རྗེ་བཙུན་ཐམས་ཅད་མཁྱེན་པ་བཤེས་གཉེན་ཤཱཀྱ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་དད་པའི་རོལ་མཚོ།

༼མ༽༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རཱ་ཝེ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ། ཤཱཀྱའི་བསྟན་པ་ནོར་བུའི་བསིལ་ཡབ་ནི། །བཤད་སྒྲུབ་རྒྱལ་མཚན་རྩེ་ལ་བཞུགས་གསོལ་ཏེ། །དཔལ་ལྡན་ཕྲིན་ལས་བཟང་པོས་ཉེར་མཚོན་པ། །བསྔགས་འོས་དེད་དཔོན་དམ་པ་ཕྱག་གི་གནས། །རྒྱལ་བ་གཉིས་པའི་ཡོན་ཏན་མཁའ་འདྲ་བ། །མ་ལུས་བརྗོད་པའི་ནུས་པ་མ་མཆིས་ཀྱང༌། །ཞབས་ཟུང་རིང་དུ་བསྟེན་པའི་དད་པ་ཡིས། །དེང་འདིར་ཅུང་ཟད་བརྗོད་ལ་སྤྲོ་བ་སྐྱེས། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། དོན་གཉིས་ཀྱིས་བཤད་པར་བྱ་སྟེ། ཀུན་ལ་ཐུན་མོང་དུ་གྲགས་པ་ཕྱིའི་རྣམ་ཐར་དང༌། ཐུན་མོང་མ་ཡིན་པ་གསང་བའི་རྣམ་པར་ཐར་པའོ། །དང་པོ་གཉིས་ཏེ། སྔོན་བྱུང་བ་སྐུ་ཚེ་སྔ་མའི་ལོ་རྒྱུས་མདོར་བསྡུས་པ་དང༌། སྐུ་ཚེ་འདིའི་རྣམ་པར་ཐར་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། གྲུབ་ཆེན་མཚོ་སྐྱེས་ཀྱིས་ལུང་བསྟན་མཛད་པའི་ཚུལ་དང༌། གྲུབ་ཆེན་གཞན་གྱིས་ལུང་བསྟན་པའི་ཚུལ་དང༌། དེ་གཉིས་ཀ་མི་འགལ་བའི་རྒྱུ་མཚན་ནོ། །དང་པོ་ནི། སྔོན་བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། སྤྲུལ་པའི་ལོ་ཙྪ་བ་ཆེན་པོ་རྨ་ཨཱ་ཙརྻ་རིན་ཆེན་མཆོག་ཅེས་བྱ་བ་སད་མི་མི་མདུན་གྱི་ནང་ནས་ལྟ་བ་མཆོག་ཏུ་གྱུར་པར་གྲགས་པ། དེའི་རིགས་ནི་རུས་ཆེན་རྨ་ཞེས་བྱ་བའོ། །ཡུལ་ནི་དབུ་རུ་བྱང་ཕྱོགས་འཕན་ཡུལ་གྱི་སའི་ཐེག་ལེ་རྨ་བཙོ་ཞེས་བྱ་བའོ། །དེས་བསྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་དགོན་པ་ནི་རྫོང་ཕུ་ཞེས་བྱ་བའོ། །སློབ་དཔོན་དེས་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད། རྒྱ་ནག་མཁན་པོའི་ལུགས་ཀྱི་ལྟ་བ་སུན་ཕྱུང༌། གསང་སྔགས་ཀྱི་བསྟན་བཅོས་དུ་མ་མཛད། གྲུབ་ཆེན་མཚོ་སྐྱེས་ཀྱི་དྲུང་དུ། དབང་དང་གདམས་པ་ཁྱད་པར་ཅན་གསན་ཞིང་ཉམས་སུ་བླངས་པ་ལས་གྲུབ་པ་བརྙེས་ཤིང་རིག་པ་འཛིན་པའི་ས་ལ་བཞུགས་སོ། །དེའི་ཚེ་སློབ་དཔོན་དེས་ལུང་བསྟན་པར་མཛད་པ་ནི། ཇི་སྐད་དུ། དགོངས་འདུས་ལས། རིན་ཆེན་མཆོག་ཁྱོད་ཚེ་རབས་ལེགས་སྨོན་མཐུས། །དེང་སང་འདི་ཚུལ་མ་འོངས་སྙིགས་མ་སོགས། །རྒྱུད་ནས་བརྒྱུད་མར་སྙིང་རྗེས་ལུས་ལེན་པ། །རྒྱལ་བའི་ལུས་ཅན་གངས་ཅན་འགྲོ་བ་རྣམས། །རྣམ་པ་དུ་མས་སྐྱོང་ཞིང་འབྱུང་བ་ཡང༌། །དུས་ཚིགས་དྲུག་ཅུ་ཁ་རལ་བབ་པའི་ཚེ། །རོང་སྟོན་ཆོས་ཀྱི་འབྱུང་གནས་ཞེས་བྱར་གྲགས། །འགྲོ་བའི་དོན་མཛད་རྒྱལ་བའི་བསྟན་པ་འཛིན། །གཙུག་ལག་རྟེན་གསོ་དགོངས་པ་མཁའ་ལྟར་ཁྱབ། །རྨད་དུ་བྱུང་བའི་བཤེས་གཉེན་དམ་པའོ། །ཞེས་གསུངས་སོ། །དེའི་འཕྲོས་གོང་མ་དེར། ལོ་ཙྪ་བ་ཆེན་པོ་བཻ་རོ་ཙཱ་ན་ས་སྐྱ་པཎྜི་ཏར་ལུང་བསྟན་ནོ། །དོན་འདི་ཉིད་ལ་ཡིད་ཆེས་པའི་རྒྱུ་མཚན་གཞན་ཡང་དུ་མ་མཐོང་སྟེ། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་འདི་ནི་སློབ་དཔོན་དེས་མཛད་པའི་བསྟན་བཅོས་གསང་བ་སྙིང་པོ་ལ་ཆེས་ཤིན་དུ་ཐུགས་ཆེས་པར་མཛད། སློབ་དཔོན་དེའི་མཁན་པོ་ཞི་བ་འཚོའི་ཞབས་ལ་ཐུགས་ལེགས་པར་དད། སློབ་དཔོན་དེས་ཕྲིན་ལས་བསྐྱངས་པའི་གཙུག་ལག་ཁང་དང་དགོན་པའི་ས་ཕྱོགས་དེ་ཉིད་དུ། སྨོན་ལམ་གྱི་དབང་གིས་དགེ་འདུན་གྱི་སྡེ་ཆེན་པོ་གཙུག་ནས་ཕྲིན་ལས་སྐྱོང་བར་མཛད་དོ། །གཉིས་པ་ནི། རྩོད་པ་ཐམས་ཅད་དང་བྲལ་བའི་མཁས་པ་ཆེན་པོ་ཀཱ་མ་ལ་ཤི་ལ་མཚན་ཉི་མ་ལྟར་གྲགས་པ་དེ། ལྷ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཡུལ་དུ་སྤྱན་དྲངས། ལྟ་བ་ངན་པ་སུན་ཕྱུང༌། དབུ་མའི་བསྟན་བཅོས་མང་དུ་མཛད། ཕྱིས་འཕགས་ཡུལ་དུ་གཤེགས་པའི་ལམ་ཁར་གྲུབ་ཆེན་དམ་པ་རྒྱ་གར་དང་མཇལ། དུས་དེར་སྲིན་པོའི་རོ་ཆེན་པོ་ཞིག་གིས་ལམ་པོ་ཆེ་བཅད་ནས། རོ་དེ་ལ་རེས་འགའ་འབྱུང་པོ་དག་ཞུགས་ནས་ཕྱོགས་ཀྱི་འགྲོན་པོ་རྣམས་ལ་ཉེ་བར་འཚེ་བར་གཟིགས་ནས། སློབ་དཔོན་དེས་རོ་ལ་གྲོང་འཇུག་མཛད་ནས་ཐག་རིང་པོར་སྐྱེལ་བ་ལ་གཤེགས་སོ། །དེའི་ཤུལ་དུ་སློབ་དཔོན་དེའི་སྐུ་ལུས་ཤིན་དུ་མཛེས་ཤིང་ཡིད་དུ་འོང་བར་གཟིགས་ནས་སྐུ་ལུས་དེ་ལ། དམ་པ་རྒྱ་གར་གྱིས་ཞུགས་ནས་རང་གི་ལུས་མི་མཛེས་པ་དེ་ཤུལ་དུ་བཞག་གོ །སློབ་དཔོན་ཕྱིར་འཁོར་བ་ན། རང་གི་སྐུ་ལུས་གཞན་གྱིས་ཁྱེར་བར་གཟིགས་ནས་རྗེ་བཙུན་དམ་པ་རྒྱ་གར་གྱི་སྐུ་ལུས་དེ་ཉིད་ལ་བཞུགས་སོ། །དེའི་ཕྱིར་བོད་ཡུལ་དུ་བྱོན་པའི་རྗེ་བཙུན་དམ་པ་རྒྱ་གར་ཞེས་མཚན་ཉི་མ་ལྟར་གྲགས་པ་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་མཁས་པའི་དབང་པོ་ཀཱ་མ་ལ་ཤི་ལ་ཡིན་ནོ། །གྲུབ་ཆེན་མཁས་པའི་དབང་པོ་དེ་ཉིད་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་དུ་སྐྱེ་བ་བཞེས་པ་ནི། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་འདི་ཉིད་ཡིན་ཏེ། གྲུབ་ཆེན་ཉག་བྲེ་སེ་བོས། སྔོན་དང་ཕྱི་མའི་གནས་མང་པོ་མཁྱེན་ནས། གངས་ཅན་གྱི་སྐྱེས་བུ་དམ་པ་མང་པོ་ལུང་བསྟན་པའི་ཡིག་ཚང་ལས། གཞན་ཡང་སྐྱེས་མཆོག་དམ་པའི་སྤྲུལ་པ་ནི། །རྣལ་འབྱོར་མི་འགྱུར་ཤཱཀྱའི་མཚན་ཅན་དེ། །ཡུལ་ནི་མདོ་ཁམས་ཤར་གྱི་ཕྱོགས་ཡིན་ཏེ། །འགྲོ་དོན་བོད་ཡུལ་མཐིལ་དུ་ལེགས་པར་མཛད། །ཅེས་གསུངས་པ་དང༌། བདག་ཉིད་ཆེན་པོ་འདིས་གྲུབ་ཆེན་མུས་པ་ནམ་མཁའི་རྣལ་འབྱོར་གྱི་དྲུང་དུ། ཞི་བྱེད་གསན་པ་ལ་གཤེགས་པའི་ཚེ། གྲུབ་ཆེན་གྱི་ཞལ་ནས། དེ་རིང་འོ་སྐོལ་གྱི་འདིར་རྗེ་བཙུན་དམ་པ་རྒྱ་གར་གྱི་སྤྲུལ་པ་ཞིག་འབྱོན་པའི་མཚན་མ་བྱུང་བས་དགེ་བའི་བཤེས་གཉེན་རྣམས་རྣལ་འབྱོར་པའི་ཆ་ལུགས་ཅན་སུ་བྱུང་ན་བཀུར་སྟི་དང་ཞེ་ས་ལེགས་པར་བྱེད་དགོས་ཞེས་གསུང༌། དེའི་ཉིན་བདག་ཉིད་ཆེན་པོ་ཆོས་གསན་པ་ལ་འབྱོན་གིན་ཡོད་དོ་ཞེས་པའི་ཕོ་ཉ་བས་ཕེབས་སོ། །དེ་དུས་ཀྱི་ཕོ་ཉ་བ་དེ་ཡང་སེམས་དཔའ་ཆེན་པོ་མུས་པ་དཀོན་མཆོག་རྒྱལ་མཚན་ཡིན་ནོ། །ཡང་བདག་ཉིད་ཆེན་པོས། ལ་སྟོད་དིང་རིར་བླ་མ་བློ་གྲོས་རྒྱ་མཚོའི་དྲུང་དུ། རྗེ་བཙུན་དམ་པ་རྒྱ་གར་གྱི་ཞལ་གདམས་མ་ལུས་པ་གསན་པ་ལ་ཕེབས་པའི་ཚེ། བླ་མ་དེའི་མཚན་ལམ་དུ་དམ་པ་ཀུན་དགའ་ཡིན་ཟེར་བའི་དགེ་བའི་བཤེས་གཉེན་ལང་ཚོ་དར་ཡོལ་གཅིག་བྱོན་ནས། ཁྱེད་ལ་ཕ་དམ་པ་སངས་རྒྱས་ཀྱི་ཆོས་རྣམས་ཞུ་བ་ཡིན་ཟེར། དེ་ལ་ཉིད་རང་མཁས་བྱས་པས། སྔར་མཁས་ཀྱང་བར་དུ་སྐྱེ་བ་གཞན་ལེན་དགོས་པ་བྱུང་བ་ཡིན་ཞེས་ཟེར། དེའི་ཕྱི་ཉིན་བདག་ཉིད་ཆེན་པོས་ཕེབས་སོ། །དེ་ལ་བརྟེན་ནས་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་སྐུའི་སྐྱེ་བ་ཡིན་པར་ཀུན་ལ་གྲགས་སོ། །དོན་འདི་ལ་ཡིད་ཆེས་པའི་རྒྱུ་མཚན་གཞན་ཡང་མང་དུ་སྣང་སྟེ། སྤྱིར་དབུ་མ་རང་རྒྱུད་ཀྱི་བསྟན་བཅོས་དང༌། ཁྱད་པར་ཀཱ་མ་ལ་ཤི་ལའི་གསུང་རབ་ལ་ལྟ་བའི་རྒྱབ་རྟེན་མཛད། བསྒོམ་པ་ཉམས་སུ་ལེན་པའི་རིམ་པ་ཡང་བསྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ལུགས་དང་མཐུན་པར་ཐུགས་ཉམས་སུ་བཞེས་ཤིང་གཞན་ལ་འདོམས་པར་མཛད། དེ་གསུམ་གྱི་རྣམ་བཤད་རྒྱས་པ་མཛད་པ་པོ་སྔོན་མ་བྱུང་ཡང༌། རྗེ་འདི་ཉིད་ཀྱིས་མཛད་ཅིང༌། དེ་ལྟ་བུའི་རྣམ་བཤད་ངོ་མཚར་ཅན་དེ་ནི། རྗེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་ཅིག་ཡིན་ནོ། །ཡང་རྗེ་བཙུན་དམ་པ་རྒྱ་གར་གྱི་གསུང་རབ་ལ་ཐུགས་ཤིན་དུ་དད་ཅིང་དེའི་གསུང་རབ་སྣ་གཅིག་ཙམ་བཞུགས་པའི་དགེ་བའི་བཤེས་གཉེན་པ་དག་གང་ན་སྣང་ཡང་དེ་ལ་ཁེངས་དྲེགས་མི་མཛད་པར་གསན་ཅིང་ལེན་པར་མཛད་དོ།།  །།གསུམ་པ་ནི། བདག་ཉིད་ཆེན་པོ་འདིའི་སྔོན་གྱི་ལོ་རྒྱུས་མི་འདྲ་བ་གསུམ་བྱུང་ཡང་འགལ་བ་མ་ཡིན་ཏེ། ཀཱ་མ་ལ་ཤི་ལ་དང༌། རྗེ་བཙུན་དམ་པ་རྒྱ་གར་ཐུགས་རྒྱུད་གཅིག་པའི་ཚུལ་ནི་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལས་འབྱུང་ལ། ལོ་ཙྪ་བ་རིན་ཆེན་མཆོག་དང༌། ཀཱ་མ་ལ་ཤི་ལ་དུས་མཉམ་དུ་བྱོན་ཀྱང་སྤྲུལ་པས་འགྲོ་དོན་སོ་སོར་མཛད་པ་ལ་འགལ་བ་མེད་དོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། མཁས་པའི་དབང་པོ་པདྨའི་ངང་ཚུལ་དང༌། །གྲུབ་པའི་དབང་ཕྱུག་རྗེ་བཙུན་རྒྱ་གར་ཞབས། །སྤྲུལ་པའི་ལོ་ཙཱ་རིན་ཆེན་མཆོག་གསུམ་པོ། །བདག་ཉིད་ཆེན་པོའི་སྔོན་གྱི་ལོ་རྒྱུས་ཡིན། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་ལ། སྐུ་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ། དེ་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཇི་ལྟར་བཞུགས་པའི་ཚུལ། ཞུགས་ནས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ། དེ་ལྟར་བསྟེན་པས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ། བརྙེས་ནས་མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་བགྱི་བ་མཛད་པའི་ཚུལ་ལོ། །དང་པོ་ནི་ངང་པའི་སྡེ་དཔོན་པད་མཚོ་དང༌། །ཉིན་མོར་བྱེད་པ་མཁའ་ལ་བཞིན། །སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱང༌། །མཐོ་དང་གཙང་བའི་རིགས་སུ་འཁྲུངས། །ཞེས་བྱ་བ་འདི་ལ་བདག་ཉིད་ཆེན་པོ་འདིའི་འཁྲུངས་ཡུལ་ནི། སྤྲུལ་པའི་ལོ་ཙྪ་བ་བཻ་རོ་ཙ་ནས་དུས་ཡུན་རིང་པོར་བཞུགས་ཤིང་བྱིན་གྱིས་བརླབས་པའི་ས། ཤར་རྒྱལ་མོ་དངུལ་ཆུའི་འགྲམ་གྱི་ཡུལ་ལྗོངས་དགེ་མཚན་དང་ལྡན་པ་ཞིག་གོ །རིགས་ནི་རུས་ཆེན་སྒ་ཞེས་པའོ། །ཡབ་ནི་བོན་ཐེག་པ་རིམ་པ་དགུ་ལ་མཁས་པར་སྦྱངས་ཤིང་རྫུ་འཕྲུལ་སྟོན་ནུས་པ། གེ་གོང་རྒྱལ་པོ་ཞེས་པའོ། །ཡུམ་ནི་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་པ་རྒྱ་གར་སྨན་ཞེས་པའོ། །མེ་ཕོ་རྟའི་ལོ་ལ་ལྟས་ཁྱད་པར་ཅན་དང་བཅས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་ཤིང༌། མེ་མོ་ལུག་གི་ལོ་ལ་ངོ་མཚར་བའི་དགེ་མཚན་དུ་མ་དང་བཅས་ཏེ་འཁྲུངས་པས་ཀུན་ངོ་མཚར་བར་གྱུར་ནས་མཆེད་གསུམ་ཡོད་ཀྱང་བླ་མར་འོས་པ་ནི། བར་པ་འདིའོ་ཞེས་ཟེར་ཞིང༌། ཡབ་ཀྱི་ཆོས་ལུགས་ལ་མཁས་པར་ལེན་དུ་བཅུག་སྟེ། མཚན་ཤེས་རབ་འོད་ཟེར་ཞེས་བྱ་བར་བཏགས་སོ། །སྔོན་ནས་བླ་མ་ཆེན་པོའི་རིགས་རྒྱུད་ཡིན་པས། ཡུལ་ལྗོངས་དེའི་སྐྱེ་བོ་ཀུན་གྱིས་ཕྱག་བྱེད་ཅིང་བླ་མར་འཁུར་ལ། ལུགས་དེ་ལ་བརྟེན་པའི་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཡང་མང་དུ་མཛད་དོ། །གཉིས་པ་ནི། དེ་ནས་དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ། འཁོར་བ་མཐའ་དག་དུག་གི་རྒྱ་མཚོ་ཆེན་པོ་ལྟ་བུར་གཟིགས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པའི་ཐུགས་ཁྱད་པར་འཁྲུངས་ནས། དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོར་ཕྱག་ཕེབས་སོ། །དེའི་ཚེ་གླིང་སྟོད་ཀྱི་གདན་ས་བ་སེམས་དཔའ་ཆེན་པོ་རིན་ཆེན་རྣམ་རྒྱལ་གྱི་དྲུང་དུ། བྱང་ས་ནས་གསུངས་པའི་ཆོ་གས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བཟུང་ཞིང༌། མཁས་པའི་དབང་པོ་རྐོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང༌། ཚད་མ་རྣམ་པར་ངེས་པ་དང༌། རིགས་པའི་ཐིགས་པ་སོགས་གསུང་རབ་མང་དུ་གསན་ཅིང༌། ཤིན་དུ་མཁས་པར་གྱུར་ནས། དགུང་ལོ་ཉི་ཤུ་རྩ་གཉིས་པའི་ཚེ་ཚད་མ་རྣམ་པར་ངེས་པའི་ཊཱི་ཀ་མཛད་ཅིང༌། དུས་དེ་ཉིད་ནས་བཟུང་སློབ་མ་ཤེས་རབ་ཅན་མང་པོ་ལ་བཤད་ཉན་གྱི་དབུ་གཙུག་ཏེ། སློབ་དཔོན་རོང་སྟོན་ཞེས་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པར་མཛད་པ་ཡིན་ནོ། །དེའི་ཚེ་འཕན་ཡུལ་མཐོང་སྨོན་གྱི་གཙུག་ལག་ཁང་དུ། དཔལ་གྲོ་སའི་མཁན་པོ་ཆེན་པོ་མཁས་བཙུན་ཀུན་དགའ་རྒྱལ་པོས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་མཁན་པོ་མཛད། དམར་སྟོན་ཐམས་ཅད་མཁྱེན་པས་ལས་ཀྱི་སློབ་དཔོན་མཛད། འདུལ་བ་འཛིན་པ་ཆེན་པོ་ཡོན་ཏན་འོད་བཟངས་པས་གསང་སྡེ་སྟོན་པ་མཛད། གཞན་ཡང་དད་པའི་དགེ་འདུན་བཅུའི་དབུས་སུ་བསྙེན་པར་རྫོགས་པ་མཛད་ཅིང༌། ཚིགས་སྔ་མ་རྣམས་ཀྱང་གནས་དང་དུས་དེ་ཉིད་དུ་རྫོགས་པར་མཛད་དོ། །མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་བྱ་བར་གསོལ་ལོ། །དེ་དག་ལ་འདི་སྐད་ཅེས། བརྩེ་ཆེན་ཁྱེད་ཀྱིས་བྱང་སེམས་ཀྱི། །སྡོམ་པ་ཐོག་མར་ལེགས་མནོས་ནས། །དེ་ནས་ལེགས་གསུངས་འདུལ་བ་ལ། །ཞུགས་ཤིང་རྫོགས་ལ་ཕྱག་འཚལ་ལོ། །གསུམ་པ་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་ནི། འདི་སྐད་ཅེས། ཁྱེད་ཀྱིས་མཁས་ཤིང་གྲུབ་པ་ཡི། །དགེ་བའི་བཤེས་ལ་བསྙེན་བྱས་ནས། །རིག་པའི་གནས་རྣམས་མ་ལུས་པ། །མངོན་སུམ་མཛད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་འདི་ལ་དེ་ཡང༌། བདག་ཉིད་ཆེན་པོ་འདི་ཐོག་མར་གླིང་སྟོད་གདན་ས་བ་མཁས་བཙུན་རིན་ཆེན་རྣམ་རྒྱལ་ལ་བྱང་ཆུབ་སེམས་དཔའི་ས་དང༌། རྔོག་ལོ་ནས་བརྒྱུད་པའི་རྒྱལ་སྲས་འཇུག་ངོགས་ལ་སོགས་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་ཆོས་མང་དུ་གསན། རྐོང་སྟོན་བློ་གྲོས་དབང་ཕྱུག་པའི་དྲུང་དུ། རྔོག་ལོ་བརྒྱུད་པའི་ཕར་ཚད་བསྡུས་གསུམ་ལ་མཁས་པར་སྦྱངས་ཤིང༌། དབུ་མ་རང་རྒྱུད་ཀྱི་བཤད་སྲོལ་རྔོག་ལོ་ནས་བརྒྱུད་པ་མང་དུ་གསན། སྐྱོང་མོ་ལུང་གི་མཁན་ཆེན་བཀའ་བཞི་པའི་དྲུང་དུ། འདུལ་བ་ལུང་བདེ་བཞི། སོ་སོར་ཐར་པ་གཉིས་དང་བཅས་པ་མདོ་རྩ་བ་རྒྱ་ཆེར་འགྲེལ་དང་བཅས་པ་བྱ་འདུལ་བ་འཛིན་པ་ཆེན་པོའི་བཤད་སྲོལ་བཞིན་དུ་གསན་ཅིང༌། འཕན་ཡུལ་གྲོ་སའི་མཁས་པ་ཆེན་པོ་དམར་སྟོན་གྱི་དྲུང་དུ། འདུལ་བའི་མདོ་ལུང་དང་བཅས་པའི་བཤད་པ་ཐག་མ་ཀ་ཆེན་གྱི་བཤད་སྲོལ་བཞིན་དུ་གསན་ཅིང་ཆོས་མངོན་པའི་མཛོད་འགྲེལ་པ་འགྲེལ་བཤད་དང་བཅས་པ། མཆིམས་པའི་བཤད་སྲོལ་ལྟར་ནེའུ་པཎ་ཆེན་ལས་བརྒྱུད་པ་རྣམས་རྒྱས་པར་གསན། ཐང་སག་གི་ཆོས་གྲྭར་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་གྱི་དྲུང་དུ། རྩ་འཇུག་བཞི་གསུམ་འགྲེལ་པ་དང་བཅས་པའི་བཤད་པ་པ་ཚབ་ལོ་ཙཱ་བའི་བཤད་སྲོལ་ཇི་ལྟ་བ་བཞིན་དུ་ལན་དུ་མར་གསན། སློབ་དཔོན་མཁས་པ་ལོ་པ་ཤཱཀྱ་རིན་ཆེན་ཞེས་བྱ་བའི་དྲུང་དུ། ཆོས་མངོན་པ་ཀུན་ལས་བཏུས་པ་འགྲེལ་པ་དང་བཅས་པ་གསན་ཅིང་མཁས་པར་མཛད་དོ། །དེ་ནས་མཁས་པ་ཆེན་པོ་འདི། མདོ་སྨད་པའི་གྲྭ་པ་རྣམས་ཀྱིས་སྤྱན་དྲངས་ནས་རྗེ་ཕག་མོ་གྲུབ་པའི་གདན་ས་ཐིལ་ན་བཤད་ཉན་མཛད་ཀྱིན་ཡོད་པའི་ཚེ། བདག་ཉིད་ཆེན་པོ་འདི་དགུང་ལོ་ཉི་ཤུ་རྩ་བདུན་ལོན་པ། ཆུ་མོ་བྱའི་ལོ་ཡིན་ལ། དེའི་ཚེ་ཕོ་བྲང་ཆེན་པོ་སྣེ་གདོང་དུ་རྫོང་ཇི་རྒྱལ་མཚན་བཟང་པོས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་བར་ཡོད་དོ། །ཞེས་བྱ་བའི་གཏམ་གསན་མ་ཐག་ཏུ། རྗེ་བཙུན་ཆེན་པོ་འདི་ཉིད་ཀྱི་སྐུའི་བ་སྤུ་རང་དབང་མེད་པར་གཡོས། ཐུགས་ལ་དགའ་བ་དང་བདེ་བའི་ཉམས་དཔག་ཏུ་མེད་པ་ཤར། ངག་ཏུ་ཨ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པའི་གསུང་ཉམས་དཔག་ཏུ་མེད་པ་དང་བཅས་ཏེ། དེ་མ་ཐག་ཏུ་ཞལ་མཇལ་བ་ལ་རིངས་པར་མཛད་ནས་བྱོན་པས། ཡར་ལུང་བྱ་སའི་གཙུག་ལག་ཁང་དུ་ཞལ་མཇལ་ལོ། །དེའི་ཚེ་སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །ཅེས་དང༌། ཡུམ་འདི་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། །ཞེས་པའི་སྐབས་དང་འགྲིག་པས། དཔོན་སློབ་གཉིས་ཀ་ཐུགས་ཤིན་དུ་དགྱེས་ཤིང་སྐུ་སྐྱེ་བ་དཔག་ཏུ་མེད་པའི་དགེ་བའི་བཤེས་གཉེན་ཡིན་པར་ངེས་པའི་དགོངས་པ་ཐུགས་རྒྱུད་ལ་འཁྲུངས་སོ། །ཨེ་མ་རྒྱལ་བ་གཉིས་པ་ཡི། །གཙུག་ཏོར་རྒྱལ་མཚན་མཐོན་པོ་ལ། །ཞབས་རྡུལ་པད་ཕྲེང་ངལ་བསོ་བའི། །ཞབས་དེ་རྒྱལ་བ་ཉིད་ཀྱི་ཡིན། །ཡང་ན་ཁྱོད་ཀྱི་སྤྱི་གཙུག་གི །བདུད་རྩིའི་ཆུ་གཏེར་མཛེས་བྱེད་པའི། །ཡིད་འོང་པདྨའི་ཕྲེང་བ་དེ། །ཐུབ་པའི་ཞབས་སྐྱེས་ལས་གཞན་སུ། །དེ་ནས་བདག་ཉིད་ཆེན་པོ་འདིས་མཁས་གྲུབ་དམ་པ་དེ་ཉིད་ལ་སྤྱིར་བདེ་བར་གཤེགས་པའི་གསུང་རབ་མཐའ་ཡས་དང༌། ཁྱད་པར་དུ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་དྲུག དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་དང་བཅས་པ་དང༌། ཚད་མའི་མདོ་ཀུན་ལས་བཏུས་པ་དང༌། འགྲེལ་པ་འགྲེལ་བཤད་དང་བཅས་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འགྲེལ་བཤད་དང་བཅས་པ། གཏན་ཚིགས་ཐིགས་པ་དང༌། རྩོད་རིགས་རྣམས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ངོ་བོ་ས་སྐྱ་པཎྜི་ཏ་ནས་ལེགས་པར་བརྒྱུད་པའི་བཤད་སྲོལ་རྣམས་གསན་ཅིང༌། ཚད་མ་རིགས་པའི་གཏེར་འགྲེལ་པ་དང་བཅས་པ་ལེགས་པར་གསན་ནས་དོན་དེ་ཉིད་ལ་གཞན་གྱིས་དབྲོག་པར་མི་ནུས་པའི་སྤོབས་པ་བརྟེན་པོ་བརྙེས་པར་གྱུར་ཏོ། །དུས་དེར་གདན་ས་ཆེན་པོ་ས་སྐྱར་ཕེབས་ནས། རིན་པོ་ཆེ་པའི་སློབ་མ་མཁས་པར་གྲགས་པ་ཐམས་ཅད་ཀྱིས་ཀྱང་བདག་ཉིད་ཆེན་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། རྒྱལ་ཚབ་དམ་པར་མངའ་གསོལ་བ་ཡིན་ནོ། །སྐབས་དེ་ཉིད་དུ་བཞི་ཐོག་པ་ཀུན་དགའ་རིན་ཆེན་ཏ་དབེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་གྲགས་པ་བློ་གྲོས་རྣམས་ཀྱི་དྲུང་དུ། རྗེ་བཙུན་གོང་མ་ལྔའི་གསུང་རབ་མན་ངག་དང་བཅས་པ་མ་ལུས་པར་གསན་ཅིང༌། སྐབས་གཞན་ཞིག་ཏུ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ། རྩ་བའི་རྒྱུད་བརྟག་པ་གཉིས་པ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསན། ཆོས་ཀྱི་རྗེ་བླ་མ་དམ་པའི་སྲས་ཀྱི་ཐུ་བོ་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱི་དྲུང་དུ། རྒྱུད་གསུམ་གྱི་བཤད་པ་རྒྱས་པར་གསན། ཡང་གངས་ཅན་གྱི་མཁས་པ་ཆེན་པོ་ལོ་ཙྪ་བ་སྐྱབས་མཆོག་དཔལ་བཟང་པོ་དང༌། ལོ་ཆེན་གྲགས་པ་རྒྱ་མཚན་པ་གཉིས་ཀྱི་དྲུང་དུ། རིགས་པའི་གནས་དུ་མ་དང༌། མདོ་སྔགས་ཀྱི་གསུང་རབ་མང་པོ་ལ་སྒྲོ་འདོགས་ལེགས་པར་བཅད། ཀུན་མཁྱེན་ཤེར་འོད་ཀྱི་དྲུང་དུ། ལུང་དང་གདམས་པ་ཁྱད་པར་ཅན་མང་དུ་གསན། སྙན་ངགས་པ་ཆེན་པོ་འཇམ་དབྱངས་ཁ་ཆེའི་དྲུང་དུ། ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་འགྲེལ་པ་དང་བཅས་པ་དང༌། མངོན་བརྗོད་དང་སྡེབ་སྦྱོར་གྱི་བསྟན་བཅོས་རྣམས་གསན། རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཆེན་ནགས་ཀྱི་རིན་ཆེན་གྱི་དྲུང་དུ། སྒྲའི་བསྟན་བཅོས་ཀ་ལཱ་པ་དང༌། བྱིངས་དང་ཉེར་བསྒྱུར་གྱི་མདོ་རྣམས་གསན། གཞན་ཡང་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་སོགས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་མང་དུ་གསན་ནོ། །ཀརྨ་པ་དཀོན་མཆོག་གཞོན་ནུའི་དྲུང་དུ། རྗེ་བཙུན་བྱམས་པའི་ཆོས་ལྔ་ལ་སོགས་པ་མང་དུ་གསན་ནོ། །ཚལ་མིན་པ་བསོད་ནམས་བཟང་པོའི་དྲུང་དུ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་སྦྱོར་བ་ཡན་ལག་དྲུག་པ་དང་བཅས་པ་གསན་ནོ། །ཐང་པོ་ཆེ་པ་ཉི་མ་རྒྱལ་མཚན་གྱི་དྲུང་དུ། གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་སྒྲོན་གསལ་དང་བཅས་པ། ཡོ་ག་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་འབྱུང་བ་སོགས་ཀྱི་བཤད་པ་རྒྱས་པར་གསན་ཅིང༌། གཞན་ཡང་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་བཀའ་བསམ་གྱིས་མི་ཁྱབ་པར་གསན་ནོ། །ཆོས་ལུང་ཚོགས་པའི་མཁན་ཆེན་རིན་རྒྱལ་བ་དང༌། དགེ་འདུན་རྒང་པའི་མཁན་པོ་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱི་དྲུང་དུ། དབང་དང་གདམས་པ་མང་དུ་གསན། སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་ཀྱི་དྲུང་དུ། འདུལ་བ་མེ་ཏོག་ཕྲེང་རྒྱུད་དང༌། བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། གཞན་ཡང་བླ་མ་སོ་སོའི་དྲུང་དུ། དབང་དང་གདམས་པ་དང༌། ཕྱག་ལེན་ཕྲན་ཚེགས་ཀྱིས་མཐའ་བརྟེན་པ་གསན་པ་ནི་ཤིན་དུ་མང་སྟེ། རྒྱས་པར་གསན་ཡིག་སོགས་ལས་ཤེས་པར་བྱའོ། །དེ་དག་ལ་འདི་སྐད་ཅེས། བཤེས་གཉེན་མཁས་པའི་ཞབས་སེན་དམར་འོད་ཅན། །བློ་ཆེན་ཁྱོད་ཀྱི་ཅོད་པཎ་ལ་འཆར་བ། །ཡོངས་འཛིན་དེ་དག་ཉིན་མོར་བྱེད་པའམ། །ཁྱོད་གཙུག་ཡ་མཚན་ཤར་གྱི་རི་བོའམ་ཅི། །སློབ་དཔོན་མཁས་པའི་ཆོས་ཀྱི་རྒྱ་མཚོ་ལས། །རྣམ་དཔྱོད་ཧུབ་ཀྱིས་ལེགས་བཤད་ཀུན་བསྡུད་པ། །བློ་གྲོས་མིག་སྟོང་ལྡན་པའི་སློབ་མ་ཀུན། །ཉིད་རང་གཅིག་པུའི་བདུད་རྩིས་གསོལ་བར་ངེས། །དེ་ལ་བརྟེན་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་ནི། མཁས་བཙུན་བཟང་པོའི་ཉི་མ་ཆེར་གསལ་བ། །དད་བརྩོན་རྣམ་དཔྱོད་ཡངས་པའི་ཁྲིར་བླངས་ནས། །ནམ་ཡང་གྲགས་པའི་ཁྲི་ལ་འདྲེན་མཁས་པས། །གངས་ཅན་ཉིན་མོར་མཛད་ལ་ཕྱག་འཚལ་ལོ། །འདི་ལ་དོན་གསུམ་སྟེ། མཁས་པ་དང༌། བཙུན་པ་དང༌། བཟང་བའི་ཡོན་ཏན་ཇི་ལྟར་བརྙེས་པའོ། །དང་པོ་ལ། ཚིག་ལ་མཁས་པ་དང༌། དོན་ལ་མཁས་པའོ། །དང་པོ་ནི། བཤེས་གཉེན་མཁས་པའི་དབང་པོ་དེ་དག་གི་དྲུང་དུ། མང་དུ་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང༌། གང་དང་གང་གསན་པ་དེ་ཐམས་ཅད་ཀྱི་ཚིག་གི་ཆ་དང་འཛིན་པ་དང༌། བར་དུ་འཆང་བ་དང༌། ཐ་མར་ཀུན་ཆུབ་པར་མཛད་པ་ལ། བརྩོན་པ་རབ་ཀྱི་མཐར་ཕྱིན་པར་གྱུར་པ་ནི་བདག་ཉིད་ཆེན་པོ་འདི་ལྟ་བུ་གཞན་ལ་མེད་པ་ཡིན་ཏེ། བདག་ཉིད་ཆེན་པོ་འདིས་ནི། རྙེད་པ་དང༌། བཀུར་སྟི་དང༌། བཟའ་བ་དང༌། བགོ་བ་དང༌། གཉིད་དང༌། རྨུགས་པ་ལ་སོགས་པའི་རོ་མྱང་བར་མི་མཛད་ཅིང༌། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་གང་ཡང་མངོན་དུ་མི་མཛད་པར་ཚད་ལྡན་གྱི་གཞུང་ལུང་རྣམས་ཁོ་ན་ལ་ཚིག་ཕྱེད་ཀྱང་མ་འཁྲུལ་བར་སྦྱངས་པ་མཐར་ཕྱིན་པར་མཛད་པའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས་དགུང་ལོ་བརྒྱད་ཅུ་རྩ་གསུམ་གྱི་མཐར་སོན་པའི་ཚེ་ཡང༌། གཞུང་ལུགས་ཆེན་པོ་ཤིན་ཏུ་ཆེན་པོ་དག་གི་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཐུགས་ནས་གསུངས་པ་ལ་ཐོགས་པ་མེད་པར་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །གཞུང་ལུགས་གང་དང་གང་འཆད་ཀྱང༌། །དེ་ཡི་ཚིག་ལ་སྦྱངས་སྙམ་བྱེད། །སྐབས་འགར་དོན་ལས་ཚིག་རྙེད་པ། །ཁྱེད་ལས་གཞན་པ་སྔོན་མ་བྱུང༌། །གཉིས་པ་དོན་ལ་མཁས་པ་ནི། །སྤྱིར་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ལ། གཞུང་ལུགས་གང་དང་གང་ཡིན་པ་དེའི་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནས་དེའི་དབང་དུ་བྱས་པའི་མདོ་རྒྱས་ཀྱི་བསྟན་བཅོས་རྩོམ་ཤེས་པ་ལ་བྱ་བ་ཡིན་ལ། དེའི་ཚུལ་ཡང་བདག་ཉིད་ཆེན་པོ། འདི་ལྟ་བུ་གཞན་ལ་མེད་པ་ཡིན་ཏེ། འདིས་ནི་ཕལ་ཆེར་ཚིག་ཐུགས་སུ་ཆུད་མ་ཐག་ཏུ་དོན་མཁྱེན་ཅིང༌། དོན་མ་མཁྱེན་པ་དེ་སྲིད་དུ་ཚིག་ཙམ་གྱིས་ཆོག་པར་འཛིན་པ་ནི་འདི་ལ་མི་མངའ་བའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས་གཞུང་ལུགས་གང་དང་གང་གསུངས་པ་ན་དེ་དང་དེའི་སྙིང་པོའི་དོན་ནི་འདི་ཡིན་ནོ་ཞེས་འཆད་པ་ལ། འདི་དང་མཚུངས་པ་གཞན་མེད་པ་མངོན་སུམ་གྱིས་གྲུབ་ཅིང༌། འཆད་རྩོད་རྩོམ་གསུམ་གྱི་མཛད་པ་གང་མཛད་པ་གང་མཛད་ཀྱང་ཚིག་ལ་མ་འཆོལ་བར་དོན་ཁོ་ན་གཙོ་བོར་མཛད་པ་ཡིན་ནོ། །མདོར་ན། སྒྲ་དང༌། ཚད་མའི་བསྟན་བཅོས་དང༌། ཐེག་པ་ཆེ་ཆུང་གི་མདོ་དང༌། དགོངས་འགྲེལ་གྱི་བསྟན་བཅོས་མཐའ་དག་དང༌། རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་དུ་བྱས་པའི་བཀའ་དང༌། བསྟན་བཅོས་བོད་ཡུལ་དུ་འགྱུར་བ་ཇི་སྙེད་པ་དེ་དག་ལས་བདག་ཉིད་ཆེན་པོ་འདིས་ཐུགས་སུ་མ་ཆུད་པ་ནི་ཅི་ཡང་མེད་དོ། །དེ་ལ་འདི་སྐད་ཅེས། ཁྱོད་ཀྱི་མཁས་པའི་ཡོན་ཏན་ནི། །ནམ་ཡང་སྦ་བར་མི་ནུས་པར། །འཆད་རྩོད་རྩོམ་པའི་ཁྲིར་འཁོད་ནས། །གངས་ཅན་བསྟན་པའི་མཁའ་ལ་ཤར། །གཉིས་པ་ནི། སྤྱིར་བདག་ཉིད་ཆེན་པོ་འདི་སྔོན་སྐྱེ་བ་དཔག་ཏུ་མེད་པའི་གོམས་པའི་ཤུགས་ཀྱིས་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་ཅི་ཡང་མི་མཛད་ཅིང༌། དད་ཅིང་གུས་པ་རྣམས་ལྟ་ཞོག མི་དད་པར་རློམ་པ་དེ་དག་གིས་ཀྱང་བདག་ཉིད་ཆེན་པོ་འདིས་ཁ་ན་མ་ཐོ་བ་འདི་ལྟ་བུ་ཞིག་མཛད་དོ། །ཞེས་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་ཡུལ་དུ་གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཁྱད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། ལེགས་པར་གསུངས་པའི་འདུལ་བ་དང་འགལ་བའི་ཉེས་པ་ཕྲ་མོས་མ་གོས་ཤིང༌། གཞན་རབ་ཏུ་བྱུང་བ་གྲངས་ལས་འདས་པ་དང༌། བསྙེན་པར་རྫོགས་པའི་དགེ་སློང་སྟོང་ཕྲག་གཅིག་ཏུ་ཉེ་བའི་མཁན་པོ་མཛད་དོ། །ཡང་བྱང་ཆུབ་ཀྱི་ཐུགས་གཉིས་སྐུ་སྐྱེ་བ་མང་པོར་གོམས་པའི་ཤུགས་ཀྱིས་རང་བཅས་སུ་མངའ་ཞིང༌། ཁྱད་པར་ལུགས་གཉིས་ལ་བརྟེན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླ་མ་སོ་སོའི་དྲུང་དུ་མནོས་ནས། སྐད་ཅིག་ཀྱང་ཉམས་པ་མི་མངའ་བ་ཡིན་ཏེ། མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་དགོངས་ནས་བསྟན་པ་རིན་པོ་ཆེའི་བྱ་བ་འབའ་ཞིག་མཛད་པ་མ་གཏོགས་མཛད་པ་གཞན་ཅི་ཡང་མི་སྣང་བའི་ཕྱིར་དང༌། དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པས་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་རང་སར་གྲོལ་ནས། འཇིག་རྟེན་གྱི་ཆོས་ལུགས་གང་ལ་ཡང་སྤང་བླང་དང༌། དགག་བསྒྲུབ་དང༌། འདི་ཡིན་དང་འདི་མིན་གྱི་མཚན་འཛིན་གཏད་ཐུབ་པ་གང་ཡང་མེད་པ་བྱིས་པ་གཞོན་ནུའི་སྤྱོད་པ་ལྟ་བུ་རྟག་ཏུ་མཛད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་གསུང་རབ་ཀྱི་དོན་ལ་དཔྱོད་པ་དང༌། དགག་བསྒྲུབ་མཛད་པའི་ཚེ་ཆེས་ཤིན་ཏུ་སྒྲིན་པོར་མཛད་ཅིང་བསྟན་པ་འབའ་ཞིག་ལྷག་པར་དགོངས་སོ། །ཡང་གསང་སྔགས་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་ལེགས་པར་མནོས་ནས། རྩ་བ་དང་ཡན་ལག་གི་ཉེས་པས་ཅུང་ཟད་ཀྱང་མ་གོས་ཤིང༌། དགྱེས་པ་རྡོ་རྗེ་དང༌། འཁོར་ལོ་སྡོམ་པའི་ཐུན་བཞིའི་རྣལ་འབྱོར་ལས་ཞག་གཅིག་ཀྱང་གཡེལ་བར་མི་མཛད་དོ། །དེ་དག་ལ་འདི་སྐད་ཅེས། ཁྱོད་ཀྱི་བཙུན་པའི་ཡོན་ཏན་འོད་དཀར་ཅན། །ཚུལ་འཆོས་ནག་པོའི་སྤྲིན་གྱིས་མ་བསྒྲིབས་པར། །རང་བྱུང་གོམས་པའི་ཤུགས་སྟབས་དྲང་པོ་ཡིས། །ཚུལ་ཁྲིམས་རྣམ་གསུམ་ཡངས་པའི་མཁའ་ལ་ཤར། །གསུམ་པ་བཟང་པོའི་ཡོན་ཏན་ཇི་ལྟར་བརྙེས་པ་ནི། །ཐུགས་རྗེ་ཆེན་པོས་རྟག་པར་རྒྱུད་ཕྱུག་ཅིང༌། །མཚན་མར་འཛིན་པའི་འཆིང་བ་ལས་གྲོལ་ནས། །བསྟན་ལ་དགོངས་པའི་ལྷག་བསམ་མཐོན་པོ་ཅན། །ས་ཐོབ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །དེ་ཡང༌། བདག་ཉིད་ཆེན་པོ་འདི་ནི། མཚན་མོ་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ལས་གཡེལ་བ་མི་མངའ་ཞིང༌། ཉིན་མོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ངང་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ནས་དུས་འདའ་བར་མཛད། མཐོ་དམན་ཐམས་ཅད་ལ་རྟག་པར་བྱམས་ཤིང༌། སེམས་ཅན་གཞན་ལ་གནོད་པའི་ལས་ཅུང་ཟད་ཀྱང་མི་མཛད། གཞན་ལ་མཐོ་མཚམས་པ་དང་ཕྲག་དོག་པའི་རྣམ་པ་ཅུང་ཟད་ཀྱང་མི་མངའ། རྙེད་བཀུར་དང་ཆེ་ཐབས་ཀྱི་རྩོལ་བསྒྲུབ་ཅུང་ཟད་ཀྱང་མི་མཛད། དེའི་རྒྱུ་མཚན་གྱིས་གཞན་དག་བླ་མ་ཁོང་ལ་མི་ཆོས་མེད་ཅིང༌། འཇིག་རྟེན་མི་མཁྱེན་ཅེས་ཟེར། དེ་ལྟ་མོད་ཀྱི་ཀུན་རྫོབ་ཀྱི་སྣང་བ་འདི་ཆོས་ནས་ཇི་ལྟར་འབྱུང་བ་བཞིན་དུ་ཁོང་ཞལ་གྱིས་བཞེས་ཤིང་ཕྱག་ལེན་དུ་ཁེལ་བར་མཛད་པས། འཇིག་རྟེན་དང་མི་ཆོས་ནི་དེ་ཡིན་པར་ངེས་སོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་གང་ན་བཞུགས་པའི་ས་ཕྱོགས་དེར། ནད་ཡམས་དང༌། མུ་གེ་དང༌། དུས་ཀྱི་འཁྲུག་པ་མི་འབྱུང་ཞིང༌། ཡོན་གྱི་བདག་པོ་རྣམས་ལ་བཀྲ་ཤིས་པའི་དགེ་མཚན་ཁོ་ན་འབྱུང་ཞིང༌། འབྱོར་པ་ཆེ་བ་དང༌། སྐྱེ་བོའི་ཚོགས་ཀྱིས་གང་བ་དང༌། ཐག་རིང་པོ་ནས་འོངས་པའི་གྲྭ་པ་བུ་སློབ་རྣམས་རང་གི་ངང་གིས་འདུ་བ་ལ་གེགས་དང༌། ཉེ་བར་འཚེ་བ་ཅུང་ཟད་ཀྱང་མི་འབྱུང་བ་ཡིན་ནོ། །དེའི་རྒྱུ་མཚན་གྱིས། མཁས་པའི་དབང་པོ་འདིས་བཤད་ཉན་མཛད་ནས་མྱ་ངན་ལས་འདའ་ཁའི་བར། སྐུ་ལ་སྙུང་བའི་ཚུལ་བསྟན་པ་ཉིན་གཅིག་ཙམ་ཡང་འབྱུང་མ་མྱོང་བར་ཀུན་གྱིས་མཐུན་སྣང་དུ་གྲུབ་ཅིང༌། གངས་ཅན་གྱི་ལྗོངས་འདིར་བཤད་ཉན་གྱི་རྒྱུན་མ་ཆད་པར་མཛད་པ་ལ། བདག་ཉིད་ཆེན་པོ་འདི་ལས་རྒྱུན་རིང་བའི་སློབ་དཔོན་སུ་ཡང་མེད་དོ། །ཡང་མཁས་པ་གཞན་དག་ནི་འཆད་པ་ཁོ་ན་གཙོ་བོར་མཛད་ཅིང༌། བསྟན་བཅོས་རྩོམ་པར་མི་མཛད། ལ་ལ་ནི་བསྟན་བཅོས་རྩོམ་པ་ལ་གཙོ་བོར་མཛད་ཀྱི། འཆད་པ་དང་རྩོད་པ་ལྷུར་མི་ལེན། མཁས་པའི་བྱ་བ་རྣམ་པ་གསུམ་ཆ་མཉམ་པར་མཛད་ཅིང༌། གསུམ་ཀ་ལ་ཐོགས་པ་མེད་པའི་བློ་གྲོས་མངའ་བ་ནི། བདག་ཉིད་ཆེན་པོ་འདི་དང་མཉམ་པ་ཁ་བ་ཅན་འདིར་གཞན་བྱོན་པ་མེད་དོ། །ཡང་མཁས་པ་ལ་ལ་ནི་ཐོས་བསམ་གྱི་བྱ་བ་ཁོ་ནས་དུས་ཡོལ་ནས། རྩེ་གཅིག་ཏུ་བསྒྲུབ་པ་ལ་གཡེལ། ལ་ལ་ནི་ཐོས་བསམ་གྱི་བྱ་བ་བཤོལ་ནས་དབེན་པའི་གནས་སུ་བསྒྲུབ་པ་ཁོ་ན་ལ་གཤེགས་པར་མཛད་མོད། དུས་རྟག་པར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བཞུགས་ནས་ཐོས་བསམ་བསྒོམ་གསུམ་གྱི་མཛད་པ་ཆ་མཉམ་དུ་མཐར་ཕྱིན་པར་མཛད་པས་གྲུབ་པའི་ས་བརྙེས་པ་ནི། བདག་ཉིད་ཆེན་པོ་འདི་ལས་གཞན་ཁ་བ་ཅན་འདིར་བྱོན་པ་མེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་ལ་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་སྦྱོར་ལམ་པ་དང༌། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་རྣམས་དང༌། ས་དང་པོ་ནས་ལྔ་པའི་བར་གྱི་ཡོངས་སྦྱོང་དུ་བཤད་པ་དེ་ཐམས་ཅད་ཚང་བར་ཐུགས་རྒྱུད་ལ་བཞུགས་པར་མངོན་སུམ་གྱིས་གྲུབ་པས་ས་ཐོབ་པའི་སེམས་དཔའ་ཆེན་པོར་གདོན་མི་ཟའོ། །དེ་དག་ལ་འདི་ལྟར། ཁྱོད་ཀྱི་བཟང་པོའི་ཡོན་ཏན་རྒྱ་མཚོའི་རླབས། །མི་བསྲུན་ཕྲག་དོག་རྟ་གདོང་མེས་མི་ནོན། །ལྕེ་བརྒྱ་ལྡན་པའི་ཆུ་འཛིན་གྱིས་བླངས་ནས། །ཕྲིན་ལས་ཆར་ཆེན་རྟག་པར་འབེབས་ལ་བརྩོན། །ལྔ་པ་མཁས་པའི་བྱ་བ་གསུམ་གྱི་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལ། འཆད་རྩོད་རྩོམ་གསུམ་མཁྱེན་པའི་རྣམ་དཔྱོད་ཀྱིས། །གདོང་མཛེས་མཚར་བའི་ལང་ཚོ་གཡོ་ལྡན་པ། །ཐུབ་བསྟན་དངུལ་དཀར་དངས་པའི་མེ་ལོང་དུ། །གསལ་བར་ཤར་བ་ཁྱོད་ལ་ཕྱག་འཚལ་ལོ། །འདི་ལ་དོན་གསུམ་སྟེ། འཆད་པ་ཚངས་པའི་རྔ་ཆེན་གྱིས་སྐལ་ལྡན་གྱི་སློབ་མ་ཇི་ལྟར་བཟུང་བའི་ཚུལ། རྩོད་པ་སེང་གེའི་ང་རོས་ཕྱི་རྒོལ་གྱི་གླང་པོ་ཇི་ལྟར་བཅོམ་པའི་ཚུལ། རྩོམ་པ་ནོར་བུའི་དོ་ཤལ་གྱིས་ཐུབ་བསྟན་གྱི་ཁང་བཟངས་ཇི་ལྟར་བརྒྱན་པའི་ཚུལ་ལོ། །དང་པོ་ནི། རིགས་ཤིང་གྲོལ་བའི་སྤོབས་པ་མ་དྲོས་མཚོ། །གྲགས་པའི་ཆུ་བོས་ཕྱོགས་བརྒྱར་དྲངས་གྱུར་ཀྱང༌། །ཟད་པ་མེད་ཅིང་ཆེས་ཆེར་འཕེལ་གྱུར་པའི། །གསུང་རབ་ཀུན་ལ་སྦྱངས་པའི་ཐུགས་མངའ་ཁྱོད། །བཅུ་ཕྲག་དྲུག་གི་ངེས་པས་ཉེར་འཁྱུད་ནས། །མིག་སྟོང་ལྡན་པའི་སྙིང་ལ་བདེ་སྟེར་བའི། །དམ་ཆོས་འཆད་པའི་དབྱངས་ཀྱིས་ལྷ་རྣམས་ཀྱང༌། །འཁོར་དུ་བསྡུ་བ་ཁྱོད་ལ་ཕྱག་འཚལ་ལོ། །འདི་ལ་དོན་གསུམ་སྟེ། དུས་ཇི་ཙམ་གྱི་བར་དུ་ཆོས་གསུངས་པའི་ཚུལ། ཆོས་གང་དང་གང་གསུངས་པའི་རྣམ་གྲངས། དེ་ཉིད་ཉམས་སུ་བླངས་པས་མཁས་བཙུན་བཟང་གསུམ་གྱི་སློབ་མ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། དགུང་ལོ་ཉེར་གཉིས་པ་ལ། རྔོག་ལོ་ཆེན་པོའི་གདན་སར་སློབ་དཔོན་བློ་གྲོས་ཆོས་སྐྱོང་ལ་སོགས་པ་ཤེས་རབ་ཅན་ལྔ་ལ་ཚད་མ་རྣམ་པར་ངེས་པ་གསུངས་པ་ནས་བརྩམས་ཏེ། བརྒྱད་ཅུ་རྩ་གསུམ་པ་ལ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ། ཐ་ན་སློབ་མ་གཅིག་ཙམ་ལ་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་ཀྱི་སྦྱིན་པ་མཛད་པར་དམ་བཅས་ཏེ། མདོར་ན་ལོ་དྲུག་ཅུ་རེ་གཉིས་ཀྱི་བར་དུ་དམ་པའི་ཆོས་ཀྱི་ཉན་བཤད་རྒྱུན་མ་ཆད་པར་མཛད་པའི་གནས་ནི། ཤར་ཕྱོགས་སུ་ཕག་མོ་གྲུ་དང༌། འབྲི་ཁུང་ཐིལ་ཚུན་ཆད། ནུབ་ཕྱོགས་སུ་ལ་སྟོད་དིང་རི་གླང་འཁོར་དང༌། བྱང་ངམ་རིང་མན་ཆད། ལྷོ་ཕྱོགས་སུ་ཡར་ལུང་གཡའ་བཟང་པ་དང༌། ཡ་འབྲོག་སྣ་དཀར་ཚུན་ཆད། བྱང་ཕྱོགས་སུ་བྱང་རྭ་སྒྲེང་དང༌། གནམ་རྩེ་ལྡེང་གི་གཙུག་ལག་ཁང་ཚུན་ཆད་དུ་གནས་ངེས་མེད་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེ་ཡང་རྩ་བའི་གྲྭ་ས་དང༌། བཞུགས་གནས་ཀྱི་མཐིལ་ནི། རྡོ་རྗེ་གདན་གཉིས་པ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོ་ཡིན་ལ། རྗེ་བཙུན་ཉིད་ཀྱི་དགུང་ལོ་བདུན་ཅུ་བཞེས་པ། བསྟན་བཅོས་པ་ལྟར་ན་མེ་ཕོ་འབྲུག་གི་ལོ་ལ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་གི་འགྲམ་གཏིང་ནས་གདན་ས་དེ་ཉིད་དུ་ལོ་བཅུ་བཞིའི་བར་དུ་ཕྲིན་ལས་ཉེ་བར་བསྐྱངས་སོ། །དེ་ཡང་གསང་ཕུར་བཞུགས་ལ་གླིང་སྟོད་དང༌། གྲྭ་ཚང་སློབ་དཔོན་རྐོང་པོའི་གྲྭ་ཚང་དེ་ཉིད་ཡིན་ཀྱང༌། རྗེ་ཉིད་ཀྱིས་གྲྭ་ཚང་རིས་སུ་བཅད་པའི་འཆད་ཉན་མ་མཛད་ཅིང༌། གླིང་སྟོད་སྨད་མཐའ་དག་ནས་སློབ་མ་ཕྱོགས་མེད་དུ་འདུ་ཞིང༌། ཀུན་གྱིས་རྩོད་པ་མེད་པར་མཐུན་སྣང་དུ་གྲུབ་པ་ནི་དང་པོ་བཤད་ཉན་མཛད་པའི་དུས་ཉིད་ནས་ཡིན་ལ། ཕྱིས་དགུང་ལོ་དྲུག་ཅུ་བཞེས་པ་ཙམ་གྱི་ཚེ་ན་ནི། གདན་ས་པ་དང༌། ཟུར་ཆེན་དང་འཆད་ཉན་པ་ཐམས་ཅད་རྗེ་ཉིད་སློབ་མར་གྱུར་པ་ཤ་སྟག་ཡིན་པས། གདན་ས་ཆེན་པོ་དེར་སློབ་དཔོན་ཕྱྭ་པ་འདས་པའི་འོག་ཏུ་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་སློབ་དཔོན་ནི། རྗེ་བཙུན་དམ་པ་འདི་གཅིག་པུ་ཁོ་ནར་ངེས་སོ། །དེའི་རྒྱུ་མཚན་གྱིས་ནཱ་ལེནྡྲའི་དགོན་པ་བཏབ་པ་ན་གསང་ཕུའི་ལས་ཚན་དང༌། མི་སྣ་ཐམས་ཅད་འདུས་ཤིང་མ་ཚང་བ་མེད་ཀྱི་སྟེང་དུ། དེ་ལ་མེད་པའི་གྲྭ་རྒྱུན་གྱི་ཁྱད་པར་མང་པོ་དག་དང་བཅས་ཏེ། དགོན་པ་བཏབ་མ་ཐག་ཏུ་དགེ་འདུན་སྟོང་ཕྲག་ཕྱེད་དང་གཉིས་ཙམ་ཚོགས་པར་གྱུར་ཏེ། བཤད་ཉན་གྱི་སྒྲིགས་དང༌། རྣམ་པ་བཞག་པ་ཐམས་ཅད་ས་རྔོག་གཉིས་ཀའི་ལུགས་དང་མཐུན་པར་མཛད་དོ། །ཡང་རྗེ་ཉིད་ཀྱི་དགུང་ལོ་ལྔ་བཅུ་ཙམ་བཞེས་པའི་ཚེ། སྙེ་ཐང་འོར་དུ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་གདན་སའི་མིང་འདོགས་དང༌། བདེ་བ་ཅན་གྱི་ཆོས་གྲྭའི་ཟུར་ཆེན་ལོ་གསུམ་མཛད་པར་གྲགས་སོ། །གང་དུ་གང་གིས་རིང་དུ་གནས་གྱུར་ན། །རང་ཉིད་རང་དུ་རློམ་པས་ཁེངས་འགྱུར་ཞིང༌། །གཞན་དག་གཞན་ལ་ཕྲག་དོག་གིས་གདུང་བའི། །གནས་དེར་གནས་པ་མིན་ཞེས་ཁྱོད་ཀྱིས་གསུངས། །རྗེས་འཇུག་རྗེས་འབྲངས་ཡོངས་ཀྱང་དེ་ལ་འདུན། །འདུན་པས་ཚུལ་དེ་ཚུལ་བཞིན་སྒྲུབ་བྱེད་དག །དག་པའི་ཆོས་ལ་ཆོས་ཀྱི་རྗེས་འབྲང་བློ། །བློ་གསལ་དེ་ཀུན་ཀུན་མཁྱེན་ཆོས་རྗེའི་སྲས། །གཉིས་པ་ནི། རྒྱ་མཚོར་མི་འདུ་ཆུ་བོ་དེ་གང་ཡིན། །དེ་ལས་མི་འབབ་ཆུ་ཀླུང་དེ་གང་ཞིག །ཁྱོད་བློས་མ་བསྡུས་དམ་པའི་ཆོས་དེ་ཅི། །ཁྱོད་ཀྱིས་མ་གསུངས་ཆོས་ཚུལ་གང་དེ་སུ། །མཁས་པར་མཁྱེན་ནས་གཞན་དག་མཁས་བྱའི་ཕྱིར། །རང་གིས་མཁྱེན་དེ་རང་དབང་མི་མཛད་པར། །བློ་གསལ་ཡོངས་ཀྱི་བློ་མཚོ་སྤེལ་བརྩོན་པའི། །བཤད་མཁས་ཁྱོད་ཀྱིས་བཤད་ལ་ཕྱག་འཚལ་ལོ། །འདི་ལ་གཉིས་ཏེ། ཐུན་མོང་བ་མཚན་ཉིད་ཐེག་པ་དང་འབྲེལ་བའི་ཆོས་གསུངས་པའི་ཚུལ་དང༌། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པའི་ཆོས་གསུངས་པའི་ཚུལ་ལོ། །དང་པོ་ལ་ཆོས་ཀྱི་རྣམ་གྲངས་གང་གསུངས་པ་དང༌། གནས་གང་དུ་ཡོན་གྱི་བདག་པོ་སུས་མཛད་པའོ། །དང་པོ་ནི། ཡུལ་དབུས་ཀྱི་ཆོས་སྡེ་གྲགས་ཆེ་བ་རྣམས་སུ་གྲྭ་སྐོར་མཛད་པའི་པོ་སྟིའི་གྲངས་ནི་བཅུ་ཁོ་ན་ཡིན་ལ། རྣམ་བཤད་མཛད་པའི་པོ་སྟིའི་ནི་བཞི་བཅུ་ཐམ་པ་ཡོད་དོ། །དེ་དག་གི་སྟེང་དུ་རྣམ་བཤད་མི་མཛད་པའི་གཞུང་ལུགས་འདུལ་བ་མདོ་རྩ་བ་དང༌། འོད་ལྡན་དང༌། ཚིག་ལེའུར་བྱས་པ་ལྔ་བཅུ་པ་དང༌། མངོན་པ་ཀུན་ལས་བཏུས་དང༌། བྱང་ཆུབ་སེམས་དཔའི་ས་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང༌། ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང༌། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་དང༌། འཕགས་པ་བརྒྱད་སྟོང་པ་དང༌། དེ་དག་གི་འགྲེལ་ཆེན་གཉིས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། དབུ་མ་རིན་པོ་ཆེའི་ཕྲེང་བ་དང༌། བཞི་བརྒྱ་པ་དང༌། དབུ་མ་སྣང་བ་དང༌། ཚད་ཆེན་དང༌། སྒྲའི་བསྟན་བཅོས་ཀ་ལཱ་པ་དང༌། སྙན་ངགས་ཀྱི་བསྟན་བཅོས་མེ་ལོང་དང༌། མཁས་པ་འཇུག་པའི་སྒོ་དང༌། ཐུབ་པའི་དགོངས་པ་གསལ་བ་ལ་སོགས་པ་མདོར་ན་གཞུང་ལུགས་དྲུག་ཅུ་ཐམ་པ་ལ་འཆད་ཉན་གྱི་སྒོ་ནས་ཡུན་རིང་དུ་གཏན་ལ་ཕབ། གཞན་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་མཛད་པ་སྟོང་ཕྲག་ཙམ་དང༌། འཕགས་པ་ཀླུ་སྒྲུབ་དང༌། ཐོགས་མེད་དང༌། ཞི་བ་ལྷའི་ལུགས་གསུམ་པོ་གང་ཡང་རུང་བའི་སྒོ་ནས་གཞན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པར་མཛད་པ་ནི་གྲངས་ལས་འདས་སོ། །མདོར་ན་དམ་པའི་ཆོས་བཤད་པའི་སྒོ་ནས་སློབ་མ་ལ་གོ་བ་བསྐྱེད་པ་ལ། བདག་ཉིད་ཆེན་པོ་འདི་ལས་མཁས་པ་གཞན་སུ་ཡང་ཡོད་པ་མ་ཡིན་ཏེ། འཆད་པ་པོ་གཞན་རྣམས་ནི་ཚིག་གི་ཕྲེང་བ་ལྟར་ལ་བརྒྱུས་པའི་སྒྲིབ་གཡོགས་ཀྱིས་བསྒྲིབས་ནས་འཆད་ལ། རྗེ་བཙུན་མཁས་པའི་དབང་པོ་འདིས་ནི། གཞུང་ལུགས་གང་འཆད་ཀྱང་ཐོག་མར་བསྡུས་དོན་གྱི་སྒོ་ནས་དོན་གྱི་མཚམས་བཅད་ཅིང༌། སྐབས་ཀྱི་དོན་ནི་འདི་ཡིན་ནོ་ཞེས་ཡིད་ལ་འབབ་ཅིང་རྣ་བར་སྙན་ལ། ཚིག་ཉུང་ཞིང༌། དོན་མང་ལ་བཟུང་སླ་བ་ཞིག་ཐོག་མར་བསྟན་ནས། དེའི་རྗེས་སུ་ཚིག་གི་འབྲུ་རེ་རེ་ནས་གཉེར་ཞིང་རྣམ་དབྱེ་མ་འདྲེས་པར་འཆད་པས་སོ། །དེའི་རྒྱུ་མཚན་གྱིས་སློབ་མ་རྣམས་བློ་སྐྱེད་གཞན་ལས་ཆེ་ཞིང༌། དེའི་སྙན་གྲགས་ལ་བརྟེན་ནས་བློ་གསལ་བའི་དོན་གཉེར་རྣམས་མ་བསྡུས་པ་ཡང་རང་གི་ངང་གིས་འཁོར་དུ་འདུ་ཞིང༌། ཉིན་ཐོག་ཐག་ཆོས་གྲྭར་བསྡད་ཀྱང་དུབ་པ་དང་སུན་པ་མེད་ཅིང་གཉིད་དང་རྨུགས་པའི་གཞན་དབང་དུ་མི་འགྲོ་བར་ཉམས་དགའ་ཡལ་ལེ་བའི་ངང་ལ་དུས་འདའ་ཞིང༌། ཆོས་གྲོལ་བའི་ཚེ་གྲོལ་དུ་ཕངས་པ་དང༌། ཆོས་གྲྭར་དང་པོར་འགྲོ་བའི་ཚེ་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་སློབ་དཔོན་གཞན་གྱི་ཆོས་ཉན་བཤད་ཀྱི་དུས་འབྱུང་བའི་གོ་སྐབས་མེད་པ་དག་འབྱུང་བར་མངོན་སུམ་གྱིས་གྲུབ་ཅིང༌། དེ་ཡང་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ལྷག་པར་ཕྱུག་པའི་རྒྱུ་མཚན་གྱིས་ཡིན་པར་ངེས་སོ། །མདོར་ན་གངས་ཅན་གྱི་མཁས་པ་རྣམས་ཀྱི་ནང་ནས། གསུང་དངོས་སུ་ཐོས་པའི་སློབ་མ་གཞུང་ལུགས་ཤེས་པའི་གྲངས་ནི་བདག་ཉིད་ཆེན་པོ་འདི་ལས་མང་བ་མེད་དོ། །དེ་དག་ལ་འདི་སྐད་ཅེས། མཁའ་ལྡིང་གིས་ནི་ཆུ་གཏེར་གྱི། །བདུད་རྩི་སྙིང་པོ་རབ་ཕྱུང་ནས། །སུམ་རྩེན་དཔག་བསམ་རྩེར་འཁོད་དེ། །ལྷ་རྣམས་ཀུན་དགར་བྱས་ཞེས་ཐོས། །རྣམ་དཔྱོད་བཤོག་རླབས་ཅན་ཞལ་གྱིས། །གསུང་རབ་རྒྱ་མཚོའི་བཅུད་ཕྱུང་ནས། །མཁས་པས་བཏེག་པའི་ཁྲིར་འདུག་སྟེ། །ས་སྟེངས་བློ་གསལ་ཀུན་དགའི་དཔལ། །གཞན་དག་གཞུང་ལུགས་གང་འཆད་ཀྱང༌། །ཚིག་གི་ཕྲེང་བ་སྟར་ལ་བརྒྱུད། །ཁྱོད་ཀྱིས་དོན་གྱི་མདོ་བཟུང་བས། །བསྟན་བཅོས་ཚིག་རྣམས་ངང་གིས་འཆར། །གཉིས་པ་ནི། དགེ་ལེགས་ཚོགས་ཀྱིས་རབ་གང་བའི། །ནོར་འཛིན་ཁོར་ཡུག་དང་བཅས་པ། །ཆུ་གཏེར་དབུས་སུ་བྱིང་བ་ན། །ཁྱབ་འཇུག་གིས་ནི་བཏེག་ཅེས་གྲགས། །བསྟན་པ་འདེགས་པའི་ཀ་ཆེན་ཡང༌། །གཏོང་ཕོད་ལུགས་བརྒྱ་ལྡན་པ་ཡི། །ས་སྐྱོང་འབྱོར་བའི་སྟེགས་ཀྱིས་ནི། །གུས་པས་བཏེག་པ་དེར་ཕྱག་བྱ། །དེ་ཡང་རྗེ་བཙུན་རྣལ་འབྱོར་གྱི། དབང་ཕྱུག་ཆེན་པོ་འདི། གཡོན་རུ་ཁྲ་འབྲུག་གི་གཙུག་ལག་ཁང་དང་ཐང་པོ་ཆེ་དང༌། དཔལ་རྩེ་ཐང་དང༌། ཕག་མོ་གྲུའི་གདན་ས་ཆེན་པོ་རྣམས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་པོའི་རྐྱེན་ནི། དབང་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་གནང་བ་དང༌། ཆེ་ས་དགོན་གསར་བ་དང༌། རྒྱལ་བཟང་རིན་རྒྱལ་ལ་སོགས་པ་རྣམས་ཀྱིས་ཕུལ་ལོ། །བསམ་ཡས་ཀྱི་གཙུག་ལག་ཁང་དུ། ཆོས་ཀྱི་འཁོར་ལོ་སྐོར་བའི་བདག་རྐྱེན་ནི། གཙོ་བོར་ལྷ་དབུ་ཚལ་བ་དང༌། གསེར་ཁང་དཔོན་འཛོམ་ལ་སོགས་པས་མཛད་དོ། །གྲ་ཐང་གི་གཙུག་ལག་ཁང་དང༌། རིགས་ལྔ་ལྷ་ཁང་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་ནི། དཔོན་བཞི་འཛོམ་ཡབ་སྲས་དང༌། དཔོན་ཆེན་དགེ་བསྙེན་གྱིས་མཛད། དཔལ་ཆུ་བོ་རི་དང༌། དྲང་སྲོང་སྲིན་པོ་རི་དང༌། ཆུ་ཤུལ་གྱི་གནས་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་ནི་ཆུ་ཤུལ་སྟོང་དཔོན་བསོད་ནམས་བཟང་པོས་མཛད། ཁྱད་པར་དུ་སྙེ་ཕུ་ཤུག་གསེབ་ནས་སྲིན་པོ་རིའི་བར་གྱི་རི་རྒྱུད་རིང་ཞིང་ཉམས་དགའ་བ་སྔོན་གྱི་ལྷ་བཙན་པོ་མངའ་བདག་རལ་པ་ཅན་དང༌། སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་པའི་ས། བོད་ཀྱི་རི་བོ་རྩེ་ལྔ་ལ་སོགས་པར་ཤིང་དང༌། ལོ་མའི་སྤྱིལ་པོ་དག་ཏུ་ལོ་གྲངས་དུ་མའི་བར་དུ་དབྱར་སྟོན་རེ་མོས་ཀྱི་བཞུགས་ཤིང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། བསྟན་བཅོས་ཀྱི་རྩོམ་པ་མང་དུ་མཛད་པའི་སྦྱིན་བདག་ནི། བསྟན་པའི་སྦྱིན་བདག་ཆེན་པོ་ཤེལ་གྲོང་པ་ཁུ་དབོན་གྱིས་མཛད། དུས་དེར། རི་བོ་རྩེ་ལྔའི་མགུལ་དུ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ། ཤནྟི་པའི་དག་ལྡན་དང་མཐུན་པར་གསུངས་པ་ན། ས་རྣམ་པ་དྲུག་ཏུ་གཡོས། མེ་ཏོག་གི་ཆར་བབ་ཙནྡན་གྱི་དྲི་བསུང་གིས་ཁྱབ་པར་མཛད་དོ། །ཡང་དུས་དེ་དང་ཉེ་བ་ཞིག་གི་ཚེ། སྙེ་ཕུ་ཤུག་གསེབ་ཏུ། མདོ་སྡུད་པའི་རྣམ་བཤད་མཛད་པ་ན། མེ་ཏོག་གི་ཆར་བབས་ཤིང༌། རྨ་རིན་ཆེན་མཆོག་གི་སྐྱེ་བ་ཡིན་པའི་ལུང་བསྟན་ཡང་དེར་རྙེད་དོ། །གཞན་ཡང་ས་ཕྱོགས་དེ་ཉིད་དུ་བཞུགས་པའི་ཚེ། རྗེ་བཙུན་ཉིད་ཀྱི་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་མང་དུ་འཁྲུངས། ཕྱིས་དགོན་པ་འདེབས་པའི་ས་ཕྱོགས་དེ་ཐུགས་ཉམས་ལ་ཤར་ནས་དེར་ཆོས་གསུང་བའི་སྣང་བ་བྱུང་བར་སྣང་ངོ་ཞེས་དུས་དེར་ཞབས་དྲུང་ན་འཁོད་པ་དག་གིས་བཤད་དོ། །རིག་བྱེད་བསྟན་བཅོས་བཞི་པོ་ནི། །རྒྱ་མཚོའི་དབུས་སུ་ལྷུང་བ་ན། །འཕྲོག་བྱེད་འཇུག་པས་བླངས་ནས་ནི། །ལྷ་རྣམས་ལ་ནི་བྱིན་ཞེས་ཐོས། །རྒྱལ་ཡུམ་མི་ཤེས་མཚོར་བྱིང་བ། །རྣམ་དཔྱོད་ལག་པས་སྟོན་ནས་ནི། །སྨྲ་མཁས་ལྕེ་བརྒྱའི་ཁྲིར་འདུག་པ། །དེ་ཚེ་བརྒྱ་བྱིན་གྱིས་ཕྱག་བྱས། །ཡང་གསང་ཕུ་ནེའུ་ཡི་ཐོག་དང༌། དེའི་ཡང་དབེན་རབ་ཏུ་མང་པོ་དག་ཏུ། སྔོན་སྦྱངས་པ་མཛད་པ་དང༌། ཕྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་ནི། སྣེའུ་བ་དཔོན་ནམ་མཁའ་བཟང་པོ་སྐུ་མཆེད་དང༌། རྐོང་པོ་ཡོན་བདག་པ་རྣམས་ཀྱིས་མཛད་དོ། །སྐབས་དེར། གསང་ཕུ་ནེའུ་ཐོག་ཏུ་ཡུམ་རྒྱས་པ་རྗེ་ཉིད་ཀྱིས་མཛད་པའི་རྣམ་བཤད་ཀྱི་སྟེང་ནས་བཤད་པ་རྒྱས་པར་མཛད་པ་ན། མེ་ཏོག་གི་ཆར་ཟླ་བ་གཅིག་གི་བར་དུ་བབས་ཏེ། ཁྱད་པར་བརྒྱ་བྱིན་གྱི་ལེའུ་ཡི་སྐབས་སུ་མེ་ཏོག་གི་ཆར་ཧ་ཅང་ཆེ་བ་དང༌། འདབ་མ་བརྒྱད་ཡོད་པ་འགའ་ཞིག་གི་ལག་པའི་མཐིལ་དུ་སླེབས་མ་ཐག་ཏུ་ཞུ་བ་དང༌། འགའ་ཞིག་གིས་དེ་མ་ཐག་ཏུ་མིད་པ་དང༌། འགའ་ཞིག་གིས་ཟ་མ་ཏོག་གི་ནང་དུ་ཡུན་རིང་དུ་བཅངས་ཀྱང་མ་ཉམས་པ་བྱུང་ངོ༌། །དུས་དེར་གཙུག་ལག་ཁང་གི་ཞིག་གསོས་བྱེད་པ་དང་ཐུགས་པས། རྗེ་ཉིད་ལ་མི་འདུན་པ་རྣམས་ན་རེ་བལྟས་ཁྱད་པར་ཅན་འདི་དག་གཙུག་ལག་ཁང་གི་ཞིག་གསོས་ཀྱི་མཐུ་ཡིན་ཏེ། སྔོན་རྭ་སྒྲེང་གི་གཙུག་ལག་ཁང་ཞིག་གསོས་བྱེད་པའི་དུས་སུ། ཡང་མེ་ཏོག་གི་ཆར་འདི་ལྟར་དུ་བབས་པ་ཤིང་བཟོ་བ་རྣམས་ལ་རྒྱུས་འདུག་གོ་ཟེར། དེ་ནས་དེ་ཉིད་ཀྱི་འབྲེལ་ཆགས་སུ་ངེས་པར་བརྟན་པའི་རྩེ་སྦྱོར་གྱི་ཐད་ཀྱི་མདོ་གསུངས་པ་ན། དབང་པོའི་གཞུའི་གུར་ཁྱིམ་རྗེ་ཉིད་ཀྱི་ཆོས་གྲྭའི་ཚད་དང་མཉམ་པར་ཕུབ་སྟེ་མེ་ཏོག་གི་ཆར་ལག་ཏུ་བཟུང་ཐུབ་པ་ཆོས་གྲྭ་དེ་ཉིད་དུ་ལྷག་པར་བབས་པས། མ་དད་པ་རྣམས་ཀྱི་ལོག་པར་རྟོག་པ་བསལ་ནས། དད་པ་ལྷག་པར་སྐྱེས་ཏེ། ཆོས་གསུང་བ་དེའི་འཕྲོ་རྣམས་རྫོགས་པར་ཉན་ཏེ། དེ་ལྟ་ན་ཡང་ལ་ལ་ན་རེ། ཆོས་གྲྭ་འདི་མཁན་ཆེན་སངས་རྒྱས་དཔལ་གྱིས་ཆོས་གསུངས་པའི་ས་ཡིན། ཁོང་ལ་མེ་ཏོག་བསྒྲུབ་པའི་ཐབས་གཅིག་ཡོད་པའི་སྐད་ཆ་འདུག་ཅེས་ཟེར། ལ་ལ་ན་རེ་འདི་འདྲ་བདུད་ཀྱི་བར་ཆད་ཡིན་པས་རིམ་གྲོ་ཆེན་པོ་བྱེད་དགོས་སོ་ཞེས་ཟེར་མོད་ཀྱི། རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག་པའི་ས་ཐོབ་པ་འདི་དག་ལ་ལྷའི་བུའི་བདུད་ཀྱིས་བར་ཆད་ཀྱི་གོ་སྐབས་ག་ལ་ཡོད། དེའི་ཕྱིར་བར་ཆད་མེད་ཀྱི་སྟེང་དུ་ལེགས་པའི་ཆ་རྣམས་གོང་འཕེལ་དུ་སོང་བ་ཐམས་ཅད་ཀྱིས་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །དེ་ལ་སོགས་པའི་སྙན་པའི་གྲགས་པ་རྣམས་ཏའི་མིང་རྒྱལ་པོ་ཆེན་པོའི་སྙན་དུ་གསན་ཏེ། ཧུ་ཐལ་རྒྱམ་ཞེས་བྱ་བ་ལ་སོགས་པའི་ཏ་བཞིན་ཆེན་པོ་རྣམས་བསྔགས་ཏེ། རྗེ་ཉིད་ལ་རྒྱའི་གནང་སྦྱིན་ཆེན་པོ་ཕེབས་སོ། །དེ་ཡང་འདི་ལྟར། བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་གསེར་སྐུ་ཁྲུ་གང་པ་གཅིག འཇམ་དཔལ་གྱིས་མཚན་ཡང་དག་པར་བརྗོད་པ་ན་བཟའ་དང་ཅེས་པ། རྣམ་པར་རྒྱལ་མའི་གསེར་གྱི་མཆོད་རྟེན་ངོ་མཚར་ཅན་གཅིག ཐང་ཞུ་ལེགས་པོ་གཅིག ལ་དུར་ཁའི་རྣམ་སྦྱར་རབ་ཚད་གཅིག སིནྡྷུ་རའི་མདོག་ཅན་གྱི་བེར་ཐུལ་གཅིག འཇར་འགའ་ཏ་ཧུན་གཅིག གཞན་གོས་ཕྱི་ནང་བརྒྱད། ཚིང་ཁྲ་སིག་གཅིག ཀརྨ་གན་དཀར་གཅིག རྟེན་ཁེབས་མ་ཎི་མ་གཅིག ཙནྡན་དཀར་པོ་ཁྲུ་གང་པ་གཅིག རྣམས་གནང་ནས། རྗེ་ཉིད་ལ་བསྟོད་བཀུར་བསྔགས་གསུམ་གྱི་ཕྲེང་བ་མཛད་ནས། བསྟན་པའི་ཁུར་ཆེན་པོ་ཁྱེར་ཤིག་ཅེས་པའི་འཇའ་ས་གནང་ངོ༌། །སྔོན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གོང་ན་བཞུགས་པའི་ཚེ། རྗེ་ཉིད་ལ་རྒྱའི་ཡུལ་དུ་མེ་ཏོག་ལྡུམ་ར་ཞེས་བྱ་བའི་ཆོས་སྡེའི་ཆོས་དཔོན་དུ་སྤྱན་འདྲེན་པ་བྱུང་ཞིང༌། དེའི་ཚེ་ཐེགས་པའི་གྲབས་མཛད་ནས་སྤྱིར་གསང་སྔགས་དང༌། ཁྱད་པར་ཡོ་གའི་གར་ཐིག་དབྱངས་གསུམ་ལ་མཁས་པར་སྦྱངས་སོ། །སྐབས་དེར་ཐུགས་ཅུང་ཟད་འགྱུར་ཏེ། སྙིང་པོའི་རྫའི་རི་ཁྲོད་དུ་བརྟག་པ་མཛད་པས། མཚན་ལམ་དུ། ཡུལ་དབུས་ཀྱི་མཐིལ་ཞིག་ན། མེ་ཏོག་ཁྲ་དིང་ངེ་བ་ཡོད་པའི་དགོན་པ། ཕྱོགས་མཐའ་དག་ནགས་ཚལ་མཚར་དུ་དངར་བས་བསྐོར་ཞིང༌། དེའི་ཕྱི་རོལ་ན་ནེའུ་སིང་སྔོན་པོས་བསྐོར་བ་ཞིག་སྣང༌། རྒྱའི་བནྡྷེ་གཅིག་ན་རེ། མེ་ཏོག་ལྡུམ་རའི་དགོན་པ་ནི་འདི་ཡིན་ཏེ། འདིར་འདུག་ཤིག་གཞན་དེ་ནི་དེ་མ་ཡིན་ནོ་ཞེས་ཟེར་བ་རྨིས། དེ་ནས་ཐུགས་འགྱུར་བ་ཡིན་ནོ་ཞེས་ཡིད་ཆེས་པའི་སློབ་དཔོན་གྱི་ཞལ་ལས་ཐོས་སོ། །ཡང་དབུ་རུ་སྟོད་ཀྱི་དགོན་པ། ལོ་དང་བྱ་ཡུལ་དུ་བཞུགས་པའི་ཚེ། འབྲི་ཁུང་སྡེ་བདག་དང༌། བྱ་ཡུལ་སྟོང་དཔོན་གྱིས་ཡོན་གྱི་བདག་པོ་མཛད་དོ། །སྔོན་བསླབས་སྦྱངས་མཛད་པའི་དུས་སུ་གྲོ་ས་དང༌། ཐང་སག་དང༌། རྒྱལ་གྱི་ལྷ་ཁང་རྣམས་སུ་བཞུགས་པའི་ཚེ། ཡོན་གྱི་བདག་པོ་ནི། ཁྲི་དཔོན་རིན་རྒྱལ་དང༌། དྲུང་ཨ་རྡོར་བ་གཉིས་ཀྱིས་གཙོ་བོར་མཛད། ཕྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ནི། གཙོ་བོར་མཁར་རྩེ་ནས་དྲུང་ཆེན་དགེ་སློང་པ་ཡབ་སྲས་ཀྱིས་དགོན་པའི་ས་དང༌། བདག་རྐྱེན་གྱི་གཞིས་ཕུལ་ཞིང༌། གཞན་ཡང་སྡེ་པ་བདུན་ཚན་དང༌། ཆོས་སྡེ་ཆེན་པོ་སོ་སོ་ནས་བདག་རྐྱེན་ལེགས་པར་བསྒྲུབས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་དོ། །དེ་དག་ལ་འདི་སྐད་ཅེས། ཡུལ་དབུས་ཡུལ་གྱི་སྨན་ལྗོངས་སུ། །ཞབས་སེན་ཞབས་ཀྱི་རི་མོ་ནི། །རྣམ་བཀྲ་རྣམ་པར་བྲིས་གྱུར་པའི། །ས་དེ་ས་ཆེན་འདི་ན་དགེ །སྔོན་ཚེ་སྔོན་གྱི་རྒྱལ་བ་ལ། །ལེགས་ཚོགས་ལེགས་སྐར་གྱིས་མ་མཐོང༌། །དུས་འདིར་དུས་གསུམ་མཁས་པ་ལ། །མི་མཁས་མི་རྣམས་ལོག་པར་བལྟ། །དེ་ཚེ་ཕུར་བུའི་བླ་མ་ནི། །མིག་སྟོང་ཅན་དེས་ཁྱོད་ཉིད་ཀྱི། །ཡོན་ཏན་ལེགས་བཤད་ལུང་མིག་ཅན། །བརྒྱ་བྱིན་གཞུ་ཡི་ཐག་པ་ལ། །རིམ་པར་བརྒྱུས་ནས་སུམ་རྩེན་གྱི། །མདུན་སའི་སྐྱེད་ཚལ་རྒྱན་དུ་ཁྱེར། །དེ་ཡི་རིན་དུ་ལྷ་རྫས་ཀྱི། །མེ་ཏོག་གསར་པ་མ་གཏོར་རམ། །ཁྱོད་ཀྱི་སྙན་གྲགས་ཨུཏྤལ་ཕྲེང༌། །ས་སྐྱོང་རྒྱལ་པོའི་རྣ་བར་ཕུལ། །དེ་ཡི་ལན་དུ་ས་སྐྱོང་གི །དཀོན་ནོར་པད་ཕྲེང་ཁྱོད་ཀྱིས་བསྣམས། །ཁྱོད་ཀྱི་ཞབས་སེན་ནོར་བུའི་མདངས། །ཡུལ་གྲུའི་རྒྱལ་ཕྲན་གཙུག་ན་འཛིན། །ཕྱོགས་ཀྱི་བུ་མོའི་རྣ་བ་ཡི། །ཆུ་གཏེར་སྙན་གྲགས་ངང་མོས་བཟུང༌། །མེ་ཏོག་གཞུ་ཅན་བུ་ཡི་ནི། །བདུད་ལས་རྣམ་པར་རྒྱལ་བ་ཁྱོད། །རྙེད་བཀུར་ཞགས་པས་མ་བཅིངས་ཀྱང༌། །སྙན་གྲགས་འོད་ཀྱིས་ཕྱོགས་བརྒྱར་དྲངས། །པ་སངས་སློབ་མ་ཕྲག་དོག་ཅན། །ཡོངས་འདུའི་བདུད་རྩི་ལ་ཆགས་ཀྱང༌། །བདུད་རྩི་བདག་པོར་འདུད་མི་བྱེད། །ལྷ་མིན་གྱིས་སྦྱར་ལེགས་བཤད་ཀྱི། །ལྷག་པར་འཚོ་བའི་ཡིད་བསྲུབས་ཅན། །ལྷ་ཡི་བླ་མའི་གསུང་འཛིན་པར། །རློམ་ཡང་ལྷ་ཡི་ལྷ་ལ་སྡང༌། །དེ་ལྟ་ན་ཡང་ཤཱཀྱ་ཡི། །བསྟན་པ་འཆི་མེད་ནོར་བུའི་ཕྲེང༌། །བཤད་སྒྲུབ་རྒྱལ་མཚན་རྩེར་འཛིན་པའི། །དཔལ་ལྡན་ཕྲིན་ལས་བཟང་པོ་ཅན། །ཁྱོད་དང་མཚུངས་པ་གཞན་མ་མཆིས། །ལྷ་མིན་གྱིས་སྦྱར་བདུད་རྩིའི་སྦྲང༌། །གང་གི་མགྲིན་པར་འཐུངས་པ་ལས། །བྱུང་བའི་ངོ་མཚར་ལྟད་མོ་ལ། །དཔལ་གྱི་མགྲིན་པ་ཅན་ཞེས་ཟེར། །བརྒྱ་བྱིན་དགྲ་བོའི་བདུད་རྩི་ནི། །རབ་འཐུངས་ཐུབ་པའི་བརྟུལ་ཞུགས་ཅན། །དེ་དག་གངས་ཅན་ལྗོངས་འདི་ན། །བསྟན་པའི་བདག་པོར་སྨྲ་བར་ཡོད། །ཨེ་མ་བློ་གསལ་གཞོན་ནུ་དག །མེ་ཏོག་གཞུ་ཅན་ཕམ་བྱེད་ཀྱིས། །བསྟན་པའི་བདུད་རྩི་འཐུང་འདོད་ན། །བརྒྱ་བྱིན་གྱིས་ནི་གུས་འདུད་པའི། །རྗེ་བཙུན་འདི་ལ་ཕྱག་བྱོས་ཤིག །ཡང་རྗེ་བཙུན་དམ་པ་འདི་ཡུལ་དབུས་ཀྱི་བདེ་བ་ཅན་ན་བཞུགས་པའི་ཚེ། སྐུ་ཚེ་ལ་བར་ཆད་འབྱུང་སྲིད་པའི་དགོངས་པ་ཐུགས་ལ་འཁྲུངས་ནས། མཁས་པའི་དབང་པོ་ཆོས་ལུང་བཀའ་བཅུ་པ་ཞེས་གྲགས་པ་དེས་ཉེ་བར་གནས་པ་མཛད་ནས། སྐུ་ཚེའི་བསྒྲུབས་པ་ཞག་བདུན་པ་གཅིག་མཛད་པར་དམ་བཅས་ནས་མཚམས་བཅད་པའི་ཞག་ལྔ་པའི་མཚན་ལམ་ན། སློབ་དཔོན་ལེགས་ལྡན་འབྱེད་ཡིན་ཟེར་བའི་པཎྜི་ཏ་སྔོ་སངས་གཅིག་བྱོན་ནས། སྟོན་པའི་སྐུ་ཙནྡན་དཀར་པོ་ལས་གྲུབ་པ་ཁྲུ་གང་པ་གྲོང་ཁྱེར་དུ་གཤེགས་པའི་རྣམ་པ་ཅན་གཅིག་དང༌། རང་རྒྱུད་ཤར་བའི་སློབ་དཔོན་གསུམ་གྱིས་བྱས་པ་ཡིན་ཟེར་བའི་བསྟན་བཅོས་ཀྱི་གླེགས་བམ་གསུམ་དང་བཅས་པ། ས་འོག་ཞིག་ནས་བསྟོན་ཏེ། རྗེ་ཉིད་ཀྱི་ཕྱག་ཏུ་གཏད་ནས། ཁྱེད་ཀྱིས་འདི་ཚགས་ཀྱིས་ལ་ཆུད་མ་ཟོས་པར་གྱིས། ཁྱེད་ཀྱི་ཚེའི་ཚད་ནི་བརྒྱད་བཅུ་ཐམ་པའོ། །ཞེས་གསུང༌། དེ་ནས་དེ་མ་ཐག་ཏུ་སྐྱོར་མོ་ལུང་གི་ཆོས་གྲྭར་ཕེབས་ནས། མཁས་པ་ཡོན་ཏན་ཁྲིས་རྗེ་བཙུན་མི་གཡོ་བའི་བསྒྲུབ་པ་མཛད་པའི་ཁང་པ་དེ་རིན་པོ་ཆེ་སངས་རྒྱས་དཔལ་གྱིས་བཞུགས་ས་བྱས་པ་དེར། བདག་ཉིད་ཆེན་པོ་འདིས་རྗེ་བཙུན་གྱི་བསྒྲུབ་པ་ཅུང་ཟད་གཅིག་མཛད་པ་ན། མཚན་ལམ་དུ་ཁང་པ་དེའི་གནས་པོ་དེ་ན་རེ། ཁྱེད་ཀྱི་སློབ་དཔོན་གྱིས་ཞལ་མཐོང་བའི་ལྷ་དེ་འདི་ན་ཡོད་པ་ཡིན་ཞེས་ཟེར་ནས། འཇའ་འོད་ཀྱི་གུར་ཁྱིམ་མཛེས་པར་ཕུབ་པ་ཞིག་བསྟན་བྱུང་བ་རྨིས། དུས་དེ་ཉིད་ནས་བཟུང་སྟེ་སྤྱིར་གསུང་རབ་ཀྱི་ཚིག་དོན་ལ་ཐོགས་པ་མེད་པའི་བློ་གྲོས་དང༌། ཁྱད་པར་དབུ་མ་རང་རྒྱུད་ཀྱི་བསྟན་བཅོས་གང་གཟིགས་ཀྱང་ཐོགས་པ་མེད་པའི་བློ་གྲོས་དང༌། ཚིག་དོན་གཉིས་ཀ་ལ་མི་ཕྱེད་པའི་དད་པ་ཐོབ་པར་ཞལ་གྱིས་བཞེས་སོ་ཞེས་ཡིད་ཆེས་པའི་སློབ་དཔོན་གྱི་གསུང་ལས་ཐོས་སོ། །ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཀྱི་དོན་གྱི་ཆ་ལ་མི་ལེགས་པ་མེད་ཀྱང༌། ཚིག་གི་ཆ་ལ་ཉེས་པ་མང་པོ་ཡོད་དོ་དེའི་འཐིང་སླང་ཅུང་ཟད་ཅུང་ཟད་མཛད་ཅིང༌། གཞན་དག་ལ་ཟུར་ཟ་བའི་ཆེད་དུ། ཀུ་རེ་དང་བཞད་གད་འགའ་ཞིག་མཛད་པའི་སྐབས་སུ། དེ་དང་མི་མཐུན་པའི་མཚན་ལམ་ཅུང་ཞིག་གཟིགས་པས། སློབ་དཔོན་དེའི་ཞབས་ལ་ལྷག་པར་དད་ཅིང༌། དེའི་གསུང་རབ་རྣམས་ལ་དགོངས་པ་འགྲེལ་བའི་བསྟན་བཅོས་ལྷག་པར་ཡང་མཛད་དོ། །དེ་དུས་ཀྱི་མཚན་ལམ་དུ་བྱུང་བ་ནི། འདི་ལྟར། དཔལ་ལྡན་ཟླ་བ་གྲགས་པ་ནི། །སྟོབས་ལྡན་རྡོ་ཡི་སེང་གེ་ཞོན། །དུ་རུ་ཁའི་དམག་བཟློག་ནས། །ཤི་བསད་མེད་པ་ངོ་མཚར་ཆེ། །དོན་དང་ཚིག་ལ་ཤིན་དུ་མཁས། །ཞེས་ཟེར་མཁན་ཞིག་བྱུང་བར་སྣང་ངོ༌། །ཞེས་ཡིད་ཆེས་པའི་སློབ་དཔོན་གྱི་གསུང་ལས་ཐོས་སོ། །ཡང་སློབ་དཔོན་སེང་གེ་བཟང་པོ་ལ་དགག་པ་ཅུང་ཟད་མཛད་པ་ན། མཚན་ལམ་དུ། ཅིག་ན་རེ། སློབ་དཔོན་སེང་གེ་བཟང་པོ་ནི་ཡུམ་འཆད་པ་ལ་ཕུལ་དུ་ཕྱིན་པ་ཡིན་ནོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་འདིའི་འགྲེལ་པ་ལ་འགྲེལ་བཤད་བྱས་སོ། །ཞེས་ཟེར་བ་ཅིག་བྱུང༌། དེ་ནས་བཟུང་སྟེ་སློབ་དཔོན་དེ་ལ་དགག་པ་མི་འཛད་ཅིང༌། སློབ་དཔོན་ཆོས་བཤེས་ལ་ཐུགས་རྩིས་སུ་མཛད་དོ། །ཡང་ཚད་མདོའི་རྣམ་བཤད་མཛད་པ་ན། བཅོམ་ལྡན་རིགས་པའི་རལ་གྲིས་ལེགས་སོ་བྱིན་པའི་མཚན་ལམ་དང༌། རྩ་བ་ཤེས་རབ་ཀྱི་ཊཱི་ཀ་མཛད་པ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིས་ལེགས་སོ་བྱིན་པའི་མཚན་ལམ་དང༌། མངོན་པར་རྟོགས་པའི་རྒྱལ་ཡུམ་དྲུག་དང་སྦྱར་བའི་མདོ་སྦྱོར་མཛད་པ་ན། སྐུ་ཚེ་ཕྱི་མ་དགའ་ལྡན་དུ་གཤེགས་པའི་མཚན་ལམ་བྱུང་ཞིང༌། རྗེ་ཉིད་ཀྱི་ཐུགས་བརྩེ་བའི་སློབ་མ་རྣམས་ལ་རང་རེ་དཔོན་སློབ་དགའ་ལྡན་དུ་འགྲོ། མཁན་ཆེན་པ་ཡང་དགའ་ལྡན་ན་བཞུགས་ཞེས་གསུང་བར་ཡིད་ཆེས་པའི་ཉེ་གནས་ཀྱི་གསུང་ལས་ཐོས་པ་དང༌། གཙང་གི་སྒེ་བ་གདོང་དུ་ཕར་ཕྱིན་གྱི་དཀའ་འགྲེལ་བརྩམས་པའི་ཚེ། མཁན་ཆེན་རིན་པོ་ཆེ་དགའ་ལྡན་གྱི་གནས་ནས་བྱོན་པ་ཡིན་གསུང་ནས། ཐུགས་དགྱེས་པོ་མཛད། དཀའ་འགྲེལ་གནས་འདིར་ཚར་བ་གྱིས་ཤིག་གསུང༌། དེ་ནས་དེའི་ཞབས་ལ་ཕྱག་བྱས། བདག་ཀྱང་དགའ་ལྡན་གནས་སུ་འགྲོ་བ་ལགས་ཞེས་ཞུས། རྗེས་ལ་ཤོག་ཅེས་གསུང་བ་སྙམ་བྱེད་པའི་མཚན་ལམ་བྱུང༌། དེའི་ཕྱི་ཉིན་ཤིན་དུ་དགྱེས། སློབ་མ་རྣམས་ལ་མང་ཇ་གནང༌། མཁན་ཆེན་རིན་པོ་ཆེའི་སྐུ་འདྲ་གསེར་ཤོག་གིས་སྤྲས་པ་ཞིག་སྒ་བ་གདོང་གི་གཙུག་ལག་ཁང་དུ་བཞེངས་སོ་ཞེས་ཡིད་ཆེས་པའི་སློབ་དཔོན་གྱི་གསུང་ལས་ཐོས་སོ། །སྤྱིར་ནི་བདག་ཉིད་ཆེན་པོ་འདིས་ནི་གུ་ནས་གསུངས་པའི་རྨི་ལམ་འབྱོངས། རྨི་ལམ་མངོན་ཤེས་དང་འདྲ་བར་ལུང་སྟོན། སློབ་མ་དག་གིས་བྱ་བ་དང་བྱ་བ་མ་ཡིན་པའི་རྣམ་དབྱེ་ཞུས་པ་ན། གྲལ་དེ་ཉིད་དུ་མནལ་གཟིམ་པ་ལྟར་བྱེད། དེ་ལས་བཞེངས་མ་ཐག་ཏུ་ལུང་སྟོན། ཡང་ཕྱི་དྲོའི་ཆོས་གསུངས་པའི་སྐབས་སུ་བབ་པ་ན། མང་པོ་ཚོགས་པའི་གྲལ་ཡིན་ཀྱང་གྲལ་དེ་ཉིད་དུ་མནལ་མཛད། དེའི་ངང་ལ་ཐུགས་དཔྱོད་དང་གཟིགས་རྟོག་མཛད། དེ་ལས་བཞེངས་མ་ཐག་ཏུ་ཆོས་དུང་བུས་ཤིག་ཅེས་གསུང་བ་ཕལ་ཆེར་མཛད་ཀྱིན་འདུག་པ་ནི་མངོན་སུམ་གྱིས་གྲུབ་བོ། །ཡང་མཁན་ཆེན་རིན་པོ་ཆེ་ལ་རྗེས་འབྲངས་གཉིས་དང་བཅས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱོན་པའི་སྣང་བ་ཤར་བའི་དུས་ཀྱི་རྗེས་འབྲངས་གཅིག་ནི་བདག་ཉིད་ཆེན་པོ་འདི་ཡིན་པར་ཀུན་ལ་གྲགས་སོ། །ཡང་རྗེ་བཙུན་རེད་མདའ་བ་མངའ་རིས་གུང་ཐང་དུ་བཞུགས་པའི་དུས་ཀྱི་མཚན་ལམ་དུ། དགའ་ལྡན་ན་རྗེ་བཙུན་བྱམས་པའི་གཡས་ཕྱོགས་ན་ཁྲི་མཐོ་བ་གསུམ་བཤམས། གཡོན་ཕྱོགས་ན་དེ་ལས་ཅུང་དམའ་བ་ཡིན་ནམ་སྙམ་པ་གསུམ་བཤམས་པ་མཐོང་ངོ༌། །དེའི་ཚེ་གཡས་ཕྱོགས་མ་དེ་མཛེས་པར་མཐོང་ནས། དེ་ལ་འབྱོན་པར་བརྩམས་པས་གཅིག་ན་རེ། ཁྲི་དེ་ལ་མཁན་ཆེན་སངས་རྒྱས་དཔལ་སློབ་དཔོན་གསུམ་འོངས། ཁྱེད་རང་དཔོན་སློབ་གསུམ་གཡོན་མ་དེ་ལ་བཞུགས། ཞེས་ཟེར་རོ། །མནལ་སད་པ་དང་ཁོ་བོ་གསུང་རབ་ཀྱི་ཚིག་དོན་དང༌། ལྟ་བའི་གོ་བ་བཟང་བར་རློམ་པ་ཡིན་ཀྱང༌། ཁོང་པ་དངོས་ལྷག་པར་འདུག་གོ་ཞེས་རྗེས་སུ་ཡི་རང་བར་མཛད་ཅིང༌། ཚོགས་ཀྱི་དབུས་སུ་དེ་སྐད་ཅེས་ཡང་ཡང་གསུངས་པར་གྲགས་སོ། །ཡང་བདག་ཉིད་ཆེན་པོ་འདི་ལ་སྔོན་གྱི་དུས་སུ་རྔོག་ལོ་ཆེན་པོའི་ཆོས་ཁྲི་ལ་བཞུགས་ནས་ཆོས་གསུངས་པ་དང༌། ཡང་དུས་འགའ་ཞིག་གི་ཚེ་ས་སྐྱ་པཎྜི་ཏའི་ཆོས་ཁྲི་ལ་བཞུགས་ནས་ཆོས་གསུངས་པའི་མནལ་ལམ་བྱུང༌། དེའི་དོན་གྱིས་རང་རེའི་ནཱ་ལེནྡྲའི་ཆོས་ཁྲི་ལ་ས་རྔོག་གཉིས་ཀྱི་སྐུ་འདྲ་བཞེངས་ན་ཆོས་འཕེལ་བའི་རྟེན་འབྲེལ་ཡོད་དོ་ཞེས་གསུངས་པ་ཡང་ཐོས་སོ། །དེ་དག་ལ་འདི་སྐད་ཅེས། འཁྲུལ་སྣང་འཁྲུལ་པའི་གཉིད་ལས་རབ་གྲོལ་བའི། །རྨི་ལམ་རྨི་བའི་མཚན་མ་ལ་བརྟེན་ནས། །དགེ་མཚན་དགེ་བའི་བློ་ལ་རབ་འཆར་བའི། །སྨྲ་མཁས་སྨྲ་བའི་དབང་པོ་དེ་འཁྲུངས་སོ། །དེ་ནས་ཉི་མ་གཙང་གི་ཕྱོགས་སུ་ལན་གསུམ་ཕེབས་པ་ལས། ལན་དང་པོ་ནི། མཁན་ཆེན་རིན་པོ་ཆེ་ཉིད་འཆད་ཉན་མཛད་པའི་ཕྱི་བཞིན་དུ་འབྲངས། སློབ་མ་བློ་གསལ་བ་རྣམས་ལ་ཟུར་ཆོས་པ་མཛད་ཅིང༌། དེའི་ཚེ་གདན་ས་ཆེན་པོ་ས་སྐྱ་དང༌། བོ་དོང་ཨེ་དང༌། བཟང་ལྡན་དང༌། ངམ་རིང་དང༌། སྣར་ཐང་དང༌། གནས་རྙིང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ་གྲྭས་སྐོར་ལ་བྱོན་ཏེ། ལན་འདེབས་པ་པོ་རྣམས་རྩོད་པས་ཟིལ་གྱིས་མནོན་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། དེའི་ཚེ་རོང་སྟོན་སྨྲ་བའི་སེང་གེ་ཞེས་པའི་མཚན་གསོལ་བ་ཐོབ་ཅིང༌། མཁན་ཆེན་པའི་སློབ་མ་ཐམས་ཅད་ཀྱིས་ཆོས་གསན་ནོ། །དེ་ནས་དཔོན་སློབ་གཉིས་ཀ་དབུས་ཕྱོགས་སུ་ཕེབས་ཤིང༌། མཁན་ཆེན་པས་སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་གྱི་དྲུང་དུ། འདུལ་མཛོད་གསན་པ་ལ་ཕེབས། དུས་དེར་བཀའ་བཅུ་པ་དར་མ་དང་རྩོད་པ་མཛད་པས་མཁན་ཆེན་པས་དཀར་ཡོལ་ཙམ་པོ་རྟག་པར་ཞལ་གྱིས་བཞེས། དར་མས་ཕྱམ་རྩེའི་སྤུ་ཉག་རེ་རེ་ནས་ཕྱམ་རྩེར་ཁས་ལེན་དགོས་པར་བྱུང་བ་དེ། ཁོང་པ་གཉིས་སོ་སོར་ཁས་ལེན་ཕམ་པའི་ཚད་ཡིན་པར་གྲགས་ཀྱང༌། མཁན་ཆེན་རིན་པོ་ཆེས་དེ་ལྟར་ཞལ་གྱིས་བཞེས་པ་དེ་རྩ་བའི་གྲུབ་མཐའ་ཡིན་པས་ཕམ་པ་མེད་དོ། །དུས་དེ་སྐབས་ནས་དཔོན་སློབ་གཉིས་ཀས་དབུས་ཕྱོགས་སུ་འཆད་ཉན་ཡུན་རིང་དུ་མཛད་ཅིང༌། རིག་ལྔ་ལྷ་ཁང་དུ་བཤད་གྲྭ་འཛུག་པ་ལ་སོགས་པའི་བསྟན་པའི་རྣམ་གཞག་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྗེ་ཉིད་ཀྱིས་དབུས་ཕྱོགས་སུ་འཆད་ཉན་རྒྱུན་སྲིང་ཞིང༌། མཁན་ཆེན་རིན་པོ་ཆེས་ས་སྐྱ་དང་གསང་ཕུ། ཡ་འབྲོག་མངོན་དགའ་རྣམས་སུ་ཆོས་ཀྱི་འཁོར་ལོ་རེ་མོས་ཀྱིས་བསྐོར་བར་མཛད་དོ། །ཡང་རྗེ་བཙུན་འདི་ཉིད་ཀྱིས་གཙང་ཕྱོགས་སུ་ལན་བར་པ་ཕེབས་པའི་ཚེ་ནི། གདན་ས་ཆེན་པོས་ཐོག་དྲངས་པའི་གཙང་སྟོད་ཀྱི་ཕྱོགས་སུ་གཙོ་བོར་བཞུགས། བླ་མ་སོ་སོ་ལ་ཆོས་ཞི་བྱེད་དང༌། གཅོད་དང༌། ནི་གུ་དང༌། ལམ་འབྲས་ལ་སོགས་པའི་ཆོས་གསན་པ་རྒྱ་ཆེ་ཞིང༌། སློབ་མའི་ཚོགས་ཤིན་དུ་མང་པོ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་རོ། །དུས་དེར་མཁས་པའི་གྲགས་པ་ཆེན་པོ་ཐོབ་ཅིང༌། སློབ་དཔོན་མཁས་པའི་དབང་པོ་རོང་སྟོན་ཞེས་བྱ་བའི་མཚན་གསོལ་ལོ། །དེའི་དུས་ཀྱི་སྦྱིན་པའི་བདག་པོ་ནི། སི་ཏུ་ལྷ་བཙན་དང༌། བདག་པོ་དཀོན་མཆོག་ལེགས་པ་དང༌། ཤར་ཁ་བ་བསོད་ནམས་དཔལ་དང༌། ཆོས་རྒྱལ་རབ་བརྟན་འཕགས་རྣམས་ཀྱིས་མཛད་ཅིང༌། གཙོ་བོར་ནི་བཞི་ཐོག་དང༌། ལྷ་ཆེན་དང༌། ཆུ་མིག་ལ་སོགས་པའི་བླ་བྲང་སོ་སོ་ནས་མཛད་དོ། །དུས་དེ་ནི་མཁན་ཆེན་རིན་པོ་ཆེ་གཞན་དོན་ལ་གཤེགས་ཟིན་པའི་དུས་ཡིན་ཅིང༌། རྗེ་ཉིད་ཀྱི་དགུང་ལོ་ལྔ་བཅུ་ཙམ་བཞེས་པའི་དུས་ཡིན་ལ། སྐབས་དེར་གཙང་ཕྱོགས་ལ་ལོ་ལྔ་ཙམ་བཞུགས་ནས་སླར་ཡང་དབུས་ལ་ཕེབས་སོ། །དེ་ནས་ལན་གསུམ་པ་རྗེ་ཉིད་ཀྱི་དགུང་ལོ་དྲུག་བཅུ་རེ་གཅིག་བཞེས་པ་ལུག་གི་ལོ་ལ། གཙང་ཕྱོགས་སུ་ཕེབས། ངུར་སྨྲིག་ནས་ལ་སྟོད་དིང་རི་གླང་སྐོར་གྱི་བར་གྱི་ཆོས་སྡེ་རྣམས་སུ་རིམ་གྱིས་ཕེབས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ། རྙེད་པ་དང་བཀུར་སྟི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པས་མི་ལང༌། རྗེ་བཙུན་དམ་པ་རྒྱ་གར་གྱི་སྤྲུལ་པ་ཡིན་པར་གྲགས། ཆོས་ཀྱི་རྗེ་རོང་སྟོན་ཆེན་པོ་ཞེས་བྱ་བའི་མཚན་གསོལ། དུས་དེར་སི་ཏུ་ལྷ་བཙན་གྱིས་སྦྱིན་པའི་བདག་པོར་ཁས་བླངས་ནས། ལ་སྟོད་དིང་རི་གླང་འཁོར་དུ་བསྟན་དུ་བཞུགས་པར་གསོལ་ཀྱང༌། མ་གནང༌། ས་སྐྱ་བཀའ་བགྲོས་པ་དང༌། བདག་ཆེན་དཀོན་མཆོག་ལེགས་པས་གདན་ས་ནས་ངམ་རིངས་ཀྱི་བར་སྟབས་གང་བདེར་གཏན་དུ་བཞུགས་པའི་གསོལ་བ་བཏབ་ཀྱང་མ་གནང༌། ཆོས་རྒྱལ་རབ་བརྟན་འཕགས་ཀྱིས་ཉང་སྟོད་ཀྱི་ཆོས་སྡེ་གསར་པར་སྐུ་ཚེ་དྲིལ་ནས་བཞུགས་པའི་གསོལ་བ་བཏབ་ཀྱང་མ་གནང༌། རིན་སྤུངས་པ་དྲུང་ནམ་མཁའ་རྒྱལ་པོ་ཡབ་སྲས་ཀྱི་བྱམས་ཆེན་གྱི་ཆོས་སྡེ་ཆེན་པོ་འདེབས་པའི་ཆོས་དཔོན་ལ་སྤྱན་དྲངས། ཞབས་བརྟན་པར་བཞུགས་པའི་གསོལ་བ་བཏབ་པས། རེ་ཤིག་བཞུགས། དགོན་པ་འདེབས་པའི་སྒྲིགས་ཙམ་མཛད། ས་བྱིན་གྱིས་བརླབས། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་ཆོས་དཔོན་དུ་ལུང་བསྟན་ནས་དབུས་ཕྱོགས་ལ་ཐེགས་སོ། །དེ་དག་ལ་འདི་སྐད་ཅེས། ས་རྔོག་གཉིས་ཀྱི་བཤད་པ་ཡི། །སྲོལ་ཆེན་མགྲིན་པ་མཐོར་བཏེག་ནས། །གཙང་ཕྱོགས་འོ་མའི་རྒྱ་མཚོ་དེར། །མཁས་པའི་གྲགས་དཀར་ཁྱོད་ཀྱིས་ཐོབ། །དབུས་གཙང་ཡུལ་དུ་ཆོས་ཀྱི་ཁྲི། །བརྒྱ་དང་རྩ་བརྒྱད་ལ་འཁོད་ནས། །མཚན་ཉིད་ཐེག་པའི་གཞུང་ཆེན་གང༌། །བཅུ་ཕྲག་དྲུག་པོ་ཁྱོད་ཀྱིས་བཤད། །དེ་དག་གིས་ནི་ཕྱི་མཚན་ཉིད་ཐེག་པའི་ཆོས་ཇི་ལྟར་གསུངས་པའི་ཚུལ་བཤད་ནས། གཉིས་པ་ནང་གསང་སྔགས་ཐེག་པའི་ཆོས་ཇི་ལྟར་གསུངས་པའི་ཚུལ་ནི། ཁྱོད་ཀྱི་རྣམ་དཔྱོད་ཆུ་འཛིན་གྱིས། །རབ་བཟུང་གསང་སྔགས་བདུད་རྩིའི་རྒྱུན། །སྐལ་ལྡན་སློབ་མའི་མཚོ་ཆེན་དུ། །ལེགས་པར་འབེབས་ལ་ཕྱག་འཚལ་ལོ། །དེ་ཡང་འདི་ལྟར། འཕན་ཡུལ་ཉན་པོའི་རིན་པོ་ཆེ་དང༌། གཉལ་ཏེ་རའི་མཁན་པོ་གཉིས་ཀྱིས་གཙོ་བྱས་པའི་སློབ་མ་སོ་སོ་ལ། དཔལ་གསང་བ་འདུས་པའི་དབང་བསྐུར་ལན་གཉིས་མཛད། གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་སྒྲོན་གསལ་དང་བཅས་པ་ལ། ཆག་ལོའི་ཊཱི་ཀ་དང་མཐུན་པའི་བཤད་པ་ཚར་གཅིག་དང༌། རྗེ་ཉིད་ཀྱིས་མཛད་པའི་ཊཱི་ཀའི་སྟེང་ནས་བཤད་པ་ཚར་གཉིས་མཛད། འཕན་ཡུལ་ཉན་པོར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསུངས་ཤིང༌། རྒྱུ་དུས་དང་ལམ་དུས་ཀྱི་དབང་རྫོགས་པར་མཛད། ཉན་པོ་རིན་པོ་ཆེ་པས་ཐོག་དྲངས་པའི་སློབ་མ་མང་པོ་ལ་རྩ་བའི་རྒྱུད་བརྟག་པ་གཉིས་པ། རྗེ་བླ་མ་དམ་པས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་གྱི་སྟེང་ནས་བཤད་པ་ཡོངས་སུ་རྫོགས་པར་མཛད་ཅིང༌། སྐབས་གཞན་དུ་རྒྱུད་གསུམ་གའི་བཤད་པ་ཡོངས་སུ་རྫོགས་པ་ཚར་གཅིག་མཛད། གྲོ་སའི་མཁན་པོ་ལ་འཆི་བདག་འཇོམས་པའི་དབང་དང༌། རྗེ་ཉིད་ཀྱིས་མཛད་པའི་ངན་སོང་སྦྱོང་རྒྱུད་ཀྱི་མངོན་པར་རྟོགས་པ་བདག་འཇུག་དང་བཅས་པའི་བཤད་པ་ལག་ལེན་དང་བཅས་པ་གནང༌། རྒྱའི་བནྡྷེ་མང་པོ་ལ་ཀུན་རིག་གི་དབང་དང༌། ངན་སོང་སྦྱོང་རྒྱུད་ཀྱི་བཤད་པ་གནང༌། གསང་ཕུ་བྲག་ནག་པའི་སློབ་མ་མང་པོ་ལ། ཡོ་ག་དེ་ཉིད་བསྡུས་པ། རྡོ་རྗེ་འབྱུང་བ་དང་བཅས་པའི་བཤད་པ་མཛད། མི་ཉག་གི་ལྟ་འབྲི་སྟོན་པ། ཤེས་རབ་རྡོ་རྗེ་ལ། འཁོར་ལོ་བདེ་མཆོག་དྲིལ་བུ་པའི་དབང་དང་གཞུང་གསུམ་གྱི་བཤད་པ་དང་བཅས་པ་གནང༌། ཆོས་ཀྱི་རྗེ་ཀརྨ་པ་མཐོང་བ་དོན་ལྡན་ལ། ཕག་མོ་གཞུང་དྲུག་གི་དབང་དང༌། གདམས་པ་ཁྱད་པར་ཅན་རྣམས་དང༌། རྣམ་འཇོམས་བིརྺ་པའི་ལུགས་ཀྱི་དབང་དང༌། མི་གཡོ་བ་བླ་མེད་ཀྱི་དབང་དང༌། གཞན་ཡང་གདམས་པ་ཁྱད་པར་ཅན་མང་དུ་གནང་ངོ༌། །གཞན་ཡང་ལྷག་པའི་ལྷ་སོ་སོའི་རྗེས་གནང་དང༌། ནཱ་རོ་དང༌། ནི་གུ་དང༌། བདེ་མཆོག་སྙན་བརྒྱུད། སྦྱོར་བ་ཡན་ལག་དྲུག་པ་དང༌། ལམ་སྐོར་ཕྱི་མ་ལ་སོགས་པ་ཡུལ་སོ་སོའི་སྒྲུབ་པ་པོ་དང༌། སྐལ་བ་དང་ལྡན་པའི་སློབ་མ་རྣམས་ལ་གནང་བ་ནི་བསམ་གྱིས་མི་ཁྱབ་ཅིང་བགྲང་བར་མི་ནུས་སོ། །དེ་དག་ལ་དེ་སྐད་ཅེས། ལ་ལ་མཁས་ཀྱང་གྲུབ་པ་མེད། །འགའ་ཞིག་གྲུབ་ཀྱང་མཁས་པ་མིན། །མཁས་དང་གྲུབ་པ་གཉིས་ཚོགས་པའི། །སྐྱེས་ཆེན་དམ་པ་འདི་འདྲ་དཀོན། །འགའ་ཞིག་འགའ་ལས་མཁས་པར་བསྒྲུབ་འདོད་ནས། །མཁས་འདི་མཁས་པ་མིན་པའི་གྲངས་སུ་འདྲེན། །གཏམ་དེ་གཏམ་དུ་བྱས་པ་ཙམ་ཉིད་ནས། །རང་གིས་རང་ཉིད་མཁས་པ་མིན་པར་བགྲངས། །གཉིས་པ་བུ་སློབ་ཇི་ལྟར་བྱུང་བའི་ཚུལ་ལ། དྲུང་ཉིད་དུ་བསླབ་སྦྱངས་མཐར་ཕྱིན་པའི་མཁས་པ་ཇི་ལྟར་བྱུང་བའི་ཚུལ་དང༌། ཆོས་འབྲེལ་ཞུས་ནས་དད་པ་ཐོབ་པའི་སློབ་མ་ཇི་ལྟར་བྱུང་བའོ། །དང་པོ་ནི། མང་དུ་གསན་པའི་ཆུ་གཏེར་དབུས་ཤིག་ན། །གདམས་པ་བདུད་རྩིའི་ཉིང་ཁུས་རབ་ངོམས་ནས། །སྟོང་ཕྲག་བློ་གསལ་ངང་པའི་ཁྱུས་བཏེག་པའི། །ངང་པའི་སྡེ་དཔོན་དེ་ལ་ཕྱག་འཚལ་ལོ། །དེ་ཡང་འདི་ལྟར། སྔ་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་ཆེན་པོ་བརྒྱད་དང༌། མཆོག་གཉིས། རྗེ་ཉིད་དང་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་གཉིས། ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་ལ་སོགས་པའོ། །དང་པོ་ནི། མདོ་སྔགས་རྒྱ་མཚོའི་དབུས་སུ་བཞུགས་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཅན། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག བཀའ་དང་བསྟན་བཅོས་འགྱུར་རོ་ཚལ་གྱིས་མགྲིན་པར་བརྒྱན་ནས། མདོ་སྔགས་ཀྱི་བསྟན་བཅོས་མང་དུ་བརྩམས་པ། སེམས་དཔའ་རླབས་པོ་ཆེ་པདྨ་བཟང་པོ། མང་དུ་གསན་ནས་དབེན་པའི་གནས་སུ་བཤད་བསྒྲུབ་སྤེལ་མར་མཛད་ཅིང༌། དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་པ་བཟད་པ་བློ་གྲོས་རྒྱ་མཚོ་དང༌། བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཐུགས་ལ་མངའ་ཞིང༌། བདག་ཉིད་ཆེན་པོ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་རྙེད་པ་སྤྱན་སྔ་ཚུལ་ཁྲིམས་དར་མ་དང་བཞིའོ། །གཉིས་པ་གངས་ཅན་གྱི་རྒྱན་རྣམ་པ་བརྒྱད་ནི། མཁྱེན་རབས་ཀྱི་དབང་ཕྱུག་དམར་ཁམས་པ་གྲགས་པ་བཟང་པོ། གྲགས་པ་དང་མཐུ་སྟོབས་ཀྱི་དབང་ཕྱུག་དགེ་བ་རྒྱལ་མཚན། ལུང་དང་རིགས་པའི་དབང་ཕྱུག་གུང་རུ་རྒྱལ་མཚན་བཟང་པོ། བརྩོན་འགྲུས་ཀྱི་དབང་ཕྱུག་རོང་ཆུང་དུ་གྲགས་པ་ཆེན་པོ་ཤེས་རབ་དཔལ་ཏེ་ཁམ་པ་མི་བཞི། འཆད་རྩོད་རྩོམ་གསུམ་གྱི་ཕ་རོལ་དུ་ཕྱིན་ཞིང༌། བདག་ཉིད་ཆེན་པོ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་རྙེད་པ། ཆོས་ལུང་པ་བཀའ་བཅུ་པར་གྲགས་པ་ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང་དང༌། མཁས་པའི་བྱ་བ་གསུམ་ལ་ཐོགས་པ་མེད་པའི་བློ་གྲོས་ཅན་རཏྣ་ཤྲཱི་བྷ་ཏྲ་དང༌། གསུང་རབ་མང་པོའི་དོན་ཐོགས་མེད་དུ་འཆད་ཤེས་པ་སྣར་ཐང་པ་ཤེས་རབ་སེང་གེ ཤེས་རབ་ཅན་བཟང་ལྡན་བཀའ་བཅུ་པར་གྲགས་པ་དང་གཙང་པ་བཞི་སྟེ་བརྒྱད་དོ། །བརྒྱད་པོ་འདི་ཐོག་མཉམ་ཞིང་དུས་དེ་ཙམ་ན། འདི་དག་གིས་གངས་ཅན་གྱི་ལྗོངས་མཛེས་པར་བྱས་སོ། །མཆོག་གཉིས་ནི། དབུས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དམར་སྟོན་རྒྱ་མཚོ་རིན་ཆེན་ཞེས་བྱ་བ་དང༌། གཙང་ནས་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་ཞེས་བྱ་བ་གཉིས་སོ། །འདི་གཉིས་ནི་ཕྲིན་ལས་ནམ་མཁའ་དང་མཉམ་ཞིང་སྐུ་ཚེ་ཧྲིལ་པོ་བཤད་བསྒྲུབ་སྤེལ་མས་དུས་འདའ་བར་བྱེད་དོ། །རྗེ་ཉིད་དང་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ་ནི། མདོ་ཁམས་སྨད་ནས་དཔལ་ལྡན་ཐོང་སེ། མདོ་ཁམས་སྟོད་ནས་སྒོམ་སྡེ་ཁྲ་ཧྲལ། གཙང་ས་སྐྱ་ནས་མདོ་སྔགས་ཀྱི་བདག་པོ་གཞོན་ནུ་སེང་གེ་རྣམས་སོ། །གསུམ་པ་ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་གཉིས་ནི། མཚུངས་པ་མེད་པའི་པཎ་ཆེན་བཞི། གསུང་བགྲོས་ཚུལ་བཞིན་དུ་འཛིན་པའི་མཁས་པ་བརྒྱད་དོ། །དང་པོ་ནི། སྣར་ཐང་ལོ་ཙཱ་བར་གྲགས་པ་པཎ་ཆེན་སཾ་གྷ་ཤྲཱི་དང༌། ཡར་རྒྱབ་དབོན་པོར་གྲགས་པ་པཎ་ཆེན་བསོད་ནམས་རྣམ་རྒྱལ་དང༌། སྤོབ་བདར་དུ་གྲགས་པ་ལོ་ཆེན་གཞོན་ནུ་དཔལ་བ་དང༌། དགས་པོ་དབོན་པོར་གྲགས་པ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་རྣམས་སོ། །གཉིས་པ་གསུང་སྒྲོས་ཚུལ་བཞིན་དུ་འཛིན་པའི་མཁས་པ་བརྒྱད་ནི། ཁམས་སུ་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ། མཁས་པའི་དབང་པོ་རིན་ཆེན་བློ་གྲོས་གཉིས། དབུས་སུ་བཟོད་ཆེན་ཕྱོགས་ལས་རྣམ་རྒྱལ་དང༌། མཁས་གྲུབ་ཆེན་པོ་དོན་ཡོད་དཔལ་གཉིས། གཙང་ཉང་སྟོང་དུ་མཁས་མཆོག་ཤེས་རབ་ལེགས་པ་དང༌། བྱང་ངམ་རིངས་སུ་མཁས་པ་ཆེན་པོ་སངས་རྒྱས་གྲུབ་གཉིས། མངའ་རིས་སྨད་དུ་བཤད་ཉན་གཙོ་བོར་མཛད་པ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་ཡུལ་ངེས་མེད་དུ་བཤད་ཉན་མཛད་པ་གཞུ་སྟོན་བསོད་ནམས་རིན་ཆེན་རྣམས་སོ། །འདི་དག་ནི་བཤད་ཉན་མཛད་པའི་རྒྱུན་རིང་བ་རྣམས་གཙོ་བོར་སྨོས་པ་ཡིན་ལ། དེ་དག་ཏུ་མ་འདུས་པའི་མཁས་པ་ཆེན་པོ་ནི་ཤིན་ཏུ་མང་སྟེ། དཔེར་ན། བཀའ་བཅུ་པ་དཀར་ནག་ཁྲ་གསུམ་དང༌། སྡེ་སྣོད་འཛིན་པ་བློ་མཆོག་དང༌། དཀར་ཤཱཀྱ་གྲགས་དང༌། གོན་གྱོ་སྦྱིན་བཟང་ལ་སོགས་པ་ལྟ་བུའོ། །ཡང་མཁས་པ་ཆེན་པོར་མ་གྱུར་ཀྱང༌། རྗེ་ཉིད་ཀྱི་དྲུང་དུ་ལེགས་པར་སྦྱངས་ནས་གསུང་ངག་ལ་བསྲེ་བསླད་མེད་པར་བཤད་པས་སློབ་མའི་སེམས་རྒྱུད་དང༌། བསྟན་པའི་རྒྱུན་ཆེས་ཤིན་ཏུ་ཕན་པའི་སློབ་དཔོན་དབུས་གཙང་ཁམས་གསུམ་ན་བཞུགས་པ་ཤིན་དུ་མང་མོད་ཅིང༌། དེ་དག་ལ་ཁོ་བོ་ལྷག་པར་དད་མོད་ཀྱང་ཧ་ཅང་མངས་པས་འབྲི་བར་མ་ནུས་སོ། །བཞི་པ་ཡང་ཚར་གྱི་སློབ་མ་གྲགས་པ་ཅན་བཞི་ནི། གསང་ཕུ་ནས་གྲྭ་སྟོན་པ་ཡོན་ཏན་རྒྱ་མཚོ། རྩེ་ཐང་ནས་ཆེན་པོ་དཔལ་འབྱོར་རྒྱ་མཚོ། ཁམས་སུ་གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་ཞེས་པ་དར་གཙང་དུ་བྱམས་ཆེན་རབ་འབྱམས་སངས་རྒྱས་འཕེལ་ཞེས་ཉི་ཟླ་ལྟར་གྲགས་པ་གཉིས་སོ། །གཉིས་པ་ཆོས་འབྲེལ་ཞུས་ནས་དད་པ་ཐོབ་པའི་བུ་ཆེན་ནི། འཛམ་གླིང་པ་ཀུན་གྱི་སྐྱབས་གནས་སུ་གྱུར་པའི་སྤྲུལ་སྐུ་ཆེན་པོ་གཅིག་ཁ་བ་ཅན་ན་འགྲན་ཟླ་དང་བྲལ་བའི་མི་ཆེན་གསུམ། གྲུབ་ཆེན་དུ་གྲགས་པ་གཉིས། དབུས་གཙང་ན་ཡོངས་སུ་གྲགས་པའི་དགེ་འདུན་གྱི་སྡེ་ཆེན་པོ་རྣམས་ཀྱི་ཆོས་དབོན་བརྒྱ་ཕྲག་གི་གྲངས་ལས་བརྒལ་བ་རྣམས་སོ། །དང་པོ་ནི། ཆོས་ཀྱི་རྗེ་སྤྲུལ་པའི་སྐུ་ཀརྨ་པ་མཐོང་བ་དོན་ལྡན་ནོ། །གཉིས་པ་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དབོན་པོ་སློབ་དཔོན་ཆེན་པོ་འཇམ་དབྱངས་པ། བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་ཞྭ་ལུ་པར་གྲགས་པ་དང༌། མཁས་གྲུབ་ཆེན་པོ་ཚུར་ཕུའི་གུ་ཤྲཱི་དང་གསུམ་མོ། །གསུམ་པ་ནི། ལྕགས་ཟམ་པ་ཞེས་ཀུན་ལ་གྲགས་པ་དང༌། གཟི་ཀུན་སྤངས་པར་གྲགས་པ་གཉིས་སོ། །གཞན་གྲུབ་ཆེན་སྦས་པའི་རྣལ་འབྱོར་དོན་ལ་བཟང་བ་ཤིན་ཏུ་མང་སྟེ་བྲི་བར་མ་ནུས་སོ། །གསུམ་པ་ནི། ཕྱོགས་ཙམ་མཚོན་ན། གསང་ཕུ་གླིང་སྟོད་ཀྱི་གདན་ས་མི་ཉག་ནས། ནམ་མཁའ་བརྟན་པའི་བར་ལྔ་བརྒྱུད་མར་བྱུང་བ་རྣམས་དང༌། གླིང་སྨད་ཀྱི་གདན་ས་བ་བརྩོན་འགྲུས་སེང་གེ་ནས་ཤེས་རབ་དཔལ་ལྡན་པའི་བར་བཞི་བརྒྱུད་མར་བྱུང་བ་དང༌། ཚལ་ཡང་དགོན་དང༌། ཆོས་འཁོར་གླིང་དང༌། བདེ་བ་ཅན་དང༌། ཟུལ་ཕུ་རྣམས་ཀྱི་གདན་ས་ཐ་ནའང་གཉིས་བརྒྱུད་བར་མ་ཆད་བྱུང་བ་རྣམས་དང༌། རི་བོ་དགེ་ལྡན་གྱི་གདན་ས་བློ་གྲོས་ཆོས་སྐྱོང་ཚུན་ཆད་གསུམ་བྱུང་བ་རྣམས་དང༌། འབྲས་སྤུང་གི་གདན་ས་དཔལ་ལྡན་སེང་གེ་ཚུན་ཆད་གསུམ་བརྒྱུད་བྱུང་བ་རྣམས་དང༌། གྲོ་སའི་མཁན་པོ་འོད་ཟེར་རྒྱལ་པོ་ཚུན་ཆད་བཞི་བརྒྱུད་དུ་བྱུང་བ་རྣམས་དང༌། རྒྱལ་ལྷ་ཁང་དང༌། གླང་ཐང་གི་སྤྱན་སྔ་འཇམ་དབྱངས་ཕུན་ཚོགས་དཔལ་བཟང་པོ་ནས་བཟུང་སྟེ་ཁུ་དབོན་བཞི་བར་མ་ཆད་པར་བྱུང་བ་རྣམས་དང༌། ལོ་དང༌། བྱ་ཡུལ་དང༌། རྒྱ་མ་རྣམས་ཀྱི་སྤྱན་སྔ་ཉིས་བརྒྱུད་བར་མ་ཆད་དུ་བྱོན་པ་དང༌། ཐེལ་རྩེ་ཐང་གི་ཆེན་པོ་རེ་རེ་ཙམ་བྱོན་པ་དང༌། ཚོགས་པ་སྡེ་བཞིའི་མཁན་པོ་མང་བ་རྣམས་ལ་བཞི་བརྒྱུད་དང༌། ཐ་ནའང་རེ་རེ་བྱོན་པ་དང༌། དཔལ་འཁོར་བདེ་ཆེན་དང༌། བྱམས་ཆེན་དང༌། སྣར་ཐང་དང༌། ངམ་རིངས་ལ་སོགས་པ་གཙང་གི་ཆོས་སྡེ་ཆེ་ཆུང་མཐའ་དག་དང༌། མངའ་རིས་སྟོད་སྨད་ཀྱི་ཆོས་སྡེ་རྣམས་དང༌། ཁྱད་པར་དུ་མདོ་ཁམས་ཀྱི་ཆོས་སྡེ་ཆེ་ཆུང་མཐའ་དག་གི་མཁན་པོ་དང༌། ཟུར་ཆེན་དང༌། སློབ་དཔོན་རྣམས་ནི་བདག་ཉིད་ཆེན་པོ་འདིའི་དངོས་སློབ་དང༌། དད་པ་ཐོབ་པའི་ཉིང་སློབ་ཏུ་མ་གྱུར་པ་གཅིག་ཀྱང་མི་སྣང་སྟེ། བརྗོད་པས་མི་ལང་ངོ༌། །ཡང་སྟོད་ནས་མངའ་བདག་རྒྱལ་པོའི་བླ་མ་ནམ་མཁའ་འོད་ཟེར་རྒྱལ་མཚན་དཔལ་བཟང་པོ། བར་ནས་དབང་གྲགས་པ་འབྱུང་གནས་ཀྱི་བླ་མ་དམར་ཁམས་པ་རྒྱལ་མཚན་འོད་ཟེར་མདོ་ཁམས་རྨད་ནས་རྒྱ་རྒྱལ་པོའི་བླ་མཆོད་གྲོ་ཤྲཱི་བསོད་ནམས་ཤེས་རབ་རྣམས་སོ། །ཡང་གངས་ཅན་ན་དབང་ཆེ་བའི་སློབ་མ་ནི། མདོ་ཁམས་ནས་གླིང་དཔོན་ཆེན། གོན་གྱོ་བླ་མ་རྒྱལ་མཚན། གཙན་ལ་རྒྱལ་བུ་སོགས་རྒྱལ་རོང་གི་སྡེ་པ་ཆེན་པོ་བཞི། ཁྲོམ་ཁྲི་དཔོན། འཕན་ཡུལ་ནས་སྡེ་པ་ཆེན་པོ་རྒྱ་བྱ་གཉིས། གོང་དཀར་བ་སྐུ་མཆེད་གཉིས། རིན་སྤུངས་པ་ནམ་མཁའ་རྒྱལ་པོ་ཡབ་སྲས་ལ་སོགས་པ་ཤིན་ཏུ་མང་སྟེ། མཚོན་པ་ཙམ་མོ། །དེ་དག་ལ་འདི་སྐད་ཅེས། བརྒྱ་བྱིན་རྣ་བའི་ཆུ་གཏེར་དུ། །རྩེ་ཞིང་དགའ་བའི་ལྷ་རྣམས་ཀྱི། །རྔ་དབྱངས་ཡིད་འོང་ངོ་མཚར་གཏམ། །རྣ་བས་མ་བླངས་ལྷ་བུ་སུ། །ས་སྟེངས་འདི་ན་ཆེ་རྣམས་ཀྱི། །རལ་པའི་ཐོར་ཅོག་རྩེར་འཛེགས་པའི། །ཞབས་སེན་ཆུ་ཤེལ་དཀར་པོའི་མདངས། །མི་ལེན་བྱིས་དང་མཁས་པ་སུ། །ཁྱོད་ཞལ་ཡོངས་འདུའི་འབབ་སྟེགས་ལས། །ལེགས་འབབ་བདུད་རྩིའི་རྒྱུན་གང་ལ། །ལྷ་མིན་རྣམས་ཀྱང་སྲེད་བྱེད་ན། །སྐལ་བཟང་ལྷ་རྣམས་སྨོས་ཅི་དགོས། །མདོར་ན་གངས་ཅན་གྱི་ལྗོངས་འདིར་སྐུ་ཚེ་དང་བཤད་ཉན་མཉམ་པར་མཛད་པས། དངོས་ཀྱི་སློབ་མའི་གྲངས་མཐའ་ཡས་པ་བྱུང་བ་ནི། བདག་ཉིད་ཆེན་པོ་འདི་དང༌། བཅོམ་ལྡན་རིགས་པའི་རལ་གྲི་དང་སློབ་དཔོན་ཕྱྭ་པ་གསུམ་ལས་ལྷག་པ་གཞན་མེད་དོ། །གསུམ་པ་རྩོད་པ་སེང་གེའི་ང་རོས་ཕྱིར་རྒོལ་གྱི་གླང་པོ་བཅོམ་པའི་ཚུལ་ནི། ལུས་མེད་གྱིས་འཕངས་མེ་ཏོག་ལྕགས་ཀྱུ་ནི། །ལ་ལའི་སྙིང་མཚོར་ཞུགས་ནས་རང་བཟོ་ཡིས། །ཤེས་རབ་ལོག་པར་ཁྲིད་པའི་གཞུང་ལུགས་ཀུན། །དྲུངས་ནས་འབྱིན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དེ་ཡང་སྤྱིར་རྩོད་པ་བྱེད་པའི་དོན་ནི། སྔ་རྒོལ་དུ་ཁས་བླངས་པའི་ཚེ་རང་གི་དམ་བཅའ་ལ་སྒྲུབ་བྱེད་ཡང་དག་འགོད། དེ་ལ་འགལ་བ་དང་མ་ངེས་པ་དང༌། མ་གྲུབ་པའི་སྐྱོན་སྤངས་པའི་སྒོ་ནས་ཚེར་མ་འབྱིན། ཕྱིར་རྒོལ་དུ་ཁས་ལེན་པའི་ཚེ། གཞན་གྱི་དམ་བཅའ་ལ་སུན་འབྱིན་ཡང་དག་བརྗོད་པ་ཡིན་ལ། དེའི་ཚེ་རྒོལ་བ་གཞན་གྱི་སྤོབས་པ་ཕྲོགས་པ་དེའི་ཚེ་རྒྱལ་བའི་ཚད་དུ་འཇོག་པ་ཡིན་པས། དེ་ལ་གཉིས་ཏེ། བསྟན་བཅོས་སུ་བཀོད་པའི་རྩོད་པ་དང༌། རྒོལ་བ་གཞན་དང་དངོས་སུ་ཐུག་པའི་རྩོད་པའོ། །དང་པོ་ལ། ཁོ་བོ་ཅག་གི་བདག་ཉིད་ཆེན་པོ་འདིས་གཞན་སུན་འབྱིན་པར་བྱེད་པའི་ཕྱོགས་སྔ་མ་ནི་གཉིས་ཏེ། ཕྱི་རོལ་པ་དང༌། ནང་པའོ། །དང་པོ་ནི། རྟོག་གེ་པ་སྡེ་ལྔ་སྟེ། དེ་སུན་འབྱིན་པར་བྱེད་པའི་རིགས་པ་ནི། བདག་ཉིད་ཆེན་པོས་དབུ་ཚད་ཀྱི་བསྟན་བཅོས་རྣམས་སུ་མི་འཇིགས་པའི་སྤོབས་པས་ལེགས་པར་བཤད་དོ། །གཉིས་པ་ལ་གཉིས་ཏེ། རྒྱ་གར་དུ་གྲགས་པ་དང༌། གངས་ཅན་དུ་གྲགས་པའོ། །དང་པོ་ནི། གྲུབ་པའི་མཐའ་སྨྲ་བ་བཞི་ལས། དང་པོ་གསུམ་གྱི་མི་འཐད་པའི་ཆ་སུན་འབྱིན་པའི་ཚུལ་ཡང་ལེགས་པར་མཁྱེན་ནས། དབུ་སེམས་ཀྱི་བསྟན་བཅོས་ཆེན་པོ་རྣམས་ཀྱི་དགོངས་འགྲེལ་མཛད་པ་དེ་དག་ཏུ་ལེགས་པར་གཏན་ལ་ཕབ་བོ། །གཉིས་པ་བོད་ཡུལ་དུ་བྱོན་པ་ལ་གྲུབ་མཐའ་འོག་མ་གསུམ་གྱི་རྣམ་བཞག་རང་ལུགས་མཐར་ཐུག་ཏུ་ཁས་ལེན་པའི་སློབ་དཔོན་དང༌། དེའི་རྗེས་སུ་འཇུག་པའི་སྡེ་ནི་སུ་ཡང་མེད་མོད། འོན་ཀྱང་གྲུབ་མཐའ་བཞིའི་རྣམ་གཞག་འཇོག་པའི་ཚུལ་ལ་མི་མཐུན་པའི་ཁྱད་པར་སྔོན་གྱི་དུས་སུ་ཅུང་ཟད་བྱུང་བ་རྣམས་དང༌། དུས་ཕྱིས་ཆེས་ཤིན་ཏུ་མི་མཐུན་པ་བྱུང་བ་ཀུན་མཁྱེན་དུ་གྲགས་པ་ཤེས་རབ་རྒྱལ་མཚན་གྱིས་བཞག་པའི་གྲུབ་པའི་མཐའ་རྣམས་དང༌། རིན་པོ་ཆེ་བློ་བཟང་གྲགས་པས་བཞག་པའི་གྲུབ་པའི་མཐའ་རྣམས་ནི་བདག་ཉིད་ཆེན་པོ་འདིའི་རིགས་པས་སུན་འབྱིན་པའི་ཡུལ་གྱི་གཙོ་བོ་ཡིན་ལ། དེ་དག་འདི་ཡི་རིགས་པས་སུན་འབྱིན་པར་མ་ནུས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཡང་འདི་ལྟར། མཁས་པའི་དབང་པོ་དོལ་པོ་པས། བདེ་བར་གཤེགས་པའི་གསུང་རབ་ཀྱི་ངེས་དོན་གྱི་མཐར་ཐུག་རྣམ་རྫུན་གྱི་ལྟ་བ་དེ་ཉིད་ཡིན་པར་ཞལ་གྱིས་བཞེས་ནས། དེའི་རྒྱབ་རྟེན་དུ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྣམས་འདྲེན་པར་མཛད་དོ། །དེ་ལ་ནི་བདག་ཉིད་ཆེན་པོས་ཁྱེད་ཀྱི་ལྟ་བ་ནི་དབུ་མར་མི་རིགས་ཏེ། སེམས་ཙམ་རྣམ་བརྫུན་གྱི་ལྟ་བ་ལས་མ་འདས་པའི་ཕྱིར་ཞེས་པའི་རིགས་པས་སུན་འབྱིན་པ་ཡིན་ལ། སློབ་དཔོན་གཞན་དག་ནི། ཇོ་ནང་པའི་གྲུབ་མཐའ་འདི་སངས་རྒྱས་པའི་གྲུབ་མཐའ་བཞི་པོ་གང་གི་ནང་ན་ཡང་མེད་དོ་ཞེས་ཟེར་བ་དེ་ནི། ཐུགས་གཟུ་བོར་མི་བཞུགས་པའོ། །དེ་ལྟ་མོད་ཀྱི་ཁོ་བོ་ཅག་གི་འདྲེན་པ་འདི་ནི། སྤྱིར་སེམས་ཙམ་གྱི་གཞུང་ལ་དད་ཅིང༌། ཁྱད་པར་ཀུན་མཁྱེན་དོལ་པོ་པས་ངོ་སྤྲོད་ནོར་བ་མ་གཏོགས་བསྒོམ་པས་ཉམས་སུ་ལེན་པའི་རིམ་པ་ལ་འཁྲུལ་པ་མེད་དོ། །ཞེས་གསུང་ཞིང་ཐུགས་མཐོང་ཤིན་ཏུ་ཆེ་བར་མཛད་དོ། །གཉིས་པ་རིན་པོ་ཆེ་བློ་བཟང་པས་ནི་སྔོན་གངས་ཅན་དུ་བྱོན་པའི་བཤད་བརྒྱུད་པ་དང༌། བསྒྲུབ་རྒྱུད་པ་མཐའ་དག་ལ་རླུང་ལྟར་གྲགས་པའི་ལྟ་བསྒོམ་གྱི་གནད་དང༌། མདོ་སྔགས་དང༌། དབུ་སེམས་ཀྱི་གྲུབ་མཐའི་རྣམ་པར་བཞག་པ་ཐམས་ཅད་འཁྲུལ་པ་ཅན་ཁོ་ན་ཤ་སྟག་ཡིན་པར་བསྒྲགས་ནས། ཁོང་རང་གི་རྟོག་གེའི་རིགས་པས་རྣམ་པར་དཔྱད་ཅིང༌། རྒྱབ་རྟེན་དུ་མི་འགྲིག་བཞིན་དུ་བསྒྲིག་པའི་ལུང་མང་པོ་དྲངས་ནས་དབུ་སེམས་དང༌། མདོ་སྔགས་ཀྱི་གྲུབ་པའི་མཐའ་སྔོན་ཆད་མ་གྲགས་པའི་རྣམ་གྲངས་ཆེས་ཤིན་དུ་མང་པོ་དག་འཇོག་པར་མཛད་དོ། །དེ་ཡང་ལྷག་པའི་ལྷས་དངོས་སུ་ལུང་བསྟན་པའི་གྲུབ་པའི་མཐའ་ཡིན་པར་ཁས་ལེན་ནོ། །དེའི་སྐབས་སུ། གངས་ཅན་གྱི་བཤད་རྒྱུད་པ་དང་སྒྲུབ་རྒྱུད་པ་དག་ཕལ་ཆེར་རང་རང་གི་རྩ་བའི་རྒྱུད་པ་ལ་ཡོད་པའི་ལྟ་བསྒོམ་སྤྱོད་འབྲས་ཀྱི་རྣམ་པར་བཞག་པ་ཐམས་ཅད་འཁྲུལ་པ་ཡིན་པར་ཁས་བླངས་ནས་ལུགས་འདིའི་རྗེས་སུ་འབྲང་བ་ལ་ཐེ་ཚོམ་ཙམ་ཡང་མེད་པར་ཞུགས་སོ། །དེའི་ཚེ་བདག་ཉིད་ཆེན་པོ་འདིས་ནི། ལུགས་དེ་ལ་སྙིང་པོ་ཅུང་ཟད་ཀྱང་མེད་པར་གཟིགས་ཤིང༌། གྲུབ་པའི་མཐའ་དེ་དག་ནི་ལྷག་པའི་ལྷ་མིན་པས་བྱིན་གྱིས་བརླབས་པར་གཟིགས་ནས། ལུང་དང་རིགས་པས་སུན་འབྱིན་པའི་བསྟན་བཅོས་མང་དུ་མཛད་ཅིང༌། སྔོན་བྱོན་པའི་གངས་ཅན་གྱི་མཁས་པ་ཆེན་པོ་རྣམས་དང༌། གྲུབ་ཆེན་རྣམས་ཀྱིས་གཤེགས་པའི་ཤུལ་དེ་ཉིད་རྨ་མེད་པར་གཟིགས་ནས། དེ་དག་གི་གཞུང་སྲོང་བར་མཛད་དོ། །དེའི་རྗེས་སུ་སྐལ་བ་དང་ལྡན་པ་འགའ་ཞིག་གིས་ཞུགས་པས་དེང་སང་གངས་ཅན་གྱི་ལྗོངས་འདིར་ཆོས་ལུགས་གཉིས་བྱུང་བར་གྱུར་ཏོ། །དེ་ལྟར་མཛད་པ་དེ་ནི་ལུགས་དེ་ལ་སྡང་བ་ཙམ་དུ་ཟད་དོ་སྙམ་ན། དེ་ཡང་མ་ཡིན་ཏེ། གངས་ཅན་འདིར་རྒྱུད་པ་རྣམ་པར་དག་པ་ལས་བྱུང་བའི་ཆོས་ལུགས་མི་འདྲ་བ་བདུན་ཙམ་ཞིག་སྣང་བ་དེ་ནི། སྔོན་གྱི་མཁས་གྲུབ་དམ་པ་རྩོད་པ་དང་བྲལ་བ་རྣམས་ཀྱིས་གཤེགས་པའི་ཤུལ་རྣམ་པར་དག་པ་ཁོ་ནར་སྣང་ལ། ལུགས་གསར་བ་འདི་ལ་ནི་ཁུངས་ཐུབ་ཀྱི་རྒྱུད་པ་མི་སྣང་ཞིང༌། གྲུབ་པའི་མཐའ་རྣམས་ལུང་རིགས་དང་འགལ་བའི་ཕྱིར། དེ་བས་ན་ལུགས་དེ་སུན་འབྱིན་པར་ནུས་པ་ནི། བདག་ཉིད་ཆེན་པོ་འདིའི་སྔ་རོལ་དུ་སུ་ཡང་བྱུང་བ་མེད་དོ། །དེ་ལ་འདི་སྐད་ཅེས། མེ་ཏོག་གཞུ་ཅན་གྱིས་བརྩོན་འགྲོ་བ་འདི། །ལུས་མེད་ཀྱིས་སྤྲུལ་ལྷ་གཞོན་གྱིས་བསླུས་ནས། །པ་སངས་སློབ་མའི་ལམ་དུ་སོང་བ་ན། །ཡིད་བསྲུབས་འཆིང་བྱེད་དྲང་སྲོང་འདི་འཁྲུངས་སོ། །གཉིས་པ་རྒོལ་བ་གཞན་དང་ཐུག་པའི་རྩོད་པ་ནི་གཉིས་ཏེ། རང་ཕྱོགས་བསྒྲུབ་པའི་ཚུལ་དང༌། གཞན་ཕྱོགས་སུན་ཕྱུང་བའི་ཚུལ་ལོ། །དང་པོ་ནི། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་ཕར་ཚད་བསྡུས་གསུམ་གྱི་རང་ལུགས་ཀྱི་གྲུབ་པའི་མཐའ་ལ་སྒྲུབ་བྱེད་ཡང་དག་བཀོད་པས། ལོ་དུ་མའི་བར་དུ་ཆོས་ཐོག་རེ་རེ་ཞིང་དགེ་འདུན་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་རྣམས་ཀྱིས་ལན་བརྒྱར་བརྩད་ཀྱང་རྒོལ་བ་འདིས་རིགས་པ་འདི་ལྟ་བུ་ཞིག་སོང་ངོ༌། །ཞེས་གཏམ་དུ་གླེང་བ་གཅིག་ཀྱང་མེད་དོ། །གཉིས་པ་ནི། ཡུལ་དབུས་ཀྱི་པོ་ཏཱ་ལར་རིན་པོ་ཆེ་བློ་བཟང་པ་དང་མཇལ། ཤེར་ཕྱིན་གྱི་ལམ་རིམ་ལས་བརྩམས་པའི་འབེལ་གཏམ་མཛད་པས། རིན་པོ་ཆེ་པས་མངོན་པར་རྟོགས་པའི་རྒྱན་ཤེར་ཕྱིན་གྱི་ལམ་རིམ་མ་ཡིན་པར་ཞལ་གྱི་བཞེས་དགོས་བྱུང་བས། སྤོབས་པ་ཕྲོགས་ལ། འོན་ཀྱང་ཐུགས་གཟུ་བས་རྗེས་སུ་ཡི་རང་བར་མཛད་ཅིང༌། གན་གོས་ལྕགས་ནག་ཡུག་གཅིག་འབུལ་བར་མཛད་དོ་ཞེས་སློབ་དཔོན་བཟད་པ་བློ་རྒྱམ་པ་གསུང་ངོ༌། །བོ་དོང་དུ་པཎ་ཆེན་བློ་བརྟན་བཞི་པ་དང་འདུལ་བའི་མ་བྱིན་ལེན་གྱི་རིན་ཐང་གི་ཚད་ལ་རྩོད་པ་བྱས་པས། ལུང་མཚུངས་མཛད་པ་ན། རྗེ་ཉིད་ཀྱིས། ཀཱ་མ་ལ་ཤི་ལས་མཛད་པའི་དོན་བརྒྱད་མའི་ལུང་དྲངས། བློ་བརྟན་པར་ཧོར་རྒྱལ་པོའི་འཇའ་སའི་ལུང་དྲང་དགོས་པ་བྱུང་བས་སྤོབས་པ་ཕྲོགས་སོ་ཞེས་དེ་དུས་ཀྱི་གྲལ་ལ་འཁོད་པའི་རྒན་པོ་དག་གསུངས། གསང་ཕུར་ལྡན་མ་བློ་རྒྱམ་དང་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ཀྱི་རྩོད་པ་བྱས་པས། ཆེན་པོ་བློ་རྒྱམ་པ་ན་རེ། ཉན་རང་འཕགས་པ་ཆོས་ཅན། ཆོས་དབྱིངས་རྟོགས་པ་ཡིན་ཏེ། ཆོས་དབྱིངས་ལ་དམིགས་པ་ཡིན་པའི་ཕྱིར་ཞེས་ཟེར། དེ་ལ་རྗེ་ཉིད་ཀྱིས། ཆོས་དབྱིངས་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཆོས་ཅན། ཞེས་གསུངས་པ་ལ། ཆེན་པོ་བས། ཐོག་མར་ཆོས་ཅན་མ་གྲུབ་ཅེས་ཟེར་ཞིང༌། རྗེས་སུ་དག་པ་ཕུལ་ཞེས་གྲལ་དེར་འཁོད་པ་རྣམས་གསུངས། ཡ་འབྲོག་གི་མངོན་དགར། བོ་དོང་པ་པཎ་ཆེན་ཆོས་རྒྱལ་དང་དབུ་མའི་རྩོད་པ་མཛད་པས། བོ་དོང་པས་ཀུན་རྫོབ་བདེན་པ་ཞེས་པའི་ཚིག་ཟུར་གྱི་བདེན་པ་དང༌། དོན་དམ་བདེན་པ་ཞེས་པའི་ཚིག་ཟུར་གྱི་བདེན་པའི་ཚིག་གཉིས་པོ་དོན་གཅིག་ལ་འདུ་བར་ཁས་ལེན་དགོས་པ་བྱུང་བས། སྤོབས་པ་བཅོམ་པ་ཡིན་ནོ་ཞེས་རྗེ་ཉིད་གསུང་ངོ༌། །ཡང་བླ་མ་རྗེ་བཙུན་པའི་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་གྱི་ནང་ནས། རྩོད་པ་ཕུལ་ཕྱིན་དར་མ་རིན་ཆེན་གསང་ཕུར་བཀའ་བཅུའི་གྲྭ་སྐོར་ལ་བྱོན་པའི་ཚེ། རྗེ་ཉིད་དང་རྩོད་པ་ཉི་མ་ལྔ་མཛད་པ་ལ། དར་མས། རིན་པོ་ཆེ་གཡག་པའི་གྲུབ་མཐའ་ལ་ཟུར་ཟ་བའི་དམ་བཅའ་བཅུ་གཉིས་བཞག རྗེ་ཉིད་ཀྱིས་རིན་པོ་ཆེ་པའི་དམ་བཅའི་རྗེས་སུ་ཞུགས་པའི་དམ་བཅའ་བཅོ་ལྔ་བཞག དེ་ནས་ཕན་ཚུན་འཕེན་ལེན་བྱས་པ་ལ། བཀའ་བཅུ་པ་དར་མས་ཉི་མ་གསུམ་པ་ལ། རྟགས་སྒྲིགས་པའི་སྒྲིགས་མཚམས་དེ། རྗེ་ཉིད་ཀྱིས་ཉི་མ་བཞི་པ་ལ་གཤགས་པས། རྟགས་ཁས་བླངས་དང་ཐལ་ཆོས་ལ་ཚད་མའི་བསལ་པ་ཞུགས་པས་གཉིས་པོ་ལ་ལན་མ་ཐེམས་པར། སྔར་གྱི་སྒྲིག་མཚམས་བརྗེད་ནས་ཁྱབ་པ་མེད་བྱས་པས། དངོས་འགལ་ལ་ལན་བཏབ། དེར་རྗེ་ཉིད་ཀྱིས་དངོས་འགལ་ལ་ལན་བཏབ་བོ་ཞེས་གསུངས་པས། གླིང་སྟོད་གདན་ས་བ་དང༌། རྩོད་ཡིག་འབྲི་མཁན་སློབ་དཔོན་དབེན་གེ་བ་ན་རེ། ཁོང་གིས་དེ་འདྲའི་ཁྱབ་པ་མ་བཅས་པས་དངོས་འགལ་དུ་མ་སོང་ཞེས་ཟེར། རྗེ་ཉིད་ཀྱི་ཞལ་ནས། ཁྱེད་ཀྱིས་མི་ཤེས་བཀའ་བཅུ་པ་ཁོང་རང་ལ་དྲིས་ཤིག་ཅེས་གསུངས་པས། བཀའ་བཅུ་པ་ན་རེ་སོང་སོང་ཞེས་གསུངས། དེའི་དུས་ཀྱི་རྩོད་གཞི་ནི། རྗེ་ཉིད་ཀྱིས་རིགས་པས་དཔྱད་པའི་ཚེ། ཚད་མ་དང་གཞལ་བྱ་དོན་དམ་དུ་མ་གྲུབ་པར་ཞལ་གྱིས་བཞེས་པ་ལས། དར་མས། དོན་དམ་དུ་ཡོད་ངེས་མེད་པར་ཐལ། དོན་དམ་དུ་ཚད་མས་དམིགས་པ་མ་གྲུབ་པའི་ཕྱིར། ཞེས་འཕངས་ནས་འཁོར་གསུམ་ཀ་སྒྲིགས་པ་ལས། རྟགས་ཀྱི་སྒྲིག་མཚམས་རིགས་པས་ཤིན་ཏུ་དཔྱད་པའི་ཚེ་ཚད་མ་དང་གཞལ་བྱ་དོན་དམ་དུ་མ་གྲུབ་པ་བུད། ཅེས་པ་ཡིན་ལ། དེ་ནས་བགྲོ་གླིང་མང་པོ་སོང་བའི་རྗེས་སུ། བདག་ཉིད་ཆེན་པོས། རིགས་པས་ཤིན་དུ་དཔྱད་པའི་ཚེ་ཚད་མ་དང་གཞལ་བྱ་དོན་དམ་དུ་གྲུབ་པར་ཐལ། དོན་དམ་དུ་ཚད་མས་དམིགས་པ་གྲུབ་པའི་ཕྱིར། ཞེས་འཕངས་པ་ལ་ཁྱབ་པ་མ་གྲུབ་ཀྱི་ལན་བཏབ་པར་རྩོད་ཡིག་ལས་བཤད་དོ། །ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གོང་ལ་ཕྱིར་ཐེགས་པའི་ཚེ། འཕན་ཡུལ་ཨཱ་ཧཱུྃ་གདོང་གི་ན་མོ་ཆེར་དགས་པོ་བཀའ་བཅུ་པ་འོད་ཟེར་སེང་གེ་དང༌། དབུ་མའི་རྩོད་པ་བྱས་པས། དགས་པོ་ན་རེ། མྱུ་གུ་དེ་བདེན་པ་གཉིས་ཆར་དུ་ཡོད་མེད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་ཡིན་ནོ་ཞེས་ཟེར། དེ་ལ། བདག་ཉིད་ཆེན་པོས། མྱུ་གུ་ཆོས་ཅན། ཀུན་རྫོབ་ཏུ་ཡོད་པར་ཐལ། ཀུན་རྫོབ་ཏུ་མེད་པ་མ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ལོ་ཞེས་གསུངས་པ་ལ། དགས་པོས་ཁྱབ་པ་མེད་དོ། །མྱུ་གུ་ལ་སོགས་པའི་ཆོས་ཅན་ཇི་སྙེད་པ་རྣམས་ཀུན་རྫོབ་ཏུ་ཡོད་པར་ཁས་ལེན་ཅིང༌། མེད་པར་ཁས་མི་ལེན་པ་དེ་ནི། རིགས་པའི་རྣམ་གཞག་མི་བྱེད་པ་དེའི་ཚེ་ཡིན་ལ། རྒོལ་ཕྱིར་རྒོལ་སོ་སོར་བཤམས་ནས་རིགས་པའི་རྣམ་གཞག་བྱེད་པ་དེའི་ཚེ་ནི། ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་མི་ལེན་པ་དེ་དབུ་མའི་ལུགས་ཡིན་གྱི། ཀུན་རྫོབ་ཏུ་ཡོད་པ་མ་ཡིན་ན་མེད་པར་ཁས་ལེན་དགོས་ཟེར་བ་ཁྱོད་ལྟ་བུའི་དབུ་མ་པ་སྲིད་པ་ཨང་ཞེས་ཁྱད་དུ་གསོད་པར་བྱེད་ཅིང༌། དུས་དེར་དཔང་པོ་ལ་ཡོད་པའི་ཐང་སག་པ་ལ་སོགས་པའི་སློབ་དཔོན་རྣམས་དགས་པོ་བཀའ་བཅུ་པ་བདེན་ནོ་ཞེས་ཁ་ཕྱོགས་པར་བྱེད་དོ། །དེ་ལ་བདག་ཉིད་ཆེན་པོས། ཀུན་རྫོབ་ཏུ་མེད་པ་ཡིན་ན་ཡོད་པའི་ཁྱབ་པ་ཆོས་ཅན། མེད་པ་མིན་པར་ཐལ། ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར། ཞེས་འཕངས་པས་ཐམས་ཅད་ཀྱི་སྤོབས་པ་མེད་པར་བྱས་སོ། །ཡང་བདག་ཉིད་ཆེན་པོ་འདི་ཤར་ཁ་བ་རབ་བརྟན་འཕགས་ཀྱིས་དགོན་གསར་དུ་སྤྱན་དྲངས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དབུ་མའི་རིགས་པས་ཤིན་དུ་རྣམ་པར་དཔྱོད་པ་ན། དོན་དམ་པའི་བདེན་པ་མཐའ་དག་བརྫུན་པ་དང་བསླུ་བ་ཡིན་པར་ཞལ་གྱིས་བཞེས། དེ་ལ་ལྕང་ར་ཆོས་སྡེའི་མཁན་པོ་དགེ་ལེགས་དཔལ་མ་བཟོད་ནས། མི་བསྲུན་པའི་ཚིག་ངན་མང་པོ་འདོན་ཅིང༌། རྩོད་པ་བྱེད་དོ་ཞེས་ལན་དུ་མར་བསྒྲགས་ཀྱང༌། བདག་ཉིད་ཆེན་པོས་དངོས་སུ་མ་བརྩད་ཅིང༌། སློབ་མ་ཐུན་མོང་བ་རྣམས་ལ་ཕྲིན་དུ་སྤྲིངས་པ་ནི། འོ་ན་ཁྱེད་རང་དཔོན་སློབ་འཁོར་དང་བཅས་པས་ཤིན་ལྐོག་ལ་དཔྱོད་པའི་ཚེ། དཔྱད་པ་གསུམ་གྱིས་དག་པའི་ལུང་དུ་ཁས་ལེན་པ། སློབ་དཔོན་ཟླ་བས་མཛད་པའི་རིགས་པ་དྲུག་བཅུ་པའི་འགྲེལ་པ་ལས། མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཅེ་ན། དེ་དེ་བཞིན་ཏེ། ཞེས་གསུངས་པ་དེ་ཇི་ལྟར་ཡིན་སྤྲིངས་པས། སྤོབས་པ་མ་ལུས་པ་བཅོམ་ནས། ལུང་དང་རིགས་པའི་སྒོ་ནས་རྩོད་པའི་ནུས་པ་མེད་ཀྱང༌། ཚིག་ངན་གྱི་རྔ་སྒྲ་ཆེན་པོ་མི་ཟད་པའི་སྤྲིངས་ཡིག་ཕྱོགས་ཀུན་དུ་བསྒྲགས་པས། ཁོང་རང་ཉིད་སྐྱེས་བུ་དམ་པ་མིན་པའི་གྲངས་སུ་ལེགས་པར་གྲངས་སོ། །དེ་དག་ལ་འདི་སྐད་ཅེས། མགྲིན་བཅུ་ཡིས་ནི་འཛམ་གླིང་གི །མི་རྣམས་མ་རུངས་བྱེད་པ་ན། །སྲིད་བསྒྲུབ་ཀྱིས་ནི་མཐར་བྱེད་ཀྱི། །མཆེ་བའི་ཁྱིམ་དུ་བསྙལ་ཞེས་གྲགས། །ལྷ་ཡི་བླ་མས་སྦྱར་བ་ཡི། །བསྟན་བཅོས་ལས་བྱུང་འཁྲུལ་འཁོར་གྱིས། །མཁའ་ལྡིང་གིས་བྱིན་ཟས་ཅན་རྣམས། །ལྷ་མིན་དམག་ལས་རྒྱལ་ཞེས་ཐོས། །ཉག་ཕྲན་བདག་པོའི་ཡིད་མཚོ་ལས། །ལེགས་ཕྱུང་བརྫུན་གྱི་འབབ་སྟེགས་ཅན། །མི་བསྲུན་སྐྱེ་བོའི་ཁར་འཕྱང་བའི། །གྲུབ་མཐའི་ཟོལ་ཅན་སྨིག་རྒྱུ་ཡི། །ཆུ་ཀླུང་མང་པོའི་འབབ་ངོགས་སུ། །སྐལ་བ་མེད་རྣམས་སྔ་པར་འགྱུར། །བྱེད་པོས་རྒྱ་མཚོ་ནས་ཕྱུང་བའི། །འཆི་བྱེད་དང་ནི་འཆི་མེད་ཀྱི། །བུམ་པ་གཉིས་པོ་སྦྱིན་མ་དང༌། །བུམ་སྦྱིན་སྐྱེས་ཀྱི་སྐལ་བས་ཐོབ། །ཕྲག་དོན་ཚ་ཟེར་ནུབ་པ་ལ། །རྣམ་དཔྱོད་ཀུན་གསལ་དཔལ་མོ་ཡི། །ཡོན་ཏན་རྒྱུ་སྐར་དོ་ཤལ་རྣམས། །ལྷག་པར་གསལ་བ་མ་ཡིན་ནམ། །བདེ་འབྱུང་གཙུག་ན་འཁོད་གྱུར་ཀྱང༌། །ཉི་མའི་འོད་དང་ཉེ་བ་ན། །ཆ་ཤས་ཉམས་པར་གྱུར་མཐོང་ནས། །ཁྱོད་ཀྱིས་ཕྲག་དོག་ལམ་ལས་བྱོལ། །རེས་འགའ་ལུང་དང་རིགས་པ་ཡི། །སེང་གེའི་གདོང་དང་དུས་ཀྱི་མེས། །མི་བསྲུན་ཕྱིར་རྒོལ་ཕྲག་དོག་གིས། །འོད་ཟེར་ཉམས་པར་མཛད་པ་མཐོང༌། །གསུམ་པ་རྩོམ་པ་ནོར་བུའི་དོ་ཤལ་གྱིས་ཁང་བཟངས་ཇི་ལྟར་བརྒྱན་པའི་ཚུལ་ནི། གཞན་ལ་མ་གྲགས་ལེགས་བཤད་གསར་པ་ཡིས། །ཐུབ་བསྟན་ཁང་བཟངས་མཛེས་པའི་ངོ་མཚར་ནི། །མཁས་པར་མཁྱེན་པའི་མཛད་པར་ལེགས་གཟིགས་ནས། །བསྟན་བཅོས་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ཡང་འདི་ལྟར། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པའི་རྣམ་བཤད་རྒྱས་བསྡུས་གཉིས་དང༌། ས་ལུ་ལྗངས་པའི་མདོ་དང༌། ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་དང༌། རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོའི་འགྲེལ་པ་དང༌། གསང་བ་འདུས་པའི་རྒྱུད་འགྲེལ་ཆེན་སྒྲོན་མ་གསལ་བ་དང་བཅས་པའི་རྒྱ་ཆེར་འགྲེལ་དང༌། རྗེ་བཙུན་བྱམས་པའི་ཆོས་ལྔ་དང༌། དབུ་མ་རིགས་པའི་ཚོགས་ལྔ། བཤེས་པའི་ཕྲིན་ཡིག དབུ་མ་ལ་འཇུག་པ། དབུ་མ་རྒྱན། བདེན་གཉིས། ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་ཊཱི་ཀ་ཤིན་དུ་རྒྱས་པ་དང༌། འདུལ་བ་ཚིག་ལེ་འུར་བྱས་པ་མེ་ཏོག་ཕྲེང་རྒྱུད་དང༌། ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་རྒྱས་པ་དང༌། བརྒྱད་སྟོང་དོན་བསྡུ་དང༌། ཚད་མའི་མདོ་དང༌། ཚད་མ་སྡེ་བདུན་རིགས་པའི་གཏེར་དང་བཅས་པ་རྣམས་ཀྱི་རྣམ་བཤད་རྒྱས་པ་དང༌། དབུ་མ་ཆོས་དབྱིངས་བསྟོད་པ། དབུ་མ་རྟེན་འབྲེལ་སྙིང་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་སྒྲོན་མེ། ཀླུ་གྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ། སྒྲ་གཅན་འཛིན་གྱིས་མཛད་པའི་ཡུམ་ཤེར་ཕྱིན་ལ་བསྟོད་པ་སྟེ། མདོར་ན་གཞུང་ལུགས་ཆེན་པོ་བཞི་བཅུ་ཞེ་གཅིག་གི་རྣམ་བཤད་མཛད་དོ། །གཞན་ཡང་རྒྱན་དང་ཡུམ་དྲུག་སྦྱར་བའི་མདོ་སྦྱོར། མངོན་པར་རྟོགས་པའི་རྒྱན་གྱི་ལམ་རིམ་ཆེན་མོ། རྒྱན་གྱི་དཀའ་འགྲེལ་རྒྱས་པ། འབྲེལ་སྒྲིག་ཆེ་ཆུང༌། སྦྱོར་ཊཱིཀ་དང་ཐལ་ཕྲེང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་དཀའ་འགྲེལ། དོན་བདུན་བཅུའི་བཤད་པ་ཆེ་ཆུང་གཉིས། དབུ་མ་རིགས་ཚོགས་ཀྱི་སྤྱི་དོན་ཆེ་ཆུང་གཉིས། ཚད་མ་སྡེ་བདུན་གྱི་དོན་སྔ་ཕྱིར་མཛད་པ་སྡེ་བདུན་རྒྱན་ཞེས་བྱ་བ་དང༌། སྡེ་བདུན་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་དང༌། ནང་པའི་གྲུབ་མཐའ་སྨྲ་བ་དང་པོ་གསུམ་གྱི་རྣམ་བཞག་རྒྱས་པར་ཕྱེ་བ་དང༌། ཡོ་ག་རྣལ་འབྱོར་རྒྱུད་ཀྱི་ཆོས་འབྱུང་རྒྱས་པ་དང༌། ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་ལག་ལེན་གྱི་ཆོ་ག་རྒྱུད་དོན་སྣང་བ་ཞེས་བྱ་བ་དང༌། སྐྱེད་རྫོགས་སྤྱིའི་རྣམ་པར་བཞག་པ་རིམ་པ་གཉིས་ཀྱི་གསལ་བྱེད་ཅེས་བྱ་བ་དང༌། གཞན་ཡང་བསྟོད་པའི་ཚོགས་གྲངས་ཀྱི་བགྲང་བར་མི་ནུས་པ་དག་མཛད་དོ། །རྩོམ་པའི་ཚོགས་འདི་དག་ནི་དགུང་ལོ་ཉེར་གཉིས་བཞེས་པ་ནས་བཟུང་སྟེ། དྲུག་ཅུ་རེ་དྲུག་ཕན་ཆད་དུ་རྫོགས་ཟིན་པ་ཡིན་ལ། དེ་ནས་དགུང་ལོ་བརྒྱད་ཅུ་ནམ་བཞེས་ཀྱི་བར་དུ། ཉིན་པར་ཆོས་གསུངས་པ་དང༌། མཚན་མོ་བསྒྲུབ་པ་རྩེ་གཅིག་པ་ཁོ་ན་མཛད་པའི་དམ་བཅའ་བརྟན་པོ་མཛད་དེ། བསྟོད་པ་རེ་ཙམ་མ་གཏོགས་པ་བསྟན་བཅོས་ཀྱི་རྩོམ་པ་མ་མཛད་དོ། །དེ་ནས་དགུང་ལོ་དྲུག་ཅུ་རེ་དགུ་བཞེས་པ། ཤིང་མོ་ཡོས་ཀྱི་ལོ་ལ་སྐྱི་སྨད་རི་བོ་རྩེ་ལྔའི་མགུལ་ན་སློབ་མའི་ཚོགས་མང་པོ་དང་བཅས་ཏེ་བཞུགས་པའི་ཚེ། མཚན་ལམ་དུ་རྗེ་ཉིད་ཀྱིས་བཏབ་པའི་དགོན་པ་ཡིན་ཟེར་བ་གཅིག་ཏུ། ཆོས་དུང་ལན་བདུན་བུས་པས་དགེ་འདུན་སྟོང་རྭ་ཅན་ཙམ་འདུས་པའི་མཚན་ལམ་བྱུང་ཞིང༌། དེའི་ཚེ་འཕན་ཡུལ་གྲོ་སའི་མཁན་པོས། རྗེ་བཙུན་དམ་པ་འདི་ཉིད་གྲོ་ས་པའི་བུ་སློབ་བླ་ན་མེད་པ་ཡིན་པས། དགོན་པ་ཕྱག་ཏུ་འབུལ་བར་བསམ་ནས། ཐོག་མར་སྤྱན་དྲངས་སོ། །དེ་ནས་རིམ་གྱིས་འཕན་ཡུལ་གྱི་ཆོས་སྡེ་ཆེན་པོ་ཐམས་ཅད་ཀྱི་སྤྱན་དྲངས། ལུང་པ་འདིར་ཆོས་སྡེ་ཆེན་པོ་གསར་དུ་གཙུག་ནས་ཞབས་བརྟན་པར་བཞུགས་དགོས་སོ་ཞེས་པའི་ཞུ་བ་ནན་གྱིས་ཕུལ། ཞལ་གྱིས་ཀྱང་བཞེས། སྡེ་པ་སོ་སོས་རང་རང་གི་འདོད་པ་དང་བསྟུན་པའི་སའི་དམིགས་རེ་རེ་ཕུལ་ཡང༌། རྟེན་འབྲེལ་ཇི་ལྟ་བ་བཞིན་དུ་མ་འགྲིག དེའི་ཚེ་མཁར་རྩེ་བ་དྲུང་དགེ་སློབ་པས་དགོན་པ་འདེབས་པའི་ས་ཕྱོགས་ནི་གོལ་མ་ཞེས་བྱ་བའི་ལུང་པ་དབེན་ཞིང༌། ཡངས་ལ་ཉམས་དགའ་བ། ལུང་པ་དེའི་ནང་ན་སྔོན་རྗེ་བཙུན་དམ་པ་རྒྱ་གར་གྱི་བྲག་ཆེན་བཅུ་གསུམ་གྱི་ནང་ཚན་ཡིན་ནམ་ཡང་ཟེར་བའི་བྲག་དཀར་ཤར་ནུབ་ཅེས་བྱ་བ་ཡོད། དེ་གཉིས་ཀྱི་དབུས་ན་ཞི་བྱེད་ཀྱི་ཆོས་ལུགས་འཛིན་པའི་སྒོམ་ཆེན་པ་རོང་པོ་ཆོས་བཟང༌། ཞེས་བྱ་བས་བཏབ་པའི་དགོན་པ་བྱུང་ཟེར། དེ་དང་སྐད་ཐོས་ཀྱི་ས་ན། སྔོན་རྨ་རིན་ཆེན་མཆོག་ཅེས་བྱ་བའི་དགོན་པ་བྱུང་ཟེར། དེ་ལྟ་བུའི་ས་ཕྱོགས་དེ་བཞེད་པར་འདུག་ན་འབུལ་ལོ་ཞེས་ཞུས་པས། ཐུགས་ཤིན་དུ་དགྱེས། སྔོན་གྱི་ཐུགས་ཀྱི་བག་ཆགས་སད། ད་ལྟ་རང་འགྲོ་གསུང༌། ཤིང་མོ་ཡོས་ཀྱི་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་ས་ཆའི་གཟིགས་རྟོག་ལ་ཕེབས། གོལ་མ་ཞེས་བྱ་བའི་ལུང་པ་དེའི་དབུས་དྲང་པོ་ན་ནེའུ་གསིང་ཡིད་དུ་འོང་བ། ཆུ་མིག་མང་པོས་རྣམ་པར་བརྒྱན་པ། དེའི་དབུས་དྲང་པོ་ན་ས་ཅུང་ཟད་སྐམ་པ། འབུར་དུ་དོད་པ། དུང་དཀར་པོ་གཡས་སུ་འཁྱིལ་བའི་རྣམ་པ་ཅན་ཞིག་སྣང་ངོ༌། །དེར་རྗེ་ཉིད་ཀྱིས་ཕྱག་འཁར་གྱིས་གཙུག་ནས་འཁྱིལ་གྱི་ཐད་དེར་འདིར་ཆོས་ཁྲི་མཛད་དོ་གསུང་གིན་ཡོད་པའི་ཚེ། དེའི་ཕུ་ན་རྒྱུན་དུ་ཡོད་པའི་སྒོམ་ཆེན་པ་རྡོ་རྗེ་བཀྲ་ཤིས་ཞེས་བྱ་བ། ཤིན་དུ་བཟང་པོ་ཞིག་ཡོད་པ་དེས། ནས་དང༌། འབྲས་དང༌། དོ་ལོ་དང༌། སྔོ་ནེ་དང༌། གཞན་ཡང་རིན་པོ་ཆེ་སྣ་ལྔ་བདར་བའི་ཕྱེ་མ་འདྲེས་ཡོད་དོ་ཟེར་བའི་སྡེར་མ་གང་ཕུལ། ན་ནིང་ཁོ་བོའི་རྨི་ལམ་ན། ལུང་པ་འདི་ཐམས་ཅད་མེ་ཏོག་གིས་གང་བར་རྨིས། མདང་གསུམ་གྱི་རྨི་ལམ་ན་ད་ལྟ་ཕྱག་འཁར་གཙུག་པའི་ཐད་འདི་ན། བྱ་རྒོད་སྤུངས་པའི་རི་ཡིན་ཟེར་བའི་ཆོས་ཁྲི་གཅིག་འདུག དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་མེ་ཏོག་འཐོར་བ་རྨི་ལགས་ཟེར་བ་ཞུས་པས། ཁྱེད་ཀྱི་མིང་ལ་ཅི་ཟེར། རྡོ་རྗེ་བཀྲ་ཤིས་ཟེར་བ་ལགས་ཞུས་པས། རྟེན་འབྲེལ་བཟང་གསུངས། འབྲུ་དང་རིན་པོ་ཆེ་རྣམས་ཕྱོགས་བཅུར་འཐོར་བ་མཛད། བཀྲ་ཤིས་པར་གྱུར་ཅིག་ཅེས་གསུངས། ཡང་ས་ཕྱོགས་དེ་ན་གཞི་ལ་འཁོད་པའི་ཁམས་རུ་རྒན་པོ་ཞིག་གིས། ཇ་སྡེར་མ་གང༌། ཞོ་རྫ་མ་གང་ཕུལ་ནས། བྱིན་རླབས་ཞུས་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་གསུངས། ཐར་པ་ཞེས་ཟེར་བ་ལགས་ཞེས་ཞུས་པས། རྟེན་འབྲེལ་བཟང་ཞེས་གསུངས་ཞིང་ཇ་དང་ཞོ་བསྲེས་ནས་ཕྱོགས་བཅུར་གཏོར་བར་མཛད། བཀྲ་ཤིས་པར་གྱུར་ཅིག་ཅེས་གསུངས་ཞིང་གཙུག་ལག་ཁང་དང་བླ་བྲང་གི་སའི་ཐིག་གདབ། དགོན་པའི་མིང་ནི་ནཱ་ལེནྡྲའོ་ཞེས་གསུངས། དེའི་དགུན་དང་དཔྱིད། ལོ་པ་དང༌། བྱ་ཡུལ་བས་སྤྱན་དྲངས། མེ་ཕོ་འབྲུག་གི་ལོའི་དབྱར་དགོན་པའི་རྨང་བཏིང༌། བྲང་ཁང་བརྒྱ་དང་སུམ་ཅུ་རྩ་བདུན་ཐེབས། དེ་ནས་བཟུང་སྟེ་དབྱར་ཆོས་དང༌། དགུ་ཆོས་ཀྱི་སྒྲིགས་དང༌། རྣམ་པར་བཞག་པ་གསང་ཕུ་ནེའུའི་ཐོག་ན་ཇི་ལྟར་ཡོད་པ་བཞིན་ཕྱག་ལེན་དུ་བཞེས་ཏེ། ལོ་བཅུ་བཞིའི་བར་དུ་ཞབས་བརྟན་པར་གདན་ཆགས་སོ། །དུས་དེ་དག་ཏུ་གཞན་དོན་ཕྲིན་ལས་ལེགས་པར་རྒྱས་ཤིང་མཐར་ཕྱིན། ཕྱོགས་ཀྱི་བུ་སློབ་ཐམས་ཅད་ལེགས་པར་འདུས། ཕྱོགས་ཀྱི་མི་ཆེ་དགུ་མཐའ་དག་གིས་འབུལ་བ་དང༌། ཞེས་བྱས། རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་སོང༌། རྗེ་ཉིད་ཀྱི་ཐུགས་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་མང་པོ་གོང་འཕེལ་དུ་འཁྲུངས་སོ། །དེ་ཡང་འདི་ལྟར། ཆོས་རྗེ་ཀརྨཱ་པས། ཇ་སིགས་སུམ་ཅུ། ཁལ་གྱི་མཛོ་སྒ་སྟན་དང་བཅས་པ་དང་བརྒྱ་འབུལ་ཆེན་པོ་མཛད། རྒྱ་ནག་གི་རྒྱལ་པོས་དུ་གང་བཀྲ་ཤིས་སེང་གེ་བརྫངས་ནས་གོས་ཕྱི་ནང་ཆ་ལྔ་དང༌། ཇ་སིགས་ལྔ་ལ་སོགས་པའི་བརྒྱ་འབུལ་ཆེན་པོ་བྱུང༌། སྣེ་གདོང་ནས་དབང་གྲགས་པ་འབྱུང་གནས་ཀྱི། དྲུང་དུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་བཀུར་བསྔགས་གསུམ་དང༌། དགེ་འདུན་ཚོགས་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་དང༌། དགོན་པའི་གཞི་རྐྱེན་གཙུགས། དྲུང་ནོར་བཟངས་པ་སྐུ་མཆེད་ཕེབས་ནས། རྣམ་གཞག་རྒྱ་ཆེན་པོ་མཛད་ནས་དགོན་པའི་གཞི་རྐྱེན་ཕུལ། གླིང་སྟོད་སྨད་བར་གསུམ་གྱི་དཔོན་ཆེན་དང༌། ཁྲོམ་ཁྲི་དཔོན་དང༌། གཙན་ལ་རྒྱལ་པོ་སོགས་རྒྱལ་རོང་གི་སྡེ་པ་བཞིའི་ཞལ་ངོ་རྣམས་དང༌། མོན་གྱི་རྒྱལ་པོ་སོགས་བྱོན་ནས། གདམས་པ་དང་བྱིན་རླབས་ཞུས། ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་འབུལ་བ་བྱས། ས་སྐྱ་ནས་བདག་ཆེན་འཇམ་དབྱངས་པ་ཕེབས་བསྙེན་པར་རྫོགས་པའི་མཁན་པོ་ཞུས། དེའི་གཅུང་བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་ཕེབས། རྗེ་ཉིད་ཀྱིས་བདག་པོ་ལ་བསུ་བ་མཛད་པའི་དུས་སུ། བདག་པོས་རྗེ་ཉིད་གུར་གྱི་མགོན་པོའི་སྐུར་གཟིགས། མི་གཡོ་བ་དཀར་པོའི་རྗེས་གནང་མཛད་པའི་དུས་སུ། མི་གཡོ་བ་སྔོན་པོ་སྦྲུལ་གྱི་སྐེ་རགས་ཅན་གཅིག་ཏུ་གཟིགས། ཡང་ལོ་དགོན་པ་ནས་སྤྱན་སྔ་ཚུལ་ཁྲིམས་དར་མ་མཇལ་དུ་ཕེབས། བཀྲ་ཤིས་ཁྲ་རིངས་བརྐྱངས། དགེ་འདུན་ཚོགས་པས་བསུ་བ་མཛད། མེ་ཏོག་གི་ཆར་ཆེན་པོ་བབས། དུས་དེར་སྤྱན་སྔ་བས་རྗེ་ཉིད་ཀྱི་ཞབས་ཀྱི་མཐིལ་སོར་བཞི་ཙམ་ས་ལ་མི་རེག་པར་བྱོན་གྱིན་འདུག་པ་མཐོང༌། ཡང་གུང་རུ་རྒྱལ་མཚན་བཟང་པོ་མཇལ་དུ་བྱོན་པའི་ཚེ། ཕྱིར་མི་ལྡོག་པའི་རྟགས་ལས་བརྩམས་པའི་དྲི་བ་བྱས་པས། ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱུང་གསུངས་ཞིང༌། དུས་དེར། གོ་བོ་དང༌། ར་དམར་བ་ཆུ་འདྲེན་པའི་ཡུར་བ་ལ་མི་འཆམ་པའི་འཁྲུག་པ་ཆེན་པོ་འོང་གྲབས་འདུག་པ་ལ། རྗེ་ཉིད་ཀྱི་གཟིམ་ཁང་གི་སྟེང་ནས་ཕཊ་ཅེས་གསུངས་པས་འཁྲུག་པ་རང་ཞི་ལ་སོང་ཞེས་སློབ་དཔོན་རྒྱལ་བཟངས་པ་གསུང་ངོ༌། །ཡང་མཁན་ཆེན་པདྨ་བཟང་པོ་མཇལ་བ་དང༌། ཁོང་པ་ཉིད་ཀྱིས་མཛད་པའི་དུས་འཁོར་ཊཱིཀ་ཆེན་གྱི་རབ་གནས་ཞུ་བ་ལ་བྱོན་པའི་དུས་སུ། དགེ་འདུན་ཚོགས་པས་བསུ་བ་མཛད། མེ་ཏོག་གི་ཆར་བབས། རྗེའི་ཞལ་ནས། མཁན་ཆེན་པ་ཁྱེད་ཀྱིས་བྱས་པའི་ཊཱི་ཀ་ལ་ནོར་པ་གསུམ་ཡོད་ཅེས་གསུངས། དེ་གང་ཡིན་ཞུས་པས་ཅི་ཡང་མི་གསུང་མོད། ང་རང་གི་བློ་ལ་མི་བདེ་བ་གསུམ་ཡོད་པ་དང་མཐུན་པར་བྱུང་བས། རྗེ་ཉིད་ལ་མངོན་ཤེས་མངའ་བ་ལ་རྩོད་པ་མེད་ཅེས་གསུངས། ཡང་ཁམས་ནས་སློབ་དཔོན་རིན་ཆེན་བློ་གྲོས་རྗེ་ཉིད་མཇལ་བ་ལ་ཕེབས་པའི་ཚེ། རྗེའི་ཞལ་ནས་ཁྱེད་ཀྱིས་ཇ་གང་བཟང་བ་ཐམས་ཅད་ངེད་ལ་ཕུལ་གཅིག དཀར་ཡོལ་ཕྱི་ནག་ལ་ནང་དཀར་བ་དེ་ཡང་ཕུལ་ཅིག་ཅེས་གསུང༌། བདག་ལོ་གསུམ་དབུས་གཙང་དུ་ཆོས་སྔར་མ་ཐོབ་པ་རྣམས་ཉན་པ་ལ་འོངས་པ་ཡིན་པས། ཇ་བཟང་པོ་གང་ཡོད་ཕུལ་བས་མི་ཡོང་ལགས། དཀར་ཡོལ་དེ་འདྲ་ནི་ཡི་རང་མེད་ལགས། ཞེས་ཞུས་པས། ཁྱེད་ལོ་འདི་མ་འཁོར་བར་ཁམས་ལ་འགྲོ་བར་འདུག་ཅེས་གསུངས། ཕྱིས་གསང་ཕུར་ཇ་འགྱེད་བྱས་པའི་དུས་སུ། ཇ་སིགས་གཅིག་གི་སྐེད་པ་བཅད་པས། དཀར་ཡོལ་དེ་བྱུང་བ། རྗེ་ཉིད་ལ་ཕུལ་ལོ། །རྐྱེན་དགོས་འགའ་ཞིག་གི་དབང་གིས་ཁམས་ལ་ཐེགས་པ་ཡང་དེ་བཞིན་ཁོ་ནར་བྱུང་ངོ་ཞེས་ཁོང་པ་ཉིད་གསུང་ངོ༌། །ཡང་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ་རབ་སྒང་ནས་མཇལ་བ་ལ་ཕེབས། ལུང་བསྟན་ཞུས་པས། རྒྱུ་སྡེའི་གནད་ཕྱིན་ཅི་མ་ལོག་པར་ཤེས་ནས། ལག་ལེན་འཁྲུལ་མེད་དུ་བྱེད་པ་བླ་མ་བཟངས་ཡིན་པས། དེར་ཐང་གཅིག་བྱོན། དེ་ནས་མགྱོགས་པར་རབ་སྒང་ལ་བྱོན། དབུས་གཙང་དུ་ཡུན་རིང་ན་བར་ཆད་ཅུང་ཟད་ཙམ་བྱུང་ཉེན་ཡོད། ཁྱེད་རང་གི་དགོན་པ་དེར་མཁན་ཆེན་པ་དང༌། ངེད་དཔོན་སློབ་ཀྱི་སྐུ་འདྲ་ཚད་དང་མཉམ་པ་རེ་བཞེངས་དེས་བྱིན་རླབས་མྱུར་དུ་འཇུག་པ་ཡིན་ཅེས་གསུང་ངོ༌། །ཇི་སྐད་གསུང་བ་ཐམས་ཅད་ཐོག་ཏུ་ཁེལ་བ་བྱུང་ཞེས་གསུང་ངོ༌། །ཡང་ལྷ་འབྲི་སྟོན་པ། གོ་བོ་རབ་འབྱམས་པ། ཀུན་མཁྱེན་དགའ་བ་གདོང་པ་དང་གསུམ་ལ། བྱ་བ་དང་བྱ་བ་མ་ཡིན་པའི་རྣམ་དབྱེ་ཐམས་ཅད་རྗེ་ཉིད་ལ་གསོལ་བ་བཏབ་ན། རྨི་ལམ་དུ་ལུང་སྟོན་གྱིན་ཡོད་པ་ཡིན་ཞེས་ཁོང་པ་གསུམ་ཞལ་གྱིས་བཞེས་སོ། །ཡང་དུས་གཅིག་གི་ཚེ། དབོན་པོ་ཀུན་རྡོར་བ་ཁྱོད་བླ་མའི་གདན་ས་གསུམ་བྱེད་དགོས་པས་གལ་ཆེ་ཞེས་གསུངས་པ་སློབ་དཔོན་ནམ་མཁའ་དཔལ་ལྡན་གྱིས་ཐོས། ཁོང་གི་བསམ་པ་ལ་གདན་ས་གཉིས་བྱེད་པ་སྲིད། གསུམ་མཛད་རྒྱུ་མེད་བསམ་པ་བྱུང་སྟེ། ཕྱིས་ནཱ་ལེནྡྲའི་གདན་ས་མཛད་པ་འདི་དགོངས་པ་ཡིན་པ་འདུག་ཅེས་གསུང་ངོ༌། །ཡང་ཆོས་ཁྲིའི་སྟེང་ན་སྔ་ཆོས་གསུང་གིན་ཡོད་པའི་ཚེ་ལྕགས་ཟམ་པ་མི་ཉག་རལ་པ་ཅན་གྱི་ཆ་ལུགས་བྱས། ཡིད་ལ་མེད་དུ་ཐལ་མར་བྱུང་སྟེ་རྟ་ལས་མ་བབ་པ་ཆོས་ཁྲི་ལ་བསྐོར་བ་གསུམ་བྱས། མང་ཇ་སྐོལ་བ་ཡིན་དུང་བུས་ཟེར་ནས་ཆོས་གྲྭའི་ཟུར་དེར་ཐབ་ཆུང་གཅིག་གཙུགས་ཇ་ཞིམ་པོ་ཕོར་པ་གང་ཐོན། དུང་མ་བུས་ཀྱང་དགེ་འདུན་ལྔ་བརྒྱ་ཙམ་རང་ཤུགས་ཀྱིས་འདུས་བྱུང༌། ཇ་ཐུར་མ་གང་རེ་དགེ་འདུན་ཐམས་ཅད་ཀྱི་ཕྱག་ཏུ་བླུགས་མང་ཇ་དེ་ལ་བྱེད་པ་ཡིན། སྡེར་མ་གཅིག་ཁྱེར་ལ་ཤོག ཆོས་རྗེ་ཁྱོད་ལ་མངོན་ཤེས་ཡོད་ན་སྡེར་མའི་ནང་དུ་ཅི་འདྲེན་པ་འདུག་ཅེས་ཟེར། རྗེ་ཉིད་ཀྱི་ཞལ་ནས་བུ་རམ་རྡོག་མ་ཁ་ཡར་གཅིག་ཨེ་ཡོད་ཡིན་གསུང༌། ཇི་སྐད་གསུང་བ་བཞིན་བུ་རམ་སྡེར་གང་ཕུལ་ནས་འདི་སྐད་ཅེས་ཇ་ཕོར་པ་གང་གིས་མང་ཇ་འགྲུབ་པ་ཡ་མཚན་མི་ཆེའམ། ཆོས་རྗེ་ཁྱོད་རང་གི་བུ་རམ་སྡེར་མ་གང་པོ་དེས་དགེ་འདུན་ཐམས་ཅད་ལ་རེ་རེ་ཁྱེད་ན། ཆོས་རྗེ་ཁྱེད་ཕོ་སྐྱེས་ཡིན་ཅེས་ཟེར། རྗེའི་ཞལ་ནས་འོ་ན་ཐམས་ཅད་ལ་བྲིམས་ཤིག་ཅེས་གསུང༌། དེ་ནས་ཁམས་པ་དགེ་བཤེས་གཅིག་གིས་བྲིམས་པས་བུ་རམ་རྡོག་པོ་ཉི་ཤུ་ཙམ་གྱི་བོང་ཚོད་ཅིག་ཡོད་པ་ལ་དགེ་འདུན་ལྔ་བརྒྱ་ཙམ་ཐམས་ཅད་ལ་རྡོག་པོ་རེ་རེ་ཁྱེད་པར་བྱུང༌། རྗེའི་ཞལ་ནས། དེ་བས་དེ་ངོ་མཚར་མི་ཆེའམ་གསུང་བས་ལྕགས་ཟམ་པ་ན་རེ། འོ་ན་ངས་རྒྱ་ནག་རི་བོ་རྩེ་ལྔ་འཁོར་རམ་མི་འཁོར། ཉག་ཆུ་ལ་ལྕགས་ཟམ་ཚུགས་སམ་མི་ཚུགས་ཞེས་ཟེར་ཞེས། སྔོན་ལྷ་སའི་ལྕགས་ཟམ་འཛུགས་པའི་དུས་སུ་རྗེ་ཉིད་གསང་ཕུ་ན་བཞུགས་པའི་ཚེ། ལུང་བསྟན་ཞུས་པ་ཐོག་ཏུ་ཁེལ་བས་ཡིད་ཆེས་པར་སྣང་ཞིང༌། དུས་འདིར་ཡང་ལྕགས་ཟམ་པ་སྤྱིར་ཁང་པའི་ནང་དུ་མི་འབྱོན་པ་ཡིན་པ་ལ། དེའི་ཉིན་གཟིམ་ཁང་དུ་བྱོན། དཔོན་སློབ་གཉིས་པོ་ལྐོག་ཏུ་ཞུས་ལན་འགའ་ཞིག་མཛད་ནས་ཐེགས་སོ། །ཞེས་ཉེ་བར་གནས་པ་དག་གསུང་ངོ༌། །ཡང་གོན་གྱོ་ཀུན་སྤངས་པ་ནི། རྗེ་ཉིད་ལ་གདམས་པ་ཁྱད་པར་ཅན་མང་དུ་ཞུས་ཤིང༌། དད་པ་ཐོབ་པའི་སློབ་མ་ཡིན་པས་ལུང་བསྟན་ཞུས་པ་ནི། ང་ཇོ་བོ་རིན་པོ་ཆེའི་དྲུང་དུ་སྨོན་ལམ་ཆེན་མོ། བློ་བཟང་གྲགས་པས་བྱས་པ་དེ་བས་ལྷག་པ་གཅིག་བྱེད་འདོད། འགྲུབ་བམ་མི་འགྲུབ་ཅེས་ཟེར། རྗེའི་ཞལ་ནས་སྨོན་ལམ་རྐྱང་པ་ལ་འབྱུང་ས་མེད། ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ། སྡེ་སྣོད་ཤེས་པའི་དགེ་འདུན་མང་པོ་ལ་བསྙེན་བཀུར་བྱས་ན་འགྲུབ། དུས་དེར་ཁོ་བོ་སྤྱན་དྲོངས། ཆོས་ཀྱི་འཁོར་ལོ་བསྐོར། མིང་ལ་སྨོན་ལམ་མ་ཟེར་ཆོས་འཁོར་གྱིས་ཅེས་གསུང༌། རྗེ་ཉིད་ཀྱིས་ཇི་ལྟར་གསུངས་པ་བཞིན་ཀུན་སྤངས་པས་ཀྱང་ཕྱག་ལེན་ལ་བཀལ། དེའི་ཚེ་རྗེ་ཉིད་སྤྱན་འདྲེན་པ་ནི་ས་ཕྱོགས་དེའི་ཡོན་བདག་གི་གཞན་དབང་དུ་གྱུར་ནས་མ་གྲུབ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཚོན་བྱེད་དུ། བཀའ་འགྱུར་དང༌། བསྟན་འགྱུར་ཚར་དྲུག་བསྒྲགས་སོ། །དེ་དུས་ཀྱི་སྐུ་སྐལ་ལ་དམིགས་ཏེ། ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཇོ་བོ་ཡི་སྐུ་ཚད་བཞེངས། དགེ་འདུན་ལ་ཚོགས་ཟངས་ཆེན་མོ་ཕུལ། དབྱར་ཆོས་ལ་རིགས་ར་གཙུགས་སོ། །དེ་དག་ལ་འདི་སྐད་ཅེས། ཆགས་དང་སྡང་བའི་དཔུང་ཚོགས་བཞི་བཤམས་ཤིང༌། །ཕ་རོལ་ཕྲག་དོག་དྲག་པོས་སུན་འབྱིན་པའི། །རྩུབ་འགྱུར་ཚལ་དུ་མགོན་ཁྱོད་མི་བཞུགས་ཀྱང༌། །གོང་མས་ལུང་བསྟན་དགའ་བའི་ཚལ་འདི་རྙེད། །བུ་སློབ་མང་པོའི་ཁོར་ཡུག་ཡངས་པའི་དབུས། །རྟོགས་པའི་རླབས་ཕྲེང་གོང་ནས་གོང་འཕེལ་ཞིང༌། །སྲིད་ཞིའི་རྒུད་པ་སེལ་བའི་འབབ་ངོགས་མཆོག །ཆོས་ཀྱི་རྒྱ་མཚོ་དཔལ་ལྡན་ནཱ་ལེནྡྲར། །བརྩེ་ཆེན་ཁྱོད་ཀྱིས་མཁྱེན་པའི་ཡོན་ཏན་གྱིས། །འཇིག་རྟེན་རྒུད་པ་མ་ལུས་རབ་བསལ་ནས། །བསྟན་པའི་ཆུ་ཆེན་བརྒྱ་ཕྲག་ཁྱོད་ཀྱིས་ཕབ། །མཐུ་སྟོབས་དཔུང་གིས་དྲག་པོའི་ཁེངས་པ་འཕྲོག །དེ་ཡང་འདི་ལྟར་བདག་ཉིད་ཆེན་པོ་འདི་ལ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ནི། སྤྱིར་བདེན་པའི་ཚིག་མཐའ་དག་འགྲུབ། བསྟན་པ་སུན་འབྱིན་པར་བྱེད་པའི་དགྲ་བོ་དག་ལ་སྨོད་པ་ཅུང་ཟད་ཙམ་མཛད་ནའང་དེ་ལ་མི་འདོད་པ་མང་པོ་ཐོག་ཏུ་འབྱུང༌། སྤྱིར་ཆོས་སྐྱོང་ཐམས་ཅད་བྲན་བཞིན་འཁོལ། ཁྱད་པར་དམ་པ་སངས་རྒྱས་ཀྱི་ཆོས་སྐྱོང་ཨ་གྷོ་ར་དང༌། གཉན་གྱི་མགོན་པོས་ཐུན་མོང་གི་ལས་ཚོགས་ཐམས་ཅད་བསྒྲུབ། ཡུལ་གང་དུ་མི་མ་ཡིན་གྱི་གནོད་པ་བྱུང་བ་ན། རྗེ་ཉིད་ཀྱི་མཚན་ནས་སྟོན་པ་ཙམ་གྱིས་འབྱུང་པོ་རྣམས་མྱུར་དུ་འབྲོས། གསང་ཆབ་བཏུང་པ་ཙམ་གྱིས་གདོན་གྱིས་གཟིར་བ་རྣམས་མྱུར་དུ་གྲོལ། ཁྱད་པར་གསང་ཆབ་དེས་ནད་གང་ལ་ཡང་མི་ཕན་པ་མེད། ཁྱད་པར་ཀླུའི་ནད་ཀྱིས་གཟིར་བ་ལ་བྱིན་རླབས་དང་དམིགས་པ་ཅུང་ཟད་མཛད་པས་གྲོལ། དེའི་སྙན་གྲགས་ལ་བརྟེན་ནས་ཀླུ་ནད་ཅན་མང་པོ་གདམས་པ་ཞུ་བ་ལ་འོངས། དེ་དག་ལ་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་བསྒོམ་བཟླས་འབོགས་པར་མཛད། སེར་བ་དྲག་པོ་འབབ་པ་དང༌། ཕ་རོལ་པོ་འཁྲུག་པ་བྱེད་པ་མཐོང་ན་ཕཊ་ཀྱི་སྒྲ་གཅིག་མཛད་དེ་ཙམ་གྱི་ཞི་བར་འགྱུར་རོ། །དེ་ལ་སོགས་པ་བརྗོད་པས་མི་ལང་ངོ༌། །དེ་ལྟར་དགུང་ལོ་བརྒྱད་ཅུའི་མཐར་སོན་པའི་ཚེ། ལུང་བསྟན་གྱི་སྐུ་ཚེའི་ཚད་ཀྱང་མཐར་ཕྱིན། ཐུགས་དམ་གྱི་རྟོགས་པ་ཟབ་མོ་ཇི་ལྟར་དགོངས་པ་བཞིན་གྲུབ་ནས། མེ་མོ་ཡོས་ཀྱི་ལོ་དགུང་ལོ་བརྒྱད་ཅུ་རྩ་གཅིག་ལ་ཕེབས་པའི་ཚེ། ཉེ་གནས་ཆེན་མོས། རྗེ་ཉིད་ཀྱི་གསེར་སྐུ་རྩེ་ཁྲུ་གང་པ་གཅིག་བཞེངས། ཕྱག་ཏུ་ཕུལ་བས། འདི་ལ་ཁོ་བོ་ལོ་གསུམ་སྡོད་པའི་རྟེན་འབྲེལ་བྱེད། དེའི་རིང་ལ་བསྟན་བཅོས་མང་པོར་འཆད། རྩོམ་པ་ཡང་མང་པོ་བྱེད། ཡུམ་རྒྱས་པ་དང༌། དེའི་ཊཱི་ཀ་རྔོག་ལོས་བྱས་པ་དང༌། སྙན་ངགས་ཀྱི་བསྟན་བཅོས་ཆེན་པོ་དཔག་བསམ་འཁྲི་ཤིང་ཡང༌། ནམ་མཁའ་དཔལ་ལྡན་གྱིས་ཉི་མའི་གུང་ལ་ལེགས་པར་ཐོན་ཅིག་ཅེས་གསུང༌། དེ་ནས་ཡོས་ལོ་ཧྲིལ་པོ་དང༌། འབྲུག་གི་ལོའི་ཧོར་ཟླ་དང་པོ་ཙམ་ཡན་ཆད་ལ། ཆོས་ཚན་མི་གཅིག་པ་བརྒྱ་དང་བཞི་བཅུ་ཞེ་དྲུག་གི་རྩོམ་པ་མཛད། དེའི་བར་བསྟན་བཅོས་མང་པོའི་ལམ་རིམ་དང༌། དབུ་མ་ལྟ་ཁྲིད་དང༌། སྒོམ་རིམ་ཐོག་མཐའ་བར་གསུམ་དང༌། ནི་གུ་དང༌། ཞེན་པ་བཞི་བྲལ་དང༌། སྙིང་པོ་དོན་གསུམ་དང༌། མཆོད་རྟེན་དྲུང་ཐོབ་དང༌། བདེ་མཆོག་རིམ་ལྔ་དང༌། ཞི་བྱེད་ཀྱི་རྒྱུད་པ་ཕྱི་མ་ལ་སོགས་པ་ཁྲིད་དང་སྒོམ་རིམ་རྣམས་གཙོ་བོར་གསུངས་སོ། །དེ་ནས་ས་ཕོ་འབྲུག་གི་ལོའི་ཧོར་ཟླ་དང་པོ་ནས་དྲུག་པའི་བར་ལ། ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད། དབུ་མ་རིགས་པའི་ཚོགས་ལྔ། རིན་ཆེན་ཕྲེང་བ། བཤེས་པའི་སྤྲིང་ཡིག རྒྱུད་བླ་དང༌། མངོན་པར་རྟོགས་པའི་རྒྱན་རྐྱང་པ། ཚད་མ་རིགས་པའི་གཏེར་རྣམས་སྔ་ཆོས་དང༌། ཕྱི་ཆོས་ཤིན་དུ་རིང་བར་མཛད། ཉེ་གནས་པས་གཞུང་མནན་ནས་ཤླཽ་ཀ་གཅིག་ཀྱང་མ་ལུས་པ་ལ་བཤད་པ་རྫོགས་པར་མཛད་དོ། །དེ་དག་གི་སྐབས་སུ་འདི་སྐད་ཅེས་གསུང་སྟེ། ཁོ་དེ་བ། ཆོས་ཉན་ཚོ་ལོང་ལ་རྐང་བྲོ་གྱིས། ང་ལྟ་བུའི་སྐྱེས་མཆོག་དང་འཕྲད་པ་སྐལ་བ་བཟང༌། ཁམས་པ་ཕོབ་ཕོབ་ཅིག་འདུག་ཨེ་བསམ་ཅེས་གསུང་ངོ༌། །དེ་ནས་ཟླ་བ་འགའ་ཞིག་སྐུ་མཚམས་མཛད། གསུང་ཆོས་རྒྱས་སྐར་ནས་གསུངས་སོ། །དེ་ནས་བསྟན་བཅོས་པའི་ལུགས་ཀྱི་སྦྲུལ་ལོ་ཤར། དགུན་ཆོས་འཇུག་པའི་དུས་ལ་བབ་པ་ན། ཉེ་གནས་རྣམས་ཀྱིས་ད་ལོ་དགུན་ཆོས་ལ་ཆོས་ཁྲི་ཁར་ཐེགས་པ་འོ་བརྒྱལ། གསུང་ཆོས་རྒྱས་སྐར་ནས་གནང་བ་འཐད་ལགས་ཞུས་པས། བསྟན་པའི་བྱ་བ་ལ་འོ་བརྒྱལ་ན་བརྒྱལ་ཟིན། ཁོ་བོ་ཆོས་ཁྲིའི་སྟེང་དུ་འགྲོ། བཅོམ་ལྡན་རལ་གྲི་ཡང་ཆོས་ཁྲིའི་ཐོག་ཏུ་གྲོངས་པ་ཡིན་ཞེས་གསུངས། དེ་ནས་ཧོར་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ཀྱི་ཉིན་ཁོ་བོ་ཅག་སློབ་དཔོན་དོན་ཡོད་དཔལ་བཟང་པོས། ཚལ་གུང་ཐང་དུ་ཆོས་དབར་ལ་ཐེག་པའི་ཞལ་ཏ་ཞུས་པས། ཁོ་བོས་འཆད་ཉན་ཅིག་ཨེ་ཡོང་བསམ་དགོན་པ་བཏབ་ལ་གདན་ས་བ་དང༌། འཆད་ཉན་པར་རློམ་པ་ཐམས་ཅད་གྲོང་ཆོག་དང༌། དབང་བསྐུར་བྱེད་ཟེར་ནས་ཟི་རི་ཟ་ར་རྐྱང་བྱེད། འཆད་ཉན་པ་ང་རང་མིན་པ་མེད། ང་ནི་མྱུར་དུ་འཆི། ཁྱོད་རང་འདི་ཁོ་ནར་སྡོད་ལ་འཆད་ཉན་གྱིས་ཞེས་གསུངས། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་གི་མཚན་མོ་ས་ཆེན་པོ་གཡོས། གཟིམས་ཁང་ལ་གས་པ་བྱུང༌། ཚེས་གསུམ་གྱི་དགོངས་མོ་ཟླ་བའི་འོད་ཟེར་དང་འགྲོགས་པའི་འཇའ་དཀར་པོ་གཅིག་གཟིམས་ཁང་ལ་ཟུག་པ་རོང་པོ་བློ་ལྡན་གྱིས་མཐོང༌། ཚེས་བཞི་དང་ལྔ་ལ་ཡང་དེ་ཁོ་ན་ལྟར་འདུག ཐེ་ཚོམ་ཟོས་ནས་ཞག་ཤས་གཅིག་མཚན་ཐོག་ཐག་སྐོར་བ་བྱས་པས། ཐོ་རངས་ཀྱི་དུས་སུ་གླུ་ལེན་གྱིན་གཟིམས་ཁང་ལ་སྐོར་བ་བྱེད་པའི་རྗེས་མི་ཟིན་པ་འགའ་ཞིག་སྣང༌། དེའི་ཕྱི་ཉིན་ཉི་མའི་འོད་ཟེར་འཐུག་པ་རང་གི་ཐད་ན། མེ་ཏོག་གི་ཆར་པ་ས་ལ་མི་འབབ་པ་མང་པོ་སྣང༌། དེ་ནས་བཀའ་བཅུ་པ་བློ་ལྡན་གྱིས་འཕྲད་པ་ཐམས་ཅད་ལ་འདི་འདྲ་འདུག་ཅི་ཡིན་བྱས་པས། ཕལ་ཆེར་གྱིས་ཅི་ཡང་མི་ལྟོ་ཟེར། མི་ནག་པ་རྒན་པོ་ཅིག་ན་རེ། གཞན་ནི་མི་ཤེས་མཚན་མོ་འཇའ་ཟུག་པ་དེ་ལྟས་ངན་ཡིན་ཟེར་དེ་ནས་ཁོང་གིས་ནང་སྐོར་བ་རྣམས་ལ་འདི་སྐད་ཅེས། མདང་སང་ཟི་རི་ཟ་ར་མང་པོ་རང་འདུག སྐུ་རིམ་འདྲ་ཨེ་དགོས་བྱས་པས་ཁོང་རྣམས་ན་རེ། ཁྱོད་དྲུང་ནས་ལ་མཐོང་ཤིན་དུ་ཆུང་བར་འདུག་ཅེས་ཟེར། དེ་ནས་སློབ་དཔོན་བཀའ་བཅུ་པ་བློ་རིན་གྱིས། རྗེ་ཉིད་ལ་ཞུས་པ། དགེ་བཤེས་བློ་ལྡན་ལ་སོགས་པ་མང་པོས་མཐོང་ཙ་ན། མདང་སང་ལྟས་སྣ་ཚོགས་ཅིག་འདུག་ཟེར། བསྙུང་གཞི་འདྲ་བྱུང་དོགས་ཡོད་པས་ཐུགས་དམ་ལ་བསྒྲིམ་པར་ཞུ་ཞུས་པས། ཁོ་བོ་ལ་ན་བ་མི་ཡོང༌། ན་བ་མེད་པར་འཆི་བ་འོང༌། འཆི་བ་ལ་ཐུགས་དམ་གྱིས་ཟློག་པ་ཡང་ཡོད། མི་ཟློག་པ་ཡང་ཡོད། ཁོ་བོའི་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་ཁྱོད་ཀྱི་སྐུ་མདོག་འདྲ། འདྲ་ལ་འདྲ་མིན་སྣ་ཚོགས་ཡོད། །ཅེས་གསུང་ངོ༌། །དེ་ནས་སློབ་དཔོན་ནམ་བསོད་ཆེན་མོ་དང༌། བཀའ་བཅུ་པ་ཤཱཀ་བཟང་དང༌། སློབ་དཔོན་བློ་རིན་དང༌། ནམ་མཁའ་སྙིང་པོ་རྣམས་ཀྱིས་གྲོས་བྱས་ནས་ཞུས་པ། དེ་རིང་ཚེས་བཅུ་ཙམ་དུ་སླེབས། དགུན་ཆོས་ཀྱང་ཟླ་གཅིག་ལྷག་ཙམ་སོང༌། ད་ལོ་གཞན་ལས་ཆོས་འཕེལ་བར་བྱུང༌། མདང་དགོང་ནས་རིགས་ལུང་ཡང་ཆག་བྱུང་བས། ངེད་རྣམས་ཀྱང་བཟད་ཆུ་ཤུལ་ལ་གནང་ཉིན་ཙམ་ཆོས་བར་ལ་ཐེགས་པ་ཡིན་ལགས་ཞུས་པས། སྤྱན་ཧུར་གྱིས་མཛད་ནས། ད་རུང་འགྲོ་མི་རན། ཚེས་བཅོ་ལྔ་བར་དུ་སྡོད། ཆོས་མཇུག་འདི་ལ་ཚ་ར་དང༌། མང་ཇ་འུར་ཆིལ་ལེ་བ་ཡོང༌། ངེད་རང་ཡང་ཚེས་བཅུ་བཞི་ལ་ཆོས་མཚམས་བྱེད་ཅེས་གསུངས། ཁོང་རྣམས་ཀྱིས་ཞུས་པས། མང་ཇ་གཅིག་ཙམ་ཨེ་ཡོད་ཡིན། འུར་ཆིལ་ལེ་བ་འོང་པའི་དོན་མེད། དྲུང་ནས་ཆོས་རྒྱུན་དུ་གསུང་བ་ལ་དགུན་ཆོས་ལ་ཆོས་མཚམས་ཀྱི་ལུགས་མེད་ལགས་པ། གྲྭ་པ་རྣམས་ཀྱི་ཆས་ཀ་ཡང་ཟད་འདུག་པས་ཅིས་ཀྱང་འགྲོ་ལགས་ཞུས་པས། ཨ་ཕ་འོ་ན་ཞག་གསུམ་བཞུགས་དང༌། སྐད་ཆ་གསར་པ་འོང་ཉེན་ཡོད་དེ་ཞེས་གསུངས། དེ་ནས་ཚེས་བཅུ་གཉིས་ཀྱི་སྔ་དྲོ་ནམ་མཁའ་གཡའ་དག མེ་ཏོག་གི་ཆར་ས་ལ་མ་བབ་ཀྱང་ནམ་མཁའ་ལ་ལྡིང༌། ཆོས་དུང་གཅིག་བུས་པས་སྐད་གཉིས་ཡོད་པ་འདྲ་ཅིག་བྱུང༌། དེའི་ཉིན་ཆོས་ཉན་གཞན་ལས་མང་བ་ཚོགས། དེ་ནས་གཟིམས་ཁང་གི་སྒོ་ཐོན་མ་ཐག་ཏུ་ཕྱག་འཁར་མཆན་ཁུང་གཡོན་དུ་བཅུག ཁྱི་རྣམས་ལ་ཁྱི་ཟན་གནང་གིན་ཆག་ཕྱི་བ་མེད་པར་བྱོན། ཁྱི་ཟན་དེ་ཟད་པ་དང༌། ཕྱག་འཁར་ལ་མདུང་བསྐོར་གྱི་རྣམ་པ་མཛད་ཀྱིན་བྱོན་ནས་བཞུགས་སྟན་ལ་བཞུགས་མ་ཐག་ཏུ། བླ་མ་དམ་པས་བྱང་ཆུབ་བརྙེས་པ་ན། །སློབ་མའི་ཚོགས་ལ་ཡེ་ཤེས་གཟིགས་པ་འཇུག །ཆོས་འབྲེལ་བྱས་པ་དོན་མེད་མི་འགྱུར་བས། །ཆོས་ཐོབ་པ་ལ་དགའ་བ་སྒོམས་ཅིག་ཨང༌། །ཞེས་ལན་གཅིག་གསུངས་ནས། གང་བློ་འདོན་པར་མཛད་དོ། །དེ་ནས་གསུང་ཆོས་ནི་རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་པའི་མདོ་ཚན་པ་གཉིས་ལ་བཤད་པ་རྒྱས་པ་མཛད། ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི། བདག་གིས་སྔོན་ཆད་སུམ་ཅུ་རྩ་གསུམ་པའི་གནས་ན་ཡང་ཡོད་པར་མ་མཐོང་སྟེ། འདི་དག་ནི་སྤྲུལ་པའོ་ཞེས་གསུངས། དེའི་ལྷག་མ་སང་ཉིན་ཉི་མ་དྲོན་པོ་བྱུང་ན་འཆད་དོ་ཞེས་གསུངས། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཆོས་ནི། དེ་ལྟར་ནམ་མཁའི་མཐའ་ཀླས་ཀྱི། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་སོགས་ཤླཽ་ཀ་གསུམ་གསུངས། དེ་ནས་དར་ཅིག་སྤྱན་ནམ་མཁའ་ལ་གཟིགས་ནས་ཧྲིག་གེ་བ་མཛད། དེ་ནས་སྐྱིལ་མོ་ཀྲུང་མཛད་བཞིན་པའི་ངང་ལ། ཕྱག་འཁར་ས་ལ་གཙུགས་ཕྱག་གཉིས་ཀས་ཕྱག་འཁར་ལ་འཇུས་ནས། འོ་བསྟན་པ་ལ་བསམ་པའི་བཤད་ཉན་དགོས་པ་ཡིན། རང་རེའི་དགོན་པ་འདིར་ཡང་ཉིན་མོ་མདོ་དང༌། བསྟན་བཅོས་ཆེན་པོ་རྣམས་ལ་ཉན་བཤད་མཛད་དགོས། ཁྱོད་ཁྱོད་རང་དང༌། ཁྱོད་མ་ཡིན་ཁྱོད་ཅེས་མ་ཟེར། མཚན་མོ་ལུང་དང་རིགས་པའི་རྣམ་གཞག་འུར་ཆིལ་ལེ་བ་གྱིས། རྔ་མ་བརྡུང༌། དུང་མ་འབུད། གྲོང་མ་འགྲིམ། ཁོ་བོས་ལོ་བརྒྱད་ཅུ་རྩ་གསུམ་ལོན་ལོན་གྱི་བར་དུ་འཆད་ཉན་བྱས་པ་ཡིན་ཞེས་གསུང་ངོ༌། །དེའི་ཕྱི་ཉིན་ཚེས་བཅུ་གསུམ་ལ་ནམ་མཁའ་ཤིན་དུ་གྲང་བར་བྱུང་བས་ཆོས་ཁྲིར་མ་ཕེབས། སློབ་དཔོན་འཆད་ཉན་པ་ཐམས་ཅད་སྐུ་མདུན་དུ་གསོལ་ཇ་ལ་སྤྱན་དྲངས། ཀུ་རེ་དང་བཞད་གད་མང་དུ་མཛད། ཁོ་བོ་ཤི་ན་པགས་པ་དང་ཆུ་སེར་ཡང་རིང་བསྲེལ་དུ་འགྲོ་ཞེས་གསུངས། དེ་ནས་དགོང་མོ་ཐུགས་དམ་གྱི་རིམ་པ་དང༌། གཏོར་མའི་རིམ་པ་རྣམས་མཛད་ཟིན། ཉེ་གནས་རྣམས་སོ་སོ་ཐ་དད་དུ་ཉལ་བ་ལ་འགྲོ་བའི་ཚེ། དགེ་བཤེས་བསོད་བློས་ན་བཟའ་རྣམས་མི་འཆུག་པར་སྐུ་ལ་གསོལ། དབུ་ཞྭ་སྒྲོན་པས། གཏོར་མ་ཤོམས་གསུང་གིན་འདུག གཏོར་མ་ལན་གཅིག་ནི་བཤམས་ཟིན་ཟེར་བ་ཞུས་ནས། གཟིམ་མལ་ལ་སྐོར་བའི་ཡོལ་བ་དེ་འཐན་ནས་འགྲོ་གྲབས་བྱས་པས། ཁོ་དེ་ཚོ། ཨ་ལ་ལ་ཞེས་ལན་གསུམ་གསུང་གིན་འདུག ཅི་ལགས་ཅེས་ཞུས་པས། ཁྱོད་ཚོ་སོ་སོར་མ་འགྲོ། ཇ་བསྐོལ། སློབ་དཔོན་སྤྱན་དྲོངས་མཁན་ཆེན་པ་ཡང་བྱོན་འདུག གཞན་ཡང་མང་པོ་འོང་གི་འདུག་གསུང༌། ད་ནམ་འཕྱི་འདི་འདྲ་ལ་ཅི་གསུང་བ་ཡིན་ཅ་ལེ་ཅོ་ལོ་མ་གསུང་བར། གཟིམ་མལ་དུ་ཅ་རེ་བཞུགས་ནས་ཐུགས་དམ་མཛད་པར་ཞུ། ཟེར་བ་ཞུས་ནས་ཉེ་གནས་པའི་སར་ཕྱིན། དོ་དགོངས་ཅ་ལེ་ཅོ་ལེ་མང་གིན་འདུག་པས། སྐུ་མདུན་དེར་བྱོན་ནས་བལྟ་རྟོག་འདྲ་བྱས་ན་དྲག་པ་འདྲ་ཟེར་བ་བྱས་སོ། །དེ་ནས་ཐོ་རངས་ཀྱི་དུས་སུ་ཉེ་གནས་ཀྱི་སྐུ་མདུན་དུ་བྱོན་པས། སྔར་ལུགས་བཞིན་སྐུ་སྟོད་ཐམས་ཅད་རྗེན་པར་བསྟོན་ནས། ཐུགས་དམ་མཛད་ཀྱིན་འདུག དེ་ནས་རིང་པོར་མ་ལོན་པར་དེ་ཉིད་དུ་དགའ་ལྡན་གྱི་གནས་སུ་བདེ་བར་གཤེགས་སོ། །དེ་དག་ལ་འདི་སྐད་ཅེས། ཀྱེ་མ་ཀྱེ་ཧུད་ས་སྟེངས་འགྲོ་བའི་ཡབ། །ལུས་ཅན་ལུས་མེད་པས་བརྩེན་འདི་བོར་ནས། །ལྷ་ཡུལ་ལྷ་ཡི་ཁང་བཟང་ལ་དགའ་བ། །བརྩེ་ཆེན་བརྩེ་བ་མེད་པ་མ་ལགས་སམ། །ཀུན་གྱི་ཡབ་ཁྱོད་ཀུན་ལ་མི་ཆགས་ན། །མ་ལུས་འགྲོ་ལ་མ་བཞིན་བརྩེ་བ་ཅི། །བུ་སློབ་ཡོངས་ལ་བུ་བཞིན་བརྩེ་མཛད་ན། །མགོན་ཁྱོད་འགྲོ་བའི་མགོན་དུ་མི་བཞུགས་ཅི། །རིག་གནས་ཀུན་དང་མདོ་དང་རྒྱུད་སྡེ་དང༌། །བསྟན་བཅོས་ཡོངས་ལ་ཐོས་བསམ་གོམས་པ་ཡིས། །བསྟན་པ་འདེགས་པའི་ཁུར་གྱིས་རབ་ངལ་ནས། །ལྷ་ཡུལ་ངལ་བསོའི་བསྟི་གནས་སྙེག་ལགས་སམ། །སྔོན་ཚེ་ཁྱོད་གསུང་བདུད་རྩི་རབ་འཐུངས་ཀྱང༌། །དེ་ནས་ཁྱོད་ཀྱི་ཕུན་ཚོགས་ལ་སྡང་བའི། །ལོག་བསྒྲུབ་ལྷ་མིན་ཚིག་མདའ་མ་བཟོད་ནས། །མཐའ་བྲལ་སྟེང་གི་ཁང་བཟངས་ལ་འཛེགས་གམ། །ཁྱོད་ཞབས་ངང་མོ་ཟུང་གིས་མི་རྣམས་ཀྱི། །ཅོད་པཎ་ཆུ་གཏེར་འཛིན་པ་འདི་བཏང་ནས། །མ་ཕམ་ཞལ་གྱི་སློབ་མར་ཁས་འཆེ་བ། །རྟག་ཏུ་བླ་མའི་ཁུར་གྱིས་ངལ་གྱུར་ཏམ། །རེས་འགའ་མེ་ཏོག་འཇའ་ཚོན་གྱིས་བཀླུབས་ཞིང༌། །རེས་འགའ་ས་ཆེན་གཡོས་པས་བསྔངས་བྱས་ནས། །ལྷ་མིའི་མགོན་པོ་ལྷ་ཡུལ་དུ་འབོད་པ། །ཚངས་དང་བརྒྱ་བྱིན་སྟན་ལ་མི་འདུག་གམ། །མི་ཕམ་ཆོས་རྗེ་ཁྲི་ལ་འཁོད་བཞིན་དུ། །བྱམས་མགོན་གཉིས་པ་དགའ་ལྡན་དེར་གཤེགས་པ། །ཐུགས་རྗེའི་དབང་ཕྱུག་མ་ཕམ་རྒྱལ་བ་དེ། །འཛམ་གླིང་འདིར་འཕོའི་དུས་ལ་བབ་མིན་ནམ། །དེ་ལྟ་མོད་ཀྱི་ཐུབ་ཆེན་རྒྱལ་བ་ཡང༌། །བརྒྱད་ཅུའི་སྟེང་དུ་རང་གནས་དམ་པར་གཤེགས། །ཡོངས་རྫོགས་བསྟན་པའི་མཛད་པ་ཀུན་ཟིན་ནས། །ལྷ་ཡུལ་གཤེགས་ལ་མྱ་ངན་གྱིས་ཅི་བྱ། །དེ་ནས་ཁྱོད་ཀྱི་བྱང་ཆུབ་བརྙེས་པ་ན། །ཐུགས་རྗེའི་ལམ་ཆེན་རིངས་པར་བརྐྱང་ནས་ནི། །ཉིད་རང་གང་ན་འཁོད་པའི་གོ་འཕང་ལ། །དད་ལྡན་སློབ་མའི་ཚོགས་རྣམས་དྲང་དུ་གསོལ། །དེ་ནས་ཚེས་བཅུ་བཞིའི་སྔ་དྲོ་ནས་ཉེར་གཅིག་གི་བར་ལ། སྐུ་ཁམས་བསྙེལ་བའི་ལུགས་སུ་བྱས་ནས། གྲ་ནང་གླིང་གསུམ་ཐམས་ཅད་ཀྱིས་མང་ཇ་དྲུག་ཅུ་ཙམ་བསྐོལ། དགེ་འདུན་སྟོང་རྭ་ཅན་ཙམ་གྱིས་ཉིན་མཚན་གཉིས་ཀ་སྐུ་རིམ་རྒྱ་ཆེན་པོ་འབད་རྩོལ་གྱིས་ལེགས་པར་བསྒྲུབས་སོ། །དེ་ནས་གདུང་མཆོད་དང༌། ཉི་མ་དབུས་ཕྱོགས་ཀྱིས་ཆོས་སྡེ་མཐའ་དག་ཏུ་གཤེགས་རྫོང་གི་རིམ་པ་ཇི་ལྟར་བསྒྲུབ་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པས་བརྗོད་པར་མི་ནུས་སོ། །དེ་ནས་ནང་རྟེན་གསེར་དངུལ་ལས་གྲུབ་པའི་བཀྲ་ཤིས་སྒོ་མང་གི་ནང་དུ། སྐུ་གདུང་རིན་པོ་ཆེ་བཞུགས་སུ་གསོལ་བ་དང༌། ཕྱི་རྟེན་བསྟན་པའི་བདག་པོ་ཐུབ་པ་ཉིད་ཀྱི་སྐུ་ལུགས་སུ་བླུགས་པའི་གསེར་སྐུ་རྒྱ་མཐོ་ཉི་ཤུ་རྩ་ལྔ་མ་རྣམས་ཆོས་རྗེ་གདན་ས་པ་དང༌། ཉེ་གནས་ཆེན་མོ་རྣམས་ཀྱིས་ལེགས་པར་གྲུབ་པའོ། །སྐུ་གདུང་ནི་དེང་སང་གི་དུས་སུ་གཞལ་དུ་མེད་པའི་ཡིད་བཞིན་གྱི་རིན་པོ་ཆེའི་ངོ་བོར་གནས་གྱུར་ནས་བཞུགས་པ་ཡིན་གྱི། རུས་བུའི་རྣམ་པར་ནི་ཅུང་ཟད་ཀྱང་མི་བཞུགས་པར་ངེས་ཏེ། སྔར་ཞི་བར་གཤེགས་མ་ཐག་གི་དུས་སུ། སྐུ་གདུང་གདུང་སྒྲོམ་དང་བཅས་པ་དེ། མི་རྒྱགས་གུད་བར་མ་ཅིག་གི་ཁུར་བ་དང༌། པང་དུ་བཏེགས་ནས་གཞན་ལ་བྱིན་རླབས་བྱེད་པ་ལ་དཀའ་བའི་གནས་གང་ཡང་མེད་པ་ཅིག་ཡིན་པ་ལ། དུས་ཕྱིས་ཞི་བར་གཤེགས་ནས་ལོ་ཉི་ཤུ་སོང་བའི་དུས་དེར། ཆོས་ཀྱི་རྗེ་ཀུན་དགའ་རྡོ་རྗེའི་ཞལ་སྔ་ནས་སྐུ་གདུང་གི་མཆོད་རྟེན་དེ་ཉིད་རྒྱུ་དང་བཀོད་པ་ཕུན་སུམ་ཚོགས་པར་བསྒྲུབས་པའི་སྐབས་དེར། གདུང་སྒྲོམ་དེ་ཉིད་མི་རྒྱགས་པ་གཅིག་གིས་པང་དུ་ལེན་པ་ལྟ་ཞོག སྒུལ་བར་ཡང་མ་ནུས་ཤིང༌། མི་བཞིས་ཁྲི་ལ་བཏེག་ཀྱང་ཤིན་ཏུ་ལྕི་བར་སྣང་བའི་ཕྱིར་རོ། །དཔེར་ན། རྩེ་ཐང་པའི་སློབ་དཔོན་སྟོན་པའི་ལག་ཏུ་ཞབས་གཡས་པའི་མཐེབ་ཆེན་གྱི་སེན་མོ་རིང་པོ་གཅིག་ཁོང་རང་གིས་ཞུས་ནས་ཡོད་པ་དེ། དུས་ཕྱིས་ཐམས་ཅད་ཉ་ཕྱིས་ཀྱི་རང་བཞིན་དུ་སོང་ནས་སེན་མོ་རང་ག་བའི་རྣམ་པ་ཅུང་ཟད་ཀྱང་མེད་པ་དང༌། དབོན་པོ་རིན་ཆེན་དཔལ་བཟང་པོའི་ཕྱག་ཏུ་ཚེམས་གཅིག་བྱོན་པ་ལ་དུས་ཕྱིས་ཚེམས་རང་ག་བའི་རྣམ་པ་དེ་གནས་གྱུར་ནས་སྤོས་ཤེལ་དྭངས་པའི་རང་བཞིན་ཅན། རིང་བསྲེལ་བརྒྱ་ཕྲག་གིས་བྱུར་བུར་བལྟམས་པ་གཅིག་བྱུང་བ་དང༌། མི་ཉག་བློ་བཟང་ལ་ཉེ་གནས་ཀྱིས་ཚེམས་གཅིག་བྱིན་པ། མི་ཉག་གི་ལག་ཏུ་སླེབས་མ་ཐག་ཏུ་རིང་བསྲེལ་གཅིག་འབུར་གྱིས་བྱོན། དུས་ཕྱིས་རིང་བསྲེལ་གཅིག་པོ་དེ་བོག་པའི་ཤུལ་ནས་ཡང་གཅིག་བྱོན། དེ་ཡང་ཕོག དེའི་ཤུལ་ནས་གཅིག་འབྱོན་གྱིན་ཡོད་པར་ཐོས་པ་ལྟ་བུའོ། །དེ་ལ་འདི་སྐད་ཅེས། མི་ཕམ་ཞལ་གྲུབ་གྲུབ་པའི་སར་བཞུགས་པས། །ཀུན་གྱི་ཡོངས་འཛིན་འཛིན་མའི་ཁྱོན་དག་ཏུ། །གཞན་ལས་རབ་འཕགས་འཕགས་པའི་ཐུགས་མངའ་བ། །ཀུན་མཁྱེན་རོང་སྟོན་སྟོན་པའི་རྒྱལ་ཚབ་ཡིན། །གང་ལ་རབ་མཁས་མཁས་པ་ཀུན་གྱི་མཆོག །སྐུ་གསུང་རབ་བཙུན་བཙུན་པ་ཡོངས་ཀྱི་རྗེ། །ཉིད་ཐུགས་རབ་བཟང་བཟང་པོའི་ཕྲིན་ལས་ཅན། །དཔལ་ལྡན་ཆོས་རྗེ་རྗེ་བཙུན་དམ་པའི་ཞབས། །ཞབས་ཟུང་གུས་པས་བསྟེན་པའི་སློབ་མ་ཀུན། །ཀུན་ནས་ཡངས་པའི་མཁྱེན་བརྩེས་རྗེས་བཟུང་ལ། །ལ་ལ་མིན་པར་དུས་རྣམ་ཐམས་ཅད་དུ། །དུ་མས་བསྔགས་པའི་ཁྲི་ལ་འཁོད་གྱུར་ཅིག །བཅུ་ཕྲག་ལོ་ལ་གཙུག་རྒྱན་ཆུ་གཏེར་དུ། །ཞབས་རྡུལ་པདྨོའི་ཕྲེང་བ་ཉེར་བླངས་ནས། །གང་གསུངས་བདུད་རྩིས་བཅུ་གསུམ་ལོར་འཚོ་བ། །མཆོག་ལྡན་དད་པའི་རྒྱ་མཚོ་ཚུལ་འདི་ཤར།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །།  ༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དོན་གཉིས་པ་གསང་བའི་རྣམ་པར་ཐར་པ་ལ། ངེས་པའི་དོན་དུ་སངས་རྒྱས་པའི་ཚུལ། གནས་སྐབས་མཁས་གྲུབ་ཀྱི་ཚུལ་བཟུང་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ། དྲང་དོན་དུ་དགེ་བའི་བཤེས་གཉེན་དུ་ཚུལ་བཟུང་ནས་སྤྲུལ་པས་འགྲོ་དོན་ཕྱོགས་མེད་དུ་མཛད་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་དམ་པ་རྒྱ་གར་ནས་མ་བྱོན་པའི་སངས་རྒྱས་གཉིས་པ་སེང་གེའི་སྒྲ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་པར་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་འབྱུང་ཞིང༌། དགའ་ལྡན་གྱི་གནས་ན་སྐྱེ་བ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས། རྗེ་བཙུན་མ་ཕམ་པའི་རྒྱལ་ཚབ་ཏུ་དབང་བསྐུར་བར་འགྱུར་རོ་ཞེས་ཀྱང་འབྱུང་ངོ༌། །རྗེ་དུས་གསུམ་མཁྱེན་པ་ལས་ཡང་ལུང་བསྟན་དེ་ལྟར་འབྱུང་མོད། དེ་གཉིས་ཐུགས་རྒྱུད་གཅིག་པ་ལ་འགལ་བ་མེད་དོ། །ཁོ་བོ་ཅག་གི་རྗེ་བཙུན་དམ་པ་འདི་ཉིད་ཀྱང་རྗེ་དུས་གསུམ་མཁྱེན་པའི་ཐུགས་ཀྱི་སྤྲུལ་པ་ཡིན་པར་གྲགས་སོ། །གཉིས་པ་ལ། མཁས་པའི་གོ་འཕང་བརྙེས་པའི་ཚུལ་དང༌། གྲུབ་པའི་ས་བརྙེས་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་དམ་པ་རྒྱ་གར་གྱི་འཛམ་བུའི་གླིང་འདིར་མིའི་སྐྱེ་བ་བདུན་བར་མ་ཆད་པར་བཞེས་པའི་ཐ་མ་ལ། བྲམ་ཟེའི་རིགས་ཤིག་ཏུ་འཁྲུངས་ཏེ། དེའི་མིང་ལ་སྨྲ་བའི་སེང་གེ་དང༌། མི་ཕམ་མགོན་པོ་དང༌། ལས་ཀྱི་རྡོ་རྗེ་ཅེས་བྱ་བ་གསུམ་བཏགས་སོ། །དེ་དུས་རེ་ཞིག་གི་ཚེ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་བྷི་ཀཱ་མ་ལ་ཤཱི་ལ་ཞེས་ཡོངས་སུ་གྲགས་པ་དེར། དྷརྨ་ཤཱི་ལ་དང༌། སློབ་དཔོན་ཀཱ་མ་ལ་ར་ཏྲི་ཏ་ཞེས་བྱ་བ་གཉིས་ཀྱི་དྲུང་དུ། རབ་ཏུ་བྱུང་བ་མཛད་པའི་མཚན་ནི། ཀཱ་མ་ལ་ཤི་ལ་ཞེས་བཏགས་སོ། །དེ་ནས་རིམ་གྱིས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ། འཕགས་ཡུལ་དུ་བསྟན་པ་ལ་བྱ་བ་མང་དུ་མཛད། བསམ་ཡས་ཀྱི་རྒྱལ་པོའི་དུས་སུ་བོད་དུ་བྱོན། རྒྱ་ནག་མཁན་པོའི་ཆོས་ལུགས་སུན་ཕྱུང༌། ཕར་ཕྱིན་ཐེག་པའི་བསྟན་བཅོས་མང་དུ་བརྩམས། དུས་དེར་སློབ་དཔོན་དེས་གསང་སྔགས་ཀྱི་ཆོས་མ་བསྟན། དེ་དང་དུས་མཚུངས་པ་རྨ་ཨཱ་ཙརྻ་རིན་ཆེན་མཆོག་ཅེས་བྱ་བ། སློབ་དཔོན་དེ་དང་ལྟ་བ་དང་སྒོམ་པའི་གནད་གཅིག་པར་སྨྲ་ཞིང༌། སྔགས་ཀྱི་ལམ་ལ་བརྟེན་ནས་གདུལ་བྱ་གཞན་མང་པོ་སྨིན་པར་མཛད་ཅིང༌། གསང་སྔགས་ཀྱི་བསྟན་བཅོས་མང་དུ་མཛད་པའི་ཞིག་ཡོད་པ་དེ་ཡང་སློབ་དཔོན་འདི་དང་རྒྱུད་ཅིག་པར་ངེས་ཤིང༌། བསམ་ཡས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གྲགས་ཀྱང༌། མཚན་ཉིད་པ་མ་ཡིན་ཏེ། དཔེར་ན་རྗེ་བཙུན་དམ་སངས་རྒྱས་དིང་རིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང༌། སྐུ་ལུས་དེ་ཉིད་སྤངས་པ་མ་ཡིན་པར་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་འབྱུང་བ་བཞིན་ནོ། །གཉིས་པ་གྲུབ་པའི་ས་བརྙེས་པའི་ཚུལ་ནི། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། འཕགས་པ་ཀླུ་སྒྲུབ་དང༌། རྒྱལ་པོ་ཨིནྟྲ་བྷུ་ཏི་དང༌། ཨཱརྻ་དེ་བ་གཉིས་དང༌། སློབ་དཔོན་པདྨ་འབྱུང་གནས་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པ་ལ་སོགས་པ་གྲུབ་ཆེན་གྱི་བླ་མ་ལྔ་བཅུ་རྩ་ལྔ་ཙམ་ལ་བརྟེན་ནས་དབང་དང་གདམས་པ་མང་དུ་གསན། རིག་པ་འཛིན་པའི་ས་བརྙེས། ས་བཅུ་པའི་ཡེ་ཤེས་མངོན་དུ་བྱས་པ་ཡིན་ཏེ། དམ་པ་ཀུན་དགས། རྗེ་བཙུན་ལ་ཡོན་ཏན་ཅི་མངའ་ཞེས་ཞུས་པས། ལོ་ཀེ་ཤྭ་ར་དང་གྲོགས་པོ་བྱས། བྱམས་པ་མགོན་པོ་ལ་བགྲོ་གླེང་བཏང༌། ཞེས་གསུངས་པས་ས་བཅུ་པར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟར་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་དེས། བོད་དུ་ལན་གསུམ་བྱོན་པའི་ཚེ། མཁས་པ་པཎྜི་ཏའི་ཚུལ་མ་བཟུང་བར་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚུལ་བཟུང་ནས། དམ་པའི་ཆོས་ནི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་ཅེས་བྱ་བ། ཞེས་ཡོངས་སུ་གྲགས་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལྟ་སྒོམ་སྦྱོར་འབྲས་ཀྱི་རྣམ་བཞག་རྒྱས་པར་གསུངས་སོ། །གསུམ་པ་ནི། བདག་ཉིད་ཆེན་པོ་འདི་ཀཱ་མ་ལ་ཤཱི་ལའི་སྐྱེ་བ་ཇི་ལྟར་ཡིན་པའི་ཚུལ། རྗེ་བཙུན་དམ་པ་རྒྱ་གར་གྱི་ཐུགས་ཀྱི་སྤྲུལ་པ་ཇི་ལྟར་ཡིན་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་འདིས། བསམ་ཡས་སུ་ཀཱ་མ་ལ་ཤཱི་ལའི་ཆོས་ཁྲི་མཇལ་དུ་བྱོན་པ་ན། སྔོན་ཆོས་ཁྲིའི་སྟེང་དུ་ཆོས་གསུངས་པ་སྙམ་བྱེད། དབུ་མ་སྣང་བ་དང༌། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་གཞུང་གཟིགས་པ་ཙམ་གྱིས་ཐུགས་ལ་ཆུད། སྣང་བ་ནས་འབྱུང་བའི་སློབ་དཔོན་ཟླ་བ་གྲགས་པ་འགོག་པའི་རིགས་པ་དེ་འཐད་པར་གཟིགས་ནས། ཟླ་བ་ལ་འགོག་པ་ལྟར་མཛད་པའི་རིགས་པ་མང་དུ་གསུང༌། བདག་ཉིད་ཆེན་པོ་འདིས་མཛད་པའི་གསུང་རབ་རྣམས་ཀྱི་ནང་ནས། སྒོམ་རིམ་ཀྱི་ཊཱི་ཀ་གསུམ་པོ་དེ་ཁྱད་པར་དུ་འཕགས་ཤིང་རྣམ་པ་གསལ། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ནི་མཁན་པོ་རྣམ་སྣང་མཛད་བཟང་པོ་དང་དོན་གཅིག་ཡིན་ནོ་ཞེས་གསུང་ཞིང་ཐུགས་ཤིན་དུ་དད། ཡང་བདག་ཉིད་ཆེན་པོ་འདིས་སྣར་ཐང་དུ་བཅོམ་ལྡན་རལ་གྲིའི་ཆོས་ཁྲི་ལ་མཇལ་དུ་བྱོན་པ་ན། ཆོས་ཁྲིའི་སྟེང་ནས་སྔར་རྗེ་ཉིད་ཀྱིས་ཆོས་གསུང་མྱོང་བ་དང༌། སློབ་མ་རྣམ་འགྲེལ་ལ་འཁོད་པའི་ས་ཆའི་རིམ་པ་ཐུགས་ཉམས་ལ་གསལ་བར་ཤར། དེའི་ཕྱིར་ཉིན་སྣར་ཐང་གི་སྡེ་དང་གོང་མཉམ་པ་ཡིན་ཟེར་བའི་བཅོམ་རལ་གྱི་ཕྱག་དཔེ་སྟོང་ཕྲག་ཉི་ཤུ་ལྔ་པའི་རྒྱ་དཔེ་པོ་སྟི་གཉིས་ཡོད་པ་དེ་དང༌། མཆིམས་ནམ་མཁའ་གྲགས་ཀྱི་ཐུགས་དམ་གནས་བརྟན་བཅུ་དྲུག་གི་བྲིས་སྐུ་བྱིན་རླབས་ཅན་དེ་ཡང་རང་ཤུགས་ཀྱིས་ཕྱག་ཏུ་བབས་སོ། །སློབ་དཔོན་རིགས་པའི་རལ་གྲི་འདི་ཡང་མཁས་པའི་དབང་པོ་ཀཱ་མ་ལ་ཤི་ལ་དང་རྒྱུད་གཅིག་པའི་གཏམ་དུ་མ་སྣང་སྟེ། ཞིབ་ཏུ་གཞན་ལས་བཙལ་བར་བྱའོ། །ཁོ་བོ་ཅག་གི་བདག་ཉིད་ཆེན་པོ་འདི་དང༌། བཅོམ་ལྡན་པ་ནི་གྲུབ་པའི་མཐའ་དང༌། རྩོམ་པའི་བབས་གཅིག་ཏུ་སྣང་ཞིང༌། རྟེན་འབྲེལ་སྒྱུ་མར་ཐུགས་སུ་ཆུད་པའི་རྣལ་འབྱོར་ལ་མཉམ་རྗེས་མི་མངའ་ཞིང༌། འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲུལ་པ་ཐམས་ཅད་རང་སར་ཞིག་པའི་ཚུལ་ལ་ཆེས་ཤིན་དུ་མཚུངས་པའི་ངོ་མཚར་ཅན་གྱི་གཏམ་དུ་མ་ཞིག་སྣང་ངོ༌། །གཉིས་པ་ནི། ཁོ་བོ་ཅག་གི་བདག་ཉིད་ཆེན་པོ་འདི་ལ། རྗེ་བཙུན་དམ་པ་རྒྱ་གར་གྱི་མཛད་པ་ཕྲིན་ལས་ཐམས་ཅད་མངའ་བ་ཡིན་ཏེ། སྤྱིར་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་ལུགས་ལ་མཁས་ཤིང་དབང་འབྱོར། ཁྱད་པར་ཤེར་ཕྱིན་བཀའ་བབས་དྲུག་གི་ཉམས་སུ་ལེན་པའི་ལམ་རིམ་གྱི་བསྟན་བཅོས་ཆེན་པོ་མཛད། སྔོན་རྗེ་བཙུན་དམ་པ་རྒྱ་གར་གྱིས་འཕན་ཡུལ་རྒྱལ་གྱི་ལུང་པར་ལོ་གསུམ་བཞུགས། ཡོན་བདག་ཞིག་གིས་ཡུམ་རྒྱས་པ་ལ་རབ་གནས་ཞུས་པས། ཁོ་ཅུང་ཟད་ཡིད་མ་ཆེས་པའི་ཚེ་ཡུམ་གྱི་ཤོག་བུ་ཐམས་ཅད་ནམ་མཁའ་ལ་རླུང་གིས་སྤྱན་འདྲེན་དུ་བཅུག དེའི་ཚེ་ནམ་མཁའི་དབྱིངས་ཤིན་ཏུ་མཐོ་བ་ན་གདུགས་ཕུབ་པ་བཞིན་དུ་གྱུར་ཏེ། དེ་ལ་དམ་པས་མེ་ཏོག་འཐོར་བས་མེ་ཏོག་གི་དྲྭ་བ་དང༌། དྲྭ་བ་ཕྱེད་པའི་ཚུལ་གྱིས་འཕྱང་བར་གྱུར་ཏོ། །སླར་ཡང་གླེགས་ཤིང་གི་སྟེང་དུ་གོ་རིམ་མ་འཁྲུགས་པར་བབས་པ་ཞིག་ཡོད་པ་དེ་ལ། ཡུམ་དགའ་ལྡན་མ་ཞེས་ཉི་མ་ལྟར་གྲགས་སོ། །དུས་ཕྱིས་ཁོ་བོ་ཅག་གི་བདག་ཉིད་ཆེན་པོ་འདིས་རྒྱལ་ལུག་ལྷས་གསེར་གྱི་ལྷ་ཁང་གི་བྱམས་ཆེན་གྱི་དྲུང་དུ། ཡུམ་དགའ་ལྡན་མ་སྤྱན་དྲངས་ནས་མཚན་མོ་སྒྲོན་མེའི་འོད་ཀྱིས་གཟིགས་རྟོག་མཛད་པའི་ཚེ། སྔོན་དམ་པ་རྒྱ་གར་གྱིས་ཡུམ་གྱི་རབ་ཏུ་གནས་པ་ཇི་ལྟར་མཛད་སྙམ་དུ་དགོངས་པ་དེའི་ཚེ། ནམ་མཁའ་ལ་སྒྲ་གྲགས་པ་ནི། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་ཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་མེ་ཏོག་འཐོར་བ་ཡིན་ཞེས་པའི་སྒྲ་གྲགས་པར་རྗེ་ཉིད་ལས་རྒྱལ་བ་ཧ་རི་སིམ་ཧས་ཐོས་ནས་བཤད་དོ། །ཡང་བདག་ཉིད་ཆེན་པོ་ཐང་སག་ན་བཞུགས་པའི་ཚེ། ལྷ་རྩེའི་བྲག་ཅེས་པ་རྗེ་བཙུན་དམ་པ་རྒྱ་གར་གྱི་སྒྲུབ་ནས་དེར་དབུ་མ་སྙིང་པོའི་དོན་ལ་ཐུགས་བསམ་མཛད་པའི་ཚེ། ཐོ་རངས་ཤིག་གི་དུས་སུ། སྙིང་པོའི་དོན་ལ་སྙིང་པོ་མེད། །སྙིང་པོ་མེད་པ་སྙིང་པོ་ཡིན། །སྙིང་པོ་འདོད་ན་དིང་རི་ན། །སྡུག་བསྔལ་ཞི་བར་བྱེད་པ་ཡོད། །ཞེས་བྱ་བའི་སྒྲ་གསན། དེ་ལ་བརྟེན་ནས་ཕྱིས་དིང་རིར་ཞི་བྱེད་གསན་པ་ལ་བྱོན་པ་ཡིན་པའི་ལོ་རྒྱུས་ནི། རྗེ་ཉིད་ཀྱིས་ཞི་བྱེད་ཀྱི་སྐོར་རྣམས་རྒྱས་པར་གསུངས་པའི་སློབ་མ་རྟོགས་ལྡན་ཁྱི་ཐུལ་བ་ཞེས་བྱ་བ་དང༌། བླ་མ་ཆོས་སྐྱོང་རྒྱ་མཚོ་གཉིས་མཐུན་པར་གསུང་ངོ༌། །ཡང་བདག་ཉིད་ཆེན་པོ་འདིའི་མཚན་ལ། དམ་པའི་མཚན་དང་མཐུན་པར་སྨྲ་བའི་སེང་གེ་ཞེས་གྲགས། སྔོན་ཀཱ་མ་ལ་ཤི་ལའི་མཁན་པོ་དྷརྨཱ་ཤཱི་ལ་ཞེས་བྱ་བ་ནཱ་ལེནྡྲའི་ཕྱོགས་ཀྱི་སྒོ་བཞི་ཀའི་བསྲུང་མ་མཛད་ནས། ཕྱོགས་བཞིའི་མུ་སྟེགས་རྣམས་ཕམ་པར་བྱས་པ་དེ། རིན་པོ་ཆེ་སངས་རྒྱས་དཔལ་ཡིན་པའི་ལོ་རྒྱུས་ནི་རྗེ་ཉིད་ཀྱིས་གསུང་ངོ༌། །ཡང་རྗེ་བཙུན་དམ་པ་རྒྱ་གར་ནི། རྗེ་བཙུན་བྱམས་པ་ལ་ཆོས་དངོས་སུ་གསན། རྟེན་འབྲེལ་སྣ་ཚོགས་ལ་མངའ་བརྙེས། གང་ལ་གང་ཕན་གྱི་སྔགས་བྱིན་གྱིས་བརླབས་པའི་ནུས་པ་དང་ལྡན། ཆུ་བོ་ཆེན་པོ་ལ་མི་འབྱིང་བར་གཤེགས། རྡོ་ལ་ཞབས་ཀྱི་རྗེས་འཇོག ཁྱི་ལ་སོགས་པ་སེམས་ཅན་གཏུམ་པོ་འགའ་ཞིག་ལན་གཅིག་གསད་ནས་ཕྱིས་གསོས་པ་ལ་སོགས་པའི་ཕྲིན་ལས་མཛད་པ་དེ་བཞིན་དུ། ཁོ་བོ་ཅག་གི་རྗེ་བཙུན་དམ་པ་འདིས་ཀྱང༌། ཆོས་ཁྲིའི་སྟེང་ནས་ཆོས་མཚམས་ཆེན་མོ་མཛད་པའི་ཉིན། ཆོས་ཁྲིའི་སྟེང་ཐམས་ཅད་ཀྱི་ནམ་མཁའ་ལ་རྗེ་བཙུན་བྱམས་པའི་ཞལ་མངོན་སུམ་དུ་མཐོང༌། ཕྱག་རིང་པོ་བརྐྱང་ནས་བྱུང་ཞེས་སློབ་དཔོན་ནམ་མཁའ་དཔལ་ལྡན་ལ་གསུངས་པ་དང༌། ཡང་ཁོང་གིས་རྗེ་བཙུན་གྱི་ཕྱག་བརྟེན་ནས་ཆོས་ཁྲིར་ཆོས་གསུངས་པ་ལ་ཐེགས་ཀྱིན་ཡོད་པའི་ཚེ། སངས་རྒྱས་ལ་བྱང་སེམས་ཀྱིས་བསྐོར་བ་མང་པོ་མཐོང་གསུང༌། དེ་རྣམས་གང་དང་གང་ལགས་ཞུ་དགོས་བསམ་ཡོད་པ་ལ་ཅུང་ཟད་ཞུ་མ་ནུས་པའི་བར་དེར། ཕྱག་འབུལ་བ་མང་པོ་བྱུང་ནས་བརྗེད་དོ་ཞེས་ཟེར་བ་དང༌། ཡང་ནཱ་ལེནྡྲཱའི་གཟིམས་ཁང་གི་ཞོལ་ཁྱམས་ཆེན་མོའི་ལོགས་བྲིས་ལ་ཕྱག་ནས་མཛད་པའི་ཉིན། ཞལ་ནས་མི་གཡོ་བ་ལ་མི་གཡོ་བ་སོང་ངོ༌། །གུར་མགོན་ལ་གུར་མགོན་སོང་ངོ་ཞེས་གསུང༌། དེའི་ཉིན་ཀུ་རེ་མཛད་པ་ཡིན་པར་གོ་ཡང༌། དུས་ཕྱིས་དེང་སང་གི་བར་དུ་ཡང༌། ལྷ་དེ་གཉིས་ཀྱི་སྐུ་བཀྲག་དང་གཟི་མདངས་ཤིན་དུ་ཆེ། རྡུལ་མི་ཆགས། ངོ་སྐལ་གྱི་མར་མེ་ཕུལ་བའི་ཚེ་འཛིན་གྱིན་སྣང་བ་ནི་མངོན་སུམ་གྱིས་གྲུབ་བོ། །ཡང་རོང་ངུར་སྨྲིག་ན་བཞུགས་པའི་ཚེ། མཆོད་རྟེན་ཆེན་པོ་ཞིག་གི་ནང་ན་དེ་དུས་ཀྱི་མི་སུ་ལ་ཡང་རྒྱུས་མེད་པར། རྗེ་བཙུན་བྱམས་པའི་སྐུ་གཅིག་ལ་ཆུའི་ཐིགས་པས་འོ་བརྒྱལ་གྱིན་ཡོད་པར་གཟིགས་ནས། ཞིག་གསོས་མཛད་པས་མངོན་ཤེས་མངའ་བར་ཀུན་ལ་གྲགས་པ་དང༌། ཡང་གསང་ཕུའི་ནང་གི་མི་གཡོ་ཕུག་པ་དང༌། འཇམ་དབྱངས་ཕུག་པར་རེ་མོས་ཀྱི་བཞུགས་པའི་ཚེ། ལྷག་པའི་ལྷ་དེ་གཉིས་ཀྱི་ཞལ་མཐོང་ཞིང་ཐུགས་རྒྱུད་ལ་ཐིམ་པའི་སྣང་བ་བྱུང་བ་ཡིན་ཞེས་བུ་སློབ་ཀུན་ལ་གྲགས་པ་དང༌། ཁོ་བོས་ཀྱང་མཁན་ཆེན་རིན་པོ་ཆེས་ནི་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་འདུག ཆོས་རྗེའི་ཞལ་སྔ་ནས་ཀྱང་གཟིགས་ལགས་སམ་ཞེས་ཞུས་པས། སྐྱེ་མེད་ཀྱི་དོན་རྟོགས་ན་ལྷག་པའི་ལྷས་ཞལ་སྟོན་པ་ཡིན། དེའི་ཚེ་ན་ལྷ་ལ་མང་ཉུང་མེད། བཟང་ངན་ནི་རང་རེའི་རྟོགས་པ་མཐོ་བ་ཙམ་གྱི་ལྷ་བཟང་དུ་འགྲོ་བ་ཡིན། རང་རེ་ལ་སྟོང་ཉིད་ཀྱི་ལྟ་བ་མེད་ན་ལྷ་མཐོང་ཡང་བཟང་པོ་ཡིན་པའི་ངེས་པ་མེད་ཅེས་གསུང་ངོ༌། །ཡང་ནཱ་ལེནྡྲཱར་ཐོ་རངས་ཀྱི་དུས་ཞིག་ཏུ་ཁ་ཆེ་པཎ་ཆེན་དངོས་སུ་བྱོན་ནས། བདེ་མཆོག་དཀར་པོའི་བྱིན་རླབས་དང་ཚེ་བསྒྲུབ་གནང༌། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཀྱི་གླེགས་བམ་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་སོ་ཞེས་ཐུགས་ཀྱི་སྲས་དམ་པར་གྱུར་པ་སློབ་དཔོན་ནམ་མཁའ་དཔལ་ལྡན་ལ་གསུངས་སོ། །རྟེན་འབྲེལ་ལ་དབང་འབྱོར་པའི་ཚུལ་ནི། བུ་དང་ནོར་མེད་པ་རྣམས་ལ་ཁྱོད་ལ་བུ་སྐྱེ་བར་གྱུར་ཅིག ནོར་ཕྱུག་པོ་འོངས་པར་ཤོག་ཅིག་ཅེས་གསུང་ཞིང༌། དེས་ཀྱང་དེ་ལ་མོས་གུས་བྱས་ན་དེ་ཁོ་ན་འབྱུང་བར་མངོན་སུམ་གྱིས་གྲུབ་པའི་ལོ་རྒྱུས་མང་པོ་དང༌། དུག་ནད་བྱུང་བ་རྣམས་ལ་དུག་གསོས་པར་གྱུར་ཅིག་ཅེས་པའི་ཚིག་རྗེན་པ་དེ་ཉིད་ལན་བདུན་ཆུ་ལ་བཏབ་ནས་བྱིན་པས་དུག་ནད་ལས་གྲོལ་བ་མང་པོ་དང༌། དེ་བཞིན་དུ་མིག་དང༌། སོ་དང༌། ལག་པ་ལ་སོགས་པ་གང་ན་བ་ལ་དེ་མེད་པར་གྱུར་ཅིག་ཅེས་གསུང་ནས་བསྲུང་སྐུད་བཏགས་པས་དེ་མ་ཐག་ཏུ་ནད་ལས་གྲོལ་བར་མཐོང་ངོ༌། །དཔེར་མཚོན་ན་མུས་པའི་དགེ་སློང་བློ་རིན་ཞེས་པ་མོས་གུས་ཅན་ཞིག་གིས་བྱིན་རླབས་ཞུས་པས་ཐུགས་སྤྲོ་བཞེངས་པ་ལྟར་མཛད་དེ། ཕྱག་འཁར་གྱིས་རོ་སྟོད་ལ་ལན་གསུམ་བྲབས་བྱུང་པས། འཁྲུགས་ཀྱི་ནད་གཞི་ཆེན་པོ་ལོ་དུ་མའི་བར་དུ་ན་བ་ཞིག་ཡོད་པ་དེ་ལས་གྲོལ་ལོ་ཞེས་ཁོང་རང་གསུང་བ་དང༌། ཤེལ་གྲོང་པའི་དཔོན་པོ་རྡོ་ར་ཞེས་པས་ན་བཟའ་ཕུལ་ནས། བུ་འབྱུང་བའི་བདེན་ཚིག་ཞུས་པས་དེ་ཁོ་ན་ལྟར་བྱུང་བ་དང༌། ནཱ་ལེནྡྲར་ཆོས་གསུང་བའི་བཞུགས་གདན་གྱི་སྟེང་དུ། རྒྱུན་དུ་སྡོད་པའི་ཁྱི་གུ་གཅིག་ཡོད་པ་དེ་ལ་དུས་གཅིག་གི་ཚེ། ཐུགས་སྤྲོ་བཞེངས་ནས་ཕྱག་གིས་བསྣུན་པས། ཆོས་མ་གྲོལ་གྱི་བར་དུ་ཤི བཞུགས་གདན་ལ་བཞེངས་ལ་ཁད་པའི་ཚེ། ཕུ་ཕུ་ཟེར་བ་གསུམ་དང༌། ཞལ་གྱི་མཆིལ་མ་གཅིག་བཏབ་པས་ཁོ་ཡང་ལངས་ནས་སོང་བ་སོགས་བརྗོད་ཀྱིས་མི་ལང་ངོ༌། །ཡང་དགུང་ལོ་བདུན་ཅུ་དོན་ལྔ་པ་ལ། ཤེལ་གྲོང་གི་གཙུག་ལག་ཁང་དུ་མིག་མཁན་བཀའ་བཞི་པས་གསེར་གྱི་ཐུར་མས་སྤྱན་ཕྱེ་བའི་ཚེ། མཉམ་གཞག་ཐུན་གཅིག་ལ་མཉམ་པར་བཞག་པས། གཞན་གྱིས་ཕྱག་ནས་འཛིན་དགོས་པ་ལ་སོགས་པའི་འབྲེལ་བ་གང་ཡང་མ་བྱུང་ཞིང༌། མིག་མཁན་གྱིས་ཐུར་མ་ཧྲིལ་གྱིས་བསྒྲིལ་བའི་ཚེ། སྔོན་མཐོང་མ་མྱོང་བའི་འཇིག་རྟེན་གྱི་ཁམས་མང་པོ་མཐོང་གིན་སྣང་ངོ་ཞེས་གསུང་བ་དང༌། ལྷ་པའི་སྦུ་བ་གདོང་གི་ཀོ་བ་ལ་གཤེགས་པའི་ཚེ། ཀོ་མཁན་ན་རེ་ཀོ་བ་བྱིན་གིན་འདུག་པས་ཐམས་ཅད་ཀྱིས་གླིང་པོ་གྱིས་ཤིག་ཅེས་ཟེར་བ་ལ་རྗེ་ཉིད་ཀྱིས་སྐྱིལ་ཀྲུང་མཛད་མཉམ་པར་བཞག་པས། ཀོ་བ་ཆུ་མཚམས་ནས་མཐོ་ཡེར་གྱིས་བྱུང་བ་དང༌། དཔོན་སློབ་རྣམས་གཙང་དུ་ཆོས་བར་ལ་ཐེགས་པའི་ཚེ། ཡ་འབྲོག་གི་མཚོ་འགྲམ་དུ་རྗེ་ཉིད་ནི་མཉམ་གཞག་ལ་འབྱམས། ཆིབས་མཛོའི་སྣ་ནས་ཁྲིད་མཁན་མེད་པའི་དུས་ཞིག་གི་ཚེ། ཆིབས་མཛོ་དང་བཅས་པ་མཚོ་ནང་དུ་ཤོར། མཛོ་ནི་རྐྱལ་བྱེད་ཀྱིན་འདུག རྗེ་ཉིད་ནི་ཆུའི་སྟེང་ན་ལིང་ལིང་བ་མ་གཏོགས་བྱིང་བའི་རྣམ་པ་ཅུང་ཟད་ཀྱང་མེད། དེའི་ཚེ་རྗེ་ཉིད་ཀྱི་དབོན་པོ་བློ་གྲོས་ཀྱིས་སྤྱན་འདྲེན་ཐུབ། ན་བཟའ་བངས་པ་ཙམ་ཡང་མེད་པ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང༌། ཡར་ལུངས་སུ་གྲོང་པ་གཅིག་གི་ནང་དུ། དཔོན་སློབ་རྣམས་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ། སྐས་ཀྱི་སྟེང་ནས་ཞབས་གཡས་པ་ཐོག་མཐིལ་དུ་བཞག་དགོས་རྒྱུ་ཡིན་པ་ལ། གཡོན་ཕྱོགས་ན་འཇག་ཐོག་སྲབ་ལ་རྒྱ་ཆེ་བ། ཁྱིམ་བྱ་ཙམ་ཡང་མི་ཐེག་པ་ཅིག་ཡོད་པའི་དེའི་སྟེང་ན་གོམས་པ་བཅུ་ཙམ་ཅིག་ཚེག་དི་རི་རི་ཐེགས་བཞུད། དེར་གཞན་དག་རྣམས་རྟབ་རྟབ་པོར་གྱུར་ནས། དེ་ལ་ཐེགས་པ་མེད་དོ། །ཞེས་ཞུས་པས། སླར་ཡང་ཚུར་ལ་ཚེག་དི་རི་རི་ཕེབས་ནས། སྔར་གྱི་སྐས་ཀྱི་སྟེང་ནས་གཡས་ཕྱོགས་ལ་ཐེགས་སོ། །ཡང་ཡར་ལུངས་སུ་ཆེ་ས་དགོན་གསར་པས་གསོལ་ཇ་ཞུས་པའི་ཀརྨ་གན་དཀར་ལ་ཚེམས་གསུམ་གྱི་རྗེས་དོད་པ་དང༌། ནཱ་ལེནྡྲཱར་རྒྱུན་དུ་གསོལ་དཀར་མཛད་པའི་ཀརྨ་གན་དཀར་ཅིག་ལ་ཞལ་གྱི་མཆུས་ཇི་ཙམ་རེག་པའི་རྒྱ་ཁྱོན་དང་མཉམ་པ་འཇའ་ཚོན་གྱི་རི་མོ་གསལ་བར་དོད་པ་དང༌། ཡང་རྒྱུན་མའི་བཞུགས་གདན་དེ་ལས་བཞེངས་པའི་ཚེ་རྟག་ཏུ་ཕྱག་གིས་འཇུ་བའི་ཀ་བ་གཅིག་བཞུགས་གདན་གྱི་གཡས་ཟུར་ན་ཡོད་པ་དེ་ལ། ཕྱག་གཡས་པའི་སོར་མོ་བཞིའི་རྗེས་གསལ་བར་དོད་པ་རྣམས་སོ། །དེ་དག་ནི་རང་གི་མངོན་སུམ་གྱིས་གྲུབ་པ་དང༌། སློབ་དཔོན་མཁས་པའི་དབང་པོ་རྗེ་ཉིད་ཀྱི་ཞབས་རྡུལ་ཡུན་རིང་དུ་བསྟེན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལས་ཐོས་པ་དང༌། གཞན་ཡང་ཡིད་ཆེས་པའི་མཆེད་པོ་དམ་པར་གྱུར་པ་རྗེ་ཉིད་ཀྱི་ཉེ་གནས་ཆེན་མོ་སློབ་དཔོན་ནམ་མཁའ་དཔལ་ལྡན་པའི་གསུང་ལས་ཐོས་པ་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གསལ་བར་བྲིས་པ་ཡིན་ནོ།།  །།མགོན་ཁྱོད་ངེས་པར་ཡང་དག་རྫོགས་སངས་རྒྱས། །ལ་ལར་དག་པའི་སར་བཞུགས་སེམས་དཔའི་ཚུལ། །གཞན་དུ་སོ་སྐྱེའི་སློབ་དཔོན་མཁས་པའི་སྐུར། །སྟོན་མཛད་དགེ་བའི་བཤེས་ཁྱོད་ཕྱག་གི་གནས། །ཤིང་རྟའི་སྲོལ་འབྱེད་པདྨའི་ངང་ཚུལ་ཉིད། །གྲུབ་པའི་སར་བཞུགས་རྗེ་བཙུན་རྒྱ་གར་དང༌། །འཆད་རྩོད་རྩོམ་མཁས་ཀུན་མཁྱེན་རོང་པོའི་ཞབས། །ཐ་དད་གསུམ་མིན་ཐུགས་རྒྱུད་གཅིག་པའི་སྐུ། །སྔོན་ཚེ་སྤྲུལ་པའི་ལོ་ཙཱ་རིན་ཆེན་མཆོག །བར་དུ་བཅོམ་ལྡན་རིག་པའི་རལ་གྲིའི་ཞབས། །ཐ་མར་སྨྲ་བའི་སེང་གེ་རོང་སྟོན་རྗེ། །སོ་སོར་སྣང་ཡང་གསུང་རྒྱུན་གཅིག་པའི་སྐུ། །བཅུ་ཕྲག་བརྒྱད་དང་གསུམ་གྱི་ལོར་བཞུགས་ནས། །མཚན་ཉིད་ཐེག་པའི་གཞུང་ཚན་དྲུག་ཅུ་དང༌། །དབང་དང་གདམས་པ་རྒྱུད་ཆེན་བཤད་པས། །བསྟན་པ་འཛིན་ཁྱོད་གངས་ཅན་མཁས་པའི་གཙོ། །བུ་སློབ་བསྟན་པའི་ཀ་ཆེན་རྣམ་པ་བཞི། །གངས་ཅན་མཛེས་པའི་རྒྱན་བརྒྱད་མཆོག་རྣམ་གཉིས། །ཐུགས་ཀྱི་བུ་ཆེན་རྣམ་པ་བཅོ་བརྒྱད་ཀྱིས། །བསྟན་པ་འདེགས་ཁྱོད་རྒྱལ་བ་གཉིས་པ་ཡིན། །ལྷ་མིན་གྱིས་སྦྱར་ལོག་པའི་གཞུང་ལུགས་ཀུན། །ཡང་དག་ལུང་དང་རིགས་པའི་དཔུང་ཚོགས་བཞིས། །མི་མངོན་རྒྱ་མཚོའི་དབྱིངས་སུ་རབ་བཅིངས་ནས། །རྒྱལ་ས་འཛིན་ཁྱོད་བསྟན་པའི་བརྒྱ་བྱིན་ཡིན། །རིག་པའི་གནས་ལྔ་མཁས་པར་རབ་མཁྱེན་ནས། །གཞུང་ལུགས་བཞི་བཅུའི་རྣམ་བཤད་རྒྱས་པ་སོགས། །ཕྱེད་བཅས་སུམ་བརྒྱའི་རྩོམ་གྱི་ཕྲེང་བ་ཡིས། །དབྱངས་ཅན་མགྲིན་པར་བྱས་ཁྱོད་པཎྜི་ཏ། །བསྟན་པའི་གཞི་མ་ཆོས་སྡེ་འོ་མའི་མཚོར། །ཞབས་ཟུང་ངང་པའི་དེད་དཔོན་གནས་བཞིན་དུ། །ས་སྐྱོང་རལ་པའི་སྟེགས་ལ་ངང་བསོ་བའི། །མགོན་ཁྱོད་གངས་ཅན་བོད་ཀྱི་རྒྱལ་པོ་ཡིན། །ལུས་ཕྱེད་སྤྲིན་གྱི་གསེར་ནས་རབ་ཕྱུང་བའི། །ལྷ་བུ་རྣམས་ཀྱིས་མཆོད་ཕྲེང་གིས་བསུ་ནས། །བརྒྱ་བྱིན་གཞུ་ཡི་ཤིང་རྟ་ལ་ཞོན་ཏེ། །ལྷ་ཡུལ་དུ་གཤེགས་བྱམས་པའི་རྒྱལ་ཚབ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ཐམས་ཅད་ཀྱི་དོན་བསྡུས་པ་ཡིན་ནོ། །གཞན་ལ་རབ་ཞེན་ཞེན་བལྟའི་དྲི་མ་ཅན། །རང་ཉིད་རབ་རློམ་རློམ་པས་ཆེར་ཁེངས་དག །རྣམ་ཐར་འདི་ལ་ལ་མོར་མི་འཇུག་ཀྱང༌། །མགོན་དེའི་སློབ་མ་མ་ལུས་ཡི་རངས་འགྱུར། །ཞེས་ཕྱི་ནང་གིས་ཆོས་ཐམས་ཅད་སྒྱུ་མར་ཐུགས་སུ་ཆུད་པས་དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པ་འཇིག་རྟེན་ཆོས་བརྒྱད་ཀྱི་མདུད་པ་རང་སར་གྲོལ་བ། འཆད་རྩོད་རྩོམ་གསུམ་གྱི་ཕ་རོལ་དུ་སོན་པས། བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཤར་རྒྱལ་མོ་རོང་པ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ། ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ་འདི་ནི། ལོ་བཅུ་གསུམ་གྱི་བར་དུ་རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་བླངས་པས། གཞན་གྱིས་འཕྲོག་པར་མི་ནུས་པའི་དད་པ་རྒྱ་མཚོའི་དབུས་ན་གནས་པ། ཡུལ་དབུས་ཀྱི་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ། སྨིན་དྲུག་གི་ཉ་གང་བའི་ཡར་ངོའི་ཚེས་བཅུ་ལ་མངའ་རིས་སྨད་ཀྱི་སའི་ཐིག་ལེ། ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་གྲུབ་པའི་ཡི་གེ་པ་ནི། རྐོང་སྟོན་མགོན་པོ་རྒྱལ་མཚན་ནོ། །འདི་ཡང་ས་སྐྱོང་བཀྲ་ཤིས་མགོན། །མཆེད་དང་བཅས་པའི་འབྱོར་པ་ཡི། །ཡོངས་འདུའི་དཔག་བསམ་ཤིང་གི་ནི། །གྲིབ་བསིལ་ཡིད་འོངས་ལ་འཁོད་ནས། །འཆད་རྩོད་རྩོམ་པའི་ཟླ་དཀར་གྱི། །རྡོ་ལེན་ཁྲི་ལ་འདུག་བཞིན་དུ། །རྣམ་ཐར་དད་པའི་རོལ་མཚོ་ཡི། །བཀའ་བསྡུ་གསུམ་པ་འདི་བྱས་སོ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*