༼བ༽༄༅། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལས་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་བཤད་པའི་ལེའུ་བཅུ་གཅིག་པ་དང་བརྗོད་བྲལ་གྱི་དབུ་མ་བཤད་པའི་ཕན་ཡོན་བསྟན་པའི་ལེའུ་བཅུ་གཉིས་བཞུགས་སོ།།
༄༅། །གང་ཞལ་མཐོང་བའི་མོད་ལ་དབང་པོས་ཀྱང༌། །ཞབས་རྡུལ་གཙུག་གི་གནས་སུ་ལེན་བྱེད་ཅིང༌། །བྱམས་པའི་ཕྱག་གི་འགྲོ་ཀུན་གོང་ནས་གོང༌། །འདྲེན་མཛད་སྟོན་པ་དེ་ལ་ཕྱག་བགྱི་འོ། །གཉིས་སྣང་འཁྲུལ་པའི་རླབས་ཕྲེང་བགྲང་ཡས་ཀྱིས། །ཟབ་ཡངས་མཁྱེན་པའི་རྒྱ་མཚོར་མཚོན་མི་ནུས། །གཉིས་མེད་ཡེ་ཤེས་དོན་དམ་འབའ་ཞིག་ལ། །རྣམ་རོལ་འབྲས་བུའི་དབུ་མ་འདིར་བཤད་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་བཤད་པར་བྱ་བ་ལ་གསུམ་སྟེ། རྟེན་སྐུའི་རྣམ་པར་གཞག་པ། བརྟེན་པ་ཡེ་ཤེས་ཀྱི་རྣམ་པར་གཞག་པ། མཛད་པ་ཕྲིན་ལས་ཀྱི་རྣམ་པར་གཞག་པའོ། །དང་པོ་ལ་རྗེ་བཙུན་བྱམས་པའི་གཞུང་འགྲེལ་ལས་ཇི་ལྟར་གསུངས་པའི་ཚུལ་དང༌། འཇུག་པ་རྩ་འགྲེལ་གྱི་དགོངས་པ་དཔྱིས་ཕྱིན་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཇི་ལྟར་གསུངས་པའི་ཚུལ། མདོ་སྡེ་རྒྱན་ལས་ཇི་ལྟར་གསུངས་པའི་ཚུལ། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་དགོངས་པ་བཤད་པའོ། །དང་པོ་ལ་གཞིའི་གནས་སྐབས་སུ་བདེན་པ་གཉིས་ཐོས་བསམ་གྱིས་གཏན་ལ་ཕབ། ལམ་གྱི་སྐབས་སུ་ཐབས་ཤེས་གཉིས་ཟུང་འཇུག་ཏུ་ཉམས་སུ་བླངས་པ་ལས། འབྲས་བུའི་དུས་སུ་སྐུ་གཉིས་ཟུང་དུ་འཇུག་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །བློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་གསུངས་སོ། །དེའི་དོན་ཡང་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པས། འབྲས་བུའི་དུས་སུ་གློ་བུར་གྱི་སྒྲིབ་པ་གཉིས་ལས་གྲོལ་བའི་ཡེ་ཤེས་ཀྱི་སྐུ་དང༌། རྗེས་ཐོབ་ཏུ་དག་པ་འཇིག་རྟེན་པའི་རང་བཞིན་ཅན་གྱི་ལམ་ཉམས་སུ་བླངས་པས། འབྲས་བུའི་དུས་སུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་མངོན་དུ་བྱེད་པའི་དོན་ནོ། །དེ་ཡང་འབྲས་བུ་སངས་རྒྱས་གྱི་སྐུ་ནི་གཉིས་སུ་འདུས་ཏེ། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་ཞེས་དང༌། དོན་དམ་པའི་སྐུ་དང༌། ཀུན་རྫོབ་ཀྱི་སྐུ་ཞེས་དང༌། ཆོས་ཀྱི་སྐུ་དང༌། རྣམ་པར་གྲོལ་བའི་སྐུ་ཞེས་དང༌། བྲལ་བའི་སྐུ་དང༌། རྣམ་སྨིན་གྱི་སྐུ་ཞེས་དང༌། ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུ་ཞེས་བྱ་བའི་སྡེ་མཚན་རྣམ་པ་གཉིས་སོ། །དེ་ཡང་ཞིབ་མོར་བཤད་ན། སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་ཟླས་ཕྱེ་བའི་ཆོས་ཀྱི་སྐུ་ནི། སངས་རྒྱས་ཀྱི་སྐུ་དངོས་དང༌། དོན་དམ་པའི་བདེན་པ་ཡིན་ལ། གཅིག་ཤོས་ནི་སངས་རྒྱས་ཀྱི་སྐུ་རྗེས་མཐུན་པ་དང༌། ཀུན་རྫོབ་ཀྱི་བདེན་པར་བཞག་གོ །དེའི་ཤེས་བྱེད་ལ། ལུང་དང་རིགས་པ་གཉིས་ལས། དང་པོ་ནི། ཇི་སྐད་དུ། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དགདང་ལྡན། །ཞེས་སོ། །གཉིས་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། དོན་དམ་པའི་བདེན་པ་ཁོ་ན་ཡིན་ཏེ། དེ་སངས་རྒྱས་ཀྱི་སས་བསྡུས་པའི་ཕྱིར་དང༌། ས་དེ་བསྡུས་ཀྱི་ཀུན་རྫོབ་ཀྱི་བདེན་པ་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དེར་དེ་ཡོད་ན་སངས་རྒྱས་ཀྱི་ཆོས་སྐུ་མངོན་སུམ་དུ་རྟོགས་པའི་བློ་ཀུན་རྫོབ་པ་ཡོད་པར་འགྱུར་བའམ། དེ་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པར་ཐལ་བ་གང་རུང་ལས་མ་འདས་སོ། །སངས་རྒྱས་ཀྱི་གཟུགས་སྐུ་མཚན་ཉིད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ནར་ངེས་ཏེ། དེ་སངས་རྒྱས་ཀྱི་སས་མ་བསྡུས་པའི་ཕྱིར་དང༌། གདུལ་བྱ་གཞན་སྣང་ཁོ་ནས་བསྡུས་པའི་ཕྱིར། དོན་དེ་ངེས་པར་བྱ་བ་ལ་གཉིས་ཏེ། དེ་དེས་མ་བསྡུས་པའི་ཤེས་བྱེད་དང༌། གཅིག་ཤོས་ཀྱི་བསྡུས་པའི་ཤེས་བྱེད་དོ། །དང་པོ་ནི། བོད་ཕྱི་མ་དག་གཟུགས་སྐུ་གཉིས་ཀྱི་མཚན་དང་དཔེ་བྱེད་རྣམས་ཀྱང་སངས་རྒྱས་ཀྱི་སས་བསྡུས་པ་ཁོ་ནར་འདོད་པ་དེ་དག་གི་ལྟར་ན། སངས་རྒྱས་ཀྱི་སས་བསྡུས་པའི་བེམས་པོའི་ཆོས་ཡོད་པར་ཐལ་བའམ། སེམས་ཅན་གྱི་མིག་ཤེས་ལ་མཚན་དང་དཔེ་བྱེད་ཀྱི་རྣམ་པར་སྣང་བ་དེ། བེམས་པོའི་ཆོས་མ་ཡིན་པར་ཐལ་བ་གང་རུང་ལས་མ་འདས་སོ། །དང་པོ་འདོད་མི་ནུས་ཏེ། སངས་རྒྱས་ཀྱི་སའི་ཆོས་ཇི་སྙེད་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཚུལ་མདོ་རྒྱུད་དག་ཏུ་ལན་གཅིག་མ་ཡིན་པར་གསུངས་པ་དང་འགལ་བའི་ཕྱིར། ཐལ་བ་གཉིས་པ་ལ་འདོད་པའམ། ཁྱབ་པ་མ་ངེས་ན། སེམས་ཅན་གྱི་མིག་ཤེས་ལ་སྣང་བ་དེ་སེམས་ཅན་དེ་ཉིད་ཀྱི་ཤེས་རྒྱུད་ཀྱིས་བསྡུས་པར་འགྱུར་ཏེ། ཁ་དོག་གི་གཟུགས་ནི་མ་ཡིན་ལ། སེམས་ཅན་གྱི་མིག་ཤེས་ལ་སྣང་བའི་ཕྱིར་རོ། །དེ་ཡང་ངག་དོན་བསྡུས་ན། ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ། སེམས་ཅན་གྱི་མིག་ཤེས་ལ་སྣང་བ་དེའི་ཚེ། སྣང་ཆ་དེ་ནི་གཟུང་རྣམ་ཡིན་པས་མིག་ཤེས་དེ་ཉིད་ཀྱིས་བསྡུས་ལ། སྣང་བ་དེ་ལས་མ་གཏོགས་པའི་རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་ཞིག་ཡོད་ན། དེ་བེམས་པོའམ་ཤེས་པ་གང་ཡིན། སངས་རྒྱས་སམ་སེམས་ཅན་གང་གིས་བསྡུས་ཞེས་བརྟགས་པས་ཤེས་པ་ཡིན་ནོ། །གཉིས་པ་དེས་བསྡུས་པའི་ཤེས་བྱེད་ནི། སེམས་ཅན་གྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་སྣང་བའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི། སེམས་ཅན་དེ་ཉིད་ཀྱི་ཤེས་རྒྱུད་ཀྱིས་བསྡུས་པ་ཡིན་ཏེ། དེར་སྣང་ཙམ་གྱི་གཟུང་རྣམ་དེ་ནི་དེས་བསྡུས། རྣམ་པ་གཏོད་བྱེད་ཀྱི་རྒྱུར་གྱུར་པའི་ཡེ་ཤེས་ཀྱི་སྐུ་ཞིག་ཡོད་པ་དེ་ནི་གཟུགས་ཀྱི་སྐུ་མ་ཡིན། དེ་གཏོད་བྱེད་ཀྱི་རྒྱུར་གྱུར་པའི་བེམས་པོ་ཞིག་ཡོད་ན་ནི། མཚན་དང་དཔེ་བྱད་ཀྱི་སྣང་ཚུལ་བེམས་པོར་སྣང་བ་ལྟར། གནས་ཚུལ་ཡང་བེམས་པོར་གནས་པར་ཐལ་ལོ། །མདོར་ན་དབང་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་བེམས་པོ་ཁས་ལེན་པ་འདི་ནི། དབུ་སེམས་ཀྱི་གྲུབ་པའི་མཐའ་ལ་མེད་དོ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་འཆད་པ་ལ་གསུམ་སྟེ། མིང་གི་རྣམ་གྲངས་དེ་དག་གི་ཁྱད་པར་ཞིབ་མོར་ཕྱེ་བ། སྐུ་སོ་སོའི་ངོ་བོ་ངོས་བཟུང་བ། མཚན་ཉིད་པ་ཡིན་མ་ཡིན་གྱི་རྣམ་གཞག་རྒྱས་པར་འཆད་པའོ། །དང་པོ་ནི། གཞན་དོན་གྱི་སྐུ་ཡིན་པ་ལ་ཀུན་རྫོབ་ཀྱི་སྐུ་ཡིན་པས་མ་ཁྱབ་སྟེ། ཇི་སྐད་དུ། ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་མཁྱེན་བརྩེ་ནུས་པ་གསུམ་པོ་གཞན་དོན་གྱི་ཆ་ནས་བཤད་པའི་ཕྱིར། དེ་ལྟར་ན་དོན་དམ་པ་ཆོས་ཀྱི་སྐུ་གཅིག་པུ་ལ་རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ། སྤྱིར་གཞན་དོན་གྱི་སྐུ་ལ་སྣང་ཚུལ་དང་གནས་ཚུལ་གཉིས་ལས། སྣང་ཚུལ་ནི་གཟུགས་ཀྱི་སྐུ་དང༌། གནས་ཚུལ་ནི་ཆོས་ཀྱི་སྐུའི་ངོ་བོར་གནས་པའི་ཕྱིར་རོ། །རང་དོན་གྱི་སྐུ་ནི། གནས་ཚུལ་ཁོ་ན་ལ་བཞག་པ་ཡིན་ཏེ། དེ་ལ་གཉིས་སུ་ཕྱེ་བ་ལ་རྒྱུ་མཚན་དང་དགོས་པ་མེད་པའི་ཕྱིར་རོ། །ཡང་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གཉིས་ལ་ཡང་གཟུགས་ཀྱི་སྐུས་ཁྱབ་པ་མ་ཡིན་ཏེ། དེ་གཉིས་ལ་ཡང་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ཕྱེ་ནས། སྣང་ཚུལ་གྱི་སྐུ་ལ་གཟུགས་ཀྱི་སྐུར་འཇོག་པའི་ཕྱིར་དང༌། གནས་ཚུལ་ནི། རྒྱུད་བླ་མར། ཆོས་ཀྱི་སྐུའི་ངོ་བོ་གཞུག་པའི་ཟབ་མོ་སྟོང་པ་ཉིད་སྟོན་པའི་གསུང་རབ་དང༌། རྒྱ་ཆེ་བ་ཐབས་ཀྱི་ཆ་སྟོན་པའི་གསུང་རབ་གཉིས་ལ་འཆད་ལ། མདོ་སྡེ་རྒྱན་དུ། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་གཉིས་ལ་བཤད་པས་སོ། །དེ་བཞིན་དུ་མཚན་དང་དཔེ་བྱད་ལ་ཡང་སྣང་ཚུལ་དང༌། གནས་ཚུལ་གྱི་དབྱེ་བས་གཉིས་ཏེ། དང་པོ་ནི། དབྱིབས་དང་ཁ་དོག་གི་རྣམ་པ་ཅན་དང༌། གཉིས་པ་ནི། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་ངོ་བོར་གནས་སོ། །དེ་སྐད་དུ་ཡང༌། མངོན་པ་ཀུན་ལས་བཏུས་ལས། མཚན་དང་དཔེ་བྱད་བཟང་པོ་རྣམས་གང་ཞེ་ན། བསམ་གཏན་ལ་བརྟེན་ནས། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཀུན་ཏུ་སྟོན་པར་ཡང་དག་པར་དབང་འབྱོར་བའི་ཏིང་ངེ་འཛིན་དང༌། ཤེས་རབ་གང་ཡིན་པ་དང༌། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་གང་ཡིན་དང༌། དེ་ལས་བྱུང་བའི་རྣམ་པར་སྨིན་པའོ། །ཞེས་གསུངས་སོ། །ཡང་ཇི་སྐད་དུ། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ། ཞེས་ལོངས་སྤྲུལ་གཉིས་ཆོས་སྐུར་བཤད་པ་དེ་ཡང༌། གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ཀྱི་དབང་དུ་བྱས་པ་ཡིན་གྱི། སྣང་ཚུལ་གྱི་དབང་དུ་བྱས་པ་མ་ཡིན་ཏེ། ཀུན་རྫོབ་པའི་སྐུ་དང་གཟུགས་ཀྱི་སྐུ་ལ་ཆོས་སྐུ་ཞེས་བྱ་བའི་སྒྲ་སྦྱོར་བ་མི་མཛེས་པའི་ཕྱིར། ཡང་ཇི་སྐད་དུ། མདོར་ན་ཡེ་ཤེས་གཉིས་པོ་ཡི། །ལས་སུ་འདི་ནི་ཤེས་བྱ་སྟེ། །གྲོལ་བའི་སྐུ་ནི་རྫོགས་པ་དང༌། །ཆོས་ཀྱི་སྐུ་ནི་སྦྱོང་བ་འོ། །རྣམ་གྲོལ་ཆོས་ཀྱི་སྐུ་དག་ནི། །རྣམ་གཉིས་རྣ་གཅིག་ཤེས་བྱས་ཏེ། །ཞེས་གཟུགས་སྐུ་གཉིས་རྣམ་གྲོལ་གྱི་སྐུར་བཤད་པ་དེ་ཡང༌། གནས་ཚུལ་གྱི་ཡོངས་སྤྲུལ་གཉིས་ལ་འཆད་དགོས་པ་ཡིན་ཏེ། དེར་གྲོལ་བའི་སྐུ་ཞེས་པ་སྤངས་པའི་ཆ་ནས་འཆད་དགོས་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །ཞེས་དང༌། གྲོལ་བའི་སྐུ་གཉིས་ཀྱི་ཡོན་ཏན་འཆང་བ་ནི། ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། །གཟུགས་མཐོང་བ་དང་སྒྲ་དང་དྲི། །རོ་དང་རེག་དང་ཆོས་རྣམས་ནི། །ཐོས་ལ་སོགས་པའི་རྒྱུ་ཡིན་ལྟར། །དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བསྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་རྩ་བར་སྐུ་གཉིས་པོ་ནམ་མཁའ་དང་འདྲ་བར་བཤད་ལ། འགྲེལ་བར་ཇི་སྐད་དུ། སངས་རྒྱས་ནམ་མཁའི་མཚན་ཉིད་དོ། །ཞེས་བཤད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་འདྲེས་པའི་དོན་དམ་པའི་མཚན་ཉིད་ལ་དགོངས་ཏེ་གསུངས་པ་ཡིན་ཏེ་ཞེས་བཤད་པས་སོ། །ཡང་སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུ་ཡིན་ན་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡིན་དགོས་ཀྱང་ཆོས་ཀྱི་སྐུ་ནི་མ་ཡིན་དགོས་ཏེ། དེ་ཡིན་ན་བློ་ཀུན་རྫོབ་པའི་ཡུལ་དུ་སྣང་བའི་སྐུ་ཡིན་དགོས་ལ། བློ་ཀུན་རྫོབ་པ་ལ་ཆོས་སྐུའི་གཟུགས་བརྙན་ཙམ་སྣང་ཡང་ཆོས་སྐུ་དངོས་མི་སྣང་བའི་ཕྱིར་རོ། །བློ་ཀུན་རྫོབ་པ་ཡིན་ན། དོན་དམ་པའི་བདེན་པ་མཐོང་བ་ལ་སྒྲིབ་བྱེད་ཀྱི་བློ་ཡིན་དགོས་པའི་ཕྱིར། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་གསུངས་པའི་ཕྱིར་དང༌། ཀུན་རྫོབ་པའི་སྐུར་འཇོག་པ་ནི་གདུལ་བྱ་གཞན་སྣང་ལ་སྣང་ཚུལ་གྱི་སྐུ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་རོ། །གཉིས་པ་ནི། རང་དོན་གྱི་སྐུ་དང་དོན་དམ་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཐར་པ་ཞེས་བྱ་བ་མིང་གི་རྣམ་གྲངས་སོ། །ཆོས་ཀྱི་སྐུ་དེ་ལ་ཡང་ལྡོག་པས་ཕྱེ་ན་སྤངས་པ་དང༌། ཡེ་ཤེས་ཀྱི་ཆ་དང༌། ནུས་པ་དང༌། ཐུགས་རྗེའི་ཆའོ། །དང་པོ་གཉིས་ལ། རང་དོན་གྱི་སྐུ་དག་ཕྱི་མ་གཉིས་ལ་གཞན་དོན་གྱི་སྐུ་ཞེས་བྱའོ། །ཡེ་ཤེས་ལ་ཡང་གཉིས་ཏེ། དྲི་མ་དང་བྲལ་ཙམ་གྱི་གསལ་ཆ་ལ་གནས་གྱུར་པའི་ཡེ་ཤེས་ཞེས་བྱ་བའི་མིང་བཏགས་པ་དང༌། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་མཁྱེན་པ་ཞེས་བྱ་བའི་མིང་གིས་བཏགས་པ་གཉིས་སོ། །དེ་ལྟ་བུའི་མཁྱེན་བརྩེ་ནུས་པ་གསུམ་པོ་དེ། གཙོ་བོར་གདུལ་བྱ་གཞན་སྣང་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་བའི་རྒྱུ་ཡིན་པའི་ཕྱིར་གཞན་དོན་གྱི་སྐུ་ཞེས་བྱ་ལ། དེ་ཡང་གཞན་དོན་གྱི་སྐུ་ནི་མཚན་ཉིད་པ་ཡིན་ལ། གཟུགས་ཀྱི་སྐུ་ནི་བཏགས་པ་བ་ཡིན་ནོ། །དེ་ལྟར་ཆོས་ཀྱི་སྐུ་ཉག་ཅིག་ལ་སྐུ་གསུམ་ཀ་དབྱེར་མེད་དུ་ཚང་དགོས་པ་ཡིན་ཏེ། གཞན་དུ་ན་ཆད་པའི་མྱང་འདས་སུ་ཧ་ཅང་ཐལ་བའི་ཕྱིར་དང་དམན་པའི་ལྷག་མེད་ཀྱི་མྱང་འདས་དང་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང༌། ཚོགས་གཉིས་རྫོགས་པ་དོན་མེད་པར་ཐལ་བའི་ཕྱིར། དེ་ལྟར་སྐུ་གསུམ་པོ་ངོ་བོ་དབྱེར་མེད་དུ་ཚང་བའི་ཆོས་ཀྱི་སྐུ་གཅིག་པོ་འདི་ཉིད། སྐྱབས་གསུམ་གྱི་ཟླས་ཕྱེ་བའི་སངས་རྒྱས་དཀོན་མཆོག་ཀྱང་དེ་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་སོ། །དེ་ལྟ་ན་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་དོན་གཉིས་མཐར་ཕྱིན་ཞེས་བྱ་བའམ། ཡང་ན། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་པའི་སྐབས་ནས་བསྟན་པའི་མཚན་ཉིད་དང་ཡོན་ཏན་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་དེ། དོན་དམ་པ་ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་གྱི་སྐུ་དང༌། དོན་དམ་པའི་སྐུ་རྣམས་ཀྱི་མཚན་ཉིད་ཡིན་ནོ། །འདིར་དོན་དམ་པའི་སྐུ་ལས་ཕྱེ་བའི་གཞན་དོན་གྱི་སྐུ་དེ་ཡང༌། སྤྱིར་ནི་རང་དོན་དམ་པ་ཆོས་ཀྱི་སྐུ་ཞེས་བྱ་བ་ཡིན་གྱི། གཞན་དོན་ཀུན་རྫོབ་པའི་སྐུ་ཞེས་བྱ་བ་དེར་མི་འཇོག་པ། ཆོས་ཀྱི་སྐུ་གཅིག་པུ་ལ་གཉིས་སུ་ཕྱེ་བའི་དུས་ཀྱི་རང་དོན་གྱི་སྐུར་མི་འཇོག་པས་དོན་ལ་འགལ་བ་མེད་ཀྱང༌། ལྡོག་ཆ་འབྱེད་ལུགས་ཀྱི་སྤུ་རིས་ཟིན་པར་བྱས་ན་རྣམ་དབྱེ་ལ་མཁས་པར་འགྱུར་རོ། །འོ་ན་གཞུང་དེར་སངས་རྒྱས་དཀོན་མཆོག་འཆད་པའི་སྐབས་སུ། ལོངས་སྤྲུལ་གཉིས་མི་འཆད་པ་ཅི་ཞེ་ན། གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ནི་དེར་འདུས་ལ། སྣང་ཚུལ་གྱི་སྐུ་གཉིས་པོ་མཐར་ཐུག་གི་སྐྱབས་མ་ཡིན་པའི་ཕྱིར་རོ། །འོ་ན་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྲུལ་གྱི་གཞི་མཐུན་འདོད་པ་འདི་ནི་ཆེས་མི་རིགས་པའོ་སྙམ་ན། དེ་ལྟར་དོགས་པ་དེས་ནི་ངོ་བོ་ཉིད་ཀྱི་སྐུ་ཆོས་ཉིད་རྟག་པ་ཁོ་ནར་འཆད་པའི་ལུགས་དེ་ཞེ་ཕུགས་སུ་འཚངས་པ་ཡིན་མོད། དེ་ལྟར་འཆད་པ་དེ་ནི། སློབ་དཔོན་སེང་གེ་བཟང་པོའི་འཆད་ཚུལ་ཅུང་ཟད་ཙམ་མ་གཏོགས། ཐེག་པ་ཆེན་པོའི་གཞུང་མཐའ་ཐག་ལས་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་ལ་ཁྱད་པར་ཡོད་པར་མ་བཤད་དོ། །འོ་ན་ཁྱད་པར་དེ་དག་གང་ཞེ་ན། ཇི་སྐད་དུ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །དང་པོ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཆའོ། །གཉིས་པ་ནི། གློ་བུར་གྱིས་རྣམ་པར་དག་པའོ། །གསུམ་པ་ནི། དེ་འདྲའི་དག་པ་གཉིས་ལྡན་དེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རྟོགས་ནུས་པའོ། །བཞི་པ་ནི། དེ་འདྲའི་ཁྱད་པར་གསུམ་ལྡན་གྱི་ཆོས་སྐུ་དེ་མངོན་སུམ་དུ་རྟོགས་པའོ། །ལྔ་པ་ནི། རང་གིས་རྟོགས་པ་ལྟར་གཞན་ལ་སྟོན་པའི་ཐུགས་རྗེའོ། །དྲུག་པ་ནི། དེ་ལྟར་བསྟན་པས་གཞན་རྒྱུད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པར་ནུས་པའོ། །ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་དང༌། ཡོན་ཏན་ལྔ་ནི་ཇི་སྐད་དུ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་དང༌། གཞལ་མེད་གངྒཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་པ་སྤངས་པ་འོ། །ཞེས་སོ། །གཉིས་པ་ལོངས་སྤྲུལ། གནས་ཚུལ་དང་སྣང་ཚུལ་གཉིས་ལས། གནས་ཚུལ་ནི་ཆོས་ཀྱི་སྐུའི་ནང་དུ་འདུས་ཏེ། ཆོས་ཀྱི་སྐུའི་མཁྱེན་བརྩེ་ནུས་པ་གསུམ་པོ་དེའམ། དེའི་སྟེང་གི་རྣམ་པར་གྲོལ་བའི་སྐུ་དེའམ། གནས་ཚུལ་གྱི་མཚན་དང་དཔེ་བྱད་རྣམས་གདུལ་བྱ་རྒྱུད་དག་པའི་ཁྱད་པར་ལས་འགའ་ཞིག་ལ་ལོངས་སྐུ་དང༌། འགའ་ཞིག་ལ་སྤྲུལ་སྐུའི་རྣམ་པར་སྣང་བའི་ཕྱིར། དེ་སྐད་དུ་ཡང༌། མཐོང་ན་ཚིམ་བྱེད་ཡོན་ཏན་གང༌། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །དག་ལ་ཉེ་དང་རིང་རྣམས་ལས། །འཇིག་རྟེན་རྒྱལ་པའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་གསུངས་སོ། །གཉིས་པ་སྣང་ཚུལ་གྱི་ལོངས་སྐུའི་མཚན་ཉིད་ནི། གསུང་བརྗོད་པ་རྒྱུན་མི་ཆད་པ་ལ་སོགས་པའི་ཁྱད་པར་ལྔ་དང་ལྡན་པའི་གཟུགས་ཀྱི་སྐུའོ། །དེ་སྐད་དུ་ཡང༌། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་འགྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཞེས་གསུངས་སོ། །འདིར་སྣ་ཚོགས་སུ་སྣང་ཡང་དེའི་རང་བཞིན་མ་ཡིན་པ་ཞེས་པའི་དོན་ནི། འདི་ཆོས་སྐུ་དངོས་མ་ཡིན་པར་སྟོན་པ་སྟེ། ཇི་སྐད་དུ། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་སྣང་ལྟར། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་གསུངས་སོ། །གསུམ་པ་གཞན་སྣང་གྱི་སྤྲུལ་སྐུ་ལ་མཚན་ཉིད་ནི། འཇིག་རྟེན་ཞི་བའི་ལམ་ལ། ཞེས་སོགས་སྐབས་ནས་བསྟན་པའི་ཁྱད་པར་གསུམ་དང་ལྡན་པའི་གཟུགས་ཀྱི་སྐུའོ། །དེ་སྐད་དུ་ཡང༌། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་གསུངས་སོ། །དེའི་དོན་ཡང་དང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བས་ཞི་བའི་ལམ་ལ་འཇུག བར་དུ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བས་རབ་ཏུ་སྨིན་པར་མཛད། ཐ་མར་ངེས་དོན་གྱི་ཆོས་འཁོར་བསྐོར་བས་ལུང་སྟོན་པར་མཛད་པའོ། །རྒྱུ་ཡི་གཟུགས་ཞེས་བྱ་བ་ནི་དེའི་རྒྱུར་གྱུར་པའི་འབྱུང་བ་ཆེན་པོ་བཞི་སྟེ། དེ་ནི་མཆོག་གི་སྤྲུལ་པའི་སྐུ་ལ་ཡོད་པའོ། །དེ་ཡང་ལོངས་སྤྲུལ་གཉིས་ཀྱི་ཐུགས་རྒྱུད་ལ་མངའ་བའི་ཡེ་ཤེས་ནི། ལོངས་སྤྲུལ་དངོས་ཡིན་ལ། ཡེ་ཤེས་དེ་གང་ལ་གནས་པའི་རྟེན་དུ་གྱུར་པའི་འབྱུང་བ་དང༌། འབྲས་བུ་འབྱུང་བ་ལས་གྱུར་པའི་གཟུགས་ནི་སེམས་ཅན་གཞན་གྱི་རྣམ་རིག་ལ་སྣང་བའི་ཕྱིར་ན་གཟུགས་ཀྱི་སྐུ་དང༌། ཀུན་རྫོབ་པའི་སྐུའོ། །དེ་ཡང་རྡུལ་ཕྲ་རབ་བསགས་པའི་གཟུགས་ནི་མ་ཡིན་ཏེ། དབང་འབྱོར་པའི་གཟུགས་སུ་བཤད་པའི་ཕྱིར། དེའི་དོན་ཡང་རྡུལ་ཕྲ་བར་ལས་གྱུར་པའི་འབྱུང་བ་མེད་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །དབང་འབྱོར་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་གང༌། །རང་གི་ངོ་བོ་ཉིད་ཀྱི་ཟབ་བའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་གསུངས་སོ། །གསུམ་པ་གཟུགས་ཀྱི་སྐུ་གཉིས་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་པའི་ཤེས་བྱེད་ནི། ཕྲིན་ལས་ཀྱི་ལེའུ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་སྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས་སོ། །དེ་ཡང་དང་པོ་སྐུ་སྟོན་པ་བརྒྱ་བྱིན་དང་འདྲ་བའི་ཚུལ་ནི། གཙོ་བོར་སྤྲུལ་པའི་སྐུ་ལ་སྦྱར་བར་བྱ་སྟེ། དཔེར་ན། བཻ་ཌཱུརྻའི་ས་གཞི་གཙང་མ་ལ་ལྷ་དབང་གི་གཟུགས་བརྙན་འཆར་བ་བཞིན་དུ། སེམས་ཅན་གྱི་སེམས་ཀྱི་ས་གཞི་གཙང་མ་ལ་ཆོས་སྐུའི་གཟུགས་བརྙན་འཆར་བ་ཡིན་ནོ། །ལྷའི་དབང་པོའི་གཟུགས་བརྙན་དེ་ལྷ་དབང་དངོས་མ་ཡིན་པ་བཞིན་དུ། གཅིག་ཤོས་ཀྱི་ཡང་དེ་དངོས་མ་ཡིན་ནོ། །དེ་ལ་དེར་ཞེན་ནས་དགེ་བའི་ལས་བྱས་པས་སྐྱེ་བ་གཞན་ལ་ལྷའི་གོ་འཕངས་ཐོབ་པ་དེ་བཞིན་དུ། གཅིག་ཤོས་ལ་དེ་དེར་ཞེན་ནས་དེ་དང་དེ་མཐུན་ལས་བྱས་པས་ཆོས་སྐུའི་གོ་འཕངས་མངོན་དུ་བྱེད་པར་འགྱུར་བ་ཡིན་ནོ། །ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་བཻ་ཌཱུརྻ་དག་པ་ཡི། །རང་བཞིན་ས་སྟེང་འདིར་འགྱུར་ཏེ། །ཞེས་པ་ནས། དེ་ནས་སྐྱེས་པ་བུད་མེད་ཚོགས། །ས་ཡི་སྟེང་ན་གནས་པ་རྣམས། །སྣང་བ་དེ་ནི་མཐོང་འགྱུར་ཏེ། །ངེད་ཀྱང་རིང་པོར་མི་ཐོགས་པར། །ལྷ་དབང་འདི་འདྲར་གྱུར་ཅིག་ཅེས། །དེ་འདྲའི་སྨོན་ལམ་འདེབས་བྱེད་ཅིང༌། །ཞེས་པ་ནས། དེ་བཞིན་དང་སོགས་དྲི་མེད་ཅན། །དད་སོགས་ཡོན་ཏན་སྒོམ་པ་ཡི། །རང་སེམས་ལ་སྣང་རྫོགས་སངས་རྒྱས། །མཚན་དང་དཔེ་བྱད་ལྡན་པ་དང༌། །ཞེས་པ་ནས། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་དེས། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱི་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་བརྟེན་པ་རྣམས། །ནང་གི་དམ་པ་ཆོས་སྐུ་ནི། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །གཞུང་འདི་ལ་བརྟེན་ནས་བོད་གཞན་དག་རང་རྒྱུད་ཀྱི་ནང་གི་ཆོས་སྐུ་དེ། ཕྱི་རོལ་དུ་སྤྲུལ་སྐུའི་རྣམ་པར་ཤར་བ་ཡིན། ཞེས་ཟེར་བ་དེ་ནི་མི་འཐད་དེ། གཞུང་གི་འཕྲོས་ལས། ད་ལྟ་སྤྲུལ་སྐུ་མཐོང་བ་ལ་བརྟེན་ནས་ཕྱིས་ཆོས་སྐུ་ཐོབ་པ་ལ་འཆང་བ་གསལ་བའི་ཕྱིར་དང༌། དཔེ་དོན་སྦྱོར་བའི་ཚུལ་ཡང༌། སྐྱེ་བ་གཞན་ལ་ཐོབ་པར་བྱ་བའི་ལྷ་དབང་དང༌། ནང་གི་ཆོས་སྐུ་དཔེ་དོན་དུ་སྦྱོར་བ་ཡིན་གྱི་གཟུགས་བརྙན་དང་མ་སྦྱར་བའི་ཕྱིར་དང༌། གཟུགས་སྐུ་མཐོང་བས་རྐྱེན་བྱས་ནས་མ་འོངས་པ་ན་ནང་གི་ཆོས་སྐུ་མངོན་དུ་བྱེད་པའི་དོན་ཡིན་ཀྱང༌། དེས་ཁྱེད་ཀྱིས་འདོད་པ་དེ་ལ་ཅི་ཡང་མི་ཕན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སོ་སོ་སྐྱེ་བོ་ནས་བྱང་སེམས་ས་བཅུ་པའི་བར་གྱི་རྣམ་པར་ཤེས་པ་ལ་གཟུགས་ཀྱི་སྐུའི་དབང་དུ་བྱས་པའི་གཟུགས་སོགས་དོན་ལྔ་པོ་དེ་དང་དེ་སྣང་ཙམ་དེ་ནི། སེམས་ཅན་རང་རང་གི་ཤེས་རྒྱུད་ཀྱིས་བསྡུས་ལ། རྣམ་པ་དེ་གཏོད་པར་བྱེད་པའི་ཕྱི་རོལ་གྱི་དོན་ནི་མེད་ཅིང༌། དེ་ལྟར་སྣང་བའི་རྒྱུ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡིན་ཏེ། སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང༌། ད་ལྟའི་མཁྱེན་རྩེ་ནུས་པ་གསུམ་གྱི་མཐུ་ལས་བྱུང་བའི་ཕྱིར། དེ་ལྟར་བྱུང་བ་དེ་ཡང་གདུལ་བྱ་རྒྱུད་དག་པའི་ཁྱད་པར་ལ་ལྟོས་དགོས་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་པ་དང༌། འདི་ཉིད་ལས། སྔོན་གྱི་རང་ཉིད་སྨོན་ལམ་དང༌། །ལྷ་རྣམས་ཀྱི་ནི་དགེ་བའི་མཐུས། །ཇི་ལྟར་ཚངས་པ་འབད་མེད་སྣང༌། །རང་འབྱུང་སྤྲུལ་སྐུ་དེ་བཞིན་ནོ། །ཞེས་གསུངས་སོ། །འདིར་གཞན་དག་སྨོན་ལམ་གྱི་མཐུས་ཕྱི་རོལ་དོན་དུ་གྱུར་པའི་གཟུགས་དང་སྒྲ་ལ་སོགས་པ་ཕྱི་རོལ་དུ་གྲུབ་ནས། དེའི་རྣམ་པ་སེམས་ཅན་གྱི་ཤེས་རྒྱུད་ལ་འཆར་བར་འདོད་པ་ནི་གཞུང་གི་དོན་མ་ཡིན་ཏེ། དེ་ལྟར་འདོད་པ་དེ་ནི་མདོ་སྡེ་པའི་གཞུང་ལས་འབྱུང་བའི་གཟུང་དོན་ཁས་ལེན་ཚུལ་དང་ཁྱད་པར་མེད་ལ། དེ་ལྟ་ན་སེམས་ཅན་གྱི་ཤེས་རྒྱུད་ལ་དངོས་སུ་མི་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་ཕྱི་རོལ་ན་ཡོད་པར་ཁས་བླངས་པ་ཡིན་ཏེ། དེ་སེམས་ཅན་གྱི་ཤེས་རྒྱུད་ལ་རང་འདྲའི་རྣམ་པ་གཏོང་བྱེད་ཀྱི་རྒྱུར་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ཁས་བླངས་མོད་དེ་ལས་ཅིར་འགྱུར་ཞེ་ན། སེམས་ཅན་གྱི་བློའི་མེ་ལོང་ལ་དངོས་སུ་མ་ཤར་བའི་སངས་རྒྱས་ཀྱི་གཟུགས་སྐུ་ཡོད་པ་མ་ཡིན་ཏེ། གཟུགས་སྐུ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་གྱི་མཚན་གྱི་རྣམ་གྲངས་ཡིན་ལ། གདུལ་བྱའི་བློའི་མེ་ལོང་མ་ལྟོས་པར་གཟུགས་བརྙན་དེ་མི་འབྱུང་བའི་ཕྱིར། དཔེར་ན། མཚོ་དྭངས་པ་དང་མེ་ལོང་དྭངས་པའི་སྔ་རོལ་དུ་ཡོད་པ་ཞིག་གི་གཟུགས་བརྙན་དེ་ལ་འཆར་བ་མ་ཡིན་པ་བཞིན་ནོ། །འོ་ན་དབང་འབྱོར་བའི་གཟུགས་སུ་ཁས་ལེན་པ་དང་འགལ་ལོ་ཞེ་ན། ཕྱི་རོལ་ན་མེད་བཞིན་དུ་དེར་གཟུགས་སུ་སྣང་བ་ལ་དེར་བརྗོད་པ་ཡིན་གྱི། དེ་ལས་གཞན་དུ་ན་དབང་འབྱོར་བའི་གཟུགས་ཀྱི་སྐྱེ་མཆེད་དུ་ཐལ་བ་ལས། ཆོས་ཀྱི་སྐྱེ་མཆེད་དུ་བཤད་པའི་ཕྱིར་ཉེས་པ་མེད་དོ། །དེ་སྐད་དུ་ཡང༌། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང༌། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་པས་གཟོ་མེད་ཅིང༌། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་གསུངས་སོ། །མདོར་བསྡུ་ན། སངས་རྒྱས་ཀྱི་སྐུ་སྟོན་པ། གསུང་བརྗོད་པ། སྤྲུལ་པ་འགྱེད་པ། ཡེ་ཤེས་འཕྲོ་བ། སེམས་ཅན་གྱི་བསམ་པ་རྫོགས་པ། གཞན་གྱི་རྣམ་རིག་ལ་སྣང་བ། ཐུགས་རྗེས་ཁྱབ་པ། དགེ་བའི་རྩ་བ་འཕེལ་བ་སྟེ། དོན་དགུ་བོ་རྣམས་ནི། དཔེ་བརྒྱ་བྱིན་ལ་སོགས་པ་དགུ་དང་འདྲ་ལ། ཇི་ལྟར་འདྲ་བའི་ཚུལ་ནི། བརྒྱ་བྱིན་གྱི་གཟུགས་བརྙན་བརྒྱ་བྱིན་དངོས་མ་ཡིན་པ་དང༌། ཚངས་པའི་སྤྲུལ་པ་ཚངས་པ་དངོས་མ་ཡིན་ཀྱང༌། དེ་དང་དེའི་བྱེད་ལས་སྒྲུབ་པ་བཞིན་དུ་ཆོས་སྐུའི་གཟུགས་བརྙན་དེ་ཆོས་སྐུ་དངོས་མ་ཡིན་ཀྱང༌། དེས་དེའི་ཕྲིན་ལས་སྒྲུབ་པའི་ཚུལ་གྱིས་འདྲའོ། །རྒྱས་པར་ནི་གཞུང་དེ་ཉིད་ཀྱི་སྟེང་ནས་རྟོགས་པར་བྱ་ལ། མདོར་སྡུ་ན་གདུལ་བྱའི་རྣམ་རིག་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་བའི་རྒྱུའི་རྐྱེན་ནི། གདུལ་བྱའི་རྒྱུད་ཡོངས་སུ་དག་པའོ། །བདག་པོའི་རྐྱེན་ནི་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་གྲུབ་པའོ། །དམིགས་རྐྱེན་མཚན་ཉིད་མེད་ཀྱང༌། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ནི་ཆོས་སྐུའི་ཡེ་ཤེས་དེ་ཉིད་དོ། །རྒྱུ་རྐྱེན་དེ་དག་ཚོགས་པ་ལས་སེམས་ཅན་གྱི་རྣམ་རིག་ལ་མཚན་དང་དཔེ་བྱད་ཀྱི་རྣམ་པ་ཤར་བ་ལ་གཟུགས་ཀྱི་སྐུའི་ཐ་སྙད་བྱས་སོ། །དེ་སྐད་དུ་ཡང༌། སློབ་དཔོན་སེང་གེ་བཟང་པོས་ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་སྣང་བ་བསྐྱེད་པའི་སྒོ་ནས་དོན་བྱ་བ་མཛད་པས། གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བརྟེན་པའི་ལས་དེའི་བདག་པོ་ལ་བརྟེན་ནས་བྱུང་བ་རྣམས་ནི། ཆོས་ཀྱི་སྐུའི་ཡིན་ནོ། །ཞེས་གསུངས་པ་ཡང་དོན་དེ་ཉིད་དོ། །གཉིས་པ་མདོ་སྡེ་རྒྱན་ལས་གསུངས་པའི་ཚུལ་ལ། དངོས་དང༌། དེ་ཉིད་ཐེག་བསྡུས་ཀྱི་ལུང་གིས་བཤད་པའོ། །དང་པོ་ལ་སྐུ་གསུམ་དུ་དབྱེ་བ་དང༌། སོ་སོའི་རང་བཞིན་ངོས་བཟུང་བའོ། །དང་པོ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། རང་བཞིན་གྱི་སྐུ་ནི་གནས་གྱུར་མཐར་ཐུག་པའི་ཡེ་ཤེས་སོ། །གཉིས་པ་ལ། སྣང་ཚུལ་དང༌། གནས་ཚུལ་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །གཉིས་པ་སྣང་ཚུལ་གྱི་ལོངས་སྐུ་ནི། ཇི་སྐད་དུ། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ལོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་སོ། །གཉིས་པ་སྤྲུལ་སྐུ་ལ་ཡང༌། གནས་ཚུལ་དང༌། སྣང་ཚུལ་གཉིས་ལས། དང་པོ་ནི། ཇི་སྐད་དུ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཞིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་སྒྲུབ་པ་འོ། །ཞེས་གསུངས་སོ། །གཉིས་པ་ནི། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །ཞེས་དང༌། གཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པས་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་མོ། །ཞེས་སོ། །མདོར་ན་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཀྱི་སྐུ་དོན་གཅིག་ཏུ་བཤད་པས་འཇུག་སྡུ་བ་ནི། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གི་རང་གཞན་གྱིས། །དོན་འདི་རྟེན་དང་བཅས་པ་བསྟན། །ཞེས་གསུངས་སོ། །གཉིས་པ་དེ་ཉིད་ཐེག་བསྡུས་ཀྱི་ལུང་གིས་བཤད་པ་ནི། ཇི་སྐད་དུ། སངས་རྒྱས་ཀྱི་སྐུ་གསུམ་པོ་ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུས་ཡེ་ཤེས་ཀྱི་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། གང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་རབ་ཏུ་ཕྱེ་བ་དང༌། ཆོས་ཀྱི་སྐུ་ལ་བརྟེན་པ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་མྱོང་བར་མཛད་པའི་ཕྱིར་རོ། །སྤྲུལ་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་པ་ཉིད་དེ། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་བཟུང་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ཕྱིར། །ཞེས་གསུངས་སོ། །དེ་ལྟར་སྣང་ཚུལ་གྱི་ལོངས་སྤྲུལ་གཉིས་པོ་དེ་སངས་རྒྱས་མ་ཡིན་པའི་ཚུལ་ཡང་རྒྱས་པར་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ནི་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་བཤད་ནས། ལོངས་སྤྲུལ་གཉིས་པོ་དེ་མ་ཡིན་པའི་ཐ་སྙད་རྒྱས་པར་གསུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེ་ཉིད་ལས། སངས་རྒྱས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་སྐུའོ། །མདོར་བསྡུ་ན། མཚན་ཉིད་ལྔར་རིག་པར་བྱ་སྟེ། གནས་གྱུར་པའི་མཚན་ཉིད་དང༌། དཀར་པོའི་ཆོས་ཀྱི་རང་བཞིན་གྱི་མཚན་ཉིད་དང༌། གཉིས་སུ་མེད་པའི་མཚན་ཉིད་དང༌། ཐ་དད་པ་གཅིག་པ་གཉིས་སུ་མེད་པའི་མཚན་ཉིད་དང༌། རྟག་པའི་མཚན་ཉིད་དོ། །ཞེས་མཚན་ཉིད་ལྔ་ལྡན་དུ་བཤད་ནས་དེ་ལོངས་སྤྲུལ་གཉིས་ལ་མེད་པར་སྒྲུབ་པ་ནི། ཇི་སྐད་དུ། དེ་ཉིད་ལས། ལོངས་སྤྱོད་རྫོགས་པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་དྲུག་གིས་ཕྱིར་ཏེ། གཟུགས་ཀྱི་སྐུར་སྣང་བ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་དུ་སྣང་བ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། ལྷ་ལ་སོགས་པའི་འཁོར་སྣ་ཚོགས་དང་འདྲེས་པས་འདྲེས་པར་སྣང་བ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་གནས་གྱུར་པར་མི་རིགས་པར་སྣང་བའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུ་ངོ་བོ་ཉིད་ཀྱི་སྐུར་མི་རིགས་སོ། །ཅིའི་ཕྱིར་སྤྲུལ་པའི་སྐུ་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན། རྒྱུ་བརྒྱད་ཀྱི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་མི་ཉམས་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་དགའ་ལྡན་དང་མིའི་ནང་དུ་སྐྱེ་བར་མི་རིགས་སོ། །སྐྱེ་བ་དྲན་པ་རྣམས་ཡི་གེ་དང་རྩིས་དང༌། གྲངས་དང༌། ལག་རྩིས་དང༌། གཟོ་དང༌། བསྟན་བཅོས་དང༌། འདོད་པ་ལ་སྤྱོད་པ་དང༌། ལོངས་སྤྱོད་མཁྱེན་པ་མི་རིགས་སོ། །ཉེས་པར་བཤད་པ་དང༌། ལེགས་པར་བཤད་པའི་ཆོས་བསྟན་པ་མཁྱེན་པ་རྣམས་མུ་སྟེགས་ཅན་གྱི་གན་དུ་བཞུད་པར་མི་རིགས་སོ། །ཐེག་པ་གསུམ་གྱི་ལམ་གྱི་ཆོས་བཟང་པོ་མཁྱེན་པ་རྣམས་དཀའ་བ་སྤྱད་པར་མི་རིགས་སོ། །འཛམ་གླིང་བྱེ་བ་ཕྲག་བརྒྱ་བོར་ཏེ་གཅིག་པུར་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་རིགས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་སྐབས་འདིར་འདི་དཔྱད་པར་བྱ་སྟེ། འོ་ན་ཅི་གཞན་སྣང་གི་སྐུ་གཉིས་པོ་ལ་ཡེ་ཤེས་ཡོད་དམ་མེད། མེད་ན་བེམས་པོའམ། ལྡན་པ་མ་ཡིན་པའི་འདུ་བྱེད་ལས་མ་འདས་ལ། དང་པོ་ལྟར་ན་ཡེ་ཤེས་དེ་སངས་རྒྱས་དང་སེམས་ཅན་གྱི་ཤེས་རྒྱུད་གང་གིས་བསྡུས་ཞེས་རྣམ་པར་བརྟགས་ན། དང་པོ་ལྟར་ན་ནི་སྐུ་གཉིས་པོ་སངས་རྒྱས་ཀྱི་སྐུ་དངོས་སུ་ཐལ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཡེ་ཤེས་མཚན་ཉིད་པ་རྒྱུད་ལ་ཡོད་པའི་ཕྱིར། གཉིས་པ་ལྟར་ན་ནི། སྐུ་དེ་དག་གི་སྣང་བ་གང་ལ་ཤར་བའི་སེམས་ཅན་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཐལ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་རྒྱུད་ལ་ལྡན་པའི་ཕྱིར་སྙམ་དུ་དོགས་ན་ནི། བརྟག་པ་གཉིས་པ་ཁས་མི་ལེན་ལ། བརྟག་པ་དང་པོ་ཁས་ལེན་དགོས་པ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་མངོན་དུ་མཛད་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས་པས་སོ། །རྗེ་བཙུན་བྱམས་པའི་གཞུང་ལས། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཏུ་འདུས་ཀྱང་རྣམ་སྨིན་གྱི་སྐུ་ཐ་དད་ལ་བརྟེན་ནས་ཐ་དད་ཀྱི་ཐ་སྙད་འདོགས་པ་དང༌། རྣམ་སྨིན་གྱི་སྐུ་དེ་དག་ཀྱང་རྒྱུད་གཅིག་ཏུ་འདྲེས་པར་བཤད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། རིགས་ཐ་དད་ཕྱིར་དོན་ཡོད་ཕྱིར། །རྫོགས་ཕྱིར་ཐོག་མ་མེད་པའི་ཕྱིར། །ཞེས་དང༌། ཟབ་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །སངས་རྒྱས་གཅིག་མིན་མང་པོའང་མིན། །ཞེས་གསུངས་པ་དང༌། རླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྦྱང་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟེན་པ་རྣམས། །རྟེན་ཡང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཡང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱོད་པ་ཆེ། །ཞེས་གསུངས་སོ། །དེའི་དོན་ལ་བརྟགས་པ་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ལྡོག་པས་ཐ་དད་དུ་འབྱེད་པ་དང༌། ངོ་བོ་གཅིག་ཅིང་རྟེན་ལོངས་སྐུ་ཡང་གཅིག་ལ་བརྟེན་པ་དང༌། ཕྲིན་ལས་ཀྱང་གཅིག་ཏུ་འདྲེས་པའི་རྒྱུ་མཚན་གྱིས་གཅིག་གི་སྤྲུལ་པའི་སྐུ་གང་ཡིན་པ་དེ། ཐམས་ཅད་ཀྱི་སྤྲུལ་པའི་སྐུར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟར་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །མཛད་པ་གཅིག་ནི་མཛད་པ་ལ། །ཡེ་ཤེས་སྣང་བ་མཛད་པར་འདོད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་གཞན་སྣང་གི་སྐུ་གཉིས་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་སུ་ཐལ་བར་མི་འགྱུར་ཏེ། གཟུགས་སྐུ་གཉིས་པོའི་རྒྱུད་ཀྱི་ཡེ་ཤེས་ནམ་མཁའ་དང་འདྲ་བ་དེ་ལས། གདུལ་བྱ་སེམས་ཅན་གྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྣང་བའི་རྣམ་རིག་གདུལ་བྱའི་ཤེས་རྒྱུད་ཀྱིས་བསྡུས་པ་གང་ཡིན་པ་དེ་ཁོ་ན་ལ་གཟུགས་ཀྱི་སྐུར་འཇོག་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླ་མར། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །ཞེས་དང༌། ཇི་ལྟར་རྒྱུ་མིན་ནམ་མཁའ་ནི། །ཞེས་པ་ནས། དེ་བཞིན་སྐུ་གཉིས་སྒྲིབ་མེད་པའི། །སྦྱོར་བས་བརྟན་པའི་དབང་དོན་ལ། །ཟག་པ་མེད་པའི་ཡོན་ཏན་དག །སྐྱེ་བ་ཡི་ནི་རྒྱུ་ཡིན་ནོ། །ཞེས་དང༌། དེའི་འགྲེལ་པར། གང་གི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་དེ་བཞིན་གཤེགས་པ་བལྟ་བར་འགྱུར་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་པ་དང༌། རྩ་བར། དྲུག་པས་དེ་ཡི་དངོས་མིན་ཕྱིར། །གཟུགས་སྐུ་བསམ་གྱིས་མི་ཁྱབ་བོ། །ཞེས་གདུལ་བྱའི་རྣམ་རིག་ལ་སྣང་བ་དེ་ཉིད་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་པར་བཤད་པའི་ཕྱིར་རོ། །གསུམ་པ་མངོན་པར་རྟོགས་པའི་རྒྱན་ལས་གསུངས་པའི་ཚུལ་ལ། རྩ་བའི་དངོས་བསྟན་ཇི་ལྟར་ཡིན་པ་དང༌། བཟང་པོའི་ཞབས་ཀྱི་དགོངས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གང་ཡིན་པ་དང༌། དེ་ལས་གདུལ་བྱ་ལ་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་བའི་ཚུལ་དང༌། དེ་ཤར་ནས་ཕྲིན་ལས་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་དེ་བཞིན་ཉིད་དང་དབྱེར་མེད་པའི་ཡེ་ཤེས་དེ་ཉིད་ལ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ། ངོ་བོ་ཉིད་ཀྱི་སྐུ་དེ་ཉིད་ཆོས་ཉིད་ཀྱི་སྐུ་ཡིན་ནོ་ཞེས་སྟོན་པ་ནི། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བྱ་བའི་བར་རོ། །གཉིས་པ་ལ། གདུལ་བྱ་བློའི་མེ་ལོང་ཐོབ་པ་རྣམས་ལ་ཆོས་ཀྱི་སྐུ་དེ་ཉིད་གཟུགས་ཀྱི་སྐུར་འཆར་བའི་ཚུལ་དང༌། དེ་མ་ཐོབ་པ་རྣམས་ལ་དེར་མི་འཆར་བའི་ཚུལ་དང༌། དེ་ལྟ་ན་ཡང་སངས་རྒྱས་རྟག་པར་གསུངས་པ་དང་མི་འགལ་བའི་ཤེས་བྱེད། དེ་ལྟར་ཤར་བའི་སྐུ་གཉིས་པོ་སོ་སོའི་ངོ་བོ། དང་པོ་ནི། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་སོ། །གཉིས་པ་ནི། ལྷའི་རྒྱལ་པོས། ཞེས་སོགས་སོ། །གསུམ་པ་ནི། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །ཞེས་སོ། །བཞི་པ་ལ་གཞན་སྣང་གི་ལོངས་སྐུ་ངོས་བཟུང་བ་དང༌། སྤྲུལ་སྐུ་ངོས་བཟུང་བའོ། །དང་པོ་ནི། མཚན་ནི་སུམ་ཅུ་རྩ་གཉིས། སོགས་སོ། །གཉིས་པ་ནི། གང་གི་སྲིད་པ་ཇི་སྲིད་པ། །ཞེས་སོགས་སོ། །གསུམ་པ་ལ། ལོངས་སྐུའི་ཕྲིན་ལས་ནི་དེ་ཉིད་དང་ལྷན་ཅིག་ཏུ་བཤད་ཟིན་པས། འདིར་དེའི་ཆ་ནས་མི་འཆད་ཀྱི། སྤྲུལ་སྐུའི་འཕྲིན་ལས་ཇི་ལྟར་འབྱུང་བའི་ཚུལ་འཆད་པ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་སོགས་སོ། །གཉིས་པ་སློབ་དཔོན་གྱི་ལུགས་ལ། སངས་རྒྱས་ཀྱི་སྐུ་ནི་གཉིས་ཏེ། གནས་ཚུལ་དོན་དམ་པའི་བདེན་པ་དང༌། སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པའོ། །དང་པོ་ནི། སངས་རྒྱས་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་མཚན་ཉེར་གཅིག་དང་དབྱེར་མེད་པའི་ཆོས་ཉིད་དེའོ། །གཉིས་པ་ལ། དེ་ལྟ་བུའི་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་དེ་སྣང་ཚུལ་མི་འདྲ་བ་གསུམ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བ་དང༌། བྱང་སེམས་འཕགས་པའི་ཡེ་ཤེས་ལ་སྣང་བ་དང༌། ཉན་ཐོས་ལ་སོགས་པའི་རྣམ་ཤེས་ལ་སྣང་བའོ། །དེ་ལྟར་སྣང་བའི་ཡུལ་ཅན་གྱི་རྣམ་རིག་གསུམ་ལ། རྣམ་རིག་དང་པོ་ལ་ཡེ་ཤེས་ཀྱི་སྐུ་དང༌། གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། གསུམ་པ་ལ་སྤྲུལ་པའི་སྐུ་ཞེས་གཞག་པའོ། །དེ་ལྟར་གསུམ་ལས། སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བ་དེ་ནི་ཆོས་སྐུ་དངོས་ཡིན་ཏེ། ཡེ་ཤེས་དེ་ཉིད་ཀྱིས་བསྡུས་པའི་ཕྱིར། ཕྱི་མ་གཉིས་ནི་དེ་མ་ཡིན་ཏེ། སྣང་མཁན་དེ་ཉིད་ཀྱི་ཡེ་ཤེས་དང༌། རྣམ་ཤེས་ཀྱིས་སོ་སོར་བསྡུས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྐུ་ལྷག་མ་གསུམ་པོ་ཡང་དག་པའི་ཀུན་རྫོབ་ཏུ་སྣང་བ་ཞེས་དང༌། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཞེས་དང༌། ཇི་ལྟར་མོས་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་གཞག་པ་ཡིན་ནོ། །ཞེས་གསུངས་པས་སོ། །འོ་ན་ལུགས་འདི་ལ་རྟོགས་ཡེ་ཆོས་སྐུ་ཀུན་རྫོབ་ཀྱི་བདེན་པར་འདོད་པ་མ་ཡིན་ནམ་ཞེ་ན། འདི་རྣལ་འབྱོར་པའི་ཀུན་རྫོབ་ཏུ་འཆང་བ་ཡིན་ལ། དེ་ཙམ་གྱིས་དོན་དམ་པའི་བདེན་པར་འགལ་བ་མ་ཡིན་ཏེ། དོན་དམ་པའི་བདེན་པ་ཡང་མཐར་དེར་ཁས་ལེན་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་སྣང་བ་སྐྱེད་པའི་སྒོ་ནས་ཡེ་ཤེས་ཆོས་སྐུའི་དབང་དུ་བྱས་ནས་བཤད་པའི་ཕྱིར་དང༌། ཡེ་ཤེས་ཀྱི་སྐུ་དེ་ཉིད་ཀྱང་དོན་དམ་པའི་སྐུར་ཁས་ལེན་དགོས་ལ། དེ་ལྟ་ན་འཇིག་རྟེན་གྱི་ཀུན་རྫོབ་བདེན་པར་འགལ་བའི་ཕྱིར་རོ། །ཡང་སློབ་དཔོན་འདིའི་ལུགས་ལ། གཞན་སྣང་གི་སྐུ་གཉིས་པ་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་པར་ཁས་ལེན་དགོས་ཏེ། གཞན་དུ་ན་རྣལ་འབྱོར་སྤྱོད་པའི་དབུ་མའི་ཚུལ་ལུགས་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། བྱང་སེམས་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་མཚན་དང་དཔེ་བྱད་ཀྱི་གཟུགས་སུ་སྣང་བ་དེའི་ཚེ་ན། དེ་ལྟར་སྣང་བའི་གཟུང་རྣམ་དེ་སྣང་མཁན་རང་གི་ཤེས་པ་ཡིན་ནམ་མ་ཡིན། ཡིན་ན་རྫོགས་པའི་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་པར་འགྱུར་ཏེ། བྱང་སེམས་ཉིད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། དེ་དེ་མ་ཡིན་ན་ཇི་སྐད་དུ། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་འདི་ནི་སེམས་ཙམ་ཁོ་ན་ཡིན་གྱི། ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དེ་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་སྣང་མཁན་རང་གི་ཤེས་པ་ལས་དངོས་པོ་ཐ་དད་པ་གཅིག་ཡོད་དམ་མེད། མེད་ན་ནི། སྐུ་གཉིས་པོ་དེ་དངོས་མ་ཡིན་པར་གྲུབ་སྟེ། དེར་སྣང་བ་དེ་ནི་མ་ཡིན། སྣང་བ་དེ་འཆར་བར་བྱེད་པའི་རྒྱུ་དེ་ལས་དངོས་པོ་ཐ་དད་པ་གཞན་མ་དམིགས་པའི་ཕྱིར་རོ། །དེ་ཡོད་ན་མཚན་དཔེའི་གཟུགས་དངོས་སམ། སངས་རྒྱས་ཀྱི་ཡེ་ཤེས་གཉིས་ལས་གང་ཡིན། དང་པོ་ལྟར་ན་གཟུང་འཛིན་རྫས་གཞན་ཁས་བླངས་པར་འགྱུར་ཏེ། གཟུགས་འཛིན་པའི་རྟོག་མེད་ཀྱི་ཤེས་པ་ལ་གཟུགས་ཀྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་རྫས་གཞན་དུ་གྱུར་པའི་གཟུགས་ཀྱི་དངོས་པོ་ཞིག་དམིགས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང༌། དེ་ལྟར་སྣང་བའི་སྐུ་གཉིས་པོ་དེ་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་པར་གྲུབ་སྟེ། གདུལ་བྱའི་རྣམ་རིག་ལ་གཟུགས་ཀྱི་སྐུར་སྣང་བ་དེ་ནི་གདུལ་བྱའི་སེམས་རྒྱུད་ཀྱིས་བསྡུས། དེ་ལ་དེའི་རྣམ་པ་གཏོད་བྱེད་ཀྱི་སངས་རྒྱས་ཀྱི་སྐུ་དངོས་དེ་ནི་དེ་ལ་མི་སྣང་བའི་ཕྱིར་རོ། །དེ་ལ་དེ་སྣང་ན་ནི། དེ་སྣང་མཁན་གྱི་གདུལ་བྱའི་བློ་དེ་དག་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ། སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་སྣང་བའི་བློ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་བཟློག་པར་མི་ནུས་སོ། །བོད་ཕྱི་མ་དག་སློབ་དཔོན་འདིའི་ལུགས་ལ་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་གང་ཡིན་ངོ་བོ་ཉིད་ཀྱི་སྐུར་འདོད་པ་དེ་དག་གིས་ནི། སེམས་ཅན་ཐམས་ཅད་ལ་ངོ་བོ་ཉིད་ཀྱི་སྐུས་ཁྱབ་པར་མི་འདོད་བཞིན་དུ་ཁས་ལེན་དགོས་ཏེ། སངས་རྒྱས་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་གང་ཡིན་པ་དེ་ཡང་སེམས་ཅན་གྱི་ཆོས་ཉིད་དུ་ནི་ངེས་པར་ཁས་ལེན་དགོས་ལ། དེ་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུར་ཡང་ཁས་བླངས་པའི་ཕྱིར་རོ། །སྤྱིར་ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་སུ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་སྐུ་བཞི་པའི་རྣམ་གཞག་བྱེད་པ་དེའི་ཚེ་ན། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་དང༌། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དང༌། དང་པོའི་སངས་རྒྱས་ཞེས་བྱ་བ་དང༌། རང་བཞིན་གྱི་ཤེར་ཕྱིན་ཞེས་བྱ་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་བཤད་པ་ཡིན་པས། རྫོགས་པའི་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་མི་བཞེད་དོ། །དོན་དེ་ལ་སྔགས་ཀྱི་ཐེག་པར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། དང་པོའི་སངས་རྒྱས་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། མི་མངོན་མི་སྣང་ཞེས་བྱ་བ་དང༌། མི་འགྱུར་ཀུན་འགྲོ་ཞེས་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་མིང་གིས་བཏགས་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། བདེ་བར་གཤེགས་པའི་སྙིང་པོ་དང༌། ཡུམ་ཆེན་མོ་དང༌། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་མིང་གིས་བཏགས་ལ། དེ་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཚེ་སེམས་ཅན་གྱི་ངོ་བོ་ཉིད་དང༌། རྫོགས་པའི་སངས་རྒྱས་ཀྱི་རྒྱུད་ལ་བཞུགས་པ་དེའི་ཚེ་ན་དེའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །དོན་དེ་ལ་རྗེ་བཙུན་གྱིས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང༌། དབུ་མ་ལས་ཀྱང༌། དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་འགྲོ་བའི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་སློབ་དཔོན་འདིའི་ལུགས་ཀྱི་ངོ་བོ་ཉིད་ཀྱི་སྐུ་དང༌། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ལ་ཁྱད་པར་མི་བཞེད་པས་དེའི་ངོས་འཛིན་ནི། གོང་དུ་བཤད་པ་དེ་ཉིད་ལས་གཞན་མེད་དོ། །དེས་ན་དེའི་བཞེད་པ་ནི། འདི་ལྟར་རྫོགས་པའི་སངས་རྒྱས་ཀྱི་སྤངས་རྟོགས་དབྱེར་མེད་པའི་སྐུ་དེ་ཉིད་ལ་དོན་དམ་པ་ཆོས་ཀྱི་སྐུ་ཞེས་བྱ་ལ། དེ་ལ་ལྡོག་པའི་དབྱེ་བས་གཉིས་ཏེ། རྟོགས་པ་དེས་ཁྱད་པར་དུ་བྱས་པའི་སྤངས་པ་ལ་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་ལ། སྤངས་པ་དེས་ཁྱད་པར་དུ་བྱས་པའི་རྟོགས་པ་ལ་ནི་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་འཇུག་པ་རྩ་འགྲེལ་ལས་གསུངས་པའི་ཚུལ་ལ། སངས་རྒྱས་ཀྱི་སྐུ་ཐམས་ཅད་ཆོས་སྐུ་ཉག་གཅིག་ཏུ་བསྟན་པ། དེ་ལས་གཟུགས་སྐུ་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ནི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་ལ། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་ས་བོན་དྲུངས་ཕྱུང་བའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་ཆོས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་བྱ་ལ། དེའི་ལུས་ཡིན་པའི་ཕྱིར་ན་སྐུ་ཞེས་དང༌། དེ་ཉིད་གནས་ལུགས་མཐར་ཐུག་པ་ཡིན་པའི་ཕྱིར་ཆོས་ཉིད་ཅེས་ཀྱང་བྱའོ། །དེ་འདྲ་དེ་གཉིས་སུ་སྣང་བའི་ཚུལ་གྱིས་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། སྤྲོས་པ་ལས་འདས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཤེས་བྱའི་བུད་ཤིང་མ་ལུས་པ་བསྲེགས་པའི་འོག་ཏུ་དེ་ལུས་པ་ལ་འགལ་བ་མེད་དོ། །དེ་སྐད་དུ་ཡང༌། ཤེར་ཕྱིན་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །འོ་ན་འདི་ཤེས་བྱ་ཟད་པ་དང༌། སེམས་འགགས་པའི་དོན་ཅི་ཞེ་ན། འདིར་ཤེས་བྱ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་གོ །དོན་དམ་པའི་བདེན་པ་ཤེས་བྱར་བཤད་པ་ནི། རྣམ་ཤེས་ཀྱི་ཡུལ་དུ་འཆར་བ་ཐམས་ཅད་འགགས་ནས་ཡུལ་གང་གི་ཡང་རྣམ་པ་མ་ཤར་བ་ལ་ཤེས་བྱར་རྟགས་པ་ཡིན་གྱི། ཤེས་བྱ་མཚན་ཉིད་པ་མ་ཡིན་ནོ། །རྟོག་གེ་བ་གང་དག་དེ་ལ་དེའི་རྣམ་པ་ཤར་བ་དང༌། དེས་དེ་མངོན་སུམ་དུ་རྟོགས་པར་འདོད་པ་ལྟར་ན་ནི། ཡེ་ཤེས་རྟོག་པར་ཐལ་བར་འགྱུར་ཏེ། སྤྱི་མཚན་གྱི་རྣམ་པ་ཤར་བའི་བློ་ཡིན་པའི་ཕྱིར་རོ། །དོན་འདི་ལ་ནི་འཕགས་སེང་གཉིས་ཀྱང་མཐུན་ཏེ། གཞན་དག་གིས་སྟོང་ཉིད་མེད་དགག་གི་ཆ་རྣལ་འབྱོར་མངོན་སུམ་གྱི་ཡུལ་དུ་ཁས་བླངས་པ་ལ། ཡེ་ཤེས་སྟོང་པའི་ཡུལ་ཅན་དུ་ཐལ་བ་དང༌། སྟོང་ཉིད་འདུས་བྱས་སུ་ཐལ་བ་འཕངས་པ་ཡིན་ནོ། །འོ་ན་ཤེས་བྱ་དེ་རྒྱུ་ཅི་ལས་བྱུང་བ་ཡིན་ཞེ་ན། མ་རིག་པའི་དབང་གིས་བྱུང་བའོ། །མ་རིག་པ་དེ་ཡང་གང་ལས་བྱུང་ན། གཉིས་སྣང་སྔ་མའི་བག་ཆགས་ལས་བྱུང་བ་ཡིན་ནོ། །དེ་ལྟ་བུའི་གཉིས་སྣང་ཡུལ་དང་བཅས་པ་སྟེ། གཉིས་མེད་ཀྱི་ཡེ་ཤེས་ཡུན་རིང་དུ་བསྲེགས་པ་ལས། གཉིས་སྣང་གི་བུད་ཤིང་མ་ལུས་པར་ཟད་པའི་ཕྱིར་བུད་ཤིང་དེ་ལས་བྱུང་བའི་སེམས་སེམས་བྱུང་གི་རྒྱུ་བ་འགགས་སོ། །དེ་འགགས་པ་དེའི་ཕྱིར་སངས་རྒྱས་ཀྱིས་དེས་བསྡུས་པའི་ཀུན་རྫོབ་ཀྱི་བདེན་པ་ནི་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་མེད་པ་དེའི་ཕྱིར། གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལ་དོན་དམ་པའི་བདེན་པ་ཞེས་བྱའོ། །འོ་ན་སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ་སེམས་དང་སེམས་ལས་བྱུང་བ་ནི་རྣམ་པར་ཤེས་པ་ཁོ་ན་ལས་ཕྱེ་བ་ཡིན་ལ། རྣམ་པར་ཤེས་པ་དེ་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར་དང༌། ཇི་སྲིད་རྣམ་པར་ཤེས་པ་གནས་མ་གྱུར་པ་དེ་སྲིད་དུ་ཡེ་ཤེས་རྣམ་པ་ལྔ་མ་ཚང་བའི་ཕྱིར་རོ། །དེ་ཉིད་དེ་ལས་ཕྱེ་བ་ཡིན་པར་ཡང་ཇི་སྐད་དུ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་གསུངས་པ་དང༌། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པའི་འགྲེལ་བཤད་དུ་བློ་བརྟན་གྱིས་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དང༌། སེམས་སེམས་བྱུང་དང༌། ཁམས་གསུམ་པའི་རྣམ་པ་ཅན་ཞེས་པ་རྣམས་མིང་གི་རྣམ་གྲངས་སུ་བཤད་དོ། །དོན་དེ་དག་ལ་དགོངས་ནས་ཟླ་བའི་ཞབས་ཀྱིས། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་རྒྱུ་བ་ལོག་པར་ལན་ཅིག་མ་ཡིན་པར་གསུངས་སོ། །སྐུ་ཡིས་མངོན་སུམ་མཛད་ཅེས་པའི་དོན་ལ། བོད་སྔ་མ་དག་ཆོས་སྐུ་དེ་མངོན་དུ་བྱེད་པ་པོ་ལོངས་སྐུ་ཡིན་པར་འཆད་མོད། ཞིབ་ཏུ་འབྱེད་དགོས་པ་ཡིན་ཏེ། གཟུགས་སྐུའི་རྣམ་པར་ཅན་གྱི་ལོངས་སྐུ་དེ་ནི་ཆོས་ཀྱི་སྐུ་ལས་ཕྱིས་བྱུང་བའི་ཕྱིར། དེས་དེ་མངོན་དུ་བྱེད་པ་མ་ཡིན་ནོ། །ཡེ་ཤེས་ཀྱི་ངོ་བོ་གནས་པའི་གཞན་དོན་གྱི་ཆ་དེ་ཉིད་ལ་ལོངས་སྐུར་བཞག་ནས་དེ་ལྟར་ཁས་ལེན་པ་ལ་འགལ་བ་མེད་མོད། གཞུང་གི་དོན་ནི་འདི་ཡིན་ཏེ། བསྲེགས་པས་ཞི་དེ་ཞེས་པར་གཉིས་སྣང་གི་བག་ཆགས་ཉེ་བར་ཞི་བའི་དབྱིངས་མེད་པར་དགག་པ་དེ་ཁོ་ན་ཆོས་ཀྱི་སྐུ་ཡིན་ནམ་སྙམ་པ་ལ། དེ་མ་ཡིན་གྱི་དེ་འདྲ་དེ་ཡེ་ཤེས་ཀྱི་སྐུས་མངོན་དུ་བྱས་པ་དེའི་ཚེ་ན་ཆོས་ཀྱི་སྐུར་འཇོག་གོ་ཞེས་བྱ་བའི་དོན་དུ་འབྲེལ་བ་ལས་བཤད་དོ། །གཉིས་པ་དེ་ལས་སྐུ་གཉིས་ཀྱི་སྣང་བ་ཇི་ལྟར་འབྱུང་བའི་ཚུལ་ལ། ལོངས་སྐུའི་སྣང་བ་ཇི་ལྟར་འཆར་བའི་ཚུལ་དང༌། རྒྱུ་མཐུན་གྱི་སྐུའི་སྣང་བ་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། བཤད་མ་ཐག་པའི་ཆོས་སྐུ་དེ་མངོན་སུམ་དུ་རྟོགས་པ་ནི་སངས་རྒྱས་ལས་གཞན་མེད་པས། དེ་གདུལ་བྱ་ལ་སྣང་བའི་ཚུལ་ཇི་ལྟ་བུ་ཞེ་ན། གདུལ་བྱ་ལ་གཉིས་ཏེ། སྤྲོས་བྲལ་མངོན་སུམ་དུ་མཐོང་བ་དང༌། མ་མཐོང་བའོ། །དང་པོ་ལ་ནི། བཤད་མ་ཐག་པའི་ཆོས་ཀྱི་སྐུ་དེ་ཉིད་ལོངས་སྐུའི་རྣམ་པ་ཅན་དུ་སྣང་བ་ཡིན་ནོ། །ཞེས་འཆད་པ་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །དེ་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་སྤྲོས་པ་དང་མ་བྲལ་བ་ཡེ་ཤེས་ཀྱི་མེ་ལོང་མ་ཐོབ་པ་རྣམས་ལ་ཇི་ལྟར་སྣང་ཞེ་ན། ལོངས་སྐུ་དེ་ཉིད་རྒྱུ་མཐུན་གྱི་སྐུར་འཆར་བ་ཡིན་ནོ། །ཞེས་འཆད་པ་ནི། ཐུབ་དབང་དུས་གཅིག་ཁོ་ན་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་སོགས་རྒྱས་པར་གསུངས་སོ། །འདི་ཐུན་མོང་དུ་གྲགས་པའི་མཆོག་གི་སྤྲུལ་སྐུ་དང་དོན་མི་གཅིག་སྟེ། དེའི་བཤད་ཚུལ་རྣམས་མ་ཚང་བའི་ཕྱིར་དང༌། ཉན་རང་དང་སོ་སོ་སྐྱེ་བོ་ལ་སྣང་ཚུལ་འདི་འབྱུང་བའི་བཤད་པ་མི་སྣང་བའི་ཕྱིར་དང༌། སྤྲུལ་པའི་སྐུའི་མིང་གིས་མ་བཏགས་པའི་ཕྱིར་རོ། །དེས་ན་འདིར་བཤད་པ་དེ་ནི་ལོངས་སྐུའི་ཆ་ཤས་ལས་ཕྱེ་བའི་རྒྱུ་མཐུན་གྱི་སྐུ་ཡིན་གྱི། མཆོག་གི་སྤྲུལ་པའི་སྐུ་ནི་འོག་ནས་ཇི་སྐད་དུ། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །ཅེས་གསུངས་པ་དེས་འཆད་པ་ཡིན་ཏེ། དེའི་སྔ་འགྲེལ་ལས། ང་ནི་སྤྲུལ་པའི་སྐུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤེས་རབ་ཐུན་མོང་བ་དང༌། ཐབས་ཐུན་མོང་བ་འབྱུང་བ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་ཡང་ཅི་རིགས་པར་འབྱུང་ལ། བདེ་འགྲོ་ལ་སོགས་པའི་སྒྲུབ་བྱེད་དུ་གྱུར་པ་ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བའི་དབང་དུ་བྱས་ནས། ཞེས་གསུངས་པས་སོ། །དེ་ལྟར་ན་གདུལ་བྱ་བློའི་མེ་ལོང་མ་ཐོབ་པ་རྣམས་ལ་སྣང་ཚུལ་ནི་འདི་ཡིན་ལ། སྔ་མ་རྒྱུ་མཐུན་གྱི་སྐུ་ནི་བློའི་མེ་ལོང་ཐོབ་པ་ལ་ཡང་སྣང་བའི་དབང་དུ་བྱས་པ་ཡིན་ཏེ། ལུང་གཞན་ལས་ལོངས་སྐུ་ཆེ་ཆུང་གཉིས་ཀྱི་བཤད་པ་འབྱུང་བ་དང་ཡང་མཐུན་ནོ། །ཞེས་བཤད་ན་ཡང་ལེགས་པར་བཤད་པར་འགྱུར་རོ། །ལུགས་འདི་ལ་ཡང་སྐུ་གཉིས་པོ་འདི་སངས་རྒྱས་ཀྱི་སས་བསྡུས་པ་མ་ཡིན་ཏེ། གཞན་སྣང་ཁོ་ནའི་དབང་དུ་བྱས་ནས་བཤད་པའི་ཕྱིར་དང༌། དེ་གཉིས་སངས་རྒྱས་ཀྱི་སས་བསྡུས་ན་སངས་རྒྱས་ལ་ཡང་རང་སྣང་ལ་གཟུགས་སྐུ་གཉིས་ཀྱི་སྣང་ཚུལ་དེ་ལྟར་དུ་འབྱུང་རིགས་པ་ལས། སྣང་ཚུལ་དེ་ནི་གདུལ་བྱ་བློའི་མེ་ལོང་ཐོབ་མ་ཐོབ་གཉིས་ཀྱི་དབང་དུ་བྱས་ནས་བཤད་པའི་ཕྱིར་དང༌། རང་སྣང་ལ་སྣང་ཚུལ་དེ་འདྲ་ཡོད་ན་གཟུང་འཛིན་གཉིས་སྣང་ཅན་དུ་ཐལ་བའི་ཕྱིར་རོ། །མདོར་ན་དོན་འདི་ལ་བསྟན་བཅོས་མཛད་པའི་སློབ་དཔོན་ཐམས་ཅད་ལ་མཐུན་ཅིང༌། གསེར་འོད་དམ་པའི་མདོ་སྡེ་ལས་དོན་དེ་ཉིད་གསལ་བར་གསུངས་པ་དང༌། ཤེར་ཕྱིན་སུམ་བརྒྱ་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང༌། དེས་ཤེས་བྱ་མཁྱེན་པའི་ཚུལ་ལོ། །དང་པོ་ནི། རྣམ་པར་ཤེས་པ་གནས་ཡོངས་སུ་གྱུར་པའི་གསལ་རིག་གི་ཆའོ། །དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་གནས་ཡོངས་སུ་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་ཡོངས་སུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་ཡོངས་སུ་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དེར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་སྐད་དུ་ཡང་མདོ་སྡེའི་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །ཞེས་སོགས་རྒྱས་པར་གསུངས་སོ། །འོ་ན་གནས་གྱུར་པ་དང༌། སྤངས་བྱ་དེའི་ས་བོན་སྤངས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣལ་འབྱོར་སྤྱོད་པའི་གཞུང་ལས་ཁྱད་པར་ཤིན་ཏུ་ཆེ་བར་བཤད་དེ། སྤང་བྱ་དེའི་ས་བོན་སྤངས་ཀྱང་དེའི་བག་ལ་ཉལ་ལམ་གནས་ངན་ལེན་མ་སྤངས་ན་གནས་གྱུར་མི་འབྱུང་བའི་ཕྱིར། དཔེར་ན་ཉན་ཐོས་དགྲ་བཅོམ་པས་ཉོན་ཡིད་ཀྱི་ས་བོན་སྤངས་ཀྱང༌། དེའི་གནས་ངན་ལེན་མ་སྤངས་པའི་རྒྱུ་མཚན་གྱིས་གནས་གྱུར་མཉམ་པ་ཉིད་ཀྱི་ཡེ་ཤེས་མི་འཇོག་པ་དང༌། རྒྱུན་མཐར་ཤེས་སྒྲིབ་ཀྱི་ས་བོན་སྤངས་ཀྱང་དེའི་གནས་ངན་ལེན་མ་སྤངས་པས་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་མི་འཇོག་པ་བཞིན་ནོ། །དེའི་ཕྱིར་གནས་གྱུར་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ནའོ། །ཡེ་ཤེས་དེའི་དབྱེ་བ་ནི། མདོ་སྡེའི་རྒྱན་ལས། བཞི་གསུངས་ཏེ། ཇི་སྐད་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ན་འོ། །ཞེས་གསུངས་སོ། །དེ་ཡང་འདི་ལྟར་བཤད་ན་བདེ་བར་འགྱུར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གང་དུ་ཡང་རིས་མ་འཆད་པ། དེ་གཉིས་ཀའི་རྟེན་དུ་གྱུར་པ་ཡིན་ཏེ། དཔེར་ན་སེམས་ཅན་གྱི་གནས་སྐབས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡུལ་གང་གི་ཡང་རྣམ་པ་མི་འཛིན་ཅིང༌། རྣམ་པར་ཤེས་པ་གཞན་རྣམས་ཀྱི་འབྱུང་ཁུངས་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང༌། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ལ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་སོ། །སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དངོས་ཀྱང་དེ་ཉིད་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྐུ་གསུམ་གྱི་ཟླས་ཆེ་བའི་ལོངས་སྐུ་ལ་འཆད་པ་ལས་ཀྱང༌། ཆོས་སྐུ་ལ་སྦྱར་ན་འབྲེལ་ཆགས་པས་བཤད་པའི་རྣམ་གྲངས་གཅིག་ཡིན་ནོ། །དེ་ལ་བརྟེན་པའི་ཡེ་ཤེས་ལ་གསུམ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་ཕྲིན་ལས་ཀྱི་ཡེ་ཤེས་སོ། །དེ་སྐད་དུ་ཡང༌། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །སྒོམ་པ་དག་པ་ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་གསུངས་སོ། །གཞན་ངོར་གཟུགས་སྐུའི་སྣང་བ་འཆར་བའི་རྒྱུའི་གཙོ་བོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཚུངས་པར་ལྡན་པའི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །སྙིང་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་སོ། །གཞན་ངོར་ཆོས་གསུང་བ་མི་སྣང་བ་སྟོན་པའི་རྒྱུ་ནི། སོ་སོར་རྟོག་པའི་ཡེ་ཤེས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས་བྱེད་པ་ཡིན་ཏེ། ཇི་སྐད་དུ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡིན། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་སོ། །བྱེ་བྲག་ཏུ་སྤྲུལ་སྐུ་སྣ་ཚོགས་ཀྱི་སྣང་བ་འབྱུང་བའི་རྒྱུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་མཛད་པ་ཡིན་ཏེ། ཇི་སྐད་དུ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་གྲུབ་པ་འོ། །ཞེས་གསུངས་སོ། །མདོར་ན་ཡེ་ཤེས་བཞི་པོ་དེ་ནི། སྐུ་གསུང་ཐུགས་ཕྲིན་ལས་རྣམས་ཀྱི་ངོ་བོར་བཤད་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་གཞུང་ལས་ཀྱང་ཡེ་ཤེས་རྣམ་པ་ལྔར་བཤད་པ་ཡང་ཡོད་དེ། འཕགས་པ་སངས་རྒྱས་ཀྱི་ས་ལས། སངས་རྒྱས་ཀྱི་ས་ནི་རྣམ་པ་ལྔ་པོ་འདིས་བསྡུས་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཞེས་སོགས་རྒྱས་པར་གསུངས་སོ། །དེ་ཡང་ཡུལ་ཆོས་ཉིད་དེ་ཉིད་ཡུལ་ཅན་ཡེ་ཤེས་དང་དབྱེར་མེད་དུ་འདྲེས་པའི་ཆ་ནས་དེར་འཇོག་པའམ། ཡང་ན་བཞི་ཀའི་ཁྱབ་བྱེད་ཀྱི་ཡེ་ཤེས་ལ་དེར་བཤད་དོ། །གཉིས་པ་ཤེས་བྱ་མཁྱེན་པའི་ཚུལ་ལ། གྲུབ་མཐའ་སྨྲ་བ་བཞིའི་འདོད་པ་ལས། བྱེ་བྲག་ཏུ་སྨྲ་བས་ནི། མེས་བུད་ཤིང་སེམས་ཅན་རིམ་གྱིས་བསྲེག་ནུས་པ་ལ་ཐམས་ཅད་བསྲེག་ཅེས་བརྗོད་པར་ལྟར། ཤེས་བྱ་མ་ལུས་པ་རིམ་གྱིས་མཁྱེན་པ་ལ། ཐམས་ཅད་མཁྱེན་པ་ཞེས་བརྗོད་དོ། །དེ་ཡང་འདུས་བྱས་ལ་བདེན་པ་གཉིས་ལས། གཉིས་ཀ་རྣམ་མེད་ཐུག་ཕྲད་དུ་བཟུང་ནས་མཁྱེན་ལ། འདུས་མ་བྱས་གསུམ་ནི་ཡང་མི་སྣང་བའི་ཚུལ་གྱིས་མཁྱེན་པའོ། །གཉིས་པ་མདོ་སྡེ་པའི་ལུགས་ལ་འདུས་བྱས་དང་འདུས་མ་བྱས་གཉིས་ལས། དང་པོ་ལ་དོན་དང་ཤེས་པ་གཉིས། དོན་གྱི་གནས་ཚུལ་ནི་རྡུལ་ཕྲ་རབ་ཏུ་གནས་པས། དེའི་རྣམ་པ་ཤར་ནས་མཁྱེན་པ་ལ་དེ་མཁྱེན་པར་བཏགས་པ་ཡིན་གྱི་དེ་ཉིད་དངོས་སུ་མི་སྣང་བར་འདོད་དོ། །ཤེས་པ་ལ་རང་གཞན་གཉིས་ལས། གཉིས་པ་དེ་ནི་གཞན་རིག་གི་ཚུལ་གྱིས་ཤེས་པ་ཡིན་ཏེ། གཞན་གྱི་ཤེས་པ་དེའི་རྣམ་པ་ཉམས་སུ་མྱོང་བ་ལ་གཞན་སེམས་ཤེས་པའི་མངོན་ཤེས་སུ་ཐ་སྙད་འདོགས་པའི་ཕྱིར། དེ་དེ་ལ་རང་རིག་ཏུ་འདོད་ན་ནི་སེམས་ཅན་གྱི་ཤེས་པ་སངས་རྒྱས་ཀྱི་ཡེ་ཤེས་སུ་ཐལ་བ་བཟློག་ཏུ་མེད་དོ། །འདུས་མ་བྱས་རྣམས་ནི་མི་སྣང་བའི་ཚུལ་གྱིས་མཁྱེན་པ་ཡིན་ཏེ། དེ་ལས་གཞན་དུ་ལྡོག་པ་གཞན་སེལ་རྣམས་མངོན་སུམ་ལ་སྣང་ན་རང་མཚན་དུ་ཐལ་བར་འགྱུར་རོ། །ལུགས་འདིས་འགོག་པ་གཉིས་ནི་མེད་དགག་ཏུ་འདོད་ཀྱང་གང་ཟག་གི་བདག་མེད་པ་ནི་རྣལ་འབྱོར་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་རང་མཚན་དུ་འདོད་དོ། །གསུམ་པ་སེམས་ཙམ་པའི་འདོད་པ་ལ། རྣམ་བདེན་བརྫུན་གཉིས་ལས། དང་པོའི་ལུགས་ལ། ཡེ་ཤེས་ཀྱིས་ཕྱི་རོལ་གྱི་དོན་ནི་མི་མཁྱེན་ཏེ། དེ་མེད་པར་གཟིགས་པའི་ཕྱིར། དེའི་རྣམ་པ་ཙམ་རང་རིག་པའི་ཚུལ་གྱིས་མཁྱེན་ནོ། །གཞན་རྒྱུད་ཀྱི་ཤེས་པ་མཁྱེན་པའི་ཚུལ་ཡང་དེའི་གཟུང་རྣམ་ཙམ་རང་རིག་གི་ཚུལ་གྱིས་མཁྱེན་པ་ཡིན་གྱི། དེ་ཉིད་དངོས་སུ་མྱོང་བ་མ་ཡིན་པར་རྒྱུད་གཞན་གྲུབ་པ་ལས་གསུངས་སོ། །དེ་ལྟ་ན་ཡང་དེ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་ཁས་ལེན་པ་ནི་མ་ཡིན་ཏེ། ཡིན་ན་གཟུང་འཛིན་རྫས་གཞན་དུ་ཐལ་བའི་ཕྱིར་དང༌། ཡེ་ཤེས་ཀྱིས་མཐོང་བ་ཇི་སྙེད་པ་ནི་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་ལ་མི་ལྟོས་པའི་ཕྱིར། དེ་ལྟ་ན་ཡང་མདོ་སྡེ་པས་ནི་དེ་དེའི་རྒྱུར་འདོད་དེ། ཇི་སྐད་དུ། དེ་ཕྱིར་དེ་ནི་ཤེས་ཙམ་གྱིས། །དོན་བྱེད་པར་ཡང་མི་རུང་ངོ༌། །ཞེས་དང༌། གཟུགས་མེད་ཁམས་ཀྱི་དགྲ་བཅོམ་པའི་སེམས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པ་ལ་ནུས་པ་དང་ལྡན་པར་བཤད་པས་སོ། །འདིར་ཡང་སྤྱི་མཚན་གྱི་མཁྱེན་ཚུལ་ནི་མདོ་སྡེ་པ་བཞིན་ནོ། །འོ་ན་ཤེས་བྱ་མ་ལུས་པ་མཁྱེན་ནམ། ཕྱོགས་རེ་ཙམ་མཁྱེན། དང་པོ་ལྟར་ན་ཤེས་བྱ་ལ་མཐའ་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ་ཞེ་ན། རྣམ་འགྲེལ་མཛད་པས་ནི། བླང་དང་དོར་བྱའི་དེ་ཉིད་ནི། །ཐམས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་གསུངས་ལ། སློབ་དཔོན་ཡེ་ཤེས་སྙིང་པོ་ནི། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་སོ། །དེ་བཞིན་དུ་ཚད་མ་རིགས་པའི་གཏེར་ལས་ཀྱང༌། དགོས་པའི་དོན་ཀུན་ཤེས་པ་ལ། །མཁས་རྣམས་ཐམས་ཅད་མཁྱེན་ཞེས་ཟེར། །ཐམས་ཅད་འདུས་ནས་ཉན་པ་ལ། །བ་ལང་མེད་ཀྱང་སྐྱོན་མ་ཡིན། །ཞེས་དང༌། བསྐལ་བའི་བར་དུ་བརྗོད་རྒྱུ་ཡང༌། །མེ་ལོང་ནང་དུ་ཅིག་ཅར་འཆར། །དེ་བཞིན་ཤེས་བྱ་མཐའ་མེད་ཀྱང༌། །མཁྱེན་པའི་སྐད་ཅིག་གཅིག་གིས་མཁྱེན། །ཞེས་ལུགས་གཉིས་ཀ་གསུངས་སོ། །རྣམ་བརྫུན་པའི་ལུགས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱི་མཚན་མཁྱེན་པའི་ཚུལ་ནི། ལུགས་སྔ་མ་དང་འདྲ་ལ། རང་མཚན་ལ་ཕྱིར་རོལ་གྱི་དོན་ནི་མེད་ཅིང༌། ཕྱི་རོལ་དོན་གྱི་རྣམ་པ་ཡང་སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་ལྟར། །དངོས་པོར་མེད་པའི་ཕྱིར་དེ་དངོས་སུ་མི་མཁྱེན་ནོ། །འོ་ན་ཅི་ཞིག་མཁྱེན་ཞེ་ན། གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་རང་རིག་རང་གསལ་བ་དེ་ཉིད་མཁྱེན་ཏོ། །དེ་ལྟར་ན་ལུགས་འདི་ལ་ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་འདུས་པ་ལས། དང་པོ་གཉིས། སངས་རྒྱས་ཀྱི་རང་སྣང་ལ་མི་སྣང་བས་དེའི་མངོན་སུམ་གྱི་ཡུལ་མ་ཡིན་ལ། ཡོངས་གྲུབ་ཁོ་ན་མངོན་སུམ་དུ་མཁྱེན་ཏོ། །དེ་ལའང་ཡུལ་ཅན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང༌། ཡུལ་འགྱུར་མེད་ཡོངས་གྲུབ་གཉིས་ལས། དང་པོ་ནི་རང་རིག་པའི་ཚུལ་གྱིས་མཁྱེན་པ་ལ་རྩོད་པ་མེད་ལ། གཉིས་པ་ཡང་དེའི་ཚུལ་གྱིས་མཁྱེན་པ་ཡིན་ཏེ། ལུགས་འདིས་བདག་མེད་པ་རྣམ་པ་གཉིས་དང༌། འགོག་པའི་བདེན་པ་ཡང་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་གྱི་ངོ་བོར་ཁས་ལེན་པའི་ཕྱིར། དེ་ལྟ་ན་ཡང་ལུགས་འདི་ལ་སངས་རྒྱས་ལ་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཡོད་པར་འདོད་པ་དྲི་བཅས་རྣམ་བརྫུན་པ་དང༌། དེ་མེད་པར་འདོད་པ་དྲི་མེད་རྣམ་བརྫུན་པ་གཉིས་ལས། དང་པོ་ནི། ཞི་འཚོ་ཡབ་སྲས་ལ་སོགས་པས་ཞལ་གྱིས་བཞེས་ལ། དེ་ལྟ་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་འཁྲུལ་བར་མི་འདོད་དེ། འཁྲུལ་བ་ལ་འཁྲུལ་བར་ཤེས་པའི་ཕྱིར། ཞེས་གསུངས་ལ། རྔོག་ལོ་རྗེས་འབྲང་དང་བཅས་པ་ཡང་འདི་བཞེད་པ་ཡིན་ཏེ། སངས་རྒྱས་ཀྱི་སའི་ཟད་བར་གྱི་སྐྱེ་མཆེད་བཅུ་ལ་སོགས་པ་འཁྲུལ་ཤེས་སུ་བཞེད་པས་སོ། །བཞི་པ་དབུ་མ་པའི་ལུགས་ལ་གསུམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོ་ལ་སོགས་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་གི་ལུགས་དང༌། ཞི་འཚོ་ཡབ་སྲས་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་དང༌། ཟླ་བའི་ཞབས་ལ་སོགས་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་གིས་ལུགས་སོ། །ལུགས་འདི་དག་ཀྱང་ཇི་ལྟ་བ་མཁྱེན་ཚུལ་ལ་ཁྱད་པར་བཞེད་པ་མ་ཡིན་ཏེ། སངས་རྒྱས་ལ་མཉམ་རྗེས་སོ་སོ་བ་མི་མངའ་བ་དང༌། ཆོས་དབྱིངས་ལ་མཉམ་པར་བཞག་པ་ལས་ལྡང་མི་སྲིད་པའི་ཚུལ་ལ་ཐམས་ཅད་ཀྱང་མཐུན་པའི་ཕྱིར། ཇི་སྙེད་པ་མཁྱེན་ཚུལ་ལ་མི་འདྲ་བའི་ཁྱད་པར་ནི། སློབ་དཔོན་ཡེ་ཤེས་སྙིང་པོའི་བཞེད་པ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་རྣམ་པ་འཆར་མི་འཆར་དང༌། ཐུག་ཕྲད་དུ་འཛིན་མི་འཛིན་དང༌། ཡུལ་ཡིད་དུ་འོང་མི་འོང་གཉིས་ལས་གང་ཉམས་སུ་མྱོང་བ་ཡིན་སོགས་ཀྱི་བརྟག་པ་ཞུགས་པའི་ཚུལ་གྱིས་མཁྱེན་པ་མ་ཡིན་གྱི། འོ་ན་ཇི་ལྟར་མཁྱེན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མ་བརྟགས་གཅིག་པུར་ཉམས་དགའ་བ་སྣ་ཚོགས་སུ་སྣང་བ་འདི་ལ་གང་དུ་ཡང་མཚན་མར་མི་འཛིན་པར་སྣང་ཙམ་གྱི་ངོ་བོ་ཉིད་མཁྱེན་ཏེ། སྣང་ཡང་མཚན་མར་མི་འཛིན་པའི་ཕྱིར་དང༌། གནས་ཚུལ་གྱི་དོན་མཐོང་བ་ལ་མི་སྒྲིབ་པའི་ཕྱིར། ཀུན་རྫོབ་ཀྱི་ཡུལ་ཅན་དུ་ཐལ་བ་མེད་དོ། །ཞེས་བཞེད་པ་ཡིན་ཏེ། ཇི་སྐད་དུ། བདེན་གཉིས་ལས། བརྟགས་པའི་དོན་གྱིས་དབེན་གྱུར་པ། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་བཏགས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་གསུངས་སོ། །དབེན་ཞེས་པ་ཡང་གྲུབ་མཐའ་སྨྲ་བས་སྒྲོ་བཏགས་པ་ཁོ་ན་ལ་ཟེར་བ་མ་ཡིན་གྱི། སྤྱིར་མཚན་མར་འཛིན་པའི་རྟོག་པ་རྣམས་ཀྱི་བཏགས་པ་ཐམས་ཅད་དོ། །སྣང་ཙམ་མཁྱེན་པ་དང་ཆོས་ཉིད་ལ་རྟག་ཏུ་མཉམ་པར་བཞག་པ་འགལ་བ་མ་ཡིན་ཏེ། མཚན་མར་ཅུང་ཟད་ཀྱང་མི་འཛིན་པའི་ཕྱིར་རོ། །དཔེར་ན་མེ་ལོང་ངམ་ཆུའི་ནང་དུ། བདེ་སྡུག་གི་མཚན་མ་ཅི་ཤར་ཡང་སྣང་ཙམ་ལས་མ་གཏོགས་པའི་གཡོ་བ་ཅུང་ཟད་ཀྱང་མེད་པ་བཞིན་ནོ། །དེ་སྐད་དུ་ཡང༌། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཤེས་དང་ཤེས་བྱ་དག་བདག་ཉིད་མི་མཐོང་ཞེས་པའི་དོན་ཡང་གཟུང་འཛིན་གཉིས་སུ་མི་སྣང་བའི་དོན་ཡིན་ལ། གཉིས་སུ་མི་སྣང་ཡང་ཀུན་རྫོབ་ཀྱི་སྣང་བ་འཆར་བ་ནི་ཐ་མལ་པའི་མེ་ལོང་བཞིན་དུ་ཡེ་ཤེས་ཀྱི་མེ་ལོང་ལ་འཆར་བའོ། །གཉིས་སུ་སྣང་བ་ནི། བདག་རྐྱེན་དབང་པོ་དང༌། དམིགས་རྐྱེན་དོན་ལ་ལྟོས་པའི་རྣམ་ཤེས་ཀྱི་དབང་དུ་བྱས་པ་ཡིན་གྱི། རྣམ་ཤེས་མ་ལུས་པར་གནས་གྱུར་པའི་ཡེ་ཤེས་ལ་དེ་ལྟར་སྣང་བ་མེད་དོ། །མདོར་ན་ལུགས་འདི་ནི་ཡེ་ཤེས་ལ་ཀུན་རྫོབ་ཕྱི་རོལ་དོན་གྱི་སྣང་བ་འཆར་བའི་ལུགས་ཡིན་པས་ཅུང་ཟད་མདོ་སྡེ་པ་དང་མཐུན་པས་དེ་ཞེས་བྱ་བ་ཡིན་གྱི། དོན་ལྐོག་ན་མོ་དང༌། དོན་གྱི་གནས་ཚུལ་རྡུལ་ཕྲ་རབ་ཏུ་གནས་པ་སོགས་ནི་ཁས་མི་ལེན་ལ། ནམ་མཁའ་ལ་སོགས་པའི་སྤྱི་མཚན་རྣམས་ཀྱི་མཁྱེན་ཚུལ་ཡང་དེ་དང་དེ་དངོས་སུ་མི་སྣང་བའི་ཚུལ་གྱིས་སེམས་ཅན་གྱི་རྟོག་པ་ལ་སྣང་ཚུལ་མཁྱེན་པའོ། །ལུགས་གཉིས་པ་ནི། སངས་རྒྱས་ཀྱི་མཉམ་རྗེས་གཉིས་ལས། མཉམ་གཞག་ལ་ནི་ཀུན་རྫོབ་ཀྱི་སྣང་བ་ཅི་ཡང་མི་འཆར་ཞིང༌། དེ་ཉིད་མ་འཁྲུལ་བ་ཡིན་ལ། རྗེས་ཐོབ་ཏུ་འཇིག་རྟེན་ལ་གྲགས་པའི་བརྫུན་སྣང་ཇི་སྙེད་ཀྱི་སྣང་བ་འཆར་ཞིང༌། དེ་ཐམས་ཅད་འཁྲུལ་བ་ཡིན་ཏེ། མེད་བཞིན་དུ་སྣང་བའི་ཕྱིར་རོ། །དཔེར་ན། ཟད་པར་སའི་ཏིང་ངེ་འཛིན་ལས་མ་ཡིན་པ་མཐའ་དག་ལ་སས་ཁྱབ་པར་སྣང་བ་བཞིན་ནོ། །དེ་སྐད་དུ་ཡང༌། མི་གཙང་ཟད་པར་ས་ལ་སོགས། །ཞེས་སོགས་རྒྱས་པར་གསུངས་པ་བཞིན་ནོ། །དོན་དེ་ཉིད་རྔོག་ལོ་ཆེན་པོས་ཀྱང་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེས་མཛད་པའི་བསྟན་བཅོས་ལས། །དཔེར་ན་ཆུ་ལ་ཆུ་བཞག་དང༌། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང༌། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །དེ་རྗེས་ཤེས་བྱའི་རྗེས་འབྲང་ཅན། །བརྫུན་སྣང་འཇིག་རྟེན་ཇི་སྙེད་པ། །རིག་མཛད་མེ་ལོང་ལྟ་བུ་ནི། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཡིན། །སྔ་མ་ཇི་ལྟ་ཉིད་མཁྱེན་ནི། །འཁྲུལ་མེད་མཉམ་གཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་གསུངས་སོ། །ལུགས་འདི་དང༌། ཡེ་ཤེས་སྙིང་པོའི་ལུགས་གཉིས་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བའི་སངས་རྒྱས་ཀྱི་ཡེ་ཤེས་འཁྲུལ་བར་འདོད་མི་འདོད་ཀྱི་ཁྱད་པར་འབྱུང་བ་ནི། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་མི་ལེན་ལ་ཐུག་པ་ཡིན་ལ། ཡེ་ཤེས་སྙིང་པོས་ཀྱང༌། སངས་རྒྱས་ཀྱི་ཡེ་ཤེས་ལ་ཕྱི་རོལ་དོན་གྱི་གཟུགས་བརྙན་འཆར་ཡང་དེ་དེ་ལ་ཚད་མར་ཁས་ལེན་པ་ནི་མ་ཡིན་ཏེ། ཡེ་ཤེས་ཀྱི་མེ་ལོང་གི་ནང་དུ་འཁྲུལ་སྣང་ཇི་སྙེད་པའི་གཟུགས་བརྙན་འཆར་བར་བཞེད་པའི་ཕྱིར་རོ། །དེའི་ཕྱིར་ལུགས་འདི་གཉིས་ཀས་ཀྱང་སངས་རྒྱས་ཀྱི་མངོན་སུམ་ལ་རང་རིག་པའི་མངོན་སུམ་དང༌། རྣལ་འབྱོར་མངོན་སུམ་གཉིས་ཀྱི་རྣམ་པར་བཞག་པ་ཁོ་ན་ཁས་ལེན་གྱི། དོན་རིག་པའི་མངོན་སུམ་ནི་ཚད་མར་ཁས་མི་ལེན་པ་ལ་ཁྱད་པར་མེད་དོ། །ལུགས་གསུམ་པ་ལ། རང་ལུགས་ཀྱི་འཆད་ཚུལ་ཐོག་མར་བཞག་པ་དང༌། དེ་ལ་རྩོད་པ་སྤངས་པའི་སྒོ་ནས་བོད་ཕྱི་རབས་པའི་འཇོག་པས་མི་འཐད་པར་བསྟན་པའོ། །དང་པོ་ལ། ཇི་ལྟ་བ་མཁྱེན་པའི་ཚུལ་དང༌། ཇི་སྙེད་པ་མཁྱེན་པའི་ཚུལ་དང༌། དེ་གཉིས་ཀྱི་གཅིག་དང་ཐ་དད་པ་གང་གིས་ཇི་ལྟར་མཁྱེན་པའི་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་གནས་གྱུར་གསར་པ་མངོན་དུ་བྱས་པའི་སྐད་ཅིག་མ་དེ་ནས་བཟུང་སྟེ། ཇི་སྲིད་ནམ་མཁའ་མ་ཞིག་གི་བར་དུ་སྤྲོས་པའི་མཚན་མ་ཅི་ཡང་མངོན་དུ་མི་མཛད་པའི་ངང་ལས་སྐད་ཅིག་ཀྱང་ལྡང་བ་མི་སྲིད་པའི་ཚུལ་གྱིས་མཉམ་པར་བཞག་པ་དེ་ཉིད་ལ་ཐ་སྙད་འདོགས་པའི་ཚེ། ཡང་དག་པའི་མཐའ་མངོན་དུ་བྱས་པ་དང༌། ཇི་ལྟ་བ་རྟོགས་པ་དང༌། ཆོས་ཉིད་ལ་མཉམ་པར་བཞག་པ་ཞེས་བྱ་ལ། མཉམ་གཞག་དེའི་དོན་ཀུན་རྫོབ་ཀྱི་སྣང་བ་ཅུང་ཟད་ཀྱང་མི་འཆར་བ་ཡིན་ཏེ། དེ་འཆར་བའི་རྒྱུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཕྱིར། དེ་སྐད་དུ། འཇུག་འགྲེལ་ལས། དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན། མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པར་འདོད་པ་ཡིན་ནོ། །ཞེས་ཀུན་རྫོབ་སྣང་ཡུལ་དུ་བྱེད་པའི་བློ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་ཁྱབ་པར་བཤད་པས་སོ། །ཆོས་ཉིད་རྟོགས་ཞེས་པའི་དོན་ཡང་ཡེ་ཤེས་དེ་ཉིད་ཆོས་ཉིད་དང་དབྱེར་མེད་དུ་སོང་བ་ལ་འཆད་པ་ཡིན་གྱི། དེ་ལ་དེའི་རྣམ་པར་འཆར་བ་ནི་མ་ཡིན་ཏེ། མེད་པར་དགག་པ་རྣམས་ལ་དོན་རང་མཚན་གྱི་རྣམ་པ་འཆར་རྒྱུ་མེད་པས། དེའི་རྣམ་པ་ནི་དོན་སྤྱི་ལས་མ་འདས་ལ། དོན་སྤྱི་འཛིན་པའི་བློ་ཡིན་ན། སྒྲ་དོན་འཛིན་པའི་རྟོག་པ་ཡིན་དགོས་པས་སོ། །དེའི་ཕྱིར་དེ་ཆོས་ཉིད་མངོན་སུམ་དུ་རྟོགས་ཞེས་པ་ཡང་མཚན་ཉིད་པ་མ་ཡིན་ཏེ། དེས་དེ་ཡུལ་དུ་མ་བྱས་པའི་ཕྱིར་རོ། །འོ་ན་དེའི་ཡུལ་ཅི་ཞེ་ན། ཆོས་ཉིད་དང་ངོ་བོ་ཐ་དད་པ་ལྟ་ཞོག ལྡོག་པ་ཡང་སོ་སོར་དཔྱད་དུ་མེད་པའི་ཡེ་ཤེས་དེ་ཉིད་དོ། །དེ་ཉིད་དེའི་ཡུལ་ཇི་ལྟར་ཡིན་ཞེ་ན། དེ་ཉིད་དེ་ལ་སོ་སོ་རང་གི་རིག་པའི་ཡེ་ཤེས་སུ་བཞག་གོ །དེ་སྐད་དུ་ཡང༌། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པའང་མ་ཡིན་ལ། །ཞེས་རྩོད་པའི་ལན་དུ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཅིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་རྟེན་པས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་དེ་ཡང་ཐ་སྙད་རྟེན་ནས་རིག་པ་ཡིན། །ཞེས་གསུངས་པ་དེའི་དོན་ནི། གོང་དུ་མཉམ་པ་ཉིད་དུ་ཡང་དག་ཐུགས་སུ་ཆུད་ཅེས་པ་ལ་འཕྲོས་ནས། དངོས་པོར་སྨྲ་བ་ན་རེ། སྟོང་པ་ཉིད་ལ་མངོན་སུམ་གྱི་བློ་གྲོས་མི་འཇུག་སྟེ། དེ་མེད་པ་གཞན་སེལ་ཁོ་ན་ཡིན་པའི་ཕྱིར། ཞེས་ཟེར་བ་ལ། ལན་ནི་དཔེར་ན་མདོ་སྡེ་པའི་ལུགས་ལ་སྔོན་པོར་སྣང་བའི་མངོན་སུམ་གྱིས་སྔོན་པོ་དངོས་སུ་མ་རྟོགས་ཀྱང་དེའི་རྣམ་པ་ཤར་བ་ལ་དེ་རྟོགས་པའི་ཐ་སྙད་བྱེད་པ་དེ་བཞིན་དུ། འདིར་ཡང་ཡེ་ཤེས་ཆོས་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པ་ལ། དེ་རྟོགས་པའི་ཐ་སྙད་བྱས་པ་ཡིན་ནོ། །དེ་དེར་བྱེད་པའི་རྒྱུ་མཚན་ཡང་གཉིས་ཀ་སྐྱེ་མེད་ཀྱི་ངོར་རོ་གཅིག་པའི་ཕྱིར་ཞེས་པའི་དོན་ནི། རྟོག་གེའི་གཞུང་ལས་ཀྱང་རྣམ་པར་ཤར་བའི་དོན་འདྲ་བ་ལ་བཤད་ལ། འདིར་སྟོང་ཉིད་དང་ཡེ་ཤེས་དབྱེར་མེད་མི་ཕྱེད་པ་ལ་འདྲ་བ་ཞེས་ཐ་སྙད་བྱས་པའོ། །གཉིས་པ་ནི། སངས་རྒྱས་ཀྱི་ཆོས་སྐུའི་ཡེ་ཤེས་ལ་ཤེས་བྱ་ཇི་སྙེད་པ་རྣམས་སྣང་ནས་མཁྱེན་པ་ནི་མ་ཡིན་ཏེ། དེའི་རང་སྣང་ལ་དེ་སྣང་བའི་རྒྱུ་མཚན་མ་ཚང་བའི་ཕྱིར་རོ། །དེ་ལྟ་ནའང་དེ་ཐམས་ཅད་མི་མཁྱེན་པ་ནི་མ་ཡིན་ཏེ། སྣང་བ་མེད་པའི་ཚུལ་གྱིས་མཁྱེན་པའི་ཕྱིར། མི་སྣང་ཡང་མཁྱེན་པར་མི་འགལ་ཏེ། ཆོས་ཉིད་བཞིན་ནོ། །དེ་སྐད་དུ་ཡང༌། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་སོ། །དེ་ལྟ་ན་ཡང་ཡེ་ཤེས་གཅིག་ཉིད་ཀྱིས་ཆོས་ཉིད་སྣང་བ་མེད་པའི་ཚུལ་གྱི་མཁྱེན་པའི་ཆ་དེ་ལ། ཇི་ལྟ་བ་མཁྱེན་པ་དང༌། ཆོས་ཅན་ཇི་སྙེད་པ་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་པ་ལ་ཇི་སྙེད་པ་མཁྱེན་ཞེས་བརྗོད་དོ། །གསུམ་པ་ནི། འོ་ན་བློ་གཅིག་གིས་སམ་ཐ་དད་པ་གཉིས་ཀྱིས་ཤེ་ན། དེའི་ལན་ལ་གཉིས་ཏེ། གནས་ཚུལ་གྱི་སྐུའི་དབང་དུ་བྱས་པ་དང༌། སྣང་ཚུལ་གྱི་སྐུའི་དབང་དུ་བྱས་པའོ། །དང་པོ་ནི། བློ་གཅིག་ཉིད་ཀྱིས་གཉིས་ཀ་མཁྱེན་པ་ཡིན་ཏེ། ཤེས་བྱ་ཐུགས་སུ་ཆུད། ཅེས་པའི་འགྲེལ་པར། བཅོམ་ལྡན་འདས་ཀྱི་མཁྱེན་པའི་སྐད་ཅིག་གཅིག་ཁོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྙེས་སོ། །ཞེས་གསུངས་པའི་ཕྱིར་དང༌། རིགས་པ་ཡང༌། གཟུགས་ཀྱི་གནས་ཚུལ་དོན་དམ་པ་དེ་མངོན་སུམ་དུ་མཁྱེན་ན་གཟུགས་མཁྱེན་དགོས་ཏེ། གཟུགས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་མཐོང་བ་ཙམ་གྱིས་དེ་མཐོང་བའི་གོ་མི་ཆོད་པའི་ཚུལ་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱིར་དང༌། དེའི་དོན་དམ་པའི་གནས་ཚུལ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤངས་པ་ན། དེའི་ཀུན་རྫོབ་ཀྱི་གནས་ཚུལ་འཆད་པ་ལ་ཐོགས་པ་མི་མངའ་བའི་ཕྱིར། གཉིས་པ་ནི། གཞན་སྣང་གི་སྐུ་གཉིས་པོ་ལའང་སྐུ་གསུམ་ཀ་ཚང་བར་འཇོག་དགོས་པས། དེ་གཉིས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་སྐུ་ཉིད་ཡིན་པས་བཤད་ཟིན་པ་དེ་ཉིད་ལས་མ་འདས་མོད། དེ་ལྟ་ན་ཡང་སེམས་ཅན་ལ་སྣང་ཚུལ་དང༌། ཆོས་སྟོན་ཚུལ་གྱི་རིམ་པ་ལས་འདི་ལྟར་འབྱུང་སྟེ། རང་དོན་ཆོས་ཀྱི་སྐུ་ཉིད་ལ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ། གཞན་དོན་གཟུགས་ཀྱི་སྐུའི་ཡེ་ཤེས་ལ་ཀུན་རྫོབ་སྣ་ཚོགས་ཀྱི་རྣམ་པ་སྣང་བར་གསུངས་ཏེ། ཇི་སྐད་དུ། མདོ་ལས། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ཞེས་བྱ་བ། འཁོར་འདུས་པ་འདི་ཙམ་ལ། ཆོས་འདི་ཞེས་བྱ་བ་སྟོན་པར་མཐོང་ངོ༌། །ཞེས་སོགས་སངས་རྒྱས་རང་སྣང་ལ་ཀུན་རྫོབ་འདུས་བྱས་ཀྱི་སྣང་བ་འཆར་བར་གསུངས་སོ། །དེའི་ཚེ་གཉིས་པོ་བློ་གཅིག་གིས་མཁྱེན་པ་མ་ཡིན་ཏེ། རང་སྣང་ལ་ཀུན་རྫོབ་ཀྱི་རྣམ་པ་ཤར་ན་ཆོས་ཉིད་ལ་མཉམ་པར་བཞག་པར་འགལ་བའི་ཕྱིར་རོ། །དེའི་ཚེ་རང་སྣང་ལ་ཤཱཀྱའི་རྒྱལ་པོ་ལྟ་བུས་སྤྱན་གྱིས་གཟུགས་མཐོང་བ་དང༌། སྙན་གྱི་ཐ་མལ་གྱི་སྒྲ་ཐོས་པ་དང༌། ཤངས་ཀྱི་ཐ་མལ་གྱི་དྲི་སྣོམ་པ་ལ་སོགས་པ་སངས་རྒྱས་རང་སྣང་ལ་ཀུན་རྫོབ་བདེན་པའི་སྣང་བ་འཆར་བར་གསུངས་པ་དེའི་དུས་ཀྱི་ཤེས་པའི་ཚོགས་དེ་དག་གནས་ཚུལ་གྱི་སངས་རྒྱས་མ་ཡིན་ཏེ། ཆོས་ཀྱི་སྐུའི་ཡེ་ཤེས་མ་ཡིན་པའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་སུ་བཤད་པའི་ཕྱིར། དེར་ཇི་ལྟར་བཤད་ཅེ་ན། བདག་རྐྱེན་དབང་པོ་དང༌། དམིགས་རྐྱེན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཡུལ་གྱི་རྣམ་པ་འཛིན་པའི་ཤེས་པར་བཤད་པས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། གཟུགས་ཀྱི་སྐུའི་ཤེས་པ་ལ་གཉིས་ཏེ། གདུལ་བྱ་གཞན་སྣང་གི་རྣམ་རིག་ལ་མི་སྣང་བ་ཆོས་སྐུའི་ངོ་བོར་གནས་པ་དང༌། གཞན་གྱི་རྣམ་རིག་ལ་སྣང་བ་རྣམ་ཤེས་ཀྱིས་ངོ་བོར་གནས་པའོ། །གཉིས་པ་ནི། སངས་རྒྱས་དངོས་མ་ཡིན་ཏེ། གདུལ་བྱ་གཞན་སྣང་གིས་བསྡུས་པའི་ཕྱིར། དཔེར་ན། ཤཱཀྱའི་རྒྱལ་པོས་ཡིད་དུ་མི་འོང་བའི་གཟུགས་མཐོང་བ་དང༌། མི་སྙན་པའི་སྒྲ་ཐོས་པ་དང༌། མི་ཞིམ་པའི་རོ་མྱོང་བ་དང༌། ཞབས་ལ་ཚེར་མ་ཟུག་པའི་རེག་བྱ་ཉམས་སུ་མྱོང་བ་ལྟ་བུའོ། །གཉིས་པ་ལ་རྩོད་པ་སྤང་བ་དང༌། གཞན་གྱི་ལུགས་དེ་ཉིད་མི་འཐད་པའོ། །དང་པོ་ནི། འདི་སྐད་ཅེས། ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་ཆོས་ཅན། ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར་ཐལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པའི་ཕྱིར་ཏེ། དེའི་རྣམ་པ་མ་ཤར་བའི་ཕྱིར་དང༌། དེ་ལ་དངོས་སུ་མི་སྣང་བའི་ཕྱིར་ཞེས་ཟེར་རོ། །དེའི་ལན་ལ་གཉིས་ཏེ། ཚིག་གི་ལན་དང༌། དོན་གྱི་ལན་ནོ། །དང་པོ་ནི། འོ་ན་གཞལ་བྱ་སྤྱི་མཚན་ཇི་སྙེད་པ་དང༌། ལྐོག་ཏུ་གྱུར་པའི་དོན་ཇི་སྙེད་པ་ཆོས་ཅན། དེའི་གཟིགས་པ་ལོག་པར་ཐལ། དེ་ལ་དངོས་སུ་མི་སྣང་བའི་ཕྱིར། མ་གྲུབ་ན། ཡེ་ཤེས་དེ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པར་ཐལ། སྤྱི་མཚན་དང་ལྐོག་གྱུར་སྣང་ཡུལ་དུ་བྱེད་པའི་རིག་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཡིད་དུ་མི་འོང་བའི་གཟུགས་ལ་སོགས་པ་དང༌། ཚོར་བ་སྡུག་བསྔལ་དང༌། ཡིད་མི་བདེ་ལ་སོགས་པ་དང༌། ཉོན་མོངས་པ་གསུམ་དང༌། མཚན་འཛིན་གྱི་རྟོག་པ་སོགས་ཆོས་ཅན། དེས་མི་མཁྱེན་བར་ཐལ། དེ་ལ་དངོས་སུ་མི་སྣང་བའི་ཕྱིར། སྣང་ན་རྣམ་པ་ཤར་ནས་སམ། མ་ཤར་བར་སྣང༌། དང་པོ་ལྟར་ན། དེ་དེ་དང་འདྲ་བར་སྐྱེས་དགོས་པས། སངས་རྒྱས་ཀྱི་སྡུག་བསྔལ་དང༌། ཆགས་སོགས་ཉོན་མོངས་རྣམས་མྱོང་བར་ཐལ་བ་ལས་མ་འདས་སོ། །གཞན་ཡང་སེམས་ཅན་གྱི་ཤེས་པ་འཕྲལ་གྱིས་འཁྲུས་རྒྱུས་མ་བསླད་པ་ལ་གང་སྣང་བ་དེ་ཉིད། སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་སྣང་དགོས་ན། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་སྣང་ཚུལ་དང༌། མ་བསླད་པའི་སྣང་ཚུལ་ཁྱད་པར་མེད་པར་ཐལ་བ་དང༌། ཆུ་ཀླུང་གཅིག་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ལ་བདུད་རྩི་དང༌། སྣག་ཕྲག་སོགས་སུ་སྣང་བར་ཐལ་བ་དང༌། སྐྱེས་བུ་གཅིག་གི་གཟུགས་ཡིད་འོང་དང་ཡིད་མི་འོང་གཉིས་སུ་སྣང་བར་ཐལ་བ་ལ་སོགས་པའི་སྐྱོན་ཡོད་དོ། །གཉིས་པ་ནི། ཐ་སྙད་དུ་ཡོད་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་དགོས་པ་མ་ཡིན་ཏེ། ལུགས་འདི་ལ་ཐ་སྙད་ཅེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་ཤེས་བརྗོད་ལ་བྱ་བ་ཡིན་ལ། དེའི་ངོར་ནི་བདག་གཉིས་ཀྱི་དོན་ཡང་ཡོད་པའི་ཕྱིར། ཡང་དག་པར་ན་ཁྱབ་པ་འགལ་བ་ཡིན་ཏེ། ཐ་སྙད་དུ་ཡོད་ན་སྤྲོས་པ་ལས་མ་འདས་ལ། དེ་ཡིན་ན་དེ་ལ་སྣང་བར་འགལ་བའི་ཕྱིར་རོ། །གཉིས་པ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་དངོས་སུ་སྣང་བས་ཁྱབ། ཡེ་ཤེས་དེ་ཡིན་ན་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་བས་ཁྱབ་པ་ཡིན་ནོ། །ཞེས་ཟེར་རོ། །དེ་དག་ནི་རིགས་པ་མ་ཡིན་ཏེ། ལོག་པའི་ཀུན་རྫོབ་བདེན་པ་རྣམས་ཀྱང་དེར་ཐལ་བར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། འདོད་ན། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་པ་དང་འགལ་ལོ། །ལེགས་པར་བརྟགས་ན་ཁྱོད་ཀྱི་ཁྱབ་པ་འགལ་བ་ཡིན་ཏེ། ཀུན་རྫོབ་བདེན་པ་ཡིན་ན་མཐོང་བ་བརྫུན་པས་རྙེད་དོན་ཡིན་དགོས་ལ། དེ་ཡིན་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་དོན་དུ་འགལ་བའི་ཕྱིར། དང་པོ་མི་དགོས་ན། ཟླ་བའི་ཞབས་ཀྱིས་བཞག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་དང་འགལ་ལོ། །ཡང་ལེགས་པར་བརྟགས་ན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གང་ལ་ཚད་མར་སོང་བའི་གཞལ་བྱ་དེ་ཡིན་ན། ཀུན་རྫོབ་ཀྱི་བདེན་པར་འགལ་བ་ཡིན་ཏེ། དེ་ཡིན་ན་དོན་དམ་པའི་བདེན་པ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་ཡུལ་ཅན་དོན་དམ་པ་རྣམས་ཀྱི་ནང་ནས་གཙོ་བོ་ཕུལ་དུ་ཕྱིན་པ་དེ་ཡིན་དགོས་པའི་ཕྱིར། གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་གང་ལ་ཚད་མར་སོང་བའི་ཡུལ་ཀུན་རྫོབ་ཀྱི་བདེན་པ་ལ་འཆད་པ་ཆེས་ཤིན་ཏུ་ནོངས་པ་ཡིན་ཏེ། དེ་ལ་ཚད་མར་སོང་བའི་ཆ་ནས་རྣམ་ཤེས་སུ་འཇོག་དགོས་པའི་ཕྱིར་དང༌། དེ་གཉིས་མི་འགལ་ན་ནི། ཁྱེད་རང་གིས་ཀྱང་རྟོན་པ་བཞིའི་རྣམ་གཞག་ཁས་ལེན་པ་དང་འགལ་ལོ། །གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་བདེན་པའི་སྣང་བ་འཆར་བར་འདོད་པ་ནི་ཟླ་བའི་ཞབས་ཀྱི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ཏེ། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་དང༌། སློབ་དཔོན་དེས། གཉིད་སད་པའི་ངོར་རྨི་ལམ་གྱི་སྣང་བ་མི་འཆར་བ་དང༌། རབ་རིབ་དང་བྲལ་བ་ལ་སྐྲ་ཤད་ཀྱི་སྣང་བ་མི་འཆར་བ་དཔེར་མཛད་ནས། མ་རིག་པའི་གཉིད་ཀྱི་རབ་རིབ་དང་བྲལ་བ་ལ་ཀུན་རྫོབ་བདེན་པའི་སྣང་བ་མི་འཆར་བར་བཤད་པའི་ཕྱིར། ཀླུ་སྒྲུབ་ཞབས་ཀྱིས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དཔེར་ན་མཚན་མོ་མུན་ཁྲོད་ན། །འབྱུང་པོ་ཡང་དག་མི་མཐོང་བ། །ཉི་མ་ཤར་ཞིང་མིག་ཕྱེའི་ཚེ། །སྣང་བར་གྱུར་བ་མ་ཡིན་ལྟར། །དེ་བཞིན་མཁས་པ་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་ཡང་དག་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང༌། རྒྱན་ལས། དོན་མེད་པ་དང་ཡོད་པ་དག །མི་སྣང་སྣང་བ་དེ་ཉིད་ནི། །གནས་གཞན་གྱུར་པ་ཡིན་ཞེས་བྱ། །ཞེས་དང༌། འཇུག་པར། ཇི་སྐད་དུ། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་པ་ནས། དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་པའི་བར་གསུངས་སོ། །གཞན་ཡང་ཀུན་རྫོབ་མཐོང་བའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ཀྱིས་དོན་དམ་པའི་བདེན་པ་མཐོང་བ་ནི་ཟླ་བའི་ཞབས་ཀྱིས་འགོག་པའི་ཕྱོགས་སྔ་མ་ཡིན་ཏེ། ཡེ་ཤེས་ཀྱི་ཀུན་རྫོབ་མ་མཐོང་བ་ཉིད་ལ་དོན་དམ་མཐོང་བའི་མིང་འདོགས་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་སོ། །དེ་ལྟ་ན་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་མི་སྣང་ཡང༌། མཁྱེན་པའི་ཚུལ་ནི་འདི་ཡིན་ཏེ། དེ་མཁྱེན་པ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པའི་རྒྱུ་མཚན་གྱིས་མ་རིག་པའི་འཁྲུལ་སྣང་ཅན་རྣམས་ལ་ཀུན་རྫོབ་ཀྱི་སྣང་ཚུལ་མ་ལུས་པར་མཁྱེན་ནས་འཆད་པར་ནུས་པའོ། །དེ་སྐད་དུ་ཡང༌། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་རབ་ཏུ་མཁྱེན་ཏོ། །ཞེས་རྒྱ་ཆེར་བཀའ་སྩལ་པ་བཞིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཤེས་བྱ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་འཆར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་འདྲེས་པར་འབྱེད། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་རང་གིས་མཁྱེན་པ་བཞིན་གཞན་ལ་སྟོན་པར་མཛད་པ་ཡིན་ལ། དེ་ལྟར་སྟོན་པ་ན་རང་སྣང་ལ་དེ་དང་དེའི་སྣང་བ་ཤར་ནས་སྟོན་པ་ནི། ཐ་སྙད་བརྗོད་བདེ་བའི་དབང་དུ་བྱས་པ་དང༌། གདུལ་བྱ་རྣམས་ཡིད་ཆེས་ནས་བསྟན་པ་ལ་རིམ་གྱིས་གཞུག་པར་བྱ་བའི་ཕྱིར་ཡིན་ནོ། །འོ་ན་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་སངས་རྒྱས་ཀྱི་རང་སྣང་ལ་མི་འཆར་མོད། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ལ་སོགས་པ་དག་པའི་སྣང་བ་རྣམས་འཆར་དགོས་པ་མ་ཡིན་ནམ་ཞེ་ན། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་ལས་དག་པའི་སྣང་བ་རབ་འབྱམས་གདུལ་བྱ་གཞན་ལ་སྟོན་པར་ནུས་པ་ཡིན་མོད། གདུལ་བྱ་ལ་ཇི་ལྟར་སྣང་བ་ལྟར་སངས་རྒྱས་རང་ལ་སྣང་བ་ནི་མ་ཡིན་ཏེ། དེ་ལྟར་སྣང་བའི་རྒྱུ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུངས་ཕྱུང་བའི་ཕྱིར། གསུམ་པ་ཕྲིན་ལས་ལ་གསུམ་སྟེ། ངོ་བོ་ངོས་བཟུང༌། སོ་སོའི་དབྱེ་བ་རྒྱས་པར་བཤད། ཕྲིན་ལས་དེ་སེམས་ཅན་གྱི་རྒྱུད་ལ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། བདག་པོའི་རྐྱེན་ཆོས་ཀྱི་སྐུ་ལས་བྱུང་ཞིང༌། དམིགས་པའི་རྐྱེན་སེམས་ཅན་ལ་དམིགས་པས་རབ་ཏུ་ཕྱེ་བའི་སངས་རྒྱས་ཀྱི་མཛད་པའོ། །གཉིས་པ་ལ་གཉིས་ཏེ། བྱེད་པ་པོ་སངས་རྒྱས་ཉིད་ཀྱི་ཐུགས་ལ་ཡོད་པ་དང༌། ལས་སུ་བྱ་བ་སེམས་ཅན་གྱི་རྒྱུད་ལ་ཡོད་པའོ། །དང་པོ་ལ་གཉིས་ཏེ། རགས་པའི་རྣམ་གཞག་སྤྱིར་བཤད། ཞིབ་མོའི་རྣམ་གཞག་སོ་སོར་ཕྱེ་བའོ། །དང་པོ་ནི། སྤྱིར་སངས་རྒྱས་ཀྱི་སྐུ་ནི་གཉིས་ཏེ། རང་དོན་གྱི་སྐུ་དང༌། གཞན་དོན་གྱི་སྐུའོ། །དང་པོ་ནི། སངས་རྒྱས་ཀྱི་སའི་སྤངས་པ་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེའི་ལྡོག་ཆ་ནས་ནི་བྱེད་པ་པོར་འཇོག་གི ལས་སུ་མི་འཇོག་པའི་ཕྱིར། ཕྲིན་ལས་སུ་མི་བཞག་ལ། དེའི་རྒྱུ་མཚན་གྱིས་རང་དོན་གྱི་སྐུ་ཞེས་བྱ་ཡི་གཞན་དོན་གྱི་སྐུ་ཞེས་མི་འཆད་དོ། །གཉིས་པ་གཞན་དོན་གྱི་སྐུ་ནི། སངས་རྒྱས་སའི་ཆོས་ཅན་ཇི་སྙེད་པ་མ་ལུས་པའི་ཀུན་རྫོབ་ཀྱི་ངོ་བོ་སེམས་ཅན་ལ་ཇི་ལྟར་སྣང་བ་བཞིན་མཁྱེན་པའི་ཆ་དང་རང་གིས་ཇི་ལྟར་མཁྱེན་པ་དེ་ཉིད་གཞན་ལ་སྟོན་པའི་ཐུགས་རྗེའི་ཆ་ལ་གཞན་དོན་གྱི་སྐུ་ཞེས་བྱ་ལ། སྐུ་དེ་ཉིད་ལ་ཕྲིན་ལས་ཞེས་ཀྱང་བྱ་སྟེ། བྱེད་པ་པོ་རང་དོན་གྱི་སྐུ་གང་ཡིན་པ་དེའི་ལས་སུ་བྱ་བ་ཡིན་པའི་ཕྱིར། གཞན་དོན་གྱི་སྐུ་དེ་ལའང་གཉིས་ཏེ། བྱེད་པ་པོ་ཆོས་སྐུ་དང་དབྱེར་མེད་དུ་འདྲེས་པ་མཁྱེན་བརྩེའི་ངོ་བོར་གནས་པ་དང༌། བྱ་བ་ཡུལ་གྱི་ཤེས་རྒྱུད་ཀྱི་བསྡུས་པ་གཟུགས་སྐུའི་རྣམ་རོལ་དུ་སྣང་བའོ། །དེ་ལྟར་ན་སངས་རྒྱས་ཀྱི་གཟུགས་སྐུ་ནི། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་སུ་ངེས་ལ། ལོངས་སྤྲུལ་གྱི་སྐུ་གཉིས་ལ་ནི་དངོས་དང་རྗེས་མཐུན་པ་སེམས་ཅན་གྱི་ཤེས་རྒྱུད་ལ་སྣང་བ་གཉིས་ལས་དང་པོ་བྱེད་པོ་ལ་ཡོད་པ་དང༌། གཉིས་པ་ནི་བྱ་བ་ཡུལ་ལ་ཡོད་པའོ། །གཉིས་པ་རྣམ་གཞག་ཞིབ་མོར་བཤད་པ་ལ་གཉིས་ཏེ། སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཏུ་འདུས་པ། གཟུགས་སྐུས་འགྲོ་དོན་སོ་སོར་མཛད་པའི་ཚུལ་ལོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་བྱོན་པ་དེ་དག་ཐམས་ཅད་ཀྱི་དོན་དམ་པའི་སྐུ་ལ་ནི། ངོ་བོ་ཐ་དད་པ་ལྟ་ཞོག་ལྡོག་པ་ཐ་དད་པའི་དབྱེ་བ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཤེས་བྱེད་ཀྱང༌། སྤྱིར་དོན་དམ་པའི་བདེན་པ་མཐའ་དག་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་དང༌། བྱེ་བྲག་ཏུ་ཡུལ་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་པའི་དེ་བཞིན་ཉིད་དང་དབྱེར་མེད་དུ་འདྲེས་པའི་ཡུལ་ཅན་ཡེ་ཤེས་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། དཔེར་ན་ཆུ་ཀླུང་མི་འདྲ་བ་མང་པོ་རྒྱ་མཚོར་འདྲེས་པའི་ཚེ། ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་པ་བཞིན་ནོ། །འོ་ན་ཆོས་ཉིད་ལ་མཉམ་པར་བཞག་པའི་འཕགས་པ་སོ་སོའི་མཉམ་གཞག་ཡེ་ཤེས་རྣམས་ཀྱང་ངོ་བོ་གཅིག་ཏུ་ཁས་ལེན་ནུས་སམ་ཞེ་ན། དེ་ནི་མ་ཡིན་ཏེ་གནས་སྐབས་དེ་དང་དེར་ནི་གནས་གྱུར་མཐར་ཐུག་པ་རྫོགས་པར་མ་ཐོབ་པས་བག་ཆགས་ཀྱི་རྟེན་སོ་སོར་ངེས་པའི་ཕྱིར། དོན་དེ་ཡང་རྒྱུད་གཞན་གྲུབ་པ་ལས་གསལ་བར་གསུངས་སོ། །ལྡོག་པ་ཐ་དད་མེད་པའི་ཤེས་བྱེད་ཀྱང༌། སྒྲ་རྟོག་གི་ཡུལ་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས་གཅིག་ཡིན་པ་ལ་མཚར་དུ་ཆེ་བ་ཅི་ཡང་དགོས་པ་མ་ཡིན་གྱི། དེ་བས་ཀྱང་ངོ་མཚར་དུ་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་དེ་བཞིན་ཉིད་དང༌། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་རྣམ་དག་གི་དེ་བཞིན་ཉིད་ཀྱང་གཅིག་ཏུ་བརྗོད་པ་ཡིན་ཏེ། དེ་དང་དེའི་ངོ་བོ་ལ་དབྱེ་བ་མེད་པ་ཁོ་ནར་མ་ཟད་ཀྱི། སྒྲ་དང་རྟོག་པའི་ཡུལ་དུ་བྱ་བ་མ་ཡིན་པས་ལྡོག་པའི་དབྱེ་བ་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་གང་སྒྲ་རྟོག་གི་ཡུལ་དུ་བྱས་པ་དེ་ནི། དོན་སྤྱིའི་ལྡོག་པ་གཞན་སེལ་ལས་མ་འདས་པས། རང་བཞིན་རྣམ་དག་གི་དེ་བཞིན་ཉིད་ཡུལ་དུ་མི་རུང་བ་ལ་ཐུག་པ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། སངས་རྒྱས་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སུ་གྲུབ་པ་ཡིན་ཏེ། བདག་པོའི་རྐྱེན་ཆོས་ཀྱི་སྐུ་གཅིག་ཏུ་གྲུབ་པའི་ཕྱིར། དཔེར་ན་འཕགས་པ་འཇིག་རྟེན་དབང་ཕྱུག་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུགས་ཀྱི་སྐུ་བཞིན་ནོ། །གཉིས་པ་ལ་སངས་རྒྱས་ཀྱི་ལོངས་སྐུ་ཆེན་པོ་གཅིག་ཏུ་བསྟན། ལོངས་སྐུ་ཆུང་ངུ་དང་སྤྲུལ་སྐུ་སོ་སོར་ངེས་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་མངོན་དུ་མཛད་མཁན་གྱི་རྟེན། ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་གཅིག་ཡིན་ཏེ། བརྟེན་པ་ཆོས་ཀྱི་སྐུ་གཅིག་ཁོ་ན་ཡིན་པའི་ཕྱིར། དཔེར་ན་སེམས་ཅན་གྱི་གནས་སྐབས་སུ་ཤེས་རྒྱུད་གཅིག་པ་དག་གིས་རྣམ་སྨིན་གྱི་ལུས་ཀྱང་གཅིག་ཏུ་བསྡུ་ནུས་པར་བཞིན་ནོ། །དེ་ལྟ་བུའི་ལོངས་སྐུ་དེ་ཡང་གནས་ཀྱི་ཁྱད་པར་འོག་མིན་ལས་གཞན་དུ་མི་གཡོ་ཞིང༌། ཡོན་ཏན་གྱི་ཁྱད་པར་སངས་རྒྱས་ཀྱི་སྐུའི་རྟེན་དུ་གྱུར་པ་དང༌། འཁོར་གྱི་ཁྱད་པར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་བསྐོར་བའོ། །དེ་ལྟ་བུའི་ཁྱད་པར་གསུམ་ལྡན་དེ་ལ་ལོངས་སྐུ་ཆེན་པོ་ཞེས་བྱ་ཞིང༌། ཁྱད་པར་དེ་གསུམ་གྱི་སྒོ་ནས་ལོངས་སྐུ་ཆུང་ངུ་སོ་སོ་བ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ལོངས་སྐུ་ཆེན་པོ་དེ་གང་ན་བཞུགས་པའི་གནས་འོག་མིན་དེ་ཡང༌། བྱང་སེམས་ས་བཅུ་པ་བ་རྣམས་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བའི་གནས་དང༌། ཐོག་མར་གང་དུ་སངས་རྒྱས་པའི་གནས་སུ་གྱུར་བའི་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བ་དེ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར་བྱང་སེམས་བཅུ་པ་བ་རྣམས་ཀྱི་ཕྱིའི་ཡོངས་སུ་འཛིན་པ་ནི། ལོངས་སྐུ་ཉི་ཚེ་བ་རེ་རེ་ཁོ་ན་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཁོ་ན་ཡིན་ལ། ལོངས་སྐུ་ཆེན་པོ་དེའི་ཕྲིན་ལས་གང་དུ་འཇུག་པའི་གནས་དང༌། གང་ལ་འཇུག་པའི་ཡུལ་གྱི་ཁྱད་པར་ཡང་དེ་དང་དེ་ཁོ་ནའོ། །གཉིས་པ་ལ། ལོངས་སྐུས་འགྲོ་དོན་མཛད་པའི་ཚུལ་དང༌། སྤྲུལ་སྐུས་དེ་མཛད་པའི་ཚུལ་ལོ། །དང་པོ་ནི། ཕར་ཕྱིན་གྱི་ཐེག་པ་ལྟར་ན། སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ཆེན་པོ་གཅིག་ཏུ་ངེས་ཀྱང༌། སངས་རྒྱས་སོ་སོའི་སྔོན་གྱི་སྨོན་ལམ་དང༌། བསོད་ནམས་ཀྱི་ཚོགས་སོ་སོའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ལོངས་སྐུ་སོ་སོ་ནི་ལོངས་སྐུ་ཆེན་པོ་དེ་ལས་སླར་ཡང་གདུལ་བྱའི་ཁྱད་པར་སོ་སོ་ལ་སྣང་བ་ཐ་དད་དུ་འཆར་དགོས་པ་ཡིན་ཏེ། སྔོན་གྱི་ཤེས་རྒྱུད་ཐ་དད་དང༌། སྨོན་ལམ་གྱིས་དེ་ལྟར་འཆར་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། དཔེར་ན་རྒྱལ་བ་འོད་དཔག་མེད་ཀྱི་ལོངས་སྐུའི་ཞིང་འོག་མིན་སྟུག་པོ་བཀོད་པ་ལས་ལོགས་ན་ཡོད་པར་བཤད་པ་ལྟ་བུ་ལོངས་སྐུའི་ཞིང་གི་ཁྱད་པར་མི་འདྲ་བ་མང་པོ་དག་མདོ་སྡེ་ལས་འབྱུང་བ་བཞིན་ནོ། །དེ་ལྟ་བུའི་ལོངས་སྐུ་དེ་ནི་གནས་ཀྱི་ཁྱད་པར་མ་ངེས་པ་སྣ་ཚོགས། ཆོས་ཀྱི་ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཁོ་ན་དང༌། འཁོར་གྱི་ཁྱད་པར་ས་དང་པོ་ནས་བཅུ་པའི་བར་གྱི་དོན་རྒྱུན་མི་འཆད་པར་མཛད་པའོ། །སྔགས་ཀྱི་ཐེག་པ་ལྟར་ན་ལོངས་སྐུ་ཆེན་པོ་དེ་མངོན་དུ་མ་མཛད་པའི་གོང་རོལ་དུ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རང་རང་སོ་སོའི་འཇའ་ཚོན་ལྟ་བུའི་ལུས་དེ་ཉིད་ཀྱིས་སམ། བར་དོར་ལོངས་སྐུ་ཆུང་ངུ་མངོན་དུ་མཛད་ནས། དེའི་འོག་ཏུ་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ཆེན་པོ་མངོན་དུ་བྱེད་པ་ཡིན་ཏེ། དཔེར་ན་རྒྱལ་པོ་ཨིནྡྲ་བྷུ་ཏིས། ཨོ་རྒྱན་གྱི་གནས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་འཛམ་བུའི་གླིང་དུ་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་མཛད་པ་བཞིན་ནོ། །དོན་དེ་ལ་དགོངས་ནས་མིའི་རྟེན་ལ་དང་པོར་སངས་རྒྱས་པ་ཡང་ཡོད་པར་བཤད་ལ། དང་པོར་སངས་རྒྱས་པའི་གནས་དེ་འོག་མིན་གྱི་གནས་ཁོ་ན་ཡིན་པར་ཡང་བཤད་དོ། །ལུགས་འདི་ལ་ཡང་སློབ་ལམ་སོ་སོའི་རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ལོངས་སྐུ་ཆུང་བ་ནི། གདུལ་བྱའི་ཁྱད་པར་ལས་སོ་སོ་ཐ་དད་དུ་བཞག་སྟེ། དཔེར་ན་ཤཱཀྱའི་རྒྱལ་པོས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གཟུགས་སུ་བསྒྱུར་ནས། དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་དང༌། རྒྱལ་བ་འོད་དཔག་མེད་དེར་བསྒྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཐ་དད་པའི་ཚུལ་འཆད་དགོས་པ་བཞིན་ནོ། །ལུགས་འདི་ལ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་འདུས་པར་མ་ཟད། སྐུ་དང་གསུང་གཅིག་པའི་རྣམ་གཞག་ཀྱང་ཁས་ལེན་དགོས་ཏེ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། མཆོག་གི་སྤྲུལ་པའི་སྐུས་འགྲོ་དོན་མཛད་པའི་ཚུལ་དང༌། སྤྲུལ་བའི་སྐུ་གཞན་གྱིས་མཛད་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་གཅིག་གི་ཕྲིན་ལས་གང་ཡིན་པ་དེ་གཞན་ཐམས་ཅད་ཀྱི་ཡང་ཡིན་མོད་ཀྱང༌། སྔོན་གྱི་སྨོན་ལམ་གྱི་དབང་གིས། ཞིང་བཟང་ངན་དང༌། འཁོར་དགེ་མི་དགེ་དང༌། སྐུ་ཚེ་རིང་ཐུང་གྱི་ཚད་སོ་སོར་ངེས་པ་ཡིན་ཏེ། དཔེར་ན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་རྣམ་པར་ཐར་པ་བཞིན་ནོ། །དེ་ཡང་འདི་ལྟར་ཤེས་དགོས་ཏེ། ལོངས་སྐུའི་ཞིང་དང་འཁོར་གྱི་ཁྱད་པར་ནི་སྔོན་གྱི་སྨོན་ལམ་གྱི་དབང་ཁོ་ན་དང༌། ཞིང་སྦྱངས་པའི་མཐུ་ལས་བྱུང་བ་ཡིན་ཀྱང༌། སྤྲུལ་སྐུའི་ཞིང་ཐམས་ཅད་ལ་དེར་མ་ངེས་ཏེ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལྟ་བུ་མ་དག་པའི་ཕྱི་དང་ནང་གི་འཇིག་རྟེན་ལ་གཟིགས་ནས་དེའི་གནས་སྐབས་དང་མཐུན་པའི་སེམས་ཅན་གྱི་དོན་མཛད་པའི་སྨོན་ལམ་འདེབས་པའི་ཕྱིར་དང༌། དེ་ལྟ་ན་ཡང་སངས་རྒྱས་སྟོང་པོའི་སྐུ་ཚེ་དང༌། ཕྲིན་ལས་རང་གི་ཐུན་མོང་གི་ཁྱད་པར་སོགས་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཞེས་ཟེར་མོད་ཀྱང༌། གདུལ་བྱའི་བསོད་ནམས་ཀྱི་དབང་གི་འབྲས་བུ་ཁོ་ནར་ངེས་པ་ཡིན་ཏེ། སྐུ་ཚེ་རིང་ཐུང་སོགས་དེ་ལྟར་སྟོན་པ་དེའི་དབང་གི་འབྲས་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་དང༌། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་ངོ༌། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་སོ། །གཉིས་པ་ནི། རྟོགས་པར་སླ་བས་མ་བྲིས་སོ། །འོན་ཀྱང་དེའི་ཁུངས་ནི། ཇི་སྐད་དུ། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །གཞན་དག་རྒྱུད་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །ཞེས་པ་ནས། འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པའི་བར་གྱིས་བརྟན་གཡོ་ཐམས་ཅད་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་བསྟན་ནོ་ཞེས་ཟེར་བ་དེ་ནི་དེའི་དོན་མ་ཡིན་ཏེ། ལུང་དེར་ང་ཞེས་པའི་བྱེད་པ་པོ་ཞིག་གསུངས་པ་དེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ། རང་བཞིན་རྣམ་དག་གི་ཆོས་ཉིད་ལ་དགོངས་ནས་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ལ་ངོ་བོ་ནི། བདག་རྐྱེན་གྱི་ཁྱད་པར་སངས་རྒྱས་ཀྱི་ཡེ་ཤེས་ལས་བྱུང་ཞིང༌། གནས་ཀྱི་ཁྱད་པར་སེམས་ཅན་གྱི་ཤེས་རྒྱུད་ལ་གནས་ཏེ། བྱེད་ལས་ཀྱི་ཁྱད་པར་ཕན་པ་དང་བདེ་བའི་རྒྱུ་བྱེད་པའོ། །དབྱེ་བ་ལ། ལུང་དང༌། རྟོགས་པ་གཉིས་ལས། དང་པོ་ལ། མཚན་ཉིད་པ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་དང༌། རྗེས་མཐུན་པར་རིག་བྱེད་ཀྱི་བསྟན་བཅོས་ལས་འབྱུང་བའི་མི་དགེ་བ་བཅུ་སྤངས་དགོས་པར་སྟོན་པའི་ངག་ལྟ་བུ་རྣམས་ཀྱང་ཡིན་ནོ། །དེ་ཇི་ལྟར་ཞེ་ན། མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལྷན་ཅིག་བྱེད་རྐྱེན་གྱི་ཐབས་ཞིག་གང་ན་སྣང་ཡང་སངས་རྒྱས་ཀྱི་ཕྲིན་ལས་ལས་མ་འདས་པའི་ཕྱིར། གཉིས་པ་ལ་མཚན་ཉིད་པ་འགོག་ལམ་ཟག་མེད་དང༌། རྗེས་མཐུན་པ་ལམ་ཟག་བཅས་རྣམས་དང༌། དེས་ཐོབ་པའི་འགོག་པ་རྣམས་ཀྱང་ངོ༌། །འོ་ན་གདུལ་བྱ་གཞན་སྣང་གི་གཟུགས་སྐུ་གཉིས་པོ་གང་དུ་བསྡུ་ཞེ་ན། དེས་བསྡུས་པའི་ལོངས་སྐུ་དང༌། དག་པའི་ཞིང་འཕགས་པའི་ཡེ་ཤེས་ལ་སྣང་བ་རྣམས་ནི་ལམ་གྱི་བདེན་པ་ལས་མ་འདས་པའི་ཕྱིར་ཟག་མེད་ཁོ་ན་ཡིན་ལ། དེས་བསྡུས་པའི་མཆོག་གི་སྤྲུལ་པའི་སྐུ་ལ་གཉིས་ཏེ། སོ་སོ་སྐྱེ་བོའི་སྣང་བས་བསྡུས་པ་རྣམས་ནི་ཟག་བཅས་དང༌། འཕགས་པའི་ཡེ་ཤེས་ལ་སྣང་བས་བསྡུས་པ་རྣམས་ནི་ཟག་མེད་དོ། །འོ་ན་ལོངས་སྤྲུལ་གཉིས་གདུལ་བྱ་གཞན་སྣང་གིས་བསྡུས་པར་འཇོག་པ་དེའི་ཚེ། དེ་གཉིས་ཀྱི་ཡེ་ཤེས་ཀྱང་དེས་བསྡུས་པར་འགྱུར་ལ། དེ་ཡང་དེ་ལྟར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། སེམས་ཅན་གྱི་གཞི་མཐུན་ཡོད་པར་ཧ་ཅང་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སེམས་ཅན་གྱི་ཤེས་པ་དེ་དང་དེ་ལ། གཟུགས་སྐུ་གཉིས་ཀྱི་སྐུ་དང་གསུང་གི་ཆ་ཤས་གང་དང་གང་སྣང་བ་དེ་དང་དེ་ཁོ་ན་དེས་བསྡུས་པར་འཆད་པ་ཡིན་གྱི། དེའི་ཡེ་ཤེས་ནི་དེ་ལ་མི་སྣང་བའི་ཕྱིར་རོ། །དེ་ཡང་དཔེར་ན་སེམས་ཅན་འགའ་ཞིག་གིས་མཆོག་གི་སྤྲུལ་སྐུའི་ཆ་ཤས་རྫོགས་པར་མཐོང་ལ་གསུང་མ་ཐོས་པ་དེའི་ཚེ། དེའི་སྐུའི་ཤ་ཆས་གང་མཐོང་བ་དེ་ཉིད། དེའི་སེམས་རྒྱུད་ཀྱིས་བསྡུས་ལ། གསུང་གི་ཆ་ཤས་དེས་མ་བསྡུས་པ་ལྟ་བུ་དང༌། གསུང་གི་ཆ་ཤས་ལའང་གདུལ་བྱ་དབང་པོ་རྣོ་བརྟུལ་གྱི་བྱེ་བྲག་གིས་མང་པོར་ཐོས་པ་དང༌། ཉུང་ངུར་ཐོས་པ་ལའང་བསྡུས་ཚུལ་དེ་བཞིན་ནོ། །འོ་ན་གཟུགས་སྐུ་གཉིས་གདུལ་བྱ་གཞན་སྣང་ཁོ་ན་མ་ཡིན་པར་འགྱུར་ཏེ། གདུལ་བྱ་གཅིག་ལ་དེ་གཉིས་ཀྱི་སྐུའི་བཀོད་པ་དང༌། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་སྣང་བ་རྫོགས་པར་མི་འཆར་བའི་ཕྱིར་སྙམ་ན། དེའི་ལན་ལ་རྣམ་གྲངས་གཉིས་ཏེ། གཅིག་ལ་དེ་དང་དེའི་སྣང་བ་རྫོགས་པར་མི་འཆར་ཡང༌། དེ་གཉིས་གཞན་སྣང་ཁོ་ནར་བཞག་དགོས་ཏེ། དེའི་རང་སྣང་ལ་ནི་སངས་རྒྱས་ཀྱི་གཟུགས་སྐུ་དང་སྒྲའི་སྐྱེ་མཆེད་དུ་སྣང་བ་འགལ་བའི་ཕྱིར་དང༌། སེམས་ཅན་ལ་སྣང་ཚུལ་མཁྱེན་པ་ཙམ་གྱིས་རང་སྣང་ལའང་དེ་ལྟར་སྣང་དགོས་ན་ཧ་ཅང་ཐལ་བའི་ཕྱིར་རོ། །རྣམ་གྲངས་གཉིས་པ་ནི། སྤྲུལ་སྐུའི་སྐུ་དང་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་སྣང་བ་རྫོགས་པར་སོ་སོ་སྐྱེ་བོ་གཅིག་ལ་འཆར་བ་མི་སྲིད་ཀྱང༌། ལོངས་སྤྱོད་རྫོགས་པའི་སྐུའི་སྐུ་དང་གསུང་གི་གསང་བ་ཡོངས་སུ་རྫོགས་པ་སྣང་བ་བྱང་སེམས་ས་བཅུ་པ་ལ་ཡོངས་སུ་རྫོགས་པར་འཆར་བ་ཡིན་ཏེ། གོང་དུ་བཤད་མ་ཐག་པའི་ལོངས་སྐུ་ཆེན་པོ་དེའི་སྐུ་དང་གསུང་གི་སྣང་བ་རྫོགས་པར་མི་འཆར་བའི། བྱང་སེམས་ས་བཅུ་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་དེ་ཉིད་བྱ་བ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་ནི། འཆད་པ་པོ་མཚན་ཉིད་དང་ལྡན་པས་ཚུལ་བཞིན་དུ་བཤད་པས་གདུལ་བྱའི་སེམས་རྒྱུད་ལ་འཕོས་པའི་ཚུལ་གྱིས་འཇུག་པ་ཡིན་ནོ། །འཕོ་བའི་ཚུལ་ཡང་ཐོག་མར་ལུང་འཕོ་ཞིང༌། དེའི་དོན་ཉམས་སུ་བླངས་པ་ལ་རྟོགས་པ་འཕོ་བ་ཞེས་བརྗོད་པ་ཡིན་ལ། དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་ཀྱང་ལུང་དང་རྟོགས་པ་འགལ་བ་ཡང་མ་ཡིན་ཏེ། ལུང་དངོས་ནི་འཆད་པ་པོ་དང་ཉན་པ་པོའི་ཤེས་རྒྱུད་ལ་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་གི་ཚུལ་དུ་བཞུགས་པ་དེ་ཉིད་ཡིན་ལ། ཡི་གེའི་གཟུགས་སུ་མིག་ཤེས་ལ་སྣང་བ་དང་ཉན་ཤེས་ལ་སྣང་བ་དེ་ནི་ལུང་གི་བཞོན་པའམ། སྲོག་གམ་རྟེན་ལྟ་བུར་གྱུར་པ་ལ་ལུང་གི་མིང་གིས་བཏགས་པ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱི་གཟུགས་སྐུ་མིག་ཤེས་ཀྱིས་མཐོང་བ་ལ་སངས་རྒྱས་མཐོང་བར་བཏགས་པ་བཞིན་ནོ། །དེ་ལས་གཞན་དུ་ལུང་སྒྲའི་སྐྱེ་མཆེད་ཁོ་ནར་ཁས་ལེན་ན་ནི། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་གཉིས་གདོན་མི་ཟ་བར་འཇུག་གོ །ཇི་ལྟར་ཞེ་ན། ཇི་སྐད་དུ། སློབ་དཔོན་བློ་བརྟན་གྱིས། བསྟན་བཅོས་ནི་མིང་དང་ཚིག་དང་ཡི་གེ་ཚོགས་སུ་སྣང་བའི་རྣམ་རིག་གོ །ཞེས་ཐེག་པ་ཆེན་པོ་ཐུན་མོང་གི་དབང་དུ་མཛད་ནས་བཤད་པ་དང༌། རིགས་པ་ཡང༌། སྟོན་པ་སངས་རྒྱས་དང་གདུལ་བྱའི་ཤེས་རྒྱུད་ལ་ལུང་གི་ཆོས་འཁོར་མི་བཞུགས་པར་འགྱུར་ཏེ། དེ་ནི་གཟུགས་དང་སྒྲའི་སྐྱེ་མཆེད་གང་རུང་དུ་ངེས་པའི་ཕྱིར། འོ་ན་ལུང་གི་བསྟན་པ་རྟོགས་པའི་ངོ་བོར་བཞུགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ས་ན་ནི་ཡེ་ཤེས་ཆོས་ཀྱི་སྐུའི་ངོར་བཞུགས་པ་ཡིན་ཏེ། ཇི་སྐད་དུ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པ་འོ། །ཞེས་བཤད་པས་སོ། །གདུལ་བྱའི་རྒྱུད་ལ་བཞུགས་ཚུལ་གྱི་ཁྱད་པར་ཡང༌། སོ་སོ་སྐྱེ་བོའི་སར་ནི་རྟོག་པའི་ངོ་བོར་བཞུགས་པས་ལམ་ཟག་བཅས་དང༌། འཕགས་པའི་མཉམ་གཞག་ཏུ་ནི་རྟོག་མེད་ལམ་བདེན་གྱི་ངོ་བོར་བཞུགས་པ་དང༌། རྗེས་ཐོབ་ཏུ་ནི་རྟོག་བཅས་དང་རྟོག་མེད་ཅི་རིགས་པའོ། །ལུང་གི་ཆོས་གསུང་པའི་སྒྲ་ཉན་ཤེས་ལ་གྲག་པ་ལྷང་ལྷང་པོ་དེ་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ལུང་དངོས་མ་ཡིན་ཏེ། གདུལ་བྱའི་ཤེས་རྒྱུད་ཀྱིས་བསྡུས་པའི་ཕྱིར། དཔེར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་གདུལ་བྱ་ལ་གཟུགས་ཀྱི་སྐུར་འཆར་བ་བཞིན་ནོ། །དེ་སྐད་དུ་ཡང༌། ཐུབ་པའི་བསྟན་པ་རྣམ་གཉིས་ཆུ་ཟླ་བཞིན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འཇུག་ཚུལ་སྤྱིར་བསྟན་ནས་སོ་སོར་བཤད་པ་ནི། མངོན་པར་རྟོགས་པའི་རྒྱན་ལས། མདོའི་དངོས་བསྟན་ཇི་ལྟ་བ་བཞིན་དུ་ཕྲིན་ལས་ཀྱི་འཇུག་ཚུལ་ཉི་ཤུ་རྩ་བདུན་གསུངས་པ་དེ་ནི། སྤྲུལ་སྐུའི་ཕྲིན་ལས་འཇུག་ཚུལ་གྱི་དབང་དུ་བྱས་པ་ཡིན་ལ། དབུ་མ་འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་སོགས་ཀྱིས་ནི་ལོངས་སྐུའི་ཕྲིན་ལས་འཇུག་ཚུལ་གྱི་དབང་དུ་བྱས་ནས་བཤད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར། ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ༌། །ཞེས་ལོངས་སྤྲུལ་གཉིས་ཀའི་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། སྐུ་གསུམ་ཀའི་ཐུན་མོང་གི་ཕྲིན་ལས་འཇུག་ཚུལ་གྱི་དབང་དུ་བྱས་ནས་སྐུ་སྟོན་པ་བརྒྱ་བྱིན་དང་འདྲ་བ་དང༌། གསུང་འདོམས་པ་ལྷའི་རྔ་བོ་ཆེ་དང་འདྲ་བ་དང༌། ཡེ་ཤེས་སྤྲོ་བ་ཉི་མ་དང་མཚུངས་པ་སོགས་རྒྱས་པར་གསུངས་པ་དེ་དག་ནི་གཞུང་ཉིད་ཀྱི་སྟེང་ནས་རྟོགས་པར་བྱའོ། །འདིར་སྨྲས་པ། གཞི་ཡི་དུས་སུ་བརྗོད་བྲལ་ཚུལ་བསླབས་ཤིང༌། །ལམ་གྱི་དུས་སུ་མཐའ་བྲལ་གོམས་བྱས་པས། །འབྲས་བུའི་དུས་སུ་སྤྲོས་ཀུན་ཉེར་ཞི་བའི། །གཞི་ལམ་འབྲས་བུའི་ཚུལ་འདི་དབུ་མའི་རྒྱན། །དེ་ལྟར་རིགས་པའི་ཚུལ་ལ་གོམས་བྱས་ཤིང༌། །ལུང་མང་དོན་ལ་རིང་དུ་འདྲིས་བྱས་ནས། །བསྟན་པའི་སྙིང་པོ་ཚུལ་བཞིན་མཐོང་བ་ཡི། །དགེ་བས་ཐུབ་བསྟན་རྒྱ་མཚོ་གང་བར་ཤོག །ཅེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད། ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། འབྲས་བུའི་དབུ་མ་འཆད་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ལྟར་ན་བསྟན་བཅོས་འདི་ཡོངས་སུ་རྫོགས་པའི་ལེའུ་དང༌། ལུང་དང་རིགས་པའི་བང་མཛོད་ཆེན་པོ་བཅུ་གཅིག དེ་རེ་རེ་ལ་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་དོན་ཚན་མི་འདྲ་བ་བཅུ་བཅུ་སྟེ། ཆོས་ཀྱི་ཚོམས་བརྒྱ་དང་བཅུ་དེ་རེ་རེ་ལ་ཡང་ལུང་རིགས་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་བཅུ་སྟེ་བརྒྱ་ཕྲག་གཅིག་དང་བཅས་པའི་སྟོང་ཕྲག་གཅིག་གིས་ཉེ་བར་མཛེས་པའི་བསྟན་བཅོས་ཆེན་པོ་འདི་ཡོངས་སུ་གྲུབ་པའོ། །ཡང་སྨྲས་པ། གངས་ཅན་ལྗོངས་སུ་གཞུང་རྩོམ་སྔོན་བྱོན་པ། །དེ་ཀུན་ལེགས་བཤད་ལམ་ནས་མཚུངས་པར་བྱོན། །ཕྱི་རབས་བྱོན་པའི་གྲགས་པ་གསལ་ལྡན་འགས། །སྔོན་བྱོན་ཕལ་ཆེར་ལོག་པའི་ལམ་དུ་བཀྲལ། །གང་འདིར་ཟབ་མོའི་གནས་ལ་གདེང་ཐོབ་ནས། །ལུང་དང་རིགས་པའི་འཁྲུལ་འཁོར་མང་པོ་ཡིས། །གོང་མའི་གཞུང་ལུགས་གོང་ནས་གོང་དག་ཏུ། །འདྲེན་བྱེད་བསྟན་བཅོས་ཆེན་པོ་འདི་བྱས་སོ། །གཞུང་རྩོམ་བྱེད་དང་བསྐུལ་བར་བྱེད་པོ་དག །ཕྲག་དོག་མྱོས་བྱེད་དྲག་པོས་ཡིད་དྲངས་ནས། །གཞན་ལ་སྨོད་པའི་སྟེགས་སུ་འདི་མ་བྱས། །ཐུབ་བསྟན་རིན་ཆེན་འདེགས་པའི་དོན་དུ་སྦྱར། །ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ། །ཤེས་བྱ་ཀུན་ལ་སྙོམས་པར་རྗེས་ཞུགས་ནས། །ལ་ལར་རྒྱལ་བ་ཉིད་དང་གཞན་དུ་ནི། །དམ་པའི་ཆོས་དང་སྐབས་འགར་འཕགས་པའི་སྐུར། །སྟོན་མཛད་རྒྱལ་བའི་ཡུམ་ལ་ཕྱག་བགྱི་འོ། །རྒྱལ་བའི་བཀའ་དང་དེ་ཡི་དགོངས་པ་ལ། །མི་ཕྱེད་ངེས་པ་རྙེད་པའི་རླུང་ཤུགས་ཀྱིས། །ཉེས་བཤད་སྨོད་པའི་ཚིག་འགའ་ཤོར་སྲིད་ན། །ཉེས་གང་ཆོས་དབྱིངས་ཉིད་དུ་ཞི་གྱུར་ཅིག །ཅེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུམ་པ་བརྗོད་བྲལ་གྱི་དབུ་མ་ཤེས་པའི་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ལ་གསུམ་སྟེ། ཐོག་མར་ཤེར་ཕྱིན་ལ་མོས་པའི་ཕན་ཡོན། རྗོད་བྱེད་གཞུང་གི་དབུ་མ་བསླབས་པའི་ཕན་ཡོན། བརྗོད་བྱ་དོན་གྱི་དབུ་མ་ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པ་ལས། གང་ཚེ་ང་ནི་ཕ་རོལ་ཕྱིན་པའི་མཆོག་འདི་དང༌། །མཐུན་པར་སྨྲ་གྱུར་དེ་ཚེ་སྔོན་གྱི་སྐྱེ་མཆོག་གི །མ་འོངས་པ་ཡི་དུས་ན་སངས་རྒྱས་འགྱུར་རོ་ཞེས། །ང་ལུང་བསྟན་པར་གྱུར་ཞེས་རྒྱལ་བ་དེ་སྐད་གསུང༌། །ཞེས་དང༌། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང༌། །རྒྱལ་བ་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་འདི་ནི་མནར་མེད་འགྲོ། །དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཡེ་ཤེས་མཆོག །རེག་པར་འདོད་ན་རྒྱལ་བའི་ཡུམ་འདིར་དད་པར་གྱིས། །ཞེས་གསུངས་སོ། །གཉིས་པ་ལ་དོན་ཁོང་དུ་མ་ཆུད་ཀྱང༌། ཚིག་ཙམ་ཡི་གེར་བྲིས་ནས་མཆོད་པའི་ཕན་ཡོན། ཚིག་ཙམ་གཞན་ལ་ཉན་པའི་ཕན་ཡོན། ཚིག་གི་དོན་བསླབས་པའི་ཕན་ཡོན། རང་གིས་ཤེས་ནས་གཞན་ལ་བསྟན་པའི་ཕན་ཡོན་ནོ། །དང་པོ་ལ་བྲིས་ནས་རང་གིས་མཆོད་པའི་ཕན་ཡོན་དང༌། གཞན་ལ་བྱིན་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། ལ་ལ་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་པ་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒ་ཡི། །བྱེ་མ་རྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་རྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང༌། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལ་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆད་ཞིང་མེ་ཏོག་བྱུག་པས་སྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །རྒྱལ་བའི་ཕ་རོལ་ཕྱིན་པ་མཆོག་འདི་རིགས་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། ལ་ལ་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་སྦྱིན་བསོད་ནམས་ཁྱད་པར་འཕགས། །ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་མཐའ་དག་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །ཅེས་གསུངས་སོ། །གཉིས་པ་གཞན་ལས་ཉན་པའི་ཕན་ཡོན་ལ་གཉིས་ཏེ། དེ་ལྟར་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན། བསྟེན་ནས་དེ་ལས་དེ་ཉན་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། དེ་ལྟ་བས་ན་བྱང་ཆུབ་དམ་པ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟན། །ཞེས་དང༌། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང༌། །ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། །ཞེས་གསུངས་སོ། །གཉིས་པ་དེ་ལས་དེ་ཉན་པའི་ཕན་ཡོན་ནི། ཇི་སྐད་དུ། དགོན་པའི་ལམ་ནི་དཔག་ཚད་མང་པོར་ཞུགས་པའི་མི། །གནག་རྫི་མཚམས་ཀྱི་ནགས་ཚལ་ཕུན་སུམ་ཚོགས་མཐོང་ནས། །འདི་དག་གྲོང་དང་གྲོང་ཁྱེར་ཉེ་བའི་རྟགས་སྙམ་སྟེ། །དབུགས་ཕྱིན་རྙེད་པར་གྱུར་ཅིང་ཆོམ་རྐུན་འཇིགས་པ་མེད། །དེ་བཞིན་བྱང་ཆུབ་ཡོངས་སུ་འཚོལ་ཆེ་རྒྱལ་རྣམས་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་འདི་ཉན་པ་གང་ཐོབ་པ། །དེ་ནི་དབུགས་ཕྱིན་ཐོབ་པར་གྱུར་ཅིང་འཇིགས་མེད་དེ། །དགྲ་བཅོམ་ས་ལ་མ་ཡིན་རྐྱེན་རྟོགས་ས་ལ་མིན། །མི་ཞིག་རྒྱ་མཚོའི་ཆུ་ནི་བལྟ་ཕྱིར་འགྲོ་བ་ཡི། །གལ་ཏེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་ནི། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་སྟེ་དེ་ལ་སོམ་ཉི་མེད། །དེ་བཞིན་བྱང་ཆུབ་དམ་པར་རབ་ཞུགས་རྒྱལ་བ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་འདི་ཉན་རིག་པར་བྱ། །རྣམ་པར་འདྲེན་པས་མངོན་སུམ་ལུང་བསྟན་མ་གྱུར་ཀྱང༌། །སངས་རྒྱས་བྱང་ཆུབ་རིང་པོར་མི་ཐོགས་བདག་རེག་འགྱུར། །དཔྱིད་དུས་བཟང་ལ་སྡོང་པོ་ལོ་མ་ལྷགས་གྱུར་ན། །ཡལ་གས་རིང་པོར་མི་ཐོགས་ལོ་འབྲས་མེ་ཏོག་བསྐྲུན། །ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་འདྲེན་པ་རྣམས་ཀྱི་བྱང་ཆུབ་ཐོབ། །དཔེར་ན་བུད་མེད་སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉན། །དགའ་དང་འདུན་པ་བསྐྱེད་པ་མྱུར་དུ་བྱང་ཆུབ་རེག །ཅེས་གསུངས་སོ། །གསུམ་པ་ཚིག་དོན་བསླབས་པའི་ཕན་ཡོན་ལ། ཚིག་བཟུང་བའི་ཕན་ཡོན་དང༌། དོན་བསླབས་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། རིག་སྔགས་འདི་བསླབས་སྨན་པའི་རྒྱལ་པོ་བླ་མེད་འགྱུར། །གང་དག་ཕན་དང་སྙིང་བརྩེར་བཅས་པས་སྤྱད་སྤྱོད་པ། །རིག་སྔགས་འདི་ལ་བསླབས་ནས་མཁས་པས་བྱང་ཆུབ་རེག །འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ། །ས་བོན་བཏབ་ནས་ས་ལ་གནས་ཏེ་འབྱུང་འགྱུར་བ། །ཚོགས་པ་རྙེད་ནས་རྣམ་མང་གཟུགས་དག་རྣམ་པར་སྐྱེ། །ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། །ཞེས་གསུངས་སོ། །བཞི་པ་གཞན་ལ་བསྟན་པའི་ཕན་ཡོན་ནི། ཇི་སྐད་དུ། ཇི་ལྟར་སེང་གེ་རི་སུལ་བསྟེན་ནས་འཇིགས་མེད་པར། །རི་དྭགས་ཕྲ་མོ་མང་སྐྲག་བྱེད་ཅིང་སྒྲ་སྒྲོགས་ལྟར། །མི་ཡི་སེང་གེས་ཤེས་རབ་ཕ་རོལ་ཕྱིན་བསྟེན་ནས། །མུ་སྟེགས་ཅན་མང་སྐྲག་བྱེད་འཇིགས་མེད་སྒྲ་ཡང་སྒྲོགས། །དཔེར་ན་ནམ་མཁར་གནས་པའི་ཉི་མའི་འོད་ཟེར་ནི། །ས་འདི་སྐེམས་པར་བྱེད་ཅིང་གཟུགས་ཀྱང་རབ་ཏུ་སྟོན། །དེ་བཞིན་ཆོས་རྒྱལ་ཤེས་རབ་ཕ་རོལ་ཕྱིན་བསྟེན་པ། །སྲིད་པའི་ཆུ་ཀླུང་སྐེམས་ཤིང་ཆོས་ཀྱང་རབ་ཏུ་སྟོན། །ཞེས་གསུངས་སོ། །གསུམ་པ་བརྗོད་བྱ་དོན་གྱི་དབུ་མ་ཤེས་པའི་ཕན་ཡོན་ལ་གསུམ་སྟེ། གཞི་དབུ་མ་བརྗོད་པ་ཀུན་བྲལ། ལམ་དབུ་མ་མཚན་འཛིན་ལས་གྲོལ། འབྲས་བུ་དབུ་མ་སྤྲོས་ཀུན་ཉེར་ཞི། ཞེས་བྱ་བ་གསུམ་ལ་མཁས་པར་བྱས་པའི་ཕན་ཡོན་རྣམ་པ་གསུམ་ལས། དང་པོ་ལ། གཞི་བརྗོད་བྲལ་གྱི་དབུ་མ་ངོས་གཟུང༌། དེ་ལ་མཁས་པར་བྱས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་འགྲོ་དགོས་པར་བསྟན། དེ་ལྟར་དཔྱད་པས་ཅིར་ཡང་མ་མཐོང་བ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་གཞིའི་དབུ་མར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། དཔེར་ན་རི་མོའི་ལས་ནི་ཡོངས་ཟིན་མིག་མེད་པ། །ཇི་སྲིད་མིག་མ་བྲིས་པར་རྔན་པ་མི་ཐོབ་བཞིན། །གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང༌། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་སྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །གང་དག་འདུ་ཤེས་བྲལ་བ་འདི་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །ཞེས་དང༌། དཔེར་ན་མདའ་ཡིས་རྒྱ་མཚོའི་གཏིང་ཐུག་ཚོལ་བ་ལྟར། །ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། །ཅེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གཟུགས་རྣམས་མི་མཐོང་ཚོལ་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་བགྱི། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྟན་པར་ནུས་མ་ཡིན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང༌། །རྒྱལ་པོ་བཏང་སྙོམས་འདུག་ཅིང་བློན་པོ་ཀུན་བྱེད་ལྟར། །སངས་རྒྱས་མཛད་དང་ཉན་ཐོས་ཆོས་རྣམས་ཇི་སྙེད་པ། །དེ་དག་ཐམས་ཅད་ཤེས་རབ་ཕ་རོལ་ཕྱིན་པས་བྱེད། །རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་བར། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུའང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་ཡིན་ཐམས་ཅད་སྡུད། །ཅེས་གསུངས་སོ། །གཉིས་པ་གཞི་དབུ་མ་དེ་ལྟར་ཤེས་པའི་ཕན་ཡོན་ལ་གཉིས་ཏེ། གཞི་དབུ་མ་དེ་ལྟར་དུ་ཤེས་པའི་ཤེས་རབ་ཤེར་ཕྱིན་དུ་བསྟན། ཤེར་ཕྱིན་རྒྱུད་ལ་སྐྱེས་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང༌། །ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་བྱས་མ་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །བྱང་ཆུབ་སེམས་མཁས་རིག་པ་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམ་སྟེ་འདི་ལྟར་སྤྱོད་བྱེད་ཅིང༌། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། བདག་ནི་མཉམ་པར་བཞག་ཅེའམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །དེ་ལྟར་སྤྱོད་ན་བདེ་གཤེགས་རྣམས་ཀྱི་ཤེས་རབ་སྤྱོད། །དེས་ནི་སྤྱོད་མེད་སྤྱོད་པ་ཡིན་པར་རབ་ཤེས་ཕྱིར། །ཆོས་གང་སྤྱོད་པ་དེ་ཡང་དམིགས་པར་མི་འགྱུར་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ཤེར་ཕྱིན་དེ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ལ། གནས་སྐབས་ཀྱི་ཡོན་ཏན་དང༌། མཐར་ཐུག་གི་ཡོན་ཏན་ནོ། །དང་པོ་ལ་ལྔ་སྟེ། ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཡོན་ཏན། བདུད་ཀྱིས་ཀླགས་མི་རྙེད་པའི་ཡོན་ཏན། དེ་བཞིན་གཤེགས་པས་བསྲུང་བའི་ཡོན་ཏན། མངོན་མཐོ་དང་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་རང་གི་ངང་གིས་འདུ་བའི་ཡོན་ཏན། འགྲོ་བ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཡོན་ཏན་ནོ། །དང་པོ་ནི། ཇི་སྐད་དུ། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱི་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གངྒཱའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་དག་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་དེ་ཉིད་སྤྲུལ་བྱས་ཀྱང༌། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་དོན་ཡོངས་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ཐུགས་ཀྱིས་དགོངས་པའི་ཡོན་ཏན་དང༌། གསུང་གིས་བསྔགས་པའི་ཡན་ཏན་ནོ། །དང་པོ་ནི། ཇི་སྐད་དུ། མ་ཞིག་ན་བར་གྱུར་ན་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་གྲོ་བྱེད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །ཅེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། དེ་ལྟར་སྤྱོད་མཁས་རྣམས་ལ་ལྷ་ཚོགས་མང་པོ་དག །ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙེད་པའང༌། །ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད། །ཅེས་གསུངས་སོ། །བཞི་པ་ནི། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །ཅེས་དང༌། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་གསུངས་སོ། །ལྔ་པ་ནི། ཇི་སྐད་དུ། ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲྭ་བ་ཅན། །མུན་ནག་འཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང༌། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན། །མཆོག་སྤྱོད་སྟོང་པ་དང་ནི་མཚན་མ་མེད་སྤྱོད་པ། །མཁས་པ་ལྟ་བའི་འཐིབས་པོ་བཅོམ་ནས་འགྲོ་ཀུན་དང༌། །དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན། །ཞེས་གསུངས་སོ། །གཉིས་པ་མཐར་ཐུག་གི་ཡོན་ཏན་ལ་གཉིས་ཏེ། དམན་པའི་སར་མི་ལྟུང་བའི་ཡོན་ཏན། རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའི་ཡོན་ཏན་ནོ། །དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་བསམ་སྦྱོར་བ། །ཉན་ཐོས་རང་རྒྱལ་ས་གཉིས་ཤིན་ཏུ་འདས་བྱས་ནས། །ཟིལ་གྱིས་མི་ནོན་རྒྱལ་བའི་བྱང་ཆུབ་མྱུར་དུ་ཐོབ། །ཅེས་སོ། །གཉིས་པ་ནི། གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་དང༌། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་འབྱུང༌། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཡུམ། །ཞེས་གསུངས་སོ། །གཉིས་པ་ལམ་དབུ་མ་མཚན་འཛིན་ལས་གྲོལ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ལ་གསུམ་སྟེ། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕན་ཡོན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་འདིར་འདུས་པའི་ཕན་ཡོན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །རྐྱེན་རྣམས་ཚོགས་ནས་ལས་ཀྱི་འཁྲུལ་འཁོར་རབ་ཏུ་འབྱུང༌། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ལ། །སྐྱེ་མེད་ཟད་པ་མེད་པ་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོས་པས་མུན་བསལ་ལྟར། །མ་རིག་འཐིབས་པོ་བཅོམ་ནས་རང་འབྱུང་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། ཉི་མ་མཁའ་ལ་འགྲོ་བའི་ཟེར་གྱིས་ཟིལ་གནོན་པའི། །མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་བཞིན། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་ལ་བསླབ་པར་བྱས་རྣམས་ཀྱི། །ཕ་རོལ་ཕྱིན་པ་ཐམས་ཅད་འདིར་ནི་འདུས་པར་འགྱུར། །ཞེས་གསུངས་པས་སོ། །གསུམ་པ་ནི། ཇི་སྐད་དུ། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་སོ། །གསུམ་པ་འབྲས་བུ་དབུ་མ་སྤྲོས་པ་ཉེར་ཞི་མངོན་དུ་བྱས་པའི་ཕན་ཡོན་ལ། འཇིག་རྟེན་ཀུན་གྱི་མཆོད་འོས་སུ་གྱུར་པའི་ཕན་ཡོན། ཕྲིན་ལས་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་རིན་ཐང་མེད། །གབ་ཙེ་གང་དུ་བསྩལ་བ་དེ་ནི་ཕྱག་བགྱི་འོས། །དེ་ཕྱུང་གྱུར་ཀྱང་གབ་ཙེ་ལ་ནི་དགའ་བགྱིད་དེ། །ཡོན་ཏན་འདི་དག་ནོར་བུ་རིན་ཆེན་དེ་ཡི་ལགས། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན་མཆོག་ཡོན་ཏན་གྱིས། །རྒྱལ་བ་མྱ་ངན་འདས་ཀྱང་རིང་བསྲེལ་མཆོད་པ་བརྙེས། །དེ་ལྟར་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་འཚལ་དེས། །ཤེས་རབ་ཕ་རོལ་ཕྱིན་བླངས་འདི་ནི་ཐར་པ་ལགས། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །ཞེས་གསུངས་སོ། །འདིར་སྨྲས་པ། བརྩེ་ཆེན་རྒྱལ་བ་དེ་ཡི་ཚངས་དབྱངས་ཀྱིས། །རྒྱལ་ཡུམ་བསྔགས་པའི་ཕྲེང་བ་སྤེལ་ལེགས་པ། །གང་གི་མགྲིན་པར་བཟུང་བའི་དགེ་བ་ཡང༌། །ཆོས་འདིར་ཤེས་ནས་དད་པའི་དོན་དུ་བསྔོ། །ལྟ་གྲུབ་བཟང་ངན་དཔྱོད་པའི་ཤེས་ལྡན་དག །གྲུབ་མཐའ་རྒྱ་མཚོའི་གཞུང་ཆེན་འདི་ལྟོས་ལ། །མཐའ་གཉིས་སེལ་བའི་ལུང་རིགས་དེ་སློབས་དང༌། །གཉིས་མེད་གསུང་བའི་ཆོས་ལ་གདེངས་ཐོབ་འགྱུར། །ཞེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས་བརྗོད་བྲལ་གྱི་དབུ་མ་བཤད་པའི་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ཞེས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྭ་སྟི་པྲ་ཛཱ་བྷྱཿ བདེ་འབྱུང་གཙུག་གི་ཟླ་གཞོན་ལང་ཚོ་ཡིས། །དལ་བུར་བཏེག་པའི་ཞབས་སེན་འོད་དམར་གྱིས། །འགྲོ་ཀུན་མུན་པའི་ལམ་ལས་བསྲུང་བརྩོན་པ། །ཐུབ་ཆེན་ཀུན་གྱི་བླ་མས་བདག་ཟུངས་ཤིག །ཁྱོད་སྐུ་ཞི་བའི་དབྱིངས་ན་རྟག་བཞུགས་ཀྱང༌། །ཉིད་གསུང་ཕོངས་པའི་གནས་སུ་ནམ་ཡང་རྒྱུ། །ཐུགས་རྗེའི་ཕྱག་གིས་སྐྱེ་དགུ་གོང་ནས་གོང༌། །རྣམ་འདྲེན་སྟོན་པ་དེ་ལ་ཕྱག་བགྱི་འོ། །བརྗོད་བྲལ་གཞི་ཡི་དབུ་མ་ཤེས་བྱའི་གཤིས། །མཐའ་བྲལ་ལམ་གྱི་དབུ་མ་རྨོངས་པའི་དགྲ། །སྤྲོས་བྲལ་འབྲས་བུའི་དབུ་མ་མཚན་མ་ལས། །རྣམ་གྲོལ་དམ་པའི་ཆོས་ཁྱོད་ཀུན་གྱི་སྐྱབས། །ཉིད་སྐུ་སྐུ་བཞིའི་རྣམ་རོལ་རྒྱལ་བ་ཉིད། །དེ་གསུང་གསུང་གི་དབང་ཕྱུག་དམ་པའི་ཆོས། །གང་ཐུགས་ཐུགས་རྗེའི་གཏེར་མངའ་རྒྱལ་བའི་སྲས། །ཀུན་གྱི་མུན་པ་སེལ་ཁྱོད་ལྷག་པའི་ལྷ། །མཚུངས་མེད་སྟོན་པ་དེ་ཡི་ཞལ་གྱི་སྒོ། །རྟག་ཏུ་དེ་ཉིད་གསུང་བའི་འཛུམ་དཀར་གྱིས། །ངེས་དོན་བདུད་རྩིའི་ཡིན་ལུགས་རོ་བརྒྱ་པ། །ཟབ་མོའི་དོན་ལ་འཇིགས་མེད་གང་འདིར་རྙེད། །ཐུབ་པའི་ཆོས་འདི་དང་ནི་མུ་སྟེགས་གཞུང༌། །གོང་འོག་གྲུབ་མཐའི་སྲོལ་དང་རང་རང་གི །དབུ་མའི་འཇོག་མཚམས་རིམ་པ་མང་དེ་དག །སོ་སོའི་གཞུང་བཞིན་མ་འདྲེས་དྲང་པོར་བཤད། །གངས་ཅན་ལྗོངས་འདིར་གྲགས་པ་གསལ་ལྡན་དག །རང་འདོད་ཀྱིས་བསྐྲུན་བསྒྲུབ་བྱ་མང་བཞག་ནས། །དེ་སྒྲུབ་བྱེད་པའི་རྒྱབ་རྟེན་འཚོལ་བྱའི་ཕྱིར། །གཉིས་མེད་གསུང་བའི་བཀའ་དང་བསྟན་བཅོས་ཀུན། །འཁྱོགས་པོའི་ལམ་དུ་བཀྲལ་བ་མང་ཞིག་མཐོང༌། །རྒྱལ་བའི་བཀའ་དང་རྒྱན་དྲུག་མཁས་པའི་གཞུང༌། །དཔང་པོར་བཞག་ནས་བདེན་བརྫུན་གཏམ་གྱི་སྲོལ། །དྲང་པོར་དབྱེ་བྱེད་ལུང་དང་རིགས་པའི་གནས། །བརྒྱ་ཕྲག་བཅུ་དང་བརྒྱ་ལྡན་འདིར་བཤད་པ། །རང་དུ་རློམ་དང་གཞན་ལ་འགྲན་སེམས་དང༌། །གོང་མའི་གཞུང་ལུགས་འཇིག་པའི་ཕྱིར་མ་བྱས། །སྔོན་རབ་མཁས་པའི་གཤེགས་ཤུལ་ཉམས་དགའ་བ། །འཁྱོག་མེད་དྲང་པོའི་ལམ་དེ་བསྟན་ཕྱིར་ཡིན། །འདིར་འབྱུང་ལུང་རིགས་འགྲོས་ཆེན་འདི་མེད་པར། །རྗེ་བཙུན་གོང་མའི་གཞུང་ལུགས་ཤིང་རྟ་ཡི། །ལམ་དུ་འདྲེན་རློམ་ངག་སྙན་ཁ་ལོ་པ། །དེ་ཀུན་དད་པའི་རྗེས་འབྲང་མ་ལགས་སམ། །ལྟ་དང་གྲུབ་མཐའ་བཟང་དང་ངན་ཞེས་པའི། །རྒན་གཏམ་སྨྲ་བའི་བྱིས་པ་མང་མོད་ཀྱང༌། །བྱམས་པའི་གཞུང་དང་རྒྱན་དྲུག་མཁས་པའི་གཞུང༌། །ལྡབ་ལྡིབ་མེད་པར་ཇི་བཞིན་སྨྲ་མཁས་སུ། །གང་འདིས་དང་པོར་རང་གཞུང་རྒྱ་མཚོ་བསླབས། །དེ་ནས་གཞན་གཞུང་མང་པོའི་དེ་ཉིད་ཤེས། །ལན་མང་བསམས་ཏེ་རྣམ་པར་བཤད་གང་འདི། །རྒྱལ་མཚན་རྩེ་མོར་མཆོད་འོས་བསྟན་པའི་དཔལ། །དུས་འདིར་ཡུལ་གྱིས་བསྐལ་པའི་བློ་བཟང་དག །འབེལ་བའི་གཏམ་གྱི་དགའ་སྟོན་དོན་གཉེར་དང༌། །ཕྱི་མའི་དུས་སུ་འབྱུང་འགྱུར་མཁས་འདོད་འགའ། །ཁོ་བོའི་རྣམ་དཔྱོད་བཞིན་བཟང་བལྟ་འདོད་ན། །འདིར་འབྱུང་ལྟ་བའི་གནས་དང་གྲུབ་པའི་མཐའ། །དེ་སྒྲུབ་བྱེད་པའི་ལུང་དང་རིགས་པ་དང༌། །དེ་སྟོན་བྱེད་པའི་སྡེབས་ལེགས་སྦྱོར་བ་ཡིས། །དོན་གསལ་ཡིད་འཕྲོག་ལྡན་པ་འདི་ལྟོས་དང༌། །བློ་ཆེན་ལང་ཚོ་འཆར་བའི་མེ་ལོང་དང༌། །རྣམ་དཔྱོད་ཞལ་གྱི་བསྐྱིན་པ་འདི་ལགས་ཀྱི། །མཁས་ཁྱད་བཞིན་བཟང་འཆར་བའི་བློ་མཚོ་འདིར། །གཞུང་ལུགས་མང་པོའི་དེ་ཉིད་ངང་གིས་འཆར། །གཞན་དང་མི་མཉམ་རྣམ་དཔྱོད་ལག་པ་ཡིས། །མགྱོགས་པར་བྲིས་པའི་ངེས་དོན་གླེགས་བམ་འདི། །ཐུབ་བསྟན་ནོར་བུའི་ཁང་བརྩེགས་ཉམས་དགའ་བར། །དཔྱོད་ལྡན་སེང་ཆེན་མང་པོའི་ཁྲི་ལ་ཞོག །ཨེ་མ་ཀྱེ་ཀྱེ་གྲོགས་དག་རྣམ་གསལ་ཆོས་ཀྱི་སྒོ་མོ་བརྒྱ་ཕྲག་ཕྱེ་བའི་ངོ་མཚར་ཆོས་འདིའི་ལྟད་མོ་འདི་ལྟར་ཡོད་དོ་སྡེ་བདུན་མཛད་གཞུང་རིགས་པའི་འབར་ཕྲེང་འཁྲུག་པའི་རྟ་གདོང་མེ་ཡི་ར་བ་མཐོན་པོ་བར་མཚམས་མེད་པར་ཀུན་ཏུ་བསྐོར་བས་གཞན་གཞུང་དྲེགས་པའི་བུད་ཤིང་མ་ལུས་ཟོས་ཤིང་མིད་ནས་ཕྱེ་མར་བྱས་པ་ཁོ་ནར་མ་ཟད་གཞུང་ལུགས་སྟོབས་བརྒྱ་རྒྱས་པའི་རྒོལ་བའི་དབང་པོ་རིགས་གཞུང་མཐའ་དག་བསླབས་ཤིང་ཤེས་པ་གང་གིས་ཀླན་ཀའི་ལག་པ་རིགས་པར་རྐྱོང་བའི་གོ་སྐབས་ཅི། །ངེས་དོན་རིན་ཆེན་རྣམ་བཞིའི་ལྷུན་པོ་ཡིས་ནི་ཆོས་འདིའི་ལྟེ་བར་རབ་བཟུང་གོང་འོག་ཕྱི་ནང་གྲུབ་མཐའི་གནད་རྣམས་མང་དུ་ཐོས་ནས་འཆད་པའི་ནོར་གྱིས་རབ་གང་སྣ་ཚོགས་རིགས་པའི་གནས་ལ་བློ་གྲོས་བྱང་བའི་ཆལ་ཆིལ་དང་བཅས་ཚིག་ཉུང་དོན་མང་སྡེབས་ལེགས་རྣ་བར་སྙན་ཅིང་ཡིད་ལ་གཤིན་པའི་རླབས་ཀྱི་ཕྲེང་བ་ཡིད་འོང་གཅིག་ནས་གཅིག་ཏུ་འཁྱུད་པའི་ཕྱི་ཡི་མཚོ་ཆེན་རབ་ཏུ་གང་བས་རང་ཕྱོགས་བློ་ཡི་དབུལ་ཕོངས་སེལ་བར་མ་ཟད་གཞན་གྱི་ལེགས་བཤད་བཀོད་མཛེས་ལྡེང་ཀའི་ངོགས་ལ་འགྲམ་ཆུ་ལྡང་བའི་དོགས་པ་ཅི། །ཇི་སྙེད་ཆོས་ཀྱི་ལོངས་སྤྱོད་ཅི་ཙམ་སྤྱོད་ཀྱང་ཕྱི་ཕྱིར་འཕེལ་བའི་ངོ་མཚར་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་གོས་ཅན་བལྟ་ལ་ཆགས་པའི་ས་ཆེན་བཅུ་གཉིས་སྲ་ཞིང་མཁྲང་ལ་དྲང་པོར་མཐས་པའི་མུ་ཁྱུད་ཀྱིས་ནི་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་འཛིངས་པར་མཛེས་བྱས་མ་ཕམ་རྒྱལ་བའི་གཞུང་གི་ངེས་དོན་བཟང་པོ་ཐོགས་མེད་ཞབས་དང་དེ་ཡི་གཅུང་གིས་ཇི་བཞིན་བཀྲལ་བའི་དགེ་ལེགས་ཆོས་ཀྱི་ལོངས་སྤྱོད་མ་ལུས་འདིར་འོངས་དེ་དེ་ཁོ་ནར་མ་ཟད་འཁྲུལ་བའི་ཆུ་མཚོར་བྱིང་བཞིན་རྟོག་གེ་འཁྲུལ་བའི་རླུང་གིས་ཅུང་ཟད་བཏེག་པའི་བྱིས་རྣམས་ཀྱིས་ཀྱང་འགྲན་པའི་གོ་སྐབས་ཅི། །ཀླུ་སྒྲུབ་གཞུང་ལུགས་ཐལ་རང་ཉི་ཟླའི་འགྲོས་ཆེན་རྣམ་གཉིས་ཀྱི་ནི་མདངས་རབ་གསལ་བའི་ཡ་མཚན་འགྲེལ་ཆེན་གསེར་གྱི་རི་བོ་རྣམས་ཀྱང་འདིར་བྱོན་མདོ་སྔགས་ངེས་དོན་ཟབ་མོའི་ནང་གི་རོལ་མཚོས་མཛེས་པར་འདུད་པའི་ལྷུན་པོ་ཁྱོད་ཉིད་གསུང་རབ་ཀུན་གྱི་ལེགས་བཤད་བསྡུས་པའི་གླེགས་བམ་གཅིག་ཡིན་ཁྱོད་ལ་འགྲན་པར་ཕོད་པའི་བོད་གཞུང་ལྟ་ཅི་འཕགས་ཡུལ་གཞུང་བརྒྱའི་རི་བོ་ཀུན་ཀྱང་མཐུན་པར་གྲོས་ནས་མངོན་པར་བཀུར་བའི་ལྷུན་པོ་ཡིན་ནོ་ལྷ་མིན་གྱིས་སྦྱར་གཞུང་ལུགས་འཛིན་པོས་ཁྱོད་ཀྱི་གོ་འཕང་གནོན་པའི་སྐལ་བ་ཅི། །འཇམ་དབྱངས་དབྱངས་ཅན་གཏམ་གྱི་རོལ་མོ་ཡིས། །རྣམ་སྒེག་སྒེག་མོའི་ཟློས་གར་མཁན་དེའི་གསུང༌། །ཁྱོད་ཐུགས་ཐུགས་རྗེའི་གཏེར་གྱིས་ཉེར་བཟུང་བ། །ཀླུ་སྒྲུབ་སྒྲུབ་ཕྱོགས་སེལ་བའི་རིགས་པ་དང༌། །བྱམས་མགོན་མགོན་མེད་ལ་བརྩེ་ཐུགས་རྗེའི་མཛོད། །རྣམ་རྒྱལ་རྒྱལ་ཚབ་དམ་པའི་གསུང་གི་དབྱངས། །གང་བློ་བློ་གྲོས་བུམ་པར་ལེགས་བླངས་པ། །ཐོགས་མེད་མེད་ཕྱོགས་སེལ་བའི་གཞུང་གི་དོན། །རྣམས་ངེས་ངེས་དོན་བཟང་པོའི་བང་མཛོད་འདི། །ལུང་ཆོས་ཆོས་ཀྱི་ཆུ་བོ་བརྒྱ་འབེབས་ཤིང༌། །རིགས་གཞུང་གཞུང་བརྒྱའི་རླབས་ཕྲེང་ཉེར་སྤེལ་བ། །བཀའ་ལུང་ལུང་དང་རིགས་པའི་རྒྱ་མཚོ་ཡིན། །ཀླུ་སྒྲུབ་སྒྲུབ་བྱེད་རིགས་པ་བགྲང་ཡས་ཀྱིས། །དེ་བསྒྲུབ་བསྒྲུབ་བྱའི་དོན་དེ་གཅིག་གྱུར་ཀྱང༌། །ཐལ་རང་རང་བཞིན་འགོག་པའི་རིགས་པ་ནི། །རྣམ་གྲངས་གྲངས་ལས་འདས་པ་འདི་ན་མཆིས། །བྱམས་ཆོས་ཆོས་ཀྱི་སྙིང་པོ་དབུ་མ་ཡང༌། །རྣམ་གཉིས་གཉིས་མེད་རང་རིག་དོན་དམ་དང༌། །ཆོས་ཀུན་ཀུན་ནས་ངོ་བོ་ཉིད་མེད་པ། །གང་ཡིན་ཡིན་ལུགས་ཡིན་པར་ཆོས་འདིས་བཤད། །གང་ཁྱོད་གསུང་རབ་ཀུན་ལ་ལྟ་བའི་མིག །ཁྱོད་ཀྱིས་མ་མཐོང་རྒྱལ་བའི་གསུང་རབ་གང༌། །དབུ་སེམས་གཞུང་ཆེན་ཀུན་གྱི་ཊཱི་ཀ་ཡིན། །གང་འདིས་མི་ཁྲོལ་ཐེག་ཆེན་ཆོས་ལུགས་ཅི། །ཆོས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་སྟེ། །འདི་ཡིས་མ་ཕྱེད་གྲུབ་མཐའི་མདུད་པ་སུ། །རྟོག་གེའི་གསང་ཚིག་སྨྲ་ལ་རང་བྱན་ཆུད། །འདི་ལ་རྒྱུས་མེད་རྟོག་གེའི་གསང་གཏམ་གང༌། །དངོས་པོར་སྨྲ་བའི་སྙིང་གཏམ་མ་ལུས་པ། །གསལ་པོར་ཤེས་ནས་དྲང་པོར་ཁྱོད་ཀྱིས་སྨྲས། །ཀླུ་སྒྲུབ་སྲས་དང་བརྒྱུད་པར་བཅས་པ་ཡི། །གཞུང་ལུགས་ཀུན་གྱི་དེ་ཉིད་འཆད་ཤེས་པའི། །ལྕེ་བདེ་དོན་གསལ་ལྡན་པ་ཁྱོད་གཅིག་པུ། །གང་ཁྱོད་མེད་ན་བྱམས་པའི་གཞུང་ཀུན་གྱི། །ཡིན་ལུགས་ལོ་རྒྱུས་ཞིབ་མོ་སུ་ལ་འདྲི། །སྡེ་བདུན་མཛད་པའི་གཞུང་གི་དབུ་མ་ཡང༌། །ཁྱོད་མིན་གཞན་གྱིས་གསལ་བར་འཆད་ནུས་སུ། །ཕྱི་དུས་གངས་ཅན་ལྗོངས་སུ་སྦྱར་བ་ཡི། །རང་གཟོའི་གཏམ་ཀུན་ཁྱོད་ཀྱི་སྙིང་ལ་གསལ། །རང་གར་སྦྱར་དང་འབྱུང་ཁུངས་ཆོས་ཀྱི་གཏམ། །སོ་སོར་འབྱེད་པའི་དཔང་པོ་ཁྱོད་མིན་སུ། །བརྗེད་ངེས་མེད་པར་དབུ་མའི་གཏམ་རྣམས་ནི། །རྣམ་པར་ངེས་པ་ཁྱོད་ལས་གཞན་ན་གང༌། །དགག་སྒྲུབ་ལུང་དང་རིགས་པའི་ཆུ་བོ་བརྒྱ། །རིགས་པར་འབེབས་པའི་རྒྱ་མཚོ་ཁྱོད་གཅིག་ཡིན། །ཐུབ་བསྟན་ནོར་བུའི་དྲི་མ་སེལ་མཁས་པའི། །འཁྲུལ་འཇོམས་ཀུན་གྱིས་བསྔགས་འོས་ཁྱོད་ཁོ་ན། །གཞུང་འདིས་དབུ་མའི་བཤད་སྲོལ་གང་འཛིན་པ། །ཀླུ་སྒྲུབ་ཐུགས་ཀྱི་སྲས་གཅིག་ཟླ་བའི་ཞབས། །དེ་གཞུང་ཚུལ་བཞིན་ཤེས་པ་ཉི་མར་གྲགས། །བརྒྱུད་པའི་སྲོལ་འཛིན་འབྱུང་གནས་ཡེ་ཤེས་ཞབས། །དེ་སྲོལ་ཚུལ་བཞིན་འཛིན་མཛད་རྒྱལ་རོང་པ། །ཤཱཀྱའི་མཚན་ཅན་དེ་ལས་གསལ་བར་འོངས། །དེ་གསུང་ཉིད་ལས་ཀླུ་སྒྲུབ་གཞུང་ལུགས་ནི། །འཁྲུལ་མེད་བདུད་རྩི་བཟང་པོ་ངེས་པར་འཐུངས། །དེ་སྲས་ཐུ་བོ་དོན་ཡོད་མཁྱེན་པའི་དཔལ། །བཟང་པོའི་ཞབས་ལ་ཟླ་བའི་གཞུང་བཟང་ཐོས། །ཕ་རོལ་ཕྱིན་དང་ཚུལ་ཆེན་གཞུང་ལུགས་ལ། །ལྟ་བའི་ཡུལ་དང་ལྟ་བྱེད་བློ་ཡིས་ནི། །འདྲ་དང་མི་འདྲའི་ཁྱད་པར་གང་ཡོད་དང༌། །མཚན་འཛིན་གཞིལ་དང་མཚན་མེད་གོམས་པའི་ཚུལ། །གངས་ཅན་བསྟན་པའི་བདག་པོ་ས་སྐྱ་པའི། །གཞུང་དང་མན་ངག་ཚུལ་ལས་བྱུང་དེ་ཡིན། །བློ་བཟང་གྲགས་པ་གསལ་ལྡན་བཙོང་ཁ་པས། །རྣམ་དཔྱོད་དྲང་པོའི་མིག་གིས་མ་གཟིགས་པར། །སྔོན་རབས་མཛངས་པའི་ལྟ་བའི་གནད་རྣམས་ཀུན། །རྒྱ་ནག་མཁན་པོའི་ཆོས་ལུགས་ཡིན་པར་བཀྲལ། །གང་འདིར་ལུང་དང་རིགས་པའི་དགག་སྒྲུབ་ཀྱི། །རྣམ་གྲངས་བརྒྱ་ཕྲག་བཅུ་དག་ཉེར་བཀོད་ནས། །རྒྱན་དྲུག་གཞུང་དང་བོད་ཡུལ་མཛངས་པའི་སྲོལ། །ལེགས་པར་བཤད་པའི་ཁྲི་ལ་བཞུགས་གསོལ་གྱི། །དད་པའི་རྗེས་འབྲང་བློ་ཡིས་ཕྱོགས་གཉིས་ལ། །ཆགས་དང་སྡང་བའི་རྟོགས་པས་ཡིན་རེ་ཀན། །རྒྱུན་དུ་ཕྲག་དོག་ཚེར་མས་མིག་ཉམས་ནས། །ནམ་ཡང་ལེགས་བཤད་མཐོང་བའི་སྐབས་བྲལ་བའི། །མུན་ཅན་འགའ་ཞིག་འཁྱོག་པོའི་བློ་གྲོས་ཀྱིས། །མཁས་ལ་ལོག་པར་གཤེ་དང་འདི་མི་འདྲ། །གཞུང་ལུགས་ཀུན་གྱི་དེ་ཉིད་ལེགས་གོ་ནས། །ལུང་རིགས་གནད་རྣམས་དྲང་པོར་སྨྲས་པ་ན། །མེས་པོར་རློམ་པའི་མཚང་རྣམས་སྒྲགས་གྱུར་ཀྱང༌། །ལེགས་དཔྱད་མ་གཏོགས་ཉེས་པའི་གོ་སྐབས་ཅི། །གྲོགས་དག་མཁས་པའི་གོ་འཕང་དོན་གཉེར་ན། །ན་ཚོད་རྒན་པོས་སྦྱར་བའི་གཞུང་སློབས་ལ། །ལ་ལས་རང་གཟོར་སྦྱར་བའི་གཞུང་ལུགས་དང༌། །དང་པོའི་བློ་ཅན་དེས་སྦྱར་ཚིག་རྣམས་དོར། །ཁོ་བོའི་མཁས་པའི་ཁྱད་པར་ལ། །འགྲན་འདོད་ཕྲག་དོག་རྩུབ་མོའི་མལ། །རབ་བཟུང་ཡིད་མི་བདེ་བའི་ཟས། །གང་ཟོས་ཚིག་མདའི་ལྕེ་བདེ་བ། །དེ་དག་འདི་ལ་འགྲན་བཟོད་པའི། །ལེགས་བཤད་སྦྱོར་ལ་གཟེངས་བསྟོད་ནས། །མཁས་པར་བགྲང་བའི་གཏམ་བྱོས་ལ། །ཕྲག་དོག་ཚེར་མ་དྲུངས་ཕྱུང་ཞིག །ཡང་ན་རྣམ་དཔྱོད་ཁྱབ་འཇུག་གི །གཟུ་བོའི་ལག་པས་ཆོས་འདི་ཡི། །རྒྱ་མཚོའི་གཏིང་ནས་ལེགས་བཤད་ཀྱི། །ཟླ་འོད་བདེ་འབྱུང་གཙུག་ཏུ་ལོངས། །ལུང་རིགས་རྐྱ་བ་འཛིན་མཁས་པའི། །རྣམ་དཔྱོད་དེད་དཔོན་འཇིགས་མེད་པས། །རྟོག་དཔྱོད་བ་དན་དཀར་པོ་ཡང༌། །རིགས་པའི་ཕྱོགས་སུ་རབ་བརྐྱང་ནས། །ཐུབ་བསྟན་རྒྱ་མཚོའི་ཐང་འཇམ་ལ། །ཡི་གེ་མཁན་པོའི་གྲུ་ཆེན་གྱི། །ཤིང་རྟ་མགྱོགས་པ་ལ་ཞོན་ནས། །གཞུང་ལུགས་ཆུ་གཏེར་དབུས་སུ་ནི། །བསྟན་བཅོས་ཡིད་བཞིན་རིན་ཆེན་འདི། །བདག་དང་སྐལ་མཉམ་གཞན་གྱིས་ཀྱང༌། །བསོད་ནམས་ཟོང་གིས་དི་རིང་ཐོབ། །སྟོང་གསུམ་ཡིད་བཞིན་རིན་ཆེན་གྱིས། །ལན་གྲངས་བརྒྱ་ཕྲག་བརྒྱ་དག་ཏུ། །ལན་བརྒྱར་བཀང་ཡང་ཆོས་འདི་ཡི། །རིན་ཐང་བཙལ་བར་ག་ལ་ནུས། །དེ་ལྟ་ན་ཡང་རྗེས་འཇུག་དག །ཁྱེད་ཀྱི་སྐལ་བས་འདི་རྙེད་ཀྱི། །རྙེད་དང་བཀུར་སྟིའི་རིན་མེད་ཀྱང༌། །ཁྱེད་ལ་ལྷུག་པར་བྱིན་ནོ་ཀྱེ། །དད་པའི་རྒྱལ་མཚན་རྩེར་ཞོག་ལ། །རྣམ་དཔྱོད་དྲང་པོས་གསོལ་བཏབ་ན། །ཁྱེད་ལ་དགོས་པའི་ཆོས་ཀྱི་ཆར། །དེ་དག་ཕངས་པ་མེད་པར་འབེབས། །འདི་ན་འགའ་ཞིག་རང་བློ་ལ། །རང་གིས་བརྟགས་ན་ཁྲེལ་གྱུར་ཀྱང༌། །རྗེས་འཇུག་དད་པའི་རྗེས་འབྲང་དག །མགུ་ཕྱིར་གཅོམ་སྒྲོགས་སྨྲ་བ་ཡོད། །སྔོན་བྱུང་མཁས་པའི་ཐུགས་མཚོ་ལ། །ཁོ་བོས་སྙིང་ནས་ཐལ་མོ་སྦྱར། །རང་གཟོ་མེད་ཅིང་ཐུགས་གཟུ་བ། །དེ་དག་དད་པའི་ཀུན་དགར་དྲངས། །སྙིང་ནས་ཁེངས་གཏམ་མི་སྨྲ་ཡི། །ནོར་ཉམས་མེད་པའི་བྱིས་པ་འགས། །ཆོས་འདི་གཞན་དང་མཉམ་དོགས་པས། །གཅོམ་སྒྲོགས་འགའ་ཞིག་སྨྲས་པ་ཡིན། །གང་གང་དོན་ལ་སྦྱངས་པའི་ངེས་པ་དང༌། །དེ་དེ་གསལ་བར་འཆད་པའི་རྣམ་དཔྱོད་ཀྱིས། །ཡང་ཡང་གདམས་ཀྱང་ཟློས་པའི་སྐྱོན་བྲལ་བར། །ལམ་ལམ་ཀུན་གྱིས་གོ་བ་འདི་ཡིན་ནོ། །ལ་ལ་ཚིག་གི་རྟ་རྐྱང་རབ་ཞོན་ནས། །ངེས་ངེས་མེད་པའི་ལྕག་གིས་གཞུ་བ་ན། །ལབ་ལབ་མང་པོའི་ཚིག་གིས་མགོ་འཁོར་ནས། །གསལ་གསལ་འཆད་རྒྱུད་མེད་པ་མང་ཞིག་མཐོང༌། །དེ་ཕྱིར་དེ་བརྩམས་པ་ལས་བྱུང་བའི་རྣམ་དཀར་གཞུང་ལུགས་མང་པོའི་ཉེ་དབང་གིས་ནི་ངེས་པར་འདུད་པའི་ཀླུ་སྒྲུབ་གཞུང་བརྒྱའི་མིག་སྟོང་ཅན་ཁྱོད་རྣམ་མང་གྲུབ་མཐའི་སྟོབས་ཆེན་རྒྱས་པའི་ལག་ལྡན་དབང་པོའི་གཙུག་ཏོར་ངེས་པར་མཐོ་བའི་ཁྲི་ལ་ཉེར་འཁོད་ནས། །རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་རྔ་དབྱངས་ཀྱིས་ནི་དལ་བུར་འཁྱུད་པའི་དབྱངས་ཀྱི་ཕྲེང་ལྡན་སྙིང་རྗེའི་དྲིལ་སྙན་རིགས་པར་འཁྲོལ་བས་ཀུན་གྱི་ཡིད་རབ་སིམ་བྱེད་སྟོང་ཉིད་མཚོན་ཆའི་འཁྲུལ་འཁོར་དྲག་ཏུ་རབ་འཕྱོ་མཐར་འཛིན་མཚོན་རྒྱའི་གོ་སྐབས་མེད་པ་དེ་བཤམས་པས། །འཐིབས་པོའི་མལ་ནས་རིངས་པར་ལངས་ཏེ་གཏི་མུག་བློ་གྲོས་དྲག་ཏུ་འཁྲུགས་པའི་གླང་ཆེན་སྨྱོན་པའི་ཤུགས་ཀྱིས་ངེས་པར་བཏེགས་པའི་དངོས་སྨྲའི་དཔུང་གི་རྡུལ་ཚུབ་མང་པོས་རྣམ་པར་དྲེགས་པའི་སྦྱིན་མའི་བུ་ཡི་ཁེངས་པ་དེ་ཀུན་ཆོས་དབྱིངས་ཟབ་མོའི་མལ་དུ་རབ་བསྙལ་ནས། །རྣམ་གྲོལ་ཆོས་ཀྱི་སྒོ་འཕར་སྟོང་ཕྲག་ཕྱེ་བའི་རྣམ་རྒྱལ་ཁང་བརྩེགས་ནོར་བུའི་ཁྱམས་ཆེན་སྙིང་གི་གདུང་བ་ངེས་པར་སེལ་བའི་ཨིནྡྲ་ནཱི་ལའི་མདངས་ཀྱིས་གསལ་བ་གང་དེར་ཀུན་མཁྱེན་ཆོས་ཀྱི་མིག་སྟོང་ཅན་དེའི་གོ་འཕང་མཐོ་ཞིང་ཡངས་པ་དེར་འཁོད་ཅིག །ཨེ་མ་ཚངས་དང་བརྒྱ་བྱིན་གྱི། །གཙུག་རྒྱན་མཐོན་པོའི་ཕྲག་པ་ལ། །ཞབས་ཟུང་ཕན་བདེའི་ཟློས་གར་མཁན། །བསྟི་མཛད་ཞལ་གྱི་མདངས་གསལ་བ། །གང་གི་སྙིང་རྗེའི་དཔག་བསམ་ལ། །ཉེ་བར་སིམ་པའི་བདུད་རྩི་ནི། །གསུམ་རྩེན་སྒེག་མོའི་གཟུགས་འཛིན་པ། །ལྷ་གཞོན་ཡིད་འཕྲོག་འཇམ་པའི་དཔལ། །སྒེག་འཆང་དེ་ཡི་ཐུགས་ཀྱི་ནི། །ཀུན་དགའི་ཚལ་ན་རོལ་ཞིང་རྩེ། །དེ་ནས་ཡིད་ཀྱི་འཐིབས་པོ་ཡི། །ཁང་བརྩེགས་འཇིགས་རུང་ཕྲག་དོག་དང༌། །ཆགས་དང་ཁོང་ཁྲོའི་མཚོན་བརྒྱ་ནི། །བདར་ཞིང་དངར་བའི་རྩུབ་འགྱུར་ཅན། །སྟོབས་ལྡན་སྙིང་གི་གདུང་བ་དང༌། །མཐར་འཛིན་ཁྱབ་འཇུག་རྐང་པའི་དུག །དག་བྱེད་དཔལ་མོའི་རྒྱུན་གང་དེ། །ཐུབ་དབང་སྙིང་རྗེའི་ལྷ་གཞོན་གྱིས། །རྗེས་འཇུག་སྦྱིན་མའི་བུ་ལ་བྱིན། །ཀླུ་སྒྲུབ་བདེ་འབྱུང་བློ་མཚོ་ཡི། །རལ་པའི་ཀུན་དགར་རིང་དུ་སིམ། །དེ་ནས་སློབ་མའི་འཇུག་ངོགས་སུ། །ལེགས་བཤད་ཟློས་གར་མཁན་དེས་བྱིན། །ཟླ་བའི་མཚན་དཀར་རྣམ་དཔྱོད་ཀྱི། །དྲང་སྲོང་མགྲིན་པར་བསྡུས་པ་ན། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །སྲོལ་འཛིན་དེ་དག་དེ་ཡིས་ཕོངས། དེ་ནས་གངས་རིའི་འགྲམ་ཞིག་ཏུ། །ཕངས་པ་མེད་པར་སྐྱུགས་པ་ན། །སྐལ་ལྡན་ཤིང་རྟའི་ཁྲིར་བླངས་ནས། །ཆོས་ཀྱི་མཚོ་ཆེན་ཡངས་པར་འཁྱིལ། །ལྷ་མིན་མེས་པོའི་རུས་བུ་ཡི། །དྲི་མ་འཁྲུས་པར་མ་ཟད་ཀྱི། །འཕྲོག་བྱེད་སློབ་མར་བཅས་པ་ཡི། །དངོས་འཛིན་རྐང་པའི་དུག་བཅོམ་ནས། །རང་སྡེ་གླང་པོའི་གདོང་ཅན་གྱི། །མཐར་འཛིན་མཆེ་བ་གཅོག་མཁས་པ། །ལེགས་པར་བཤད་པའི་ལང་ཚོ་ཅན། །འདམ་བུའི་ཚལ་སྐྱེས་འདི་འཁྲུངས་སོ། །གང་ཁྱོད་སྲིད་པ་ཇི་སྲིད་པར། །རིག་གནས་རྨ་བྱའི་ཁྲིར་འདུག་ལ། །རྒྱན་དྲུག་མཁས་པའི་མ་དྲུག་པོ། །ཀུན་གྱི་ཡིད་འཛིན་རྣམ་དཔྱོད་ཀྱི། །སྨིན་ལེགས་དྲུག་ལྡན་ཁྱོད་ཀྱིས་ནི། །འགྲོ་ཀུན་སྲིད་པའི་ལང་ཚོ་ལས། །རྣམ་འདྲེན་བསོད་ནམས་ཤིང་རྟ་ནི། །ཀུན་ལས་འཕགས་པ་འདི་བཟུང་ལ། །ཁྱོད་བསྐྲུན་བྱེད་པོའི་རྣམ་དཔྱོད་ནི། །སྟོང་ཉིད་སྙིང་རྗེའི་གོམ་སྟབས་མཁན། །ཟས་གཙང་སྲས་པོ་གར་འཁོད་པའི། །སེང་གེའི་ཁྲི་ལ་འགོད་བྱོས་ཤིག །ཐུབ་ཆེན་རྒྱལ་བ་ཉིད་དང་རྒྱན་དྲུག་པོ། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་བཞི། །བསྟན་པ་བསྲུང་མཛད་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཆོས་འདི་སྐྱོང་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ཅེས་ཀྱང་བྱ། ཐེག་ཆེན་ཆོས་ཀྱི་རྒྱན་ཕྲེང་ཞེས་ཀྱང་བྱ། ལུང་ཆོས་སྤྱིའི་འཁྲུལ་འཇོམས་ལུང་དང་རིགས་པའི་རྒྱ་མཚོ་ཞེས་ཀྱང་བྱ་བའི་བསྟན་བཅོས་འདི་ནི། ཕྱི་ནང་གི་རྟེན་འབྲེལ་སྒྱུ་མའི་རྣམ་རོལ་དུ་ཐུགས་སུ་ཆུད་པས་དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པ། བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པའི་སྤྱི་བོས་བླངས་ཤིང༌། དེ་ཉིད་ཀྱི་ཐུགས་ལས་སྐྱེས་པའི་ཡོངས་འཛིན་མང་པོའི་བཀའ་འབངས་སུ་གྱུར་པ། མང་དུ་ཐོས་པ་རྒྱ་མཚོའི་དབུས་ན་བདེ་བར་གནས་པའི་དགེ་སློང༌། ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཀྱི་དོན་རྣམ་པར་དབྱེ་བའི་བསྟན་བཅོས་ཉེ་བར་སྦྱོར་བ་ལ་བསྙེངས་པ་མེད་པ། ཡུལ་དབུས་འགྱུར་ཚལ་གྱི་སློབ་དཔོན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་འབྱང་གི་ལོ་དབོའི་ཟླ་བའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་གཙང་གཡས་རུའི་སའི་ཐིག་ལེ་པན་ཁྱུང་ཚང་ཤར་ཐུབ་བསྟན་གསེར་མདོག་ཅན་གྱི་གཙུག་ལག་ཁང་དུ་ཡོངས་སུ་གྲུབ་པའི་ཡི་གེ་པ་ནི། རྐོང་སྟོན་མགོན་པོ་རྒྱལ་མཚན་དང༌། བཤེས་གཉེན་ཀུན་དགའ་བཀྲ་ཤིས་སོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་བྱས་ཏེ། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་བ་ལ་མཁས་པར་གྱུར་ཅིག། །།མངྒ་ལཾ་བྷ་ཝནྟུ།། །།སྭ་སྟི། སྨྲ་མཁས་ཚངས་པའི་དབྱངས་ཀྱི་ཆོས་རྣམས་ཀུན། །ཕན་ཚུན་ལྟོས་ནས་གྲུབ་དང་གདོད་མ་ནས། །ཡོད་མ་མྱོང་བ་དབུ་མའི་ལམ་ཉིད་དུ། །གསུང་མཛད་སྟོན་པ་དེ་ལ་ཕྱག་བགྱི་འོ། །རིགས་པའི་ཚོགས་ཀྱིས་མཐའ་གཉིས་སེལ་བ་དང༌། །ལུང་མང་པོ་ཡིས་ཉམས་སུ་མྱོང་བྱའི་ཆོས། །ཇི་བཞིན་འཆད་པར་རྒྱལ་བས་ལུང་བསྟན་པ། །ངོ་མཚར་ཤིང་རྟའི་སྲོལ་གཉིས་ལ་ཕྱག་འཚལ། །འཕགས་པའི་ཡུལ་དུ་འཁོར་ལོ་བར་མཐའ་ཡི། །ངེས་དོན་དབུ་མར་འཆད་ལ་སྲོལ་འབྱེད་གཉིས། །མི་མཐུན་ལྟ་བུར་སྣང་ཡང་ཐེག་མཆོག་གི །རྩེ་མོར་གཅིག་ཏུ་བཤད་པས་ཆོས་ཀུན་མཐུན། །གཞི་ཡི་དུས་སུ་སྤྲོས་པའི་ཚོགས་མཐའ་དག །རང་བཞིན་གྱིས་དག་བདེན་གཉིས་ཟུང་དུ་འཇུག །ལམ་གྱི་དུས་སུ་མཚན་འཛིན་རྟོག་པ་ལས། །རྣམ་གྲོལ་ཉམས་ལེན་ཐབས་ཤེས་ཟུང་དུ་འཇུག །འབྲས་བུའི་དུས་སུ་བསོད་ནམས་ཡེ་ཤེས་ཚོགས། མཐར་ཕྱིན་སྐུ་གཉིས་ཟུང་འཇུག་ཡིན་ནོ་ཞེས། །འཆད་ལ་ཁྱད་པར་མེད་དེ་ཀླུ་སྒྲུབ་དང༌། །ཐོགས་མེད་ཞབས་ཀྱི་སྲོལ་ཆེན་ཡིན་པར་ངེས། །གངས་ཅན་ལྗོངས་སུ་སྲོལ་ཆེན་རྣམ་གཉིས་ལ། །རྟག་དང་ཆད་སྨྲའི་སྐུར་པ་མང་བཏབ་ནས། །ཤིང་རྟའི་སྲོལ་ཆེན་བརྒལ་བའི་རྣམ་དཔྱོད་ཀྱིས། །འཁྱོག་པོའི་ལམ་དུ་དྲངས་པ་མང་ཞིག་མཐོང༌། །སྔོན་བྱོན་རྒྱ་བོད་མཁས་པའི་གཞུང་ལུགས་དང༌། །གྲུབ་ཆེན་ཀུན་གྱི་མན་ངག་ཇི་ལྟ་བ། །ཐད་སོར་བཞག་ནས་ལུང་དང་རིགས་པའི་གནས། །བརྒྱ་ཕྲག་བརྒྱ་ལྡན་ངེས་དོན་བསྟན་བཅོས་འདི། །མ་དྲོས་མཚོ་ལས་འོངས་པའི་ཆུ་བོ་བཞིན། །ཕྱོགས་བརྒྱར་ཕབ་ནས་བློ་བཟང་འབུམ་ཕྲག་གི །དགོས་འདོད་རེ་བ་བསྐང་ནས་སྲིད་མཐའི་བར། །མི་ཟད་ཆེས་ཆེར་འཕེལ་བའི་པར་འདི་ནི། །ས་ཡི་དབང་ཕྱུག་རྣམ་དཔྱོད་ཉི་མ་ཡིས། །རྨོངས་དང་ཆགས་ཁྲོའི་མུན་པ་འཇོམས་མཁས་ཤིང༌། །བསོད་ནམས་སྟོབས་ཀྱིས་སྲིད་པའི་དཔལ་ཐོབ་ནས། །གཡོ་མེད་ཕྱག་རྒྱ་ཆེན་པོའི་རྣམ་རོལ་གྱིས། །མཁས་པར་ལོངས་སྤྱོད་བརྩེ་བས་སྦྱིན་སྤྲོ་བ། །འཇིག་རྟེན་བཀྲ་ཤིས་དམ་ཆོས་དར་རྒྱས་སུ། །བྱེད་པོ་གང་དེས་ཆོས་གྲྭ་ལྷུན་པོའི་སྤོར། །རྒྱལ་རྔ་ལན་བརྒྱར་བརྡུངས་པའི་སྐབས་ཤིག་ཏུ། །ཆོས་འདིའི་རྣམ་དཀར་མཁྱེན་པའི་བཀའ་སྩལ་གྱིས། །བཟོ་རིག་མང་པོའི་ལག་ཏུ་དཔལ་ཐོབ་ཅིང༌། །གསུང་དབྱངས་རོལ་མོ་རྣ་བར་སིམ་པ་ན། །ཡི་གེར་འདྲི་པོ་གཞན་ལས་གྲགས་ཐོབ་པ། །བློ་བཟང་དཀར་པོ་ལ་སོགས་བཞི་ཕྲག་དང༌། །ལྷ་ཡི་བཟོ་བོ་ལས་ཀུན་པ་དེ་ཡིས། །ངེས་པར་བྱིན་རླབས་ཕུར་པ་ཚེ་བདག་དང༌། །ལྷ་དབང་ལྷ་དར་དར་པོ་སྐྱེས་པ་དང༌། །ཆོས་དཔལ་བསམ་གྲུབ་ཕྱག་རྡོར་བསམ་གྲུབ་དང༌། །བསམ་གྲུབ་དཔལ་ལྡན་དཔལ་ལྡན་བཀྲ་ཤིས་ཀྱིས། །ལེགས་པར་བརྐོས་ནས་ཞུས་ཤིང་དག་བྱེད་པ། །སྡེ་བདུན་སྨྲ་བ་དབང་ཕྱུག་རྒྱལ་མཚན་ནོ། །སྔོན་རབ་གཞུང་ལུགས་ཤིང་རྟ་ནི། །བདེ་བའི་ལམ་དུ་འདྲེན་བྱེད་མཁན། །ལུང་དང་རིགས་པའི་ཁ་ལོ་པ། །མི་ཟད་འབྱུང་ཁུངས་ལེགས་བཤད་གཏེར། །པར་འདིའི་ཕྱོགས་སུ་རྒྱུ་ཚོགས་དང༌། །རིགས་པས་རབ་ཏུ་གཅུགས་པའི་ལས། །ལྷག་བསམ་དག་པས་བསྐྲུན་མཛད་པ། །གང་དག་མཆིས་པ་དེ་དག་ལས། །འཛིན་མའི་དབང་ཕྱུག་མཆེད་དང་ནི། །སྲས་དང་བློན་པོར་བཅས་པ་ཡང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བཙན་ཤོག །མ་རྨོངས་རིག་པའི་གནས་མཐར་སོན། །འགྲུས་ཅན་གུས་དང་རྟག་སྦྱོར་བ། །དེ་ཡིས་དེ་དག་རྣམས་ཀྱི་ཁམས། །གནས་གྱུར་ཆོས་ཀྱི་སྐུ་ཐོབ་ཤོག །ཐེག་པ་ཀུན་གྱི་མཆོག་གྱུར་དང༌། །རྗེ་བཙུན་བྱམས་པའི་ཆོས་དག་ནི། །འཁོར་ལོ་གསུམ་པའི་དབུ་མ་ཉིད། །གྲུབ་མཐའ་རྣམ་བཞིའི་རྩེ་མོར་བཤད། །ཁ་བ་ཅན་ན་ཐལ་རང་གི །གཞུང་ལས་གཞན་ལ་དེར་མི་འཆད། །སྔོན་དུས་རྒྱས་པར་མ་བཤད་དང༌། །ཕྱི་དུས་བཤད་པ་ཐལ་ཆེས་པ། །འདི་ལ་ལུང་རིགས་མན་ངག་རྣམས། །དཔང་པོར་གསོལ་ནས་ལུགས་རྙིང་པ། །འཐད་པ་སྒྲུབ་པའི་ཆེད་ཡིན་གྱི། །གཞན་གཞུང་འགོག་པ་ཁོ་ན་ཡི། །ཆེད་དུ་བསམས་པ་མ་ཡིན་ནོ། །ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་མ་གསུངས་ཏེ། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །མཚན་འཛིན་སེལ་བའི་བཀྲ་ཤིས་སྤྱོན། །ཅེས་བྱ་བའི་བསྟན་བཅོས་ཆེན་པོའི་གླེགས་བམ་གྱི་ཕྱི་མོ་འདི་ནི། ཡུལ་དབུས་ཀྱི་ལྷོ་ཕྱོགས་སའི་ཐིག་ལེ། ཕོ་བྲང་ཆོས་རྒྱལ་ལྷུན་པོའི་ཞོལ་འདབ། འབྱོར་ཞིང་རྒྱས་པའི་ཡུལ་ལྗོངས། མ་རྨོངས་སྐྱེ་བོའི་འབྱུང་གནས་སུ། ཤིང་མོ་ཡོས་ཀྱི་ལོ། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཁྱད་པར་ཅན་གྱི་འགྲུབ་སྦྱོར་བཟང་པོ་ལ་ཡོངས་སུ་རྫོགས་པར་གྲུབ་པའོ།། །།མངྒལཾ་བྷ་ཝནྟུ།། །།ཡཱ་སཱ་སཾ་སཱ་ར་ཙཀྲ་བི་ར་ཙ་ཡ་ཏི་མ་ནཿསཱནྣི་བེ་ཤཱརྠ་ཧེ་ཏོཿསཱ་དྷཱིརྻ་སྱ་པྲ་སཱ་དཏྤི་ཤ་ཏི་ནི་ཛ་བྷཱུ་བཾ་སྭཱ་མི་ནོ་ནི་ཉཔྲ་པཉྩཾ། ཏཙྪ་པྲཏྱདྨ་བེ་དྱཾ་ས་མུ་ད་ཡཱ་ཏི་སུ་ཁཾ་ཀལྤ་ནཱ་ཛཱ་ལ་མུཀྟཾ་ཀུརྻནྟ་སྱཾ་གྷྲྀ་པདྨཾ་ཤི་ར་སི་ས་བི་ན་ཡཾ་སངྒུ་རོཿསརྦ་ཀཱ་ལཾ།། །།«་་་་་ཡིད་ནི་དོན་ལ་མངོན་པར་ཞེན་པའི་རྒྱུ་ལས་འཁོར་བའི་འཁོར་ལོ་རྣམ་པར་བཀྲ་བར་བྱེད་པའི་བློ། །གང་ཡིན་དེ་ནི་རྗེ་བོ་གང་གི་དྲིན་ལས་སྤྲོས་པ་མེད་བའི་རང་གི་ས་ལ་རབ་ཏུ་འཇུག །དེ་ལས་རྟོག་པའི་དྲྭ་བ་ལས་གྲོལ་ཡང་དག་བདེ་བར་འཆར་བ་སོ་སོར་རང་གིས་རིག་བྱ་བ། །བླ་མ་དམ་པ་དེ་ཡི་ཞབས་ཀྱི་པདྨར་དུལ་བར་བཅས་པའི་མགོ་བོས་དུས་ཀུན་ཕྱག་བགྱི་འོ། །ཞེས་ཀླུ་སྒྲུབ་ཞབས་ལ་ཤ་ར་བས་བསྟོད་པའོ།། །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།། །།»
རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com
Leave a Reply