲོས་པ་ཐམས་ཅད་འགོག་པའི་དུས་འདིར་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཆོས་འཆད་དོ། །བསྟན་བཅོས་རྩོམ་མོ། །སྦྱིན་པ་གཏོང་ངོ༌། །བྱང་ཆུབ་ཀྱི་མཆོག་ཏུ་སེམས་སྐྱེད་དོ། །ཞེས་ཁས་ལེན་ཏེ། དེའི་ཚེ་ནི། གནས་ཚུལ་ལ་སེམས་པའི་རིགས་པས་མ་བསམས་པར་དེ་སྐད་ཅེས་སྨྲ་དགོས་པའི་ཕྱིར། ཐབས་དང་སྤྱོད་པའི་ཆ་ལ་དེ་ལྟར་བསམས་ན་དེ་ལས་ཉམས་པར་འགྱུར་བའི་ཕྱིར། དེ་ལ་འདི་སྐད་ཅེས། འོ་ན་ཆོས་བཤད་ཟིན་འཆད་དམ། མ་བཤད་པ་འཆད། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེད་དམ། སྐྱེད་ཟིན་པ་བསྐྱེད་ཅེས་འདྲི་ན། དེའི་ཚེ་དཔྱད་པར་སོང་བས་དེ་དག་གང་དུ་ཡང་ཁས་མི་ལེན་པ་ཡིན་ནོ། །དེ་ལྟར་དཔྱད་པའི་ཚེ་གང་ཡང་མ་རྙེད་བཞིན་དུ། སྦྱིན་པ་གཏོང་བ་སོགས་ཀྱི་ལས་ལ་འཇུག་པ་དེ་ནི། བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱ་སྟེ། གང་ཟག་གཅིག་གི་རྒྱུད་ལ་དུས་ཅིག་ཅར་དུ། མྱུ་གུ་ལྟ་བུ་འཛིན་པའི་རྣམ་ཤེས་ཀྱིས། དེའི་ཀུན་རྫོབ་ཀྱི་ངོ་བོ་ཁས་བླངས་པ་དང༌། དེའི་གནས་ཚུལ་སེམས་པའི་ཡེ་ཤེས་ཀྱིས་དེའི་གནས་ལུགས་རྟོགས་པ་གཉིས་དུས་ཅིག་ཅར་དུ་འབྱུང་བའི་ཕྱིར། འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཞེས་བྱ་བ་ཡང་དེ་ལ་ཟེར་བ་ཡིན་གྱི། བློ་གཅིག་གི་ངོར་བདེན་གཉིས་ཟུང་དུ་འཇུག་པ་མི་སྲིད་པའི་ཕྱིར་རོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་རྣམ་དབྱེ་འདི་ནི་གཞན་གྱིས་ལེགས་པར་མ་སྨྲས་པས་ཞིབ་མོར་ཕྱེད་དགོས་ལ། གང་དག་འདི་མ་ཤེས་པར་བོད་སྔ་མ་མང་པོས་ཀུན་རྫོབ་དང་དོན་དམ་གྱི་རྣམ་དབྱེ་གང་ཡང་མེད་པར་སྨྲ་བ་དང༌། བོད་ཕྱི་མ་མང་པོས་དེ་ལ་དེ་ཡོད་པའི་ཤེས་བྱེད་དུ་ཀུན་རྫོབ་ཀྱི་ཁས་ལེན་ཡོད་པའི་གཏན་ཚིགས་བརྒྱ་ཕྲག་དུ་མ་འགོད་པའི་ངལ་བར་བྱེད་པ་ནི། ངེས་དོན་གྱི་བདུད་རྩི་དོན་དུ་གཉེར་བར་འདོད་པ་འདོད་བཞིན་དུ། སྒྱུ་མའི་སྨིག་རྒྱུའི་ཕྲེང་བ་ཚར་དུ་དངར་བ་དག་གཅིག་ནས་གཅིག་ཏུ་མཆོང་ཞིང་རྒྱུག་པ་ལྟ་བུར་བྱེད་པའི་དལ་འབབ་ཀྱི་རྒྱུན་རིང་པོ་ལ་མངོན་པར་སྲིད་པའི་བློ་གྲོས་གཞོན་ནུ་མ་དག ཆོས་ཀྱི་བདུད་རྩིས་འཕོངས་པའི་འབྲོག་མྱ་ངམ་གྱི་ཐང་ཆེན་པོར་ཡིད་རབ་ཏུ་གདུངས་ཤིང་ངལ་བར་གྱུར་ཏོ། །དེ་ལྟར་ངེས་དོན་གྱི་བདུད་རྩིའི་སྲོ་ལ་ཆེན་པོ་དེ་ཉིད་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་ཀྱི་ལམ་སྲོལ་བཟང་པོ་ལ་ལེགས་པར་དྲངས་ཟིན་པ་དེ་ལྟ་མོད་ཀྱི། ངེས་དོན་གྱི་བདུད་རྩི་དེ་ཉིད་གངས་ཅན་གྱི་ལྗོངས་འདིར་ཡང༌། མཁས་གྲུབ་གོང་མ་དེ་དག་གི་ཐུགས་ཀྱི་བང་མཛོད་དུ་ལེགས་པར་བྱོན་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། གཉིས་པ་བོད་གོང་མའི་ལུང་དང་སྦྱར་བ་ལ་གཉིས་ཏེ། ལོ་ཙྭ་བ་ཆེན་པོ་དག་གི་ལུང་དང་སྦྱར་བ་དང༌། རྗེ་བཙུན་ས་སྐྱ་པའི་གསུང་དང་སྦྱར་བའོ། །དང་པོ་ལ། རྔོག་ལོ་ཆེན་པོའི་ལུང་དང་སྦྱར་བ་དང༌། པ་ཚབ་ལོ་ཙྭ་བའི་བཞེད་པ་དང་སྦྱར་བའོ། །དང་པོ་ནི། གོང་དུ་བཤད་པའི་དོན་དེ་དག་ལོ་ཙྭ་བ་ཆེན་པོས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེས་མཛད་པའི་བསྟན་བཅོས་ལས། དོན་རྣམས་རིགས་པའི་སྟོབས་ཀྱིས་རྣམ་འགར་གནས་འདོད་དང༌། །འདུས་བྱས་ལམ་འདས་དེ་ཉིད་ཚད་མས་ངེས་འཛིན་པ། །གཉིས་ཀ་དངོས་འཛིན་གདོན་ཆེན་མི་ཟད་ཁར་སོང་ནས། །ལྟ་བའི་མཆེ་བ་རྣོན་པོས་དམ་དུ་ཟིན་པ་ཡིན། །ཞེས་དང༌། དེས་ན་ཤེས་བྱའི་མཚན་མ་ལས། །བློ་ཡི་གཡོ་བ་རྣམ་བཟློག་སྟེ། །སྤྲོས་ཚོགས་ཉེར་ཞི་བདག་མེད་པའི། །དོན་ལ་བློ་ནི་ལེགས་བཞག་བྱ། །དེ་ལྟར་སྟོང་ཉིད་གོམས་པ་ལས། །དངོས་འཛིན་རབ་ཏུ་ཞི་བ་དང༌། །བདག་མེད་ཉིད་ཀྱང་འཛིན་མེད་པ། །དེ་ཚེ་ཡང་དག་མཐོང་ཞེས་བྱ། །ཞེས་གསུངས་སོ། །གཉིས་པ་ནི། པ་ཚབ་ལོ་ཙྭ་བའི་གསུང་དབུ་མ་པ་ཆེན་པོ་བྱང་ཆུབ་བརྩོན་འགྲུས་ཀྱིས་བརྗེད་བྱང་དུ་བཀོད་པ་ཞེས་བྱ་བའི་བསྟན་བཅོས་ལས། ཇི་ལྟར་རབ་རིབ་མཐུ་ཡིས་དམིགས་པའི་ཡུལ། །རབ་རིབ་མེད་བློའི་ཡུལ་དུ་མ་དམིགས་ལྟར། །དངོས་ཀུན་འཁྲུལ་དང་མ་འཁྲུལ་ཤེས་ངོ་ན། །རྟེན་འབྱུང་གཟོད་ནས་རབ་ཞི་བདེན་པ་གཉིས། །ཀུན་རྫོབ་རྣམ་གཉིས་འཇིག་རྟེན་བྱིས་པ་དང༌། །སྣང་བཅས་འཕགས་པའི་ཤེས་ངོར་བདེན་པ་འོ། །དང་པོ་ལ་ནི་ཡང་དག་ལོག་པས་ཏེ། །གནོད་བཅས་གནོད་མེད་དབང་པོའི་སྤྱོད་ཡུལ་ལོ། །འཁྲུལ་མེད་འཕགས་པ་རྣམས་ཀྱིས་ཤེས་ཡུལ་ན། །ཤེས་བྱ་ཐམས་ཅད་རོ་མཉམ་གཟིགས་གྱུར་པས། །ཆོས་ཉིད་དམ་པའི་དོན་གྱི་བདེན་པ་ལ། །དབྱེ་བའི་སྤྲོས་པ་ཉེ་བར་ཞི་བ་ཡིན། །མ་དཔྱད་འཁྲུལ་པའི་ཤེས་ཡུལ་ཀུན་རྫོབ་སྟེ། །མ་འཁྲུལ་འཕགས་པའི་ཤེས་ཡུལ་དོན་དམ་ཡིན། །རྣམ་དཔྱོད་བློ་ཡི་གཟིགས་ན་སྤྲོས་མེད་ཅིང༌། །མ་དཔྱད་བློ་ཡི་རྟེན་འབྱུང་མཐོང་བས་ན། །དོན་དམ་མཁའ་དང་ཀུན་རྫོབ་སྒྱུ་མའི་ཚུལ། །མཐའ་གཉིས་རབ་སྤངས་དབུ་མའི་དོན་དུ་ངེས། །བདག་དང་གཙོ་བོ་ལ་སོགས་བདག་དངོས་དང༌། །གཟུང་བ་རྡུལ་དང་འཛིན་པ་སྐད་ཅིག་དང༌། །གཟུང་འཛིན་གཉིས་མེད་ཤེས་པ་སྐད་ཅིག་མ། །ཆོས་ཙམ་རྫས་སུ་ཡོད་པར་ཁ་ཅིག་སྨྲ། །དེ་ཡི་སྟོང་ཉིད་རིགས་པའི་ཡུལ་ཡིན་ཞེས། །སྟོང་པ་མཚན་མར་ལྟ་བ་ཁ་ཅིག་སྨྲ། །ཞེས་གསུངས་སོ། །གཉིས་པ་ནི། རྗེ་བཙུན་ས་སྐྱ་པའི་གསུང་གིས། མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བའི་གསུང་རབ་ལས་འདི་ལྟར་འབྱུང་སྟེ། ཇི་སྐད་དུ། བདེན་པ་གཉིས་པོ་དེའི་ངོ་བོ་བསྟན་པའི་སྒོ་ནས་མཐའ་བྲལ་གྱི་ལྟ་བ་གཏན་ལ་དབབ་པ་ལ་གསུམ་སྟེ། ཐམས་ཅད་ཡོད་པར་བསྟན་པ་དེ་ཀུན་རྫོབ་ཀྱི་བདེན་པར་གཏན་ལ་ཕབ་པས་དངོས་པོར་སྨྲ་བ་དང་ཚུལ་མཚུངས་ཤིང་དེ་ལས་ཀྱང་ཁྱད་པར་དུ་འཕགས་པར་བསྟན་པ། ཐམས་ཅད་མེད་པར་བསྟན་པ་དེ་ཤེས་རབ་དོན་དམ་པའི་ཡུལ་དུ་བསྟན་པས་ཐེག་པ་ཆེན་པོ་སྤྱི་དང་མཚུངས་ཤིང་དེ་ལས་ཀྱང་ཁྱད་པར་དུ་འཕགས་པར་བསྟན་པ། དེས་ན་གཉིས་མེད་ཀྱི་བློས་མཐའ་བྲལ་དུ་གཏན་ལ་ཕབ་ལ་ཟུང་འཇུག་ཉམས་སུ་ལེན་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕུང་ཁམས་སྐྱེ་མཆེད་བཤད་པས་ཉན་ཐོས་སྡེ་པ་དང་མཚུངས་ཤིང་མུ་སྟེགས་ལས་ཁྱད་པར་དུ་འཕགས་པ་དང༌། ཡུལ་སྣང་ལ་རང་བཞིན་མེད་པ་དང་སྣང་བ་སེམས་སུ་བསྟན་ནས་སེམས་ཙམ་དང་མཚུངས་ཤིང་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །གཉིས་པོ་དེ་རྒྱུད་དང་སྦྱོར་བ་ཅུང་ཟད་སླ་ཞིང༌། སྤྱི་དོན་གཉིས་པ་ཤེས་རབ་དོན་དམ་པའི་བསམ་པས་གཞལ་ན་ཐམས་ཅད་མེད་པར་སྟོན་པ་ལ་གཉིས། ཡུལ་མ་གྲུབ་པས་ཡུལ་ཅན་གྱི་ཤེས་པའང་མ་གྲུབ་པ་ན་སེམས་ཙམ་ལས་ཁྱད་པར་དུ་འཕགས་པ་དང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་པས་དོན་དམ་པར་འདིའོ། །ཞེས་གནས་ལུགས་མི་འདོད་པས་དབུ་མ་ངོ་བོ་ཉིད་མེད་པ་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཇི་སྐད་དུ། ངོ་བོས་གཟུགས་མེད་མཐོང་བ་པོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ཞེས་སོགས་ཀྱིས་འཆད་ལ། གཉིས་པ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུར་བསྟན་པ་དང༌། དོན་དམ་གནས་ལུགས་སུ་ཁས་མི་ལེན་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང༌། །ཞེས་སོགས་ཀྱིས་འཆད་ལ། གཉིས་པ་ནི། བསམ་པའི་ཡུལ་ལས་འདས་ཏེ། དོན་དམ་པར་ན་འདི་ལྟ་བུ་ཞིག་གོ་ཞེས་བརྗོད་དུ་མི་བཏུབ་བོ། །དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་དག ཆོས་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ་སོགས་པར་འཛིན་པ་དེ་དག་སུན་དབྱུང་བ་འོག་ཏུ་རྒྱས་པར་བརྗོད་པར་བྱའོ། །སྤྱི་དོན་གསུམ་པ་གཉིས་མེད་ཀྱི་བློ་མཐའ་བྲལ་དུ་གཏན་ལ་ཕབ་ལ། ཟུང་འཇུག་ཏུ་ཉམས་སུ་བླང་བར་བསྟན་པ་ལ་གསུམ། སྟོང་ཉིད་ལ་སོགས་པ་བཞི་ཀ་མཐའ་ཡིན་པས་དེ་སྤང་བར་བསྟན་པ། མཐའ་བྲལ་གྱི་དབུ་མ་ཞེས་བྱ་བར་འཛིན་པ་དེ་ཡང་མཐའ་ཡིན་པར་བསྟན་པ། མཐའ་དང་བྲལ་ཡང་ཟུང་འཇུག་ཚུལ་གྱིས་ཉམས་སུ་བླང་བར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། ཡང་དག་པར་སྦྱོར་བའི་རྒྱུད་ལས། སྟོང་པ་སྒོམ་པར་མི་དམིགས་ཏེ། །སྟོང་མིན་སྒོམ་པར་མི་བྱ་འོ། །སྟོང་པ་མི་སྤང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ༌། །སྟོང་དང་སྟོང་མིན་བཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་གསུངས་ལ། དེའི་དོན་འཆད་པ་ལ་གཉིས་ཏེ། གནས་ལུགས་མེད་པ་དང༌། རྩོད་པ་སྤང་བའོ། །དང་པོ་ལ་བཞི་སྟེ། གནས་ལུགས་ངེས་པར་འདོད་ན་གནོད་བྱེད་ཡོད་པ། ངེས་པ་བློ་ཡུལ་དུ་མི་རུང་བ། བློ་ལ་མི་ལྟོས་པའི་ཡུལ་མི་རུང་བ། མཐར་བཟུང་ན་སྲིད་པའི་རྩ་བར་འགྱུར་བའོ། །དེ་དག་ཀྱང་རིམ་པ་བཞིན་དུ་ལུང་དང་སྦྱར་བ་ནི། ཇི་སྐད་དུ། དབུ་མ་ལས། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །འགོག་པ་འདི་ནི་འཐད་མ་ཡིན། །འགག་པ་རྒྱུ་དང་བཅས་མཐོང་བས། །སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་དང༌། གཉིས་པ་ནི། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཞེས་སོགས་དང༌། གསུམ་པ་ནི། གང་དག་སྟོང་པ་ཉིད་བལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་བཤད་པས་སྟོང་པར་བཟུང་ན་ཆད་པའི་མཐའ་དང༌། མི་སྟོང་པར་བཟུང་ན་རྟག་པའི་མཐར་འགྱུར་པས་འཛིན་པ་ཐམས་ཅད་སྤང་བར་བྱའོ། །བཞི་པ་ནི། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་དང་སྦྱར་རོ། །གཉིས་པ་རྩོད་པ་སྤང་བ་ལ་གསུམ། རང་ཚིག་དང་འགལ་བ། ཧ་ཅང་ཐལ་བ། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། དངོས་པོའི་གནས་ལུགས་མེད་ན་གནས་ལུགས་རྟོགས་ཞེས་གསུངས་པ་དེ་མི་འཐད་དོ་ཞེ་ན། གནས་ལུགས་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་བཅད་པ་དེ་ཙམ་ལ་དེ་རྟོགས་པའི་ཐ་སྙད་བྱས་སོ། །དེ་ཉིད་གནས་ལུགས་ཡིན་ནོ་ཞེ་ན། མ་ཡིན་ཏེ། ནོར་མེད་པ་ནོར་དུ་མི་རུང་བ་བཞིན་ནོ། །གཉིས་པ་ནི། ཁྱོད་གནས་ལུགས་རྟོགས་པའི་ལྟ་བ་མི་འདོད་ན་སྐྱེ་བོ་ཕལ་པ་དང་འདྲའོ་སྙམ་ན། མི་འདྲ་སྟེ། ཁོ་བོ་ཅག་དམིགས་པ་ཅི་ཡང་མི་འཛིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་པ་རྣམས་ནི་ཆགས་བྲལ་གྱུར། །མཁས་པ་རྣམས་ནི་གཟུགས་ཀྱི་ནི། །དེ་ཉིད་ཤེས་ན་ཡང་དག་གྲོལ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། འོ་ན་མདོ་རྒྱུད་བསྟན་བཅོས་དག་ལས། སྟོང་པ་དང་བདག་མེད་སོགས་གསུངས་པ་དང་འགལ་ལོ་སྙམ་ན། དེ་དག་ནི་ལྟ་བ་སྤང་བའི་དོན་དུ་སྟོང་པ་ཉིད་གསུངས་པ་ཡིན་ཏེ། ཇི་སྐད་དུ། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཀྱང་བསྟན་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་གསུངས་སོ། །སློབ་དཔོན་གྱིས་གསུངས་པ་དེ་ཡང་བདེན་པ་བཀག་པ་ཡིན་ཏེ། དེ་ཙམ་ཞིག་དམིགས་པའི་ཡུལ་དུ་བྱས་ན་དགག་བྱ་མ་དམིགས་པས་བཀག་པ་ཡང་མ་དམིགས་པ་སྐྱེ་བར་འགྱུར་བས། དེ་ཙམ་གྱི་ཆ་འདྲ་བ་ལ་བརྟེན་ནས་རྣམ་གྲངས་ཀྱི་དོན་དམ་པའམ། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ཞེས་བཏགས་ཀྱི། དོན་དུ་ན་དེ་ཉིད་ཀུན་རྫོབ་ཡིན་པས་སློབ་དཔོན་ཁ་ཅིག་རྣལ་འབྱོར་པའི་ཀུན་རྫོབ་ཞེས་གསུང་ངོ༌། །དེ་བས་ན་བློ་སྣང་གི་བྲལ་ཆ་དེ་ལ་དོན་དམ་རྣལ་མར་མ་སྟོན་ཅིག་དེས་ན་བློའི་ཡུལ་ནི་རྣམ་གྲངས་ཡིན་ལ། དེ་ལས་གྲོལ་བ་ན་རྣམ་གྲངས་མ་ཡིན་པ་དེ་ལ་དོན་དམ་ཞེས་བཏགས་ཏེ། བློའི་ཡུལ་རྣམས་ཀུན་རྫོབ་ཡིན་པས་དེ་ལས་འདས་པ་ཙམ་གྱི་ཆ་བསྟུན་པའི་མིང་ངོ༌། །དེས་ན་སློབ་དཔོན་རྣམས་ཀྱིས་རྣམ་གྲངས་མ་ཡིན་པ་རྣམས་ལ་སྒྲུབ་བྱེད་མ་གསུངས་པས་རྣམ་གྲངས་པ་མ་ཡིན་པ་ཞེས་བྱ་བ་གཅིག་ཡོད་པ་མ་ཡིན་ནོ། །ཞེས་གཟུང་བར་མི་བགྱིའོ། །སྤྱི་དོན་གཉིས་པ་མཐའ་བྲལ་གྱི་དབུ་མ་ཞིག་ཀྱང་མ་ཡིན་པར་བསྟན་པ་ནི། ཡང་དག་པར་སྦྱོར་བའི་རྒྱུད་ལས། སྟོང་མིན་སྟོང་པའང་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །ཞེས་གསུངས་ལ། དེའི་དོན་ཡང་འདི་ཡིན་ཏེ། རྟོག་མཁན་གྱི་བསམ་པས་བཙལ་ན་མི་སྟོང་པའི་ཆོས་མེད་ལ། རིགས་པས་ལེགས་པར་བརྟགས་ན་སྟོང་པའང་མི་འགྲུབ་ཅིང༌། དེ་གཉིས་ཀྱི་དབུས་ན་གཉིས་ཀའམ་གཉིས་ཀ་མ་ཡིན་པ་ཞེས་བྱ་བ་ཞིག་མི་འགྲུབ་སྟེ། དེ་གཉིས་རེ་རེ་མ་གྲུབ་ན་ཚོགས་པ་མི་གྲུབ་ལ། དེ་གཉིས་ལས་མ་གཏོགས་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན། ཇི་ལྟ་ཇི་ལྟར་བློས་བཟུང་བ། །དེ་ལྟ་དེ་ལྟ་མཐར་འགྱུར་ལ། །མཐའ་བྲལ་གྱི་དབུ་མར་བཟུང་བ་དེ་ཡང་མཐར་འགྱུར་རོ། །འོ་ན་རྣལ་འབྱོར་པས་ཇི་ལྟར་ཉམས་སུ་བླང་སྙམ་ན། སྤྱི་དོན་གསུམ་པ་མཐའ་བྲལ་ཡང་ཟུང་འཇུག་གི་ཚུལ་གྱི་ཉམས་སུ་བླང་པ་ལ་གསུམ་སྟེ། ཟུང་འཇུག་གི་རང་བཞིན། དོན་དམ་བསམ་དུ་མེད་པར་བསྟན་པ། ཀུན་རྫོབ་ཏུ་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི་ཤེས་རབ་ཀྱིས་རྣམ་པར་བཏགས་ན་གང་དུ་ཡང་མ་གྲུབ་པར་ཤེས་ཀྱང༌། ཐབས་སྙིང་རྗེ་ཆེན་པོས་སྣང་བ་མི་འགལ་བར་འགྱུར་རོ། །ཇི་སྐད་དུ། རྩ་བའི་རྒྱུད་ལས། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །ཞེས་དང༌། གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་གང་སྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པ་འོ། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་དེ་ལྟ་བུ་དེ་བསམ་པར་བྱ་བ་ཡིན་ནམ་སྙམ་ན། དོན་དམ་དུ་བསམ་པར་བྱ་བ་ལས་འདས་ཏེ། ཇི་སྐད་དུ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་སྒོམ་པའང་མེད། །ཅེས་གསུངས་སོ། །གསུམ་པ་ནི། དེ་ལྟར་གནས་ལུགས་སྒོམ་དུ་མེད་ལ། མ་བསྒོམས་པར་མི་གྲོལ་བས་ཇི་ལྟར་བྱ་སྙམ་ན། ཀུན་རྫོབ་ཏུ་སྒོམ་པར་སྟོན་པ་ནི། རྩ་བའི་རྒྱུད་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་དུ་མེད་ཅིང་སྒོམ་པ་ཉིད། །ཅེས་དང༌། ཡང་དག་པར་སྦྱོར་བ་ལས་ཀྱང༌། རྣམ་པ་མེད་ཅིང་དོགས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །ཞེས་གསུངས་སོ། །དེ་ལྟར་མཐའ་བྲལ་གྱི་ལྟ་བ་རྒྱས་པར་བསྟན་ཟིན་ནས། སྤྱི་དོན་བཞི་པ་དེ་ལྟ་བུའི་གནས་ལུགས་དེ་མདོ་སྡེ་དང༌། རྒྱུད་སྡེ་ཐམས་ཅད་ཀྱི་རྟོགས་བྱ་ཡིན་པར་བསྟན་པ་ནི། དེ་ལྟ་བུའི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་འདི་ནི། ཤེས་བྱའི་གནས་ལུགས་ཡིན་པ་ཐེག་པ་མཆོག་གི་གཞུང་ཐམས་ཅད་མཐུན་པ་ཡིན་ཏེ། ཇི་སྐད་དུ། ཡང་དག་པར་སྦྱོར་བ་ལས། འདི་ནི་གཉིས་སུ་མེད་པར་བརྗོད། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །རྡོ་རྗེ་རྡོ་རྗེ་སེམས་པ་དཔལ། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཉིད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །ཞེས་མིང་གི་རྣམ་གྲངས་བཅུ་བཞིའི་སྒོ་ནས་གསུངས་སོ། །ཡུམ་འབུམ་པ་ལས་ཀྱང༌། གཉིས་སུ་མེད་གཉིས་སུ་བྱར་མེད། སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་དང༌། རིམ་པ་ལྔ་པ་ལས། ཟུང་འཇུག་རིམ་པ་ལ་གནས་པ། །དེ་ཉིད་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པ་ཡིན། །ཞེས་དང༌། དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་སོ། །དེ་ཉིད་ལ་མིང་གཞན་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། འདུས་པ་ལས། ཐོག་མ་ཐ་མ་ཞི་བ་ཡི། །དངོས་དང་དངོས་མེད་མི་ཟད་གཙོ། །སྟོང་ཉིད་སྙིང་རྗེ་མི་བྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་གསུངས་སོ། །དེ་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་བཞིག་པར་བྱ་བ་མིན། །སྲེག་པར་བྱར་མེད་བཞིག་མེད་པར། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ཉིད་ལ་རྡོ་རྗེ་སེམས་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་ལས། བྱང་ཆུབ་མཆོག་གི་ཡེ་ཤེས་གང༌། །དེ་ནི་རྡོ་རྗེར་ངེས་པར་བརྗོད། །ཅེས་དང༌། རྩ་བའི་རྒྱུད་ལས། རྡོ་རྗེ་མི་ཕྱེད་ཞེས་བྱར་བརྗོད། །སེམས་པ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ཉིད་ལ། དཔལ་ཞེས་ཀྱང་བྱ་སྟེ། རྩ་བའི་རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ཉིད་ལ་དཔལ་མཆོག་དང་པོ་ཞེས་ཀྱང་བྱ་སྟེ། དཔལ་མཆོག་དང་པོ་ལས། ཐོག་མཐའ་མེད་པའི་སེམས་པ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་གསུངས་སོ། །དེ་ཉིད་ལ་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང༌། །དེ་ཉིད་རྟོགས་པས་སངས་རྒྱས་བརྗོད། །ཅེས་གསུངས་སོ། །དེ་ཉིད་ལ་བྱང་ཆུབ་ཅེས་ཀྱང་བྱ་སྟེ། གུར་ལས། སེམས་པ་མེད་ཅིང་སྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཞེས་གསུངས་སོ། །དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ལ་གཉིས་ལས། ཤེས་རབ་དང༌། དེའི་ཕ་རོལ་ཏུ་ཕྱིན་པའོ། །དང་པོ་རྩེ་མོ་ལས། རྡོ་རྗེ་སེམས་པ་ཤེས་གྱུར་ཅིང༌། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་པ་ཤེས་རབ་ཞེས་སུ་བཤད། །ཅེས་དང༌། གཉིས་པའང་དེ་ཉིད་ལས། ཕྱི་རོལ་ཉན་ཐོས་རང་རྒྱལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་ནི་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཞེས་གསུངས་སོ། །དེ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་དངོས་པོ་ཞེས་ཀྱང་བྱ་སྟེ། ཡེ་ཤེས་དེ་ཉིད་ལ་མ་ཆགས་པས་སྦྱིན་པ། ཉེས་པས་མ་གོས་པས་ཚུལ་ཁྲིམས། ཞེ་སྡང་མེད་པས་བཟོད་པ། མྱུར་དུ་མཛུད་པས་བརྩོན་འགྲུས། རྩེ་གཅིག་པས་བསམ་གཏན་ནོ། །དེ་སྐད་དུ་ཡང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདིས་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་གསུངས་སོ། །དེ་ཉིད་ལ་མཉམ་པ་ཉིད་ཅེས་ཀྱང་སྟེ། འབུམ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་གསུངས་སོ། །ཡང་འཁོར་བ་དང༌། མྱ་ངན་ལས་འདས་པ་མཉམ་པའི་ཕྱིར་ཡང་དེ་ཞེས་བྱ་སྟེ། དབུ་མ་ལས། མྱ་ངན་འདས་མཐའ་གང་ཡིན་པ། དེ་ནི་འཁོར་བའི་མཐའ་ཡིན་ཏེ། དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ཉིད་ལ་བསམ་པར་བྱ་བ་ཞེས་ཀྱང་བྱ་སྟེ། རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པོ། །དེ་ཚེ་ལྷག་མ་ལོག་པ་ཞེས། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །མཁས་པས་ཅི་ཕྱིར་འདོད་མི་བྱེད། །ཅེས་གསུངས་སོ། །དེ་ཉིད་ལ་སངས་རྒྱས་ཀུན་ཞེས་བྱ་སྟེ། མཉམ་སྦྱོར་ལས། ཡེ་ཤེས་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་པ་བདེ་བའི་མཆོག །ཅེས་གསུངས་སོ། །དེ་ཉིད་ལ་མཆོག་ཅེས་བྱ་སྟེ། དཔལ་མཆོག་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པ། །ཞེས་གསུངས་སོ། །དེ་ཉིད་ལ་སྒོམ་པ་ཞེས་ཀྱང་བྱ་སྟེ། འདུས་པ་ལས། དངོས་པོ་མེད་པ་སྒོམ་པའི་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །དམིགས་སུ་མེད་པ་སྒོམ་པ་འོ། །ཞེས་གསུངས་སོ། །དེ་བཞིན་དུ། །ཀྱེའི་རྡོ་རྗེ་དང༌། བདེ་མཆོག་དང༌། དུས་ཀྱི་འཁོར་ལོ་དང༌། གསང་བ་འདུས་པ་དང༌། ཐམས་ཅད་མཁྱེན་པ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡིད་ལ་མི་བྱེད་པ་ལ་སོགས་པ་མིང་གི་རྣམ་གྲངས་མཐའ་ཡས་པའི་བདག་ཉིད་ཅན་ནི་གཉིས་སུ་མེད་དང་འདི་ཉིད་ཡིན་ནོ། །ཞེས་སྤྲོས་པ་ཆོད་པར་བྱའོ། །ཐམས་ཅད་ཀྱིས་རྟོགས་བྱ་ཡང་འདི་ཉིད་ཡིན་པར་བསྟན་ཟིན་ཏོ། །ཞེས་གསུངས་སོ། །རྗེ་བཙུན་མཆོག་གི་གསུང་དེ་རྣམས་ཀྱི་ངག་དོན་བསྡུས་པ་ནི་འདི་ཡིན་ཏེ། ལྟ་བས་སྤྲོས་བ་གཅོད་པའི་ཚེ་ནི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་འབྱུང་བ་ལྟར་དཔྱོད་ལ། སྒོམ་པས་ཉམས་སུ་ལེན་པའི་ཚུལ་ནི་རྣལ་འབྱོར་བླ་མ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞིན་དུ་ཉམས་སུ་བླང་བར་བྱའོ། །འོ་ན་དེ་ལྟར་ཉམས་སུ་ལེན་པའི་ཡུལ་གྱི་གནས་ལུགས་དེ་གང༌། དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་དེ་ཅི་ཞེ་ན། དེ་ལ་ཕར་ཕྱིན་ཐེག་པའི་དབུ་མ་པ་དག་གིས་ནི། གནས་ལུགས་མེད་པ་ལ་གནས་ལུགས་སུ་སྒྲོ་བཏགས་ནས། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་དེ་གནས་ལུགས་སུ་འདོད་དོ། །དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་ཡང༌། རིགས་པས་རྣམ་པར་དཔྱད་ནས་སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་པའི་ཤེས་རབ་དེ་ཉིད་དོ། །འོ་ན་ལུགས་དེ་ལས་ཁྱད་པར་དུ་འཕགས་པ་རྣལ་འབྱོར་བླ་མའི་རྒྱུད་དུ་ཡང༌། ཡུལ་གནས་ལུགས་ཀྱི་དོན་མཐར་ཐུག་པ་དང༌། དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་ཡང་སྔ་མ་དེ་ལས་གཞན་དུ་བྱར་མེད་དམ་ཞེ་ན། བཀའ་འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་ལ་སོགས་པ་སྒྲ་ཇི་བཞིན་པར་འཆད་པའི་སློབ་དཔོན་བསྟན་བཅོས་མཛད་པ་དེ་དང་དེ་དག་གིས་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཙམ་གྱི་མེད་དགག་གི་ཆ་ལ་དོན་དམ་པའི་བདེན་པར་བཤད་པ་དེ་ནི། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ཡིན་ལ། རྣམ་གྲངས་པ་མ་ཡིན་པའི་དོན་དམ་པའི་བདེན་པ་གནས་ལུགས་ཀྱི་དོན་ཡིན་ངོ་ཤེས་པ་ཞིག་ལོགས་སུ་ངོས་བཟུང་བར་བྱའོ། །དེ་ཡང་ཇི་སྲིད་དོན་དམ་པའི་བདེན་པ་ཞེས་བྱ་བ་ཞིག་ཁས་ལེན་པ་དེ་སྲིད་དུ། མེད་པར་དགག་པ་ཙམ་ནི་བདེན་པ་མ་ཡིན་གྱི། ཟུང་དུ་འཇུག་པའི་ཆ་ནས་དེར་ཁས་ལེན་དགོས་པའི་དོན་ཏོ། །འོ་ན་དེ་ལྟ་བུ་དེ་ཕར་ཕྱིན་ཐེག་པར་མ་བཤད་དམ་ཞེ་ན། མ་བཤད་པ་མ་ཡིན་ཏེ། གཉིས་མེད་དང་ཟུང་འཇུག་ལ་སོགས་པ་ཡུམ་གྱི་རྣམ་དག་གི་འགྲེས་རྐང་ལས་རྒྱས་པར་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དེའི་སྒྲུབ་བྱེད་མ་ནོར་བ་ནི། ཕར་ཕྱིན་ཐེག་པའི་བསྟན་བཅོས་མཛད་པའི་སློབ་དཔོན་དག་གིས་མ་གསུངས་སོ། །འོ་ན་རྣམ་གྲངས་པ་མ་ཡིན་པའི་དོན་དམ་པའི་བདེན་པ་དེ་གང༌། དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་དེ་ཅི། དེ་རྟོགས་པར་བྱེད་པའི་ཐབས་དེ་གསུང་རབ་གང་ན་གདུལ་བྱ་སུ་ཞིག་ལ་ཡོད་པ་ཡིན་ཞེ་ན། དང་པོ་ནི། མིང་གི་རྣམ་གྲངས་བཅུའི་སྒོ་ནས་བཤད་པའི་ཟུང་འཇུག་ཅེས་བྱ་བ་དེ་ཉིད་དོ། །གཉིས་པ་ཡུལ་ཅན་གྱི་ལྟ་བ་ཡང༌། ཡུལ་དེ་ལས་ལྡོག་པ་ཐ་དད་པ་གཉིས་སུ་འབྱེད་པ་མ་ཡིན་གྱི། ཟུང་དུ་འཇུག་པའི་ཡེ་ཤེས་དེ་ཉིད་དོ། །དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཚུལ་གྱིས་རྒྱུད་ལ་སྐྱེས་པའི་ཚེ་ན་ལྟ་བ་ཞེས་བྱའོ། །གསུམ་པ་ནི། དེ་ལྟ་བུའི་ཟུང་འཇུག་གི་ལྟ་བ་དེ་རྟོགས་པའི་ཐབས་དང་སྒྲུབ་བྱེད་ཀྱི་རིགས་པ་དང༌། རྟེན་འབྲེལ་གྱི་གཏན་ཚིགས་ལ་སོགས་པ་ཆ་མཐུན་ཙམ་ཞིག་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་མོད་ཀྱང༌། དེ་རྟོགས་པར་བྱེད་པའི་ཐབས་སམ། ཤེས་བྱེད་ཀྱི་དཔེ་གོང་ན་མེད་པ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཁོ་ན་ལས་འབྱུང་བ་ཡིན་ནོ། །དེ་སྐད་དུ་ཡང༌། སློབ་དཔོན་ཨཱརྻ་དེ་ཝས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །བདག་བྱིན་བརླབས་ལས་ཕྱིར་བལྟས་པས། །དེ་ཡིས་དེ་ཉིད་རྙེད་མི་འགྱུར། །ཞེས་དང༌། །ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་བརླབས་ལ་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་རྟོགས་པ་མེད། །ཅེས་གསུངས་སོ། །དེ་ལྟར་བཤད་པ་ན་ལྟ་བ་ཁྱད་པར་དུ་འཕགས་པ་སྣང་སྟོང་ཟུང་འཇུག་རྟོགས་པའི་ལྟ་བ་འདི་ལ་གཉིས་ཏེ། ཕར་ཕྱིན་ཐེག་པ་ལས་འབྱུང་བ་དང༌། སྔགས་ཀྱི་ཐེག་པ་ལས་འབྱུང་བའོ། །དང་པོ་ལ་ཡང་གཉིས་ཏེ། རྗེས་མཐུན་པ་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་དང༌། མཚན་ཉིད་པ་འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་སོ། །གཉིས་པ་ལ་ཡང་གཉིས་ཏེ། རྗེས་མཐུན་པ་མཚོན་བྱེད་དཔེའི་ཡེ་ཤེས་དང༌། མཚན་ཉིད་པ་མཚོན་བྱ་དོན་གྱི་ཡེ་ཤེས་སོ། །དཔེ་དང་དོན་གྱི་ཡེ་ཤེས་གཉིས་ཀ་ཡང་ཡུལ་སྤྲོས་བྲལ་གྱི་ཆ་ལ་མི་འདྲ་བ་མེད་ཀྱང༌། ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་པའི་ཆ་ནས་མཚན་ཉིད་ཐེག་པ་ལས་ཁྱད་པར་འཕགས་ལ། གཉིས་པོའི་ཁྱད་པར་ཡང་གཅིག་ནི་འབྱུང་བ་ལས་གྱུར་པའི་བདེ་བ་ཡིན་པས། ལུས་ཚོར་ཟག་བཅས་ཡིན་གྱི། བདེ་ཆེན་གྱི་ཡེ་ཤེས་དངོས་མ་ཡིན་ལ། ཅིག་ཤོས་ནི་སེམས་ཚོར་དང་དེ་ཡང་ཟག་པ་མེད་པའི་བདེ་བ་ཡིན་པས་བདེ་ཆེན་གྱི་ཡེ་ཤེས་དངོས་དང༌། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ། །དེའི་ཕྱིར་ལུགས་གཉིས་ཀ་ལ་ཡང་སྣང་སྟོང་ཟུང་འཇུག་དོན་དམ་པའི་བདེན་པར་ཁས་ལེན་པ་དེའི་ཚེ། སྣང་ཆ་དེ་ཡང་ཡེ་ཤེས་ཀྱི་ཆ་ནས་ཡིན་གྱི། རྣམ་ཤེས་ཀྱི་སྣང་ཆ་ལ་འཇོག་པ་མ་ཡིན་ཏེ། དེ་ནི་མ་རིག་པའི་འཁྲུལ་སྣང་ཡིན་པས། ཀུན་རྫོབ་གྱི་བདེན་པ་ལས་མ་འདས་པའི་ཕྱིར་རོ། །མདོར་ན་གོང་དུ་བདེན་གཉིས་རྣམ་དབྱེ་རྒྱས་པར་བཤད་པ་དེ་དག་ཐམས་ཅད་ཀྱང༌། རྗེ་བཙུན་མཆོག་གི་གསུང་འདི་དང༌། ལེགས་པར་འབྱོར་པ་ཡིན་ནོ། །དེ་ཡང་ཡུལ་ཅན་བདེ་བ་ཆེན་པོ་དེ་ཡུལ་སྟོང་པའི་རྣམ་པར་ཤར་བའི་ཡེ་ཤེས་དེ་ལ་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཞེས་བྱ་ལ། ཡེ་ཤེས་དེ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་དང༌། སྨིན་བྱེད་ཀྱི་དབང་ལ་མ་ལྟོས་པར་ཡོད་པ་མ་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ལྟ་བ་ནི། དེ་ཡིན་ནོ། །དེ་ཡང་ཡུལ་ཅན་གྱི་ཆ་ནས་ཡིན་གྱི་ཡུལ་སྤྲོས་བྲལ་རང་གི་ཆ་ནས་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཉིད་ལའང༌། ཡུལ་ཅན་སྙིང་རྗེ་ཆེན་པོ་ལ་ཡུལ་སྟོང་པ་ཉིད་ཀྱི་རྣམ་པ་ཤར་བ་དེ་དང༌། ཡུལ་ཅན་མཚན་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་ཡུལ་སྟོང་ཉིད་ཀྱི་རྣམ་པ་ཤར་བ་ལ། ཐབས་ཤེས་ཟུང་འཇུག་ཡིན་མིན་གྱི་ཁྱད་པར་ལས། ཁྱད་པར་དུ་འཕགས་མི་འཕགས་ཀྱི་རིམ་པ་འཇོག་པ་དང་འདྲའོ། །འོ་ན་ཇི་སྐད་དུ། ཆོས་ཀྱི་རྗེས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །འོན་ཀྱང་སྤྲོས་བྲལ་རྟོགས་པ་ཡི། །ཐབས་ལ་གསང་སྔགས་ཁྱད་པར་འཕགས། །ཞེས་གསུངས་པ་དང་དོན་འདི་འགལ་ལོ། །སྙམ་དུ་དོགས་པར་མི་བྱ་སྟེ། ལུགས་དེ་གཉིས་ཀ་ལ་ཡང༌། སྤྲོས་བྲལ་རྟོགས་པའི་སྟོང་ཆ་ནས་ལྟ་བར་འཇོག་པ་ཡིན་གྱི། སྣང་ཆ་ནས་དེར་འཇོག་པ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་རྟོགས་པའི་ཐབས་ལ་གསང་སྔགས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉམས་སུ་ལེན་པའི་དུས་སུ་ཟུང་འཇུག་ཏུ་ཉམས་སུ་བླངས་ཤིང་བསྒོམས་པས། ལྟ་བ་རྟོགས་པའི་ཚེ་ཟུང་འཇུག་ཏུ་རྟོགས་པའི་ཕྱིར་རོ། །བོད་ཀྱི་སློབ་དཔོན་གཞན་སྟོང་འཆད་པ་དག་གིས། འདི་སྐད་ཅེས་སྨྲ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱི་རིགས་པའི་ཚོགས་སུ་ནི། ཐོས་བསམ་གྱིས་གཏན་ལ་འབེབས་པའི་ལྟ་བ་དེ་བསྟན་ཀྱང༌། བསྒོམ་པས་ཉམས་སུ་མྱོང་བའི་དུས་ཀྱི་ལྟ་བ་དེ་མ་བསྟན་ཞེས་ཟེར་བ་དག་སྣང་སྟེ། ལུགས་དེ་ཡང་རྗེ་བཙུན་གྱི་གསུང་འདི་དང་ཅུང་ཟད་ཉེ་བར་སྣང་ངོ༌། །གཉིས་པ་བོད་ཕྱི་མ་དག་གིས་བཏགས་པའི་མཐའ་བསལ་བ་ལ་གཉིས་ཏེ། གཞན་སྟོང་སྨྲ་བ་དག་གིས་བཏགས་པའི་མཐའ་བསལ་བ་དང༌། རང་སྟོང་སྨྲ་བ་དག་གིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པའི་གཞན་སྟོང་སྨྲ་བ་དག་ན་རེ། ལྟ་བ་རྟོགས་པ་དང༌། གཏན་ལ་འབེབས་པའི་སྐབས་ནི་གཉིས་ཏེ། མཉམ་བཞག་ལ་བཟློ་བ་དང༌། རྗེས་ཐོབ་ཤན་འབྱེད་པ་ཞེས་བྱའོ། །དང་པོ་དེའི་ངོར་ནི། སྤྲོས་པའི་མཚན་མ་ཅི་ཡང་མི་འཛིན་པས། བདེན་པར་གྲུབ་པ་ཞེས་བྱ་བའི་ཆོས་ཅུང་ཟད་ཀྱང་ཁས་མི་བླང་ལ། གཉིས་པ་རྗེས་ཐོབ་ཏུ་ཤན་འབྱེད་པའི་ཚེ་ནི། ཀུན་བཏགས་དང་གཞན་དབང་ནི་བདེན་པར་མེད་ལ། ཡོངས་སུ་གྲུབ་པ་ཞེས་བྱ་བ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་བདེན་པར་གྲུབ་པ་ཡིན་ནོ། །ཞེས་གསུངས་ཤིང༌། ཤེས་བྱ་ཐམས་ཅད་ཀྱང་དོན་དམ་པ་དང༌། ཀུན་རྫོབ་ཀྱི་བདེན་པའི་རྒྱལ་ཁམས་ཆེན་པོ་གཉིས་སུ་ཕྱེ་ནས། རྣམ་ཤེས་ཡུལ་དང་བཅས་པ་ཐམས་ཅད་ནི། ཀུན་རྫོབ་ཀྱི་བདེན་པ་དང༌། དངོས་པོ་དང༌། དངོས་མེད་དང༌། བཏགས་པ་དང༌། གཞན་དབང་སོགས་སུ་འཇོག་ལ། ཡེ་ཤེས་ཡུལ་དང་བཅས་པ་ནི་དོན་དམ་པའི་བདེན་པ་ཡིན་ལ། འདི་ལ་ནི་དངོས་པོ་དང་དངོས་མེད་གཉིས་མེད་ཀྱི་འདུས་མ་བྱས་པ་ཁོ་ན་ཡིན་ལ། དེ་ལ་ཡང་བེམས་པོ་དང་རིག་པའི་དབྱེ་བས་གཉིས་ཡོད་མོད་ཀྱང༌། གཉིས་ཀ་ཡང་འདུས་མ་བྱས་པ་ཁོ་ན་ཡིན་ལ། བེམས་པོའི་ཆོས་ལ་ཡང་ཀ་བ་དང་བུམ་པ་ལ་སོགས་པ་རྣམ་ཤེས་ཀྱི་ཡུལ་དུ་གྲགས་པའི་བེམས་པོ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་བེམས་པོའི་རྣམ་པར་གཞག་པ་ཁས་ལེན་ཀྱང༌། སྔ་མ་དང་མི་འདྲ་བའི་ཁྱད་པར་འདི་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཡིན་ཏེ། ཇི་སྐད་དུ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཞེས་དང༌། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འཆད་པར་བྱེད་དོ། །དེ་ལྟར་འཆད་པའི་ལྟ་བ་དེ་ནི། གོང་དུ་དབུ་མའི་ཚུལ་ལུགས་རྣམ་པ་གཉིས་བཤད་པ་དེ་ལས་ལུགས་དང་པོ་དེར་སྨྲས་པ་ཡིན་ལ། ཀླུ་སྒྲུབ་ཞབས་ཀྱིས་དགོངས་པ་དབུ་མ་ཐལ་རང་དུ་གྲགས་པའི་སློབ་དཔོན་རྣམས་ཀྱིས་བཀྲལ་བའི་དབུ་མའི་ལུགས་དེ་ནི་མ་ཡིན་ཏེ། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་གཏན་ལ་འབེབས་པའི་རིགས་པ་དང༌། དེས་བསྟན་པའི་དོན་ཚུལ་བཞིན་དུ་བསྒོམས་པ་ལས་བྱུང་བའི་སྒོམ་བྱུང་གི་ཤེས་རབ་ཁས་མི་ལེན་པའི་ཕྱིར་དང༌། ཡེ་ཤེས་དེ་ལ་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་བྱའི་སྒྲིབ་པར་མི་འཆད་པའི་ཕྱིར། དེ་ལྟ་ན་ཡང་བདེན་པ་གཉིས་ཀྱི་འཇོག་མཚམས་དེ་དག་རེ་ཤིག་བཏང་སྙོམས་སུ་བཞག་ནས་ལྟ་བའི་ངོས་འཛིན་ལུགས་དེ་ལ་མཐའ་གཅིག་ཏུ་སྐུར་པ་བཏབ་པར་མི་བྱ་སྟེ། རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་ལས་འབྱུང་བའི་ལྟ་བ་དེའི་འཇོག་མཚམས་ཇི་ལྟར་ཡིན་པ་དེ་ཉིད་དེས་ཀྱང་མ་ནོར་བར་ཁས་བླངས་པའི་ཕྱིར་ལུགས་འདི་བོད་གཞན་དག་གིས་འགོག་པ་ནི། ལུགས་དེ་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ཁོངས་སུ་མ་གཏོགས་སོ་ཞེས་སྨྲ་བ་དེ་དག་གིས་ཐུགས་གཟུ་བོར་མི་གནས་པའམ། ཡང་ན་རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་དང་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་དགོངས་པ་ལ་མཐར་ཐུག་གི་ལྟ་བ་གང་དུ་འཇོག་གིན་འདུག་མ་ཤེས་པའི་བབ་བཅོལ་དུ་ཟད་པ་དང༌། མདོར་ན་གྲུབ་མཐའ་སྨྲ་བ་བཞི་པོ་རང་རང་དབུ་མ་པར་ཁས་ལེན་པ་ཡིན་ནོ། །ཞེས་པའི་ངག་འཁྱལ་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་གོམས་པས་འདོན་པ་ཙམ་དུ་ཟད་ཀྱི། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྟན་བཅོས་ལས་འབྱུང་བའི་དབུ་མ་དེའི་ལྟ་བའི་འཇོག་མཚམས་ཤེས་པ་ལྟ་ཅི་སྨོས། ཇི་ལྟ་བུ་ཞིག་ཡོད་སྙམ་པའི་རྟོག་དཔྱོད་ཙམ་ཡང་མ་བཏང་བས། སྤྱིར་ནོར་པ་མང་པོ་བྱས་པར་མ་ཟད། གཞན་སྟོང་གི་འདོད་པ་འགོག་པའི་ཚུལ་ལ་གསལ་བྱེད་པའི་བཞད་གད་དུ་བྱས་པ་ཡིན་ནོ། །ངག་དོན་བསྡུས་ན། སེམས་ཙམ་རྣམ་བརྫུན་པ་ཞེས་ཡོངས་སུ་གྲགས་པ་དེའི་ལྟ་བའི་འཇོག་མཚམས་འདི་ལྟ་བུ་ཞིག་ཡིན་ནོ་ཞེས། སྔོན་རྒྱ་བོད་དུ་བྱོན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱིས་རྒྱས་པར་ཕྱེ་བ་དེ་ལ། རྟོག་ཅིང་དཔྱོད་པ་ལྟ་ཅི་སྨོས། ལྟ་བའི་ངལ་བ་ཙམ་ཡང་མ་བྱས་པར་རྣལ་འབྱོར་སྤྱོད་པ་བ་གང་ཡིན་སེམས་ཙམ་པ་ཡིན་ནོ་སྙམ་པ་དང༌། གཞན་དབང་བདེན་པར་གྲུབ་པ་རྣལ་འབྱོར་སྤྱོད་པའི་རང་ལུགས་མཐར་ཐུག་པ་ཡིན་ནོ་སྙམ་པའི་མངོན་པའི་ང་རྒྱལ་གྱིས་ཀུན་ནས་བསླངས་ནས་རྣལ་འབྱོར་སྤྱོད་པའི་དབུ་མའི་ལྟ་བ་ལ་གྲངས་ཅན་གྱི་ལྟ་བའོ་ཞེས་རྣམ་པར་སྨད་པས། ཆེན་པོར་རློམ་པ་དག་ཀྱང་རྣམ་པར་འཁྱམས་པ་ཡིན་ནོ། །དེ་ལྟ་ན་ཡང༌། དེ་འདྲའི་ལྟ་བ་དེ་ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ནས་དབུ་མ་བསྟན་པར་བྱ། །ཞེས་པའི་སྐབས་ནས་འབྱུང་བའི་དབུ་མའི་ལྟ་བ་དེ་ནི་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་ལྟ་བ་ལས་མ་འདས་པའི་ཕྱིར་ཞེས་ཁོ་བོ་ཅག་སྨྲའོ། །ཡང་ཁ་ཅིག་ལུགས་དེས་བདེན་གྲུབ་ཁས་བླངས་པས་དབུ་མ་པ་མ་ཡིན་ནོ་ཞེས་ཟེར་བ་དང༌། བདེན་པ་གཉིས་ཀ་རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་ལེན་པ་ཡང་འགལ་བ་ཡིན་ཏེ། ཀུན་རྫོབ་ཏུ་བདེན་པར་གྲུབ་པ་དང༌། དོན་དམ་དུ་བདེན་པར་གྲུབ་པ་ནི། བདེན་པ་གཉིས་ཀྱི་གོ་དོན་དུ་འཇོག་པ་མ་ཡིན་ན། བདེན་པའི་གོ་བ་མ་ཆགས་པར་གསལ་བའི་ཕྱིར་དང༌། མཐར་ཐུག་གི་ཚེ་ཡང་སྤྲོས་བྲལ་ཡིན་ཞེས་ཟེར་བ་དེ་དང༌། བདེན་པ་ཁས་ལེན་པ་འགལ་བའི་ཕྱིར་དང༌། བདེན་པར་མ་གྲུབ་པའི་བདེན་པ་ནི། བརྫུན་པ་ལས་མ་འདས་པའི་ཕྱིར་དང༌། ཁོ་བོ་ཅག་གིས་ནི་དོན་དེ་ལ་ལེགས་པར་ཤེས་ནས། གནས་སྐབས་སུ་བདེན་པ་གཉིས་ཀྱི་འཇོག་མཚམས་སོ་སོར་ངེས་པ་དང༌། མཐར་ཐུག་དོན་དམ་པའི་བདེན་པ་ཡང་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་ཡིན་ནོ། །གཉིས་པ་ནི། གངས་ཅན་པ་ཕྱི་མ་དག་ན་རེ། གོང་དུ་བཤད་པ་ལྟ་བུའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་གང་ཡང་མ་རྙེད་པ་དེ་བདག་མེད་ཀྱི་ལྟ་བ་རྟོགས་པའི་ཚུལ་མ་ཡིན་ཏེ། བདག་འཛིན་དང་འཛིན་སྟངས་མི་འགལ་བའི་ཕྱིར་དང༌། དེའི་ངང་ལ་མཉམ་པར་འཇོག་པ་དེ་ཡང་ལྟ་བའི་སྐྱོང་ལུགས་རྣམ་པར་དག་པ་མ་ཡིན་ཏེ། ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་ཞེས་བྱ་བ་རྒྱ་ནག་མཁན་པོའི་ལུགས་ལས་མ་འདས་པའི་ཕྱིར་དང༌། ལྟ་བའི་དཔྱད་པ་ཚར་རེ་སྔོན་དུ་བཏང་ནས། ཅི་ཡང་མི་སེམས་པར་འཇོག་པ་ཡང༌། ཞི་གནས་རྐྱང་པའི་སྐྱོང་ཚུལ་ཡིན་གྱི། ལྷག་མཐོང་གི་སྐྱོང་ཚུལ་མ་ཡིན་པའི་ཕྱིར་རོ། །དེ་ནས་འཕྲལ་དུ་བཅད་ཅིང་སྒོམ་དགོས་པ་ཡིན་ཏེ། རྗེ་བཙུན་བྱམས་པས། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་དེས་རྟོགས་སྒོམ་པའི་ལམ། །ཞེས་གསུངས་པའི་ཕྱིར་དང༌། །སྒོམ་རིམ་ཐ་མ་ལས། ཞི་གནས་ཤས་ཆེ་ན་ཡང༌། གཉིད་ཀྱི་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཉིད་དུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཤེས་རབ་སྒོམ་པར་བྱེད་དོ། །ཞེས་གསུངས་པས་སོ། །དེ་ལྟར་དཔྱད་ནས་སྐྱོང་བ་ལ་རྟོག་པ་གང་ཡིན་ཐམས་ཅད་བདེན་པར་འཛིན་པའི་མཚན་འཛིན་དུ་བཟུང་ནས་འགོག་པ་ནི། རིགས་པའི་དགག་བྱ་ཧ་ཅང་ཐལ་ཆེས་པའི་སྐུར་འདེབས་ཡིན་ནོ། །དེ་བས་ན་སྟོང་པ་ཉིད་དོ་ཞེས་དང༌། བདག་མེད་དོ་ཞེས་ངེས་པ་ཡང་ཡང་དྲངས་ནས། བདག་ཏུ་འཛིན་པ་གཉིས་དང་འཛིན་སྟངས་དངོས་སུ་འགལ་བའི་ངེས་ཤེས་ཀྱི་ཤུགས་དྲག་པོ་དང་མ་བྲལ་བའི་ངང་ནས་ལྟ་བ་སྐྱོང་དགོས་པ་ཡིན་ནོ། །དེས་ན་ལྟ་བའི་དཔྱད་པ་མ་ནོར་བ་སྔོན་དུ་བཏང་ནས་དེའི་ངང་ལ་མ་ཡེངས་པར་འཇོག་པ་ནི། འཇོག་སྒོམ་ཞི་གནས་ཀྱི་སྐྱོང་ཚུལ་ཡིན་གྱི། དཔྱད་སྒོམ་ལྷག་མཐོང་གི་སྐྱོང་ཚུལ་མ་ཡིན་ནོ། །དོན་འདི་ཉིད་ཇོ་བོ་ཨཱ་ཏི་ཤའི་ལུགས་བླ་ན་མེད་པ་ཡིན་ཏེ། དགེ་བའི་བཤེས་གཉེན་པུ་ཏོ་བས་མཛད་པའི་བསྟན་བཅོས་ལས། ཁ་ཅིག་ཐོས་བསམ་དུས་ན་རིགས་པས། །རང་བཞིན་མེད་པར་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་སྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་སྒོམ་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་སྒོམ་དུས་ཉིད་ནའང༌། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟན་ཅིང༌། །ཅུང་ཟད་མི་རྟོག་ཉིད་དུའང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོ། །ལྷན་ཅིག་རྗེས་སུ་འབྲེང་བར་འདོད་ཅིང༌། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་རབ་སྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་འབྱུང་བ་ལྟར་རོ། །འདི་ཡང༌། ཇོ་བོས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་ཤིང༌། དེའི་ཁྲིད་ཚུལ་ཡང༌། ཇོ་བོས་དབུ་མའི་མན་ངག་ཏུ་གསུངས་པ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལའི་དགོངས་པ་གཉིས་འདྲ་བར་སྣང་བས་རྒྱས་སུ་བཏང་བ་ཡིན་ནོ། །ཞེས་གསུང་ངོ༌། །འདི་བརྟག་པར་བྱ་བ་ལ་གཉིས་ཏེ། ལུང་དང་འགལ་བ་དང༌། རིགས་པས་མི་འཐད་པའོ། །དང་པོ་ནི། ལྟ་བ་སྐྱོང་བའི་ཚེ་སྟོང་ཉིད་དང་བདག་མེད་དམིགས་ཡུལ་དུ་བྱེད་པའི་རྟོག་པ་དགོས་ན། ཇི་སྐད་དུ། ཡུམ་ལས། གཟུགས་སྟོང་ཞེས་བྱ་བ་དང༌། བདག་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་དང་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། དཀོན་མཆོག་རྩེགས་པ་ལས། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང༌། བསྟན་བཅོས་ལས། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་དང༌། དེའི་འགྲེལ་པར། སྟོང་པ་ཉིད་དུ་ལྟ་བ་ནི་སྨན་དུག་ཏུ་སོང་བ་དང་འདྲ་བར་གསུངས་པའི་ཕྱིར་དང༌། བྱང་ཆུབ་སེམས་འགྲེལ་ལས། གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱི་མ་གཟིགས། །གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །ཞེས་དང༌། ཡང་དེ་ཉིད་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམས་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་གསུངས་པ་དང༌། འཇིག་རྟེན་ལས་འདས་པར་བསྟོད་པ་ལས་ཀྱང༌། ཀུན་རྟོག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་དང༌། མངོན་པར་རྟོགས་པའི་རྒྱན་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང༌། གཟུགས་སོགས་དེ་མི་རྟག་སོགས་ལ། སྤྱོད་པ་བཀག་པའི་སྦྱོར་བ། ཞེས་དང༌། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རློམ་པ་རྣམ་བཞི་འགོག་དགོས་པར་གསུངས་པ་དང༌། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་སྟོང་བདག་མེད་ལ་ཞེན་པ་འགོག་པར་གསུངས་སོ། །དེ་དག་ལ་འདི་སྐད་ཅེས་སྨྲ་སྟེ། ལུང་ཇི་སྐད་དུ་དྲངས་པ་དེ་ཐམས་ཅད་སྟོང་ཉིད་ལ་བདེན་པར་ཞེན་པ་འགོག་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་ཟེར་མོད། དེ་དག་ནི་ཡང་དག་པ་མ་ཡིན་ཏེ། རྗེ་བཙུན་བྱམས་པའི་གཞུང་ལས། ཤེས་སྒྲིབ་ཏུ་གྱུར་པའི་རྟོག་པ་ལ་བདེན་པར་ཞེན་པ་དང༌། བདེན་མེད་དུ་ཞེན་པ་གཉིས་སུ་ཕྱེ་ནས། དང་པོ་ལ་རྫས་འཛིན་རྟོག་པ་དང༌། གཉིས་པ་ལ་བཏགས་འཛིན་རྟོག་པ་ཞེས་བྱ་བའི་མིང་གིས་བཏགས་ནས། བདེན་སྟོང་རྟོགས་པའི་ཤེས་རབ་དང༌། སྤྲོས་བྲལ་རྟོགས་པའི་ཤེས་རབ་ཀྱིས་སྤོང་དགོས་པར་བཤད་པའི་ཕྱིར་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས། དང་པོར་བདག་བཟློག་པའི་རིགས་པ་དང༌། ཐ་མར་ལྟ་བ་ཀུན་བཟློག་པའི་རིགས་པ་གཉིས་ཇི་ལྟར་འཆད་པའི་ཚུལ་གོང་དུ་རྒྱས་པར་བཤད་ཟིན་པའི་ཕྱིར་དང༌། དབུ་མ་ཐལ་འགྱུར་བ་དག་རང་རྒྱུད་མི་འདོད་པའི་ཤེས་བྱེད་ཀྱང༌། བདེན་མེད་དུ་ཞེན་པ་ནི་རྣམ་པ་ཐམས་ཅད་དུ་སྤང་བྱ་ཡིན་པའི་རྒྱུ་མཚན་ལ་ཐུག་པའི་ཕྱིར་དང༌། དབུ་མ་རང་རྒྱུད་པའི་གཞུང་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཅེས་དང༌། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང༌། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་དང༌། བསྟན་བཅོས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་སོགས་དང༌། ཞི་བ་ལྷས། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་བཟློག་པར་འགྱུར། །ཞེས་སོགས་རྒྱ་ཆེར་བཤད་པ་ཐམས་ཅད་ཀྱང༌། དགག་བྱ་བདེན་གྲུབ་ཏུ་ཞེན་པ་བཀག་པའི་འོག་རོལ་ཏུ་དགག་བྱ་དེ་བཀག་པའི་བདེན་མེད་དུ་ཞེན་པ་ཡང་འགོག་པ་ཤ་སྟག་ཏུ་སྣང་བའི་ཕྱིར་དང༌། ཁྱེད་ཅག་གི་འདོད་པ་ལྟར་ན། ཁྱབ་བྱེད་བདེན་གྲུབ་བཀག་པའི་འོག་ཏུ། ཁྱབ་བྱ་སྟོང་ཉིད་བདེན་གྲུབ་འགོག་དགོས་ན། དེ་ཡང་ཧ་ཅང་ཐལ་བའི་ཕྱིར་དང༌། སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་ཀྱིས་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ལས། སྒྱུ་མ་ལྟ་བུར་ཞེན་པ་དང༌། སྟོང་པ་ཉིད་དུ་ཞེན་པ་གཉིས་ཀ་གནས་ཚུལ་ལ་ཞུགས་པའི་བློ་མ་ཡིན་པར་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དེས་ཀྱང་ཚིག་ཏུ་བརྗོད་སྤངས་པའི། །སྤྲོས་བྲལ་འཇམ་དཔལ་མཐོང་བ་མིན། །ཞེས་དང༌། དེ་ཕྱིར་སྒྱུ་མའི་རང་བཞིན་ནི། །སྒྱུ་བཞིན་འདི་ཞེས་བརྗོད་དུ་མེད། །འོན་ཀྱང་ཐུགས་རྗེ་ལྡན་པ་ཡིས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །མཚོན་ཀྱང་མཚོན་བྱ་མ་ཡིན་ཏེ། །དེ་ལ་བསལ་བཞག་ཅི་ཡང་མེད། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དཔལ་མཐོང༌། །ཞེས་གསུངས་པས་སོ། །གཞན་ཡང་ཁྱེད་ཉིད་འདོད་པ་དེ་ནི། སྒོམ་རིམ་དུ་མདོ་དྲངས་པ་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱི་མེ་ལྕེས་རྟོག་པ་དེ་ཉིད་ཀྱང་བསྲེག་དགོས་པར་བཤད་པ་དང་འགལ་ཏེ། ཇི་སྐད་དུ། འོད་སྲུང་ཤིང་གཉིས་དྲུད་པ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་ཉིད་བསྲེག་པ་དེ་བཞིན་དུ། འོད་སྲུང་ཡང་དག་པར་སོ་སོར་རྟོག་པ་ཡོད་ན། འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེས་ཏེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་བསྲེག་པར་བྱེད་དོ་ཞེས་སྟོང་པ་ཉིད་དུ་ཞེན་པའི་རྟོག་པ་སྤང་བྱར་བཤད་པའི་ཕྱིར། ཡང་ཁྱེད་ཀྱི་འདོད་པ་དེ་ཉིད་སྒོམ་རིམ་དུ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྟོང་ཉིད་མི་འཛིན་པར་བཤད་པ་དང་འགལ་ཏེ། ཇི་སྐད་དུ། སྒོམ་རིམ་བར་པ་ལས། དེས་དེ་ལྟར་ཤེས་ཀྱིས་རྣམ་པར་དཔྱོད་དེ་གང་ཞིག་རྣལ་འབྱོར་པས་དངོས་པོ་གང་གི་ཡང་ངོ་བོ་ཉིད་ངེས་པར་མི་འཛིན་པ་དེའི་ཚེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཞེས་གསུངས་པའོ། །དེ་ལ་འདི་སྙམ་དུ། དེ་ལྟར་བཤད་པ་དེ་ཀུན་རྫོབ་ཀྱི་དངོས་པོ་ལ་དགོངས་སོ་སྙམ་ན། དེ་ཡང་མ་ཡིན་ཏེ། དྲངས་མ་ཐག་པ་དེའི་རྒྱས་བཤད་དུ། དེ་ལྟར་ཤེས་རབ་ཀྱིས་གཟུགས་རྟག་གོ་ཞེའམ། མི་རྟག་གོ་ཞེས་རྟོག་པར་མི་བྱེད་དོ་ཞེས་གསུངས་པས་སོ། །གང་ཡང་ཁྱེད་ཀྱི་ལྟ་བ་སྐྱོང་བའི་ཚུལ་ལ། དཔྱད་སྒོམ་ཁོ་ན་དགོས་ཀྱི། འཇོག་སྒོམ་ཡུན་རིངས་ན། ཞི་གནས་ཁོ་ནར་འགྱུར་རོ། །ཞེས་བྱ་བ་དེ་དང༌། ཡང་སྐབས་དེར་ཅིར་ཡང་མི་རྟོག་པ་དང༌། གང་དུ་ཡང་ཡིད་ལ་མི་བྱེད་ན་ཧ་ཤང་གི་སྒོམ་དང་ཁྱད་པར་མེད་དོ། །ཞེས་ཟེར་བ་དེ་ཡང༌། ཁྱེད་རང་གི་ཕྱོགས་ལ་ལུང་ཚད་མར་གྱུར་པ། ཇོ་བོ་ཨཱ་ཏི་ཤའི་དབུ་མའི་མན་ངག་དང་འགལ་ཏེ། དེ་ཉིད་ལས། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པས་འོད་གསལ་བ། སྤྲོས་པ་མཐའ་དག་དང་བྲལ་བ། ཅིའི་ངོ་བོ་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའི་རྣམ་པར་རྟོག་པའི་དགྲ་འམ། ཆོམ་རྐུན་མ་ལངས་ཀྱི་བར་དུ། དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན། དལ་བུས་སྐྱིལ་མོ་ཀྲུང་བཤིག་ལ་ལྡང་སྟེ། སྒྱུ་མ་ལྟ་བུའི་ཡིད་ཀྱི་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་ཅི་ནུས་བྱའོ། །དེ་ལྟར་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མི་འཆད་པ་བསྒྲིམས་ན། སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཞེས་གསུངས་པ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། བཤེས་གཉེན་སྤོ་ཏོ་བའི་ལུང་གིས་ཁྱེད་ཀྱི་འདོད་པ་དེ་མི་འགྲུབ་ལ། ལུང་དེས་ཀྱང་ཁྱེད་ལ་གནོད་པ་ཡིན་ཏེ། ལུང་དེ་ལས་ནི། ཅུང་ཟད་མི་རྟོག་ཉིད་དུ་གནས་བྱ་ཞེས་གསུངས་ལ། ཁྱེད་ལྟར་ན་ནི་དེ་ལྟར་གནས་པ་དེ། ཞི་གནས་རྐྱང་པའམ་ཧ་ཤང་གི་སྒོམ་གང་རུང་ལས་མ་འདས་པའི་ཕྱིར། འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་པ་ཡང་ཁྱེད་ཀྱི་ལུང་མ་ཡིན་ཏེ། སེམས་པ་དང་རྟོག་པའི་དོན་ཏིང་ངེ་འཛིན་གྱི་སྦྱོར་འཇུག་གམ། ཐོས་བསམ་གྱི་ཤེས་རབ་ལ་འཆད་དགོས་པར་སེང་གེ་བཟང་པོས་བཤད་པའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ནི། ཁྱེད་ཀྱི་ལྟ་བ་སྐྱོང་ཚུལ་དེ་ལྟ་བུ་དེ་ནི། ཐོས་བསམ་སྒོམ་གསུམ་གྱི་ཟླས་ཕྱེ་བའི་སྒོམ་དུ་ནམ་ཡང་མི་རུང་སྟེ། བསམ་བྱུང་གི་རིགས་པ་ལས་མ་འདས་པའི་ཕྱིར་རོ། །གལ་ཏེ་དཔྱོད་པའི་བར་བར་དག་ན་རྩེ་གཅིག་ཏུ་འཇོག་པའི་སྒོམ་ཡོད་པར་འདོད་ན། སྒོམ་དེ་ཡང་དཔྱོད་པ་ལས་མ་འདས་པར་ཁྱེད་ཀྱིས་ཁས་བླངས་དགོས་ཏེ། དཔྱོད་བཞིན་པ་མ་ཡིན་པའི་སྒོམ་ནི་ཡིད་ལ་མི་བྱེད་པའི་སྒོམ་དུ་ཁས་ལེན་པའི་ཕྱིར་རོ། །གཞན་ཡང་ཆོས་ཉིད་མངོན་སུམ་དུ་རྟོགས་ཕྱིན་ཆད་སྒོམ་བྱུང་གི་ཡེ་ཤེས་རྣལ་མ་མེད་པར་འགྱུར་ཏེ། ཁྱེད་ཀྱི་སྒོམ་རྣལ་མར་འདོད་པའི་དཔྱད་སྒོམ་དེ་ནི། སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་པའི་ཕྱིར་དང༌། སྤྱིར་ཡང་ཆོས་མངོན་པ་ལས། རྟོག་དཔྱོད་གཉིས་ཀ་ཡིད་ཀྱི་བརྗོད་བྱར་བཤད་པའི་ཕྱིར་རོ། །གཞན་ཡང༌། འཇོག་སྒོམ་ཞི་གནས་རྐྱང་པར་འདོད་ན། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་མི་སྲིད་པར་ཐལ་བ་དང༌། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་ཡེ་ཤེས་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་དུ་སོང་བ་མི་སྲིད་པར་ཐལ་བ་དང༌། ས་བརྒྱད་པ་ཡན་ཆད་དུ་ཆོས་ཉིད་ལ་མཉམ་པར་བཞག་པའི་སྒོམ་མཚན་ཉིད་པ་མེད་པར་འགྱུར་ཏེ། དེ་ན་ཁྱེད་འདོད་པའི་འཕྲལ་དང་འཕྲལ་དུ་དཔྱད་ནས་སྒོམ་པ་དེ་འདྲ་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་གནས་སྐབས་དེར་རྒྱལ་བ་རྣམས་ཀྱི་འགོག་པ་ལས་སློང་དགོས་པའི་རྒྱུ་མཚན་ཅི་ཡིན། ཞེས་དྲི་བར་བྱའོ། །ཡང་བདག་མེད་དང་སྟོང་པ་ཉིད་ཅེས་བྱ་བ་མེད་དགག་ཁོ་ན་དངོས་ཀྱི་གཞལ་བྱར་བྱས་ནས་ལྟ་བ་སྐྱོང་བ་ཡིན་ནོ། །ཞེས་ཟེར་བ་དེ་ལྟ་ན། ལྟ་བ་དེ་སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་ཏེ། སྤྱི་མཚན་དངོས་ཀྱི་གཞལ་བྱར་བྱས་པའི་བློ་ཡིན་པའི་ཕྱིར། མདོར་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་ངེས་ཤེས་ཀྱི་རྒྱུན་ཁོ་ན་མ་བརྗེད་པར་སྒོམ་པ་དེ་ཉིད། ལྷག་མཐོང་གི་སྒོམ་མ་ནོར་བ་ཡིན་ནོ། །ཞེས་ཟེར་བ་ན། ལྷག་མཐོང་གང་ཡིན་སྒྲ་དོན་འཛིན་པའི་རྟོག་པར་ཁས་བླངས་པའི་ལོག་རྟོག་གི་ཐ་ཤལ་ཡིན་པས་ཡིད་རྟོན་པའི་གནས་སུ་མ་མཐོང་ངོ༌། །གསུམ་པ་རྩོད་པ་སྤངས་ཏེ། རང་སྟོང་དང་གཞན་སྟོང་གི་གོ་དོན་བཤད་པ་ལ་གཉིས་ཏེ། བོད་ཕྱི་མ་དག་གིས་གངས་ཅན་གྱི་བསྒྲུབ་བརྒྱུད་པ་གོང་མ་དག་དགག་པའི་རིགས་པ་ལ་ཡིད་བརྟན་མི་རུང་བར་བསྟན་པ་དང༌། དེ་དག་གིས་གཞན་སྟོང་གི་འདོད་ལུགས་བཀག་ནས་རང་སྟོང་གི་འཇོག་ལུགས་བཤད་པ་དེ་རང་སྟོང་གི་ལུགས་གོ་ཆོད་པོ་མ་ཡིན་པར་བསྟན་པའོ། །དང་པོ་ནི། ལུགས་སྔ་མ་དེའི་རྗེས་སུ་འཇུག་པའི་མཁས་པར་རློམ་པ་དག་ན་རེ། བསམ་གཏན་པ་ཁ་ཅིག་སེམས་འདི་ཁ་དོག་དང་དབྱིབས་གང་དུ་གྲུབ་ལེགས་པར་བརྟགས་པའི་ཚེ། གང་དུ་ཡང་མ་མཐོང་བ་དེ་སེམས་མཐོང་བ་ཡིན་ནོ། །ཞེས་ཟེར་བ་དེ་ནི། རྭ་རྣོ་ལ་རིང་བ་དེ་ཉིད་བོང་བུའི་མགོ་ལ་ཡོད་དམ། རྟའི་མགོ་ལ་ཡོད་བརྟགས་པ་ན་དེ་གཉིས་ཀ་ལ་མི་འདུག་པར་མཐོང་བ་དེ་རྭ་མ་མཐོང་བ་ཡིན་པར་འདོད་པ་དང་ཁྱད་པར་མེད་དོ། །ཁ་ཅིག་སེམས་དེ་དབྱིབས་དང་ཁ་དོག་ཏུ་འདུག་བརྟགས་པས། དེ་གཉིས་གང་དུ་ཡང་མ་རྙེད་པ་ན། སེམས་མ་རྙེད་པའི་སྒོམ་དུ་འདོད་པ་ནི། ཁྱི་དེ་ཉིད་སེང་གེར་ཡོད་དམ། ཉར་ཡོད་བརྟགས་པས་གང་དུ་ཡང་མ་རྙེད་པ་དེ་ཉིད་ཁྱི་མེད་པའི་དོན་དུ་འདོད་པ་དང་འདྲ་སྟེ། རྒྱུ་མཚན་ཕྱིན་ཅི་ལོག་ལ་བརྟེན་ནས་ཐ་སྙད་ལ་སྐུར་པ་འདེབས་པའི་ཆད་ལྟ་བསྒོམས་པའོ། །གཞན་ཡང་སེམས་གང་ནས་འོངས་པ་དང༌། གང་དུ་གནས་པ་དང༌། གང་དུ་འགྲོ་བ་བཙལ་ན་མི་རྙེད་པའང༌། སེམས་ཀྱི་གནས་ལུགས་ལ་དཔྱོད་ལུགས་ཡང་དག་པ་མ་ཡིན་ཏེ། ཁྱི་ཚང་ནས་འོངས་པ་དང༌། རྒྱལ་པོ་གདན་ཐོག་ཏུ་གནས་པ་དང༌། བྱི་བ་ཁུང་དུ་འཇུག་པ་ལྟ་བུའི་འགྲོ་ཚུལ་ནི། ལུས་ཅན་མ་ཡིན་པ་རྣམས་ལ་ཐ་སྙད་དུ་ཡང་སུ་ཞིག་གིས་ཀྱང་མི་ལྟ་བའི་ཕྱིར་རོ། །ཞེས་ཡི་གེར་བྲིས་སོ། །དེ་སྐད་ཅེས་ཟེར་བ་དེས་ནི་ཀླུ་སྒྲུབ་ཞབས་ཀྱི་གཞུང་གསལ་བར་བཀག་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། སེམས་པའི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་སེམས་འགའ་མེད། །མིང་ཙམ་དུ་ནི་རྣམ་རིག་ལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ཀྱི་དབྱེ་བ་འམ། །གཟུང་བ་དང་ནི་འཛིན་པ་འམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོར་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །ཞེས་གསལ་བར་གསུངས་པ་དེ་ཐོག་མར་སུན་ཕྱུང་ལ། དེའི་འོག་ཏུ་སྔོན་གྱི་བསམ་གཏན་པ་དག་གི་འདོད་པ་དེ་སུན་དབྱུང་བར་གྱིས་ཤིག ཡང་ཇོ་བོ་ཨཱ་ཏི་ཤའི་གསུང༌། སངས་རྒྱས་ཀྱི་གསུངས་དང་འདྲ་བར་ཁས་བླངས་ནས་དེ་སྐད་ཅེས་ཟེར་བ་དེ་དག་ནི། རང་གི་མགོ་བོ་འཇོམས་པར་བྱེད་པའི་ལྕགས་ཀྱི་ཐོ་ཟླུམ་ནམ་མཁར་འཕེན་པ་དང་འདྲ་སྟེ། ཇི་སྐད་དུ། ཇོ་བོའི་དབུ་མའི་མན་ངག་ལས། ལྟ་བ་དེ་ལྟར་རྟོགས་པར་བྱོས་ལ། ཇི་ལྟར་རྟོགས་པའི་དོན་དེ་གོམས་པར་འདོད་ན། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཤིག་དངོས་པོ་དེ་ནི་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ན་ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་དེ། ཤིན་ཏུ་ཡང་སྣང་བ་མེད་དོ། །གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག མ་འོངས་པའི་སེམས་ནི་མ་སྐྱེས་ཞིང་མ་བྱུང༌། ད་ལྟར་གྱི་སེམས་ནི་འདི་ལྟར་ཤིན་ཏུ་ཡང་བརྟག་པར་དཀའ་སྟེ། ཁ་དོག་དང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བའམ། ཡང་ན་དེ་མ་སྐྱེས་པ་འམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན། དེ་མ་གྲུབ་པར་རྟོགས་སོ། །ཞེས་གསལ་བར་གསུངས་པ་དེ་ཉིད་ཐོག་མར་རྭ་རྣོ་ལ་རིང་བ་དེ། བོང་བུའི་མགོ་ལ་ཡོད་དམ། ཞེས་སོགས་ཀྱིས་རིགས་པས་འགོག་པར་བྱོས་ལ། དེའི་འོག་ཏུ་གངས་ཅན་གྱི་སྒྲུབ་བརྒྱུད་འཛིན་པ་དེ་དག་གི་ཞི་ལྷག་གི་འཁྲིད་ཚུལ་དེ་དག་འགོག་པར་བྱོས་ཤིག ཡང་ཇི་སྐད་དུ། སྒོམ་རིམ་མཐའ་མ་ལས། སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན། དོན་དམ་པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། ད་ལྟར་བྱུང་བའི་སེམས་ཀྱང་མི་དམིགས། སེམས་སྐྱེ་བའི་ཚེ་གང་ནས་ཀྱང་མ་འོང་གང་དུ་ཡང་མི་འགྲོ་སྟེ། སེམས་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མིན་པའོ། །ཞེས་སོགས་གསལ་བར་གསུངས་པ་དེ་ཉིད་ཐོག་མར་ཁྱི་ཚང་ནས་འབྱུང་བ་ལྟ་བུ་ཞེས་སོགས་ཀྱི་རིགས་པས་དགག་པར་བྱོས་ལ། དེའི་འོག་ཏུ་སྔོན་གྱི་སྒྲུབ་པ་པོ་དེ་དག་གི་ལམ་གྱི་འཁྲིད་ཚུལ་རྣམས་འགོག་པར་བྱོས་ཤིག ཡང་འདི་སྐད་ཅེས་ཀྱང་ཟེར་ཏེ། རྗེ་འབྲོག་མི་ནས་བརྒྱུད་པའི་མན་ངག་ལས། སྣང་བ་སེམས་སུ་ཐག་གཅོད། སེམས་སྒྱུ་མ་དང༌། སྒྱུ་མ་རང་བཞིན་མེད་པར་སྒྲུབ་པ་གསུམ་དུ་མཛད་ནས། གསུམ་པོ་རྩ་བ་དང༌། ཡན་ལག་གི་དཔེ་བཞིའི་སྒོ་ནས་སྒོམ་པར་གསུངས་པས། དེ་དག་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་གོ་ཆོད་པོ་མ་ཡིན་ནོ། །ཞེས་སྨྲ་བར་བྱེད་དོ། །དེ་ལྟར་ཡིན་པ་དེའི་ཚེ། ཁྱེད་རང་ཅག་ལ་ལུང་ཚད་མ་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་པ་ལས། དེ་ལ་ཕུང་པོ་ལྔ་དང༌། སྐྱེ་མཆེད་དང༌། ཁམས་དང༌། གཟུགས་ཅན་གང་དག་ཡིན་པ་དེ་དག་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། ཞེས་པ་ནས། བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་འཆར་བ་བཞིན་དུ་སྣང་གི དོན་དམ་པར་ནི། འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ། །ཞེས་དཔྱད་པར་བྱའོ། །དེས་འདི་སྙམ་དུ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་སྙམ་དུ་སེམས་ཤིང༌། སེམས་ཙམ་ཁོ་ན་ཡིན་པར་རྟོགས་ནས། སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། ཞེས་པ་ནས་སེམས་ནི་སྒྱུ་མ་ལྟ་བུ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལ་སོགས་པའི་ངོ་བོ་ལྟ་བུ་ཁོ་ནའོ། །ཞེས་དཔྱད་དོ། །ཞེས་གསལ་བར་གསུངས་པ་དང༌། སློབ་དཔོན་སེང་གེ་བཟང་པོས་རྣལ་འབྱོར་ས་བཞིའི་རིམ་པ་གསུངས་པ་དེ་ཐོག་མར་འགོག་པར་བྱོས་ལ། དེའི་འོག་ཏུ་འབྲོག་མི་ནས་བརྒྱུད་པའི་ལམ་གྱི་འཁྲིད་ཚུལ་དེ་འགོག་པར་གྱིས་ཤིག ཡང་འདི་སྐད་ཅེས་ཟེར་ཏེ། འབྲོག་མིའི་མན་ངག་ལས། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བས། ཐོག་མཐའ་དབུས་གསུམ་དང་བྲལ་བའི་ངེས་ཤེས་སྐྱེ་ནས་དེའི་ངང་ལ་གཡོ་མེད་དུ་འཇོག་པ་ཡང༌། དོན་དམ་སྤྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ལྟ་བ་རྣམ་པར་དག་པ་མ་ཡིན་ནོ། །ཞེས་ཟེར་བ་དེ་ཡང༌། ཇི་སྐད་དུ། སྒོམ་རིམ་བར་པ་ལས། ཆོས་ཀྱི་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཞེས་མཚམས་སྦྱར་ནས། དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཐ་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེས་པའམ། མི་རྟག་གོ་ཞེས་བྱ་བ་ཡིད་ལ་མི་བྱེད་དོ། །ཞེས་སོགས་རྒྱས་པར་གསུངས་པ་དེ་ལས་ཐོག་མར་སྣང་བ་སེམས་སུ་བསྒྲུབས་ནས། དེའི་འོག་ཏུ་སེམས་བདེན་མེད་དུ་བསྒྲུབ་པ་ལ། སྐྱེ་འཇིག་གནས་གསུམ་དང་བྲལ་བའི་སྒྲུབ་བྱེད་ཀྱི་རིགས་པ་ལས་ལྷག་པ་གཞན་མ་གསུངས་པ་དེ་ཉིད་ཐོག་མར་ཁྱེད་ཀྱིས་དགག་པར་བྱོས་ལ། དེའི་འོག་ཏུ་ལུགས་སྔ་མ་དེ་དགག་པ་ལ་འབད་པར་བྱོས་ཤིག ཡང་འདི་སྐད་ཅེས་ཟེར་ཏེ། ཡང་བསམ་གཏན་པ་ཁ་ཅིག་གང་ཟག་གི་བདག་མེད་རིགས་པས་དཔྱད་ནས་སྒོམ་པའི་ཚུལ་ལ། ང་ཞེས་བྱ་བའམ། བདག་ཅེས་བྱ་བ་རང་བཞིན་གྱིས་གྲུབ་ན་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ལུས་ཀྱི་སྟོད་སྨད་བར་གསུམ་གང་ན་ཡོད། ལུས་ཀྱི་ཕྱི་ན་ཡོད་དམ་ནང་ན་ཡོད། ཅེས་བཙལ་བས་དེ་དག་གང་ན་ཡང་འདུག་པ་མ་རྙེད་པའི་ཚེ། དེའི་ངང་ལ་འཇོག་པ་ནི་དཔྱོད་ཚུལ་ཤིན་ཏུ་སྐྱོན་ཅན་ཡིན་ཏེ། ང་ལུས་ཀྱི་སྟོད་སྨད་དང་ཕྱི་ནང་བར་གསུམ་འདི་འདྲ་གཅིག་ན་འདུག་ཅེས་མ་རྙེད་ཀྱང༌། ང་ཡོད་པར་ཚད་མས་གྲུབ་པའི་ཕྱིར་དང༌། ང་ཡོད་ན་ཁོ་རང་གང་ལ་འདོགས་པའི་གདགས་གཞིའི་གསེབ་ན་ཡོད་མི་དགོས་པའི་ཕྱིར་དང༌། དེ་བས་ན་འདི་ནི་རྗེ་ཐམས་ཅད་མཁྱེན་པས་གང་ཟག་གི་བདག་མེད་པའི་ལྟ་བ་སྐྱོངས་བ་ལ་གནད་བཞི་ཚང་དགོས་པར་གསུངས་པའི་ལམ་བཟང་པོ་བོར་ནས་བོད་ཀྱི་བསམ་གཏན་པ་རྣམས་ཀྱི་ཁ་བསྐྱུགས་ལ་འབྲངས་པ་ཡིན་པས། གནད་གཉིས་པ་དེ་ཤེས་པར་བྱས་ནས་ངེས་ཤེས་བསྐྱེད་པར་བྱའོ། །དེ་བཞིན་དུ་ངའི་ཁ་དོག་ཇི་ལྟ་བུ་ཞིག་འདུག་ཅེས་དཔྱོད་པ་ཡང་ལྟར་སྣང་འབའ་ཞིག་ཡིན་ཏེ། དེའི་དབྱིབས་དང་ཁ་དོག་མེད་ན་ངའི་རྐང་པ་དང༌། ལག་ལ་སོགས་ཀྱང་མེད་དགོས་ལ། དེ་ལྟ་ན་ཐ་སྙད་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་རྟོག་གི་མཐའ་ཤལ་དེ་བསྒོམས་པ་ལས་ཅི་ཞིག་འབྱུང་བར་འགྱུར། དེ་འདྲ་དེ་རིགས་པ་ཡང་དག་ཡིན་དུ་ཆུག་ཀྱང་གང་ཟག་གི་བདག་མེད་སྒྲུབ་པའི་རྟག་ཀྱི་ཕྱོགས་ཆོས་བསྒོམས་པར་འགྱུར་གྱི། གང་ཟག་གི་བདག་མེད་དངོས་སྒོམ་པར་ག་ལ་འགྱུར། དེར་འགྱུར་ན་སྒྲ་བྱས་པར་བསྒོམས་པས། མི་རྟག་པ་སྒོམ་པར་ཡང་འགྱུར་རོ། །ཞེས་སྨྲ་བར་བྱེད་དོ། །དེ་ལྟ་ཡིན་པ་འོ་ན་ང་ལུས་ཀྱི་སྟོད་སྨད་བར་གསུམ་གང་ན་ཡོད་དཔྱོད་པ་དེ། གང་ཟག་གི་བདག་མེད་དཔྱོད་ཚུལ་གྱི་རིགས་པ་སྐྱོན་ཅན་ཁོ་ན་ཡིན་ན། ཇི་སྐད་དུ། ཞི་བ་ལྷས། གལ་ཏེ་བདག་འགའ་ཡོད་ན་ནི། །ཅི་ཡང་རུང་ལས་འཇིག་འགྱུར་ན། །བདག་ཉིད་འགའ་ཡང་ཡོད་མིན་པས། །འཇིགས་པར་འགྱུར་བ་སུ་ཞིག་ཡིན། །ཞེས་མཚམས་སྦྱར་ནས། དེ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ན། སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །རྣབས་མིན་བད་དཀན་བདག་མ་ཡིན། །ཆུ་སེར་དག་དང་སྣག་ཀྱང་མིན། །བདག་ནི་ཞག་དང་རྔུལ་མིན་ཏེ། །བློ་མཆིན་དག་ཀྱང་བདག་མ་ཡིན། །ནང་གྲོལ་གཞན་ཡང་བདག་མིན་ཏེ། །བདག་ནི་ཕྱི་ས་གཅིན་མ་ཡིན། །ཤ་དང་ལྤགས་པ་བདག་མིན་ཏེ། །དྲོད་དང་རླུང་ཡང་བདག་མ་ཡིན། །བུ་ག་བདག་མིན་རྣམ་ཀུན་ཏུ། །རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །ཞེས་གསུངས་ལ། དེ་ལས་ལྷག་པའི་རིགས་པ་མ་གསུངས་པས་ལུགས་དེ་ལ་ཡང་བདག་ཡོད་ན་རང་གི་གདགས་གཞི་ལ་ཡོད་དགོས་པར་ཐལ་བ་བཟློག་ཏུ་མེད་དོ། །ཡང་བདག་ལུས་ཀྱི་ཕྱི་ནང་དང༌། དབྱིབས་དང་ཁ་དོག་ལ་དཔྱོད་པའི་རིགས་པ་དེ། ཡང་དག་མ་ཡིན་ན། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ལུས་ཡོངས་སུ་དཔྱད་པའི་སྒོམ་རིམ་ལས་ཇི་ལྟར་འབྱུང་བ་དེ་ཉིད་ཁྱེད་ཀྱིས་དགག་པར་བྱོས་ཤིག དེ་ལས་ཅི་ལྟར་འབྱུང་སྙམ་ན། ཇི་སྐད་དུ། འདི་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་མངའ་ནས། འཇིག་རྟེན་རྣམ་པར་རྟོགས་ལས་བྱུང༌། །རྣམ་པར་རྟོག་པ་སེམས་ལས་བྱུང༌། །སེམས་ཀྱང་ལུས་ལ་བྱུང་བས་ན། །དེ་ཕྱིར་ལུས་ལ་དཔྱད་པར་བྱ། །ཞེས་ཏེ། དེ་ལས་ལུས་ལ་བརྟགས་པ་ན་སྙིང་པོ་གསུམ་དང་ལུས་ཟུང་བརྒྱད་དང༌། སྤུའི་ཚོགས་བརྒྱ་དང༌། བ་སྤུའི་ཁུང་བུ་བྱེ་བ་ཕྲག་བརྒྱད་ཅུ་སོ་སུམ་ཅུ་རྩ་གཉིས་དང༌། སེན་མོ་ཉི་ཤུ་དང་ཞེས་པ་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་མངའ་ནས། རྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡི། །ལུས་ཀྱི་འཁྲུལ་འཁོར་ཐམས་ཅད་ཞིག་པར་བྱ། །ཞེས་བཤད་པའི་རིམ་པས་ནང་གི་ལུས་ཐམས་ཅད་ལ་བརྟག་གོ །ནང་གི་ལུས་ཇི་ལྟ་བ་བཞིན་དུ། ཕྱི་རོལ་གྱི་ལུས་སའི་ཁམས་དང་ཞེས་པ་ནས། དེ་ལྟར་ལུས་ལ་རྣམ་པར་དཔྱད་པ་ན། ནམ་མཁའ་དང་འདྲ་བར་སྒོམ་མོ། །དེ་ནས་ངག་བྱུང་མ་ཐག་ཏུ་ཞིག་ཅིང༌། ནམ་མཁར་ཐིམ་པས་བྲག་ཆ་དང་འདྲ་བར་ཡུལ་ན་མི་གནས་ཤིང༌། སེམས་ཀྱང་ཁ་དོག་དང༌། དབྱིབས་དང༌། སྐྱེ་གནས་དང༌། སྣོད་དང༌། སེམས་ཅན་དུ་མི་དམིགས་པར་འགྱུར་གྱི་བར་དུ་བལྟས་ཏེ། དེའི་ཚེ་ཐམས་ཅད་ནམ་མཁའི་ངོ་བོར་གནས་སོ། །ཞེས་གསལ་བར་གསུངས་པ་དེ་ལ་ཡང༌། ཁྱེད་ཀྱི་སུན་འབྱིན་པའི་རིགས་པ། སེམས་དབྱིབས་དང་ཁ་དོག་སོགས་གཟུགས་ཅན་གྱི་ཁ་དོག་དང་བྲལ་བར་བླུན་པོ་གནག་རྫི་མོས་ཀྱང་ཤེས་པའི་ཕྱིར། རིགས་པས་དཔྱོད་ཚུལ་དེ་སྐྱོན་ཅན་ཁོ་ན་ཡིན་ནོ། །ཞེས་ཐོག་མར་སུན་ཕྱུང་ལ། དེའི་འོག་ཏུ་སྔོན་གྱི་བསམ་གཏན་པ་དག་གི་ལུགས་དེ་སུན་འབྱིན་པར་བྱོས་ཤིག ཡང་ཁྱེད་ཀྱིས་བྱས་པ་སྒོམ་པས་མི་རྟག་པར་བསྒོམ་པར་འགྱུར་རོ། །ཞེས་པའི་རིགས་པ་དེ། ཆེས་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། བདག་ཚད་མ་མ་དམིགས་པའི་རྟག་ཀྱིས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་རྟོག་པར་བྱེད་པའི་རིགས་ཤེས་ཀྱི་རྒྱུན་གོམ་པར་བྱེད་པ་དེའི་ཚེ་དང༌། གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་མྱུ་གུ་བདེན་སྟོང་དུ་རྟོགས་པའི་རིགས་ཤེས་ཀྱི་རྒྱུན་གོམས་པར་བྱེད་པ་དེའི་ཚེ་ན། དེ་དང་དེའི་ཕྱོགས་ཆོས་ཚད་མས་རྟོགས་པའི་བློའི་རྒྱུན་གོམས་པར་བྱེད་པ་ལ། བདག་མེད་གཉིས་གོམས་པར་བྱེད་པའི་དོན་དུ་ཤིན་ཏུ་ཡང་འདོད་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་བདག་མེད་གཉིས་གོམས་པར་བྱེད་དོ། །ཞེས་བྱ་བའི་ཚིག་གི་དོན་ནི། དེ་དང་དེའི་དོན་གང་ཡིན་པ་དེ་རྟོགས་ནས་སྒོམ་པར་བྱེད་པ་ལ་འཆད་དགོས་པ་ཡིན་གྱི། དེ་དང་དེ་ཡི་ཐ་སྙད་སྒྲ་དང་རྟོག་པས་ཡུལ་དུ་བྱས་པ་དེ་ཉིད་སྒོམ་དགོས་ན། སྒོམ་བྱེད་ཀྱི་བློ་དེ་སྒྲ་དོན་འཛིན་པའི་རྟོག་པ་ཁོ་ནར་ཐལ་བར་འགྱུར་རོ། །མདོར་ན། གཅིག་དུ་བྲལ་དང༌། རྡོ་རྗེ་གཟེགས་མ་དང༌། རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་རྣམས་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་དོན་ཁོང་དུ་མ་ཆུད་པས། དེ་དང་དེའི་ཕྱོགས་ཆོས་ཚད་མས་གྲུབ་པའི་དུས་སུ་དབུ་མའི་ལྟ་བ་མ་བསྐྱེད་སམ་སྙམ་པའི་ལོག་པར་རྟོག་པ་དེ་ཉིད་ཀྱིས་ཁྱེད་ཅག་གི་ལྟ་བ་དང༌། སྒོམ་པའི་རྣམ་པར་གཞག་པ་དང༌། ཚུལ་ལུགས་ཐམས་ཅད་མ་རུངས་པར་བྱས་སོ། །ཅི་སྟེ་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་དོ། །སྙམ་ན་ནི། སྒྲ་བྱས་པར་སྒོམ་པས་མི་རྟག་པར་བསྒོམ་པར་འགྱུར་རོ། །གཉིས་པ་ནི། གངས་ཅན་གྱི་ལྗོངས་འདིར་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་པ་སྐོར་གསུམ་ལ་ཉན་བཤད་ཀྱི་སྒོ་ནས་བརྩལ་དུ་འདོན་པའི་ཆེན་པོ་འགའ་ཞིག་གིས། གཞན་སྟོང་གི་རྣམ་གཞག་ཞལ་གྱིས་བཞེས་པ་ལ། ཕྱིས་བྱོན་པའི་གྲགས་པ་དང་ལྡན་པ་མང་པོས། ལུགས་དེ་གྲངས་ཅན་གྱི་ལུགས་ཡིན་པར་ཐག་བཅད་ནས། རང་སྟོང་གི་ཚུལ་ལུགས་ཁས་ལེན་པ་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་འདོད་ཚུལ་ནི་ཞིབ་མོར་བརྟགས་ན། དེ་དག་ལ་རང་སྟོང་གི་དོན་ཅུང་ཟད་ཀྱང་ཉེ་བར་མི་གནས་ཤིང༌། ཇི་ལྟར་མཐོ་ཡང་གཞན་སྟོང་གི་ཚུལ་ལས་མ་འདས་སོ། །ཇི་ལྟར་ཞེ་ན། འདི་ལ་དངོས་དང༌། སྟོང་ལུགས་གཉིས་ཀྱི་ཚུལ་མདོ་ཙམ་བཤད་པའོ། །དང་པོ་ནི། ཁོང་ཕྱི་མ་ཕལ་ཆེ་བ་མཐུན་པར། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་ལ་ཞུགས་པ་དེའི་ཚེ་ན། གཟུགས་གཟུགས་ཀྱིས་སྟོང་པ་དང༌། མིག་མིག་གིས་སྟོང་པ་ལ་སོགས་པ་ཁས་མི་ལེན་ནོ། །དེའི་ཤེས་བྱེད་ཀྱང་ཁས་བླངས་ན། ཀུན་རྫོབ་ཀྱི་བདེན་པ་ལ་སྐུར་པ་བཏབ་པར་འགྱུར་བས་སོ། །འོ་ན་ཇི་ལྟར་ཁས་ལེན་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་སྟེང་དུ། དགག་བྱ་བདེན་གྲུབ་ཁོ་ནས་སྟོང་པ་དེ་རང་སྟོང་གི་དོན་ཡིན་ནོ། །ཞེས་སྨྲ་བར་བྱེད་དོ། །དེ་ནི་དེ་ལྟ་མ་ཡིན་ཏེ། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ། གཟུགས་གཟུགས་ཀྱིས་མི་སྟོང་པར་སྨྲ་བ་དང༌། གཟུགས་རང་བཞིན་གྱིས་སྟོང་པར་སྨྲ་བ་ནང་འགལ་བའི་ཕྱིར་དང༌། དེ་དེས་སྟོང་པ་དེ་དེ་རང་བཞིན་གྱིས་སྟོང་པའི་དོན་དུ་མི་འདོད་ན། དེ་རང་བཞིན་གྱིས་སྟོང་པའི་དོན་མི་ཤེས་པར་ཟད་པའི་ཕྱིར། དཔེར་ན་མྱུ་གུ་གཅིག་དང་དུ་མ་གང་དུ་གྲུབ། དཔྱོད་པའི་རིགས་པ་དེའི་ངོར། མྱུ་གུ་ཡོད་པ་མ་ཡིན་པ་དང༌། དེའི་ཚེ་མྱུ་གུ་མྱུ་གུས་སྟོང་པ་དེ་མྱུ་གུ་རང་སྟོང་གི་དོན་དུ་ཁས་ལེན་དགོས་པ་བཞིན་ནོ། །དེ་བས་ན་ཁྱེད་ཅག་གི་འདོད་པ་དེ་ནི་གཞན་སྟོང་གི་ཚུལ་ལས་མ་འདས་ཏེ། ཆོས་ཅན་གཟུགས་ལ་སོགས་པ་ཚད་མས་གྲུབ་པའི་སྟེང་དུ་ཁོ་རང་མ་ཡིན་པའི་ཆོས་གཞན་ཞིག་གིས་སྟོང་པ་དེ་ཁོའི་སྟོང་ཉིད་དུ་ཁས་བླངས་པ་གང་ཞིག ཁོ་བོ་རང་གི་སྟོང་པར་ནི་དུས་ནམ་ཡང་མི་འདོད་པའི་ཕྱིར། དེའང་འདི་ལྟར། མྱུ་གུ་ཆོས་ཅན། ཀུན་རྫོབ་དང་ཐ་སྙད་དུ་བདེན་གྲུབ་ཡིན་པར་ཐལ། ཁྱོད་དོན་དམ་པར་བདེན་པས་སྟོང་པ་དེ་རང་སྟོང་གི་དོན་དུ་ཁས་ལེན་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་ཀ་བ་བུམ་པས་སྟོང་པ་དེ་རང་སྟོང་གི་དོན་དང༌། ཀ་བ་མོ་གཤམ་གྱི་བུས་སྟོང་པ་དེ་རང་སྟོང་གི་དོན་དུ་ཁས་བླངས་ན་ཉེས་པ་ཅི་ཞིག་ཡོད། གལ་ཏེ་དེ་མི་མཚུངས་པའི་རྒྱུ་མཚན། བདེན་འཛིན་ལྷན་སྐྱེས་ཀྱིས་ཀ་བ་ལ་བདེན་པར་འཛིན་ལ། གཞན་དེར་མི་འཛིན་པས་སོ། །ཞེས་ཟེར་བ་ལས་གཞན་མེད་པས། དེ་ལྟ་ན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་སྟོང་ཉིད་དེ་ཡང་རང་སྟོང་གི་དོན་དུ་ཁས་ལེན་དགོས་པར་འགྱུར་ཏེ། རྟོག་པ་ལྷན་སྐྱེས་ཀྱིས་གཞན་དབང་གི་སྟེང་དུ་གཟུང་འཛིན་རྫས་གཞན་དང༌། ངོ་བོ་དང་ཁྱད་པར་ལ་སོགས་པ་ཀུན་བཏགས་ཀྱི་ཆོས་རྣམས་སྒྲོ་འདོགས་པར་བྱེད་པའི་ཕྱིར་རོ། །ཞེས་བརྗོད་ན་མཚུངས་སོ། །དེས་ན་ཆོས་ཅན་གཟུང་འཛིན་གཉིས་སྣང་གི་ཤེས་པའི་སྟེང་དུ། གཟུང་འཛིན་རྫས་གཞན་གྱིས་སྟོང་བ་དེ་གཞན་སྟོང་གི་དོན་དུ་འཆད་དགོས་ཀྱི་རང་སྟོང་གི་དོན་དུ་མི་རུང་བ་དེ་བཞིན་དུ། ཆོས་ཅན་མྱུ་གུའི་སྟེང་དུ་བདེན་གྲུབ་ཅེས་བྱ་བ། ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པ་ཞིག་གིས་སྟོང་པ་ལ་རང་སྟོང་གི་དོན་དུ་འཆད་མི་ནུས་སོ། །དེའི་ཕྱིར་བདེན་གྲུབ་ཐ་སྙད་དུ་ཡང་མེད་པར་ཁས་ལེན་པ་དང༌། གཟུགས་སོགས་བདེན་གྲུབ་ཀྱིས་སྟོང་པ་ལ་རང་སྟོང་གི་དོན་དུ་ཁས་ལེན་པ་ནི། རང་མ་ཡིན་པ་ཞིག་གིས་སྟོང་པ་ལ་རང་སྟོང་གི་དོན་དུ་ཁས་བླངས་པར་སོང་བས། གཞན་སྟོང་ལས་མ་འདས་སོ། །གཉིས་པ་ལ། སྤྱིར་བསྟན་བཅོས་ལས་རང་སྟོང་དང༌། གཞན་སྟོང་གི་རྣམ་གཞག་ཇི་ལྟར་འབྱུང་བའི་ཚུལ། བོད་ཀྱི་སློབ་དཔོན་དག་ཇི་ལྟར་བཞེད་པའི་ཚུལ་ལོ། །དང་པོ་ནི། སྤྱིར་གཞན་སྟོང་གི་རྣམ་པར་གཞག་པ་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་ལ། རང་སྟོང་གི་རྣམ་པར་གཞག་པ་ནི། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་འབྱུང་ངོ༌། །དང་པོ་ལ་གང་སྟོང་བའི་གཞི་ནི། གཞན་དབང་ངོ༌། །གང་གིས་སྟོང་བའི་དགག་བྱ་ནི་ཀུན་བཏགས་སོ། །དེ་དེས་སྟོང་པའི་སྟོང་ཉིད་ཀྱི་ངོ་བོ་ནི་ཡོངས་སུ་གྲུབ་པའོ། །དེ་ལྟར་གསུམ་གྱི་ནང་ནས་ཀུན་བཏགས་པ་ལ་ནི་སྤྱིའི་མཚན་ཉིད་དང༌། རང་གི་མཚན་ཉིད་གཉིས་སུ་མེད་དོ། །གཞན་དབང་ལ་ནི། སྤྱིའི་མཚན་ཉིད་མེད་ཀྱང་རང་གི་མཚན་ཉིད་ཡོད་པས། ཀུན་རྫོབ་ཀྱི་རང་གི་མཚན་ཉིད་མེད་པ་དང༌། དོན་དམ་པའི་རང་གི་མཚན་ཉིད་ཡོད་པའོ། །ཡོངས་གྲུབ་ལ་ནི་ཀུན་རྫོབ་པའི་རང་གི་མཚན་ཉིད་དང༌། དོན་དམ་པའི་རང་གི་མཚན་ཉིད་གཉིས་ཀ་ཡོད་དོ། །དེ་ལྟར་གསུམ་གྱི་ནང་ནས། ཀུན་བཏགས་དངོས་པོར་མེད་ལ། གཞན་དབང་ནི་དོན་དམ་པར་མེད་ཅིང༌། ཀུན་རྫོབ་ཀྱི་དངོས་པོར་ཡོད་པས་སྒྱུ་མ་ལྟ་བུའོ། །དོན་དམ་པའི་དངོས་པོ་ནི་ཡོངས་གྲུབ་གཅིག་པུ་ཁོ་ནའོ། །དེ་ལྟར་བཤད་པ་དེ་ཉིད་གཞན་སྟོང་གི་འཆད་ཚུལ་བླ་ན་མེད་པ་ཡིན་ཏེ། ཇི་སྐད་དུ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །ཅེས་དང༌། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཡོད་ཀྱང་ཁོ་ན་མ་ཡིན་དང༌། །ཡོད་དང་མེད་དང་ཁྱད་མེད་པ། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་དང༌། མདོ་སྡེ་རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་མིན་སྟོང་པ་ཉིད། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས། སྟོང་པ་ཉིད་རྣམ་པ་གསུམ་སྟེ། མེད་པའི་སྟོང་པ་ཉིད་དང༌། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དོ་ཞེས་དང༌། གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ། །ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ལ་འཇུག་པ་བླ་ན་མེད་པའོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་དེ་ཐམས་ཅད་ལ་ནི་ཆོས་ཅན་གཞན་དབང་དེ་གཞན་སྟོང་དུ་གསུངས་པ་ཡིན་གྱི། ཆོས་ཉིད་ཡོངས་གྲུབ་དེ་གང་གིས་སྟོང་པའི་གཞིར་གསུངས་པ་མེད་དོ། །གཉིས་པ་རང་སྟོང་གི་རྣམ་གཞག་ལ། གང་སྟོང་པའི་གཞི་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོ། །གང་གིས་སྟོང་པའི་དགག་བྱ་ནི། ཆོས་དེ་དང་དེ་ཉིད་དོ། །ཇི་ལྟར་སྟོང་པའི་ཚུལ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ་དེས་སྟོང་པ་ཡིན་གྱི། ཐ་སྙད་དུ་ནི་དེ་དེས་སྟོང་པ་མ་ཡིན་ཏེ། དེ་ཉིད་དེ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་དང༌། དཀོན་བརྩེགས་ལས། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་སྟོང་པ་ཉིད་དོ། །ཞེས་དང༌། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །ཞེས་སོགས་དང༌། འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང༌། །ཞེས་དང༌། སློབ་དཔོན་སེང་གེ་བཟང་པོས། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་གསུངས་སོ། །གཉིས་པ་ལ། རང་སྟོང་གི་འདོད་ཚུལ་དང༌། གཞན་སྟོང་གི་འདོད་ཚུལ་ལོ། །དང་པོ་ནི། བོད་ཕྱི་མ་རྣམས་མིག་མིག་གིས་སྟོང་པ་རང་སྟོང་གི་དོན་དུ་མི་འདོད་པར། མིག་བདེན་གྲུབ་ཀྱིས་སྟོང་པ་རང་སྟོང་གི་དོན་དུ་འདོད་པ་ནི་ཟླ་བ་གྲགས་པས་བཀག་པ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། དེ་ལ་མིག་ལ་སོགས་པ་རྣམས་མིག་ལ་སོགས་པ་རྣམས་ཀྱིས་སྟོང་པ་ཉིད་དུ་སྨྲས་པ་ནི། རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་གྱི། མིག་ནི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར། སྟོང་ཞིང༌། གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ༌། །ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། །ཞེས་མིག་སོགས་གང་ཟག་གི་བདག་དང༌། གཟུང་བ་ཆོས་ཀྱི་བདག་གིས་སྟོང་པ་ལ་གཞན་སྟོང་གི་དོན་དུ་གསལ་བར་བཤད་ལ། དེའི་རིགས་པས་གཟུགས་སོགས་འཛིན་པ་ཆོས་བདག་གི་སྟོང་པ་ཡང་དེ་ལས་མ་འདས་པའི་ཕྱིར། དེ་ལྟར་བོད་ཕྱི་མ་དག་གིས་ནི། ཆོས་བདག་བཀག་པ་རང་སྟོང་གི་དོན་དུ་འདོད་པ་དང༌། མིག་སོགས་རང་སྟོང་ཡིན་པ་ཆོས་ཀྱི་བདག་མེད་ཀྱི་གོ་དོན་ཡིན་པ་ཤན་མ་ཕྱེད་པས་ནོངས་སོ། །དེས་ན་འདི་ལྟར་བཤད་པར་བྱ་སྟེ། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ་ནི། ཆོས་ཐམས་ཅད་རང་སྟོང་མ་ཡིན་ཏེ། དེའི་ཚེ་རང་ཉིད་རང་ཡིན་པར་ཁས་ལེན་དགོས་པའི་ཕྱིར། དཔེར་ན་མིག་མིག་ཏུ་ཁས་ལེན་དགོས་པ་བཞིན་ནོ། །བར་དུ་བདག་བཟློག་པའི་རིགས་པ་འཆད་པ་དེའི་ཚེ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་དུ་ཁས་ལེན་དགོས་པ་ཡིན་ཏེ། དཔེར་ན་མྱུ་གུ་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་ངོར། མྱུ་གུ་རང་གིས་སྟོང་པ་དང༌། རང་མ་ཡིན་པར་ཁས་ལེན་དགོས་པ་བཞིན་ནོ། །འདིར་དོན་དམ་པའི་བདེན་པ་རྣམས་རང་སྟོང་དུ་ཁས་མི་ལེན་ཏེ། འདིར་དེ་ཉིད་དེ་ཡིན་པར་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར། ཐ་མར་སྤྲོས་པ་ཐམས་ཅད་བཟློག་པའི་ཚེ་ནི། དོན་དམ་པའི་བདེན་པ་ཡང་རང་སྟོང་དུ་བཞག་དགོས་ཏེ། སྐབས་དེར་དེ་དེར་ཁས་མི་ལེན་གྱི། དེ་ཀུན་རྫོབ་བདེན་པར་ཁས་ལེན་དགོས་པའི་སྐབས་ཡིན་པའི་ཕྱིར། འོ་ན་བར་དེར་དོན་དམ་པའི་བདེན་པ་གཞན་སྟོང་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་ཀུན་རྫོབ་ཀྱིས་སྟོང་པར་ཁས་ལེན་དགོས་པའི་ཕྱིར། ཞེ་ན་མ་ཡིན་ཏེ། དོན་དམ་པའི་བདེན་པ་ཁྱད་གཞིར་བཞག་ནས་དེ་གཞན་སྟོང་དུ་བསྒྲུབ་པའི་ཤིང་རྟ་ཆེན་པོའི་གཞུང་མེད་པའི་ཕྱིར། འོ་ན་ཆོས་ཐམས་ཅད་རང་སྟོང་དུ་ཁས་ལེན་ན། དེ་ཉིད་དེ་ཡིན་པ་ཤེས་བྱ་ལ་མི་སྲིད་པར་ཁས་བླངས་དགོས་པས། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ལས་ཉམས་པར་འགྱུར་རོ། །སྙམ་ན། དེ་ཡང་འདི་ལྟར་མ་ཕྱེད་པའི་སྐྱོན་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ནི། འཁྲུལ་ངོ་དང༌། རྣམ་ཤེས་ཀྱི་ངོར་ཡིན་ལ། རང་སྟོང་དང་དོན་དམ་པའི་བདེན་པ་ཁས་ལེན་པ་ནི། གནས་ཚུལ་ལ་སེམས་པའི་རིགས་པ་དང༌། ཡེ་ཤེས་ཀྱི་ངོ་བོར་འཇོག་པ་ཡིན་ལ། དེ་ལྟ་ཡིན་པ་དེའི་ཚེ། རྣམ་ཤེས་ཀྱི་ངོར་གཟུགས་གཟུགས་ཡིན་པ་དང༌། ཡེ་ཤེས་ཀྱི་ངོར་དེ་དེ་མ་ཡིན་པ་མི་འགལ་ལོ། །དེའི་ཕྱིར་སྣང་སྟོང་ཟུང་འཇུག་དང༌། བདེན་གཉིས་ཟུང་འཇུག་ཅེས་ཁས་ལེན་པ་ནི། ཇི་སྲིད་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུང་ནས་མ་ཕྱུང་བ་དེ་སྲིད་དུ་ཡིན་ལ། དེའི་ཚེ་གཟུང་འཛིན་གཉིས་སུ་སྣང་བའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་དང་སྣང་བ་འཇོག་ལ། གནས་ཚུལ་ལ་དེར་མི་གནས་པ་དང༌། ཡེ་ཤེས་ལ་དེར་མི་སྣང་བའི་ཆ་ནས་སྟོང་པ་དང༌། དོན་དམ་པའི་བདེན་པར་བཞག་གོ །དེ་དྲུང་ནས་ཕྱུང་བའི་སངས་རྒྱས་ཀྱི་ངོར་ནི་ཟུང་འཇུག་དེ་ཡོད་པ་མ་ཡིན་ཏེ། རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བའི་ཕྱིར་རོ། །དེའི་ཕྱིར་ས་དེས་བསྡུས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ཡང་མ་བཞག་གོ །དེའི་ཕྱིར་དབུ་མ་པ་ཆེན་པོ་གཅིག་གིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པ་དང༌། དགེ་སྡིག་ལ་བླང་དོར་བྱེད་པ་གཉིས་ཅིག་ཅར་དུ་འབྱུང་བ་མི་འགལ་ཏེ། དེའི་རྒྱུད་ལ་མཚན་འཛིན་གྱི་རྣམ་ཤེས་དང༌། མཚན་མེད་ཀྱི་ཡེ་ཤེས་གཉིས་གཅིག་ཆར་དུ་ཡོད་པ་མི་འགལ་བས། བློ་སོ་སོ་ལ་ལྟོས་ནས་བདེན་གཉིས་སོ་སོར་འཇོག་པའི་ཕྱིར། དེ་ལ་དགོངས་ནས། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་གསུངས་སོ། །འོ་ན་ཡེ་ཤེས་ཡོད་བཞིན་དུ་རྣམ་ཤེས་ལ་སྣང་བའི་དོན་ཁས་བླངས་པས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་དེ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་དང༌། རྫོགས་སྨིན་སྦྱངས་གསུམ་མ་བྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། འོ་ན་ཁྱོད་ཀྱིས་བཤད་པའི་སྟོང་པ་ཉིད་དེའི་དོན་ནི་མེད་པའི་དོན་དུ་སོང་ལ། དེ་ལྟ་ན། ཇི་སྐད་དུ། དེ་ལ་བཤད་པ་ཁྱོད་ཀྱི་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང༌། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཞེས་དང༌། དེའི་འགྲེལ་པར། ཁྱོད་ནི་རང་གི་རྣམ་པར་རྟོག་པ་ཁོ་ནས་མེད་པ་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ། །ཞེས་དེ་ལྟར་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་ཀླན་ཀ་སྨྲ་ཞིང་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཡོད་པ་བཀག་ཤུལ་དུ་མེད་པ་བསྒྲུབས་པ་དེ་སྟོང་པ་ཉིད་ཀྱི་དོན་ཡིན་པར་འཆད་པ་ཡིན་གྱི། ཡོད་པ་བཀག་ཙམ་ལ་ཟེར་བ་མ་ཡིན་ཏེ། སྐབས་དེར་དེའི་དོན་འཆད་པ་ན་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་བཤད་པའི་ཕྱིར། དེ་བས་ན་ཀུན་རྫོབ་རང་སྟོང་དུ་བཤད་པས་ནི། དེ་རྣམས་ཡོད་པ་མ་ཡིན་པར་བསྟན་ནོ། །དོན་དམ་རང་སྟོང་དུ་བསྟན་པས་ནི། སྤྲོས་པ་ལྷག་མ་རྣམས་ལས་ཀྱང་གྲོལ་བར་བསྟན་ནོ། །གཉིས་པ་ནི་བོད་ཀྱི་སློབ་དཔོན་གཞན་སྟོང་འཆད་པ་དག་ན་རེ། ཤེས་བྱ་ཐམས་ཅད་བདེན་པ་གཉིས་ཀྱི་རྒྱལ་ཁམས་སུ་བསྡུས་ནས། ཀུན་རྫོབ་ཐམས་ཅད་རང་སྟོང་དང༌། དོན་དམ་པའི་བདེན་པ་ཐམས་ཅད་གཞན་སྟོང་དང༌། དེ་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་དང༌། ཆོས་ཅན་དང་ཆོས་ཉིད་གཉིས་ལ་དང༌། ཆོས་སྐུ་དང་གཟུགས་སྐུ་གཉིས་དང༌། རྣམ་ཤེས་དང་ཡེ་ཤེས་གཉིས་དང༌། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་གཉིས་དང༌། གློ་བུར་དྲི་མ་དང་བདེ་བར་གཤེགས་པའི་སྙིང་པོ་གཉིས་ལ་དང༌། དེ་བཞིན་དུ་ཀུན་བཏགས་དང་གཞན་དབང་གཉིས་རང་སྟོང་ཡིན་པ་དང༌། ཆོས་ཉིད་ཡོངས་གྲུབ་གཞན་སྟོང་ཡིན་པ་དང༌། དེ་བཞིན་དུ་བདེན་པ་གཞན་གསུམ་རང་སྟོང་དང༌། འགོག་པའི་བདེན་པ་གཞན་སྟོང་དུ་འཆད་དོ། །དེ་དག་གི་ཤེས་བྱེད་ལ་ཡང་རིགས་པ་དང༌། ལུང་གཉིས་ལས་དང་པོ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་རང་སྟོང་ཡིན་ཏེ། གནས་ལུགས་ལ་ཡོད་མ་མྱོང་བའི་ཕྱིར། དེས་སྟོང་པའི་སྟོང་གཞི་དོན་དམ་པའི་བདེན་པ་དེ་རང་སྟོང་མ་ཡིན་ཏེ། ནམ་ཡང་མེད་པ་མ་ཡིན་པའི་ཆོས་ཉིད་ཡིན་པའི་ཕྱིར། མདོར་ན། གང་གི་སྟོང་པའི་དགག་བྱ་དེ་ཐམས་ཅད་རང་སྟོང་དང༌། གང་སྟོང་པའི་སྟོང་གཞི་དེ་ཐམས་ཅད་གཞན་སྟོང་ངོ༌། །དཔེར་ན་བུམ་པ་དང་བུམ་པས་དག་པའི་ས་ཕྱོགས་ལྟ་བུའོ། །ལུང་ནི་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང༌། མདོ་སྡེ་རྒྱན་དང༌། དབུས་མཐའ་དང༌། རྒྱུད་བླ་རྩ་འགྲེལ་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་དང༌། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དག་གིས་མཛད་པས་འགྲེལ་པ་རྣམས་སོ། །མདོར་བསྡུ་ན་སྟོང་པ་ནི་གཉིས་ཏེ་ཕུང་པོ་རྣམ་བཅད་ཀྱི་སྟོང་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དོ། །དང་པོ་ནི། རང་སྟོང་སྙིང་པོ་མེད་པ་དེ་ཡིན་ལ། གཉིས་པ་ནི། སྟོང་གཞི་དོན་དམ་པའི་བདེན་པ་ཞེས་ཀྱང་བྱ། འོད་གསལ་འདུས་མ་བྱས་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་བ་དེའོ། །དེ་སྐད་དུ་ཡང་འཕགས་པ་འཇམ་དཔལ་གྱིས། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་ཅིང་འགག་མེད་པའི། །ཤེས་བྱ་གང་གིས་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་བཅད་མ་ཡིན། །ཞེས་རང་རང་ངོ་བོས་སྟོང་པའི་སྟོང་པ་ཉིད་དང༌། དོན་དམ་པའི་སྟོང་པ་ཉིད་ཀྱིས་ཁྱད་པར་ཕྱེ་ནས་བཤད་པ་ཡིན་ནོ་ཞེས་ཟེར་རོ། །དེ་མི་འཐད་པ་ལ་གཉིས་ཏེ། ལུང་མེད་པ་དང༌། ལུང་དང་འགལ་བའོ། །དང་པོ་ནི། ཡོངས་གྲུབ་གཞིར་བཞག་ནས་དེ་གཞན་གཉིས་ཀྱིས་སྟོང་པ་གཞན་སྟོང་གི་དོན་དུ་འཆད་པ་དེ་ནི། བྱམས་ཆོས་བར་པ་གསུམ་དང༌། ཐོགས་མེད་ཀྱི་གཞུང་གི་དོན་མ་ཡིན་ཏེ། གཞུང་ལུགས་དེ་དང་དེ་དག་ན་གཞན་དབང་སྟོང་གཞིར་བཞག་ནས། དེ་ཀུན་བཏགས་ཀྱིས་སྟོང་པ་ལ་གཞན་སྟོང་གི་དོན་དུ་བཤད་པའི་ཕྱིར་དང༌། གཞུང་དེ་དག་ན་ཀུན་བཏགས་རང་སྟོང་ཡིན་པ་དང༌། གཞན་དབང་གཞན་སྟོང་ཡིན་པ་དང༌། ཡོངས་སུ་གྲུབ་པ་ནི་སྟོང་པ་དེ་གཉིས་ཀའི་ངོ་བོ་དང་རང་བཞིན་དུ་བཤད་པ་ཡིན་གྱི། ཡོངས་གྲུབ་སྟོང་གཞིར་བཞག་ནས་དེའི་སྟེང་དུ་དགག་བྱ་གཞན་གྱིས་སྟོང་པར་བསྒྲུབ་པ་ནི། གཞུང་ལུགས་དེ་དག་ན་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། དེ་ཕྱིར་ཁྱེད་ལ་ལུང་མེད་དོ། །རིག་པ་དང་ཡང་འགལ་ཏེ། ཁྱེད་ཀྱིས་གཞན་དབང་རང་སྟོང་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པའི་ཕྱིར། འདོད་ན་ཁྱེད་ཀྱི་རྒྱབ་རྟེན་དུ་འདོད་པའི་ལུང་དེ་དག་དང་འགལ་བའི་ཚུལ་འདི་ལྟར། གཞན་དབང་ལ་དོན་དམ་པའི་རང་གི་མཚན་ཉིད་ཡོད་ཅིང༌། ཀུན་བཏགས་ལ་དེ་མེད་པའི་རྒྱུ་མཚན་གྱིས་ཀུན་བཏགས་རང་སྟོང་ཡིན་པ་དང༌། གཞན་དབང་དེ་མ་ཡིན་པའི་རྒྱུ་མཚན་གྱིས་གཞན་སྟོང་ཡིན་ནོ་ཞེས་རང་སྟོང་དང་གཞན་སྟོང་གི་གོ་དོན་ཆོས་ཅན་གྱི་སྒོ་ནས་འབྱེད་པ་གཞུང་ལུགས་དེ་དག་གི་དགོངས་པ་ཡིན་པ་ལ། ཁྱེད་ཀྱིས་ནི་གཉིས་པོའི་ཁྱད་པར་ཆོས་ཉིད་ཀྱི་སྒོ་ནས་ཕྱེ་བས་ནོངས་པའི་ཕྱིར་དང༌། གཞན་ཡང༌། ཁྱེད་ཀྱིས་འདོད་པའི་དབུ་མ་པ་དེས། སེམས་ཙམ་པའི་ངོར་སྟོང་གཞི་ཡོངས་གྲུབ་དེ་ཤེས་འདོད་ཆོས་ཅན་དུ་བཟུང་ནས། དེའི་སྟེང་དུ་དགག་བྱ་གཞན་དབང་དང༌། ཀུན་བཏགས་གཉིས་ཀྱིས་སྟོང་པར་སྒྲུབ་དགོས་པར་འགྱུར་ཏེ། དབུ་སེམས་ཀྱི་ཁྱད་པར་གཞན་སྟོང་ཁས་ལེན་མི་ལེན་གྱིས་ཕྱེ་བ་གང་ཞིག གཞན་སྟོང་འཇོག་པའི་དུས་ཀྱི་དགག་བྱ་གཞན་ཞེས་བྱ་བ་དེ། ཀུན་བཏགས་དང་གཞན་དབང་ལ་འཆད་དགོས་པ་ཁྱེད་ཀྱི་ལུགས་ཡིན་པའི་ཕྱིར། འདོད་ན་སེམས་ཙམ་པས་རྩོད་གཞིའི་ཆོས་ཅན་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །དེའི་ཕྱིར་ལུགས་དེ་དག་ལ་སྟོང་གཞིའི་ཆོས་ཅན་གཞན་དབང་དེ་རང་གི་ངོ་བོས་སྟོང་པ་མ་ཡིན་ཀྱང༌། གཞན་གྱི་ངོ་བོ་ཞེས་བྱ་བ་གཟུང་བ་ཀུན་བཏགས་དང་འཛིན་པ་ཀུན་བཏགས་གཉིས་ཀྱིས་སྟོང་པར་སྒྲུབ་པ་ཡིན་ལ། དེས་དེ་སྟོང་པའི་ཤུལ་ན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་འབའ་ཞིག་ལུས་པ་དེ་ལ། ཡོངས་སུ་གྲུབ་པ་དང༌། དོན་དམ་པའི་བདེན་པ་ཞེས་བྱ་ལ། དེ་ཉིད་བདེན་པར་གྲུབ་པ་ཡིན་པས། དེ་ཉིད་ལ་རིགས་པས་མི་དཔྱོད་པར་བདེན་གྲུབ་ཏུ་ཁས་བླངས་ནས་རང་སོར་འཇོག་པ་དེ་ནི་རྣམ་བརྫུན་པ་ཞེས་ཡོངས་སུ་གྲགས་པ་རྣལ་འབྱོར་སྤྱོད་པའི་གཞུང་ནས་འབྱུང་བའི་དབུ་མ་པ་དེའི་ལུགས་ཡིན་གྱི། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ནས་འབྱུང་བའི་དབུ་མ་པ་དེའི་ལུགས་ནི་མ་ཡིན་ཏེ། དེས་གཞལ་བའི་ཚེ་ན། སྔ་མ་དེ་རྟག་པའི་མཐར་ལྷུང་བའི་ཕྱིར་རོ། །ཁྱེད་ཅག་གིས་གཞན་སྟོང་བདེན་གྲུབ་ཀྱི་ཤེས་བྱེད་དུ་དྲངས་པའི་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པར་དགག་བྱ་དེ་མེད་ཅིང་དེས་སྟོང་པའི་སྟོང་ཉིད་ཡོད་པར་གསུངས་པ་དེ་གོང་དུ་རྒྱས་པར་བཤད་ཟིན་པ་ལྟར་རྣལ་འབྱོར་སྤྱོད་པའི་གཞུང་ནས་འབྱུང་བའི་དབུ་མ་དེ་ལ་དགོངས་པའམ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་ལུགས་ཡིན་དུ་ཆུག་ཀྱང༌། བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་དབང་དུ་བྱས་པ་ཡིན་ཏེ། སྐབས་དེ་དང་དེ་གཉིས་སུ་སྟོང་ཉིད་བདེན་གྲུབ་ཏུ་འཆད་དགོས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་རྒྱུད་བླ་མ་དང༌། འཇམ་དཔལ་གྱི་ལྟ་བའི་འདོད་པ་ལས། ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ལ་སྙིང་པོ་མེད་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ། དོན་དམ་པའི་བདེན་པ་གོ་ཆོད་པར་གསུངས་པའི་དགོངས་པ་ནི། དང་པོ་དགག་བྱ་བཀག་ཙམ་གྱི་མེད་པར་དགག་པ་དང༌། ཅིག་ཤོས་ནི་ལམ་གྱི་སྐབས་སུ་སྦྱིན་སོགས་ཐབས་ཀྱི་ཁྱད་པར་དུ་བྱས་པ་དང༌། འབྲས་བུའི་གནས་སྐབས་སུ་སྟོབས་སོགས་ཡོན་ཏན་གྱི་ཁྱད་པར་དུ་བྱས་པ་ལ་དགོངས་སོ། །དེ་སྐད་དུ་ཡང་རྒྱུད་བླ་མར། སྟོང་པ་ཉིད་རས་གཞི་དང་འདྲ་བ་དང༌། སྦྱིན་སོགས་རྣམས་རི་མོ་མཁན་དང་འདྲ་བ་དང༌། སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་མངའ་བདག་རྒྱལ་པོའི་གཟུགས་དང་འདྲ་བའི་དཔེ་བསྟན་པ་ཡིན་ཏེ། ཇི་སྐད་དུ། དེ་རྣམས་འབྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུ་ཁྲིམས་བཟོད་པ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་གསུངས་སོ། །སྐབས་དེར་ཡང༌། སྟོང་པ་ཉིད་ཀྱི་ངོས་འཛིན་ནི། དྲི་མ་དང་བཅས་པ་དང༌། དྲི་མ་མེད་པའི་གནས་སྐབས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་བརྗོད་དོ། །སྤྱིར་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་འཆད་ཚུལ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར། སྦྱིན་སོགས་ལམ་དང་སྟོབས་སོགས་འབྲས་བུ་གང་རུང་གིས་ཁྱད་པར་དུ་བྱས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བཤད་པ་དང༌། རྒྱུད་སྡེ་ལས་མཆོག་ཏུ་མི་འགྱུར་བའི་བདེ་བས་ཁྱད་པར་དུ་བྱས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བཤད་པ་གཉིས་སོ། །དང་པོ་ནི། ཇི་སྐད་དུ། སྒོམ་རིམ་བར་པར། གཙུག་ན་རིན་པོ་ཆེའི་མདོ་དྲངས་པ་ལས། དེ་བྱམས་པའི་གོ་ཆ་བགོ་ཞིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པས་བསམ་གཏན་མངོན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བའོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པ་ལྟ་བུའོ། །ཞེས་དང༌། དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཡོངས་སུ་རྟོགས་པར་འགྱུར་བས་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་སྦྱིན་པ་ལ་སོགས་པའི་ཐབས་ལ་བརྟེན་པར་བྱའི། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི་གོང་དུ་དྲངས་པ་ལྟར། སྐྱེས་པ་མེད་པ་འགག་མེད་པའི། །སྟོང་པ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཞེས་གསུངས་པ་དེ་ཉིད་ཡིན་ལ། དོན་དེ་ཡང༌། ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཞེས་དཔེའི་ཡེ་ཤེས་ཀྱིས་མཚོན་དགོས་པར་གསུངས་པ་ཡིན་ནོ། །མདོར་བསྡུ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་གོ་ཆོད་པོ་ཞིག་གིས་སྤྲོས་བྲལ་གཏན་ལ་འབེབས་དགོས་མོད་ཀྱང༌། དེས་གཏན་ལ་ཕབ་པའི་སྤྲོས་བྲལ་རྐྱང་པ་དེ་དོན་དམ་པའི་བདེན་པར་ཁས་མི་ལེན་པ་ནི། བཀའ་འཁོར་ལོ་ཐ་མའི་མདོ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པའོ། །དོན་དེས་གཞན་དབང་བདེན་གྲུབ་བསྟན་ཏོ་སྙམ་དུ་འཁྲུལ་པར་མི་བྱ་སྟེ། གཞན་དབང་བདེན་གྲུབ་བསྟན་པའི་འཁྲུལ་གཞི་གཉིས་སྣང་བ་ལས་གཅིག་ནི་རྣལ་འབྱོར་སྤྱོད་པ་བས་ཁས་ལེན་པའི་ཡོངས་གྲུབ་དང༌། ཅིག་ཤོས་ཐེག་པ་བླ་ན་མེད་པར་བཤད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དག་ཡིན་ལ། དེ་གཉིས་ཀྱི་ངོས་འཛིན་བཤད་མ་ཐག་པ་ལྟར་ཤེས་ན། འཁྲུལ་གཞི་གང་ལ། དོན་གང་དུ། ཇི་ལྟར་འཁྲུལ་པའི་ཚུལ་བདེ་བླག་ཏུ་རྟོགས་ནུས་པའི་ཕྱིར་རོ། །གཉིས་པ་ལུང་དང་འགལ་པ་ནི། དོན་དམ་པའི་བདེན་པ་ལ་གནས་སྐབས་སུ་ཡང་མ་ཟད་མཐར་ཐུག་ལ་བདེན་གྲུབ་ཀྱིས་ཁྱབ་པར་ཁས་ལེན་པ་འདི་ནི། ཁྱེད་རང་ལ་ཚད་མར་གྱུར་པའི་ཤེར་ཕྱིན་གྱི་མདོ་དང་འགལ་བ་ཡིན་ཏེ། བྱམས་པས་ཞུས་པའི་ལེའུ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ལ་ཐམས་ཅད་ཀུན་བཏགས། རྣམ་བཏགས། ཆོས་ཉིད་གསུམ་གསུམ་དུ་ཕྱེ་ནས་གསལ་བར་གསུངས་ལ། དེའི་དུས་ཀྱི་དང་པོ་གཉིས་བདེན་པར་མེད་པ་དང༌། གསུམ་པ་བདེན་པར་གྲུབ་པ་ཁྱེད་ཀྱི་གྲུབ་པའི་མཐའ་ཡིན་པ་དེ་ལྟ་ན། མདོ་དེར་གཟུགས་ནས་རྣམ་མཁྱེན་གྱི་བར་དེར་དོན་དམ་པའི་བདེན་པ་མ་བསྟན་པའམ། ཡང་ན་དོན་དམ་པའི་བདེན་པ་ལ་ཡང་ཀུན་བཏགས་སོགས་གསུམ་དུ་འབྱེད་དགོས་པ་གང་རུང་ལས་མ་འདས་སོ། །འདིར་སྨྲས་པ། ལྟ་གྲུབ་འདོད་ཚུལ་མཐའ་དག་མ་ཤེས་ན། །ལྟ་བའི་ཕུ་ཐག་ཇི་བཞིན་མི་ཆོད་པས། །ལྟ་རྟོག་མང་དུ་བྱས་པའི་རྣམ་དཔྱོད་ཀྱིས། །ལྟ་ངན་སེལ་བའི་བསྟན་བཅོས་འདི་བྱས་སོ། །ལང་ཚོས་རྒན་དང་ཐོས་པས་མྱོས་རྣམས་ཀྱང༌། །འཛངས་པའི་བློ་ཡིས་ཚུལ་བཞིན་དཔྱོད་གྱིས་ལ། །ལྟ་ངན་མཐའ་དག་སེལ་བའི་ལེ་འུ་འདི། །མགྱོགས་པར་བལྟོས་ལ་རྗེས་སུ་ཡི་རང་བྱོས། །རྟག་པར་རང་དུ་རློམ་པས་མྱོས་གྱུར་ཅིང༌། །ཕྲག་དོག་ཚེར་མའི་མལ་དུ་གནས་བཅས་ནས། །ཡིན་ལུགས་ཚོལ་ལ་མུན་པའི་མིག་ཅན་དེས། །ངོ་མཚར་ཆོས་པའི་ཡ་མཚན་ག་ལ་མཐོང༌། །ནམ་ཡང་གཟུ་བོའི་སྟན་ལ་རབ་འཁོད་ནས། །དད་པའི་མགོ་བོ་ལན་བརྒྱར་འདར་བྱེད་ཅིང༌། །གུས་པས་ཐལ་མོ་སྙིང་ཁར་སྦྱོར་བྱེད་པའི། །དཔྱོད་ལྡན་དེ་ལ་ཆོས་འདིས་དགེ་གྱུར་ཅིག།  །།ཅེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་ནང་གི་མཛོད་ཆོས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་ཕྱེ་བ། ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། ལྟ་བའི་གནས་མཐའ་དག་ལ་མཁས་པར་བྱ་བའི་ལེའུ་སྟེ་དགུ་པའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*